་་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་གྱི་ནོར་བུའི་རྟོག་པ་ལས་སྨོན་ལམ་འབྱུང་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་བ་དགོངས་སུ་གསོལ། འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང ། མཚན་ནས་བརྗོད་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་བཟད་པ་ཐམས་ཅད་ཞི་ཞིང་རྒྱུན་ཆད་པར་གྱུར་ཅིག་།བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང 101.328a ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་དང་གནོད་པ་དང ། ཕྱིར་རྒོལ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་།བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་དང ། མི་དགེ་བའི་ཆོས་དང ། བདུད་ཀྱི་ལས་སྐྱེས་པ་ཐམས་ཅད་བྱང་ཞིང་གྲོལ་བར་གྱུར་ཅིག་།བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་རྟག་ཏུ་མཐོང་ཞིང་སྨོན་ལམ་ཇི་སྐད་བསྟན་པ་ཐམས་ཅད་ཀྱང་མྱུར་དུ་ཐོབ་པར་གྱུར་ཅིག་།བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་འཕགས་པ་གང་དག་ཞལ་མངོན་སུམ་དུ་ལྟ་ཞིང་དམ་པ་མཆོག་གསོལ་བ་ཐམས་ཅད་ཀྱང་དེ་བཞིན་དུ་གྲུབ་པར་གྱུར་ཅིག་།བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་གྱི་འཇིག་རྟེན་དག་ན་ཕོངས་ཤིང་ཉམས་ཐག་བ་ཐམས་ཅད་ལ་ཕན་པ་དང ། བདེ་བར་བགྱིད་པ་ལ་མཐུ་ཆེན་པོ་ཐོབ་པར་གྱུར་ཅིག་།བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི 101.328b དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། འཇིག་རྟེན་དག་ན་མུ་གེའི་དགོན་པ་ཆེན་པོ་དང ། མེ་དང ། ཆུ་དང ། རླུང་ལ་སོགས་པའི་གནོད་པ་གང་བྱུང་བས་སྐྱེ་བོ་མང་པོ་ཉམས་ཐག་པ་དེ་དག་ཞི་བ་དང་མ་མཆིས་པར་བགྱིད་པར་གྱུར་ཅིག་།བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་གང་དག་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཆི་འཕོ་བའི་འཇིག་རྟེན་ཆེན་པོ་ཉེ་བར་གནས་པ་ན་ཡང ། འཕགས་པ་ཐུགས་རྗེའི་དབང་ཕྱུག་ཁྱོད་ཞལ་མངོན་སུམ་དུ་མཐོང་ཞིང་དབུགས་འབྱིན་པ་ཆེན་པོ་མཛད་པར་གྱུར་ཅིག་།བདག་དང་སེམས་ཅན་གཞན་འཆི་འཕོ་བ་དག་གིས་ཀྱང་ཉོན་མོངས་པའ་དག་གིས་མ་སྤྲོས་པ་ཆོས་བདག་མེད་པ་དྲན་པ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་ཚད་མེད་པར་བརྟན་པ། སེམས་མ་ཞུམ་པ། སྤོབས་པ་ཐོགས་པ་མེད་པ་དང་ལྡན་ཞིང ། སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ཉེ་བར་ཞི་ཞིང ། དྲན་པ་ཉེ་བར་གཞག་བཞིན་དུ་འཆི་འཕོ་བར་གྱུར་ཅིག་།ཚེ་རབས་ཐམས་ཅད་དུ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་སྐྱེ་ཞིང་ཚེ་རབས་རྗེས་སུ་དྲན་པ་དང ། བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་པ་དང་ལྡན་པས། འཕགས་པ་ཐུགས་རྗེའི་དབང་ཕྱུག་ལ་སོགས་པ་མཉེས་པར་བགྱིད་ཅིང ། ཇི་སྐད་བསྟན་པ་བཞིན་དུ་གྲུབ་པའི་མཐུ་དང་ལྡན་པར་གྱུར་ཅིག་།ཇི་ལྟར་ཐུགས་རྗེའི་དབང་ཕྱུག་དེས་ཐུགས་རྗེ་ཆེན་པོའི་རྣམ་པར་ཐར་པའི་སྒོ་ལྷུན་གྱིས་གྲུབ་པ་དང ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་རོ་གཅིག་པར་གྱུར་ཅིག་།ཇི་ལྟར་ཐུགས་རྗེའི་དབང་ཕྱུག་གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་དུ་བདག་དང 101.329a སེམས་ཅན་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པ་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པ་དང ། སངས་རྒྱས་ཀྱི་ཞིང་གི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པར་གྱུར་ཅིག་།ཇི་ལྟར་དུས་གསུམ་གྱི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཚན་ནས་བརྗོད་ཅིང་བསྙེན་བཀུར་བགྱིས་པར་གྱུར་ཅིག་།ཇི་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་ཐུགས་རྗེའི་རང་བཞིན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་ཅིང་མཆོད་པ་བགྱིས་པས། ཐུགས་རྗེ་ཆེན་པོའི་ཡུལ་དུ་གྱུར་པ་སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཆེན་པོའི་ཐབས་ཀྱི་སྦྱོར་བ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག་།ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ་སྙེད་བདག་ནི་ལུས་སྐྱེས་པར། །དེ་སྲིད་མགོན་པོ་མཆོད་བགྱིད་ཅིང ། །དེ་སྙེད་ལུས་སྦྱོར་ཚོགས་བགྱིད་ཤོག་།ཇི་སྲིད་བདག་ནི་འཁོར་བའི་ཚེ། །ཇི་སྐད་བདག་གིས་ངག་སྐྱེས་པར། །དེ་སྲིད་མགོན་པོ་མཚན་བརྗོད་ཅིང ། །ངག་གི་སྦྱོར་བ་ཚོགས་བགྱིད་ཤོག་།ཇི་སྲིད་བདག་ནི་འཁོར་བ་ན། །དེ་སྙེད་བདག་གི་ཡིད་འབྱུང་བ། །དེ་སྙེད་མགོན་པོ་རྗེས་དྲན་ཞིང ། །ཡིད་སྦྱོར་ཚོགས་པར་བགྱིད་གྱུར་ཅིག་།དེ་ལྟར་ལུས་དང་ངག་ཡིད་ཀྱིས། །ཐུགས་རྗེའི་དབང་ཕྱུག་རྟེན་བགྱིས་པས། །ལུས་དང་ངག་ཡིད་སྐྱོན་བྲལ་ཞིང ། །ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག་།དེ་ལྟར་ལུས་ངག་ཡིད་ཀྱིས་སུ། །ཐུགས་རྗེའི་དབང་ཕྱུག་སྐུ་གསུང་ཐུགས། །རྟག་ཏུ་སྦྱོར་བར་བགྱིས་པས་ན། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །སྲིད་གསུམ་རེ་བའི་གནས་གཅིག་པོ། །དེ་འདྲར་བདག་ཀྱང་གྲུབ་གྱུར་ཏེ། །སྲིད་གསུམ་རེ་རྫོགས་བགྱིད་གྱུར་ཅིག་།ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་པ་ལོ 101.329b ཀེ་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཙཀྲ་བ་ཏི། ཙིནྟ་མ་ཎི་མ་ཧཱ་པ་དུ་མེ་རུ་རུ་ཏིཥྛ། ཛྭ་ལ་ཨཱ་ཀར་ཥ་ཡ་ཧཱུཾ་ཕཊ་སཝཱ་ཧཱ། རྩ་བའི་སྔགས་རྫོགས་སྷོ།། |