rKTs


J944

(e-text produced by ADARSHA)

see text in transliteration
107.168b
རྒྱ་གར་སྐད་དུ། ་པྲཛྙཱ་བར་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ་ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་ལྡན་ཞེས་བྱ་བ་རི་རབ་ཀྱི་ངོས་ལ་བཞུགས་ཏེ། རི་རབ་ལ་གནས་པའི་ལྷའི་བུ་ཐམས་ཅད་ཀྱིས་བསྐོར་ནས་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་གཟུགས་ཅན་གྱིས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་བློ་ལྡན་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཤེས་རབ་རྟུལ་པོ། བློ་ཞན་པ། ཡིད་མི་གཞུངས་པ་རྣམས་ཀྱི་སླད་དུ་ཤེས་རབ་སྐྱེད་པ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ། བཤད་པ། ཧཱུཾ་པི་བུ་པི་བུ། པྲཛྙཱ་བར་དྷ་ནི་ཛ་ར་ཛ་ར། མེ་དྷ་བར་དྷ་ནི། དྷི་རི་དྷི་རི། བུད་དྷི་བར་དྷཱ་ནི་སཝཱ་ཧཱ། གང་ཞིག་གཟུངས་འདི་འཛིན་པ་དང ། ཀློག་པ་དང ། འདྲི་བ་དང ། འདྲིར
107.169a
འཇུག་པ་དང ། ཆུང་ངུ་ན་ཡི་གེ་འབྲུ་གཅིག་ཙམ་ཐོས་ན་ཡང་དེའི་ཚེ་འདི་ཉིད་ལ་ཤེས་རབ་ཆེན་པོར་འགྱུར་རོ། །གང་གིས་ཟླ་བ་དྲུག་གི་བར་དུ་ཉིན་རེ་ཞིང་རྩབས་ཁྱོར་གང་ལ་རིག་པ་འདི་ལན་བདུན་བཏབ་སྟེ། ཉི་མ་ཤར་བའི་ཚེ་འཐུངས་ན་ཚིགས་སུ་བཅད་པ་སྟོང་སྟོང་འཛིན་ཏོ། །ལན་ཅིག་འཐུངས་ན་ལྔ་བརྒྱ་འཛིན་ཏེ། ཉིན་གཅིག་བཞིན་ཤེས་རབ་འཕེལ་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་བརྗོད་པ་ཙམ་གྱིས་དྲན་པ་དང་ཡིད་གཞུངས་པར་འགྱུར་རོ། །ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིཾ་ཧ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཱེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ།།