rKTs


J71

(e-text produced by ADARSHA)

see text in transliteration
49.279b
༄##། ་་།རྒྱ་གར་སྐད་དུ། ་ཨརྱ་སུ་བརྞྞ་བཱ་ལུ་ཀོ་པ་མ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། འཕགས་པ་གསེར་གྱི་བྱེ་མ་ལྟ་བུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་གསེར་གྱི་བྱེ་མ་ལྟ་བུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་ལགས་སམ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་དོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ལན་གཉིས་སུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས
49.280a
ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་ལགས་སམ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་དོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ཡང་ལྡན་ནོ། །ཀུན་དགའ་བོ་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱི་དཔག་ཏུ་མེད་པ་མཉན་པའམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ཤེས་པའམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཤེས་པར་འདོད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བདེ་བར་གཤེགས་པས་བསྟན་དུ་གསོལ། དགེ་སློང་རྣམས་ཀྱིས་མངོན་སུམ་དུ་ཐོས་ན་ཡང་དག་པར་འཛིན་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་མཽད་གལ་གྱི་བུ་ཆེན་པོ་རྫུ་འཕྲུལ་ཇི་ལྟ་བུས་ཕྱོགས་དང་ཕྱོགས་མཚམས་དག་ཏུ་འགྲོ་བ་ཤེས་སམ། ཀུན་དགའ་བོས་གསོལ་པ། མཽད་གལ་གྱི་བུ་ཆེན་པོ་རྫུ་འཕྲུལ་ཇི་ལྟ་བུས་ཕྱོགས་དང་ཕྱོགས་མཚམས་དག་ཏུ་མཆི་བ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བདེ་བར་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ལ་དོན་འདི་དཔེས་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྐྱེས་བུ་མཁས་པ་གང་དག་དཔེས་དོན་རྟོགས་པར་འགྱུར་བ་ཡོད་པའི་ཕྱིར་རོ། །ཀུན་དགའ་བོ་དཔེར་ན་རྫིང་དཔག་ཚད་བརྒྱད་སྟོང་པ། ཆུས་གང་བ། བྱ་ཁཝས་བཏུང་དུ་རུང་བར་མུ་དང་ཁ་ད་ཆད་དུ་འདུག་པ། པད་མའི་ལོ་མས་ཁེབས་པ་ཞིག་ཡོད་ལ་དེ་ནས་མི་ལ་ལ་ཞིག་གིས
49.280b
རླུང་གི་ཤུགས་ལས་འདས་པའི་རྟ་མཆོག་དག་དང་ལྡན་པའི་ལྕགས་ཀྱི་ཤིང་རྟ་ལ་ཞོན་ཏེ། དེ་ཡང་མུ་ཁྱུད་ཀྱི་ཤིང་ཡང་ཆུ་ལ་མི་རེག་།རྟ་རྣམས་ཀྱི་རྨིག་པ་ཡང་ཆུ་ལ་མི་རེག་།པད་མའི་ལོ་མ་རྣམས་ཀྱང་རྟའི་རྨིག་པ་དག་གིས་མི་བརྟོལ་བ་ཙམ་གྱི་སྟོབས་དང་ཤུགས་དང་མགྱོགས་པ་དེ་ལྟ་བུས་རྒྱུག་ལ། ཀུན་དགའ་བོ་དེ་ནས་རྫིང་དེའི་ནང་ནས་སྦྲུལ་གདུག་པ་ཞིག་བྱུང་བས་ཤིང་རྟ་དེ་མཚོའི་ནང་ནས་ཕྱིར་མ་ལོག་པ་དེའི་བར་སྐབས་སུ་ཤིང་རྟ་དེ་ལན་བརྒྱད་བསྐོར་ན། ཀུན་དགའ་བོ་སྦྲུལ་གདུག་པས་ཤིང་རྟ་ལན་ཅིག་བསྐོར་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ་ཀུན་དགའ་བོ་ཁྱོད་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་དོན་ཀྱང་གོ་བར་བྱེད་དོ། །ཀུན་དགའ་བོ་ཁྱོད་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ་མཽད་གལ་གྱི་བུ་ཆེན་པོ་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་དོན་ཀྱང་གོ་བར་བྱེད་དོ། །ཀུན་དགའ་བོ་མཽད་གལ་གྱི་བུ་ཆེན་པོ་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ་གནས་བརྟན་ཤ་ར་དྭ་ཏིའི་བུ་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་དོན་ཀྱང་གོ་བར་བྱེད་དོ། །གནས་བརྟན་ཤ་ར་དྭ་ཏིའི་བུ་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ་རང་སངས་རྒྱས་ཆོས་བསྟན་པ་རྣམ་པ་གྲངས་མེད་པ་སྟོན་ཏོ། །རང་སངས་རྒྱས་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ་བྱང་ཆུབ་སེམས་དཔའ་ཆོས་བསྟན་པ་རྣམ་པ་གྲངས་མེད་བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པ་སྟོན་ཅིང་དོན་ཀྱང་གོ་བར་བྱེད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ་ཀུན་དགའ་བོ་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་འདའོ། །ཀུན་དགའ་བོ་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་དེ་ལྟ་བུའི་འགྲོས་ཀྱིས་ཉིན་མཚན་བདུན་གྱི་བར་དུ་ངལ་མི་བསོ་བར་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཇི་སྙེད་དུ་འགྲོ་བ་དང ། དེ་བཞིན་དུ་ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་དང ། ལྷོ་ནུབ་ཀྱི་མཚམས་དང །
49.281a
ནུབ་བྱང་གི་མཚམས་དང ། བྱང་ཤར་གྱི་མཚམས་དང ། དེ་བཞིན་དུ་སྟེང་དང་འོག་གི་ཕྱོགས་སུ་ཉིན་མཚན་བདུན་གྱི་བར་དུ་ངལ་མི་བསོ་བར་སོང་ལ། དེ་ནས་མི་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ར་བས་བསྐོར་ཏེ་ར་བས་བསྐོར་ནས་རྡོ་དང ། གསེག་མ་དང ། གྱོ་མོ་དང ། གྱོ་དུམ་མེད་པར་བྱས་ཏེ་མཐོན་དམན་མེད་པར་བྱས་ནས་གྲོང་ཁྱེར་གཅིག་ཏུ་བྱས་ལ་གྲོང་ཁྱེར་གཅིག་ཏུ་བྱས་ནས་ཀྱང་ཡུངས་འབྲུས་བཀང་སྟེ་བྱུར་བུར་བྱས་ན། ཀུན་དགའ་བོ་གྲོང་ཁྱེར་དེའི་ནང་གི་ཡུངས་འབྲུ་ཇི་སྙེད་པ་དེ་དག་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་བྱང་ཆུབ་ལ་ཞུགས་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་དགའ་ལྡན་གྱི་ལྷའི་རིས་དག་ཏུ་སྐྱེ་བ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་དགའ་ལྡན་གྱི་ལྷའི་རིས་དག་ན་འཁོད་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་དགའ་ལྡན་གྱི་ལྷའི་རིས་དག་ནས་འཆི་འཕོ་བ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་མའི་མངལ་དུ་འཇུག་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་མའི་མངལ་ནས་འབྱུང་བ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བྱིས་པའི་རྩེད་མོ་སྟོན་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་བ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་སྤྱོད་པའི་སྦྱོར་བ་སྟོན་པ་དག་ངས
49.281b
མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་གཅེས་པར་བྱེད་པའི་མཆོག་དང་གུས་པ་ཆེན་པོས་ལན་གསུམ་བསྐོར་བ་བྱེད་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་འཁོར་ལོ་སྐོར་བ་དག་ངས་མཐོང་ངོ ། །དེ་བས་ཀྱང་ཆེས་མང་བའི་འཇིག་རྟེན་གྱི་ཁམས་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དག་ངས་མཐོང་སྟེ་དེ་དག་ཐམས་ཅད་ཀྱང་མཚན་འཐུན་པ་དང་གདུང་འཐུན་པ་ཤ་སྟག་ཡིན་ན་འཇིག་རྟེན་གྱི་ཁམས་གང་དག་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མངོན་པར་འབྱུང་བ་དང ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང ། བྱང་ཆུབ་ཀྱི་སྙིང་པོ་ལ་ལྟ་བ་དང ། བྱང་ཆུབ་ཀྱི་སྙིང་པོ་ལ་སྐོར་བ་བྱེད་པ་དང ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང ། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དང ། མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་མཚན་ཐ་དད་པ་དང
49.282a
གདུང་ཐ་དད་པ་དག་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གང་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་འབྱུང་བ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་མི་སྤྱོད་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ངས་བསྟན་པ་གང་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་ཡིན་པ་དེ་དག་ནི་ཀུན་དགའ་བོ་དཔེར་ན་རྒྱ་མཚོ་ཆེན་པོའི་བྱེ་མ་དང་གང་གཱའི་ཀླུང་གི་བྱེ་མའི་ནང་ན་གསེར་གྱི་བྱེ་མ་དཀོན་པ་དང་འདྲ་སྟེ། ཀུན་དགའ་བོ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གང་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་དཀོན་ཏེ། ཀུན་དགའ་བོ་ཇི་ལྟར་རྒྱ་མཚོ་ཆེན་པོའི་བྱེ་མ་དང་གང་གཱའི་ཀླུང་གི་བྱེ་མ་དེ་དག་ལས་ལ་ལ་ཞིག་གིས་བྱེ་མ་འབྲུ་གཅིག་བླངས་པ་དེ་བཞིན་དུ་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་ཉུང་ངོ ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་གསེར་གྱི་བྱེ་མ་ལྟ་བུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང ། པྲཛྙཱ་བར་མ་དང ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། མངྒཱ་ལཾ།། །། #