rKTs


J865

(e-text produced by ADARSHA)

see text in transliteration
107.37b
༄#། ་།རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎཱི་ཀལ་པ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནོན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུ་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི
107.38a
ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་དགོད་པས་ཀུན་དུ་འཁྲུག་པར་བྱེད་པ། གཤིན་རྗེའི་གཟུགས་ཅན། ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་རྣམས་འཆི་བར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དན་ནི་ལཱམ་བ་ར་དྷ་ར་ཤ་རི་རཾ། བཛྲ་པཱ་ཎི་ཧྲི་ད་ཡཾ། ཡཿ ས་མཱ་ཏི་ཀྲཱ་མཱ་ཏི། ཨུད་སཱ་ད་ནཾ་བྷ་བི་ཤུ་ཏི། ཏདྱ་ཐཱ། བུད་དྷ་བུད་དྷ། བི་བུད་དྷ། མ་ཧི་པྲ་བ་ཏ། ཧ་ར་ཧ་ར་ནཱ་ག་ནཱཾ། པྲ་ཧ་ར་པྲ་ཧ་རནཱ། བ་ནཱཾ། ཚིན་ད་ཚིན་ད་ནཱ་ས་ཧྲི་ད་ཡཱ་ནི། བྷིན་དྷ་བྷིན་དྷ་ནཱ་གདམ་ནི། བིསིམ་དྷ་ནཱ་ག་ཤ་རི་རཾ། བིསྥོ་ཊ་ཊ་ཡ་ནཱ་ག་ནཱ་ཡ་ནཱ་ནི། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་ད་ར་ནཱ་ཡ་ཕཊ། ནཱ་གོད་ས་ད་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ་པ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱན་ཏཱ་ཡ་ཕཊ། ཀྲི་ཏཱན་ཏ་རཱུ་པ་ཡ་ཕཊ། རོ་ཥ་ཎ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུསྨཎ་ཏོདས་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཨཀྵ་ཨ་བསྨ་ར་བི་ན་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷན་བིན་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱམ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སཝཱཧཱ། དེའི་ཆོ་ག་ལ་གནོད་སྦྱིན་གྱིས་ཟིན་པ་ལ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་གཏོར་ན་བཏང་བར་འགྱུར་རོ། །ཀླུ་བཟློག་པར་འདོད་ན་སྨག་ཤད་ཀྱི་ལྕུག་མ་འམ། བལ་པོའི་སེའུའི་ལྕུག་མས་བྱའོ། །ཡི་དགས་དང ། རྗེད་བྱེད་རྣམས་ལ་སྐུད་པས་བྱའོ། །རིམས་ནད་མེད་པར་བྱ་བ་དང ། གཞོག་ཕྱེད་ན་བ་དང ། ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ནོར་འདོད་ན་ཞག་གཅིག་བསྙུང་བར་འདུག་སྟེ་པོག་ཕོར་གྱིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་སྟོན་ལ་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ། །རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་དཀར་གྱིས་བྱའོ། །འཇིགས་པ་ཐམས་ཅད་བསྲུང་བ་ལ་ནི་མར་སྙིང་བ་འམ། ཐལ་བ
107.38b
འམ། ཡུངས་དཀར་གྱིས་བྱའོ། །ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་བསྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ། །དུག་ལ་ནི་རྩཝ་ཀུ་ཤས་བྱབ་པར་བྱའོ། །བདག་བསྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ། །གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་འམ། བདུན་ནམ། བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ། །མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོས་མཆོད་དེ། སྔགས་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང ། བོད་ཀྱི་ལོ་ཙྪ་བ་རྒྱ་བརྩོན་འགྲུས་སེང་གེས་དཔལ་ན་ལེན་དྲའི་སྒོ་འགྲམ་དུ་བསྒྱུར།། །།