rKTs


J916a

(e-text produced by ADARSHA)

see text in transliteration
107.143a
༄#། ་།རྒྱ་གར་སྐད་དུ། ་ཨཱརྱ་ཏཱ་ར་བྷཊྚཱ་ར་ཀ་ནཱ་མ་ཨཥྚ་ཤ་ཏ་ཀ་།བོད་སྐད་དུ། ་རྗེ་བཙུན་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡིད་འོང་པོ་ཏ་ལ། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །སྣ་ཚོགས་ལྗོན་པས་བཀྲམ་པ་སྟེ། །སྐྱེ་གཉིས་དུ་མ་སྒྲ་འབྱིན་པ། །འབབ་ཆུ་སྣ་ཚོགས་ཀུ་ཅོ་ཆེ། །རི་དགས་སྣ་ཚོགས་འཁྲུགས་པ་སྟེ། །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱིས། །ཀུན་དུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་འོང་འབྲས་བུར་ལྡན། །རྐང་པ་དྲུག་པ་གླུ་ཡི་སྒྲ། །མི་འམ་ཅི་ཡི་གླུ་སྙན་ལེན། །གླང་ཆེན་སྨྱོན་པས་ཡང་དག་ཁེངས། །རིག་འཛིན་གྲུབ་པའི་ཚོགས་རྣམས་དང ། །དྲི་ཟ་རྣམས་ཀྱང་གླུ་ལེན་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་དང ། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང ། །ས་བཅུའི་དབང་ཕྱུག་རྣམས་དང་ནི། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། །རིགས་པའི་རྒྱལ་མོ་སྟོང་རྣམས་ཀྱིས། །རྟག་ཏུ་ལེགས་པར་སྟེན་པའོ། །ཁྲོ་བོའི་རྒྱལ་པོ་ཚོགས་གཞན་དང ། །རྟ་མགྲིན་ལ་སོགས་ཀྱིས་བསྐོར་བ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ཏེ་དེ་ཕྱིར་དཔལ་དང་ལྡན། །པད་མའི་སྙིང་པོ་ཐུབ་པའི་གདན། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་པ་དང་ནི་སྙིང་རྗེར་ལྡན། །ལྷ་ཡི་འཁོར་ནི་ཆེན་པོ་ལ། །ཆོས་གསུང་བ་ནི་ཡང་དག་བཞུགས། །དེ་རུ་ཉེར་འདུག་ཡང་དག་ལངས། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །མཆོག་ཏུ་སྙིང་རྗེ་དང་ལྡན་པས། །སྤྱན་རས་གཟིགས་ལ་ཞུས་པ་སྟེ། །རྐུན་པོ་སྦྲུལ་དང་སེང་གེ་མེ། །གླང་པོ་སྟག་དང་ཆུ་འཇིགས་པས། །ཞི་མཛད་ཐུབ་པས་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །འཁོར་བའི་ཞགས་པས་བཅིངས་པ་རྣམས། །ཆགས་སྡང་གཏི་མུག་དྲི་མ་ལས། །གང་གིས་སེམས་ཅན་གྲོལ་འགྱུར་བ། །དེ་གསུངས
107.143b
བདག་ལ་ཐུབ་ཆེན་པོ། །འཇིག་རྟེན་མགོན་པོས་འདི་སྐད་གསུངས། །དཔལ་ལྡན་དེ་ནི་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་རབ་རྟོགས་བྱེད། །སྙན་པའི་ཚིག་ནི་འདི་སྐད་གསུངས། །ཉོན་ཅིག་གསང་བའི་རྒྱལ་དབང་པོ། །སྐྱོབ་པ་འོད་དཔག་མེད་པ་ཡི། །སྨོན་ལམ་སྟོབས་ཀྱིས་བྱུང་བ་སྟེ། །ང་ཡིས་འཇིག་རྟེན་མ་རུ་ཤེས། །སྙིང་རྗེ་ཆེ་དང་ལྡན་པ་ཡིས། །འགྲོ་བ་འདོན་པར་བརྩོན་པ་མོ། །ཉི་མ་ཤར་བ་དང་འདྲ་བ། །ཟླ་བ་ཉ་འདྲ་བྱད་ཀྱི་འོད། །ལྷ་བཅས་མི་དང་ལྷ་མིན་དང ། །འདི་རྣམས་ཐམས་ཅད་གསལ་བར་བྱེད། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད། །གནོད་སྦྱིན་སྲིན་པོ་འཇིགས་པར་བྱེད། །ཕྱག་ན་ཨུད་དཔལ་སྔོན་པོ་སྟེ། །མ་འཇིགས་མ་འཇིགས་ཞེས་བརྗོད་མ། །བར་སྣང་དུ་ནི་འཕར་བར་གནས། །འགྲོ་བ་ཡང་དག་བསྲུང་དོན་དུ། །མཚོན་གྱི་བསྐལ་པ་བྱུང་བ་དང ། །འཇིགས་པ་སྣ་ཚོགས་འཁྲུགས་དོན་དུ། །རྒྱལ་བ་རྣམས་ཀྱིས་བདག་བསྐྱེད་དེ། །མིང་རྣམས་དྲན་པ་ཉིད་ཀྱིས་ནི། །སེམས་ཅན་ཐམས་ཅད་བདག་གིས་བསྲུང ། །སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །དེས་ན་བདག་ལ་འཇིག་རྟེན་དུ། །རྒྱལ་བའི་ཚོགས་ཀྱིས་སྒྲོལ་མར་བསྒྲགས། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་ཏེ་འདི་སྐད་གསོལ། །གུས་དང་བཅས་པས་ཡང་དག་གནས། །གང་ཞིག་རྒྱལ་བས་སྔོན་བསྒྲགས་པ། །གསུངས་ཤིག་མཚན་བརྒྱ་རྩ་བརྒྱད་པ། །ས་བཅུའི་དབང་ཕྱུག་མགོན་རྣམས་དང ། །བྱང་ཆུབ་སེམས་དཔའ་རབ་དགའ་བའི། །སྡིག་པ་སྤོང་བྱེད་བསོད་ནམས་དང ། །བཀྲ་ཤིས་གྲགས་པ་འཕེལ་བར་བྱེད། །གཏེར་དང་ནོར་རྣམས་འཕེལ་བྱེད་ཉིད། །ནད་རྣམས་ཐམས་ཅད་རླག་པར་བྱེད། །དཔལ་དང་ཤིས་པ་འཇོག་པར་བྱེད། །ནད་མེད་ཚེ་ནི་འཕེལ་བར་བྱེད། །སེམས་ཅན་རྣམས་ལ་བྱམས་བསྒོམས་ལ། །དེ་དག་སྒྲོགས་ཤིག་ཐུབ་ཆེན་པོ། །འདི་སྐད་ཞུས་ནས་བཅོམ་ལྡན་འདས། །སྤྱན་རས་གཟིགས་དབང་རབ་ཏུ་བཞད། །མཆོག་རྣམས་རབ་ཏུ་རྣམ་གཟིགས་ནས། །འདི་ལྟ་བུ་ཡི་བྱམས་པ་སྤྲོ། །ཕྱག་ནི་གཡས་པས་ཕྱག་ཐབ་མཛད། །བསོད་ནམས་མཚན་ཉིད་ལྡན
107.144a
པ་ཡི། །དེ་གསུངས་ཤེས་རབ་ཤིན་དུ་ཆེ། །ལེགས་སོ་ལེགས་སོ་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་གཅིག་ཏུ་བརྩེ། །སྐལ་བ་ཆེན་པོའི་མི་རྣམས་ཉོན། །མི་རྣམས་གང་ཞིག་འདི་སྒྲོགས་པ། །ནོར་གྱི་དབང་ཕྱུག་ཡང་དག་འགྱུར། །ནད་རྣམས་ཐམས་ཅད་ཡང་དག་གྲོལ། །དབང་ཕྱུག་ཀུན་དང་ཡང་དག་ལྡན། །དུས་མིན་འཆི་བ་ངེས་པར་བསྲེགས། །འཆི་བ་བདེ་བ་ཅན་འགྲོ་བ། །དེ་རྣམས་བདག་གིས་བཤད་པར་བྱ། །ལྷ་ཡི་དགེ་འདུན་བདག་ལ་ཉོན། །འདི་ལ་རྗེས་སུ་ཡི་རངས་གྱིས། །ལེགས་པར་བསྡམས་པར་གྱུར་ལ་བསྟོད། །ོཾ་དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་འདེབས་མ། །སཝཱ་ཧཱ་ཨོཾ་གྱིས་རྣམ་པ་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དུང་ཅན་རྒྱས་པ་མོ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཆེ། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་མོ་དཀར་མོ་ཆེ། །སྟོབས་པོ་ཆེ་ལ་ཕ་རོལ་ཕྱིན། །རྩུབ་མོ་ཆེན་མོ་གཏུམ་ཆེན་མོ། །སྡང་བའི་སེམས་ཀྱིས་རླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་བ་འབར་བའི་འོད། །གློག་གི་ཕྲེང་བའི་རྒྱལ་མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །འཆོལ་བྱེད་རེངས་བྱེད་ནག་མོ་ནི། །མཚན་མོ་ནག་མོ་མཚན་སྤྱོད་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །མཛེས་མ་དགེ་མ་འདྲ་བའི་ལྡིང ། །ཚངས་པ་མོ་དང་རིག་བྱེད་མོ། །གསང་བ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་མོ། །སྐྱེས་ནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མོ། །ཚངས་མ་བདེ་མ་གཞན་མི་རྒྱལ། །དེད་དཔོན་ཆེན་མོ་སྙིང་རྗེ་གནས། །ཆུད་ཟོས་པ་ལ་ལམ་རབ་སྟོན། །མཆོག་སྟེར་སྟེར་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མ་གཏུམ་མ་བདུད་རྩི་མ། །དེས་མ་ནོར་ཅན་བསོད་ནམས་མ། །སྐལ་ཆེན་སྐལ
107.144b
བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིགས་བྱེད་མ། །གྲག་དང་བརྟུལ་ཞུགས་ཆེན་མོ་མ། །འགྲོ་ལ་གཅིག་ཏུ་ཕན་པར་བརྩོན། །སྐྱབས་བྱེད་གུས་ལ་གསོང་པོ་མ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་མ་ཀུན་འགྲོ་རྗེས་འགྲོ་མ། །དོན་ཀུན་སྒྲུབ་བྱེད་བཟང་པོ་མ། །གསང་བྱེད་གསོ་བྱེད་ནོར་སྟེར་མ། །མི་འཇིགས་བསོད་ནམས་གཽ་ཏ་མ། །སྤྱན་རས་གཟིགས་དབང་བདག་ཉིད་སྐྱེས། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །ཕན་པར་བྱེད་པར་གྲགས་པ་སྟེ། །མཆོག་ཏུ་རྨད་བྱུང་གསང་བའོ། །ལྷ་ཡུལ་ན་ཡང་རྙེད་དཀའ་བ། །སྐལ་བཟང་སྐལ་བ་དང་ལྡན་བྱེད། །དུག་ནི་ཐམས་ཅད་ཉམས་བྱེད་ལ། །ནད་ནི་ཐམས་ཅད་ཞི་བྱེད་མ། །སེམས་ཅན་ཀུན་ལ་བདེ་སྟེར་མ། །བློ་ལྡན་གང་ཞིག་ལན་གསུམ་ཀློག་།མཉམ་བཞག་གཙང་སྦྲ་བྱས་པ་ཡིས། །དེས་ནི་དུས་མི་རིང་བ་རུ། །རྒྱལ་སྲིད་དཔལ་ཡང་ཐོབ་པར་འགྱུར། །རྟག་ཏུ་སྡུག་པ་འང་བདེ་བར་འགྱུར། །བཀྲེན་པ་ཕྱུག་པོར་འགྱུར་བའོ། །རྨོངས་པ་ཤེས་རབ་ཆེན་པོར་འགྱུར། །ཡིད་གཞུངས་འགྱུར་བར་ཐེ་ཚོམ་མེད། །བཅིངས་པ་བཅིངས་ལས་གྲོལ་བར་འགྱུར། །ཐ་སྙད་ལས་ཀྱང་རྒྱལ་བར་འགྱུར། །དགྲ་བོ་བཤེས་པོར་འགྱུར་བ་སྟེ། །རཝ་ཅན་དང་ནི་མཆེ་བ་ཅན། །དོག་པའི་འཐབ་མོ་རྒྱལ་དཀའ་དང ། །སྣ་ཚོགས་འཇིགས་པ་འཁྲུགས་པ་ལས། །མཚན་ནི་འདི་རྣམས་དྲན་པ་ཡིས། །འཇིགས་པ་ཀུན་ལས་སྒྲོལ་བར་བྱེད། །དུས་མིན་འཆི་ལས་སྒྲོལ་བར་བྱེད། །སྐྱེས་བུ་སྙན་པ་ཐོབ་པར་བྱེད། །མིར་ནི་སྐྱེ་བ་དོན་དང་བཅས། །དེ་གཅིག་པུའི་ཕན་ཡོན་གྱིས། །གང་ཞིག་འདི་ནི་སྔར་ལངས་ནས། །སྐྱེས་བུ་གང་ཞིག་སྒྲོགས་བྱེད་པ། །དེ་ནི་དུས་རིང་ཚེ་དང་ལྡན། །མི་ནི་དཔལ་གྱིས་དགའ་འགྱུར་ཏེ། །ལྷ་དང་ཀླུ་དང་གནོད་སྦྱིན་དང ། །དྲི་ཟ་དང་ནི་ལུས་སྲུལ་པོ། །འབྱུང་པོ་གཤེད་བྱེད་སྲིན་པོ་དང ། །མ་མོ་རྩུབ་པའི་སེམས་ལྡན་པ། །གནོད་སྦྱིན་མོ་དང་ཡི་དགས་བྱེད། །སྨྱོ་བྱེད་དང་ནི་གདོན་ཆེན་རྣམས། །གྲིབ་གནོན་དང་ནི་རྗེད་བྱེད་དང ། །ཤ་ཟ་ལ་སོགས་པ་རྣམས་དང ། །རོ་ལངས་ལ་སོགས་སྣ་ཚོགས་རྣམས། །སྐུལ་བྱེད
107.145a
གཞན་སེམས་སྡང་བ་རྣམས། །གྲིབ་མ་ཡང་ནི་འགོམ་མི་འགྱུར། །ཇི་ལྟར་སླར་ནི་རྩོད་པར་འགྱུར། །སྡང་བའི་སེམས་ཅན་འཆིང་བར་འགྱུར། །ནད་ལ་སོགས་པས་ཐེབས་མི་འགྱུར། །ཕྱུག་དང་ལོངས་སྤྱོད་ཡོན་ཏན་ལྡན། །བུ་དང་ཚ་བོ་འཕེལ་བར་འགྱུར། །བློ་ལྡན་སྐྱེ་བ་དྲན་པར་འགྱུར། །རིགས་དང་ལྡན་ཞིང་མཐོང་དགར་འགྱུར། །གཟི་བརྗིད་ལྡན་ཞིང་ཚིག་གསལ་བ། །བསྟན་བཅོས་ཐམས་ཅད་རིག་པར་འགྱུར། །དགེ་བཤེས་བསྙེན་བཀུར་ཡང་དག་བསྟེན། །བྱང་ཆུབ་སེམས་ཀྱིས་བརྒྱན་པ་དང ། །གང་དང་གང་དུ་སྐྱེས་པ་དེར། །རྟག་ཏུ་སངས་རྒྱས་ཀྱིས་མི་སྤོང ། །དཔལ་ལྡན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། རྗེ་བཙུན་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།།