rKTs


J768

(e-text produced by ADARSHA)

see text in transliteration
106.61a
རྒྱ་གར་སྐད་དུ། ་ཨཱརྱ་ཨཱ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཧྲྀ་ད་ཡ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གང་གཱ་ཏས་བསྐོར་བའི་རྫིང་བུའི་འགྲམ་ན། དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །དེ་ནི་དེ་རུ་སྐྱེ་བར་འགྱུར། །འཆི་བའི་དུས་སུ་སྟོན་པ་ནི། །དགེ་སློང་དགེ་འདུན་བཅས་ཏེ་མཐོང ། །དེ་ན་བུད་མེད་ཡོད་མ་ཡིན། །མངལ་ན་གནས་པ་ཡོད་མ་ཡིན། །རིན་ཆེན་རྣམས་ཀྱི་པད་མོ་ལས། །རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར། །ཟས་དང་གོས་དང་སྨན་རྣམས་དང ། །ཆོས་གོས་མལ་ཆ་ལྷུང་བཟེད་རྣམས། །སེམས་ཀྱི་བསམས་མ་ཐག་ཏུ་ནི། །དེ་དག་མོད་ལ་འབྱུང་བར་འགྱུར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པ་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་འགྱུར། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཕོ་བྲང་འཁོར་དང་བཅས་པ་ཞེས་བྱ་བ་རྒྱར་དཔག་ཚད་ཁྲི་ཡོད་པ་ཞིག་ཡོད་དེ།
106.61b
རྒྱལ་རིགས་སུ་སྐྱེས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཡབ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོའི་མཆོག་ཅེས་བྱ་བར་གྱུར་ཏོ། །དེའི་ཡུམ་ནི་གཟི་བརྗིད་ཅན་ཞེས་བྱ་བར་གྱུར་ཏོ། །དེའི་བཙུན་མོ་ནི་རྒྱལ་རིགས་བཟང་སྐྱོང་མ་ཞེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྲས་ནི་ཟླ་བའི་འོད་ཅེས་བྱ་བར་གྱུར་ཏོ། །རིམ་གྲོ་པ་ནི་སྙན་པ་དྲི་མ་མེད་ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་ནི་བཟང་པོའི་ཏོག་ཅེས་བྱ་བར་གྱུར་ཏོ། །རྫུ་འཕྲུལ་དང་ལྡན་པའི་མཆོག་དང་བརྩོན་འགྲུས་ཆེན་པོ་དང་ལྡན་པའི་མཆོག་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་བདུད་ནི་མཆོད་པའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། །ལྷ་བྱིན་གྱི་མིང་ནི་དང་བ་ཞེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཉན་ཐོས་འདུས་པ་ཆེན་པོ་ནི་ཉན་ཐོས་ཆེན་པོ་དྲུག་ཁྲི་ཡོད་དོ། །དགེ་སློང་དག་སེམས་ཅན་ཐམས་ཅད་ཀྱིས་ལེགས་པར་བསམས་ཏེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་མཚན་ལེགས་པར་བཟུང་ལ། ཞག་བཅུར་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་མ་ཡེངས་པར་བསྒོམ་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་བཞུགས་པའི་དེ་བཞིན་གཤེགས་པ་ཚེ་དཔག་མེད་རྒྱུན་དུ་ཡིད་ལ་བྱའོ། །དཔལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་ཡང་རྟག་ཏུ་བཟླས་བརྗོད་བྱའོ། །ཉིན་ལན་གསུམ་མཚན་ལན་གསུམ་ཡན་ལག་ལྔས་ཕྱག་བྱས་ལ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་བསམས་ན་ཞག་བཅུ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མཐོང་བར་འགྱུར་རོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །དགེ་བའི་རྩ་བ་ཐམས
106.62a
ཅད་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཡོངས་སུ་བསྔོས་ན། དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མདུན་ན་བཞུགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། ཤ་བ་ལེ། ཨ་བ་ལེ། ས་མ་ཛ་ལེ། ནིར་དེ་ཤེ། ནིར་ཛ་ཏེ། ནི་རུག་ཏེ། ་་ནིར་མུ་ཁེ། ཛྭ་ལ་པ་རི་ཚེ་ད་ནི། སུ་ཁ་བ་ཏི་ནིར་དེ་ཤེ། ཨ་མི་ཏེ། ཨཱ་ཡུ་གར་བྷ་ནིར་ཧཱ་ནི། ཨ་མྲི་ཏི་ཨཱ་ཡུར་པྲ་ས་ད་ནི། ནིར་བུདྡྷི་ཨཱ་ཀཱ་ཤ་ནིར་དེ་ཤེ། ཨཱ་ཀཱ་ཤ་ནི་རྫ་ཏི། ཨཱ་ཀཱ་ཤ་ནིར་ཀུ་ཤ་ལེ། ཨཱ་ཀཱ་ཤ་ནི་དར་ཤཱ་ནེ། ཨཱ་ཀཱ་ཤ་ཨ་དྷིཥྛཱ་ནེ། སུ་ཁ་བ་ཏི་ཨ་དྷི་ཥྛཱ་ནེ་རཱུ་པ་ནིར་དེ་ཤེ། ཙ་ཏྭཱ་རི་དྷརྨ་པྲ་སཱ་ད་ནེ། ཙ་ཏྭ་རི་ཨཱརྱ་སཏྱ་པྲ་སཱ་ད་ནི། ཙ་ཏྭ་རི་མཱརྐ་བྷ་ན་པྲ་སཱ་ད་ནི་བ་ལ་བིརྱ་པྲ་སཱ་ད་ནེ། དྷརྨཱ་ཚེ་ད་ནི། ཀུ་ཤ་ལེ། ཀུ་ཤ་ལ་ནིར་དེ་ཤ་།ཀུ་ཤ་ལ་པྲ་ཏིཥྛཱ་ནེ། བུདྡྷཱ་ཀུ་ཤ་ལེ། བི་ཤུད་དྷ་པྲ་བྷ། ས་དྷརྨ་ཀ་ར་ནི། ་་ནིརྫ་ཏི། ནིར་བུདྡྷེ། བི་མ་ལེ། བི་ར་ཛེ། རཱ་ཛཱ་ས། ར་ས་གྲེ། ར་སཱ་གྲ་པ་ལེ། ར་སཱ་གྲ། ཨ་དྷི་ཏེ། ཀུ་ལེ་པྲ་ཏི་ཀུ་ལེ། བི་ཀུ་ལེ། དྷན་ཏེ་ཏེ་སུ་དྷན་ཏ་ཙིད་ཏེ། སུ་པྲ་ཤན་ཏ་ཙིད་ཏེ། སུ་པྲ་ཏི་ཏེ། སུ་ལེ་སུ་མུ་ཁཱི། དྷརྨེ་ཙ་དྷརྨེ། ་བ་ལེ་ཙ་བ་ལེ། ཨ་ནུ་ཤ་ཨ་བ་ལེ། བུདྡྷ་ཨཱ་ཨཱ་ཀཱ་ཤཱ་གུཎ་བུདྡྷ། ་་་ཨཱ་ཀཱ་ཤཱ་ནིར་གུ་ཎི། ་ཨ་མྲྀ་ཏ་དུ་བྷི:སཝ་རེ་སཝཱ་ཧཱ། དགེ་སློང་དག་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་ཇི་སྐད་བསྟན་པ་དེ་བཞིན་དུ་ཁ་ཏོན་བྱེད་པ་དེས། གོས་གཙང་མ་བགོས་ཏེ་ས་ཕྱོགས་གཙང་ཞིང་དྲི་མ་མེད་པར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་མེ་ཏོག་དང་སྤོས་ཀྱིས་མཆོད་པ་བྱའོ། །བྱང་ཆུབ་ཀྱི་སྙིང་པོའི་པད་མའི་གནས་དང ། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་ཡང་ཡིད་ལ་བྱའོ། །དེ་ལ་ཡང་འདོད་པ་བསྐྱེད་པར་བྱ་སྟེ། འདོད་པ་དང་དད་པ་བྱས་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག
106.62b
དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤིང་གི་རྒྱལ་པོ་ནི་རིན་པོ་ཆེའི་པད་མ་རྣམ་པར་སྣང་བ་ཞེས་བྱ་བ་ཤིང་དེ་མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པའོ། །པད་མའི་གདན་ནི་དག་ཅིང་གསལ་ལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་སྟེ། རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་སོ། །གཡས་ན་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོ། །གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་ཏོ། །དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་དད་པ་དང་གུས་པ་མང་བ་དེ་དེར་སྐྱེ་བར་འགྱུར་ཏེ། གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ་སྣ་བདུན་གྱི་པད་མ་ཆེན་པོ་དག་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །དགེ་སློང་དག་དགེ་སློང་ཕ་འམ། དགེ་སློང་མ་འམ་དགེ་བསྙེན་ཕ་འམ་དགེ་བསྙེན་མ་གང་ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ་མེའི་འཇིགས་པ་མི་འབྱུང ། ཆུའི་འཇིགས་པ་མི་འབྱུང ། དུག་གི་འཇིགས་པ་མི་འབྱུང ། མཚོན་ཆའི་འཇིགས་པ་མི་འབྱུང ། གནོད་སྦྱིན་གྱི་འཇིགས་པ་མི་འབྱུང ། སྲིན་པོའི་འཇིགས་པ་མི་འབྱུང ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པུ་ཎྱ་སཝ་བྷ་ཝ་དང ། ལོཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།།