༄#། ་།རྒྱ་གར་སྐད་དུ། ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤཝ་ར་མཱ་ཏཱ་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། 100.57a ༄#། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན། འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་ལྔ་བརྒྱ་དང་བྱམས་པ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ་རང་གི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བགྱི་བའི་གཟུངས་ཀྱི་རིག་སྔགས་ཆེན་མོ་གསང་སྔགས་ཀྱི་གཞི། ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྔོན་གསུངས་ཤིང་ད་ལྟར་གསུང་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བ་དང་དོན་དང་བྱང་ཆུབ་སེམས་དཔའི་དོན་གྱི་བར་གྱི་ཕྱིར་སྔོན་གསུངས་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཀྱི་ཕར་གྱུར་པ་མར་གྱུར་པ་སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང ། དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་མགོན་མ་མཆིས་པ་རྣམས་ཀྱི་མགོན་དུ་གྱུར་པ་སྡིག་པ་ཐམས་ཅད་ཟད་པར་བགྱིད་པ་མཆིས་ཏེ་གཟུངས་དེ་ཐོས་མ་ཐག་ཏུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས 100.57b ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ང་སྔོན་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །འཁོར་དེ་ཉིད་ན་བྲམ་ཟེ་དབང་ཕྱུག་འོད་ཅེས་བྱ་བ་བྱང་ཆུབ་སེམས་དཔའི་ས་གསུམ་པ་ཐོབ་པར་གྱུར་པ་ཞིག་འདུས་པ་དེས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་བྲམ་ཟེ་བརྒྱ་སྟོང་མང་པོ་དང་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་ལ་བསྒྲགས་བཤད་བསྟན་ཏེ། དེ་དག་ཐམས་ཅད་ཀྱིས་གཟུངས་འདི་ཐོས་མ་ཐག་ཏུ་སྡིག་པ་ལྟུང་བར་བྱེད་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་སྐྱེ་བ་དྲན་པར་གྱུར་པ་ངས་དྲན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་སྨྲོས་ཤིག་།ཕྱི་མའི་དུས་ན་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དུ་སེམས་ཅན་སྡིག་པ་བྱེད་པ་མཚམས་མེད་པ་བྱེད་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་སྡིག་པ་ཟད་པར་འགྱུར། ཕན་པ་དང་བདེ་བར་འགྱུར། མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་རོ། །ངས་ཀྱང་གནང་ཞིང་རྗེས་སུ་ཡི་རང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས་ཀྱི་རིག་སྔགས་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས། སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། 100.58a རིག་སྔགས་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་བརྗོད་པར་བྱའོ། །བདག་ལ་རིག་པ་འདི་གྲུབ་པར་གྱུར་ཅིག་།ཏདྱ་ཐཱ། ཨི་ལི་མི་ལི། ཙི་ལི་མི་ལི། ཀུན་ཏུ་ལ། ཀུན་དུ་ལེ། ཏུ་ལེ། སེ་རེ་སི་སི་ལེ། བི་སི་རེ། བི་རཱ་ཡཱ་གཽ་རི། གནྡྷ་རི་དྲཱ་མ་ཊེ། མཱ་ཏངྒི། པུཀྐཱ་སི། ཀཥྚ་ཡ། མཱ་ཙཎྜ་ལཱི། ཧུཊྚུ་མ་ལི་ནི། ཧུད་ཌྷུ་ཌྷུ་མ་ལི་ནི། ཙི་ལེ་མི་ལེ། གྲྀཧྞ་སཽ་མྱ་དར་ཤ་ནི། ཀུ་རུ་ཙཎྜ་མུ་ཁེ། ལཱ་གྷུ་མཱ་ན་ཡཾ་ཏེ། ཨཱརྱ་དཀྵི་ཎ་བྷུ་ཛེ་སརྦ་བིདྱཱ་ནཱ་མ། པྲ་སཱ་དྷ་ནེ། སརྦ་བིདྱཱ་ན་མ། ཨཱ་ཤཝ་རི་སཝཱ་ཧཱ། བཀླགས་པས་འགྲུབ་པའི་གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །འཇིགས་པ་ཐམས་ཅད་ལས་བསྲུང་ངོ ། །དུས་གསུམ་དུ་བཟླས་པ་བྱས་ན་ཞག་བདུན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་རོ། །གཞན་དུ་མི་སེམས་པའི་ཡིད་ཀྱིས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མ་རིག་པ་ཆེན་མོ་བདག་ཉིད་སྟོན་ཏེ། འཕགས་པ་འོད་དཔག་མེད་ཀྱང་མཐོང་ངོ ། །བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སྐྱེ་བ་དྲན་པ་དང་ཐོས་པ་འཛིན་པར་ཡང་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་དམ་པའི་ཆོས་དང་མི་འབྲལ་བར་འགྱུར་རོ། །ལོངས་སྤྱོད་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་སློང་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ། གཏན་ལ་ཕབ་པ། སྟག་ལུང་རྒྱུད་འབུམ་ལ་གཏུགྶ་ནས་ཞུས་དག ། །། |