rKTs


J711b

(e-text produced by ADARSHA)

see text in transliteration
100.88b
༄#། ་།དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་གྱི་འཇིག་རྟེན་ན་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྷ་མོ་ཆེན་མོ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། སེམས་ཅན་གང་སུ་ཡང་རུང་བས་དཔལ་ཆེན་མོ་འདིའི་མིང་བཅུ་གཉིས་ཤེས་ཏེ་འཆང་བ་དང ། ཀློག་པ་དང ། སྒྲུབ་པར་བྱེད་པ་དང །
100.89a
བརྗོད་པར་ཡང་བྱེད་ན་དེ་དབུལ་པོ་སྤངས་ནས་ཕྱུག་པོ་ཆེན་པོར་འགྱུར་རོ། །དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །དཔལ་ལྷ་མོ་ཆེན་མོའི་མིང་བཅུ་གཉིས་ནི་འདི་ལྟ་སྟེ། བཀྲ་ཤིས་མ། དཔལ་ལྡན་མ། པད་མའི་ཕྲེང་ཐོགས་མ། ནོར་བདག་མ། དཀར་ཤམ་མ། གྲགས་ཆེན་མ། པད་མ་སྤྱན་མངའ་མ། གྲགས་མ། འོད་ཆེན་མ། ཟས་སྦྱིན་མ། རིན་ཆེན་འོད་ལྡན་མ། དཔལ་ཆེན་མོ་མ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཛི་ནི། གྷི་ཎི། དགོས་པ་ཐམས་ཅད་སྒྲུབ་པར་མཛད་མ། སི་མི་སི་མི། ནི་མི་ནི་མི། བདག་གི་མི་ཤེས་པ་ཐམས་ཅད་བསལ་བར་མཛོད་ཅིག་སཝཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །དཔལ་གྱི་ལྷ་མོ་ཆེན་མོའི་མཚན་བཅུ་གཉིས་པ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །སྟག་ལུང་རྒྱུད་འབུམ་ལ་གཏུག་ནས་ཞུསོ།།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཧེ་ཥཱཉ་ཙ་ཡོ་ནི་རོ་དྷ་ཨེ་བཾ་བ་དཱི་མ་ཧཱ་ཤྲ་མ་ཎཿ ། །མཾ་ག་ལཾ་བྷ་བ་ཏུ། ཤུ་བྷམ་སྟུ་སརྦ་ཛ་ག་ཏཾ། ཤུབྷཾ། །ཡང་ཞུས་ཤེ།