Wylie |
296a4 །།། རྒྱ་གར་སྐད་དུ། སརྦ་བུདྡྷཽ྅ཤཱ་ཡ་སུ་ར་སཾ་གྲ་ཧ་གི་རི་ཀུ་ཊ་ཏནྟྲ། བོད་སྐད་དུ། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད། དམ་པ་དང་པོའི་
296a5 སངས་རྒྱས་ཀ་དག་རྣམ་པར་སྣང་བའི་སྐུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། ཀུན་གཞི་མཁའ་ཀློང་རྣམ་པར་དག་པའི་གནས། རིན་པོ་ཆེ་འོད་སྣ་ཚོགས་འཕྲོ་བའི
296a6 གདངས།དབྱིངས་རྣམ་པར་དག་པའི་ཀློང་ཀུན་གཞིའི་ཕོ་བྲང། རྩལ་ཟེར་ཡན་ལག་འོད་གསལ་ཀུན་འབྱུང་གི་མཁའ། སེམས་ཉིད་ཁྱབ་གདལ་ཆེན་པོའི་དཀྱིལ་འཁོར། རང་བཞིན་གྱིས་འོད་གསལ་བ། དེ་ཉིད་དུ་
296b1 རྣམ་པར་དག་པ།རྒྱུ་རྐྱེན་འཕོ་འགྱུར་མེད་པ། སྐྱེ་འགག་གཉིས་སུ་མེད་པར་རང་གྲོལ་བ། རང་བྱུང་འོད་གསལ་རྣམ་དག་བསམ་མི་ཁྱབ་ཀྱི་ལྷ་ཁང་ནི་འཕྲོ་འདུ་དང་འཕེལ་འགྲིབ་མེད་པའི་གནས་སོ།། གནས་དེ་ན་
296b2 ཡེ་ཐོག་མའི་སངས་རྒྱས།ཀ་དག་དངོས་མེད་ཟང་ཀ་མི་སྣང་གསལ་བའི་རང་བཞིན་དུ་བཞུགས་སོ།། སྟོན་པ་དེ་ཉིད་ལས་མི་གཞན་རང་བྱུང་རང་དངས་ཀྱི་འཁོར་ལ། ཆོས་ཀྱི་དབྱིངས་ཀྱི་བསྟན་པ། ཡེ་མེད་མཚོན་
296b3 མེད་བློ་འདས་ཐ་སྙད་མིང་ལས་འདས་པའི་ཐེག་པ།ངག་ཏུ་མི་གསུང་བྱིན་གྱིས་རླབས་ཀྱིས་གསུངས་སོ།། ཡེ་ཐོག་གཞིའི་སྟོན་འཁོར་རོ།། བྱིན་གྱིས་རླབས་ཀྱི་སྟོན་པ་ནི། དམ་པ་དང་པོའི་སངས་རྒྱས་ཀུན་གྱི་སྤྱི་
296b4 ཕུད་བྱ་བ་བཞུགས་སོ།། དེས་འོད་གསལ་རྣམ་དག་དཀྱིལ་འཁོར་ལ། བྱ་བཙལ་རྩོལ་བསྒྲུབ་མེད་པའི་བསྟན་པ་གསུངས་སོ།། ཡེ་ཤེས་མཐུའི་སྟོན་པ་ནི། རང་བཞིན་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ
296b5 ལ་ཐུགས་ཀྱི་བསྟན་པ་བྱིན་གྱིས་རླབས་ཀྱིས་བཤད།སྔོན་བྱུང་ཕུན་སུམ་ཚོགས་པ་ལྔའོ།། དེའི་རྗེས་འཇུག་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། སེམས་ལྷག་ཅན་སོགས་འཁོར་རྣམས་
296b6 ལ།། གསང་སྔགས་ཡང་ཏི་སྤྱི་ཐེག་བཤད།། འོད་གསལ་གནས་བཤད་ངོ་བོ་དུས།། རྗེས་འཇུག་ཕུན་སུམ་ཚོགས་པ་ལྔའོ།། དེའི་གདུང་གསོབ་ཕུན་སུམ་ཚོགས་པ་ལྔ་ནི། ཨུ་རྒྱན་གནས་སུ་དགའ་རབ་རྡོ་རྗེ
297a1 ཡིས།། འཇམ་དཔལ་བཤེས་གཉེན་ལ་སོགས་འཁོར་རྣམས་ལ།། རྒྱུད་སྡེ་སྤྱི་བཤད་རིག་འཛིན་རིག་པས་བརྒྱུད།། གདུང་གསོབ་ཕུན་སུམ་ཚོགས་པ་ལྔའོ།། ཡེ་ཐོག་སྟོན་པའི་རྗེས་འཇུག་གདུང་འཚོབ
297a2 པའོ།། དམ་པ་དང་པོའི་རྗེས་འཇུག་གདུང་འཚོབ་ནི།། དེ་ཡི་རྗེས་འཇུག་འོད་གསལ་སྣང་མཛད་ཀྱིས།། འོག་མིན་གནས་སུ་ས་བཅུའི་འཁོར་ལ་བཤད།། གསང་སྔགས་བསྟན་པ་རང་གི་ངོ་བོ་ཡིས།། དེ་ཡི་གདུང
297a3 འཚོབ་ཕུན་སུམ་ཚོགས་ལྔ་ནི།། གསང་བའི་གནས་སུ་སྟོན་པ་ཧེ་རུ་ཀས།། གསང་སྔགས་བསྐྱེད་རིམ་ཞི་ཁྲོའི་འཁོར་ལ་བཤད།། དུས་ནི་མཚན་མ་སྣ་ཚོགས་དུས།། དམ་པ་དང་པོའི་གདུང་གསོབ་བོ།། རྡོ་རྗེ་སེམས
297a4 དཔའི་གདུང་འཚོབ་རྗེས་འཇུག་ནི།། ཁང་བཟང་གནས་སུ་སྤྲུལ་སྐུའི་སྟོན་པ་ཡིས།། མོས་ཚང་ཀུན་དགའ་བོ་ལ་སྡེ་སྣོད་རྣམ་གསུམ་བཤད།། སྤྲུལ་སྐུས་ཚིག་ཏུ་བསྡེབས་ཏེ་བཤད་པའི་དུས།། དེ་ཡི་གདུང་འཚོབ་ཕུན
297a5 སུམ་ཚོགས་ལྔ་ནི།། ཀུན་དགའ་བོ་ཡིས་འཛམ་གླིང་ཕུག་པ་རུ།། དགེ་སློང་ལྔ་བརྒྱའི་འཁོར་ལ་མདོ་སྡེ་འདུལ་བ་བཤད།། དུས་ནི་ཚིག་བསྡེབས་བཤད་པའི་དུས།། རྡོ་རྗེ་སེམས་དཔའི་རྗེས་འཇུག་གདུང་འཚོབ
297a6 བོ།། མདོར་བསྡུས་ཕུན་སུམ་ཚོགས་ལྔ་ནི།། རང་བཞིན་ངོ་བོ་ཐུགས་རྗེ་གསུམ།། ཆོས་སྐུ་སྐྱེ་བ་མེད་པའི་སྟོན་པ་དང། ལོངས་སྐུ་ཡེ་ཤེས་མཐུ་ཡི་སྟོན་པ་དང། སྤྲུལ་སྐུ་བྱིན་གྱིས་རླབས་ཀྱི་སྟོན་པ་ནི།། སྐྱེ་མེད་ཡེ
297b1 ཤེས་བྱིན་རླབས་སྟོན་པ་ཡིས།། སྟོན་པ་ཕུན་སུམ་ཚོགས་པས་བཤད།། ཆོས་སྐུ་གསུང་དུ་མེད་པའི་བསྟན་པ་དང། ལོངས་སྐུ་རང་གི་ངོ་བོས་བསྟན་པ་དང།། སྤྲུལ་སྐུ་གསུང་དུ་བརྗོད་པའི་བསྟན་པ་དང། མེད་དང
297b2 ངོ་བོ་བརྗོད་པ་ནི།། བསྟན་པ་ཕུན་སུམ་ཚོགས་པར་བཤད།། ལོངས་སྐུ་སྤྲུལ་སྐུ་སེམས་དཔའ་ཆོས་སྐུའི་འཁོར།། ས་བཅུ་རིགས་ལྔ་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་འཁོར།། རིགས་དྲུག་སྡེ་བརྒྱད་འདོད་འདུས
297b3 སྤྲུལ་སྐུའི་འཁོར།། རང་རྒྱུད་འབྲེལ་དང་དོན་གྱིས་གཅིག། འདོད་པས་བསྡུས་པའི་འཁོར་རྣམས་ནི།། འཁོར་ནི་ཕུན་སུམ་ཚོགས་པར་བཤད།། ཆོས་དབྱིངས་རྣམ་པར་དག་པ་ཆོས་སྐུའི་གནས།། ཁྱད་པར་འོག་མིན
297b4 ལོངས་སྤྱོད་རྫོགས་པའི་གནས།། ཁང་བཟང་སྤྲུལ་པ་སྐུ་ཡི་གནས།། ཐམས་ཅད་སྡུད་དང་ཁྱད་པར་འཕགས།། ཁང་བཟང་སྤྲུལ་པ་བཞུགས་གནས་ནི།། གནས་ནི་ཕུན་སུམ་ཚོགས་པར་བཤད།། ཆོས་སྐུས་བྱིན་གྱི
297b5 རླབས་ཀྱིས་བཤད་པའི་དུས།། ལོངས་སྐུས་རང་གི་ངོ་བོས་བཤད་པའི་དུས།། སྤྲུལ་སྐུས་ཚིག་ཏུ་བསྡེབས་ཏེ་བཤད་པའི་དུས།། འདས་དང་མ་འོངས་ད་ལྟ་གསུམ།། དུས་ནི་ཕུན་སུམ་ཚོགས་པར་བཤད།། སྔོན་བྱུང
297b6 རྗེས་འཇུག་གདུང་གསོབ་དེ་བཞིན་ནོ།། གཅིག་དང་འབྲེལ་དང་གཏན་ལ་འབེབས།། མ་ཚད་མེད་དང་དགོས་པ་ཚང།། རྒྱུད་ཀྱི་ཕུན་སུམ་ཚོགས་པའོ།། ཞེས་གསུངས་སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད
298a1 འདུས་རི་བོ་བརྩེགས་པའི་རྒྱུད་ལས།ཕུན་སུམ་ཚོགས་པ་གསལ་བར་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡེ་ཐོག་ཀ་དག་སངས་རྒྱས་ལ།། རང་བྱུང་ངང་དངས་ཁྱེའུ་ཆུང་གིས།། ཕྱག་
298a2 བཙལ་པུས་བཙུགས་ཐལ་མོ་སྦྱར་ཏེ་གུས་པས་འདི་སྐད་ཞུས། ཐ་ཏིཥྛ་མ་ཧཱ་སུ་ཁ་ཧོ། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན།། གང་ཡང་མེད་པའི་སྔོན་རོལ་ན།། སྔོན་ཐོག་དུས་ན་ཇི་ལྟར་གནས།། སངས་རྒྱས་
298a3 སེམས་ཅན་གཞི་ནི་ཇི་ལྟར་གནས།། ཡར་རྒྱས་མར་འཁྲུལ་སྐྱོན་ནི་གང་ནས་བྱུང།། དེ་གཉིས་སྐྱོན་དང་ཡོན་ཏན་ཇི་ལྟར་ལགས།། སྙིང་པོ་ཀ་དག་གང་གིས་རྟོགས།། བྱར་མེད་བློ་འདས་ཇི་ལྟར་ལགས།། དངོས་མེད
298a4 རྣལ་མ་གང་གིས་ཐོབ།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད།། དགོངས་པའི་བཅུད་འདིར་ཇི་ལྟར་འདུས།། རི་བོ་བརྩེགས་པ་དཔེ་ཡེས་ཇི་ལྟར་བསྟན།། གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད།། མ་བསྒྲུབས
298a5 འབྲས་བུ་ཇི་ལྟར་འཐོབ།། ཐེག་དགུའི་བལྟ་བསྒོམ་ཇི་ལྟར་ལགས།། དེ་ལས་སྤྱི་ཏི་གང་གིས་སྤགས།། སྤྱི་ཏི་ཡོ་གའི་དོན་རྟོགས་ནས།། གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད།། ཤས་མེད་བློ་འདས་ལ་ཆེན་གང་དུ
298a6 བཟླ།། འཁོར་གྱིས་དོན་དྲིས་བཅོ་བརྒྱད་པོ།། སྟོན་པས་འཁོར་ལ་གནང་བར་ཞུ།། ཤིན་ཏུ་ཟབ་པར་བཀའ་སྩོལ་ཅིག། ཅེས་ཞུ་བ་ཕུལ་ལོ།། རི་བོ་བརྩེགས་པའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གཉིས
298b1 པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། གང་ཡང་མེད་པའི་སྔོན་རོལ་ན། སྔོན་ཐོག་དུས་ན་ཇི་ལྟར་གནས།། ཞེས་ཞུས་པས། ཡེ་ཐོག་ཀ་དག་སངས་རྒྱས་ཀྱིས།། འོད་དང
298b2 རྩལ་དང་ཤེས་རིག་དྲན་སེམས་དང།། འགྱུ་བ་ཡིད་དང་ཡན་ལག་འགག་མེད་འཁོར།། རང་བྱུང་ངང་གསལ་འགག་མེད་འཁོར།། རང་བྱུང་ངང་དག་འོད་གསལ་འཁོར།། ས་ཆུ་མེ་རླུང་ནམ་མཁའ་དང།། འདོད
298b3 ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ།དེ་སོགས་དུག་ལྔ་རྟོག་ཚོགས་ཉོན་མོངས་འཁོར་རྣམས་དང།། འཛམ་གླིང་མི་རྣམས་ལྷ་སྲིན་སྡེ་བརྒྱད་དང།། སྣང་སྲིད་སྐྱེ་འགུལ་ཡོད་མེད་རྟག་ཆད་དང།། ས་བཅུའི་
298b4 བྱང་ཆུབ་སེམས་དཔའ་རྒྱལ་བ་རིགས་ལྔ་དང།། རྣལ་འབྱོར་རྣམ་བཞི་སྐལ་ལྡན་མོས་ཚོགས་དང།། ངང་དངས་གསལ་དག་འཁོར་ཚོགས་ལ།། ཐོག་མའི་ཀུན་བཟང་ཀ་དག་རྣལ་མ་ཡི།། སྐུ་དང་གསུང་ཐུགས་ཡོན
298b5 ཏན་ཕྲིན་ལས་ལྔས།། འོད་ཟེར་རྣམ་ལྔ་ཕྱོགས་བཅུ་ཀུན་ཏུ་འཕྲོས།། སེམས་ཅན་རྣམས་ཀྱི་ངན་སོང་གསུམ།། སྦྱོང་བར་བྱེད་པའི་འོད་འཕྲོས་པས།། ཉོན་མོངས་པས་ནི་སེམས་འཁྲུགས་པས།། མི་ཤེས་འདམ་དུ་བྱིང
298b6 བ་ཡི།། སེམས་ཅན་ཀུན་ལ་སྨན་པ་དང།། ཁྱབ་བདག་བདག་ལ་སྨན་པ་དང།། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར།། ཉོན་མོངས་མ་ལུས་བསལ་བ་དང།། མི་ཤེས་མ་ལུས་ཤེས་བྱའི་ཕྱིར།། དབང་ངོ་བསམ་པ
299a1 མཁྱེན་མཆོག་གིས།། བསམ་པའི་ཁྱད་པར་ཇི་བཞིན་དུ།། བློ་དང་གང་མཐུན་ཐེག་པ་ཡིས།། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར།། སེམས་ཅན་རྣམས་དང་མོས་ཚོགས་འཁོར།། བྱང་ཆུབ་རང་ཆས་སངས
299a2 རྒྱས་གཅེར་མཐོང་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ཨ་ཨ་ཏིཥྠ་བྷོ་ཡེ་དྷརྨ་དྷཱ་ཏུ་ཧྲྀ་ད་ཡ་མ་ཧཱ་སུ་ཁ་ཧོ། བྷ་ཏ་དྷརྨ་སརྦ་དྷ་ཏུ་ཐུ་ལ་ཧྲི་ད་ཡ་ཨ། སྔོན་ཐོག་སྔོན་མེད་མིང་དང་བྲལ་ན་ཡང།། མི་འབྲལ
299a3 ཤེས་ཕྱིར་ངང་དངས་འཁོར་ལ་བཤད།། གང་ཡང་མེད་པའི་སྔོན་རོལ་ན།། ཐ་སྙད་མིང་གིས་མི་ཕེབས་ཏེ།། རྣམ་པ་ཀུན་ལྡན་རྣམ་པ་མེད།། དངོས་མེད་ཟང་ཀ་རྣལ་མ་དེ།། ཀ་དག་གཞི་མེད་ཀུན་གྱི་གཞི།། ཅང་མེད
299a4 ཅིར་སྣང་ཡེ་མེད་དེ།། ཤེས་མེད་ངང་དངས་སྟོང་སང་ངེ།། དེ་ཉིད་རྣམ་ཤེས་ཡུལ་ལས་འདས།། དང་པོའི་སངས་རྒྱས་རྒྱུ་མེད་པས།། ཐོག་མ་མེད་པས་སྤྲོས་མེད་པའོ།། སངས་རྒྱས་ཐོག་མ་ཐ་མ་མེད།། ཡང་དག
299a5 མཐའ་ལ་རྣམ་པར་གནས།། ཡང་དག་བདག་མེད་དེ་བཞིན་ཉིད།། ཡེ་ཤེས་གཉིས་མེད་ཚུལ་འཆང་བ།། ཡེ་ཤེས་ལྡན་པ་ཡོད་མེད་ཤེས།། ཡེ་ཤེས་མིག་གཅིག་གདོད་ནས་དག། རྣམ་པར་རྟོག་མེད་ལྷུན་གྱིས
299a6 གྲུབ།། ཐུག་པ་མེད་པ་དཔེ་མེད་པ།། མི་མངོན་མི་སྣང་གསལ་བྱེད་མིན།། མི་འགྱུར་ཀུན་འགྲོ་ཁྱབ་པ་དེ།། དཔེར་བྱ་ཀུན་ལས་འདས་པའོ།། མིང་ཙམ་འདི་ཞེས་བསྟན་པར་ནི།། ཀ་དག་སངས་རྒྱས་མཚོན་དུ
299b1 མེད།། དངོས་མེད་བློ་འདས་ཐ་སྙད་མེད།། ཅེས་གསུངས་སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས། གང་ཡང་མེད་པའི་སྔོན་རོལ་ན། དངོས་མེད་ཤེས་མེད་མཚོན་མེད་ཀ
299b2 དག་ཐ་སྙད་དང་དཔེ་དང་ཚིག་དང་ཡི་གེ་ལས་འདས་པར་བསྟན་པའི་ལེའུ་སྟཻ་གསུམ་པའོ།།།། དེ་ནས་ངང་དངས་འོད་འབར་གྱིས། ཡེ་ཐོག་ཀ་དག་སངས་རྒྱས་ལ།། སངས་རྒྱས་སེམས་ཅན་གཞི་ནི་ཇི
299b3 ལྟར་ལགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀ་དག་ངང་ལ་བྱེ་བྲག་མེད་ན་ཡང།། རྩལ་གྱི་རིག་པ་བཤད་ཀྱིས་ཉོན།། སངས་རྒྱས་སེམས་ཅན་འཁོར་འདས་གཞི།། ཁྱབ་གཞི་གཡོ་གཞི
299b4 འབྱུང་གཞི་ནི།། ཀུན་གཞི་མཁའ་ཀློང་བརྡལ་ཁྱབ་ནྀ།། སངས་རྒྱས་སེམས་ཅན་འཁོར་འདས་གཞི།། དངོས་མེད་མཉམ་པའི་ཀློང་ན་ཀུན་འབྱུང་མཛོད་པོ་ཆེ།། རྩལ་ཟེར་སྣ་ཚོགས་འབྱུང་བའི་བང་མཛོད་ཡིན།། རྒྱ
299b5 མཚོ་ས་གསེར་བང་མཛོད་བཞིན།། མཉམ་པས་སྐྱེ་འབྱུང་ཟད་མེད་འགྱུར་བ་མེད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། སངས་རྒྱས་སེམས་ཅན་གྱི་གཞི་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ
299b6 ནས་ངང་དངས་གསལ་དག་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། གཉིས་ཀའི་གཞི་རུ་མཉམ་པ་ན།། ཡར་རྒྱས་མར་འཁྲུལ་སྐྱོན་ནི་གང་ནས་བྱུང།། ཞུས་པ་དང། སྟོན་པས་འཁོར་ལ་བཀལ་སྩལ་བ།། སྙིང་པོས
300a1 ཁྱབ་པར་མཉམ་པ་ལ།། རིག་དང་མ་རིག་རྣམ་གཉིས་ལས།། ཡར་རྒྱས་མར་འཁྲུལ་གཉིས་སུ་བྱུང།། འགྱུ་དང་མི་འགྱུ་རྣམ་གཉིས་ལས།། སྐུ་གསུམ་དུག་གསུམ་གཉིས་སུ་བྱུང།། འགྱུར་དང་མི
300a2 འགྱུར་རྣམ་གཉིས་ལས།། ཐོག་མའི་སངས་རྒྱས་འཁྲུལ་པ་བྱུང། ཟིན་དང་མ་ཟིན་རྣམ་གཉིས་ལས།། ཤེས་མི་ཤེས་ནི་གཉིས་སུ་བྱུང།། འཕྲད་དང་མ་འཕྲད་རྣམ་གཉིས་ལས།། འཆར་སྒོ་འཁྲུལ་སྒོ་གཉིས་སུ
300a3 བྱུང།། རྟོགས་དང་མ་རྟོགས་རྣམ་གཉིས་ལས།། སྐུ་གསུམ་ཁམས་གསུམ་གཉིས་སུ་བྱུང།། ངོ་བོ་གཅིག་ལ་སྣང་ཚུལ་གཉིས།། རྟོགས་དང་མ་རྟོགས་གཉིས་སུ་བྱུང།། གཅིག་མིན་གཉིས་ནི་ཡིན་མ་ཡིན།། ཕུག་རོན
300a4 སྐ་དང་ག་པུར་འདྲ།། ངོ་བོ་གཅིག་ལ་སྣང་ཚུལ་གཉིས།། རྐྱེན་དང་གང་འཕྲད་སྨན་དུག་གཉིས།། དངོས་མེད་ཀུན་བྱེད་གཞི་གཅིག་ལ།། རྟོགས་དང་མ་རྟོགས་རྣམ་གཉིས་ལས།། སངས་རྒྱས་སེམས་ཅན་གཉིས་སུ
300a5 བྱུང།། གཞི་གཅིག་ཤུགས་ལ་ལྡོག་བཅས་གཉིས།། སྔོན་ལ་གར་སྐྱེས་ལྡོག་བཅས་སོ།། དོན་རྟོགས་ཀ་དག་ཆོས་ཀྱི་སྐུ།། མ་རྟོགས་འགྲོ་དྲུག་འཁོར་བར་འཁྱམས།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད
300a6 ལས།ཡར་རྒྱས་མར་འཁྲུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ངང་དངས་གསལ་དག་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དེ་ཉིད་སྐྱོན་དང་ཡོན་ཏན་ཇི་ལྟར་ལགས།། ཞེས་ཞུས་པ་ལས། སྟོན་
300b1 པས་འཁོར་ལ་བཀའ་སྩལ་པ།། རྟོགས་ན་སྐྱོན་ཡོན་གཉིས་མེད་དེ།། མ་རྟོགས་བློ་ལ་སྐྱོན་ཡོན་བྱུང།། སྐྱོན་གྱི་རྩ་བ་རླུང་གཡོས་ཡིན།། ཡེ་ཤེས་རླུང་གྱུར་ཡིད་རྟོག་སྐྱེ་མ་ནུས།། རིག་པ་སྙིང་པོར་ཐིམ་པས་འགྱུ་མ
300b2 ནུས།། སྙིང་པོ་རིག་པར་ཐིམ་པས་ཐོག་མར་ཡེ་སངས་རྒྱས།། སྙིང་པོ་མ་དང་འཕྲད་པས་ཡེ་ཤེས་རང་ས་ཟིན།། རིག་ཡིད་མ་རིག་རྩད་ཆོད་འཁྲུལ་པ་ཀ་ནས་དག། སྙིང་པོའི་ཀློང་དུ་ཡོན་ཏན་བསམ་མི་ཁྱབ།། རྟོགས
300b3 ཚད་མཁྱེན་ཚད་ཡོན་ཏན་བརྗོད་མི་ལངས།། ནམ་མཁའི་ཁམས་དང་ཉི་ཟླ་ནོར་བུའི་ཚུལ།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། ཀ་དག་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་དྲུག
300b4 པའོ།།།། དེ་ནས་ངང་དངས་གསལ་དག་གིས།། ཐོག་མའི་སངས་རྒྱས་ཀུན་བཟང་ལ།། མ་རིག་འཁྲུལ་པའི་སྐྱོན་ནི་གང་ནས་བྱུང།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྐྱོན་ནི་རླུང་དང
300b5 མ་རིག་པ།། མཉམ་པའི་རང་བཞིན་མི་ཤེས་མ་རིག་རླུང།། རླུང་གིས་རྐྱེན་བྱས་རིག་པས་ས་མ་ཟིན།། རིག་པས་ས་མ་ཟིན་པས་ཡིད་རྟོག་སྐྱེས།། ཡིན་ནམ་མིན་ནམ་མིང་གི་རྣམ་གྲངས་སྐྱེས།། མིང་ལ་བརྟགས་པས
300b6 སེམས་སུ་འདོད་པ་སྐྱེས།། སྐྱོན་གྱི་རྩ་བ་རླུང་རིག་ངར་འཛིན་གྱིས།། ལྡོག་ཐབས་མི་ཤེས་ཡིད་ཀྱི་འདོད་ཞེན་སྐྱེས།། དེ་རྣམས་སྟོབས་ཀྱིས་འོད་གཟུགས་ཁ་མིག་ཅན།། དེ་ཡི་སྐྱོན་གྱིས་ཉོན་མོངས་དྲུག་ཏུ་སྐྱེས།།
301a1 བདག་འཛིན་དུག་ལྔ་འགོང་པོ་ང་བདག་གིས།། རིགས་དྲུག་སེམས་ཅན་འཁྲུལ་པས་འཁོར་བར་འཁྱམས།། གཟུང་འཛིན་ཡུལ་སེམས་ཕྱོགས་རིས་དགག་བསྒྲུབ་སྐྱོན།། སྣང་བརྟགས་ཆགས་སྡང་སྐྱོན
301a2 ལ་བརྗོད་མི་ལངས།། རྩ་བ་ཡིད་གཉིས་ང་བདག་ཞེ་འདོད་དུག་གསུམ་སྐྱོན་གྱི་རྩ་བ་ཡིན།། ཞེས་སུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། སྐྱོན་གྱི་རྩ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ངང
301a3 དངས་གསལ་དག་གིས།ཡེ་ཐོག་ཀ་དག་སངས་རྒྱས་ལ།། སྙིང་པོ་ཀ་དག་གང་གིས་རྟོགས།། ཞེས་ཞུས་པས།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་བཅུད་སྤུངས་གནད་ཆེན་བཤད།། འོད་གསལ་ངང་
301a4 དངས་ཐུགས་ལ་ཆོངས།། སྙིང་པོ་ཀ་དག་རྟོགས་ཐབས་ལ།། ཞེ་འདོད་བྱ་རྩལ་རྩོལ་བསྒྲུབ་བཞག། མི་བལྟ་མི་བསྒོམ་མི་སྤྱོད་བློ་ལས་འདས།། དངོས་མེད་ཀ་དག་ཟང་མ་དེ།། བྱ་བཙལ་བསམ་འདས་མཚོན་དུ
301a5 མེད།། བློ་འདས་བསམ་བྲལ་དགོངས་པ་རྟོགས།། རྟོགས་པའི་དུས་ན་ཤེས་བརྗོད་མཐའ་དང་བྲལ།། དངོས་མེད་ཀུན་དངོས་ཅང་མེད་ཅིར་སྣང་དེ།། ཡེ་མེད་མིན་ཏེ་སྣ་ཚོགས་སྣང། སྣ་ཚོགས་སྣང་ལ་དངོས་གཞི
301a6 མེད།། ཅང་མེད་མ་ཡིན་གཉིས་སུ་སྣང། གཉིས་སུ་མ་གྲུབ་གཅིག་ཏུ་འདུག། གཅིག་ཏུ་མི་འདུག་དངོས་པོ་མེད།། དངོས་མེད་མཚན་ཉིད་བློ་ལས་འདས།། རེ་ཞིག་མཚོན་ན་གསལ་སྟོང་དབྱེར་མེད་དེ།། རང་བྱུང
301b1 འོད་གསལ་ངང་དངས་རྣམ་པར་དག།གསལ་དངས་སང་ངེ་དངས་ལ་གོ་སྐབས་མེད།། དེ་ཡིས་སྙིང་པོ་ཀ་དག་རྟོགས།། ཅི་ཡང་མ་ཡིན་བྱང་ཆུབ་སེམས།། དངོས་མེད་རྩིས་གདབ་བློ་ལས་འདས་པའོ།། སྙིང་པོ་
301b2 བཅུད་སྤུངས་གདམས་ངག་གནད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། སྙིང་པོ་ཀ་དག་རྟོགས་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ངང་དངས་གསལ་དག་གིས། ཡེ་ཐོག་ཀ་དག་སངས་རྒྱས
301b3 ལ།། བྱར་མེད་བློ་འདས་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། བྱར་མེད་བློ་འདས་ངས་བཤད་ཀྱིས།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། དགུ་རྩེ་སྤྱི་ཏི་ཡོ་ག་ནི།། བྱ་བཙལ
301b4 རྩོལ་བ་མི་བྱེད་དེ།། མ་བཅོས་ངང་ལ་བཞག་པས་ཆོག། བྱས་པའི་ཆོས་རྣམས་འཇིག་པའི་ཕྱིར།། མ་བྱས་རང་བྱུང་ཆོས་ཤིག་བཤད།། རྩོལ་བསྒྲུབ་ཆོས་རྣམས་ཡིད་སྨོན་ཡིན།། རྩོལ་མེད་བསྒྲུབ་མེད་ཆོས་ཤིག
301b5 བཤད།། ཞེ་འདོད་བསམ་དཔྱད་བློ་ཡི་ཆོས།། ཞེ་འདོད་བསམ་བྲལ་བློ་འདས་ཆོས་ཤིག་བཤད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། བྱར་མེད་བློ་འདས་བཤད་པའི་ལེའུ་སྟེ་དགུ
301b6 པའོ།།།། དེ་ནས་ངང་དངས་གསལ་དག་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དངོས་མེད་རྣལ་མ་གང་གིས་ཐོབ།། ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་བ།། དངོས་མེད་རྣལ་མ་ཐོབ་ཐབས
302a1 ནི།། ལུས་ངག་ཡིད་གསུམ་རྩོལ་བཞག་ལ།། མི་བལྟ་མི་བསྒོམ་སྤྱོད་ཐོབ་མེད།། དངོས་མེད་ཡེ་ཤེས་བློ་ལས་འདས།། གསལ་སྟོང་ངང་ལ་མི་འབྲལ་བ།། སང་ངེ་སལ་ལེ་དངོས་མཚན་མེད།། གང་ཡང
302a2 མི་རྟོག་བསམ་ལས་འདས།། དངོས་མེད་རྣལ་མ་ཟང་ཀ་ལ།། གང་ལ་སེམས་མེད་རྟོག་འཛིན་མེད།། ཡིད་རིག་དྲན་བསམ་བློ་ལས་འདས།། ཞེ་འདོད་རྩིས་གདབ་མེད་པས་ཐོབ།། ཐོབ་པའི་དུས་ན་དངོས་མེད་བློ
302a3 ལས་འདས།། སྣང་སྲིད་ཆོས་ལ་དབྱེ་བསལ་འདས།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། དངོས་མེད་ཐོབ་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ངང་དངས་གསལ་དག་གིས།། ཡེ་ཐོག་ཀ་དག
302a4 སངས་རྒྱས་ལ།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད།། དགོངས་པའི་ཡང་སྙིང་ཇི་ལྟར་འདུས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། དགོངས་པའི་ཡང་སྙིང་བཅུད་འདུས་ངས་བཤད
302a5 ཀྱིས།། འཁོར་རྣམས་མ་ཡེངས་ཐུགས་ལ་ཞོག། ཨ་ཐ་ཏིཥྛ། བཛྲ་སཏྭ་བྷོ། ཨ་སིདྡྷི་ཨ་ཨ། བུདྡྷ་སརྦ་མ་ལ་ཏིཥྛ་ཐུ་ལ་དུ་ན་ཨ་ཨ། དེ་ནས་ཡེ་ཐོག་སངས་རྒྱས་ཀྱིས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཐུགས་ཀྱི
302a6 ཡང་སྙིང་དགོངས་པའི་བཅུད།། སངས་རྒྱས་ཀུན་གྱི་དགོངས་འདུས་བཤད།། འོད་གསལ་ངང་དངས་ཡིད་ལ་ཆོངས།། དངོས་མེད་ཀ་དག་བརྗོད་འདས་ཀྱང།། བློ་དམན་རྟོགས་པ་སྐྱེ་ཕྱིར་བཤད།། ཆོས་ཉིད་རྣམ
302b1 པར་དག་པས་ན།། ཆོས་ཀུན་རང་བཞིན་རྣམ་དག་པ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཐུགས་ཀྱི་ཡང་སྙིང་བཅུད་འདུས་འདི།། དགོངས་པའི་མདོ་རྣམས་གཅིག་བསྡུས་པ།། ཡེ་མེད་ཀ་དག་དངོས་མེད་ཀུན
302b2 བྱེད་ནི།། སྤྱོད་པ་ཐམས་ཅད་དང་བྲལ་བ།། མཐའ་དང་དབུས་ནི་མི་དམིགས་པ།། སྒྲོ་སྐུར་མེད་པ་བླང་དོར་མེད།། རྒྱུ་འབྲས་ལས་འདས་པ། ཡེ་ནས་དག་པ། ཡེ་ནས་ཟིན་པ། བྱ་བ་མེད་པ། བཙལ་པ་མེད་པ།
302b3 བསྒྲུབ་པ་མེད་པ། བཙལ་དུ་མེད་པ། གཞན་ནས་མི་འབྱུང་བ། གཉེན་པོ་མེད་པ། བྱེད་པ་པོ་མེད་པ། མ་བྱས་པ། མ་བརྟགས་པ། བདག་མེད་པ། མ་བཅོས་པ། དེ་ཡིན་པ། ངེས་པ། མ་ནོར་བ། ཇི་བཞིན་པ། མ
302b4 འགགས་པ།མ་སྐྱེས་པ། མི་ནུབ་པ། མ་ལྷགས་པ། མི་སྣང་བ། མ་བྱུང་བ།། མི་འགྲོ་བ། ཡེ་ནས་གནས་པ། ཀུན་ལ་ཁྱབ་པ། མིང་མེད་པ། གཟུགས་མེད་པ། མཚན་མ་མེད་པ། ཐ་སྙད་མེད་པ། བལྟར་མེད་པ།
302b5 གཟུང་དུ་མེད་པ། མཚོན་དུ་མེད་པ། དཔེ་མེད་པ། ཚད་མེད་པ། བརྟག་ཏུ་མེད་པ། རྟོག་གེ་ལས་འདས་པ། དཔག་ཏུ་མེད་པ། བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། ཀུན་གྱི་འབྱུང་གནས། ཐམས་ཅད
302b6 ནས་ཐམས་ཅད་དུ་བཏང་སྙོམས་ཆེན་པོའོ།། སྟོང་པ་ཉིད་ལས་རིག་པར་ཤར།། རང་བྱུང་ངང་དངས་བྱུང་སར་ཐིམ།། སྐྱེ་མེད་ཀ་དག་བློ་ལས་འདས།། དངོས་མེད་ཀ་དག་ཟང་ཀ་ཡེ་དག་རྣལ་མ་ཤེས།། སྙིང་པོ
303a1 ཡང་སྙིང་བཅུད་འདུས་དེ་ཁོ་ནའོ།། ཡེ་ཐོག་ཀ་དག་གི་སངས་རྒྱས་ཀྱི་ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་བསྡུས་པའི་དཔེ་ནི། ཤེལ་གོང། གསེར་དང། ནམ་མཁའ། ཉི་ཟླ། ནོར་བུ། ཆུ་ཤིང། རྒྱ
303a2 མཚོའི་ཚུལ།ཀ་དག་འགྱུར་མེད་ཕྱོགས་དང་བྲལ།། འོད་གསལ་ཀུན་ཁྱབ་དངོས་མེད་གཡོ་རྩོལ་མེད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། ཡེ་ཐོག་ཀ་དག་སངས་རྒྱས་ཀྱི་དགོངས་པའི་བཅུད་བསྡུས་
303a3 བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་འོད་གསལ་ངང་དངས་ཀྱིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་ཡང་སྙིང་གསལ་བའི་བཅུད་འདུས
303a4 གསུང་དུ་གསོལ།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། དམ་པ་དང་པོའི་སངས་རྒྱས་འོད་མི་འགྱུར་བས་གསུངས་པ། ཆོས་ཀུན་རང་བཞིན་མེད་པ་ཉིད།། མྱ་ངན་འདས་ཤེས་དེ་ལ་བྱ།། སྟོང་ཉིད
303a5 རང་བཞིན་རྣམ་པར་དག།དེ་ཉིད་མི་གནས་བློ་ལས་འདས།། ཞེས་གསུངས་སོ།། དེ་ནས་རང་བྱུང་ངང་དངས་ཀྱིས།། འདི་སྐད་གསུངས་སོ།། སེམས་ཅན་གྱིས་སངས་རྒྱས་རྣམས་ཀྱི་གསལ་བའི་ཡང་སྙིང་བཅུད་
303a6 འདུས།ཡེ་མེད་གདོད་ནས་ཀ་དག་ཟང་ཀ་རྣལ་མ་བློ་འདས་དེ་མཐོང་ན།། ཡེ་ཇི་བཞིན་པའི་ངོ་བོ་ཀ་དག་ཟང་ཀ་མཐོང་བ་ཡིན་ནོ།། མཐོང་མེད་དངོས་བྲལ་དམིགས་མེད་དེ་ནི་མཐོང་བ་ཡིན་ནོ།། དེ་ལ་ནི་ཆོས་རྡུལ་
303b1 ཙམ་ཡང་མི་དམིགས་སོ།། དེ་ནི་ནམ་མཁའི་མཚན་ཉིད་དེ། དེ་ལ་ནི་བྱང་ཆུབ་པར་བྱ་བ་ཡང་མེད་ལ་གྲུབ་པར་བྱ་བ་ཡང་མེད། དེ་ལ་སེམས་ཅན་དུ་གདགས་པ་ཡང་མེད་དོ།། ཆོས་ཅན་ཡང་མེད་ལ། ཆོས་ཅན་དུ
303b2 གདགས་པ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀ་ནས་དག་པའི་བྱང་ཆུབ་སེམས་ཏེ། ནམ་མཁའ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའོ།། དེའི་ཕྱིར་ན་བྱང་ཆུབ་ནི། ཡེ་མེད་ཀ་དག་བློ་འདས་ལས
303b3 བཙལ་བར་བྱའོ།། ཀ་དག་དངོས་མེད་ཟང་ཀ་དེ།། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར།། དངོས་པོ་མེད་ཅིང་བློའི་བྱེད་པ་པོ་ལས་འདས་པས། ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར
303b4 ཡང་མི་དམིགས་སོ།། དེ་ལ་སངས་རྒྱས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ།། ཇི་ལྟར་མ་གཟིགས་ན། ཁ་དོག་དབྱིབས་དང་མུན་པར་མ་གཟིགས་སོ།། ཕོ་མོ་མ་ནིང་ཁམས་གསུམ་ཇི་ལྟ་བུར
303b5 ཡང་མ་གཟིགས་སོ།། ཀ་དག་དངོས་མེད་བློ་འདས་ནི།། མིང་དུ་བཏགས་པ་ཡང་མེད་དོ།། མིང་དུ་བཏགས་པ་ཐམས་ཅད་ནི་བླ་དགས་སུ་རིག་པར་བྱའོ།། དེའི་ཕྱིར་ན་སངས་རྒྱས་ནི་བླ
303b6 དགས་སོ།། ཆོས་ནི་བླ་དགས་སོ།། དགེ་འདུན་ཡང་བླ་དགས་སོ།། དེ་བཞིན་དུ་དབྱིངས་དང་ཡེ་ཤེས་དང། ཆོས་ཀྱི་སྐུ་དང། སྐུ་ཐ་དད་པ་དང། སེམས་ཅན་དུ་འཇིག་རྟེན་ལ་སོགས་པ་ཐམས་ཅད་དུ་བཏགས་ཤིང་ཆགས་པ་ཇི་སྙེད་པ་བླ
304a1 དགས་འབའ་ཞིག་ཏུ་རིག་པར་བྱའོ།། བླ་དགས་གང་ཡིན་པ་དེ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། ཡེ་ནས་ལྡན་པ་མ་ཡིན་ནོ།། གལ་ཏེ་ཡེ་ནས་ལྡན་པ་ཞིག་ཡིན་ན་ནི། གང་གློ་བུར་བ་ཐམས་ཅད
304a2 ཕྱིས་མི་འབྱུང་བར་འགྱུར་རོ།། གང་ལ་མྀང་བཏགས་གཞི་མེད། རྒྱུ་བཏགས་ཆགས་པ་གྲུབ་པ་ཡིན། དེ་ནི་བྱར་མེད་བྱས་སོ་ཡིན།། མི་སྣང་བ་ལ་ཀུན་སྣང་བ།། ཐམས་ཅད་ཐམས་ཅད་གློ་བུར་སྣང།། སྣང་ཉིད་མེད
304a3 པའི་སྙིང་པོ་དེ།། ཡོད་མེད་གཉིས་སུ་དམིགས་པ་མེད།། སངས་རྒྱས་མེད་ལ་སངས་རྒྱས་དང།། བྱང་ཆུབ་ཉིད་ལ་སོགས་པ་ཡི།། ཐ་སྙད་མིང་གི་བླ་དགས་རྣམས།། མི་ཤེས་བློ་ལ་བསྟན་ཕྱིར་བཏགས།། དེ་ལ
304a4 དངོས་གཞི་ག་ལ་ཡོད།། ཐམས་ཅད་ནས་ཐམས་ཅད་དུ་བླ་དགས་ཀྱི་མཚན་མ་མེད་དོ།། རྣམ་པ་མེད་དོ།། ཡུལ་མེད་དོ།། འཇུག་པ་མེད་དོ།། སངས་པ་མེད་དོ།། ལུང་བསྟན་པ་མེད་དོ།། ངེས་པར་རྙེད་པ་མེད
304a5 དོ།། ཡེ་མེད་ཀ་དག་ཡེ་གསལ་རྣལ་མ་བློ་འདས་ཏེ།། ཐམས་ཅད་ནས་ཐམས་ཅད་དུ་བྱང་ཆུབ་པ་ཉིད་དོ།། སྟོང་པ་ཉིད་དོ།། དེ་ཁོ་ན་ཉིད་དོ།། ངེས་པ་དམ་པ་ཉིད་དོ།། གཞན་མ་ཡིན་པ་ཉིད
304a6 དོ།། སྐྱེ་བ་མེད་པ་ཉིད་དོ།། འགག་པ་མེད་པ་ཉིད་དོ།། དེ་བཞིན་ཉིད་དོ།། མ་ནོར་བ་དེ་བཞིན་ཉིད་དོ།། ཆོས་ཉིད་དོ།། ཆོས་ཀྱི་དབྱིངས་ཉིད་དོ།། བསམ་གྱིས་མི་ཁྱབ་པ་བསམ་དུ་མེད་པ་ཉིད་དོ།། དེ་དག་ཐམས་ཅད་ཀྱང་དངོས་པོ་ཀ
304b1 དག་བློ་འདས་ཉིད་དོ།། ཀ་ནས་དག་པ་ཟང་ཀ་དེ་ལ། གཅིག་དང། མང་པོ་དང། གཅིག་མང་པོར་སྣང་བ་དང། མང་པོ་གཅིག་ཏུ་འགྱུར་བ་དེ་ལ་ནི། གཅིག་ཅེས་བྱ་བ་བློ་ལས་འདས་པའོ།། ཐ་དད་ཞེས་པ་གཉིས
304b2 སྣང་ལས་གྲོལ་བའོ།། ཞེས་གསུངས་སོ།། དེ་ནས་སངས་རྒྱས་ཀུན་ཏུ་བཟང་པོས། ཐུགས་ཀྱི་ཡང་སྙིང་བཀའ་སྩལ་པ། རང་བཞིན་གཅིག་པ་དང། མ་གོས་པ་དང། གོ་འབྱེད་པ་དང། སྐྱེ་བ་མེད་པ་དང། འཇིག་པ
304b3 མེད་པ་དང།དབྱིབས་མེད་པ་དང། ཁ་དོག་མེད་པ་དང། འདུས་མ་བྱས་པ་དང། གཟུང་བ་མེད་པ་དང། འཛིན་པ་མེད་པ་དང། མཐའ་དང་དབུས་མེད་པ་དང། འཕེལ་བ་དང་འགྲིབ་པ་མེད་པ་དང། འགྲོ་བ་
304b4 དང་འོང་བ་མེད་པ་དང།གཡོ་བ་དང་འགུལ་བ་མེད་པ་དང། ཆགས་པ་དང་གནས་པ་མེད་པ་དང། འཇིག་པ་དང་སྟོངས་པ་མེད་པ་དང། འགྱུར་བ་དང་མ་ཁྱབ་པ་མེད་པ་དང། མི་འབྱུང་བ་དང་མ་ཆུབ་པ་མེད་པ་
304b5 དང།སྐྱོ་བ་དང་དུབ་པ་མེད་པ་དང། མཚན་ཉིད་དང་རྒྱུ་རྐྱེན་མེད་པ་དང། འབྲས་བུ་དང་རྩོལ་བ་མེད་པ་དང། མངོན་པར་འདུ་བྱེད་པ་མ་ཡིན་ནོ།། དཔེར་ན་ནམ་མཁའ་དང་འདྲའོ།། ནམ་མཁའ་དེ་ནི་ཡོད་པ་
304b6 ལས་མེད་པར་འགྱུར་བ་མ་ཡིན།མེད་པ་ལས་ཡོད་པར་འགྱུར་བ་མ་ཡིན།། དེ་བཞིན་དུ་གསལ་བ་ལས་མི་གསལ་བར་འགྱུར་བའམ། མི་གསལ་བ་ལས་གསལ་བར་འགྱུར་བའམ། ཐ་དད་པ་ལས་གཅིག་ཏུ་འགྱུར་
305a1 བ་དང།ཡིན་པ་ལས་མིན་པར་འགྱུར་བ་དང། མིན་པ་ལས་ཡིན་པར་འགྱུར་བ་དང། ཉེ་བ་དང་རིང་བ་དང། དེ་བཞིན་དུ་ཆེ་ཆུང་བཟང་ངན་བདེ་སྡུག་དང། ཁྱབ་དང་མ་ཁྱབ་དང། བྱུང་དང་མ་བྱུང་
305a2 དང།དག་དང་མ་དག་དང། གྲུབ་དང་མ་གྲུབ་དང། མཐོང་དང་མ་མཐོང་དང། ཡངས་དང་དོག་དང། དབྱིབས་དང་ཁ་དོག་དང། ཕྱི་དང་ནང་དང། སྐྱེ་བ་དང་འགགས་པ་དང། འཕོ་དང་མི་འཕོ་དང། འགྱུར་
305a3 དང་མི་འགྱུར་དང།མུན་པ་དང་སྣང་བ་དང། སྔོན་དང་ཕྱི་མ་དང། མཐའ་དང་དབུས་དང། གོང་མ་དེ་དག་ཐམས་ཅད་ཀྱང། བདག་དང་གཞན་དུ་གྱུར་པ་དང། དེ་བཞིན་དུ་བླངས་ནས་དོར་བར་གྱུར་པ་དང།
305a4 དོར་བ་ལས་བླང་བར་གྱུར་བ་མེད་པའི་ཕྱིར། ནམ་མཁའ་ནི་ཐམས་ཅད་དུ་མ་བཅོས་པའོ།། དེ་བཞིན་དུ་དངོས་མེད་ཀ་དག་རྣལ་མ་ལ། དུས་ཐམས་ཅད་དུ་མ་བཅོས་མ་བསླད་པའོ།། མི་རྩོལ་མི་སེམས། བློ་བཅོས
305a5 ཞེ་འདོད་དང་རྩིས་གདབ་མེད་པར་གནས་སོ།། རྒྱལ་བ་ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྙིང་དགོངས་པའི་བཅུད་བསྡུས་ནས་གསུངས་སོ།། དེ་ནས་དཔལ་རྡོ
305a6 རྗེ་སེམས་དཔས་ཐུགས་དགོངས་ཀྱྀ་བཅུད་བསྡུས་ནས་གསུངས་པ།བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། དེ་བཞིན་ཉིད་དུ་གཅིག་པས་ན།། གང་གིས་དེ་བཞིན་དེ་ཤེས་ན།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།། རྡོ་
305b1 རྗེ་སེམས་དཔས་གསུངས་སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད།། སེམས་ལྷག་ཅན་གྱིས་བཀའ་སྩལ་པ། ཀ་དག་རྣལ་མ་རང་དངས་པས།། འདི་ཞེས་ཚིག་ཏུ་མ་གསུངས་པ། ཁྱབ་པས་གཅིག་པའི་བྱིན
305b2 རླབས་ཀྱིས།། ཇི་ལྟར་འདོད་པས་སོ་སོར་འཇལ།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། དུས་གསུམ་བདེ་གཤེགས་ཐུགས་ཀྱི་བཅུད།། དགོངས་པའི་བཅུད་འདུས་བཀའ་སྩལ་པ།། བསམ་གྱིས་མི
305b3 ཁྱབ་ཀུན་ཤེས་ན།། བསམ་དུ་མེད་པར་དེ་བཞག་ལ།། དཔག་ཏུ་མེད་པའི་ཡོན་ཏན་འབྱུང།། རྣམ་པ་ཐམས་ཅད་མཁྱེན་པ་ཡིན།། ཞེས་གསུངས་སོ།། དེ་ནས་འོད་གསལ་རྣམ་དག་གིས།། སངས་རྒྱས་ཀུན་གྱི་ཐུགས
305b4 ཀྱི་བཅུད།ཀུན་གྱི་རྩ་བ་འདིར་བཅད་པས།། འདི་དོན་གང་རིག་ཐོས་པའི་མཆོག། ཐམས་ཅད་འདི་ལས་འབྱུང་བས་ན།། འདི་ཤེས་ཀུན་ཤེས་ཤེས་རབ་མཆོག། ཅེས་གསུངས་སོ།། དེ་ནས་གསལ་དག་ངང་དངས་
305b5 ཁྱེའུ་ཆུང་གིས།། སངས་རྒྱས་ཀུན་གྱི་ཐུགས་དགོངས་པ།། གསང་བའི་ནང་ནས་གསང་ཆེན་འདི།། ཉིད་ཀྱིས་ཉིད་ཀྱང་མི་མཐོང་བར།། གཞན་གྱིས་ཀ་དག་ག་ལ་མཐོང།། ཞེས་གསུངས་སོ།། དེ་ནས་ངང་དངས་ཁྱེའུ
305b6 ཆུང་གིས།། སངས་རྒྱས་ཀུན་གྱི་བཅུད་གསུངས་པ།། ཆོས་རྣམས་ཀུན་གྱི་སྙིང་པོ་འདི།། གསེར་དང་མཁའ་བཞིནམི་འགྱུར་བས།། མི་ནུབ་སྟོར་བྲལ་མེད་པའི་ཕྱིར།། ཆོས་ཀྱི་དམ་པ་ཆེན་པོ་མཆོག། ཅེས་གསུངས
306a1 སོ།། དེ་ནས་ངང་དངས་རིན་ཆེན་གྱིས།། སངས་རྒྱས་ཐུགས་ཀྱི་བཅུད་ཕྱུང་བ།། མི་འགྱུར་ནམ་མཁའི་རང་བཞིན་ཏེ།། དག་པ་དག་ལ་དག་པ་ཉིད།། རྟོགས་པ་རྟོགས་པས་རྟོགས་པར་སྣང།། སྤྱི་ལུས
306a2 དེར་སྣང་ཅི་ཡང་མེད།། ཅེས་གསུངས་སོ།། དྲི་མེད་རྣམ་དག་དགོངས་གསུངས་པ།། རང་བཞིན་ཀ་དག་མ་བཅོས་པས།། ཡོངས་ཀྱི་འོད་ལ་དེ་བཞིན་ཉིད།། ཀུན་གྱི་སྙིང་པོ་དེ་ཉིད་པས།། ཅིས་ཀྱང་མ་བསྒྲིབས་ནམ
306a3 མཁའ་ཆེ།། ཞེས་གསུངས་སོ།། ཞེན་མེད་ངང་དངས་བཅུད་གསུངས་པ།། སྟོང་པ་ཉིད་ཀྱི་སྙིང་པོ་ལ།། སྣ་ཚོགས་སྣང་བའི་འཁོར་གྱིས་བསྐོར།། སུས་ཀྱང་མ་བྱས་རང་བྱུང་ལ།། ཀ་དག་ཇི་བཞིན་དཀྱིལ་འཁོར
306a4 ཉིད།། ཅེས་གསུངས་སོ།། དེ་ནས་རིག་པའི་ཁྱེའུ་ཆུང་གིས།། སངས་རྒྱས་གསང་བའི་ཡང་སྙིང་གསུངས།། དངོས་མེད་ཀ་དག་མངོན་གྱུར་ན།། མེད་པ་མི་ཟད་འབྱུང་བ་ཡི།། ཆེ་བའི་ཡོན་ཏན་རྒྱུན་མི་འཆད།། ཅིར
306a5 སྣང་ཀུན་འབྱུང་རིན་ཆེན་གཏེར།། ཞེས་གསུངས་སོ།། ངང་དངས་ཀུན་གྲོལ་དགོངས་གསུངས་པ།། སངས་རྒྱས་ཀུན་གྱི་དགོངས་པ་འདི། ཤེས་ནས་དེ་ལ་གང་གནས་པ།། ཀ་དག་ཉིད་ལ་དབང་ཐོབ་པའོ།། དེ
306a6 བཞིན་དགོངས་པའི་རིགས་འཛིན་ཉིད།། ཅེས་གསུངས་སོ།། དེ་ནས་ཀུན་རིག་འཕྲུལ་རྗེ་ཡིས།། སངས་རྒྱས་དགོངས་པའི་བཅུད་གསུངས་པ།། ཀ་དག་དངོས་མེད་ཟང་ཀ་མ།། གཞི་རྩ་མེད་པའི་སྐད་ཅིག་མ།། དེ
306b1 ཉིད་རིག་ན་བདེ་ཆེན་ཐོབ།། ཅེས་གསུངས་སོ།། ཡང་རིག་པའི་རྒྱལ་པོས་གསུངས་པ།། ཀ་དག་རྣལ་མ་དེ་ཉིད་ནི།། དཔག་ཅིང་གཞལ་བར་མཐའ་ཡས་པས།། དཔག་མེད་རྒྱལ་པོའི་ཕོ་བྲང་ཡིན།། དེས་ན་ཀུན
306b2 བཀོད་ཀུན་ཀྱང་དེར་གཅིག་གནས།། ཞེས་གསུངས་སོ།། ཡང་དངོས་མེད་ཀུན་བྱེད་དགོངས་པའི་བཅུད་གསུངས་པ།། ཡེ་ནས་ཀ་དག་མ་བཅོས་ཇི་བཞིན་པ།། ཆོས་སོ་ཅོག་གི་སྙིང་པོ་སྟེ།། མེད་པ་ལས་བྱུང་སྣ
306b3 ཚོགས་སྣང།། སྣང་མེད་དེ་བཞིན་དཀྱིལ་འཁོར་རྫོགས།། ཞེས་གསུངས་སོ།། དེ་ནས་ཅང་མེད་ཅིར་སྣང་གཅོད་ཀྱིས་དགོངས་འདུས་གསུངས་པ། དེ་བཞིན་ཉིད་དུ་དོན་བསྟན་དུ།། དེ་བཞིན་ཉིད་དུ་ཀུན་གཅིག
306b4 པས།། གང་གིས་གང་ལ་གང་གིས་བསྟན།། ཉིད་ལ་ཉིད་གླེང་ཁོ་ནར་ཟད་དོ།། ཞེས་གསུངས་སོ། སེམས་ཉིད་ཀུན་བྱེད་རྒྱལ་པོས་དགོངས་པའི་བཅུད་གསུངས་པ། ཇི་སྙེད་བསམ་གྱིས་མི་ཁྱབ་པའི།། ཆོས་ཀུན་ཀ
306b5 དག་སྟོང་རིག་ན།། སངས་རྒྱས་ཀུན་དང་མཉམ་སྦྱོར་བས།། རྣལ་འབྱོར་ཆེན་པོའི་བསམ་གཏན་ཡིན། ཞེས་གསུངས་སོ།། གསལ་དངས་སྤྲོས་གཅོད་ཀྱིས་གསུངས་པ།། ཀ་དག་སྨྲ་བརྗོད་མེད་པ་ལས།། དེ་མཚོན
306b6 ཕྱིར་ན་ཐ་སྙད་བརྗོད།། གང་བརྗོད་པ་ཉིད་དངོས་མེད་ཉིད།། དེ་ཉིད་སྤྲོས་མེད་བློ་འདས་དོན།། ཞེས་གསུངས་སོ།། དེ་ནས་རང་བྱུང་རང་རིག་གིས་གསུངས་པ།། དངོས་མེད་ཀུན་སྣང་ཀུན་གྱི་གཞི།། སེམས་ཅན
307a1 སངས་རྒྱས་གཉིས་ཀྱི་དབྱིངས།། རིག་དང་མ་རིག་གཉིས་ཁོ་ན།། དག་དང་མ་དག་གཉིས་སུ་སྣང།། ཞེས་གསུངས་སོ།། དེ་ནས་རང་དངས་རིན་ཆེན་གྱིས་གསུངས་པ།། བསམ་གྱིས་མི་ཁྱབ་མི་ཤེས
307a2 པར།། བསམ་མེད་ངང་དུ་གང་འཇོག་པ།། བྱིས་པ་དེ་ནི་བླུན་པ་ཡིན།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར།། ཞེས་གོལ་བར་གསུངས་སོ།། དེ་ནས་འཛིན་མེད་ཀུན་གསལ་གྱིས་གསུངས་པ།། བསམ་མེད་བསམ་གྱིས
307a3 མི་ཁྱབ་ཆོས།། ལྷག་པར་མཐོང་ན་གཞི་གནས་པ།། རྣམ་རྟོག་སྤང་ལེན་གང་བྱེད་པ།། དེ་དག་སྒྲིབ་པ་མུ་མཐའ་ཡས།། ཞེས་གསུངས་སོ།། དངོས་མེད་ཟང་ཐལ་གྱིས་དགོངས་པའི་བཅུད་གསུངས་པ། དངོས་མེད
307a4 ཀུན་གྱི་རང་བཞིན་ནི།། མ་སྐྱེས་པ་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། ཅེས་གསུངས་སོ།། བློ་འདས་ཡེ་མེད་ཀྱིས་གསུངས་པ།། གདོད་དག་ཀུན་སྣང་ཡེ་ཤེས་འདི།། སུས་ཀྱང་མ་བྱས་རང་བྱུང
307a5 སྟེ།ཐམས་ཅད་འབྱུང་བའི་རྩ་བ་ནི།། རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས།། ཞེས་གསུངས་སོ། གཉིས་སྣང་སྤྲོས་གཅོད་ཀྱིས་གསུངས་པ།། འཁོར་བ་དང་ནི་མྱ་ངན་འདས།། སོ་སོར་སྣང་བ་མ་ཡིན་ཏེ།། གློ་བུར་
307a6 རྣམ་རྟོག་མཐའ་ཡས་པའི།། ཇི་བཞིན་ཉིད་དེ་རབ་དེས་ན།། དེ་ལ་འཁོར་བའི་རང་བཞིན་མེད།། ཅེས་གསུངས་སོ།། དེ་ནས་གསང་བའི་བདག་པོ་ཡིས།། སངས་རྒྱས་དགོངས་པའི་བཅུད་གསུངས་པ།། ཀ་དག་དེ
307b1 ཉིད་ཅིར་ཡང་མི་སྣང་ན།། གློ་བུར་རྣམ་རྟོག་ཐ་དད་པའི།། རྣམ་རྟོག་དེ་ནི་ཟད་པར་སྣང།། སྣང་བ་ཉིད་ན་སྣང་བ་མེད།། ཅེས་གསུངས་སོ།། མངོན་རྫོགས་རྒྱལ་པོས་ཐུགས་ཀྱི་བཅུད་གསུངས་པ།། དངོས་མེད་ཀ
307b2 དག་ཡེ་མེད་ཡེ་ཤེས་དངོས་གྲུབ་པས།། ཟད་པ་མེད་ཅིང་འཕེལ་བ་མེད།། ད་གདོད་བསྒྲུབ་ཏུ་ག་ལ་ཡོད།། ཅེས་གསུངས་སོ།། རང་བྱུང་རྒྱལ་པོས་དགོངས་པའི་བཅུད་གསུངས་པ།། ཐོག་མ་མེད་ནས་བསགས་པ
307b3 ཡི།། རྣམ་རྟོག་སྤྲིན་ཕུང་དཔག་མེད་པ།། སྟོང་ཉིད་སྐད་ཅིག་རིག་པ་ཡིས།། དེ་བཞིན་ཉིད་དུ་རྣམ་པར་གསལ།། ཞེས་གསུངས་སོ།། པདྨ་དྲི་མེད་དགོངས་པའི་བཅུད་གསུངས་པ།། ཡོད་མཐོང་སྣང་གྲག་ཆོས་སོ
307b4 ཅོག།ཐ་དད་སྣ་ཚོགས་མཐའ་ཡས་ཀྱང།། དངོས་མེད་ཀ་དག་དེ་བཞིན་ཉིད།། མ་བསྒྲིབས་འོད་གསལ་རྣམ་དག་གོ། ཞེས་གསུངས་སོ།། དེ་ནས་སྣ་ཚོགས་འུབ་ཆུབ་དགོངས་པའི་བཅུད་གསུངས་པ།། དཔག་ཏུ་
307b5 མེད་པའི་འཇིག་རྟེན་དུ།། སྒྲོན་མ་བསམ་གྱིས་མི་ཁྱབ་པས།། ཇི་སྙེད་པ་ཡི་ཆོས་བསྟན་པ།། མཐའ་ཡས་དོན་ནི་གཅིག་ཏུ་ཟད།། དངོས་མེད་ཟང་ཀ་ཀ་དག་དགོངས་བཅུད་དོ།། དེ་བཞིན་གཤེགས་པ་ཐམས་ཅད
307b6 ཀྱི།། སངས་རྒྱས་ཀུན་གྱི་ཐུགས་དགོངས་བཅུད།། སྙིང་པོ་ཡང་སྙིང་བཅུད་བསྡུས་པས།། ཐམས་ཅད་ཐམས་ཅད་ཇི་སྙེད་པ།། ཚིག་གི་ཐ་སྙད་ཙམ་དག་ལས།། འདི་ལས་བྱ་བ་ཅི་ཡང་མེད།། དངོས་མེད་ཀ་དག་ཡེ
308a1 སངས་རྒྱས།། ཨེ་ཧོ་ཨ་ཨ་སིདྡྷི་སིདྡྷི་ཨ་དྷ་ཐིམ། དུས་གསུམ་བདེ་གཤེགས་སངས་རྒྱས་ཀྱང།། དངོས་མེད་ཀ་དག་ཐ་སྙད་བློ་འདས་ཏེ།། ཀ་དག་ལྷུན་གྲུབ་ཐུགས་དགོངས་བཅུད།། མ་ལུས་དགོངས
308a2 འདུས་རི་རབ་ལྷུན་གྲུབ་བརྩེགས།། ཞེས་གསུངས་སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས
308a3 པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། རི་བོ་བརྩེགས་པ་དཔེ་ཡིས་ཇི་ལྟར་བསྟན།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ
308a4 བཀའ་སྩལ་པ།། དངོས་མེད་ཀ་དག་དཔེ་ལས་འདས་ན་ཡང།། དོན་གསལ་འོད་གསལ་དཔེ་ཡིས་མཚོན་ནས་བཤད།། དཔེར་ན་རི་བོ་བརྩེགས་པ་ཡང།། ལྷུན་པོའི་ངང་ལ་འགྱུར་མེད་བརྩེགས།། གཡོ་རྩོལ་འཕོ
308a5 འགྱུར་མེད་པར་གྲུབ།། ཡེ་མེད་གདོད་དག་ཀ་དག་བརྩེགས།། དངོས་མེད་བློ་འདས་བྱར་མེད་བརྩེགས།། སྟོང་གསལ་གདངས་ལ་དངས་སངས་བརྩེགས།། སྙིང་པོའི་ངང་དུ་ཡེ་ཤེས་བརྩེགས།། ཆོས་ཉིད་ཀློང་དུ
308a6 རྩལ་ཟེར་བརྩེགས།། ཆོས་སྐུའི་ཀློང་དུ་སྐུ་གསུམ་བརྩེགས།། སྙིང་པོ་སྐྱེ་འགག་གཉིས་མེད་བརྩེགས།། ཀ་དག་བསྟན་པ་མི་འགྱུར་ཏེ།། དངོས་མེད་མ་བཅོས་གསལ་ལ་དངས་པའོ།། ཀ་དག་བློ་འདས་བྱར་མེད
308b1 བརྩེགས།། ཡེ་ནས་རྒྱུན་ཆད་མེད་པ་སྟེ།། དེ་ཕྱིར་རི་བོ་བརྩེགས་པའི་རྒྱུད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས།། རི་བོ་དཔེར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང
308b2 གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད།། ཅེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། གསང་སྔགས་ལྟ་སྒོམ་བརྡའ་ཡིས་བསྟན།། ངང་དངས་ཁྱེའུ་ཆུང་ཐུགས
308b3 ལ་ཆོངས།། ཁྱུང་ཆེན་ནམ་མཁར་ལྡིང་བ་དང།། རུས་སྦལ་འཁར་གཞོང་བཅུག་པ་དང།། སྨྱོན་པ་གླང་པོ་ཆུར་ཞུགས་དང།། རི་རྒྱལ་ལྷུན་པོ་འགྱུར་མེད་དང།། ཤེལ་གོང་ནོར་བུ་རིན་ཆེན་གསེར།། བརྡའ་དོན
308b4 གནད་འགྲོལ་མན་ངག་འདིས།། ཤེས་རབ་ཅན་གྱི་བརྡའ་གནད་བཀྲོལ།། ཞེས་གསུངས་སོ།། སེང་གེ་ནམ་མཁའི་འབྲུག་ཐོས་དང།། རུས་སྦལ་མཁའ་ལ་བསྙེག་པ་དང།། རལ་གྲི་སྣུམ་གྱིས་ངར་བཏགས
308b5 དང།། གླང་པོས་དམག་གི་ཚོགས་བསྒྱུར་དང།། བཀྲེས་པ་གཡོས་ལེགས་ཟས་ཟ་དང།། བཙོ་མ་གཡའ་དང་བྲལ་བ་དང།། མེ་ལོང་དྲི་མ་བྲལ་བ་དང།། ཉི་མ་མུན་པ་མེད་པ་དང། རྒྱ་མཚོ་གཡོ་འགུལ་མེད་པ
308b6 དང།། དུང་ཉིད་ཡེ་དག་དཀར་བ་དང།། སྒྲོན་མེས་མུན་པ་སེལ་བ་དང།། ཆུ་བོ་རྒྱུན་ཆད་མེད་པའོ།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། གསང་སྔགས་བརྡས་བསྟན་པའི་ལེའུ་སྟེ་བཅུ་བཞི
309a1 པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། མ་བསྒྲུབས་འབྲས་བུ་ཇི་ལྟར་འཐོབ།། ཅེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐེག་གཞན་ཞེ
309a2 འདོད་ངས་མ་བཤད།། རྩོལ་མེད་ཡེ་ནས་འབྲས་བུ་བསྟན།། ངང་དངས་ཁྱེའུ་ཆུང་ཐུགས་ལ་ཆོངས།། ཡེ་ནས་དག་པ་དངོས་མེད་དེ།། རང་ལ་གདོད་མ་ཉིད་ནས་གནས།། ཀ་དག་བློ་འདས་རྟོགས་པའི་ཐབས།། དེ་ལ
309a3 འབྲས་བུ་ཐོབ་ཅེས་བཤད།། ཅེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། ཐེག
309a4 དགུའི་ལྟ་སྒོམ་ཇི་ལྟར་ལགས།། ཞེས་ཞུས་པ་དང། ཡེ་ཐོག་སྟོན་པས་བཀའ་སྩལ་པ།། སྙིང་པོ་ཀ་དག་བལྟར་མེད་ཀྱང།། བློ་ཁྱད་ཐེག་པའི་ལྟ་སྒོམ་བཤད།། ངང་དངས་ཁྱེའུ་ཆུང་ཐུགས་ལ་ཆོངས། ཉན་ཐོས་པ་ཡི
309a5 ལྟ་སྒོམ་ནི།། ཡུལ་རྡུལ་གང་ཟག་བདག་མེད་བལྟ།། འགོག་པའི་སྙོམས་འཇུག་ཚོགས་དྲུག་ཡུལ་བཀག་བསྒོམ།། རང་རྒྱལ་པ་ཡི་ལྟ་སྒོམ་ནི།། རྟེན་འབྲེལ་བཅུ་གཉིས་རྣམ་པར་རིག་བྱེད་བལྟ།། བྱང་ཆུབ་སེམས
309a6 དཔའི་ལྟ་སྒོམ་ནི།། བདེན་པ་གཉིས་སུ་བལྟ་ལ་སྟོང་པར་བསྒོམ།། གསང་སྔགས་ཕྱི་རྒྱུད་ལྟ་སྒོམ་ནི།། དག་པ་ཆོས་ཉིད་ཀྲི་ཡའི་ལྷ་དྲུག་བསྒོམ།། ཨུ་པ་ཡ་ཡི་ལྟ་སྒོམ་ནི།། དཔོན་གཡོག་ཚུལ་ལྟར་སུམ་ཅུ་རྩ་བདུན
309b1 བསྒོམ།། ཡོ་ག་པ་ཡི་ལྟ་བ་ནི།། སྐྱེ་འགག་གཉིས་མེད་བྱང་ཆུབ་རྣམ་ལྔ་བསྒོམ།། མ་ཧཱ་ཡོ་གའི་ལྟ་སྒོམ་ནི།། སྣང་སྟོང་གཉིས་མེད་ཏིང་འཛིན་རྣམ་གསུམ་བསྒོམ།། ཨ་ནུ་ཡོ་གའི་ལྟ་སྒོམ་ནི།། དབྱིངས་དང་ཡེ་ཤེས་མ
309b2 བསྐྱེད་རྫོགས་ཚུལ་བསྒོམ།། ཨ་ཏི་ཡོ་གའི་ལྟ་བསྒོམ་ནི།། སྣང་སྲིད་ཆོས་སྐུ་སྟོང་པ་ཧད་པོར་བསྒོམ།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། ཐེག་པའི་ལྟ་སྒོམ་བསྟན་པའི་ལེའུ་སྟེ་བཅུ་དྲུག
309b3 པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དགུ་ལས་སྤྱི་ཏི་གང་གིས་སྤགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་མེད་ཀ་དག་སྤགས་དང
309b4 མ་སྤགས་མེད།། བློ་ཁྱད་དགུ་རྩེའི་སྤྱི་རྗེའི་སྤགས་ཚུལ་ནི།། ཀ་དག་བློ་འདས་ཞེ་འདོད་རྟེན་མེད་ཀྱི།། ཕྱོགས་བྲལ་ལྟ་བ་དགུ་ལས་སྤགས།། ཡིད་སེམས་གཡོ་འགུལ་གང་ལའང་བསམ་བསྒོམ་མེད།། དྲན་སེམས
309b5 གང་ལ་མི་སྐྱེ་བསྒོམ་པའི་རྒྱལ་པོ་སྤགས།། གང་ཡང་མ་ཆགས་ཡིད་སྨོན་བློ་ལས་འདས།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། དགུ་ལས་སྤྱི་ཏི་འཕགས་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ
309b6 ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། དགུ་རྩེ་རྟོགས་ན་གོལ་སྒྲིབ་ཡོད་དམ་མེད།། ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྤྱི་རྗེ་བློ་འདས་འདི་རྟོགས་ན།། གོལ་སྒྲིབ
310a1 འཁྲུལ་པ་གང་ཡང་མེད།། སྟོང་གསལ་ཀ་དག་གསལ་དག་སྟོང།། ཡེ་མེད་གདོད་ནས་དངོས་གཞི་མེད།། གོལ་སྒྲིབ་འཁྲུལ་གསུམ་ཀ་ནས་དག། ཅེས་གསུངས་སོ།། སྟོན་པས་འཁོར་ལ་ཡང་གསུངས
310a2 པ།། དེ་མ་རྟོགས་ཀྱི་གང་ཟག་ལ།། གོལ་སྒྲིབ་འཁྲུལ་པ་བསམ་མི་ཁྱབ།། ཐེག་པ་རེ་ལ་བཅུ་ཚན་བཅུ།། གོལ་སྒྲིབ་སུམ་བརྒྱ་དྲུག་ཅུ་ཡོད།། མདོར་བསྡུས་རྣམ་པ་གསུམ་དུ་བསྡུས།། གནས་དོན་མ་རྟོགས་སྒྲིབ་པ
310a3 ཡིན།། ཀ་དག་མ་རྟོགས་འཁྲུལ་པ་ཡིན།། འོག་མ་འོག་མའི་ལྟ་སྒོམ་གྱིས།། གོང་མ་གོང་མ་བསྒྲིབས་པ་ཡིན།། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། གོལ་སྒྲིབ་འཁྲུལ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད
310a4 པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། ཤེས་མེད་བློ་འདས་གོལ་སྒྲིབ་ལ་ནི་གང་དུ་བཟླ།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཤེས་མེད་བློ
310a5 འདས་རྟོགས་པ་ཡིས།། སྙིང་པོ་མ་བུ་ངོ་འཕྲད་འཁྲུལ་དུ་མེད།། དངོས་མེད་འོད་གསལ་མུན་སངས་སྒྲིབ་པ་མེད།། འགྲོ་སྒོ་མ་ནོར་གོལ་དུ་མེད།། གོལ་སྒྲིབ་འཁྲུལ་གསུམ་ལ་བཟླའོ།། ཞེས་གསུངས་སོ།། རི་བོ
310a6 བརྩེགས་པའི་རྒྱུད་ལས།གོལ་སྒྲིབ་འཁྲུལ་པ་ལ་བཟླ་བའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། ལྟ་སྒོམ་ལ་བཟླ་ཇི་ལྟར་ལགས།། ཞེས་ཞུས་པས།
310b1 སྟོན་པས་འཁོར་ལ་བཀའ་སྩལ་པ།། ལྟ་སྒོམ་སྤྱོད་འབྲས་ལ་བཟླ་ནི།། ཡིན་རྒྱུ་ཡེ་མེད་ཚིག་མེད་བལྟར་མེད་ཞེ་འདོད་མེད།། ལྟ་བའི་རྒྱལ་པོ་རྟེན་མེད་ཕྱལ་པས་ལྟ་བའི་ལ་ཆེན་བཟླ།། མིན་རྒྱུ་ཡེ་མེད་གཡོ་རྩོལ་དྲན
310b2 རྟོག་བསམ་དམིགས་མེད།། གཡོ་འགུལ་རྟོག་མེད་བསྒོམ་པའི་ལ་ཆེན་བཟླ།། བྱར་མེད་གང་ཡང་མ་ཆགས་སྤྱོད་པའི་ལ་ཆེན་བཟླ།། དངོས་མེད་གདོད་གྲུབ་ཀ་དག་བློ་འདས་འབྲས་བུའི་ལ་ཆེན་བཟླ།། ལྟ་སྒོམ་སྤྱོད
310b3 འབྲས་ལ་ཆེན་བཟླ།། རྟེན་མེད་མི་འགྱུར་རྟོག་དཔྱོད་བློ་ལས་འདས།། གཞིར་བསྡུས་དབྱེར་མེད་གཅིག་ཏུ་བཟླ།། གཅིག་ནི་དངོས་མེད་ཀ་དག་གོ། ཞེས་གསུངས་སོ།། རི་བོ་བརྩེགས་པའི་རྒྱུད་ལས། ལྟ་སྒོམ་ལ
310b4 བཟླ་བའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཡེ་ཐོག་ཀ་དག་སངས་རྒྱས་ལ།། མཚན་དང་གཏད་རྒྱ་ཇི་ལྟར་གཟུང།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། དུས
310b5 གསུམ་དེ་བཞིན་གཤེགས་པས་གཅིག་ཏུ་བསྡུས།། སངས་རྒྱས་ཀུན་གྱི་ཐུགས་དགོངས་ཡང་སྙིང་བཅུད།། བཅུད་འདུས་རི་བོ་བརྩེགས་པ་སྐུ་གསུམ་ལྷུན་གྲུབ་བརྩེགས།། དེ་ཕྱིར་སངས་རྒྱས་ཀུན་གྱི་དགོངས་འདུས
310b6 རི་བོ་བརྩེགས་པར་ཟུང།། ཐེག་པ་དགུ་ལས་ཁྱད་པར་འཕགས་པའི་ཕྱིར།། དགུ་རྩེ་སྤྱི་ཏི་ཡོ་ག་བྱ་བར་ཟུང།། ལྟ་སྒོམ་སྤྱོད་འབྲས་ཀུན་གྱི་ལ་བཟླའི་ཕྱིར།། ལ་ཟློ་སྤྱི་རྒྱལ་ཀུན་གྱི་རྒྱུད་དུ་ཟུང།། ཞེས་གསུངས
311a1 སོ།། སྟོན་པས་ཡང་གསུངས་པ།། རྒྱུད་འདི་གཏད་པའི་སློབ་མ་སྣོད་ལྡན་ནི།། རི་བོའི་བློ་ལ་ཉི་ཟླའི་སེམས།། རལ་གྲིའི་ཤེས་རབ་དར་དཀར་རྒྱུད།། ཤེལ་གོང་དམ་ཚིག་བུ་ཆུང་སྤྱོད།། དེ་ལྡན་འཇིག
311a2 རྟེན་འདི་ན་དཀོན།། བླ་མ་གཙུག་ཁུར་དམ་ཚིག་བསྲུང།། ཤེས་རབ་ཆེ་ལ་གཏོང་ཕོད་ཆེ།། ངང་རིང་དགེ་སེམས་མན་ངག་འཆང།། དེ་ལྟ་བུ་ལ་རྒྱུད་འདི་གཏད།། སྣོད་མེད་རྣམས་ལ་མ་གཏད་ཅིག། ཅེས་གསུངས
311a3 སོ།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད་ལས། མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ
་བརྩེགས་པའི་རྒྱུད་རྫོགས་སོ།་