༄#། །རྒྱ་གར་སྐད་དུ། ཨཱརྱ་ཨ་བྷི་ཥཱིཉྩ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དབང་བསྐུར་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང ། 106.84a བྱང་ཆུབ་སེམས་དཔའ་གྲངས་མེད་པ་བྱེ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མ་དང ། བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་དང ། བདེན་པའི་སྨོན་ལམ་དང ། བྱང་ཆུབ་སེམས་དཔས་ཡོངས་སུ་གཟུང་བ། བྱང་ཆུབ་སེམས་དཔའི་ཆོས་འདི་དག་སྒོམས་ཤིག་།སྟོན་ཅིག་།འདི་ལྟ་སྟེ། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ན་བཅོམ་ལྡན་འདས་གཟུངས་གཟུངས་ཤེས་བགྱི་བ་ལ། བཅོམ་ལྡན་འདས་གཟུངས་ཤེས་བགྱི་བ་འདིའི་ཚིག་གི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཤཱ་རིའི་བུ་ཁྱོད་འདི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང ། ཐེག་པ་ཆེན་པོ་ལ་མངོན་བར་བརྩོན་པ་དང ། ཐེག་པ་ཆེན་པོ་ལ་ལྷག་པར་བྱ་བ་བྱེད་པ་དང ། ཁྱོད་གཟུངས་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པར་སྟོན་པ་ཡང་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གཟུངས་ནི་ཆོས་ཉིད་ཀྱིས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་མ་ཡིན་ཏེ། ཤཱ་རིའི་བུ་གཟུངས་ནི་འདས་པ་ཞེས་མི་འཆད། མ་འོངས་པ་ཞེས་མི་འཆད། ད་ལྟར་བྱུང་བ་ཞེས་མི་འཆད། དངོས་པོར་མི་འཆད། དངོས་པོ་མེད་པར་མི་འཆད། མཚན་མ་དང ། མཚན་མ་མེད་པར་མི་འཆད། ཆོས་གང་སྐྱེ་བའི་ཕྱིར་རམ། འགག་པའི་ཕྱིར་མི་འཆད་མོད་ཀྱི། ཤཱ་རིའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་ལ་ཕན་པར་བཞེད་པའི་ཕྱིར་སྟོན་ཏེ། གང་འདི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ནི་གཟུགས་མེད་པ། 106.84b བྱ་བའི་ལམ་དུ་གྱུར་པ། རིགས་པའི་སྟོབས་ཀྱིས་གནས་པ། སངས་རྒྱས་ཀྱི་ཡོན་ཏན། སངས་རྒྱས་ཀྱི་ལྷག་པར་བྱ་བ་སྒྲུབ་པ། སངས་རྒྱས་ཀྱི་ཚུལ་ཁྲིམས། སངས་རྒྱས་ཀྱི་བསྡུས་པ། སངས་རྒྱས་ཀྱི་མཚམས་སྦྱོར་བ། སངས་རྒྱས་འབྱུང་བའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་གང་ལ་གནས་ཤིང་གཟུངས་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང ། དམ་བཅའ་བ་བཟང་བ་དང ། ཆོས་ལ་མི་གནས་པ་དང ། བདག་ཐེ་ཚོམ་མ་མཆིས་པ་དང ། སློབ་དཔོན་མ་མཆིས་པ་དང ། རང་གི་ལམ་ལ་གནས་པ་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཤཱ་རིའི་བུ་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཉིད་དུ་བརྗོད་དོ། །ཤཱ་རིའི་བུ་གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ལ་སྟི་སྟང་དུ་བྱེད་དམ། བླ་མར་བྱེད་དམ། རིམ་གྲོར་བྱེད་དམ། མཆོད་ན་དེས་སངས་རྒྱས་ཐམས་ཅད་ལ་སྟི་སྟང་བྱས་པར་འགྱུར་རོ། །གང་དག་གིས་གཟུངས་འདི་ཐོས་པ་དང ། གང་དག་མོས་པ་དེ་དག་ཀྱང་སངས་རྒྱས་རྣམས་ཇི་ལྟ་བ་དེ་བཞིན་དུ་མཆོད་པའི་འོས་སུ་འགྱུར་ཞིང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་རོ། །ཤཱ་རིའི་བུ་གཟུངས་ནི་འདི་ཡིན་ཏེ། སན་དྷཱ་ར་ཎཱི། ཨུད་དྷཱ་ར་ཎཱི། སམ་པྲ་ཏི་ཏཱ། སུ་ཏ་མ། སུ་པྲ་ཏི་ཏཱ། བི་ཛཱ་ཡ་བ་ལཱ། སཝ་བྷ་པྲ་ཏི་ཛྙཱ། ཨཱ་རོ་ཧཱ། ཛྙཱ་ན་པ་ཏི། ཨུད་པཱ་ད་ནཱི། བི་ནཱ་མ་ནཱི། ཨ་བྷི་ཥིཉྩ་ནི། ཨ་བྷི་བྷྱ་ཧཱ་རཱ། ཤུ་བྷ་བ་ཊི། ཨ་ནི་ཤྲཱི་ཏ། བ་ཧུ་ཀུམ་བྷ། ཨ་བྷི་བ་ཙ། ཤཱ་རིའི་བུ་འདི་དག་ནི་དབང་བསྐུར་བ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་མིང་རྣམས་ཏེ། འདས་པ་རྣམས་དང ། མ་འོངས་པ་རྣམས་དང ། ད་ལྟར་བྱུང་བ་རྣམས་དང ། ལེགས་པར་གནས་པ 106.85a རྣམས་བྱང་ཆུབ་སེམས་དཔའ་གང་གིས་ལེགས་པར་བཟུང་སྟེ། འཆང་བ་དེ་མྱུར་དུ་མངོན་བར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བསྐལ་པ་བརྒྱ་དང ། བསྐལ་པ་སྟོང་དག་སྨོན་ལམ་གྱིས་ཟད་པར་བྱེད་པར་འགྱུར། དེ་ལ་མཚོན་གྱིས་མི་ཚུགས་པར་འགྱུར། མེ་དང་སྲོག་ཆགས་མི་སྲུན་པ་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤཱ་རིའི་བུ་གཟུངས་འདི་ནི་འདས་པའི་སངས་རྒྱས་ཀྱི་ཡུམ་མོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོ་གྲངས་མེད་པ་བཅུ་མཐར་ཆགས་སུ་གང་བའི་སངས་རྒྱས་རྣམས་ལ་ན་བཟའ་དང ། ཞལ་ཟས་བཟང་པོས་བསྐལ་པ་གྲངས་མེད་པར་བཟུང་བ་བྱས་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་གིས་གཟུངས་འདི་ལས་ཐ་ན་ཚིག་གཅིག་ཙམ་བཟུང་བ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དབང་བསྐུར་བའི་གཟུངས་འདི་ནི། སངས་རྒྱས་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ནས། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་དབང་བསྐུར་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། སྐར་ཞུས།། |