rKTs


J791

(e-text produced by ADARSHA)

see text in transliteration
106.91b
རྒྱ་གར་སྐད་དུ། ཨཱརྱ་བི་ཤི་ཥ་བ་ཏི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྦྲུལ་གྱི་ལོའི་དགུན་ཟླ་ར་བའི་ཚེས་ཉི་ཤུ་ལ་ཡུལ་ཕུག་རོན་ཅན་ན། གྲོང་ཁྱེར་སན་ཙོ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཚེ་བརྗོད་ཅེས་བྱ་བ་དོན་ཞིག་གི་ཕྱིར་གྲོང་ཁྱེར་གནས་སོང་ཞེས་བྱ་བར་སོང་སྟེ། དགེ་སློང་དེ་རྒྱ་ཡུལ་གྱི་གྲོང་ཁྱེར་ནས་དཔག་ཚད་བརྒྱའི་ལམ་དུ་ཕྱིན་པ་དང ། དགེ་སློང་དེས་པར་དེར་མི་ལུས་ཆེན་པོ་ཁྲུན་དུ་མཐུ་སུམ་བཅུ་ཡོད་པ། བཞིན་མཐོ་བཞི་པ་ཞིག་རྒྱང་རིང་པོ་ནས་མཐོང་ངོ ། །མཐོང་ནས་ཀྱང་དགེ་སློང་ཚེ་རྗོད་དེས་མི་དེ་ལྟ་བུ་དེ་ལ་འདི་སྙམ་དུ་བསམས་ཏེ། ཀྱེ་མ་མི་འདི་ནི་ལུས་ཆེ་སྟེ། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན་དུ་ངེས་སོ་སྙམ་ནས། དེས་པུས་མོ་གཉི་གའི་ལྷ་ང་ས་ལ་བཙུགས་ཏེ། མི་ལུས་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། མི་ལུས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ཁྱོད་འཇམ་དཔལ་གཞོན་ནུར་གྱུར་པ་སྟེ། འདི་ན་གདའ་འམ། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དེ་དེ་བཞིན་ནོ། །དགེ་སློང་དེས་སྨྲས་པ། འཇམ་དཔལ་ཁྱོད་ཅིའི་སླད་དུ་འདི་ན་གདའ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། དགེ་སློང་འཛམ་བུའི་གླིང་འདིར་སེམས་ཅན་རྣམས་ལ་ནད་རྣམ་པ་སྣ་ཚོགས་བྱུང་སྟེ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། དྲི་ཟ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་ངོས་གཅིག་ལ་གནས་སོ། །དེས་ཉི་ཟླའི་འོད་ཀྱང་མི་མངོན། ཉི་མ་དང ། ཟླ་བ་དང ། གཟའ་དང ། རྒྱུ་སྐར་རྣམས་ཀྱང་ནམ་མཁའི་བར་སྐབས་ན་མི་སྣང་ངོ ། །དེའི་ཚེ་ལྷ་དང ། ལྷ་མ་ཡིན་ཀྱང་གཡུལ་འགྱེད་དེ། གཡུལ་བཀྱེ་བ་དང་ལྷ་རྣམས་ནི་ཕམ། ལྷ་མ་ཡིན་རྣམས་ནི་རྒྱལ་ཏེ། དེའི་ཚེ་འབྱུང་པོ་དང ། ཡི་དགས་རྣམས་བུད་མེད་ཀྱི་གཟུགས་ཀྱིས
106.92a
སེམས་ཅན་རྣམས་ལ་ནད་གཏོང་སྟེ། འདི་ལྟ་སྟེ། ལྐོག་མའི་ལྷ་གོར་ན་བ་དང ། འབྲུམ་ཕྲན་དང ། མེ་དབལ་དང ། ལྟོ་ན་བ་དང ། རིམས་ཉིན་གཅིག་པ་དང ། ཉིན་གཉིས་པ་དང ། ཉིན་གསུམ་པ་དང ། ཉིན་བཞི་པ་དང ། རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འདུས་པ་ལས་གྱུར་པ་དང ། ཀླད་པ་ན་བ་དང ། ཕོལ་མིག་དང ། གཡན་པ་དང ། ཚད་པ་དང ། མིག་ནད་ལ་སོགས་པ་ཉེ་བར་སྒྲུབ་བོ། །འདི་ལྟ་སྟེ། ཆར་ཆེ་བ་དང ། ཐན་པ་དང ། དུས་མ་ཡིན་པའི་ཆར་གྱིས་ལོ་ཏོག་ཕུན་སུམ་ཚོགས་པའི་འོངས་འཕྲོག་།སེམས་ཅན་རྣམས་ཀྱི་མདངས་འཕྲོག་།ཚེ་དང ། སྟོབས་དང ། མདོག་དང ། གཟུགས་འཕྲོག་སྟེ། དེའི་ཚེ་འཛམ་བུའི་གླིང་ན་སེམས་ཅན་ཐམས་ཅད་ནད་སྣ་ཚོགས་ཀྱིས་ཡོངས་སུ་ཉེན་ཏོ། །གཏུམ་པོ་སེང་གེ་དང ། སྤྱང་ཀི་དང ། སྟག་དང ། སྦྲུལ་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་རྣམས་ཀྱི་མདངས་འཕྲོག་སྟེ། འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་དུས་མ་ཡིན་པར་ཆུད་ཟ་བར་ཉེ་བར་གནས་པས་སེམས་ཅན་རྣམས་ནད་ལས་ཐར་བར་བྱ་བ་ཡང་དཀའ་སྟེ། འཛམ་བུའི་གླིང་འདིར་སེམས་ཅན་རྒན་པ་དང ། བར་མ་དང ། གཞོན་པ་དག་ལས་དཀྲིགས་ཕྲག་སུམ་བཅུ་འཆི་བར་འགྱུར་རོ། །དེའི་ཕྱིར་ང་དགེ་སློང་ཁྱོད་ཀྱི་གན་དུ་འོངས་ཀྱིས། ཁྱོད་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་རྣམ་གྲངས་འདི་སྒྲོགས་ཤིག་།དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ནི་འདི་སྙམ་དུ་བདག་ཅག་ཇི་ལྟར་སྡུག་བསྔལ་གྱིས་བཅིངས་པ་ཐམས་ཅད་ལས་ཐར་བར་འགྱུར་སྙམ་དུ་རེ་བའི་ཕྱིར་རོ། །དེ་ལྟ་བས་ན་དགེ་སློང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་མདོ་འདི་སྒྲོགས་ཏེ། སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་ནན་ཏན་གྱིས་ཤིག་།དཀོན་མཆོག་གསུམ་ལ་རྟག་པར་རྒྱུན་དུ་དད་པར་གྱིས་ཤིག་།ལྷ་རྗེད་ཅིག་།དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་སམ། སྐུ་གཟུགས་རྣམས་ལ་སྤོས་དང ། མེ་ཏོག་དང །
106.92b
བདུག་པ་རྣམས་ཀྱིས་མཆོད་པར་གྱིས་ཤིག་།ཁྱད་པར་ཅན་གྱི་གཟུངས་ཀྱང་ལྷོགས་ཤིག་།ཉི་མ་བདུན་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་ཉེ་བར་གནས་པར་གྱིས་ཤིག་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་ཡངས་ཟབ་མོ་འབྲུག་བསྒྲགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བི་པུ་ལ་གརྫི་ཏེ། བི་པུ་ལ་སཝཱ་རེ། བི་པུ་ལ་ཡོ་ནི་ཤེ། ཨ་ན་ལ་སེ། ཨ་ན་ལ་སཾ་བྷ་བེ། ཨ་ན་ལ་ས་གི་ཏཾ་ག་ཏེ་སཝཱ་ཧཱ། དེ་བཞིན་གཤེགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧེ་མ་ཧེ་མ། ཧ་མ་ཧ་མ་སཝཱ་ཧཱ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲིན་ཏེ། ཨ་མི་ཏ་བི་ཀྲན་ཏཾ་ཀ་རེ། ཨ་མི་ཏ་ག་ག་ན་ཀཱིར་ཏི་ཀ་རེ་སཝཱ་ཧཱ། དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ག་ག་ན་ཨ་ཀ་ར། ག་ག་ན་སཾ་བྷ་བེ། ག་ག་ན་ཀཱིར་ཏི་ཀ་རེ་སཝཱ་ཧཱ། དེ་བཞིན་གཤེགས་པ་ཀུན་ནས་སྤོས་མཆོག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ས་མ་ས་མེ་སཝཱ་ཧཱ། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱིས་འབྲུག་བསྒྲགས་གཤེགས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་ས་མ་ས་མེ་སཝཱ་ཧཱ། དེ་བཞིན་གཤེགས་པ་ང་རྒྱལ་གནོན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མ་ན་བི་ཤུད་དྷེ། པད་མེ་ཤཝ་རེ། པད་མ་སཾ་བྷ་བེ། ཀིང་ཀ་རེ། ཧི་ཏཾ་ཀ་རི་ཡེ་སཝཱ་ཧཱ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཤཝེ་ཏ་ཀ་ར་བྷེ་ཛྭ་ལི་ཎཱི་སཝཱ་ཧཱ། ཛཾ་བྷ་ནེ། སྟཾ་བྷ་ནེ། མོ་ཧ་ནེ་སཝཱ་ཧཱ། པོ་ཎ་ཌ་རི་ཀཱ་ཡ་སཝཱ་ཧཱ། ཧོ་མེ་དྷརྨེ་དྷརྨཱ་ཙིན་ཧཱ་ཡེ་སཝཱ་ཧཱ། དྷ་རེ་བྷི་དྷ་རེ། ཀ་ལ་པིང་ཀ་རུ་ཏཱ་ཡེ་སཝཱ་ཧཱ། ཤཱན་ཏེ། ཀཱིན་ནེ། ནིརྦཱ་པ་ཎྱེ་སཝཱ་ཧཱ། དྷུ་རུ་དྷུ་རུ། བི་དུ་རུ་དྷི་ཡེ་སཝཱ་ཧཱ། བི་ལ་མ་པྲ་ཙུན་དྷཱ་ཡེ་སཝཱ་ཧཱ། ཨ་བ་ལོ་ཀི་ཏ། བི་ལོ་ཀེ་ཏཱ་ཡེ་སཝཱ་ཧཱ། ཨང་ཉཱ
106.93a
ནྱ་བི་དྷ་མ་ནྱེ་སཝཱ་ཧཱ། པད་མ་སཝ་རེ། པད་མ་སཾ་བྷ་བེ། ཀིང་ཀ་རེ་ཧི་ཏང་ཀ་རི་ཡེ་སཝཱ་ཧཱ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙན་དྲ་པྲ་བྷེ། ཙན་དྲ་ན་གརྦྷེ། ་ཙན་དྲ་ན་ཙུརྞེ། ་ཀེ་ཀེ་ལ་ས་བ་ཏི། སརྦ་བུད་དྷ་ཨ་དྷི་ཥྛི་ཏ་ཨ་ནུ་མོ་དི་ཏེ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཛ་ཡེ་ཛ་ཡེ། ཛ་ཡ་ལ་བ་དྷེ། ཛ་ཡ་མ་ཧཱ་མ་ཧེ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ག་ག་ན་ཨརྱེ། ག་ག་ན་ས་མུད་ག་ཏེ། ག་ག་ན་བི་ཀྲཱན་ཏ། ་བི་ཀྲཱན་ཏེ། ཨེ་ཛི་མེ་ཛི། པད་མོ་ཛི་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧེ་བྷ་དྲེ། མ་ཧཱ་བྷ་དྲེ། ཨ་ཏི་བྷ་དྲེ། ས་མན་ཏ་བྷ་དྲེ། བི་ག་ཏ་རཱ་ཛ་མེ། མ་ཧཱ་བི་ག་ཏ་རཱ་ཛ་སེ། ཨ་ཏི་བི་ག་ཏ་རཱ་ཛ་སེ། ཧེ་མ་བ་ཏི། ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མཻ་ཏྲྀ་མཻ་ཏྲི། མཻ་ཏྲ་མ་ན་སེ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། གརྦྷེ་གརྦྷེ་གརྦྷེ། གརྦྷ་བི་ཤོ་དྷ་ནེ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་ཀྵ་ཡེ་ནུ། ཨ་ཀྵ་ཡེ་ཕུ། ཨ་ཀྵ་ཡ་ཀརྨ་བི་ཤོ་དྷ་ནེ་ཕུ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀཱིརྟི་ཏཱ་སརྦ་ཛ་ནཻ། ཨ་བྷི་ཀཱིརྟི་ཏ་སརྦ་ཛི་ནཻ། བཛྲ་ཨ་ཀ་རེ། བཛྲ་སཾ་བྷ་བེ། བཛྲ་བེ་དཱ་ཀ་རེ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། སརྦ་ཨཱ་བ་ར་ཎ་བི་སྐཾ་བི་ཎྱཻ་སཝཱ་ཧཱ། དྷཱ་ཏུ་བི་ཀ་ར་ཎྱཻ་སཝཱ་ཧཱ། མེ་གྷ་བི་སྦོ་ཊ་མེ་སཝཱ་ཧཱ། ཨ་པ་རཱ་ཛི་ཏ་ཀཱ་ཡེ་སཝཱ་ཧཱ། བ་ལ་ད་ད་ཎྱཻ་སཝཱ་ཧཱ། བོ་དྡྱད་དད་ཎྱཻ་སཝཱ་ཧཱ། ཀརྨ་ནིརྦྷ་བི་ཏ་ཀཱ་ཡཻ་སཝཱ་ཧཱ། ཨེ་ཀ་ཨ་ར་མ་ཡཻ་སཝཱ་ཧཱ། ཡོ་གཱ
106.93b
ཙཱ་རཱ་ཡཻ་སཝཱ་ཧཱ། སརྦ་བུད་དྷ་ཨ་བི་ཥི་ག་ཏཱ་ཡཻ་སཝཱ་ཧཱ། བྲཧྨོ་པ་ཀུ་ཏེ་ཡཻ་སཝཱ་ཧཱ། སརྦ་དྷརྨ་ཨ་བྷི་ཥིག་ཏཱ་ཡཻ་སཝཱ་ཧཱ། སརྦ་བུད་དྷ་ཨ་བྷི་ཥཱ་ཏ་ཡཻ་སཝཱ་ཧཱ། ཨེ་ཀ་ཤྲིང་ག་ཡཻ་སཝཱ་ཧཱ། ཨ་ཤྲིང་གཱ་ཡཻ་སཝཱ་ཧཱ། བྷཱུ་ཏཱ་ཡཻ་སཝཱ་ཧཱ། ཨ་སཾ་བྷཱུ་ཏ་ཡེ་སཝཱ་ཧཱ། སརྦ་དུཿ ཁོ་པ་ཤ་མ་ཎྱཻ་སཝཱ་ཧཱ། ཟླ་འོད་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙན་དྲ་པྲ་བྷེ། སུ་པྲ་བྷེ། པྲ་བྷ་ཨ་ཀ་རེ། པྲ་བྷོད་ག་ཏེ། པྲ་བྷོད་ག་ཏེ། པྲ་བྷ་བ་ཏི། པྲ་བྷ་བ་ཏི། དྷརྨ་བི་ཤུད་དྷེ། ཀརྨཱ་བི་ཤུད་དྷིར་བཱ་བ་ཏུ་མཻ་སཝཱ་ཧཱ། ཚེ་རྗོད་གང་ལ་ལ་ཞིག་རིག་སྔགས་འདིས་ཉིན་ཞག་བདུན་དུ་ཉིན་ལན་བདུན་མཚན་ལན་བདུན་དུ་བྱབ་པ་བྱས་ན། དེའི་ལས་ཀྱི་སྒྲིབ་པ་མ་ལུས་པར་རྣམ་པར་དག་པར་འགྱུར་རོ། །དགེ་སློང་བདུན་ལ་ཟས་སྦྱིན་ནོ། །མེ་ལས་མེ་སྤེལ་བར་བྱའོ། །མཚན་མོ་མར་མེ་ཐོགས་ཏེ་མཆོད་རྟེན་ལ་སྟི་སྟང་དུ་བྱས་ལ་བསྐོར་བར་བྱའོ། །དམ་པའི་ཆོས་བྲི་བ་དང ། བཀླག་པ་ལ་བརྩོན་པར་བྱའོ། །གལ་ཏེ་ཡམས་ཀྱི་ནད་ཆེར་བྱུང་ནས་ཁྱིམ་ནས་ཁྱིམ་དང ། གྲོང་ནས་གྲོང་དང ། གྲོང་ཁྱེར་ནས་གྲོང་ཁྱེར་དུ་གན་དྷ་ར་སའི་བདུག་པ་དང ། གཏོར་མ་དང ། ལྷ་བཤོས་ཀྱིས་མཆོད་པར་བྱའོ། །ནད་པ་གང་ཡིན་པ་དེས་ཀྱང་ཆོ་ག་འདི་བཞིན་དུ་བྱས་ན་དེ་མྱུར་དུ་ནད་ལས་ཐར་བར་འགྱུར་རོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སྐྱེ་བོ་ཐམས་ཅད་ཀྱི་རྣ་ལམ་དུ་གྲག་པར་འགྱུར་བར་ཡུལ་ནས་ཡུལ་དང ། གྲོང་ཁྱེར་ནས་གྲོང་ཁྱེར་དང ། གྲོང་ནས་གྲོང་དུ་བཀུར་བར་བྱའོ། །འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ཚེ་བརྗོད་ལ་འདི་སྐད
106.94a
ཅེས་སྨྲས་སོ། །ཚེ་རྗོད་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་ལན་གཅིག་བཀླགས་ན་དེ་བདག་ཉིད་ཐར་བར་འགྱུར་རོ། །སུས་ལན་གཉིས་བཀླགས་ན་དེ་བུ་དང་ཆུང་མ་དང་ལྷན་ཅིག་ཐར་བར་འགྱུར་རོ། །སུས་ལན་གསུམ་བཀླགས་ན་དེ་རྩ་ལག་གི་སྐྱེ་བོ་དང་བཅས་ཏེ་ཐར་བར་འགྱུར་རོ། །སུས་ལན་བཞི་བཀླགས་ན་དེ་ཡུལ་འཁོར་ཐམས་ཅད་ཀྱང་ཐར་བར་འགྱུར་རོ། །སུས་ལན་ལྔ་བཀླགས་ན་དེ་ཉེ་འཁོར་གྱི་རྒྱལ་པོ་དང་བཅས་པ་ཐར་བར་འགྱུར་རོ། །ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་མྱུར་དུ་ཡུལ་གཞན་དུ་ཏུ་བསྐུར་བར་བྱ་སྟེ། དེར་ཡང་ཡོན་ཏན་འདི་དག་འབྱུང་བར་འགྱུར་རོ། །ཚེ་བརྗོད་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ལ་མི་འཛིན་ཏམ། མི་ཀློག་གམ། ཡི་གེར་མི་འདྲི་འམ། ཡི་གེར་འདྲིར་མི་འཇུག་གམ། ཀུན་ཆུབ་པར་མི་བྱེད་དམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་མི་སྟོན་ཏམ། ཡུལ་གཞན་དུ་མི་འབྱིན་ཏམ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། མི་ཉན་ཏམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་ན་མཚམས་མེད་པ་ལྔ་བྱེད་པ་རྣམས་ཀྱི་འགྲོ་བ་ཅི་འདྲ་བ་དེ་འདྲ་བར་དེ་མངོན་པར་འགྲུབ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྨད་པའོ། །ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་རྗོད་སུ་ཞིག་འདི་ཚད་མར་མི་བྱེད་པ་དེ་ནི་ངས་ཐོག་མ་ཉིད་དུ་དད་པར་བྱས་པ་མ་ཡིན་ནོ། །འདི་ལྟར་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་བདེ་བར་འགྱུར་བར་བྱ་བའི་ཕྱིར་ང་རིའི་རྒྱལ་པོ་རི་རབ་ལ་སོང་སྟེ། ལྷ་དང་དྲི་ཟ་རྣམས་ལ་རྗེས་སུ་བསྟན་པ་དང་འཐུན་བྱ་བའི་ཕྱིར་ནན་ཏན་བྱའོ། །དེ་སྐད་ཅེས་སྨྲས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་ཚེ་རྗོད་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ་ལ་མངོན་བར་བསྟོད་དེ་གཟུང་ནས་སོང་ངོ ། །འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། རྫོགས་སོ།། །།
106.94b
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། སྐར་ཞུས།།