rKTs


J80

(e-text produced by ADARSHA)

see text in transliteration
51.131a
༄#། །བོད་སྐད་དུ། ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ ། ་བམ་པོ་བླ་མ། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་གཅིག་སྟེ། མགོ་མནན་གླེང་གཞིའི་ལེའུ་འོ། །འདི་བཞིན་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་རྒྱལ་པོའི་མོ་མཁར་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་ཁྲི་ཕྲག་གཅིག་དང་ལྷན་ཅིག་སྟེ། ཀུན་ཀྱང་དགྲ་བཅོམ་པའི་ལམ་ཐོབ་པ་དེའི་མིང་ལ་ཤཱ་རིའི་བུ་དང ། མཽད་གལ་གྱི་བུ་དང ། རབ
51.131b
འབྱོར་དང ། དེ་ལྟ་བུ་ལ་སོགས་པ་དང ། ཡང་དགྲ་བཅོམ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཉིས་སྟོང་དང་ལྷན་ཅིག་སྟེ། དེའི་མིང་ལ་གྲོལ་ཐར་དང ། བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་ཆགས་མེད་དང ། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང ། ཡང་ཡ་རབས་ཀྱི་མི་བརྒྱད་ཁྲི་ཡོད་པ་དང་ལྷན་ཅིག་སྟེ། དེའི་མིང་ལ་ཡ་རབས་ཚངས་པར་སྤྱོད་པ་དང ། ཡ་རབས་ཚངས་པར་སྤྱོད་པ་ཆེན་པོ་ཡ་རབས་ཞུ་ཏེ་དང་དེ་ལྟ་བུ་ལ་སོགས་པ་དང་ཡང་ལྷན་ཅིག་ལྷ་དང ། གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་ལ་སོགས་པ་འབུམ་ཁྲི་ཕྲག་དྲུག་བཅུ་ཡོད་དེ། དེའི་བཙུན་མོ་ཕལ་མང་པོས་འཁོར་བར་བསྐོར་ནས་ཕལ་མང་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་མིང་རོ་གཅིག་པ་ཡང་དག་པའི་བདེན་པ། མཚན་མ་མེད་པ། སྐྱེ་བ་མེད་པ། བདེན་པ་མི་འགྱུར་བའི་དབྱིངས་ཕྱི་མོའི་ཚོར་བ་ཕན་པ་སྤྱོད་པ་བཤད་དོ། །ལ་ལ་ཞིག་གིས་ཡི་གེ་འདི་ཐོས་ཏེ་ཚིག་བཞི་ལེའུ་གཅིག་པ་ཡན་ཅད་མནོས་ཏེ་གཟུངས་སུ་བཟུང་བའི་མི་དེས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སར་ཆུད་ཅེས་བྱའོ། །ཐབས་སྤྱད་དེ་སེམས་ཅན་ལ་བསྟན་བསླབས་ནས་སེམས་ཅན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བྱ་ནུས་སོ། །སངས་རྒྱས་ཀྱི་ཡི་གེ་བཤད་ཟིན་ནས། སྐྱིལ་མོ་དཀྲུང་དུ་བཞུགས་ནས་མོད་བཞིན་རྡོ་རྗེའི་ཏིང་ངེ་འཛིན་དུ་བཞུགས་ཏེ་ལུས་དང་སེམས་མི་གཡོ། དེའི་ཚེ་ཕལ་མང་པོའི་ནང་ན་དགེ་སློང་མིང་ཨ་ག་སྟ་ཞེས་བྱ་བ་ཞིག་ཡོད་པ་འདུག་པ་ལས་ལངས་ཏེ་ཐལ་མོ་སྦྱར་པུས་མོ་ས་ལ་བཙུགས་ནས་ཡིད་ཀྱི་གཞུང་བཟླས་པར་བྱས་ཏེ་ལེའུ་ཚིགས་སུ་བཅད་པ་བཤད་དོ། །བྱམས་པ་ཆེན་པོ་མཆོག་ཏུ་བཙུན། །ཤེས་རབ་སྤྱོད་པས་ཐོགས་པ་མེད། །སེམས་ཅན་རྒྱ་ཆེན་བསྒྲལ་བའི་ཕྱིར། །བདེན་པ་གཅིག་གིས་གཞུང་སྤྱད་པ། །སྤྱད་པ་ཀུན་ཀྱང་རོ་གཅིག་ལམ། །མཐའ་རུ་ཐེག་ཆུང་མི་སྤྱོད་པ། །
51.132a
བཤད་པ་ཀུན་ཀྱང་གཞུང་རོ་གཅིག་།མི་བདེན་ཐམས་ཅད་ཀུན་དང་བྲལ། །སངས་རྒྱས་ཡེ་ཤེས་ས་ལ་བཞུགས། །མི་འགྱུར་ཡང་དག་བདེན་པའི་དབྱིངས། །ཆོས་ཀུན་འཇིག་རྟེན་ཁམས་ལས་བྱུང ། །མ་གྲོལ་མ་ཐར་ཡོང་ཡེ་མེད། །གྲངས་མེད་བྱང་ཆུབ་སེམས་དཔའ་རྣམས། །ཐམས་ཅད་ཀུན་ཀྱང་སེམས་ཅན་གྲོལ། །ཕལ་ཕྱིར་ཡངས་ཤིང་ཟབ་པ་དྲིས། །སྟོང་པ་ཞི་བའི་ཆོས་མཚན་རིག་།མི་འགྱུར་གནས་པའི་དེ་རུ་རིག་།ཡང་དག་གཤེགས་པའི་ཡེ་ཤེས་ཐབས། །དེ་ཕྱིར་མངོན་བཞུགས་བདེན་པ་འཆང ། །ཀུན་ཀྱང་ཐེག་པ་གཅིག་བཞིན་འབྲང ། །གོ་བདུན་རྣམས་ཀྱི་རོ་བྲོ་མེད། །དཔེ་རུ་ཆར་གཅིག་རླན་གྱིས་སུ། །རྩཝ་རྣམས་ཐམས་ཅད་ཀུན་རྒྱས་ནས། །སོ་སོའི་རང་བཞིན་ཐ་དད་དོ། །ཆོས་རོ་གཅིག་གིས་བདས་པ་ནི། །ཐམས་ཅད་ཀུན་ཏུ་ཁྱབ་པར་གང ། །དཔེར་རུ་ཆར་དེས་བདས་དང་འདྲ། །ཀུན་ཀྱང་བྱང་ཆུབ་མྱུ་གུ་སྐྱེ། །རྡོ་རྗེ་རྡོ་འདྲ་དེ་རུ་ཞུགས། །ཡང་དག་བདེན་ཐུབ་ཆོས་བཤད་དེ། །འགྱུར་དོགས་པའི་འགྱོད་པ་བཅད། །ཚོགས་གཅིག་རྒྱས་བཏབ་ཀུན་ཀྱང་འགྲུབ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེའི་ལེའུ་གཉིས་ཏེ་མཚན་མ་མེད་པའི་ཆོས་ཀྱི་ལེའུ་འོ།། །། དེ་ནས་བཙུན་པ་ཏིང་ངེ་འཛིན་ལས་བཞིངས་ནས་འདི་སྐད་ཅེས་གསུངས་སོ། །སངས་རྒྱས་ཡེ་ཤེས་ཀྱིས་ནི་ཡང་དག་པའི་ཆོས་ཀྱི་མཚན་མར་ཞུགས་ཏེ། ངོ་བོ་ཉིད་མི་འགྱུར་བའི་ཕྱིར་རོ། །ཐབས་ཀྱི་རྫུ་འཕྲུལ་ཀུན་ཀྱང་མཚན་མ་ཡང་མེད། ཕན་པ་ཡང་མེད་ཚོགས་པ་གཅིག་གིས་གཞུང་རྟོགས་པས་ནི་ཤེས་པར་ཡང་དཀའ་ཆུད་པར་ཡང་དཀའ་སྟེ། ཐེག་པ་གཉིས་མཐོང་བ་དང་ཤེས་པ་ནི་གནས་མ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འབའ་ཞིག་ཤེས་པར་ནུས་སོ། །སེམས་ཅན་བསྒྲལ་དུ་རུང་བ་རྣམས་ལ་རོ་གཅིག་པུ་བཤད་དོ། །དེའི་ཚེ་གྲོལ་ཐར་བྱང་ཆུབ་སེམས་དཔའ་འདུག
51.132b
པ་ལས་ལངས་ནས་ཐལ་མོ་སྦྱར་པུས་མོ་བཙུགས་ཏེ་སངས་རྒྱས་ལ་གསོལ་པ། བཙུན་པ་སངས་རྒྱས་འདས་ཏེ་གཤེགས་པའི་སླད་ན། དྲང་པོའི་ཆོས་ནི་འཇིག་རྟེན་ནས་འདས་གཟུགས་ཀྱི་ཆོས་འཇིག་རྟེན་ན་སྤྱོད་དེ། བསྐལ་པ་ཐ་མའི་ཚེ་རྙོག་པ་ལྔའི་སེམས་ཅན་ངན་པའི་ལས་རྣམས་མང་པོས་ཁམས་གསུམ་ལ་འཁོར་ལོ་བཞིན་དུ་བསྐོར་ཏེ། འབྱུང་བའི་དུས་མ་མཆིས་པའི་ཚེ་སངས་རྒྱས་བྱམས་པའི་ཐུགས་རྗེས་སེམས་ཅན་ཕྱི་མའི་སླད་དུ་མི་འགྱུར་བ་ཡང་དག་པའི་བདེན་པའི་ཆོས་ཀྱི་རོ་གཅིག་པ་བཤད་དེ་སེམས་ཅན་དེ་དག་ལ་སོགས་པ་འཐུན་པར་གྲོལ་ཐར་པར་བགྱིར་སྨོན་ཏོ། །སངས་རྒྱས་ཀྱིས་གསུངས་པ། སྐྱེས་བུ་དགེ་བ་ཁྱོད་ང་ལ་འཇིག་རྟེན་ནས་འབྱུང་བའི་རྒྱུ་འདི་འདྲ་བ་མཁས་ཏེ། སེམས་ཅན་ལ་བསྟན་ལ་སེམས་ཅན་དེ་དག་འཇིག་རྟེན་ལས་བྱུང་བའི་འབྲས་བུ་ཐོབ་པར་བྱ་བ་ནི་དོན་ཆེན་པོ་གཅིག་ཡིན་ཏེ་བསམ་གྱིས་མི་ཁྱབ་བོ། །བྱམས་པ་ཆེན་པོ་སྤྱད། སྙིང་རྗེ་ཆེན་པོ་སྤྱད་པའི་ཕྱིར་ངས་མ་བཤད་ན་སེར་སྣ་དང་བརྐམ་པའི་ནང་དུ་ལྟུང་ངོ ། །ཁྱེད་ལ་སོགས་པ་སེམས་གཅིག་ཏུ་རྟོགས་པར་ཉོན་ཅིག་དང་ཁྱོད་ལ་དགྲོལ་ཞིང་བཤད་དོ། །སྐྱེས་བུ་དགེ་བ་སེམས་ཅན་ལ་སྟོན་སློབ་པ་སྟོན་པའི་སེམས་སྐྱེ་བ་ཡང་མེད། མི་སྟོན་པའི་སེམས་སྐྱེ་བ་ཡང་མེད་ན་དེ་ནི་སྟོན་པ་ཆེན་པོ་ཞེས་བྱ་སྟེ། དེ་ནི་སེམས་ཅན་ཀུན་ངའི་སེམས་དང་བྲལ་བའོ། །ངའི་སེམས་ཐམས་ཅད་ཕྱི་མོ་ནས་སྟོང་པ་མི་གཡོ་བ་སྟེ། སྟོང་པའི་སེམས་ཐོབ་ནས་སེམས་སྒྱུ་མར་སྤྲུལ་པ་མེད་དོ། །སྒྱུ་མ་ཡང་མེད་དོ། །སྤྲུལ་པ་ཡང་མེད་ན་གདོད་སྐྱེ་བ་མེད་པ་འཐོབ་བོ། །སྐྱེ་བ་མེད་པའི་སེམས་ནི་སྤྲུལ་པ་གནས་སོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་ཕྱི་མོ་ནས་སྟོང་ཞིང་མི་གཡོའོ། །སྟོང་ཞིང་མི་གཡོ་བའི་སེམས
51.133a
ནི་ཡིད་ལ་གཟུགས་དང་མཚན་མ་མཆིས་ན། ཇི་ལྟར་སྤྱད་སྦྱངས་ན་ཕྱི་མོའི་སེམས་སྟོང་པ་ཐོབ་པར་རུང་བ་སངས་རྒྱས་ཀྱི་བྱམས་པའི་ཐུགས་དང་བདག་ལ་དགྲོལ་ཞིང་བཤད་པར་བསྟན་ཏོ། །སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་སེམས་སོ་ཅོག་གི་མཚན་མ་ནི་ཕྱི་མོ་ནས་ཕྱི་མོ་མེད་དོ། །ཕྱི་མོ་ནས་ཕྱི་མོའི་གནས་མེད་དེ་སྟོང་ཞིང་མི་གཡོ་ལ་སྐྱེ་བ་མེད་དོ། །སེམས་ལ་སྐྱེ་བ་མེད་ན་གདོད་སྟོང་པ་མི་གཡོ་བར་ཞུགས་པའོ། །སྟོང་པ་མི་གཡོ་བའི་སེམས་ཀྱིས་ནས་སྐྱེས་བུ་མེད་བཞིན་སེམས་སྟོང་པ་ཐོབ་བོ། །ཕོ་དགེ་བ་མཚན་མ་མེད་པའི་སེམས་ལ་ནི་སེམས་ཀྱང་མེད། ང་ཡང་མེད་ཆོས་སོ་ཅོག་གི་མཚན་མ་ནི་དེ་དང་མཚུངས་སོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ཅན་ཐམས་ཅད་ལ་ང་ཡོད་པ་དང་སེམས་ཡོད་པ་ཆོས་གང་སྤྱད་པས་ཚོར་ཏེ། སེམས་ཅན་དེ་དག་བཅིངས་པ་འདི་ལས་འབྱུང་ཞིང་འབྲལ་བར་བགྱི། སངས་རྒྱས་ཀྱིས་གསུངས་པ། སྐྱེས་བུ་ཕོ་དགེ་བ་ང་ཡོད་པ་ནི་རྒྱུ་རྐྱེན་བཅུ་གཉིས་ལ་རྟག་ཏུ་བཅུག་ན། རྒྱུ་རྐྱེན་བཅུ་གཉིས་ནི་ཐོག་མ་རྒྱུ་དང་འབྲས་བུ་ལས་བྱུང་ངོ ། །རྒྱུ་དང་འབྲས་བུའི་གཡོ་བ་ནི་སེམས་ཀྱི་སྤྱོད་པ་ལས་ལངས་ཏེ་སེམས་ཀྱང་མེད་ན་ལུས་མེད་པ་ལྟ་སྨོས་ཀྱང་ཅི་དགོས། ང་ཡོད་ན་ནི་མཐོང་བ་ཡོད་པ་ཡང་ཞི་བར་བྱའོ། །ང་མེད་ན་ནི་མཐོང་བ་མེད་པ་ཡང་ཞི་བར་བྱའོ། །སེམས་སྐྱེས་ན་ནི་ཞི་བའི་རང་བཞིན་ཡང་ཞི་བར་བྱའོ། །སེམས་ཞི་ན་ནི་སྐྱེ་བའི་རང་བཞིན་ཡང་ཞི་བར་བྱའོ། །མཐོང་བའི་རང་བཞིན་དེ་ཞི་ན་གདོད་ཡང་དག་པའི་དབྱིངས་སུ་ཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་མོ་ནས་སྐྱེ་བ་མ་ཞིའོ། །མ་ཞི་མ་སྐྱེས་ན་མི་སྐྱེ་མི་ཞི་སྟེ་ཆོས་སོ་ཅོག་ཀྱང་དེ་བཞིན་ནོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་ཡང་སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ཅན་ལ་ལས་ཆོས
51.133b
སྐྱེ་བར་མཐོང་བའི་ཚེ་མཐོང་བ་གང་ཞི་བར་བགྱི་སངས་རྒྱས་ཀྱིས་བཀའ་སྩལ་པ། བཙུན་པ་བྱང་ཆུབ་སེམས་དཔའ་ལ་ལས་ཆོས་སྐྱེ་བར་མཐོང་བ་ཡང་ཞི་བར་བྱའོ། །ཆོས་ཞི་བར་བྱ་བ་མཐོང་བ་ཡང་ཞི་བར་བྱའོ། །མཐོང་བ་ཞི་ན་མེད་པ་ཡང་དག་པའི་ཆོས་ཐོབ་སྟེ། མི་འགྱུར་བའི་ངོ་བོ་ཉིད་དུ་ཞུགས་ནས་མི་འགྱུར་བ་ལ་སྐྱེ་བ་མེད་དོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ཅན་དེ་དག་གར་སྐྱེ་བ་མ་མཆིས་པ་ལ་གནས་པར་བགྱིས་ན་དེ་དེའི་སྐྱེ་བ་མ་མཆིས་པ་ལགས་སམ། སངས་རྒྱས་ཀྱིས་བཀའ་སྩལ་པ། སྐྱེ་བ་མེད་པ་གནས་པ་ཉིད་ནི་སྐྱེ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གནས་པ་ཡང་མེད་སྐྱེ་བ་ཡང་མེད་ན་གདོད་སྐྱེ་བ་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་དང ། སྐྱེ་བ་མེད་པ་སྐྱེ་བ་སྤྱད་པས་སྐྱེ་བའི་སེམས་བསལ་ཏོ། །སྐྱེ་བ་དང་ཞི་བར་ཅིག་ཅར་བཙལ་ན། ང་སྐྱེ་བའི་ཕྱི་མོ་མི་སྐྱེ་སྟེ་སེམས་རྟག་པར་སྟོང་ཞིང་མི་གཡོའོ། །སྟོང་ཞིང་མི་གཡོ་བ་ལ་ཆགས་པ་མེད་ན་སེམས་ལ་ཆགས་པ་མེད་དེ་གདོད་སྐྱེ་བ་མེད་པ་ཡིན་ནོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་ཡང་སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ལ་ཆགས་པ་མེད་ན་བསླབ་ཅིང་སྦྱང་བ་ཅི་མཆིས་འོན་ཀྱང་བསླབ་པ་ཅི་མཆིས་སམ། སངས་རྒྱས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པའི་སེམས་ལས་བྱུང་བ་དང ། འཇུག་པའི་སེམས་མེད་དེ་ཕྱི་མོ་ཡང་དག་པར་གཤེགས་པའི་མཛོད་དེ། ངོ་བོ་ཉིད་སྟོང་ཞིང་མི་གཡོ་བས་བསླབ་པ་ཡོད་པ་ཡང་མ་ཡིན་བསླབ་པ་མེད་པ་ཡང་མ་ཡིན་ནོ། །བསླབ་པ་ཡོད་པ་དང ། བསླབ་པ་མེད་པ་དང ། མེད་པའང་མེད་ན་དེ་ནི་བསླབ་པ་ཡང་མེད་པའོ། །བསླབ་པ་མེད་པ་ཡང་མ་ཡིན་པ་དེ་ནི་མིང་བསླབ་པའོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་ཇི་ལྟ་བུར་ན་ཡང་དག་པར
51.134a
གཤེགས་པའི་མཛོད་ཀྱི་ངོ་བོ་ཉིད་སྟོང་ཞིང་མི་གཡོ་བ་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཡང་དག་པར་གཤེགས་པའི་མཛོད་ནི་ལྡང་དུབ་ཀྱི་སེམས་ཀྱི་མཛོད་དེ། ངོ་བོ་ཉིད་སྟོང་པ་སྟེ་མི་གཡོ་བའོ། །མཚན་མ་ཤེས་པར་བྱ་ན་གཞུང་འཁྱིམས་ཏེ་མི་མངོན་ནོ། །ཡང་དག་པར་གཤེགས་པའི་མཛོད་ནི་ངོ་བོ་ཉིད་སྟོང་པ་སྟེ་མི་གཡོའོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་ཅི་ལྟ་བུར་ན་ལྡང་དུབ་ཀྱི་སེམས་ཀྱིས་མཚན་མ་ཤེས་པར་རུང ། སངས་རྒྱས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་གཞུང་ལ་ནི་རུང་བ་དང་མི་རུང་བ་ཡང་མེད་དོ། །རུང་བ་དང་མི་རུང་བ་ཡང་ཡོད་དུ་ཟིན་ན་ནི་སེམས་སོ་ཅོག་སྐྱེས་ནས་སྟོང་ཞིང་ཁྲིའི་བསམ་པ་གཡོས་ཏེ་དེ་ནི་ལྡང་དུབ་ཀྱི་གཟུགས་ཡིན་ནོ། །བྱང་ཆུབ་སེམས་དཔས་ཕྱི་མོའི་ངོ་བོ་ཉིད་ཀྱི་མཚན་མ་ལ་བརྟགས་ན་གཞུང་རང་གང་རྒྱས་སོ། །སྟོང་བསམས་ཁྲི་མནོས་ཀྱང་ལམ་གྱི་གཞུང་ལ་མི་ཕན་ཏེ། གཡོས་ཤིང་དཀྲུགས་པས་སེམས་ཀྱི་ཕྱི་མོ་བདག་པོ་སྟོར་བར་གྱུར་ཏོ། །བསམ་ཞིང་མནོ་བ་མེད་ན་ལྡང་དུབ་ཀྱང་མི་སྐྱེ་སྟེ་ཡང་དག་པ་བཞིན་དུ་མི་གཡོའོ། །རྣམ་པར་ཤེས་པ་རྣམས་བདེ་ཞིང་སྟོང་ན་འབབ་ཅིང་འཁོར་བར་མི་སྐྱེ་སྟེ་གཙང་མའི་ཆོས་ལྔ་འཐོབ་བོ། །དེའི་ཐེག་པ་ཆེན་པོ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཆོས་གཙང་མ་ལྔར་ཞུགས་ན་སེམས་ལ་མི་བདེན་པ་མེད་དོ། །མི་བདེན་པ་མེད་ན་གདོད་ཡང་དག་པར་གཤེགས་པའི་རང་གིས་ཚོར་བའི་འཕགས་པའི་ཡེ་ཤེས་ཀྱི་སར་ཆུད་དོ། །ཡེ་ཤེས་ཀྱི་སར་ཆུད་པ་ནི་ཐམས་ཅད་ཕྱི་མོ་ནས་མི་སྐྱེ་བར་མཁས་པར་རིག་པར་བྱ་སྟེ། ཕྱི་མོ་ནས་མི་སྐྱེ་བར་རིག་ན་གདོད་མི་བདེན་པའི་སེམས་མེད་དོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་མི་བདེན་པའི་སེམས་ཅན་མ་མཆིས་ན་གཏང་ཞིང་དགག་པ་ཡང་མ་མཆིས་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་མི
51.134b
བདེན་པའི་ཕྱི་མོ་ནས་མི་སྐྱེ་ན། མི་བདེན་པ་དཔག་ཏུ་མེད་དོ། །སེམས་ལ་སེམས་མེད་པར་རིག་ན་སེམས་གཏང་དུ་མེད་དོ། །བྱེ་བྲག་མེད། དབྱེ་བ་མེད་ན་འཕྲལ་གྱི་རྣམ་པར་ཤེས་པ་སྐྱེ་བ་མེད་པས་སྐྱེ་བ་གཏང་དུ་མེད་དོ། །དེ་ནི་གཏང་དུ་མེད་པ་ཡིན་ཏེ་མེད་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཏང་བ་དང་གཏང་བ་མེད་པའི་ཕྱིར་རོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་གཏང་བ་མེད་པའི་བཏང་བ་དེ་ཉིད་ཀྱང་སྐྱེ་བ་ལགས་ན་ཇི་ལྟར་ན་སྐྱེ་བ་མ་མཆིས་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔས་སྐྱེ་བ་དེ་བཏང་ན་བཏང་ཟིན་པ་དང་བཏང་བ་ཡང་མེད་དེ། བཏང་བ་མེད་པ་ལ་ཡང་མི་ཆགས་པ། ཆགས་པ་མེད་པ་ཡང་མི་ཆགས་ན་ཇི་ལྟ་བུར་སྐྱེ་བ་ཡིན་ཞེས་བྱ། གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་སྐྱེ་བ་མེད་པའི་སེམས་ལ་བླང་བ་དང ། བཏང་བ་ཅི་མཆིས། ཆོས་ཀྱི་མཚན་མ་གང་ལགས། སངས་རྒྱས་ཀྱིས་གསུངས་པ། སྐྱེ་བ་མེད་པའི་ཆོས་ལ་བླང་བ་ཡང་མེད་བཏང་བ་ཡང་མེད་དེ་སེམས་མེད་པ་ལ་གནས་ཏེ། ཆོས་མེད་པ་ལ་གནས་སོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་ཇི་ལྟ་བུར་ན་སེམས་མ་མཆིས་པ་ལ་གནས། ཆོས་མ་མཆིས་པ་ལ་གནས་ཤེས་བགྱི། སངས་རྒྱས་ཀྱིས་གསུངས་པ། སེམས་མ་སྐྱེས་ན་སེམས་མེད་པ་ལ་གནས་པ་ཡིན་ནོ། །ཕོ་དགེ་བ་སེམས་ཀྱི་ཆོས་མ་སྐྱེས་ན་གནས་ཤིང་རྟེན་པ་ཡང་མེད་དོ། །སྤྱོད་པའོ་ཅོག་ལ་མ་ཆགས་ན། སེམས་རྟག་པར་སྟོང་ཞིང་མི་གཡོ་སྟེ། ཐ་དད་པའི་སེམས་མེད་དོ། །དཔེ་ནམ་མཁའ་དང་མཚུངས་ཏེ། གཡོ་བ་དང ། འདུག་པ་མེད། སྡང་བ་མེད། བྱ་བ་མེད། ཕན་ཚུན་མེད་དེ་སྟོང་པའི་སེམས་ཀྱི་མིག་ཐོབ། སྟོང་པའི་ཆོས་ཀྱི་ལུས་ཐོབ་པས་ལྔ་ཕུང་དང་ཞུགས་པ་དྲུག་ཀུན་སྟོང་ཞིང་མི་གཡོ་བའོ། །ཕོ་དགེ་བ་སྟོང་པའི་ཆོས་སྤྱོད་པ་ནི
51.135a
ཁམས་གསུམ་ལ་ཡང་མི་རྟེན། ཚུལ་ཁྲིམས་ཀྱི་མཚན་མ་ལ་ཡང་མི་ཆགས་ལ། གཙང་དག་ལ་སེམས་མེད་པས་བསྡུ་བ་ཡང་མེད། བཏང་བ་ཡང་མེད་དེ། ངོ་བོ་ཉིད་རྡོ་རྗེ་དང་མཚུངས་པས་དཀོན་མཆོག་གསུམ་མི་ཞིག་སྟེ། སྟོང་པའི་ཆོས་རྣམས་མི་གཡོ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ནོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཀུན་ཀྱང་མཚན་མ་མ་མཆིས་པ་ལགས་ན། མཚན་མ་མ་མཆིས་པའི་ཆོས་ཀྱིས་འཇིག་རྟེན་ལས་ཕྱིན་པར་ནུས་ལགས་སམ། སངས་རྒྱས་ཀྱིས་གསུངས་པ། ཕོ་དགེ་བ་ངས་བཤད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མཚན་མ་ཡང་མེད། བྱ་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདོད་དང་བྲལ་བར་འཇུག་པ་མཁས་པས། སེམས་རྟག་པར་གཙང་དག་སྟེ། བདེན་པའི་ཚིག་གིས་ཐབས་སྤྱད་པས། བདག་ལ་ཡང་ཕན་གཞན་ལ་ཡང་ཕན་ཏེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །སེམས་དག་པ་ནས་སྲན་ཐུབ་ཅིང་སེམས་རྟག་པར་གནས་པ་མེད་ལ། གཙང་གདང་ལ་གོས་པ་མེད་ཅིང་ཁམས་གསུམ་ལ་མ་ཆགས་ན་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །སྟོང་པ་སྤྱད་དེ་མདུད་པ་བཅད་ལ་ཡོད་པ་རྣམས་ལ་མི་རྟེན་ན་ལས་གསུམ་སྟོང་མི་གཡོ་སྟེ། ལུས་དང་སེམས་ལ་ཡང་མི་ཆགས་ན་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མིང་གིས་བགྲང་བ་ཡོངས་སུ་བྲལ་ལ་སྟོང་པ་དང་ཡོད་པར་མཐོང་བ་བཅད་དེ། ཕུང་པོའི་སྟོང་པར་ཟབ་ཏུ་ཞུགས་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །སྟོང་པ་དང་མི་གཡོ་བ་གཉིས་ཁ་དོག་དང་བྲལ་ལ་སྟོང་པའོ་ཅོག་ལ་མ་ཆགས་ཏེ། སེམས་འདུག་པ་མེད་པའི་སྟོང་པ་ཆེན་པོ་ལ་གནས་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །སེམས་ལ་སེམས་ཀྱི་འདུ་ཤེས་མེད་དོ། །སྟོང་པ་ལ་མི་ཆགས། སྤྱོད་དོ་ཅོག་ལ་མི་སྐྱེ། སྟོང་ཞིང་ཞི་བར་ཡང་མི་གནས། སེམས་ལ་འབྱུང་འཇུག་ཀྱང་མེད་དོ། །
51.135b
ངོ་བོ་ཉིད་རྟག་པར་བཏང་སྙོམས་པས་ཆོས་རྣམས་ཀྱི་ཡང་དག་པའི་དབྱིངས་མི་འགྱུར་བའི་ངོ་བོ་ཉིད་རྣམས་ལ་ཡང་མི་གནས། ཤེས་རབ་ལ་ཡང་མི་ཆགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཕོ་དགེ་བ་དེ་ལྟ་བུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ནི་ཕྱི་མོའི་བཟོད་པ་ཐོབ་སྟེ། ཡང་དག་པར་མི་འགྱུར་བའི་ངོ་བོ་ཉིད་དུ་ཆུད་པས་འཇིག་རྟེན་ནས་འཕགས་ཏེ་བྱུང་ལ་རྟོགས་པ་གྲོལ་ཐར་ཏོ། །ཕོ་དགེ་བ་དེ་ལྟ་བུའི་གྲོལ་ཐར་པའི་ཆོས་ཀྱི་མཚན་མ་ནི་མཚན་མར་སྤྱོད་པ་སྟེ། གྲོལ་བ་དང་མ་ཆགས་པ་ཡང་མེད་པ་དེའི་མིང་གྲོལ་ཐར་པའོ། །ཇི་ལྟར་ཞེ་ན། གྲོལ་ཐར་པའི་མཚན་མ་ལ་ནི་མཚན་མ་ཡང་མེད། སྤྱོད་པ་ཡང་མེད། གཡོ་བ་ཡང་མེད། འཁྲུག་པ་ཡང་མེད་དེ། སྟོང་པ་མི་གཡོ་བའི་མྱ་ངན་ལས་འདས་པ་ན་མྱ་ངན་ལས་འདས་པའི་མཚན་མ་ལ་ཡང་མ་ཆགས་ན། གྲོལ་ཐར་བྱང་ཆུབ་སེམས་དཔས་ཚིག་འདི་སྐད་ཐོས་ནས་ཡོད་མ་མྱོང་བ་ཐོབ་པས་སེམས་ལ་ཤིན་དུ་དགའ་སྟེ། དེའི་ཡིད་བསླབ་པར་བྱས་ནས་ཚིགས་སུ་བཅད་པས་བཤད་དོ། །ཚོན་ཆེན་གང་རྒྱས་བཙུན་པས་སུ། །མང་པོ་ཕལ་ཕྱིར་ཆེས་དྲངས་པ། །ཀུན་ཀྱང་ཐེག་པ་གཅིག་བཤད་དེ། །ཐེག་པ་གསུམ་གྱི་ལམ་ཡང་མེད། །རོ་གཅིག་མཚན་མེད་ཕན་བསོད་པ། །དཔེར་རུ་སྟོང་པ་ཆེན་པོ་བཞིན། །ཅི་ཡང་མི་བཞུགས་མེད་ཤོང་མེད། །སོ་སོའི་རང་བཞིན་ཐ་དད་དེ། །ཀུན་གྱིས་ཕྱི་མོའི་གནས་ཐོབ་བོ། །སེམས་དང་ང་རུ་བྲལ་བས་སུ། །ཆོས་གཅིག་གི་ནི་གཞུང་གྲུབ་བོ། །འཐུན་དང་ཐ་དད་སྤྱོད་པའི་རྣམས། །ཀུན་གྱིས་ཕྱི་མོའི་བསོད་ནམས་ཐོབ། །མཚན་གཉིས་མཐོང་བ་བགས་བཅད་པས། །སྟོང་པ་མི་གཡོ་མྱ་ངན་འདས། །བླངས་དང་རིགས་པ་མ་ཆགས་པས། །གང་དག་ཐུབ་པའི་གནས་སུ་ཞུགས། །མཚན་མ་མེད་ཅིང་སྤྱོད་པའང་མེད། །སྟོང་སེམས་མི་གཡོ་ཞི་བའི་ས། །སྟོང་པ་ཞི་སྟེ་སེམས་མི་སྐྱེ། །རྡོ་རྗེ་ངོ་བོ་ཉིད་དང་མཚུངས། །དཀོན
51.136a
མཆོག་གསུམ་ནི་ཡོང་མི་ཞིག་།ཕ་རོལ་ཕྱིན་པ་དྲུག་ལྡན་པས། །སེམས་ཅན་ཐམས་ཅད་རབ་བསྒྲལ་ཏེ། །ཁམས་གསུམ་གནས་སུ་བྱུང་ཞིང་འདས། །ཀུན་ཀྱང་ཐེག་པ་གཅིག་མི་སྤྱོད། །རོ་གཅིག་ཆོས་ཀྱིས་རྒྱས་བཏབ་སྟེ། །ཐེག་པ་གཅིག་པོ་འབྱོར་གྲུབ་བོ། །དེ་ནས་ཕལ་མང་པོས་གཞུང་འདི་བཤད་པ་ཐོས་སེམས་ལ་ཤིན་ཏུ་དགའ་སྟེ། སེམས་དང་ངར་བྲལ་བ་ཐོབ་པས་སྟོང་པ་མཚན་མ་མེད་པ་ལ་ཞུགས་ཏེ། ཤིན་དུ་རྒྱ་ཆེ་ཞིང་ཡངས་པས་ཀུན་གྱིས་ཡང་དག་པར་མདུད་པ་ཆོད་པ་དང ། ཟག་པ་ཟད་པ་ཐོབ་བོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་གསུམ་སྟེ་སྐྱེ་བ་མེད་པ་སྤྱོད་པའི་ལེའུའོ།། །།དེའི་ཚེ་སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱིས་ཁམས་གསུམ་གྱི་ཕྱི་ལོགས་སུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་བཤད་པ་ཐོས་ནས་འདུག་པ་ལས་ལངས་ཏེ། སོར་མོ་བསྣོལ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པས་དྲིས་པ། ཡང་དག་གཤེགས་པས་གཞུང་བཤད་པས། །འཇིག་རྟེན་འབྱུང་བའི་གཟུགས་མ་མཆིས། །སྐྱེ་བ་ཐམས་ཅད་ཟད་པར་བགྱིས། །བག་ཡོད་ཟད་པ་ཐོབ་ལགས་སམ། །བདུད་དང་སྟོང་པ་སེམས་པ་མཆད། །དེ་ནི་སྐྱེ་བ་མ་མཆིས་ལགས། །ཇི་ལྟར་སྐྱེ་བ་མ་མཆིས་ལ། །སྐྱེ་བ་མེད་པའི་མནགས་པ་མཆིས། །དེ་ནས་སངས་རྒྱས་ཀྱིས་སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ། ཕོ་དགེ་བ་སྐྱེ་བ་མེད་པའི་ཆོས་ཀྱི་མནགས་པ་ནི་ཆོས་ལ་ཕྱི་མོ་ནས་སྐྱེ་བ་མེད་དོ། །སྤྱོད་དོ་ཅོག་སྐྱེ་བ་མེད་དེ། སྐྱེ་བ་མེད་པ་སྤྱོད་པས་ཡང་མེད་ན། སྐྱེ་བ་མེད་པའི་མནགས་པ་ཐོབ་པ་ནི་སྒྱུ་མ་མི་བདེན་པ་ཡིན་ནོ། །སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བཙུན་པ་བསྐྱེད་པའི་མནགས་པ་ཐོབ་པ་སྒྱུ་མ་མི་བདེན་པ་ལགས་ན་ཐོབ་པ་ཡང་མ་མཆིས། མནགས་པ་ཡང་མ་མཆིས་ན། སྒྱུ་མ་མི་བདེན་པ་ལགས་པའི་རིགས
51.136b
སོ། །སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཅི་ལྟ་ཞེ་ན། ཐོབ་པ་ཡང་མེད། མནགས་པ་ཡང་མེད་ན་དེ་ནི་ཐོབ་པ་ཡོད་པ་ཡིན་ནོ། །ཐོབ་པ་ཡོད་ཆགས་པ་ཡོད་ན་དེ་ནི་སྐྱེ་བ་ཡོད་པ་ཡིན་ནོ། །སྐྱེ་བ་ཡོད་ལ་ཐོབ་པ་ཡོད་ན་ཐོབ་པ་ཡོད་པའི་ཆོས་ཏེ། ཀུན་ཀྱང་སྒྱུ་མ་མི་བདེན་པ་ཡིན་ནོ། །སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བཙུན་པ་ཇི་ལྟ་བུར་ན་མནགས་པ་མ་མཆིས། སྐྱེ་བ་མ་མཆིས་པའི་སེམས་སྒྱུ་མ་མི་བདེན་པ་ལགས་ཤེས་བགྱི། སངས་རྒྱས་ཀྱིས་གསུངས་པ། མནགས་པ་མེད་སྐྱེ་བ་མེད་པའི་སེམས་ཤེས་བྱ་བ་ནི་སེམས་ལ་བཟུང་བ་དང ། མཚན་མ་མེད་དེ། དཔེར་ན་མེའི་རང་བཞིན་དང་མཚུངས་ཏེ་ཤིང་གི་ནང་ན་འདུག་མོད་ཀྱི་ག་ལ་འདུག་པའི་གནས་མེད་དོ། །རང་བཞིན་མི་འགྱུར་ཡང་དག་ན། མིང་དང་མཁན་ཡོད་དུ་ཟད་ཀྱི་རང་བཞིན་བཙལ་དུ་མི་རྙེད་དོ། །དེའི་གཞུང་བརྗོད་པའི་ཕྱིར་མིང་བརྙན་མ་བཤད་ན། མིང་རྙེད་པར་མི་རུང་ནས་སེམས་ཀྱི་མཚན་མ་ཡང་དེ་བཞིན་ཏེ་གནས་མི་མཐོང་ངོ ། །སེམས་དེ་ལྟ་བུ་ཡིན་པར་རིག་ན་གདོད་སྐྱེ་བའི་སེམས་མེད་དོ། །ཕོ་དགེ་བའི་སེམས་དེའི་རང་བཞིན་གྱི་མཚན་མ་ནི་ཤིང་ཏོག་ཨ་མ་ལི་ཀ་དང་མཚུངས་ཏེ། ཕྱི་མོ་རང་ལས་ཀྱང་མ་སྐྱེས། གཞན་ལས་ཀྱང་མ་སྐྱེས། ཕྱི་ལས་ཀྱང་མ་སྐྱེས། རྒྱུ་རྐྱེན་མཆེད་ལས་སྐྱེས་པ་ཡང་མ་ཡིན། སྐྱེ་བ་ཡང་མེད། ཅི་ལྟ་ཞེ་ན། རྐྱེན་བརྗེས་ཤིང་འདས་པའི་ཕྱིར་རོ། །རྐྱེན་གཡོས་པ་ཡང་སྐྱེ་བ་མེད། རྐྱེན་འདས་པ་ལ་ཞི་བ་མེད་དེ་མངོན་པ་དང་མི་མངོན་པའི་མཚན་མ་མེད་དོ། །ཕྱི་མོ་གཞུང་སྟོང་ཞིང་ཞི་སྟེ། མེད་པའི་གནས་ན་འདུག་པས་འདུག་པའི་གནས་སུ་མི་མཐོང་སྟེ། ངོ་བོ་ཉིད་ཡང་དག་པར་མི་འགྱུར་བས་ཡང་དག་པར་མི་འགྱུར་བའི་ངོ་བོ་ཉིད་ནི་གཅིག་ཀྱང་མི་གཅིག་།ཐ་དད་མི་དད། མི་རྟག་མི་ཆད། མི་ཞུགས་མི་འབྱུང ། མི་སྐྱེ། མི་ཤི་སྟེ་སྐུར་པ་དང་གཞི་དང་བྲལ་ལ། སྨྲ་བའི་ཚིག་གི་ལམ་བཅད་དོ། །སྐྱེ་བ་མེད་པའི་སེམས
51.137a
ཀྱི་ངོ་བོ་ཉིད་ཀྱང་དེ་དང་མཚུངས་ན་ཇི་ལྟ་བུར་སྐྱེ་བ་མེད། སྐྱེ་བ་དང ། མནགས་པ་ཡོད་པ་དང ། མནགས་པ་མེད་པ་བཤད་ན་ལ་ལ་ཞིག་སེམས་ལ་ཐོབ་པ་ཡོད། གནས་དང་གཏོང་བ་ཡོད་ཅེས་བཤད་ན་དེས་ནི་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་ཤེས་རབ་མི་ཐོབ་སྟེ། དེ་ནི་ཁོར་བོར་མཚན་མོ་སེམས་ཀྱི་ངོ་བོ་ཉིད་མངོན་པར་བྱེ་བྲག་ཕྱེད་ལ་སེམས་ཀྱི་ངོ་བོ་ཉིད་དེ་ལྟར་ཡིན་པར་རིག་ན། ངོ་བོ་ཉིད་ཀྱང་དེ་དང་མཚུངས་ཏེ་སྐྱེ་བ་སྤྱོད་པ་མེད་དོ། །སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བཙུན་པ་སེམས་ཕྱི་ནས་མི་གཡོ་ན་སྤྱོད་པ་སྐྱེ་བ་མ་མཆིས་སོ། །སྤྱོད་པ་རྣམས་མི་སྐྱེ་ན་སྐྱེ་བ་མི་སྤྱོད་པ་མི་སྐྱེའོ། །སྤྱོད་པ་མེད་པ་ཡང་མི་སྐྱེ་ན་གདོད་སྐྱེ་བ་མེད་དོ། །སངས་རྒྱས་ཀྱིས་གསུངས་པ། ཕོ་དགེ་བ་ཁྱོད་ཀྱིས་སྐྱེ་བ་མེད་པ་སྤྱད་ན། སྐྱེ་བ་མེད་པ་སྤྱད་པར་རིག་གམ། སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། མ་ལགས་སོ། །ཇི་ལྟ་ཞེ་ན། སྐྱེ་བ་སྤྱོད་པ་མ་མཆིས་ན། ངོ་བོ་ཉིད་ཀྱི་མཚན་མ་སྟོང་ཞིང་མི་གཡོ་སྟེ། མཐོང་བ་ཡང་མ་མཆིས། ཐོས་པ་ཡང་མ་མཆིས། སྟོར་བ་ཡང་མ་མཆིས། བཏང་བ་ཡང་མ་མཆིས་ན། ཇི་ལྟ་བུར་རིག་པ་བླང་ཞེས་བགྱི། རིག་ཏུ་ལགས་ན་དེ་ནི་རྩོད་ཅིང་བརྗོད་པའོ། །རྩོད་པ་མ་མཆིས། བརྗོད་པ་མ་མཆིས་ན། གདོད་སྐྱེ་བ་སྤྱོད་པ་མ་མཆིས་སོ། །སངས་རྒྱས་ཀྱིས་གསུངས་པ། ཁྱོད་ཀྱིས་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་བམ། སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བདག་གིས་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་མ་ཐོབ་བོ། །ཅིའི་ཕྱིར་ཞེས་བགྱིས་ན། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་ནང་ན་ཐོབ་པ་ཡང་མ་མཆིས། སྟོར་བ་ཡང་མ་མཆིས། ཚོར་བ་ཡང་མ་མཆིས། ཤེས་པ་ཡང་མ་མཆིས། རྣམ་པར་བརྟགས་པ་ཡང་མ་མཆིས་ཏེ། རྣམ་པར་བརྟགས་པ་མ་མཆིས་པའི་ནང་ནི་གཙང་དག་པའི་ངོ་བོ་ཉིད་དོ། །ངོ་བོ་ཉིད་ལ་ནི་བར་ཆད་ཀྱང་མ་མཆིས།
51.137b
འདྲེས་པ་ཡང་མ་མཆིས། ཚིག་གིས་བཤད་པ་ཡང་མ་མཆིས། ཡོད་པ་ཡང་མ་མཆིས། མེད་པ་ཡང་མ་མཆིས། ཤེས་པ་ཡང་མ་མཆིས། མི་ཤེས་པ་ཡང་མ་མཆིས་ཏེ། སྤྱད་དུ་རུང་བའི་ཆོས་རྣམས་ཀྱང་མ་མཆིས་ན། དེ་ཅིའི་ཕྱིར་ཞེས་བགྱིས་ན་ཆོས་སྤྱོད་དོ་ཅོག་གི་གནས་མལ་མི་མཐོང་ངོ ། །ངོ་བོ་ཉིད་ཡང་དག་པར་མི་འགྱུར་བས་ཕྱི་མོ་ནས་ཐོབ་པ་དང ། མི་ཐོབ་པ་མ་མཆིས་ན། ཇི་ལྟ་བུར་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་བམ་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཁྱོད་ཟེར་བ་བཞིན་ཏེ། སེམས་ཀྱི་སྤྱད་པ་ཐམས་ཅད་ནི་མཚན་མ་མེད་པ་ལས་མི་འདའོ། །ངོ་བོ་ཉིད་སྟོང་པ་སྟེ་སྐྱེ་བ་མེད་དོ། །ཡོད་པར་རུང་བའི་རྣམ་པར་ཤེས་པ་རྣམས་ཀྱང་དེ་དང་མཚུངས་སོ། །ཇི་ལྟ་ཞེ་ན། མིག་དང་མིག་གི་རེག་པ་ཀུན་ནས་སྟོང་པ་མི་གཡོ་བ་སྟེ། རྣམ་པར་ཤེས་པ་ཡང་སྟོང་ཞིང་མི་གཡོའོ། །མི་གཡོ་བའི་མཚན་མ་ཡང་མེད། ནང་ལོགས་ན་བླངས་པ་གསུམ་ཡང་མེད་དེ། བླངས་པ་གསུམ་སྟོང་ཞིའོ། །རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། སེམས་ཡིད་དང ། ཡིད་ཀྱི་རྣམ་པར་ཤེས་པ་དང ། ངའི་རྣམ་པར་ཤེས་པ་དང ། ཀུན་གཞིའི་རྣམ་པར་ཤེས་པ་དང ། དེ་དང་མཚུངས་ཏེ་སྟོང་པ་ཞི་བའི་སེམས་དང ། སྐྱེ་བ་མེད་པའི་སེམས་ཀུན་ཀྱང་མི་སྐྱེའོ། །སྟོང་པ་ཞི་བའི་སེམས་དང ། སྐྱེ་བ་མེད་པའི་སེམས་སྐྱེས་སུ་ཟིན་ན། དེ་ནི་སྐྱེ་བ་སྤྱོད་པ་ཡོད་པ་ཡིན་ཏེ་སྐྱེ་བ་སྤྱོད་པ་མེད་པ་མ་ཡིན་ནོ། །ནང་ལོགས་སུ་བླངས་པ་གསུམ་དང ། སྤྱོད་པ་གསུམ་དང ། ཚུལ་ཁྲིམས་གསུམ་སྐྱེ་བས་སྟོང་ཞིང་ཞི་སྟེ་མ་སྐྱེས་ན་སེམས་མི་སྐྱེ་ཞིང་སེམས་རྟག་པར་སྟོང་ཞིང་ཞི་སྟེ། དོན་ཡང་མེད་སྤྱོད་པ་ཡང་མེད་སེམས་སྟོང་ཞིང་ཞི་བའི་མཚན་མ་ཡང་མི་རིགས་ཏེ། རེག་པ་མེད་པ་ལ་མི་ཆགས་སོ། །གནས་པ་མེད་པར་འདུག་སྟེ་མཚན་མ་མེད་པའི་དོན་མདོ་བཟུང་ན་གདོད་བླངས་པ་གསུམ་མེད་དེ། ཀུན་སྟོང་ཞིང་གནས་གཙང་དག་སྟེ། ཆགས་པ་མེད་ནས་ཏིང་ངེ་འཛིན་ཏུ་ཡང་མི
51.138a
འཇུག་།བསམ་གཏན་ལ་ཡང་མི་འཇུག་།སྐྱེ་བ་ཡང་མེད། སྤྱོད་པ་ཡང་མེད་དོ། །སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བསམ་གཏན་གྱིས་གཡོ་བ་བསྡུ་བ་དང ། སྒྱུ་མ་འཁྲུགས་པ་རྣམས་ཐུབ་པར་ནུས་ན་ཅིའི་སླད་ནས་བསམ་གཏན་མི་བགྱིད། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའི་བསམ་གཏན་ནི་གཡོ་བ་ཡིན་ནོ། །མི་གཡོ་ན་བསམ་གཏན་མ་ཡིན་ཏེ། སྐྱེ་བ་མེད་པའྀ་བསམ་གཏན་ཡིན་ནོ། །བསམ་གཏན་གྱི་ངོ་བོ་ཉིད་སྐྱེ་བ་མེད་དོ། །བསམ་གཏན་སྐྱེ་བའི་མཚན་མ་དང་བྲལ་ལོ། །བསམ་གཏན་གྱི་ངོ་བོ་ཉིད་ལ་ཆགས་པ་མེད་དེ། བསམ་གཏན་གཡོ་བའི་ཆགས་པ་དང་བྲལ་ན་བསམ་གཏན་གྱི་ངོ་བོ་ཉིད་ལ་གཡོ་བ་དང ། མི་གཡོ་བ་མེད་པར་རིག་པས་སྐྱེ་བ་མེད་པ་འཐོབ་བོ། །སྐྱེ་བ་མེད་པའི་ཤེས་རབ་ནི་སྐྱེ་བ་ལ་ཡང་མི་གནས་ཏེ། སེམས་ཀྱང་མི་གཡོའོ། །དེ་ལྟ་བུའི་ཤེས་རབ་སྤྱད་པས་ན་སྐྱེ་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་བོ། །སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བཙུན་པ་སྐྱེ་བ་མ་མཆིས་པའི་ཤེས་རབ་ནི་གནས་ཐམས་ཅད་ལ་ཆགས་པ་ཡང་མ་མཆིས། གནས་ཐམས་ཅད་དང་བྲལ་བ་ཡང་མ་མཆིས་ཏེ། སེམས་ལ་འདུག་པ་ཡོད་པའི་གནས་མ་མཆིས་གནས་མ་མཆིས་གནས་ལ་སེམས་འདུག་པའི་གནས་མ་མཆིས། འདུག་པ་ཡང་མ་མཆིས། སེམས་ཀྱང་མ་མཆིས། སེམས་ལ་སྐྱེ་བ་དང ། འདུག་པ་མ་མཆིས་ཏེ། དེ་ལྟ་བུར་འདུག་པའི་སེམས་ནི་སྐྱེ་བ་དང ། འདུག་པ་མ་མཆིས་ལགས་སོ། །བཙུན་པ་སེམས་ལ་སྐྱེ་བ་སྤྱོད་པ་མ་མཆིས་པ་ནི་བསམ་གྱིས་མི་ཁྱབ་པོ། །བསམ་གྱིས་མི་ཁྱབ་པའི་ནང་ནི་བཤད་ཀྱིས་མི་ལང་ངོ ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། ། བྱང་ཆུབ་སེམས་དཔས་སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་ཚིག་དེ་ལྟ་བུ་ཐོས་ནས་ཡོད་མ་མྱོང་ཞེས་བསྟོད་དེ། ཚིགས་སུ་བཅད་པ་བཤད་པ། ཡེ་ཤེས་ཆེན་པོ་གང་རྒྱས་བཙུན། །
51.138b
སྐྱེ་བ་སྤྱོད་ཆོས་རྒྱ་ཆེར་བཤད། །ཐོས་པ་མྱོང་བ་ཐོས་པར་བགྱིས། །མ་བཤད་པ་ནི་ད་བཤད་དོ། །དཔེ་རུ་ཟིལ་མངར་གཙང་མ་བཞིན། །བར་བར་གདོད་གཅིག་ལན་འགའ་འབྱུང ། །ཕྲད་པར་དཀའ་ཞིང་བསམ་པར་དཀའ། །ཐོས་པ་ཡང་ནི་ཤིན་ཏུ་དཀའ། །བླ་ན་མེད་པའི་དཔལ་ཞིང་གཤིན། །ནང་གི་མཆོག་གི་དམ་པ་སྨན། །སེམས་ཅན་རྣམས་ཀུན་བསྒྲལ་བའི་ཕྱིར། །དེ་ནི་ཀུན་ཀྱང་དགྲོལ་བཤད་དོ། །དེ་ནས་ཕལ་མང་པོའི་ནང་དུ་དེ་སྐད་བཤད་པ་ཐོས་ནས་ཀུན་གྱིས་སྐྱེ་བ་མེད་པ་དང ། མ་སྐྱེས་པའི་ཤེས་རབ་ཐོབ་བོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་བཞི་སྟེ། ཕྱི་མོའི་ཚོར་བའི་ཕན་བསོད་ཀྱི་ལེའུའོ།། །།དེའི་ཚེ་ཆགས་མེད་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་རོ་གཅིག་གི་ཡང་དག་པར་བདེན་པ་བསམ་གྱིས་མི་ཁྱབ་པར་བཤད་པ་ཐོས་ནས་ཐག་རིང་པོ་ནས་ཉེ་བར་འོངས་ཏེ་ཡང་དག་པར་གཤེགས་པ་བཞུགས་པར་བསྙེན་ཏེ། སེམས་གཅིག་ཏུ་བརྟགས་པར་ཉན་ཏེ། དཀར་གཙང་མའི་གནས་སུ་ཞུགས་ནས་ལུས་དང་སེམས་མི་གཡོ། དེ་ནས་སངས་རྒྱས་ཀྱིས་ཆགས་མེད་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ། ཁྱོད་ཐོག་མ་ག་ལས་འོངས། ད་གནས་གར་ཕྱིན། ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། བཙུན་པ་བདག་ཐོག་མའི་ཕྱི་མོ་མ་མཆིས་པ་ནས་མཆིས་སོ། །ད་ཕྱི་མོ་མ་མཆིས་པའི་གནས་སུ་ཕྱིན་ཏེ། སངས་རྒྱས་ཀྱིས་གསུངས་པ། ཁྱོད་ཕྱི་མོ་ནས་འོངས་པ་ཡང་མེད་དོ། །ད་ཕྱིན་པའི་གནས་ཀྱང་མེད་དེ། ཁྱོད་ཀྱིས་ཕྱི་མོ་བསོད་ནམས་ཐོབ་སྟེ། བསམ་གྱིས་མི་ཁྱབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མོད་བཞིན་འོད་ཆེན་པོ་བཏང་སྟེ། ཁམས་སུ་ཁྱབ་པར་སྣང་ནས་ཚིགས་སུ་བཅད་པ་བཤད་དོ། །ཤིན་ཏུ་ཆེ་བའི་ཆང་ཐུབ་རྣམས། །ཀུན་ཀྱང་ཤེས་རབ་གང་ཞིང་རྒྱས། །རྟག་པར་ཕྱི་མོ་བསོད་ནམས་སྤྱད། །སེམས་ཅན་རྣམས་ལ
51.139a
ཕན་ཞིང་བསོད། །ཆོ་ག་རྣམ་པ་བཞི་སྤྱད་དེ། །རྟག་པར་ཕྱི་མོ་བསོད་ནམས་གནས། །མང་པོ་ཕལ་རྣམས་ཀུན་དྲངས་ཏེ། །སོང་ཞིང་འོངས་པ་ཡང་མེད་དོ། །དེ་ནས་ཆགས་མེད་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་ཕན་པ་ཅི་སྤྱད་དེ་བསྒྱུར་ལ། སེམས་ཅན་གྱི་སེམས་ཡིད་ཐམས་ཅད་བསྒྱུར་ཏེ་གཙང་དག་པའི་ཤེས་པར་ཆུད། སངས་རྒྱས་ཀྱིས་གསུངས་པ། ཡང་དག་པར་གཤེགས་པའི་སངས་རྒྱས་རྣམས་ཀྱིས་ནི་རྟག་པར་ཚོར་བ་གཅིག་སྤྱད་དེ། རྣམ་པར་ཤེས་པ་བསྒྱུར་བས་གཙང་དག་པའི་ཤེས་པར་ཆུད་དོ། །ཇི་ལྟ་ཞེ་ན། སེམས་ཅན་ཐམས་ཅད་ཕྱི་མོ་ནས་ཚོར་བས་ན། རྟག་པར་ཚོར་བ་གཅིག་སྤྱད་དེ། སེམས་ཅན་གྱི་རྣམས་ཚོར་བར་བྱས་སོ། །སེམས་ཅན་དེ་དག་ཕྱི་མོའི་ཚོར་བ་ཐོབ་པར་བྱས་ཏེ། སེམས་ཡིད་རྣམས་ཚོར་བས་སྟོང་ཞིང་མི་གཡོ་ལ་སྐྱེ་བ་མེད་དོ། །ཇི་ལྟ་ཞེ་ན། ཕྱི་མོའི་ངོ་བོ་ཉིད་ཡང་དག་པར་མི་འགྱུར་བས་ན་ཕྱི་མོ་ནས་གཡོ་བ་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། རྣམ་པར་ཤེས་པ་ཀུན་རྐྱེན་གྱི་ཁམས་ལས་ལངས་ནས་གཅིག་པུ་ཇི་ལྟ་བུར་མི་གཡོ་བར་རུང ། སངས་རྒྱས་ཀྱིས་གསུངས་པ། ཁམས་གསུམ་ཐམས་ཅད་ཀྱང་ཕྱི་མོ་ནས་སྟོང ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཕྱི་མོ་ནས་སྟོང་པ་ལ་རྐྱེན་གྱི་རང་བཞིན་མེད་ན་ཇི་ལྟ་བུར་རྐྱེན་ལས་ལངས་ཤེས་བྱ། ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། ཁམས་སོ་ཅོག་སྟོང་པ་ཇི་ལྟ་བུར་མཐོང ། སངས་རྒྱས་ཀྱིས་གསུངས་པ། མཐོང་བ་ཉིད་མི་བདེན་པ་ཡིན་ནོ། །ཇི་ལྟ་ཞེས་བྱ་ན། ཡོད་དོ་ཅོག་ཐམས་ཅད་ཀྱང་སྐྱེ་བ་ཡང་མེད། མཚན་མ་ཡང་མེད་དེ། ཕྱི་མོ་ནས་རང་གི་མིང་མེད་པས་ཀུན་ཀྱང་སྟོང་པ་མི་གཡོ་སྟེ། ཆོས་སོ་ཅོག་གི་མཚན་མ་ཡང་དེ་དང་མཚུངས་སོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་དང་མཚུངས་ཏེ། ལུས་ཀྱང་མེད་ན་ཇི་ལྟར་མཐོང་ཞེས་བྱ། ཆགས་མེད་བྱང་ཆུབ་སེམས
51.139b
དཔས་གསོལ་པ། ཁམས་ཐམས་ཅད་ཀྱང་སྟོང ། ལུས་ཐམས་ཅད་ཀྱང་སྟོང ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་སྟོང་ན་ཚོར་བ་ཡང་སྟོང་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ། ཚོར་བ་གཅིག་པོ་ཞེས་བྱ་བ་ནི་མི་ཞིགས་མི་དེངས་ཏེ། ཡང་དག་པར་མི་འགྱུར་བའི་ངོ་བོ་ཉིད་ནི་སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན། སྟོང་པ་ཡང་མེད། མི་སྟོང་པ་ཡང་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། ཁམས་ཀྱི་རྣམས་ཀྱང་དེ་བཞིན་ཏེ། སྟོང་པའི་མཚན་མ་ཡང་མ་མཆིས། སྟོང་པའི་མཚན་མ་མཆིས་པ་ཡང་མ་མཆིས་སོ། །སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཁམས་ཤེས་བྱ་བ་ནི་ཕྱི་མོའི་ངོ་བོ་ཉིད་ཡང་དག་པར་མི་འགྱུར་བས་ཡང་དག་པར་མི་འགྱུར་བའི་ཕྱི་མོའི་ངོ་བོ་ཉིད་ལ་གནས་མལ་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། ཚོར་བ་ཡང་དེ་དང་མཚུངས་ཏེ། གནས་མལ་མ་མཆིས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཚོར་བ་ལ་གནས་མལ་མེད་པས་ན་གཙང་གདང་ངོ ། །གཙང་གདང་བ་ལ་ཚོར་བ་ཡང་མེད་དོ། །ཅི་ཡང་གནས་མེད་པས་ན་གཙང་གདང་སྟེ། གཙང་གདང་བ་ལ་ཁ་དོག་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། སེམས་དང་མིག་དང ། རྣམ་པར་ཤེས་པ་ཡང་དེ་དང་མཚུངས་ཏེ། བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ཀྱིས་གསུངས་པ། སེམས་དང ། མིག་དང ། རྣམ་པར་ཤེས་པ་ཡང་དེ་དང་མཚུངས་ཏེ། བསམ་གྱིས་མི་ཁྱབ་བོ། །ཇི་ལྟ་ཞེས་བྱ་ན། ཁ་དོག་ལ་གནས་མལ་མེད་པས་གཙང་གདང་སྟེ། མཐོང་བ་མེད་པས་ཕྱི་ལོགས་སུ་མི་འབྱུང་ངོ ། །སེམས་ལ་གནས་མལ་མེད་པས་གཙང་གདང་སྟེ། འགག་པ་མེད་དེ་ལྡང་བའི་གནས་མེད་དོ། །རྣམ་པར་ཤེས་པ་ལ་གནས་མལ་མེད་དེ། གཙང་དག་པས་གཡོ་བ་མེད་དོ། །རྐྱེན་གྱིས་དབྱེ་བ་མེད་ན་ངོ་བོ་ཉིད་སྟོང་པ་ཉིད་མི་གཡོ་སྟེ། ངོ་བོ་ཉིད་ལ་ཚོར་བ་མེད་ན་ཚོར་བས་ཚོར་བ་མེད་དོ། །ཕོ་དགེ་བས་ཚོར་བས་ཚོར་བ་མེད་པར་རིག་ན། རྣམ་པར་ཤེས་པའི་རྣམས་ཞུའོ། །དེ་ཅིའི་ཕྱིར་ཞེ་ན།
51.140a
རྡོ་རྗེ་ཡེ་ཤེས་ཀྱི་སར་ཆུད་དོ། །གྲོལ་ཐར་གྱི་ལམ་ཆད་དོ། །ཆད་ན་ཆགས་པ་མེད་པའི་སར་ཆུད་དེ་འབྱུང་འཇུག་མེད་དོ། །སེམས་ལ་འདུག་པ་མེད་པ་ལ་གནས་ན་ཡང་དག་པར་མི་འགྱུར་བའི་ངོ་བོ་ཉིད་ཀྱིས་ཏེ། ས་ནི་གཙང་གདང་སྟེ་བཻ་དཱུརྱ་གཙང་མ་དང་མཚུངས་སོ། །ངོ་བོ་ཉིད་རྣམ་པར་མཉམ་སྙོམས་པ་ནི་ས་ཆེན་པོ་དང་མཚུངས་སོ། །ཡེ་ཤེས་དེར་ཆུད་པ་ནི་སངས་རྒྱས་ཀྱི་སར་ཆུད་པ་ཡིན་ནོ། །ཡེ་ཤེས་ཀྱི་སར་ཆུད་ན་རྣམ་པར་ཤེས་པ་རྣམས་མི་སྐྱེའོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། ཡང་དག་པར་གཤེགས་པས་བཤད་དོ། །འཚལ་ནི་ཚོར་བ་གཅིག་གི་འཕྲུལ་སྟོབས་ཏེ། རྒྱལ་པོ་ཆེན་པོ་བཞིའི་ཡེ་ཤེས་ཀྱི་སའོ། །སེམས་ཅན་ཐམས་ཅད་ཀྱི་རྩ་བའི་ཕན་བསོད་དོ། །ཇི་ལྟ་ཞེས་བགྱིས་ན། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་ཕྱི་མོ་ནས་སུ་གང་བར་རྒྱས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཇི་ལྟ་ཞེ་ན། སེམས་ཅན་ཐམས་ཅད་ནི་ཕྱི་ནས་ཟག་པ་མེད་དེ། དགེ་བ་རྣམས་ཀྱིས་ཕན་པའི་ཕྱི་མོ་ནི་འདོད་པའི་ཕན་པ་ཡོད་པ་ནི་མ་ཁུམས་མ་ཐུལ་བའི་ཕྱིར་རོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། སེམས་ཅན་ལ་ལ་ཕྱི་མོའི་ཕན་པ་མ་ཐོབ་ཚོར་ཞིང་སྡུད་པ་མ་མཆིས་ན་ཇི་ལྟར་གདུལ་དཀའ་བ་བས་དབབ་ཅིང་གདུལ། སངས་རྒྱས་ཀྱིས་གསུངས་པ། འདུག་ཀྱང་རུང ། འབའ་ཤིག་འགྲོ་ཡང་རུང་རྣམ་པར་རྟོག་པ་དང་གོས་པ་ཡང་རུང ། ཡིད་བསྒྱུར་ཏེ་ཕུང་བར་འདུག་ན་ཁུགས་ཤིང་ཐུལ་བ། དཀའ་བ་ཁུགས་ཐུལ་བ། བདུད་ཀྱིས་བཅིངས་པ་ལས་གྲོལ་ཐར་ནས་སང་ཞེས་བྱེད་དེ། ས་ཐང་ཡངས་པ་ལ་འདུག་པ་དང་མཚུངས་ནས་རྣམ་པར་ཤེས་པ་དང ། ཕུང་པོ་མྱ་ངན་ལས་འདས་སོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། སེམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་སྟེ། གཅིག་པུ་གྲོགས་མ་མཆིས་ན། རྟག་པར་མྱ་ངན་ལས་འདས་པ་ལ་གནས་པས་གྲོལ་ཐར་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ། མྱ
51.140b
ངན་ལས་འདས་པ་ལ་འདུག་ན། མྱ་ངན་ལས་འདས་པས་བཅིངས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་ཕྱི་མོ་ཚོར་བ་ལ་ཕན་པ་སྟེ། ཕྱི་མོ་ནས་ཕན་པ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པའི་ཚོར་བའི་ཤས་ཉིད་ཕྱི་མོ་ཚོར་བའི་ཤས་ཡིན་ཏེ། ཚོར་བའི་ངོ་བོ་ཉིད་ཀྱང་ཐ་དད་པ་མེད། མྱ་ངན་ལས་འདས་པ་ཡང་ཐ་དད་པ་མེད་དོ། །ཚོར་བའི་ཕྱི་མོ་ཡང་ཟད་པ་མེད། མྱ་ངན་ལས་འདས་པ་ཡང་ཟད་པ་མེད་དོ། །མྱ་ངན་ལས་འདས་པའི་ཕྱི་མོ་བས་ན། མྱ་ངན་ལས་འདས་པ་ཐོབ་པ་མེད་དོ། །མྱ་ངན་ལས་འདས་པ་ཐོབ་པ་མེད་ན། ཇི་ལྟ་བུར་འདུག་པ་ཡོད་ཅེས་བྱ། ཕོ་དགེ་བའི་ཚོར་བ་ནི་མྱ་ངན་ལས་འདས་པ་ཡང་མི་ཆགས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཚོར་བ་ནི་ཕྱི་མོ་ནས་སྐྱེ་བ་མེད་དེ། སེམས་ཅན་དྲི་མ་དང་བྲལ་ལོ། །དེ་ལྟ་བུའི་སར་འདུག་པས་སེམས་ལ་འདུག་པའི་གནས་མེད་དེ། འབྱུང་འཇུག་མེད་པས་གཙང་གདང་བའི་ཤེས་པར་ཆུད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། གཙང་དག་པའི་ཤེས་པ་ལ་ཆུད་པའི་གནས་མཆིས་སམ། གནས་ཐོབ་པ་མཆིས་སམ། དེས་ཆོས་ཐོབ་བམ། སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། བུ་བསླབ་པ་དང་མཚུངས་ཏེ། ལག་པ་ན་གསེར་གྱི་དོང་ཙེ་ཐོགས་པ་ན་ཡོད་པར་མ་ཤེས་ཏེ། ཕྱོགས་བཅུ་བགྲོད་པ་ནས་ལྔ་བཅུ་ལོན་ཏེ། དབུལ་རྒྱང་ཞིང་ཤིན་ཏུ་ཉེན་མངས་ནས་སློངས་མོ་འབའ་ཤིག་གིས་ལུས་གསོས་ཀྱང་མི་གང་མི་ཆོག་ནས་དེའི་ཕས་དེ་ལྟ་བུ་ཡོད་པར་མཐོང་ནས་བུ་ལ་སྨྲས་པ། ཁྱེའུ་གསེར་གྱི་དོང་ཙེ་ཁྱེར་བ་ཅིའི་ཕྱི་ནས་བླངས་ཏེ་མ་སྤྱད་ལ། ཡིད་ལ་ཅི་དགོས་པ་ཆོག་པར་མི་བྱ། བུ་དེས་དྲན་ནས་གསེར་གྱི་དོང་ཙེ་རྙེད་དེ་སེམས་ལ་ཤིན་ཏུ་དགའ་ནས་དོང་ཙེ་རྙེད་ཅེས་ཟེར་རོ། །ཕས་བུ་བསླབ་པ་ལ་སྨྲས་པ། ཁྱོད་དགར་མ་བྱེད་ཅིག་།གསེར་གྱི་དོང་ཙེ་རྙེད་པ་ནི་ཁྱོད་ཉིད་ཀྱི་ནོར་ཡིན་ཏེ། ཁྱོད་ཀྱིས་གུད་ནས་རྙེད་པ་མ་ཡིན་ན་ཇི་ལྟ་བུར་དགར་རུང །
51.141a
ཕོ་དགེ་བ་གཙང་དག་པའི་ཤེས་པ་ཡང་དེ་དང་མཚུངས་ཏེ་ཕྱི་མོ་ནས་འབྱུང་བའི་མཚན་མ་མེད། ད་གདོད་ཞུགས་པ་མ་ཡིན་ནོ། །སྔོན་བསླབ་པའི་ཕྱིར་གྱི་མེད་པ་མ་ཡིན་ནོ། །ད་ཚོར་བའི་ཡིན་གྱིས་གདོད་ཞུགས་པ་ཡིན་ནོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། ཕ་དེས་བུ་བསླབ་པར་རིག་ནས་ཅི་བསླབས་ནས་ལོ་ལྔ་བཅུ་ལོན་གྱི་བར་དུ་ཕྱོགས་བཅུར་བགྲོད་དེ། དབུལ་རྒྱང་ལ་ཤིན་ཏུ་ཉོན་མོངས་གདོད་བསྒོ། སངས་རྒྱས་ཀྱིས་གསུངས་པ། ལོ་ལྔ་བཅུ་ལོན་ཞེས་བྱ་བ་ནི་ཡུད་ཙམ་ཞིག་བསམས་པས་སེམས་གཡོས་པའོ། །ཕྱོགས་བཅུར་བགྲོད་པ་ནི་རིང་པོར་སོང་སྟེ་ཁྱབ་པར་ཆགས་སོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་ཡུད་ཙམ་བསམས་པས་སེམས་གཡོ་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཡུད་ཙམ་བསམས་པས་སེམས་གཡོས་པས་ནི་ལྔ་ཕུང་ཅིག་ཆར་སྐྱེས་སོ། །ལྔ་ཕུང་སྐྱེས་པའི་ནང་ན་ངན་པ་ལྔ་བཅུ་ཚང་ངོ ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། རིང་པོར་སོང་སྟེ་ཁྱབ་པར་ཆགས་པ་དང ། ཕྱོགས་བཅུར་བགྲོད་པ་དང་ཡུད་ཙམ་བསམས་ཏེ། སེམས་སྐྱེས་པས་ངན་པ་ལྔ་བཅུ་ཚང་ན་ཇི་ལྟ་བུར་སེམས་ཅན་དེ་དག་ཡུད་ཙམ་སེམས་པ་མི་སྐྱེ་བར་བགྱི། སངས་རྒྱས་ཀྱིས་གསུངས་པ། སེམས་ཅན་དེ་དག་སེམས་པ་བདེན་པར་འདུག་པར་བྱ་སྟེ། རྡོ་རྗེ་ས་ལ་གནས་པ་དང་སེམས་མི་གཡོ་སྟེ། ལྡང་བ་མེད་པས་སེམས་རྟག་པར་བདེ་ཞིང་ཡངས་པས་ཡུད་ཙམ་བསམ་པ་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། བསམ་གྱིས་མི་ཁྱབ་བོ། །ཚོར་བའི་སེམས་མ་སྐྱེས་ན། དེའི་སེམས་བདེ་ཡངས་ཏེ་ཕྱི་མོའི་ཚོར་བའི་བཟོད་པ་ལགས་སོ། །བཟོད་པ་ལ་གཡོ་བ་མ་མཆིས་པས་རྟག་པར་མཆིས་ཏེ་མ་མཆིས་པ་མ་ལགས་སོ། །མ་མཆིས་པ་ཡང་མཆིས། ཚོར་བ་མ་མཆིས་པ་ཡང་མ་ལགས། ཚོར་བས་ཚོར་བ་མ་མཆིས་པར
51.141b
རིག་ན། ཕྱི་མོའི་བསོད་པ་དང ། ཕྱི་མོའི་ཚོར་བའོ། །ཚོར་བ་གཙང་དང་བ་ལ་གོས་པ་མ་མཆིས་པས་མི་འགྱུར་མི་ལྡོག་སྟེ། ངོ་བོ་ཉིད་ཡང་དག་པར་མི་འགྱུར་བས་ན་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཆགས་མེད་བྱང་ཆུབ་སེམས་དཔས་ཚིག་དེ་སྐད་ཐོས་པ་དང་ཡོད་མ་མྱོང་བ་ཐོས་ཏེ་ཚིགས་སུ་བཅད་པ་བཤད་དོ། །བཙུན་པ་ཚོར་ཆེན་བཙུན་པ་ཡིས། །བསམ་པ་མེད་པའི་ཆོས་སྐྱེ་བཤད། །སེམས་སྐྱེ་མེད་ཅིང་བསམ་པ་མེད། །སེམས་རྟག་སྐྱེ་ཞིང་ཞི་བ་མེད། །གཅིག་ཚོར་ཕྱི་མོ་ཚོར་བ་བསོད། །གསེར་གྱི་དོང་ཙེ་རྙེད་དང་མཚུངས། །རྙེད་པ་ཉིད་ནི་རྙེད་མ་ཡིན། །དེ་ནས་ཕལ་མང་པོས་ཚིག་དེ་བཤད་པ་ཐོས་ནས་ཀུན་གྱིས་ཕྱི་མོའི་ཚོར་བའི་བསོད་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོབ་བོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་ལྔ་སྟེ། ཡང་དག་པ་བདེན་པའི་དབྱིངས་སུ་འཇུག་པའི་ལེའུ་འོ།། །།དེ་ནས་ཡང་དག་པར་གཤེགས་པས་ཚིག་འདི་སྐད་དུ་གསུངས་སོ། །བསྐལ་ཏུ་རུང་བའི་སེམས་ཅན་ཕྱིན་ཆད་དུས་གཞན་གྱི་ཚེ་ཡང་ཆོས་འདི་བཞིན་བཤད་པའི་རིགས་སོ། །དུས་དང་བཟོད་པ་ལྷན་མི་ཅིག་གོ། །འགལ་བ་དང་མི་འགལ་བར་བཤད་པ་འཐུན་པ་ཡང་མེད། ཐ་དད་པ་ཡང་མེད་དེ། མཚན་མ་ཡང་དེ་བཞིན་བཤད་པའི་རིགས་སོ། །ཐམས་ཅད་ཀྱི་ཡིད་ཀྱིས་ཤེས་རབ་དྲངས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཚོར་ཚུད་པར་ཕབ་སྟེ་རུང་བ་རྣམས་སྟོང་པའི་རླུང་ལ་བརླབས་པ་བཞིན་མ་བྱས་པར་ཕལ་དེ་དག་ཀུན་རོ་གཅིག་པའི་འཕྲུལ་གྱིའོ། །མ་ཐོབ་པར་བྱོས་ཤིག་།འཇིག་རྟེན་དང་འཇིག་རྟེན་མེད་པ་ལ་འདུག་པ་དང ། འདུག་པའི་གནས་མེད་པ་སྟོང་པ་ལྔ་ལ་འབྱུང་བར་འཇུག་པ་དང ། བླང་ཞིང་བཏང་བ་མེད་དོ། །ཇི་ལྟ་ཞེ་ན། ཆོས་རྣམས་ནི་མཚན་མ་སྟོང་པ་སྟེ་ཆོས་ཀྱི་ངོ་བོ་ཉིད་མེད་པ་མེད་དོ། །མེད་པ་མེད་པ་ཡང་མ་ཡིན་ནོ། །མེད་པ་མ་ཡིན་ན་ཡོད་ཀྱང་མེད་དོ། །ཡང
51.142a
དག་པའི་མི་འགྱུར་བའི་ངོ་བོ་ཉིད་ནི་ཡོད་མེད་ལ་མི་ཆགས་ཏེ། ཡོད་མེད་དེ་ཡང་མེད་དོ། །ཕལ་ཐ་མལ་པ་དང་འཕྲུལ་གྱི་ཤེས་རབ་ཀྱིས་ནི་ཕྱི་མོ་མངོན་པར་དཔག་ནུས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སོགས་པས་དེ་ལྟ་བུའི་བསོད་པ་རིག་ན། གདོད་བྱང་ཆུབ་ཐོབ་བོ། །དེའི་ཚེ་ཕལ་གྱི་ནང་ན་བྱང་ཆུབ་སེམས་དཔའ་མིང་མཐུ་ཆེན་ཞེས་བྱ་བ་ཞིག་ཡོད་པ་འདུག་པ་ལས་ལངས་ཏེ། མངོན་དུ་སངས་རྒྱས་ལ་གསོལ་པ། བཙུན་པ་ཡང་དག་པར་གཤེགས་པ་ལ་སྟོང་པ་ལྔ་ལ་འབྱུང་འཇུག་དང ། བླང་བ་དང་བཏང་བ་མ་མཆིས། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སྟོང་པ་ལྔ་ཞེས་བྱ་བ་ནི་ཡོད་པ་གསུམ་སྟོང་པ་ཡིན་ནོ། །ལམ་དྲུག་གི་སྒྲིབ་པ་སྟོང་པ་ཡིན་ནོ། །ཆོས་ཀྱི་མཚན་མ་སྟོང་པ་ཡིན་ནོ། །མིང་དང་གཟུགས་སྟོང་པ་ཡིན་ནོ། །སེམས་ཀྱི་རྣམ་ཤེས་པའི་གཞུང་སྟོང་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་སོགས་པའི་སྟོང་པ་སྟོང་པ་ལ་མི་གནས་ཏེ། སྟོང་པ་ལ་སྟོང་པའི་གཟུགས་མེད་དོ། །གཟུགས་མེད་པའི་ཆོས་ལ་བླང་བ་དང་བཏང་བ་ཅི་ཡོད། བླང་བ་མེད་པའི་སར་ཆུད་ན། གདོད་སྟོང་པ་ཉིད་དུ་ཆུད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་སྟོང་པ་གསུམ་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། སྟོང་པ་གསུམ་ཞེས་བྱ་བ་ནི་སྟོང་པའི་མཚན་མ་ཡང་སྟོང་པ། སྟོང་པའི་སྟོང་པ་ཡང་སྟོང་པ། སྟོང་པའི་གནས་ཀྱང་སྟོང་པ་སྟེ། དེ་ལྟ་བུ་ལ་སོགས་པའི་མཚན་མ་གསུམ་ལ་མི་ཆགས་པས་ན་ཡང་དག་པའི་བདེན་པ་མེད་པ་མ་ཡིན་ནོ། །ཡི་གེ་དང ། ཚིག་གི་ལམ་ཆད་དེ་བསམ་གྱིས་མི་ཁྱབ་བོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཡང་དག་པར་བདེན་པ་མ་མཆིས་པ་མ་ལགས་ན། དེའི་མཚན་མ་མཆིས་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ་མེད་པ་ནི་མེད་པ་ལ་མི་ཆགས་སོ། །མེད་པ་ཡང་མ་ཡིན་ཡོད་པ་ཡང་མ་ཡིན་ཏེ། ཡོད་པ་མ་ཡིན
51.142b
པའི་ཆོས་ལ་མེད་པ་ལ་མི་ཆགས་སོ། །མེད་པ་མ་ཡིན་པའི་མཚན་མ་ནི་ཡོད་པ་ལ་མི་ཆགས་སོ། །ཡོད་མེད་ལ་གཞུང་བཤད་པ་ནི་ཐོབ་པར་མི་རུང་ངོ ། །བྱང་ཆུབ་སེམས་དཔའ་མིང་མེད་པའི་གཞུང་གི་མཚན་མ་ནི་བསམ་གྱིས་མི་ཁྱབ་པོ། །ཇི་ལྟ་ཞེ་ན། མིང་མེད་པའི་མིང་ནི་མེད་པ་ཡང་མ་ཡིན་ནོ། །གཞུང་མེད་པའི་གཞུང་ནི་གཞུང་མེད་པ་ཡང་མ་ཡིན་ནོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། དེ་ལྟ་བུའི་མིང་དང་གཞུང་ཡང་དག་པའི་བདེན་པ་མི་གཡོ་བའི་མཚན་མ་ལགས་སོ། །ཡང་དག་པར་གཤེགས་པའི་མི་གཡོ་བའི་མཚན་མ་མི་གཡོ་བ་ལ་མི་ཆགས་སོ། །མི་གཡོ་བ་ལ་མི་གཡོ་བའི་མཚན་མ་མ་མཆིས་སོ། །མི་གཡོ་བ་ལ་མཚན་མ་མཆིས་ན། ཡང་དག་པར་གཤེགས་པ་མ་ལགས་སམ། སེམས་ཅན་གྱི་སེམས་ཀྱི་མཚན་མ་ཡང་དག་པར་གཤེགས་པའི་མཚན་མ་མ་ལགས་ཏེ། སེམས་ཅན་གྱི་སེམས་ཀྱང་ཁམས་ཐ་དད་པ་མ་མཆིས་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །སེམས་ཅན་གྱི་སེམས་ནི་བདེན་པར་ཁམས་ཐ་དད་པ་མེད་དོ། །ཇི་ལྟ་ཞེ་ན། སེམས་ཅན་གྱི་ཕྱི་མོ་གཙང་བའི་ཕྱིར་རོ། །གཡུང་དྲུང་ལ་སྐྱེ་བ་མེད་ན། རྡུལ་གྱིས་གོས་པའི་མིང་ཁམས་གསུམ་ཞེས་བྱའོ། །ཁམས་གསུམ་གྱི་སེམས་ནི་མིང་ཐ་དད་པའི་ཁམས་ཤེས་བྱ་སྟེ། ཁམས་དེ་ནི་སྒྱུ་མ་མི་བདེན་པ་ཡིན་ཏེ། སེམས་ལུས་སུ་གྱུར་པས་སྐྱེས་སོ། །སེམས་ལས་མི་བདེན་པ་མེད་ན། ཐ་དད་པའི་ཁམས་ཀྱང་མེད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། སེམས་གཙང་དང་ན་ཁམས་ཀྱི་རྣམས་མི་སྐྱེའོ། །སེམས་དེ་དང་ན་ཁམས་གསུམ་མཆིས་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ལ་ནི་ཁམས་མི་སྐྱེའོ། །ཁམས་ལས་སེམས་མི་སྐྱེའོ། །ཇི་ལྟ་ཞེ་ན། ཁམས་མཐོང་ངོ་ཅོག་ནི་སེམས་འབའ་ཞིག་མཐོང་སྟེ། སེམས་ལས་སྒྱུ་མ་མ་རྫུས་ན། ཅི་ཡང་མཐོང་བ་མེད་དོ། །བྱང
51.143a
ཆུབ་སེམས་དཔས་ནང་ན་ལོགས་ན་སེམས་ཅན་མེད་དོ། །རང་བཞིན་གསུམ་སྟོང་ཞིང་མི་གཡོ་བ་ན། གདོད་བདག་ཅག་ཅེས་བྱ་བ་ཡང་མེད། ཁ་དོག་ཅེས་བྱ་བ་ཡང་མེད་དེ། ཞུགས་པ་གཉིས་ཞེས་བྱ་བ་ཡན་ཆད་ཀྱི་སེམས་ཀྱང་མི་སྐྱེད་ན། དེ་ལྟ་བུ་བཟོད་པའི་ཐོབ་པས་གདོད་ཁམས་གསུམ་ཡང་མེད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་ཞུགས་པ་གཉིས་སེམས་ལས་མ་སྐྱེས་ཞེས་བགྱི། སེམས་ཀྱི་ཕྱི་མོ་ནས་མི་སྐྱེ་ན། ཇི་ལྟ་བུར་ཞུགས་པ་ཡོད་ཅེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཞུགས་པ་གཉིས་ཞེས་བྱ་བ་གཅིག་ནི་གཞུང་ཞུགས་པའོ། །གཉིས་ནི་སྤྱོད་པ་ཞུགས་པའོ། །གཞུང་ཞུགས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཡང་དག་པར་ངོ་བོ་ཉིད་ཐ་མི་དད་པར་རབ་ཏུ་ཡིད་ཆེས་པའོ། །གཅིག་ཀྱང་མི་གཅིག་འཐུན་པ་ཡང་མི་འཐུན་ན། ཕྱི་ལོགས་ཀྱི་རྡུལ་གྱིས་བསྒྲིབས་ཤིང་ཆོད་དོ། །མ་སོང་མ་འོངས་ཏེ་ཚོར་ཞུགས་པ་ལ་ཏིང་ངེ་འཛིན་གནས་ནས། སངས་རྒྱས་ཀྱི་ངོ་བོ་ཉིད་ལ་རྟོགས་པར་བརྟགས་ན། ཡོད་པ་ཡང་མེད། མེད་པ་ཡང་མེད་དེ། བདག་ཀྱང་མེད། གཞན་ཡང་མེད། ཐ་མལ་པ་དང་འཕྲུལ་རྣམ་གཉིས་ཀྱང་མེད་དེ། རྡོ་རྗེའི་སེམས་ཀྱི་སར་སྲན་ཐུབ་པར་གནས་ཏེ། མི་འགྱུར་ན་སྟོང་པ་མི་གཡོ་ཞིང་བྱང་བ་མེད་དོ། །མཚན་མ་འདུས་པ་ལས་ཀྱང་མ་གྲུབ། འབའ་ཞིག་ལས་ཀྱང་མ་གྲུབ། འབའ་ཞིག་ཀྱང་མ་ལགས། མ་འདུས། མ་གྱེས། མ་སྐྱེས། མ་ཤི། འོངས་པ་དང ། སོང་བ་དང ། འདུས་པའི་མཚན་མ་ཡང་མ་མཆིས་ཏེ། བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །བསམ་གྱིས་མི་ཁྱབ་བོ། །བསམ་གྱིས་མི་ཁྱབ་པའི་སེམས་ཀྱང་དེ་བཞིན་ནོ། །ཇི་ལྟ་ཞེ་ན། མི་གཡོ་བའི་སེམས་ལ་ཐ་དད་པ་མེད་དེ། སེམས་ཀྱི་ཕྱི་མོ་ནས་མི་གཡོ་བས་ན། སེམས་ཅན་གྱི་ངོ་བོ་ཉིད་དང ། སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་ཀྱང་མི་གཅིག་།ཐ་ཡང་མི་དད་དེ། སེམས
51.143b
ཀྱི་ངོ་བོ་ཉིད་ཕྱི་མོ་ནས་སྐྱེ་ཤི་མེད་དོ། །སྐྱེ་ཤི་ངོ་བོ་ཉིད་ཀྱི་ཕྱི་མོ་མྱ་ངན་ལས་འདས་པ་སྟེ། ངོ་བོ་ཉིད་ཀྱི་ཕྱི་མོ་ནས་མི་གཡོ་སྟེ། མི་གཡོ་བ་ལ་གཡོ་བ་མེད་པས་ན། ཆོས་སོ་ཅོག་གི་མཚན་མ་ནི་རྐྱེན་ལས་ལངས་པ་མེད་དོ། །ལངས་པའི་མཚན་མའི་ངོ་བོ་ཉིད་ནི་མི་གཡོའོ། །མི་གཡོ་ལ་ཅི་ཡང་གཡོ་བ་མེད་དེ། རྐྱེན་གྱི་ངོ་བོ་ཉིད་ཀྱི་མཚན་མ་ཕྱི་མོ་ནས་སྟོང་སྟེ་མེད་ན་རྐྱེན་གྱི་རྐྱེན་དང ། སྟོང་པའི་སྟོང་པ་ལས་རྐྱེན་ལྡང་བ་མེད་དོ། །རྐྱེན་གྱི་ཆོས་སོ་ཅོག་ནི་བསླད་པའི་སེམས་ཀྱིས་མི་བདེན་པའི་མཚན་མ་མཐོང་ངོ ། །མངོན་པར་ན་ཕྱི་མོ་ནས་མི་སྐྱེའོ། །རྐྱེན་གྱིས་ཕྱི་མོ་ནས་མེད་པས་ན། སེམས་མི་གཡོ་བའི་ཆོས་ཀྱི་གཞུང་ནི་རང་གི་ངོ་བོ་ཉིད་སྟོང་པ་མེད་པའོ། །སྟོང་པའི་རྒྱལ་པོ་དང་མཚུངས་ཏེ། ཕྱི་མོ་ནས་འདུག་པའི་གནས་མེད་ན། ཐ་མལ་པའི་སེམས་ཀྱི་བདེན་པའི་རྣམ་པར་བརྟགས་པས་མཐོང་ངོ ། །ཡང་དག་པའི་མི་གཡོ་བའི་མཚན་མ་ལ་ཕྱི་མོ་ནས་ཡོད་མེད་དོ། །ཡོད་མེད་ཀྱི་མཚན་མ་ནི་སེམས་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས་མཐོང་ངོ ། །བྱང་ཆུབ་སེམས་དཔའ་མི་གཡོ་བའི་སེམས་ཀྱི་ཆོས་ནི་རང་གི་ངོ་བོ་ཉིད་མེད་པ་ལ་མ་ཡིན། རང་གི་ངོ་བོ་ཉིད་ཡོད་པ་ཡང་མ་ཡིན་ཏེ། མི་ཡོང་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་མེད་པ་དང ། མི་བྱེད་པའི་མཚན་མ་ནི་ཚིག་གིས་བཤད་པའི་ས་མེད་དོ། །ཇི་ལྟ་ཞེ་ན། ཡང་དག་པའི་མི་གཡོ་བའི་ཆོས་ནི་སྟོང་པ་ཡངས་པ་སྟེ། མཚན་མ་ནི་མེད་པས་གཉིས་ཀྱིས་ཤེས་པ་མ་ཡིན་ནོ། །སྟོང་པའི་ཁམས་ལ་ནི་ཕྱི་ནང་དག་གིས་མི་རིག་སྟེ། དྲུག་སྤྱོད་པའི་དྲི་མས་ན། གདོད་རིག་པར་ནུས་སོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་དྲུག་སྤྱོད་པ་ཞེས་བགྱི་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་གསུངས་པ། གཅིག་ནི་ཡིད་ཆེས་པ་བཅུ་སྤྱོད་པའོ། །གཉིས་ནི་གནས་བཅུ་སྤྱོད་པའོ། །གསུམ་ནི་སྤྱད་པ་བཅུ་སྤྱོད་པའོ། །བཞི་ནི་བཅུ་བསྒྱུར་ཅིང་ཕྱོགས་པ་སྤྱོད་པའོ། །ལྔ་ནི་བཅུས་པའོ། །
51.144a
དྲུག་ནི་སྙོམས་པར་ཚོར་བ་སྤྱོད་པ་སྟེ། སྐད་ཅིག་བསམས་པས་སེམས་དང་ན་ཡང་དག་པར་མི་འགྱུར་བས་ན་སྣང་དཀར་སྟེ། རྡོ་རྗེ་ཤེས་རབ་ཀྱི་སྟོབས་ཀྱིས་ཚེ་གཅིག་གིས་ཐོགས་པས་སེམས་ཅན་ཐར་པར་བསྒྲལ་ཏེ། བྱམས་པ་དང་སྙིང་རྗེ་ཟབ་པ་མེད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། དེ་ལྟ་བུའི་མིས་ཚུལ་ཁྲིམས་ཞིག་ཀྱང་མི་གཟུང་བའི་རིགས་ཏེ། དགེ་སློང་དག་ཀྱང་རི་མོ་མི་གུས་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ། མི་དགེ་བ་དང ། ལེ་ལོ་དང ། སེམས་ཀྱི་མཚོའི་དབའ་རླབས་བཞིན་པ་ལ་ནི་ཚུལ་ཁྲིམས་བཤད་དོ། །སེམས་ཀྱི་རྒྱན་གྱིས་ཤེས་པའི་མཚོ་ནི་དང་གུའི་ཤེས་པ་ནི་གཙང་མར་བབ། རླུང་གིས་ནི་གཡོས་པར་མི་ནུས། རླབས་དང་དབའ་ཡང་མི་ལྡང་བས་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་སྟོང་པ་དང་མཚུངས་པས་འཛིན་པ་རྣམས་བསླད་ཅིང་ཕྱིན་ཅི་ལོག་སྟེ། དེ་ལྟ་བུའི་མིང་ནི་བདུན་དང་དྲུག་ནི་མི་སྐྱེ། འདུས་པ་རྣམས་ནི་བགག་ཅིང་ཐུབ་པས། སངས་རྒྱས་གསུམ་ལས་མ་བྲལ་ཏེ། བྱང་ཆུབ་གཡོས་ནས་མཚན་མ་མེད་པ་གསུམ་ལ་སེམས་བཞིན་དུ་རབ་ཏུ་ཞུགས་པས་དཀོན་མཆོག་གསུམ་ལ་ཤིན་ཏུ་གུས་ཏེ། ཆོ་ག་མ་སྟོར་བས་དགེ་སྦྱོང་དག་ལ་རི་མོ་གུས་པ་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དྲ་མ་དེ་ནི་འཇིག་རྟེན་གྱི་གཡོ་མི་གཡོའི་ཆོས་ལ་མི་ཆགས་ཏེ། སྟོང་པ་གསུམ་གྱི་ཕུང་པོར་ཞུགས་པས་ཡོད་པ་གསུམ་གྱི་སེམས་ཞིའོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། དྲ་མ་དེས་ནི་འབྲས་བུའོ་ཅོག་ཚང་བས་ཡང་དག་པར་གཤེགས་པའི་སངས་རྒྱས་ཀྱི་མཛོད་ཐོབ་སྟེ། སངས་རྒྱས་ཀྱི་བྱད་དང་གཟུགས་ཀྱིས་སངས་རྒྱས་དང ། དེ་ལྟ་བུའི་སངས་རྒྱས་ཀྱི་གནས་ནས་བྱང་ཆུབ་གཡོས་པས་གསུམ་འདུས་པའི་ཚུལ་ཁྲིམས་ཆུད་དེ། དེའི་མཚན་མ་ལ་མི་ཆགས་པས་ཁམས་གསུམ་གྱི་སེམས་ཞིའོ། །སྟོང་པའི་ས་ལ་ཡང་མི་ཆགས་མི
51.144b
གནས་ན་ཕལ་རུང་བ་མ་བཏང་སྟེ། གདུལ་བ་མེད་པའི་སར་ཞུགས་པ་བསམ་གྱིས་མི་ཁྱབ་བོ། །དེ་ནས་ཤ་རིའི་བུ་འདུག་པ་ལངས་ཏེ། མདུན་དུ་ཚིག་ཏུ་བཅད་པ་བཤད་དོ། །ཤེས་རབ་མཚོན་ནི་ཆོག་ཅིང་ཚང ། མྱ་ངན་འདས་མཁས་མི་ཆགས་ཏེ། །དམ་པའི་མེ་ཏོག་པད་མོ་བཞིན། །སྤོས་དོན་ལ་ནི་བྱུང་མ་ཡིན། །སངས་རྒྱས་བསྐལ་པ་གྲངས་མེད་དུ། །མྱ་ངན་འཁྲུགས་པ་ཀུན་མ་བཏང ། །འཇིག་རྟེན་བསྒྲལ་ནས་གདོད་ཐོབ་སྟེ། །པད་མོ་རྫབ་ལས་བྱུང་དང་མཚུངས། །དྲུག་སྤྱོད་པའི་ས་དེ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །སྟོང་པ་གསུམ་གྱི་ཕུང་པོ་དེ། །བྱང་ཆུབ་ཀྱི་ནི་དྲང་པོའི་ལམ། །ངན་སུ་ཆགས་མེད་འཁོད་པར་བྱས། །སངས་རྒྱས་ཀྱིས་སུ་བཤད་པ་བཞིན། །འོངས་པ་ཡང་ནི་སླར་ཡང་འོངས། །ཆོག་ཅིང་གང་ནས་གདོད་འབྱུང་ངོ ། །སེམས་ཅན་རྣམ་པ་ཐམས་ཅད་ཀྱང ། །ང་བཞིན་གཅིག་སྟེ་གཉིས་མིན་བྱས། སླར་འོངས་པ་དང་ཕྱིས་འོངས་པ། །ཀུན་ཀྱང་དྲང་བ་ཚོར་འཛིག་བྱས། །དེ་ནས་སངས་རྒྱས་ཀྱིས་ཤ་རིའི་བུ་ལ་བཀའ་སྩལ་པ། བསམ་གྱིས་མི་ཁྱབ་བོ། །ཁྱོད་ཀྱིས་ཕྱིས་བྱང་ཆུབ་ཀྱི་ལམ་གྲུབ་ན། གྲངས་མེད་པའི་སེམས་ཅན་ཤི་བའི་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་ཅིག་།དེ་ནས་ཕལ་མང་པོ་ཀུན་གྱིས་བྱང་ཆུབ་ཚོར་ནས་ཐེག་པ་ཆུང་ངུ་རྣམས་ཀྱིས་ཀྱང་སྟོང་པ་ལྔའི་མཚོར་ཆུད་དོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་དྲུག་སྟེ། ཡང་དག་པའི་ངོ་བོ་ཉིད་སྟོང་པའི་ལེའུའོ།། །།རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ། བམ་པོ་གཉིས་པ་སྟེ་ཐ་མ། དེའི་ཚེ་ཤ་རིའི་བུས་སངས་རྒྱས་ལ་གསོལ་པ། བཙུན་པ་བྱང་ཆུབ་ལམ་སྤྱད་དེ། མིང་དང་གཟུགས་མ་མཆིས། ཚུལ་ཁྲིམས་གསུམ་གྱི་ཆོ་ག་ཡང་མ་མཆིས། ཇི་ལྟ་བུར་ན་བསྡུས་བླངས་ཏེ་སེམས་ལ་བཤད་པ། སངས་རྒྱས
51.145a
བྱམས་ཤིང་ཐུགས་བརྩེ་བས་བདག་ལ་བཀྲོལ་པར་སྨོན་ཏོ། །སངས་རྒྱས་ཀྱིས་གསུངས་པ། ཕོ་དགེ་བ་བརྟགས་པར་ཉོན་ཅིག་དང ། ཁྱོད་ལ་བཀྲོལ་བཤད་དོ། །ཕོ་དགེ་བ་མི་དགེ་བའི་ཆོས་ནི་སེམས་ལས་གྱུར་ཏེ་སྐྱེས་སོ། །ཁམས་ཐམས་ཅད་ནི་ཡིད་དང་ཚིག་གིས་བྱེ་བྲག་ཕྱེའོ། །གནས་གཅིག་ཏུ་བགགས་རྐྱེན་མང་པོ་ཆོད་ཅིང་མེད་དེ། ཇི་ལྟར་ཞེས་བྱས་ན། ཕོ་དགེ་བ་ཕྱི་མོ་གཅིག་མ་གཡོས་ན་སྤྱད་པ་གསུམ་སྤྱད་དུ་མེད་དོ། །མི་གཡོ་བའི་གཞུང་ལ་འདུག་ན་ལམ་དྲུག་གི་སྒོ་བཀག་གོ། །རྐྱེན་བཞིན་མ་གལ་ན་ཚུལ་ཁྲིམས་གསུམ་པོ་ཆོ་ག་ཚང་ངོ ། །ཤ་རིའི་བུས་གསོལ་པ། ཇི་ལྟ་བུར་ན་རྐྱེན་བཞིན་དུ་མ་གལ་ན་ཚུལ་ཁྲིམས་གསུམ་པོ་ཆོ་ག་ཚང་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། རྐྱེན་བཞི་ཞེས་བྱ་བ་གཅིག་ནི་གཏམས་ཏེ་སྩལ་པ། བྱས་པའི་སྟོབས་ཀྱི་རྐྱེན་གྱིས། ཚུལ་ཁྲིམས་ཀྱི་ཆོ་གའི་ལུགས་བསྡུས་སོ། །གཉིས་ནི་ཕྱི་མོ་ནས་བཟོད་པའི་གཙང་མ་རྩ་བ་རྣོ་བའི་བཟོད་པའི་སྟོབས་ཀྱིས་སྦྱངས་སོ་ཅོག་གི་རྐྱེན་གཡོས་པས་དགེ་བའི་ཆོས་ཀྱི་ཚུལ་དེ་ལྟ་བུ་སྤྱོད་པས་ན་གདོད་རིག་པར་ནུས་སོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཡང་དག་པའི་དབྱིངས་ཀྱི་ཚོར་བའི་བསོད་པ་ལས་འབྱུང་འཇུག་མ་མཆིས་ན། གང་ལ་སོགས་པའི་ཆོས་ནི་སེམས་ཀྱིས་ཡང་དག་པའི་དབྱིངས་སུ་ཆུད་པར་རུང ། སངས་རྒྱས་ཀྱིས་གསུངས་པ། དབྱིངས་ཀྱི་ཆོས་ནི་དབྱིངས་མེད་དེ་དབྱིངས་མེད་པའི་སེམས་ཀྱིས་ན་གདོད་ཡང་དག་པའི་དབྱིངས་སུ་ཆུད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། དབྱིངས་མེད་པའི་སེམས་ཀྱི་ཡེ་ཤེས་ནི་འགྲམ་མེད་དོ། །འགྲམ་མེད་པའི་སེམས་ཀྱིས་སེམས་རང་དབང་ཐོབ་སྟེ། རང་དབང་གི་ཡེ་ཤེས་ཀྱིས་ན་ཡང་དག་པའི་དབྱིངས་སུ་ཆུད་པར་རུང་ངོ ། །དཔེར་ན་མི་ཐ་མལ་པ་སེམས་ཞན་པ་དེ་ལྟ་བུའི་སེམས་ལ་དབུགས་རྒྱུ་བ་མང་ན་ཆོས་གང་སྤྱད་དེ་ཐུལ་ན་སྲན་ཐུབ་པའི་སེམས
51.145b
པར་བགྱིས་ལ། ཡང་དག་པའི་དབྱིངས་སུ་ཆུད་པར་རུང ། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་དབུགས་ནི་ཕྱི་ནང་སྤྱད་པས་མངགས་ཏེ། མངགས་པ་བཞིན་དུ་འབབ་ཅིང་རྒྱུ་བས་ཐིགས་པས་མཚོར་ལངས་ཏེ། གནམ་གྱི་རླུང་གིས་དབའ་བསྐྱོད་པས་ཀླུ་ཆེན་པོ་དངངས་འདྲོགས་སོ། །དངངས་འདྲོགས་པའི་སེམས་ཀྱིས་ན་དབུགས་རྒྱུ་བ་མང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་དེས་གསུམ་མ་ཉམས་ཤིང་གཅིག་བསྲུང་བར་བྱས་ན་ཡང་དག་པར་གཤེགས་པའི་བསམ་གཏན་དུ་ཆུད་དེ། བསམ་གཏན་གྱི་བསམ་གཏན་ཐུབ་པར་སྤྱད་པས་ན། སེམས་ལ་དབུགས་མེད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་གསུམ་མ་ཉམས་ལ་གཅིག་བསྲུངས་ན། ཡང་དག་པར་གཤེགས་པའི་བསམ་གཏན་དུ་ཆུད་ཅེས་བགྱི། སངས་རྒྱས་ཀྱིས་གསུངས་པ། གསུམ་མ་ཉམས་ཤེས་བྱ་བ་ནི་གྲོལ་ཐར་གསུམ་མ་ཉམས་པ་གཅིག་བསྲུངས་པ་ནི་སེམས་མི་གཡོ་བ་གཅིག་བསྲུང་ངོ ། །ཡང་དག་པར་གཤེགས་པའི་བསམ་གཏན་དུ་ཆུད་ཅེས་བྱ་བ་ནི་གཞུང་ལ་བཏགས་རྟག་པ་དེ་ལྟ་བུའི་སེམས་ཀྱིས་ནི་ཡང་དག་པའི་དབྱིངས་སུ་ཆུད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། གྲོལ་ཐར་གསུམ་གྱི་ཆོས་ནི་གང་ལ་སོགས་པའི་དོན་ལགས། གཞུང་གིས་བཏགས་པའི་ཏིང་ངེ་འཛིན་ནི་ཆོས་གང་ལ་འཇུག་།སངས་རྒྱས་ཀྱིས་གསུངས་པ། གྲོལ་ཐར་གསུམ་ཞེས་བྱ་བ་ནི་སྟོང་པའི་གྲོལ་ཐར། རྡོ་རྗེའི་གྲོལ་ཐར། ཤེས་རབ་ཀྱི་གྲོལ་ཐར་ཏོ། །གཞུང་ལ་བཏགས་རྟག་ཞེས་བྱ་བ་ནི་སེམས་གཙང་གཞུང་གཙང་ན། སེམས་མེད་ཅེས་བྱར་རུང་ངམ། མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་མ་ཉམས་པར་སྤྱད། ཇི་ལྟ་བུར་ན་བརྟག་།སངས་རྒྱས་ཀྱིས་གསུངས་པ། སེམས་རྣམས་གཉིས་སུ་མེད་ན། དེའི་མ་ཉམས
51.146a
པ་སྤྱོད་པའི་ནང་ལོགས་ན་སྤྱོད་པ། ཕྱི་ལོགས་སུ་བྱུང་བ་གཉིས་སུ་མེད་པར་ཞུགས་ཏེ། གཅིག་གི་མཚན་མ་ལ་ཡང་མི་ཆགས་ན། ཐོབ་པ་གཏོང་བ་མེད་དེ། གཅིག་དང་གཅིག་གིས་ཞེས་བྱ་བ་མེད་ནས། སོ་སོ་ཐ་དད་པའི་ཁྲིམས་གཟུང་བ་མ་ལྡན་ལ། ཕོ་ཤི་ཏར་མ་ཞུགས་མོད་ཀྱི། རང་གི་སེམས་སྤྱད་ནུས། བྱ་བ་མེད་པར་རང་སངས་པར་འཕྲུལ་གྱི་འབྲས་བུ་ཐོབ་སྟེ། ཐེག་པ་གཉིས་ལ་མི་གནས་ནས་བྱང་ཆུབ་ཀྱི་ལམ་དུ་ཆུད་དེ། ཕྱིས་གང་རྒྱས་པའི་སངས་རྒྱས་ཀྱིས་བྱང་ཆུབ་གྲུབ་བོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། བསམ་གྱིས་མི་ཁྱབ་བོ། །དེ་ལྟ་བུའི་མི་ནི་ཁྱིམ་ནས་བྱུང་བ་ཡང་མ་ལགས། མ་བྱུང་བ་ཡང་མ་ལགས་སོ། །ཅི་ལྟ་ཞེས་བགྱིས་ན། མྱ་ངན་ལས་འདས་པའི་ཁྱིམ་དུ་ཞུགས་པའོ། །ཡང་དག་པར་གཤེགས་པའི་ཆོས་གོས་གྱོན་པའོ། །བྱང་ཆུབ་སེམས་དཔའི་བསྟན་པ་ལ་འདུག་པ་སྟེ། དེ་ལྟ་བུའི་མི་ལ་ནི་དགེ་སྦྱོང་མན་ཆད་ཀྱིས་ཀྱང་གུས་པར་ཡོན་དབུལ་བའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཇི་ལྟ་ཞེ་ན། མྱ་ངན་ལས་འདས་པའི་ཁྱིམ་དུ་ཞུགས་པས་ནི་སེམས་ཁམས་གསུམ་ལས་འདས་སོ། །ཡང་དག་པར་གཤེགས་པའི་གོས་གྱོན་པས་ནི་ཆོས་ཀྱི་སྟོང་པའི་གནས་སུ་ཆུད་དོ། །བྱང་ཆུབ་ཀྱི་བསྟན་ལ་འདུག་པས་ནི་དྲང་པོའི་ཚོར་བའི་སར་འཛེགས་སོ། །དེ་ལྟ་བུའི་མིའི་སེམས་ནི་ང་གཉིས་ལས་འདས་ན་དགེ་སློང་གིས་གུས་པར་ཡོན་གསོལ་བ་ལྟ་སྨོས་ཀྱང་ཅི་དགོས། མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། དེའི་ས་གཅིག་དང་སྟོང་པའི་མཚོ་ཐེག་པ་གཉིས་ཀྱི་མིས་མི་མཐོང་ལགས་སམ། སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཐེག་པ་གཉིས་ཀྱི་མི་དེ་ནི་ཏིང་ངེ་འཛིན་གྱི་ལུས་ཐུབ་སྟེ། སྟོང་པའི་མཚོ་དང་ས་གཅིག་ལ་ནི་ཆང་ནད་རྙེད་པ་དང་མཚུངས་སོ། །ར་རོ་སྟེ་མྱོས་པ
51.146b
སངས་ཀྱང་བསྐལ་པ་བགྲང་གི་བར་དུ་འོན་ཀྱང་མི་ཚོར་རོ། །ཆང་ཞུ་ན་གདོད་ཚོར་ཏེ། དེས་གདོད་སྤྱོད་པ་འདི་སྤྱད་པས་ཕྱིས་སངས་རྒྱས་ཀྱི་ལུས་ཐོབ་བོ། །དཔེར་མི་དེས་ལོག་སྲེད་བཏང་ལ་སྤྱོད་པ་དྲུག་ཏུ་ཞུགས་ཏེ། སྤྱོད་པའི་ས་ནས་ཁྲིམས་བསྡུའོ། །གསུམ་ནི་ཕྱི་མོ་ཤེས་རབ་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་ཀྱི་རྐྱེན་གྱིས་སེམས་ཅན་གྱི་ཚུལ་ཁྲིམས་བསྡུས་སོ། །བཞི་ནི་གཅིག་ཚོར་བ་སྤྱད་པའི་ཤེས་རབ་ཀྱི་སྟོབས་ཀྱི་རྐྱེན་ཀྱིས་དེ་བཞིན་དུ་མི་གཡོ་བར་འདུག་པ་སྟེ། དེ་ནི་རྐྱེན་བཞི་ཞེས་བྱའོ། །ཕོ་དགེ་བ་དེ་ལྟ་བུ་རྐྱེན་ཆེན་པོ་བཞིའི་སྟོབས་ཀྱིས་དོན་གྱི་མཚན་མ་ལ་མི་ཆགས་ན་ངོ་བོ་མེད་པ་ཡིན་ཏེ། གནས་གཅིག་དང་བྲལ་བས་བཙལ་དུ་མི་རྙེད་དོ། །ཕོ་དགེ་བ་དེ་ལྟ་བུ་དོན་གཅིག་གིས་ནི་སྤྱད་པ་དྲུག་སྤྱད་པར་བསྡུས་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ཡེ་ཤེས་ཀྱི་མཚོ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། དོན་གྱི་མཚན་མ་ལ་མ་ཆགས་ན་ངོ་སོ་མེད་པ་ལགས་ཏེ། ཆོས་ཀྱི་ཡང་དག་པའི་རྟག་སྐྱིད་ད་གཙང་ལགས། ང་གཉིས་ལས་འདས་ཏེ་མྱ་ངན་ལས་འདས་པ་ཆེན་པོ་ལགས་པས་སེམས་ཅི་ལ་ཡང་མ་ཆགས་ཏེ། མཐུ་ཆེན་པོ་ལགས་སོ། །ཞུགས་པ་དེའི་ཚོར་བའི་ནང་ན་ལམ་གྱི་ལེའུ་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ལམ་གྱི་ལེའུའི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་ནོ། །བཞི་བསམ་པའི་གནས་དང ། དྲང་པོའི་འགྲུས་པ་བཞི་དང ། ཡིད་ཀྱི་རྐང་པ་བཞི་དང ། རྩ་བ་ལྔ་དང ། སྟོབས་ལྔ་དང ། ཚོར་བ་བདུན་གྱི་ཤས་དང ། དྲང་པོ་བརྒྱད་ཀྱི་ལམ་ལ་སོགས་པ་སྟེ། མིང་མང་ལ་གཞུང་གཅིག་པས་གཅིག་ཀྱང་མི་གཅིག་ཐ་ཡང་མི་དད་དོ། མིང་གིས་བགྲངས་པས་ན་མིང་དང་མཁན་དུ་ཟད་མོད་ཀྱི་ཆོས་ཐོབ་པར་རུང་ངོ ། །ཆོས་ཐོབ་པར་མི་རུང་བའི་ཆོས་ནི་གཞུང་གཅིག་ལ་ཡི་གེ་མེད་དོ། །ཡི་གེའི་མཚན་མ་མེད་པའི་གཞུང་ནི་ཡང་དག་པའི་བདེན་པའི
51.147a
སྟོང་པའི་ངོ་བོ་ཉིད་དོ། །སྟོང་པའི་ངོ་བོ་ཉིད་ཀྱི་གཞུང་ནི་ཡང་དག་པའི་བདེན་པ་མི་གཡོ་བ་ཡིན་ནོ། །ཡང་དག་པའི་མི་གཡོ་བའི་གཞུང་ནི་ཆོས་སོ་ཅོག་ལྡན་ནོ། །ཕོ་དགེ་བ་ཡང་དག་པའི་གཞུང་ལ་འདུག་པ་ནི་སྡུག་བསྔལ་གསུམ་གྱི་མཚོ་ལས་འདས་སོ། །ཤཱ་རིའི་བུས་གསོལ་པ། ཆོས་སོ་ཅོག་ཐམས་ཅད་ནི་ཚིག་ཀུན་དང་ཡི་གེ་ལགས་སོ། །ཚིག་དང་ཡི་གེའི་གཟུགས་ནི་གཞུང་མ་མཆིས་པ་ལགས་སོ། །ཡང་དག་པའི་བདེན་པའི་གཞུང་ནི་ཚིག་གིས་བཤད་དུ་མི་རུང་ན་ཡང་དག་པར་གཤེགས་པར་ཇི་ལྟར་ཆོས་བཤད། སངས་རྒྱས་ཀྱིས་གསུངས་པ། ངས་ཆོས་བཤད་པ་ནི་ཁྱེད་སེམས་ཅན་གྱི་རྣམས་བཤད་པའི་ཁར་ལུས་པས་ན་བཤད་དུ་མི་རུང་བ་བཤད་དོ། །དེ་ལྟ་བས་ན་བཤད་ཅེས་བྱའོ། །ངས་བཤད་དོ་ཅོག་ནི་གཞུང་གི་ཚིག་སྟེ་ཡི་གེ་མེད་དོ། །སེམས་ཅན་གྱིས་བཤད་པ་ནི་ཡི་གེའི་ཚིག་སྟེ་གཞུང་མེད་དོ། །གཞུང་མེད་པའི་ཚིག་ནི་ཀུན་སྟོང་པའོ། །མེད་པའི་སྟོང་པའི་ཆོས་ནི་གཞུང་མེད་པའི་ཚིག་གོ། །གཞུང་བཞིན་གྱི་ཚིག་ནི་བདེན་པའི་སྟོང་པ་སྟེ་མི་སྟོང་པའོ། །སྟོང་པ་དང་བདེན་པ་ཡང་དག་པར་མེད་དེ། མཚན་མ་གཉིས་དང་བྲལ་ལ། བར་མ་དང་བར་མ་མེད་པ་ཡང་མེད་དེ། བར་མ་མེད་པའི་ཆོས་ནི་མཚན་མ་གསུམ་དང་བྲལ་ཏེ་གནས་ཀྱང་མི་མཐོང་ངོ ། །ཡང་དག་པའི་མི་གཡོ་བ་བཞིན་དུ་བཤད་དོ། །མི་གཡོ་བ་ལ་ཡོད་མེད་ཀྱང་མེད་དོ། །མེད་པ་ཡང་མེད་དོ། །མི་གཡོ་བ་ལ་ཡོད་མེད་མེད་དོ། །ཡོད་མེད་དང་ཡོད་པ་དང་མེད་པ་གནས་མེད་དོ། །གནས་མེད་པ་བཤད་པས་ན་མི་གཡོ་བ་ལ་གནས་སོ། །མི་གཡོ་བ་ལ་ཡང་མི་གཡོ་བ་མེད་ན་མི་གཡོ་བ་མེད་པར་མ་བཤད་དོ། །ཤཱ་རིའི་བུས་གསོལ་པ། སེམས་ཅན་ཐམས་ཅད་དང་ལོག་སྲེད་ཀྱི་གྲལ་གང་ལ་སོགས་པར་གནས་ན་ཡང་དག་པར་གཤེགས་པ་དང ། ཡང་དག་པར་གཤེགས་པའི་བདེན་པའི་མཚན་མ་ཕྱིན་པ་ཐོབ། སངས་རྒྱས་ཀྱིས་གསུངས་པ། ལོག་སྲེད་ཀྱི་སེམས་ནས་ཡང་དག་པར
51.147b
གཤེགས་པ་དང ། ཡང་དག་པར་གཤེགས་པའི་བདེན་པའི་མཚན་མར་ཕྱིན་པ་ནི་གྲལ་རྣམ་པ་ལྔ་ལ་གནས་ཏེ། གཅིག་ནི་ཡིད་ཆེས་པའི་གྲལ་ཡིན་ཏེ། ལུས་འདིའི་ནང་གི་ཡང་དག་པའི་མི་གཡོ་བའི་ས་བོན་མི་བདེན་པར་བསྒྲིབས་པར་ཡིད་ཆེས་ཏེ། མི་བདེན་པའི་སེམས་བཏང་བྲལ་ན་དང་བའི་སེམས་དཀར་གཙང་སྟེ། ཁམས་ཀྱི་རྣམས་ཡིད་དང་ཚིག་གིས་བྱེ་བྲག་ཕྱེད་པར་རིག་གོ། །གཉིས་ནི་བསམ་པའི་གྲལ་ཏེ་བསམ་པ་ནི་གྲལ་རྣམས་ལས་བརྟགས་ན་ཡིད་དང་ཚིག་འབའ་ཞིག་སྟེ། ཡིད་དང་ཚིག་གིས་བྱེ་བྲག་ཕྱེད་ནས་ཡིད་བཞིན་མངོན་པར་སྣང་ན་ཁམས་མཐོང་ངོ་ཅོག་ཀུན་བདག་གི་ཕྱི་མོའི་ཤེས་པ་མ་ཡིན་ནོ། །ཕྱི་མོའི་ཤེས་པ་འདི་ལ་ནི་ཆོས་ཀྱང་མེད། གཞུང་ཡང་མེད། བླང་ངོ་ཅོག་བླང་ནུས་པ་མེད་པར་རིག་གོ། །གསུམ་ནི་སྤྱོད་པའི་གྲལ་ཏེ། རྟག་པར་གཡོ་ནུས་པ་གཡོས་ན། གཡོ་བ་འཐུན་པའི་ཚེ་སྔར་ཤེས་རབ་ཀྱིས་དྲངས་ཏེ། བསྒྲིབས་པ་དང་བགེགས་ཀྱི་རྣམས་བསལ་ནས་བཀབ་པ་དང ། དཀྲིས་པ་ལས་བྱུང་བྲལ་ལོ། །བཞི་ནི་སྤྱད་པའི་གྲལ་ཏེ་སྤྱད་པའི་ས་རྣམས་དང་བྲལ་ལ། སེམས་ལ་བླང་བ་དང་བཏང་བ་མེད་དོ་ཤིན་ཏུ་དག་པ་ལས་རྩ་བ་རྣོས་ཏེ། སེམས་མི་གཡོ་བས་ན་ཡང་དག་པར་མི་འགྱུར་བའི་བདེན་པའི་དབྱིངས་མྱ་ངན་ལས་འདས་པ་ཆེན་པོ་སྟེ། ངོ་བོ་ཉིད་སྟོང་པ་ཆེན་པོ་འབའ་ཞིག་གོ། །ལྔ་ནི་བཏང་སྙོམས་ཀྱི་གྲལ་ཏེ་བཏང་སྙོམས་ནི་ངོ་བོ་ཉིད་སྟོང་པའི་དྲང་པོའི་ཤེས་རབ་ལ་ཡང་མི་གནས་ཏེ། སྙིང་རྗེ་ཆེན་པོ་ལ་འབབ་ཅིང་འཁོར་ཀྱང་མཚན་མ་མི་གཡོའོ། །མཚན་མ་ནི་མི་གཡོ་བ་ལ་ཡང་མ་ཆགས་ཏེ། གཡུང་དྲུང་རྫོགས་པའི་བྱང་ཆུབ་ཀྱི་སྟོང་པའི་སེམས་ཀྱང་ཐོབ་པ་མེད། སེམས་ལ་མུ་མེད་མཐའ་མེད་དེ། གནས་ཀྱང་མི་མཐོང་བ་དེ་ནི་ཡང་དག་པ་གཤེགས་པའི་ཕྱིན་པའོ། །ཕོ་དགེ་བ་གྲལ་ལྔ་ནི་ཚོར་བ་གཅིག་ཕྱི་མོ་བསོད་པ་ནས་ཞུགས་ཏེ། སེམས་ཅན་བསྟན་པ་ནི་ཕྱི་མོའི་གནས་ནས་སོ། །ཤཱ་རིའི་བུས་གསོལ་པ། ཇི་ལྟར་ན་ཕྱི་མོའི
51.148a
གནས་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཕྱི་མོ་ནས་ཕྱི་མོའི་གནས་མེད་ན་གནས་མེད་པའི་ཕྱི་མོའི་མུ་ནས་བདེ་བར་ཞུགས་ཏེ། བྱང་ཆུབ་སྤྱོད་ན་འཕྲུལ་གྱི་ལམ་གང་ཞིག་གྲུབ་བོ། །ཇི་ལྟ་ཞེས་བྱས་ན། ཕོ་དགེ་བ་ལག་པས་སྟོང་པ་ལ་བཟུང་བ་དང་མཚུངས་པས་མ་ཐོབ་སྟེ། མ་ཁྱབ་པ་ཡང་མེད་དོ། །ཤཱ་རིའི་བུས་གསོལ་པ། བཙུན་པས་བཤད་པ་བཞིན་ཏེ། དོན་གྱི་སྔོན་ལོགས་སུ་ཕྱི་མོའི་བཟོད་པ་སྤྱད་དེ། བླང་བ། སྟོང་པ། ཞི་བ། བསམ་པ་ཡིན་ནོ། །སྟོང་པ་ཞི་བ་ནི་མི་གཡོ་བ་ཡིན་ཏེ། ལེགས་སོ་ཅོག་གི་མདོ་བསྡུས་ཤིང་བཟུང་བས་ན། ཆོས་སོ་ཅོག་ཀུན་འདུས་པས་རྫོགས་ཆུབ་སྟེ། གཉིས་སུ་མེད་དོ། །བསམ་གྱིས་མི་ཁྱབ་པོ། །ཤེས་པར་བྱོས་ཤིག་།ཆོས་དེས་ནི་ཤེས་རབ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ལྷ་ཆེན་པོའི་སྔགས་ཡིན་ནོ། །སྣང་བ་ཆེན་པོའི་སྔགས་ཡིན་ནོ། །བླ་ན་མེད་པའི་སྔགས་ཡིན་ནོ། །བསྒྲུབ་ཏུ་མེད་པའི་སྔགས་ཡིན་ནོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཡང་དག་པར་མི་གཡོ་བའི་སྟོང་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཤེས་རབ་ཀྱི་མེས་མདུད་པ་རྣམས་བསྲེགས་ཏེ། མེད་ནས་མཉམ་སྙོམས་སོ། །མཉམ་སྙོམས་པའི་སྙོམས་པ་ཚོར་བ་གསུམ་དང ། དམ་པའི་ཚོར་བའི་ལུས་གསུམ་གྱིས་དགུ་ཤེས་པའི་ནང་སང་དེར་སྣང་ཞིང་གཙང་ཞིང་གཙང་དག་ལ་གྲིབ་མ་རྣམས་མེད་དོ། །ཕོ་དགེ་བ་དེ་ཆོས་དེ་ནི་རྒྱུ་ཡང་མེད་རྐྱེན་ཡང་མེད་དེ། ཤེས་རབ་རང་སྤྱོད་པའོ། །གཡོ་བ་ཡང་མེད་མི་གཡོ་བ་ཡང་མེད་དེ། སྤྱོད་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །གཞུང་ལ་ཡོད་མེད་དོ། །སྟོང་པའི་མཚན་མ་ཡང་སྟོང་པའོ། །ཕོ་དགེ་བ་ན་སེམས་ཅན་དེ་དག་གཞུང་དེ་ལ་རྟོགས་པར་ཆུད་པར་གྱིས་ཤིག་།གཞུང་དེ་ཆུད་ན་ཡང་དག་པར་གཤེགས་པའི་མཐོང་བ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། ཡང་དག་པར་གཤེགས་པའི་གཞུང་བརྟག་པ་ནི་འབབ་པ་རྣམས་ལ་ཆགས
51.148b
ཏེ། བསམ་གཏན་བཞི་དང་བྲལ་ནས་སྤྱི་ཡོད་ལས་འདས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཇི་ལྟ་ཞེ་ན། ཆོས་སོ་ཅོག་གི་མིང་གི་རྣམ་གྲངས་ཏེ། བསམ་གཏན་བཞི་དེ་ཡང་དེ་དང་མཚུངས་སོ། །ཡང་དག་པར་གཤེགས་པ་མཐོང་ན་ཡང་དག་པར་གཤེགས་པའི་སེམས་རང་དབང་བས་རྟག་པར་མེད་པ་ཞི་བར་གནས་སོ། །འབྱུང་ཡང་མི་འབྱུང ། འཇུག་ཀྱང་མི་འཇུག་སྟེ། ཕྱི་ནང་མཉམ་སྙོམས་སོ། །ཕོ་དགེ་བ་དེ་བསམ་གཏན་དེ་རྣམས་ཀྱིས་བརྟགས་ན་འདུ་ཤེས་ཀུན་ཐུབ་སྟེ། མི་གཡོ་བ་མེད་པས་ཕན་ཚུན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མི་གཡོ་བའི་ཕྱིར་རོ། །མི་གཡོ་བ་སྤྱད་དེ་མི་གཡོ་བའི་ཡང་དག་པ་ལ་བརྟགས་ན། མི་གཡོ་བའི་མཚན་མ་ལ་རྟོགས་པ་མི་མཐོང་བས་མཚན་མ་རྣམས་སྟོང་ཞིང་ཞིའོ། །སྟོང་ཞིང་ཞི་ན་མི་གཡོ་བའི་གཞུང་ཡིན་ནོ། །དེ་ལྟ་བུའི་འདུ་ཤེས་བསམ་གཏན་ཐུབ་པ་ཡིན་ཏེ། བསམ་གཏན་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་གྱི་ངོ་བོ་ཉིད་གཡོ་བའི་རྣམ་གྲངས་དང་བྲལ་ཏེ། གོས་པ་ཡང་མེད། བསྒོ་བ་ཡང་མེད། ཆོས་ཀྱང་མེད། འགྲིབ་པ་ཡང་མེད་དེ། རྣམ་པར་རྟོག་པའི་རྣམ་གྲངས་དང་བྲལ་བས་ཕྱི་མོའི་གཞུང་གིས་གཞུང་བཞིན་ནོ། །ཕོ་དགེ་བ་དེ་ལྟ་བུར་རྟོགས་ཏེ་ཐུབ་ན། གཟོད་མིང་བསམ་གཏན་ཞེས་བྱའོ། །ཤཱ་རིའི་བུས་གསོལ་པ། བསམ་གྱིས་མི་ཁྱབ་བོ། །ཡང་དག་པར་གཤེགས་པས་རྟག་པར་མི་གཡོ་བའི་ཡང་དག་པ་སྤྱོད་དེ། སེམས་ཅན་བསྟན་པ་དེ་ལྟ་བུའི་ཡང་དག་པའི་གཞུང་ལ་ཡི་གེའི་འབྲུ་མང་ལ་གཞུང་གི་རྒྱ་ཆེ་སྟེ། རྩ་བ་རྣོ་བའི་སེམས་ཅན་གྱིས་གདོད་སྤྱད་ནུས་ཀྱི་རྩ་བ་རྟུལ་བའི་སེམས་ཅན་གྱིས་ཡིད་གཞག་དཀའོ། །ཇི་ལྟ་བུའི་ཐབས་ཀྱིས་རྩ་བ་རྟུལ་བ་དེ་བདེན་པ་ཆུད་པར་བགྱིར་རུང ། སངས་རྒྱས་ཀྱིས་གསུངས་པ། རྩ་བ་རྟུལ་བ་དེའི་ཚིག་བཞི་ལེའུ་གཅིག་མནོས་ཏེ་གཟུངས་སུ་འཛིན་ཏུ་བཅུག་ན་ཡང་དག་པའི་བདེན་པར་ཆུད་དེ། སངས་རྒྱས་ཀྱི་ཆོས་སོ་ཅོག་ནི་ལེའུ་གཅིག་གི་ནང
51.149a
དུ་འདུས་སོ། །ཤཱ་རིའི་བུས་གསོལ་པ། ཇི་ལྟ་བུར་ན་ཚིག་བཞི་ལེའུ་གཅིག་ཅེས་བགྱི་བ་བཤད་པར་སྨོན་ཏོ། །དེ་ནས་བཙུན་པས་ལེའུ་བཤད་དེ་གསུངས་པ། རྒྱུ་དང་རྐྱེན་ལས་སྐྱེས་པའི་གཞུང ། གཞུང་དེ་ཡོད་མེད་སྐྱེ་བ་མེད། །སྐྱེ་དང་ཤི་རྣམས་གཞུང་མེད་ན། །གཞུང་དེ་སྐྱེ་བ་ཤི་བ་མེད། །དེ་ནས་ཕལ་མང་པོས་ལེའུ་བཤད་པ་ཐོས་ནས་ཐམས་ཅད་ཀུན་ཤིན་ཏུ་དགའ་སྟེ། ཀུན་སྐྱེ་ཤི་མེད་པར་བྱས་པ་ཐོས་ནས་ཤེས་རབ་ཀྱིས་ངོ་བོ་ཉིད་སྟོང་པའི་ཡེ་ཤེས་ཀྱི་ཆོས་སྐྱེས་སོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་བདུན་ཏེ། ཡང་དག་པར་གཤེགས་པའི་མཛོད་ཀྱི་ལེའུའོ།། །།དེའི་ཡ་རབས་ཚངས་པར་སྤྱོད་པ་སྔོན་གྱི་གནས་ནས་ལངས་ཏེ་སངས་རྒྱས་ལ་གསོལ་པ། བཙུན་པ་སྐྱེ་བའི་གཞུང་ནི་མ་བཀག་།ཤི་བའི་གཞུང་ནི་མི་སྐྱེ། དེ་ལྟ་བུ་མི་གཡོ་བའི་གཞུང་ནི་སངས་རྒྱས་ཀྱི་བྱང་ཆུབ་ལགས་སོ། །བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་ནི་རྣམ་པར་རྟོག་པ་མ་མཆིས། རྣམ་པར་རྟོག་པའི་ཤེས་རབ་མ་མཆིས་སོ། །རྣམ་པར་རྟོག་པའི་གྲངས་མ་མཆིས་པའི་མཚན་མ་ནི་རྣམ་པར་རྟོག་པ་འབའ་ཞིག་གིས་བཀབ་བོ། །དེ་ལྟ་བུའི་གཞུང་གི་མཚན་མ་ནི་བསམ་གྱིས་མི་ཁྱབ་བོ། །བསམ་གྱིས་མི་ཁྱབ་པའི་ནང་ན་རྣམ་པར་རྟོག་པ་མ་མཆིས་ན། བཙུན་པ་ཆོས་སོ་ཅོག་གྲངས་ནི་དཔག་ཏུ་མ་མཆིས། མུ་མ་མཆིས་པའི་ཆོས་ཀྱི་མཚན་མ་ནི་ཡང་དག་པ་གཅིག་གི་གཞུང་གི་ངོ་བོ་ཉིད་དེ། ངོ་བོ་ཉིད་གཅིག་འབའ་ཞིག་ལ་གནས་པ་དེའི་དོན་ཇི་ལྟ་བུ། སངས་རྒྱས་ཀྱིས་གསུངས་པ། ཡ་རབས་བསམ་གྱིས་མི་ཁྱབ་པ་ནི་ངས་ཆོས་རྣམས་བཤད་པ་ལ་བསླད་པ་རྣམས་ཀྱི་ཕྱིར་ཐབས་ཀྱི་ལམ་སྤྱོད་དོ། །ཆོས་སོ་ཅོག་གི་མཚན་མ་ནི་ཡང་དག་པ་གཅིག་གི་གཞུང་གི་ཤེས་རབ་བོ། །ཇི་ལྟ་ཞེ་ན། དཔེར་ཚོང་དུས་གཅིག་ལ་སྒོ་ཆེན་པོ་བཞི་ཕྱེ་བ་དང ། མཚུངས་ཏེ། སྒོ་ཆེན་པོ་བཞི་ཀུན་ནི་ཚོང་དུས་གཅིག་ལ་འདུས་ཏེ། ཕལ་མང་པོ་དེ་རྣམས
51.149b
ཡིད་བཞིན་དུ་འཇུག་གོ། །ཆོས་རྣམས་ཀྱི་རོ་བྲོ་བ་ཡང་དེ་དང་མཚུངས་སོ། །ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། ཆོས་དེ་ལྟ་བུ་ལགས་ན་བདག་གིས་ཆོས་གཅིག་རོ་བྲོ་བ་ལ་གནས་ན། ཆོས་སོ་འཚལ་གྱི་རོ་བྲོ་བ་འདུས་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ། དེ་ཡིན་ནོ། །ཇི་ལྟ་ཞེ་ན། གཅིག་གི་ཡང་དག་པའི་གཞུང་གི་རོ་ནི་མཚོ་ཆེན་པོ་གཅིག་དང་མཚུངས་ཏེ། ཐམས་ཅད་མང་པོ་འབབ་པ་དེར་མི་འཇུག་པ་མེད་དོ། །ཡ་རབས་ཆོས་སོ་ཅོག་གི་རོ་བྲོ་བ་ཡང་མང་པོ་འབབ་པ་དེ་དང་མཚུངས་སོ། །མིང་གྲངས་ཐ་དད་མོད་ཀྱི་ཆུར་མི་ཚུགས་པ་མེད་དོ། །མཚོ་ཆེན་པོ་ལ་གནས་ན་མང་པོ་འབབ་པ་འདུས་ཏེ། རོ་བྲོ་བ་གཅིག་ལ་གནས་པས་ནི་རོ་བྲོ་བ་ཀུན་འདུས་སོ། །ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། ཆོས་ལ་རོ་གཅིག་པུ་ནི་ཇི་ལྟ་བུར་ཐེག་པ་གསུམ་གྱི་ལམ་སྟེ། དེའི་ཤེས་རབ་མཚུངས་ཤེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཡ་རབས་དཔེར་ན་ཆུ་བོ་གང་ག་དང ། ཧ་དང ། ཧོ་ཧེ་དང ། མཚོ་དང་མཚུངས་ཏེ་ཆེ་ཆུང་ཐ་དད་དོ། ། མིང་མཁན་ཐ་དད་དོ། །ཆུ་དེ་གོང་གི་ནང་ན་འདུག་པ་ན་མིང་ཀོང་གི་ཆུ་ཞེས་བྱའོ། །འོ་ཡི་ནང་ན་འདུག་ན་འོ་ཡི་ཆུ་ཞེས་བྱའོ། །ཧའི་ནང་ན་འདུག་ན་ཧའི་ཆུ་ཞེས་བྱའོ། །ཀུན་ལྷན་ཅིག་མཚོའི་ནང་ན་འདུག་པ་མིང་མཚོ་ཆུ་ཞེས་བྱའོ། །ཆོས་ཀྱང་དེ་དང་མཚུངས་དེ་ཀུན་ཡང་དག་པའི་མི་གཡོ་བ་ལ་འདུག་སྟེ། མིང་སངས་རྒྱས་ཀྱི་ལམ་འབའ་ཞིག་གོ། །ཡང་ཡ་རབས་སངས་རྒྱས་ཀྱི་ལམ་གཅིག་པུ་ལ་གནས་ན་སྤྱད་པ་གསུམ་སྤྱད་པ་མ་ཡིན་ནོ། །ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། ཇི་ལྟ་བུར་ན་སྤྱད་པ་གསུམ་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། གཅིག་ནི་དོན་བཞིན་དུ་སྤྱོད་པ་བླངས་པའོ། །གསུམ་ནི་མི་གཡོ་བ་བཞིན་དུ་བླངས་ཏེ་སྤྱོད་པའོ། །ཡ་རབས་དེ་ལྟ་བུ་སྤྱོད་པ་གསུམ་གྱིས་སྒོ་མང་པོའི་མདོ་བསྡུས་ཏེ་ཆོས་ཐམས་ཅད་ཀྱི་སྒོ་མོར་འདིར་མི་འཇུག་པ་མེད་དོ། །སྤྱོད་པ་འདིར་ཞུགས་པ་ནི་སྟོང་པའི་མཚན་མ་མི
51.150a
སྐྱེའོ། །དེ་ལྟར་ཞུགས་པ་ནི་ཡང་དག་པར་གཤེགས་པར་ཞུགས་ཞེས་བྱར་རུང་ངོ ། །ཡང་དག་པར་གཤེགས་པར་ཞུགས་པ་ནི་ཞུགས་ཞུགས་ན་མ་ཞུགས་སོ། །ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། བསམ་གྱིས་མི་ཁྱབ་པར་ཡང་དག་པར་གཤེགས་པའི་མཛོད་དུ་འཇུག་པ་ལྗང་བུ་ལས་འབུར་རྙེད་པ་དང་མཚུངས་ཏེ་འཇུག་པའི་གནས་མེད་དོ། །ཕྱི་མོ་རྩ་བ་རྣོ་བའི་གྲུབ་སྟེ་ཕྱི་མོ་ཐོབ་ན་ཕྱི་མོ་བདེན་པའི་མུ་ཐོབ་པ་དེའི་ཤེས་རབ་དུ་མཆིས། སངས་རྒྱས་ཀྱིས་གསུངས་པ། ཤེས་རབ་དེ་ལ་གྲངས་མེད་དེ། མདོ་ཙམ་ཞིག་བཤད་ན་ཤེས་རབ་དེ་ལ་བཞི་ཡོད་དོ། །བཞི་གང་ཞེས་བྱས་ན། གཅིག་ནི་ཐུབ་པའི་ཤེས་རབ་སྟེ། འདི་ནི་མི་གཡོ་བ་བཞིན་ནོ། །གཉིས་ནི་འགྱུར་བའི་ཤེས་རབ་སྟེ། དེ་ནི་ཐབས་ཀྱིས་ནི་བཤིག་པའོ། །གསུམ་ནི་མྱ་ངན་ལས་འདས་པའི་ཤེས་རབ་སྟེ། དེ་ནི་གློག་གི་ཚོར་བ་བསལ་བའོ། །བཞི་ནི་མཐའ་ཡུན་གྱི་ཤེས་རབ་སྟེ། ཡང་དག་པའི་ཆོ་ག་ཚངས་པའི་ལམ་དུ་འཇུག་པའོ། །ཡ་རབས་དེ་ལྟ་བུའི་དོན་ཆེན་པོ་བཞི་ནི་སྔ་མ་འདས་པའི་སངས་རྒྱས་རྣམས་ཀྱིས་བཤད་པ་སྟེ། ཟབ་མོ་ཆེན་པོ་ཡིན་ནོ། །སེམས་ཅན་བསྟན་ན་ཤེས་རབ་འདི་སྤྱད་པའི་རིགས་ཡ་རབས་ཚངས་པར་སྤྱོད་པ་ཆེན་པོ་ཡིན་ནོ། །ཡང་དོན་ཆེན་པོ་རྣམ་གསུམ་ཡོད་དེ། ཏིང་ངེ་འཛིན་གསུམ་ཕྱི་ནང་དུ་གཅིག་ལ་གཅིག་མི་གནོད་དོ། །གཉིས་ནི་གཞུང་ཆེན་པོ་འཁོར་ལ་ལམ་བཞིན་དུ་བདབས་ཏེ་བསལ་བའོ། །གསུམ་ནི་མི་གཡོ་བའི་ཤེས་རབ་ཐུབ་པས་སྙིང་རྗེ་དང་གཉིས་ཀ་རྣོ་བའོ། །དེ་ལྟ་བུའི་དོན་གསུམ་གྱི་བྱང་ཆུབ་འབྱོར་འགྲུབ་བོ། །དེ་ལྟ་བུའི་དོན་མ་སྤྱད་ན་ཤེས་རབ་དེ་བཞིན་དུ་འབབ་མི་ནུས་ཏེ། བདུད་ཆེན་པོ་རྣམས་ཀྱིས་གླགས་རྙེད་པར་འོང་ངོ ། །ཡ་རབས་ཁྱོད་ལ་སོགས་པ་མང་པོས་སངས་རྒྱས་གྲུབ་ཀྱི་བར་དུ་རྟག་པར་སྤྱོད་པ་སྦྱོངས་ཏེ་སྐད་ཅིག་ཀྱང་སྟོང་པ་མ་བྱས་ཤིག་།ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། ཇི་ལྟ་བུར་ན་ཏིང་ངེ་འཛིན་གསུམ་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཏིང་ངེ་འཛིན་གསུམ
51.150b
ཞེས་བྱ་བ་དེ་ནི་སྟོང་པའི་ཏིང་ངེ་འཛིན་དང ། མཚན་མ་མེད་པའི་ཏིང་ངེ་འཛིན་དང ། བྱ་བ་མེད་པའི་ཏིང་ངེ་འཛིན་དང ། དེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། ཇི་ལྟ་བུར་ན་འཁོར་གཞུང་ཆེན་པོ་འཁོར་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཆེན་པོ་བཞིའི་གཞུང་སྟེ། ཕུང་པོ་དང ། ཁམས་དང ། ཞུགས་པ་ལ་སོགས་པའི་འཁོར་ཏོ། །ཕྱི་མོའི་རྣམ་པར་ཤེས་པས་གཞུང་ཆེན་པོའི་འཁོར་ཡིན་ནོ། །ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་ཤེས་རབ་ཀྱི་དོན་ནི་བདག་ལ་ཡང་ཕན། གཞན་ལ་ཡང་ཕན་ཏེ། ཁམས་ཀྱི་ས་ལས་འདས་ནས་མྱ་ངན་འདས་པ་ལ་ཡང་མི་ཆགས་ཏེ། བྱང་ཆུབ་ཀྱི་ལམ་དུ་ཆུད་དོ། །དེ་ལྟ་བུའི་ཆོས་ཀྱི་མཚན་མ་ནི་སྐྱེ་ཤིའི་ཆོས་ཡིན་ཏེ། རྣམ་པར་རྟོག་པ་དང་བྲལ་ན་ཆོས་ནི་མ་ཞི་བའོ། །དེ་ནས་ཡང་དག་པར་གཤེགས་པས་གཞུང་འདི་བསླབས་པའི་ཚིགས་སུ་བཅད་པས་བཤད་པ། ཆོས་ནི་རྣམ་པར་རྟོག་ལས་སྐྱེས། སླར་ཡང་རྣམ་པར་རྟོག་ལ་བཀག་།རྣམ་པར་རྟོག་པའི་ཆོས་བཀག་ན། །ཆོས་དེ་སྐྱེ་ཤི་ཞི་བ་མེད། །དེ་ནས་ཡ་རབས་ཚངས་པར་སྤྱོད་པས་ལེའུ་བཤད་པ་ཐོས་ནས་ཡིད་ཤིན་ཏུ་དགའ་སྟེ་གཞུང་འདི་བསླབས་པར་ཚིགས་སུ་བཅད་པ་བཤད་དོ། །ཆོས་རྣམས་སྟོང་པ་ཕྱི་མོ་ཞི། །སྟོང་པ་ཞི་བ་སྐྱེ་བ་མེད། །ཆོས་གཞན་སྐྱེས་ཤིང་ཤི་བ་ཡིན། །ཆོས་འདི་སྐྱེ་བ་མེད་པ་མེད། །དེ་དང་འདི་ནི་མི་མཐུན་ཏེ། །ཆད་དང་རྟག་དང་ཡོད་ཕྱིར་རོ། །འདི་ནི་གཉིས་དང་བྲལ་བ་སྟེ། ཚིག་གཅིག་ལ་ཡང་མི་འཇུག་གོ། །ཆོས་གཅིག་ཡོད་ཅེས་བཤད་པ་ནི། །དེའི་གཟུགས་སྤུའི་འཁོར་ལོ་བཞིན། །སྨིག་རྒྱུས་ཆུ་རུ་བསླད་དང་མཚུངས། །སྒྱུ་མ་མི་བདེན་རྣམས་ཕྱིར་རོ། །ཆོས་ལ་མེད་པར་མཐོང་བ་ནི། །ཆོས་སྟོང་པར་ནི་འཐུན་པ་ཡིན། །དམུས་ལོང་གཉིས་མེད་ལོང་བ་བཞིན། །ཆོས་རྣམས་རུ་སྦལ་སྤུ་དང་མཚུངས། །བདག་ང་སངས་རྒྱས་བཤད་པ་ཐོས། །ཆོས་ལ་གཉིས་མཐོང་མེད་པར་རིག་།དབུ་མ་ལ་ཡང
51.151a
མི་ཆགས་སོ། །དེ་ལྟ་བས་ན་ཆགས་བླངས་ཏེ། །ཡང་དག་གཤེགས་པས་ཆོས་བཤད་པ། །ཀུན་ཀྱང་མ་ཆགས་མེད་ལས་བྱུང ། །བདག་ནི་ཆགས་པ་མེད་གནས་ནས། །ཡང་དག་གཤེགས་ལ་ཕྱག་འཚལ་ལོ། །ཡང་དག་གཤེགས་ལ་གུས་ཕྱག་འཚལ། །ཡེ་ཤེས་མི་གཡོ་སྟོང་པ་བཞིན། །ཆགས་མེད་པ་ལའང་མི་ཆགས་ཏེ། །ཆགས་མེད་ལུས་ལ་གུས་ཕྱག་འཚལ། །བདག་ནི་གནས་ཀུན་ཐམས་ཅད་ན། །རྟག་པར་ཡང་དག་གཤེགས་རྣམས་མཐོང ། །ཡང་དག་གཤེགས་པ་རྣམས་མཐོང་གིས། །བདག་ལ་རྟག་ཆོས་བཤད་པར་སྨོན། །དེ་ནས་ཡང་དག་པར་གཤེགས་པས་ཚིག་འདི་གསུངས་སོ། །ཕོ་དགེ་བ་རྣམས་ཁྱོད་ལ་སོགས་པ་བརྟགས་པར་ཉོན་ཅིག་།ཁྱེད་མང་པོ་ལ་སོགས་པ་ལ་བརྟགས་པའི་ཆོས་བཤད་དོ། །ཕོ་དགེ་བ་བརྟག་པའི་ཆོས་དང ། བརྟག་པ་མེད་པའི་ཆོས་ལ་བཤད་པ་ཡང་མེད། ཡི་གེ་འབྲུ་ཡང་མེད། བདེན་པ་ཡང་མེད། གྲོལ་ཐར་ཡང་མེད། མེད་པ་ཡང་མེད། ཁམས་ཀྱང་མེད། མི་བདེན་པའི་ཆད་པའི་མུ་རྣམས་དང་བྲལ་ཏེ་ཆོས་འདི་རྟག་པ་མེད་པ་མེད་དེ་རྟག་པ་དང་ཆད་པ་མཐོང་བ་རྣམས་དང་བྲལ་བས་ཤེས་པ་རྟག་པ་ཡིན་པར་མངོན་པར་མཐོང་ངོ ། །ཤེས་པ་ནི་རྟག་པར་སྟོང་ཞི་སྟེ། སྟོང་ཞི་བ་ཡང་སྟོང་ཞིའོ། །ཕོ་དགེ་བ་སྟོང་ཞི་བར་རིག་ན་མི་སྟོང ། མི་ཞི་བའི་སེམས་རྟག་པར་སྟོང་ཞིའོ། །སྟོང་ཞི་བ་ཐོབ་ན་སེམས་རྟག་པར་ཡང་དག་པར་ཞུགས་ཏེ་མིང་དང་ཁ་དོག་གི་རྣམས་རིག་ན། གཏི་མུག་གི་སེམས་འབའ་ཞིག་ཡིན་ནོ། །གཏི་མུག་གི་སེམས་ཀྱིས་རྣམ་པར་བརྟགས་ཏེ། ཆོས་རྣམས་བྱེ་བྲག་ཕྱེ་ན་ཐ་དད་པ་གཞན་མེད་ཀྱི་མིང་དང་ཁ་དོག་ལས་བྱུང་ངོ ། །ཆོས་དེ་ལྟ་བུ་ཡིན་པར་རིག་ན་ཡི་གེའི་འབྲུ་དང ། ཚིག་ལས་མི་འབྲངས་ཏེ། སེམས་དང་སེམས་ཀྱི་གཞུང་གིས་ང་ལ་རྣམ་པར་མི་རྟོག་གོ། །ང་སྒྱུ་མའི་མི་ཡིན་པར་རིག་ན་གདོད་སྟོང་པ་ཞི་བའི་ཐོབ་བོ། །སྟོང་པ་ཞི་བའི་ཐོབ་ན་གདོད་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་བོ། །དེ་ནས་ཚངས
51.151b
པ་ཡ་རབས་སྤྱོད་ཀྱིས་ཚིག་དེ་སྐད་བཤད་པ་ཐོས་ནས་ཚིགས་སུ་བཅད་པ་བཤད་དོ། །མིང་དང་གཟུགས་ལས་རྣམ་པར་བརྟགས། །ཆོས་ཀྱི་མིང་དང་གསུམ་ཞེས་བྱ། །ཡང་དག་མི་གཡོ་དྲང་ཤེས་རབ། །དེ་དང་སྡོམས་ན་ལྔར་འགྱུར་རོ། །བདག་ད་ཆོས་དེ་བཤད་པས་སུ། །ཆད་དང་རྟག་པ་བཅིངས་བརྟགས་ཏེ། །སྐྱེ་དང་ཤི་བའི་ལམ་དུ་ཞུགས། །ཆད་པ་དེ་ནི་རྟག་མ་ཡིན། །ཡང་དག་གཤེགས་པས་སྟོང་ཆོས་སྤྱད། །ཆད་དང་རྟག་པས་ཡོང་བྲལ་ལོ། །རྒྱུ་རྐྱེན་མེད་པའི་མི་སྐྱེ་སྟེ། མི་སྐྱེ་བས་ནི་མི་ཤིའོ། །རྒྱུ་རྐྱེན་ཡོད་པར་འཛིན་པ་ནི། །སྟོང་པའི་མེ་ཏོག་ཐུ་བ་བཞིན། །དཔེ་རུ་མེ་ཏོག་ཐུ་བ་བཞིན། །མཐའ་རུ་ཐོབ་པར་ཡོང་མི་འགྱུར། །རྒྱུ་རྐྱེན་བླངས་པ་རྣམས་དང་བྲལ། །གཞན་ལས་ཞི་བའང་མ་ཡིན་ཏེ། །བདག་གི་གཞུང་ཡང་མ་ཡིན་ནོ། །མི་གཡོ་རྟེན་པས་བདེ་བ་ཐོབ། །དེ་ནི་ཡང་དག་བདེན་པའི་ཆོས། །རྟག་པར་རང་དབང་མི་གཡོ་བཞིན། །ཆོས་རྣམས་ཟད་པར་ཀུན་ཤེས་པ། །ལས་སུ་འཕྲུལ་པས་སྤྲུལ་པ་ཡིན། །ཤེས་རབ་བྲལ་ན་ཆོས་ཉིད་སྟོང ། །དེ་བས་སྟོང་པའི་གནས་ལས་བཤད། །སྐྱེ་དང་ཤི་བའི་ཆོས་བཀབ་སྟེ། །མྱ་ངན་ལས་སུ་འདས་པར་གནས། །ཐུགས་རྗེ་ཆེན་པོས་བསྡུས་པས་སུ། །མྱ་ངན་འདས་ལ་མི་ཆགས་སོ། །བསྒྱུར་བས་བླང་བར་ནུས་པ་སྟེ། །ཡང་དག་གཤེགས་པའི་མཛོད་དུ་ཆུད། །དེ་ནས་ཕལ་མང་པོའི་གཞུང་དེ་སྐད་བཤད་པ་ཐོས་ནས་ཀུན་ཀྱིས་དང་པོའི་སྲོག་ཐོབ་སྟེ། ཡང་དག་པར་གཤེགས་པར་ཆུད་དེ། ཡང་དག་པར་གཤེགས་པའི་མཛོད་ཀྱི་མཆིའོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་བརྒྱད་དེ། མདོ་འཛིན་པའི་ལེའུ་འོ།། །།དེའི་ཚེ་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་ཕལ་མང་པོའི་ནང་ནས་ལངས་ནས་སངས་རྒྱས་ཀྱི་མདུན་དུ་ཕྱིན་ནས་ཐལ་མོ་སྦྱར་བ་དང ། པུས་མོ་བཙུགས་ཏེ་སངས་རྒྱས་ལ་གསོལ་པ། བཙུན་པ་བདག་གིས་ཕལ་བརྟགས
51.152a
ན་སེམས་ཅན་ལ་དོགས་པ་མཆིས་ཏེ་ད་དུང་མ་ཐུལ་ཏོ། །ཡང་དག་པར་གཤེགས་པས་དོགས་པ་བསལ་བར་བགྱིས་ན་བདག་གིས་ཕལ་མང་པོའི་སླད་དུ་དོགས་པ་བཞིན་དུ་དྲི་བར་འཚལ་ན། སངས་རྒྱས་བྱམས་པས་ཐུགས་རྗེས་གཟིགས་ཏེ་གནང་བར་སྨོན་ཏོ། །སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་དེ་ལྟ་བུར་སེམས་ཅན་གྱི་ར་མདའ་བྱ་ཞིང་བསྒྲལ་ནུས་ན་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་བོ། །ཁྱོད་ཀྱིས་རྒྱ་ཆེན་པོ་དྲིས་ཤིག་དང ། ཁྱོད་ལ་དགྲོལ་བཤད་དོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་སོ་ཅོག་ཐམས་ཅད་ཇི་ལྟར་ན་རྐྱེན་ལས་མ་སྐྱེས། དེ་ནས་ཡང་དག་པར་གཤེགས་པས་གཞུང་འདི་བཤད་པར་དགོངས་ནས་ཚིགས་སུ་བཅད་པས་བཤད་དོ། །ཆོས་རྐྱེན་ལས་སུ་སྐྱེས་ན་ནི། །ཆོས་རྐྱེན་བྲལ་ན་ཆོས་མེད་དམ། །ཇི་ལྟ་བུས་ན་ཆོས་ཉིད་མེད། །རྐྱེན་གྱིས་སུ་ནི་ཆོས་སྐྱེས་སམ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་ལ་སྐྱེ་བ་མ་མཆིས་སུ་ལགས་ན་ཇི་ལྟ་བུར་ན་བཤད་པ་ལ་སེམས་ལས་བྱུང་ཞེས་བགྱི། དེ་ནས་བཙུན་པས་ཚིགས་སུ་བཅད་པ་འདི་གསུངས་པ། སེམས་ལས་སྐྱེས་པའི་ཆོས་ཀྱིས་ནི། །ཆོས་དེས་བླང་བ་བླང་ནུས་ཏེ། །དཔེ་རུ་ར་རོ་མིག་གིས་སུ། །སྟོང་པའི་མེ་ཏོག་མཐོང་དང་མཚུངས། །ཆོས་འདི་ངོ་བོ་ཉིད་བཤད་པ། །དེ་དག་དང་ནི་མཚུངས་མ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་དེ་ལྟ་བུ་ལགས་སུ་ལགས་ན་ཆོས་ལ་སྡོད་པ་མཆིས་ཏེ་སྡོད་པ་མ་མཆིས་ན་ཆོས་རབ་གྲུབ་པའི་རིགས་སོ། །དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ། །ཆོས་ཀྱི་ཕྱི་མོ་ཡོང་ཡེ་མེད། །བདག་དང་གཞན་ཡང་དེ་བཞིན་ནོ། །ཐོག་མ་མེད་ཅིང་ཐ་མའང་མེད། །གྲུབ་དང་ཞི་ལའང་མི་ཆགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་སོ་ཅོག་གི
51.152b
མཚན་མ་ནི་ཕྱི་མོ་ནས་མྱ་ངན་ལས་འདས་ཏེ། མྱ་ངན་ལས་འདས་པ་དང་སྟོང་པའི་མཚན་མ་ཡང་དེ་བཞིན་ནོ། །དེ་ལྟ་བུ་ལ་སོགས་པའི་ཆོས་མེད་པ་ནི་ཆོས་མི་གཡོ་བའི་དང་འཐུན་ནོ། །སངས་རྒྱས་ཀྱིས་གསུངས་པ། དེ་ལྟ་བུའི་ཆོས་མེད་པ་ཆོས་དེ་ནི་མི་གཡོ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བསམ་གྱིས་མི་ཁྱབ་བོ། །དེ་ལྟ་བུའི་མི་གཡོ་བའི་མཚན་མ་ནི་འཐུན་པ་ཡང་མ་མཆིས། མི་མཐུན་པ་ཡང་མ་མཆིས་ཏེ། ཡིད་ཀྱིས་བླངས་པ་དང་གཡོ་བ་ཡིན་ཏེ། ཡིད་ཀྱིས་བླངས་པ་དང་ལས་ཀྱིས་བླངས་པ་ཀུན་སྟོང་པ་མི་གཡོ་བའོ། །སྟོང་པ་མི་གཡོ་བའི་སེམས་ཀྱིས་ཆོས་དང་ལྷན་ཅིག་པ་དང ། མི་གཅིག་པ་བླང་དུ་རུང་བ་དང ། སྟོང་པ་ཞི་བའི་རིགས་སོ། །དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ། །སྟོང་པ་མི་གཡོ་ཆོས་རྣམས་ནི། །ཆོས་དང་མི་གཡོ་མི་སྟོང་ངོ ། །སེམས་དེ་མི་གཡོ་བ་ཡི་ཚེ། །དེས་སུ་སེམས་ནི་ཐོབ་པ་མེད། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་དེ་ལ་བདེན་པ་མ་མཆིས་པས་ཁ་དོག་སྟོང་པའི་སེམས་ཀྱང་ཞིའོ། །ཆོས་དེ་ཕྱི་མོ་ནས་ཞི་བས་ཆོས་དེ་ཞི་བ་ལགས་པའི་རིགས་སོ། །དེ་ནས་ཞི་བ་ཡང་མ་མཆིས་ན་ཇི་ལྟ་བུར་གཅིག་ཅེས་བགྱི། དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་པ། ཆོས་ནི་གནས་མལ་མེད་ལ་འདུག་།གཟུགས་དང་གྲངས་ནི་སྟོང་ཞིང་མེད། །མིང་དང་བཤད་པ་ཆོས་རྣམ་གཉིས། །དེ་ནི་བླང་བ་ནུས་མ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་སོ་ཅོག་གི་མཚན་མ་ནི་འགྲམ་གཉིས་ལ་མི་ཆགས་ཏེ། དབུས་མའི་འབབ་པ་ལ་ཡང་མི་ཆགས་སོ། །སེམས་ཀྱི་རྣམ་པར་ཤེས་པ་ཡང་དེ་དང་མཚུངས་ན་ཇི་ལྟ་བུར་ཁམས་ཀྱི་རྣམས་རྣམ་པར་ཤེས་པ་ལས་སྐྱེས་ཞེས་བགྱི། རྣམ་པར་ཤེས་པ་སྐྱེ་བ་ཡོད་དུ་ལགས་ན་རྣམ་པར་ཤེས་པ་དེ་ཡང་སྐྱེ་བ་ལས་བྱུང་བ་ཇི་ལྟ་བུར་རྣམ་པར་ཤེས་པ་སྐྱེ་བ
51.153a
མེད་ལ། སྐྱེ་བ་ཡོད་པ་ཀུན་སྐྱེ་བར་ནུས་ཞེས་བགྱི། དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ། །སྐྱེ་བ་དང་ནི་སྐྱེ་ནུས་གཉིས། །དེ་གཉིས་ཀྱིས་སུ་རྐྱེན་བྱ་ནུས། །ཕྱི་མོ་ནས་སུ་གཉིས་ཀ་མེད། །སྟོང་རྒྱུ་མེ་ཏོག་ལེན་དང་མཚུངས། །རྣམ་པར་ཤེས་པ་མ་སྐྱེས་ཏེ། །ཁམས་ཀྱང་དེ་ཚེ་སྐྱེས་མ་ཡིན། །ཁམས་རྣམས་མ་སྐྱེས་པ་ཡི་ཚེ། །དེ་ཚེ་རྣམ་ཤེས་པ་ཞིའོ། །དེ་ནས་ཕྱི་མོ་ནས་མུ་མེད། །ཡོད་དང་མེད་དང་གཉིས་ཀའང་མེད། །སྐྱེ་བ་མེད་པའི་ཤེས་པའང་མེད། །ཇི་ལྟར་དེ་ལས་ཁམས་ཡོད་རུང ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་ཀྱི་མཚན་མ་དེ་ལྟ་ལགས་ཏེ་ཕྱི་ནང་གཉིས་ཀ་སྟོང་ན་ཁམས་དང་ཤེས་རབ་གཉིས་ཀྱང་ཕྱི་མོ་ནས་སྟོང་པ་ཞི་བ་སྟེ། ཡང་དག་པར་གཤེགས་པས་བཤད་པ་ལ་བདེན་པའི་མཚན་མ་ནི་ཡང་དག་པར་སྟོང་པ་སྟེ། དེ་ལྟ་བུའི་ཆོས་ནི་འདུས་པ་མ་ལགས་སོ། །སངས་རྒྱས་ཀྱིས་གསུངས་པ། དེ་ལྟ་བུའི་མི་གཡོ་བ་ཡང་དག་པའི་ཆོས་ནི་གཟུགས་ཀྱང་མེད། ཆགས་པ་ཡང་མེད་དེ། ཅི་ཡང་འདུ་བ་མེད། འདུ་ནུས་པ་ཡང་མེད། གཞུང་ཡང་མེད། ཆེན་པོ་ཡང་མེད། ཕྱི་མོ་གཅིག་གི་འཁོར་གྱི་ཆོས་ཏེ། ལེགས་པའི་དོན་ཟབ་མོའི་ཕུང་པོའོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བསམ་གྱིས་མི་ཁྱབ་པའི་ཕུང་པ་ལ་བདུན་དང་ལྔ་ནི་མི་སྐྱེ། བརྒྱད་དང་དྲུག་གི་སྟོང་པར་ཞི་སྟེ། དགུ་ནི་མཚན་མ་ཡང་སྟོང་པ་མེད་དོ། །མེད་པའི་སྟོང་པ་ཡང་མེད་དོ། །བཙུན་པས་བཤད་པ་བཞིན་ཏེ། ཆོས་ཀྱི་གཞུང་ཀུན་སྟོང་པའོ། །སྟོང་པར་ཞུགས་ན་སྤྱད་པ་མེད་དེ། ལས་ཀྱི་རྣམས་མ་སྟོར་བས་ང་དང་ངའི་གནས་དང ། ནུས་པའི་གནས་དང ། ལུས་ཀྱི་མཐོང་བ་དང ། ཕྱི་ནང་འདུད་པས་མངགས་ཏེ། བརྩད་པར་ཀུན་སྟོང་ཞིང་མི་གཡོ་བ་དེ་ལྟ་བུའི་གཞུང་དག་པ་དང ། ཤེས་རབ་དང་ཡང་དག་པའི་མི་གཡོ་བ་བསྟན་པར་སྨོན་ཏོ། །
51.153b
བཙུན་པས་རྟག་ཏུ་དེ་ལྟ་བུ་བདེན་པ་མི་གཡོ་བའི་སྟོང་པའི་ཆོས་བསྟན་པ་སྨན་བཟང་པོ་ལགས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པའི་ཕྱིར་རོ། །སྟོང་པའི་ངོ་བོ་ཉིད་ལ་སྐྱེ་བ་མེད་དོ། །སེམས་ལ་རྟག་པར་སྐྱེ་བ་མེད་དོ། །སྟོང་པའི་ངོ་བོ་ཉིད་ལ་ཞི་བ་མེད་དེ། སེམས་ལ་ཡང་བྱ་བ་ཡང་མེད་དོ། །སྟོང་པའི་ལས་འབྱུང་འཇུག་མེད་དེ། ཐོབ་པ་དང་སྟོང་པའི་རྣམས་དང་བྲལ་བས་ཕུང་པོ་དང ། ཁམས་དང ། ཞུགས་པ་ལ་སོགས་པ་ཀུན་ཀྱང་མེད་དོ། །སེམས་མི་གཡོ་མི་ཆགས་པ་ཡང་དེ་དང་མཚུངས་སོ། །བྱང་ཆུབ་སེམས་དཔའི་སྟོང་པའི་རྣམས་བཤད་པ་ནི་ཡོད་པའི་བཤིག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཙུན་པ་ཡོད་པ་བཙལ་ན་བདེན་པ་མ་མཆིས་ཏེ། སྨིག་རྒྱུ་དང་ཆུ་དང་མཚུངས་བདེན་པར་རིག་སྟེ། མེད་པ་མ་ལགས་ན་མེའི་རང་བཞིན་དང་མཚུངས་སོ། །དེ་ལྟ་བུར་རྟོག་པ་ནི་མི་འཛངས་པ་ལགས་སོ། །སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། །ཇི་ལྟར་མི་དེས་ཡང་དག་པ་ལ་བརྟགས་ཏེ། སྟོང་པ་ཞི་བ་གཅིག་པུའི་མཚན་མ་བརྟགས་ན་མཚན་མ་མེད་པ་དང་མཚུངས་སོ། །སྟོང་པ་སྤྱད་དེ་བླངས་ནས་སྟོང་པ་སྤྱད་པས་ན་སངས་རྒྱས་མཐོང་བ་མ་སྟོར་ཏོ། །སངས་རྒྱས་མཐོང་བ་སྤྱད་པ་ན་འབབ་པ་གསུམ་དང་བྲལ་ཏེ། ཐེག་པ་ཆེན་པོའི་ཆོས་ཀྱི་ནང་ན་གྲོལ་ཐར་གསུམ་གྱི་ལམ་མདོ་གཅིག་སྟེ། ངོ་བོ་ཉིད་མེད་དོ། །དེའི་ངོ་བོ་ཉིད་མེད་པས་ན་སྟོང་ངོ ། །སྟོང་པས་ན་མཚན་མ་མེད་དོ། །མཚན་མ་མེད་པས་ན་བྱ་བ་མེད་དོ། །བྱ་བ་མེད་པས་ན་བཙལ་བ་མེད་དོ། །བཙལ་བ་མེད་པས་ན་སྨོན་ལམ་མེད་དོ། །དེ་ལྟ་བུའི་ལས་སྤྱད་པས་ན་སེམས་གཙང་ངོ ། །སེམས་གཙང་བས་ན་སངས་རྒྱས་མཐོང་ངོ ། །སངས་རྒྱས་མཐོང་བ་ན་ཡུལ་གཙང་མར་སྐྱེའོ། །བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཟབ་མོའི་ཆོས་བསྟན་པས་གསུམ་འགྲུས་པར་སྤྱད་དེ་ཤེས་རབ་དང་ཐུབ་པ་གྲུབ་ན།
51.154a
གདོད་ཁམས་གསུམ་ལས་འདས་སོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཡང་དག་པར་གཤེགས་པས་བཤད་པ་ལ་སྐྱེ་བ་ཡང་མེད། ཞི་བ་ཡང་མེད་ན་རྟག་པར་མེད་པ་ཡིན་ཏེ། སྐྱེ་ཤི་བཀག་ན་སྟོང་ཞི་བ་བཀག་པ་ལགས་སོ། །རྟག་པས་ནི་མི་ཆད་དེ་མི་ཆད་པའི་ཆོས་དེ་ཁམས་གསུམ་མི་གཡོ་བའི་ཆོས་རྣམས་དང་བྲལ་ཏེ། བྱ་བ་ཡོད་པའི་ཆོས་ལ་ནི་མེའི་ངོ་ལས་ཡོལ་བ་དང་མཚུངས་སོ། །གང་ལ་སོགས་པའི་ཆོས་ལ་རྟེན་ཏེ་བདག་གིས་བདག་སྤྱོད་པ་ལ་སྒོ་མོ་དེ་གཅིག་པུར་འཇུག་།སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔས་དོན་ཆེན་པོ་གསུམ་ལ་རང་གི་སེམས་སྤྱོད་དེ། བདེན་པ་ཆེན་པོ་གསུམ་གྱི་སྤྱོད་པ་དེར་འཇུག་གོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཇི་ལྟ་བུར་དོན་གསུམ་ལ་བདག་གི་སེམས་སྤྱོད། ཇི་ལྟ་བུར་ན་བདེན་པ་གསུམ་གྱི་སྤྱོད་པ་གཅིག་ཏུ་འཇུག་།སངས་རྒྱས་ཀྱིས་གསུངས་པ། དོན་ཆེན་པོ་གསུམ་ཞེས་བགྱི་བ་ནི་གཅིག་ནི་རྒྱུའོ། །གཉིས་ནི་འབྲས་བུའོ། །གསུམ་ནི་རྣམ་པར་ཤེས་པའོ། །དེ་ལྟ་བུའི་དོན་གསུམ་ཕྱི་མོ་ནས་སྟོང་པ་མེད་པ་སྟེ། ང་དང་ཡང་དག་པའི་ང་མེད་ན་ཇི་ལྟ་བུར་དེ་ལ་སྲེད་ཅིང་ཆགས་པ་སྐྱེ། དོན་གསུམ་ལ་རྟགས་ན་བཅིངས་པ་ཁྱེར་ཏེ། ཁྱེར་བས་སྡུག་བསྔལ་གྱི་མཚོར་འབབ་བོ། །དེ་བས་ན་རྟག་པར་བདག་སྤྱོད། བདེན་པ་གསུམ་ཞེས་བྱ་བ་ནི་གཅིག་བྱང་ཆུབ་ཀྱི་ལམ་སྟེ། མཉམ་སྙོམས་པའི་བདེན་པ་ཡིན་གྱི་མི་སྙོམས་པའི་བདེན་པ་མ་ཡིན་ནོ། །གཉིས་ནི་ཚོར་བ་ཆེན་པོའི་དྲང་པོའི་ཡེ་ཤེས་ཐོབ་པའི་བདེན་པ་ཡིན་ནོ། །གསུམ་ནི་ཤེས་རབ་དང་འཐུན་པ་དང་ཐ་དད་པ་སྤྱད་པ་མེད་པའི་ཞུགས་པའི་བདེན་པ་སྟེ། གོ་བདུན་སྤྱད་པས་ཞུགས་པས་བདེན་པས་མ་ཡིན་ནོ། །བདེན་པ་འདི་གསུམ་སྤྱད་དེ། སངས་རྒྱས་ཀྱི་ལམ་སྤྱད་ན་དེ་ལྟ་བུའི་ཆོས་སུ་ཆུད་དེ་དྲང་པོའི་ཚོར་བ་མི་ཐོབ་པ་མེད་དོ། །
51.154b
དྲང་པོའི་ཚོར་བའི་ཡེ་ཤེས་ཐོབ་ན་ཤིན་ཏུ་བྱམས་པ་ཆེན་པོར་འབབ་སྟེ། བདག་དང་གཞན་གཉིས་ཀ་ལ་ཕན་པས་སངས་རྒྱས་ཀྱི་བྱང་ཆུབ་གྲུབ་བོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཙུན་པ་དེ་ལྟ་བུའི་ཆོས་ལ་རྒྱུ་རྐྱེན་མེད་དོ། །རྐྱེན་ལ་རྐྱེན་མེད་ན་ཆོས་ཀྱི་རྒྱུ་མི་ལྡང་ངོ ། །ཇི་ལྟ་བུར་མི་གཡོ་བའི་ཆོས་ཀྱིས་ཡང་དག་པར་གཤེགས་པར་ཆུད། དེ་ནས་ཡང་དག་པར་གཤེགས་པས་གཞུང་འདི་དགྲོལ་བར་དགོངས་ཏེ་ཚིགས་སུ་བཅད་པས་བཤད་དོ། །ཆོས་རྣམས་ཀུན་གྱི་མཚན་མ་ནི། །ཆོས་དེའི་ཚེ་ན་གཡོ་བ་མེད། །ཆོས་ལ་ཐ་དད་དུས་ཀྱང་མེད། །དེ་ཡི་ཚེ་ན་གཡོ་བ་མེད། །ཆོས་ལ་ཐ་དད་དུས་ཀྱང་མེད། །ཐ་དད་དུས་ལས་མ་ལངས་སོ། །ཆོས་ལ་གཡོ་མེད་མི་གཡོའོ། །ངོ་བོ་སྟོང་པ་མི་གཡོ་ཞིང ། །ངོ་བོ་སྟོང་ཞིང་ཞི་བའི་ཚེ། །ཆོས་དེ་དེ་ཡི་ཚེ་ན་བྱུང ། །མཚན་མ་བྲལ་བས་སྟོང་པར་གནས། །སྟོང་པར་གནས་པས་དམིགས་པ་མེད། །རྐྱེན་ལས་ལྡང་བའི་ཆོས་ཀྱི་རྣམས། །ཆོས་དེ་ལས་ནི་རྐྱེན་མི་སྐྱེ། །རྒྱུ་དང་རྐྱེན་དང་སྐྱེ་བ་མེད། །སྐྱེ་བའི་སྟོང་པའི་ངོ་བོ་སྟོང ། །རྐྱེན་གྱི་རང་བཞིན་རྐྱེན་བྱ་ནུས། །རྐྱེན་དེའི་ཕྱི་མོ་རྐྱེན་ལས་གཡོས། །ཆོས་གཡོས་པས་ནི་རྐྱེན་ཀྱང་མེད། །རྐྱེན་མེད་ན་ནི་གཡོ་བའང་མེད། །རྒྱུ་རྐྱེན་ལས་སུ་སྐྱེས་པའི་ཆོས། །ཆོས་ཉིད་དེ་ནི་རྒྱུ་རྐྱེན་ཡིན། །རྒྱུ་རྐྱེན་གྱི་ནི་སྐྱེ་ཤི་གཟུགས། །དེ་ལ་སྐྱེ་དང་ཤི་བའང་མེད། །དེ་ནི་ཡང་དག་བདེན་གཟུགས་བཞིན། །ཕྱི་མོ་ནུས་སུ་འབྱུང་ནུས་མེད། །ཆོས་རྣམས་དེ་ཡི་ཚེ་ན་ནི། །འབྱུང་ཞིང་ནུབ་པར་རང་ལས་སྐྱེ། །ཤིན་ཏུ་གཙང་མའི་ཕྱི་མོ་ཉིད། །ཕྱི་མོའི་རྒྱུ་ཡི་སྟོབས་མ་ཡིན། །ཕྱིན་ཆད་དེ་ཡི་གནས་ཐོབ་པ། །ཐོབ་པའི་ཕྱི་མོའི་གཙང་མ་ཐོབ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་སངས་རྒྱས་ཀྱིས་བཤད་དོ་ཅོག་ཐོས་ནས་སེམས་ཚིམ་སྟེ། དེའི་ཕལ་མང་པོ་རྣམས་དོགས་པ་མེད་དེ། ཕལ་མང་པོ་རྣམས་ཤེས་ཟིན་ནས
51.155a
ཚིགས་སུ་བཅད་པ་བཤད་དོ། །བདག་གིས་ཕལ་གྱི་སེམས་དོག་རིག་།དེ་ལྟ་བས་ན་བརྟུལ་བར་དྲིས། །ཡང་དག་གཤེགས་པ་དགེ་བྱམས་ཆེ། །བྱེ་བྲག་ཕྱེ་སྟེ་ལུས་པ་མེད། །རྣམ་གཉིས་ཀྱིས་ནི་ཕལ་མང་པོ། །ཀུན་གྱིས་གནང་ཞིང་མངོན་པར་ཐོབ། །བདག་གིས་ད་ནི་ཟིན་ནས་ཀྱིས། །སེམས་ཅན་ཐམས་ཅད་ཁྱབ་པར་བསྟན། །ཡང་དག་གཤེགས་པས་ཐུགས་རྗེས་སུ། །ཕྱི་མོའི་སྨོན་ལམ་ཡོང་མ་བཏབ། །དེ་བས་བུ་གཅིག་ས་གནས་སུ། །འཇིག་རྟེན་མྱ་ངན་ཁམས་སུ་གནས། །དེ་ནས་ཡང་དག་པར་གཤེགས་པས་ཕལ་མང་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འདི་བསམ་གྱིས་མི་ཁྱབ་སྟེ། །ཁོར་མོར་བྱམས་པ་ཆེན་པོ་སྤྱད་དེ་སེམས་ཅན་སྡུག་བསྔལ་ལས་བྱུང་ངོ ། །སེམས་ཅན་ལ་ལ་ཞིག་ཡི་གེ་འདིའི་ཆོས་གཟུངས་སུ་འཛིན་ཅིང་བྱང་ཆུབ་སེམས་དཔའ་དེའི་མིང་དང་གཟུགས་སུ་འཛིན་ན་ལས་ངན་པར་མི་ལྟུང་སྟེ། བསྒྲིབས་པའི་བགེགས་ཐམས་ཅད་ཀུན་བསལ་ཏེ་མེད་དོ། །སེམས་ཅན་ལ་ལ་ཞིག་གོ་བདུན་གཞན་བསམ་པ་མེད་པར་མི་གཡོ་བའི་འོད་བྱང་ཆུབ་ཐོབ་པར་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་རྟག་པར་ལུས་སྤྲུལ་ཏེ། ཆོས་བཤད་ནས་མི་དེའི་མགོན་སྐྱབས་བྱས་ཏེ། མཐར་སྐད་ཅིག་ཀྱང་མི་གཏོང་ཞིང་མི་དེ་ལ་སོགས་པ་སྨྱུར་ཏེ་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཐོབ་པར་བྱས་སོ། །ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྟོན་ཅིང་སློབ་ན་ཇི་ལྟ་བུར་ཐེག་པ་ཆེན་པོ་གཞུང་མི་འགྱུར་བ་བྱེ་བྲག་ཕྱེད་པ་ཀུན་སྤྱོད་སྦྱོར་དུ་ཆུག་ཅིག་།དེ་ནས་དགའ་བོས་འདུག་པ་སྟན་ལས་ལངས་ཏེ་མདུན་དུ་སངས་རྒྱས་ལ་གསོལ་པ། ཡང་དག་པར་གཤེགས་པས་ཐེག་པ་ཆེན་པོའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་མདུད་པ་གཅོད་པ་སྐྱེ་བ་མེད་པའི་ཚོར་བ་བསོད་པ་བཤད་པ། བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་ཆོས་ཀྱི་མིང་ཅི་ཞེས་བགྱི། ཆོས་ཀྱི་གཞུང་དེ་མནོས
51.155b
ཏེ་གཟུངས་སུ་བཟུང་ན་བསོད་ནམས་ཇི་ཙམ་ཞིག་ཐོབ། སངས་རྒྱས་ཀྱི་བྱམས་པའི་ཐུགས་རྗེས་བདག་ལ་བཀྲོལ་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་གསུངས་པ། ཕོ་དགེ་བ་ཆོས་ཀྱི་ཡི་གེ་འདིའི་མིང་ནི་བསམ་གྱིས་མི་ཁྱབ་སྟེ། སྔ་མ་འདས་པའི་སངས་རྒྱས་རྣམས་ཀྱིས་འོར་བར་དགོངས་པས་ཡང་དག་པར་གཤེགས་པའི་ཡེ་ཤེས་ཀྱི་མཚོར་ཆུད་པར་གསུངས་སོ། །སེམས་ཅན་ལ་ལ་ཞིག་གིས་ཆོས་ཀྱི་ཡི་གེ་འདི་གཟུངས་སུ་འཛིན་པ་གཅིག་ཡོད་ན་ཆོས་ཀྱི་ཡི་གེ་ཐམས་ཅད་ལ་ཅི་ཡང་རེ་ཞིང་བཙལ་བ་མེད། ཆོས་ཀྱི་ཡི་གེ་འདིས་ནི་ཆོས་ཀུན་གྱི་མདོ་བཏུས་ཏེ། ཆོས་སོ་ཅོག་གི་གཅེས་པ་བསྡུས་སོ། །ཆོས་ཀྱི་ཡི་གེ་རྣམས་ཀྱི་ཕྱི་མོའི་བསམས་པ་སྟེ། ཆོས་ཀྱི་ཡི་གེ་འདིའི་མིང་ནི་ཐེག་པ་ཆེན་པོ་བསྡུས་སོ། །ཡང་མིང་རྡོ་རྗེའི་ཏིང་ངེ་འཛིན་ཅེས་ཀྱང་བྱའོ། །ཡང་མིང་དཔག་ཏུ་མེད་པའི་གཞུང་གི་ཕྱི་མོ་ཞེས་ཀྱང་བྱ་སྟེ། མི་ལ་ལ་ཞིག་གིས་ཆོས་ཀྱི་ཡི་གེ་འདི་མནོས་ཏེ་གཟུངས་སུ་འཛིན་པ་ཞིག་ཡོད་ན་དེ་བརྒྱ་སྟོང་གིས་སངས་རྒྱས་གཟུངས་སུ་འཛིན་པ་སྟེ། དེ་ལྟ་བུའི་ལེགས་པའི་དོན་ནི་དཔེར་ནམ་མཁའ་དང་མཚུངས་མུ་མཐའ་མེད་དེ། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་ཡི་གེ་འདི་གཏམས་བཅོལ་ཏོ། །དགའ་བོས་གསོལ་པ། ཇི་ལྟ་བུའི་སེམས་སྤྱོད་པ་དང ། ཇི་ལྟ་བུའི་མིས་ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འཛིན། སངས་རྒྱས་ཀྱིས་གསུངས་པ། ཕོ་དགེ་བ་ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འཛིན་པའི་མི་དེ་ནི་སེམས་ཐོབ་པ་དང ། སྟོར་བ་མེད་ལ་རྟག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། འདྲན་ཏོར་བརྗོད་པ་ལ་ཡང་རྟག་པར་མི་གཡོ་བའི་སེམས་ལ་དད་དེ། གྲོང་ཁྱིམ་དུ་ཞུགས་པ་ཡང་སེམས་རྟག་པར་ཐུབ་པ་ལ་འདུག་གོ། །ཁྱིམ་དུ་འདུག་ན་ཡང་ཡོད་པ་གསུམ་ལ་མ་ཆགས་པ་དེ་ལྟ་བུའི་ད་ལྟར་གྱི་ཚེའི་དུས་ལ་དཔལ་ཡོན་རྣམ་པ་ལྔ་ཡོད་དེ། གཅིག་ནི་ཕལ་གྱིས་བཙུན་ཞིང་གུས་པའོ། །གཉིས་ནི་ལུས་ཡེ་འདྲོག་ཏུ་མི་མཆི་བའོ། །
51.156a
གསུམ་ནི་ཡོན་པོ་ཆད་པ་ཡིད་མྱུར་དུ་ལན་ལོན་པའོ། །བཞི་ནི་སེམས་ཅན་བསྒྲལ་བ་ལ་སྲེད་པའོ། །ལྔ་ནི་འཕྲུལ་གྱི་ལམ་དུ་འཇུག་ནུས་པ་སྟེ། དེ་ལྟ་བུའི་མིས་ནི་ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འཛིན་ཏོ། །དགའ་བོས་གསོལ་པ། དེ་ལྟ་བུའི་མིས་ནི་སེམས་ཅན་རྣམས་བསལ་ལ་ཡོན་བླང་དུ་རུང་ངམ་མི་རུང ། སངས་རྒྱས་ཀྱིས་གསུངས་པ། དེ་ལྟ་བུའི་མིས་ནི་སེམས་ཅན་རྣམས་ཀྱི་ཕྱིར་དཔལ་ཞིང་ཆེན་པོ་བྱས་ནས་རྟག་པར་ཤེས་རབ་ཆེན་པོ་སྤྱད་དེ། དཔལ་གྱི་རང་བཞིན་བདེན་པ་གཉིས་ཀ་གནས། དགེ་འདུན་གྱི་གཞི་རྟེན་པ་ཡིན་ཏེ། ཡོན་རྣམས་ལ་མགོ་དང ། མིག་དང ། རྐང་པ་དང ། གླད་པ་དེ་ཀུན་ཀྱང་བླང་དུ་རུང་ན། གོས་དང་ཁ་ཟས་བླང་དུ་རུང་བ་ལ་སྨོས་ཀྱང་ཅི་དགོས། ཕོ་དགེ་བ་དེ་ལྟ་བུའི་མི་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། ཁྱོད་ཀྱི་ཟམ་པ་ཡིན་ན། མི་ཐ་མལ་པ་ལྟ་སྨོས་ཀྱང་ཅི་དགོས་ན་ཡོན་མི་འབུལ། དགའ་བོས་གསོལ་པ། མི་དེ་ལ་ཆོས་ཀྱི་ཡི་གེ་དེ་མནོས་ཏེ། གཟུངས་སུ་བཟུང་བ་ཡོན་ཕུལ་ན་མི་དེས་དཔལ་ཡོན་ཇི་ཙམ་ཐོབ། སངས་རྒྱས་ཀྱིས་གསུངས་པ། ཡང་མི་ལ་ལ་ཞིག་གིས་མཁར་གང་བའི་གསེར་དངུལ་ཁྱེར་ཏེ་སྦྱར་བར་བྱས་པས་མི་དེས་ཆོས་ཀྱི་བཤད་ཟིན་ནས། དེའི་ཚེ་དགའ་བོ་དང ། བྱང་ཆུབ་སེམས་དཔའ་དང ། ཕལ་སྡེ་བཞིན་ཀུན་ཤིན་ཏུ་དགའ་སྟེ། སེམས་ཀྱིས་ཡང་དག་པའི་མིར་གྱུར་པ་ཐོབ་ནས་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། དགའ་ནས་གུས་པར་སྤྱོད་དོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ། རྫོགས་སྷོ།།