rKTs


J694

(e-text produced by ADARSHA)

see text in transliteration
100.44a
༄#། །རྒྱ་གར་སྐད་དུ། ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་ར་ནཱ་མ་ཤ་ཏ་ཨཥྚ། ་བོད་སྐད་དུ། ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕོ་བྲང་རི་པོ་ཏ་ལའི་རྩེ་མོ་ན། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་དཀྲམ་པ། འཛམ་བུའི་གླིང་གསེར་གྱི་མདོག་འདྲ་བ་ན། རིན་པོ་ཆེ་སྣ་ཚོགས་ཀྱིས་ཀུན་ཏུ་འབར་བའི་ས་ཕྱོགས་ན་བཞུགས་ཏེ། དེ་ན་ལྷ་དང་ཀླུ་དང ། གནོད་སྦྱིན་དང་སྲིན་པོ་དང ། དྲི་ཟ་དང་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང་བརྒྱ་བྱིན་དང་ཚངས་པ་དང ། ་འཇིག་རྟེན་སྐྱོང་བ་ཐམས་ཅད་དང་མི་དང་མི་མ་ཡིན་པ་རྣམས་ཀྱིས་མཆོད་ཅིང་བཀུར་སྟི་བྱས་ཏེ། ་ཐོག་མར་དགེ་བ། ་བར་དུ་དགེ་བ། ་ཐ་མར་དགེ་བ། ་དོན་བཟང་པོ། ་ཚིག་འབྲུ་བཟང་པོ། ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་ཚངས་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་སུ་བརྙེས། །སྲིད་པ་སྦྱོར་བ་ཡོངས་སུ་ཟད། །ཡང་དག་བཀའ་ལ་རྣམ་གྲོལ་སེམས། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ། །ཀླུ་ཆེན་པོ་ནི་ཅང་ཤེས་པོ། །སེམས་ལ་དབང་བསྒྱུར་ཐམས་ཅད་ཀྱི། །མཆོག་ཏུ་ཕ་རོལ་ཕྱིན་པ་ཐོབ། །ཡེ་ཤེས་ཚོགས་ནི་ཡོངས་སུ་རྫོགས། །སྲིད་པའི་དགོན་པ་རབ་ཏུ་བརྒལ། །གཞན་ལ་ཕན་པ་མཛད་ལ་བརྩོན། །ཐུགས་རྗེ་དང་ནི་འབྲེལ་པའི་ཐུགས། །སྐྱེ་དགུ་ཀུན་ལ་རབ་ཏུ་བྱམས། །དགེ་བ་རབ་བརྩོན་བྱམས་ལས་བྱུང ། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །བདེ་བར་གཤེགས་པ་ཉིད་ལས་སྐྱེས། །ཁམས་གསུམ་གྱི་ནི་གཉེན་གཅིག་པོ། །
100.44b
འདོད་ཆགས་ཞེ་སྡང་གཏི་མུག་མེད། །དྲི་མ་གསུམ་ནི་རབ་ཏུ་སྤངས། །རིག་པ་གསུམ་གྱི་ཕ་རོལ་ཕྱིན། །མངོན་པར་ཤེས་པ་དྲུག་ཀྱང་བརྙེས། །ནྱ་བ་གྲོ་དྷ་ལྟ་བུར་ཟླུམ། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །སུམ་བཅུ་རྩ་གཉིས་དག་དང་ལྡན། །དཔེ་བྱད་བཟང་པོ་བརྒྱད་བཅུས་ཀྱང ། །སྐུ་ནི་རྣམ་པ་ཀུན་ཏུ་བརྒྱན། །སྐུ་མདོག་གསེར་གྱི་ཁ་དོག་འདྲ། །སྐུ་ཚད་ཆེ་ཞིང་སྐར་ཤམ་པོ། །ན་ག་གེ་སར་གཞོན་ནུ་ལྟར། །ཅུང་ཟད་རབ་ཏུ་དམར་བའི་མདོག་།དབུ་ཡི་ཐོར་ཚུགས་དག་དང་ལྡན། །ཐོར་ཚུགས་མང་པོས་ཉེ་བར་གཡོགས། །དབུ་ལ་འོད་དཔག་མེད་པ་བཞུགས། །འོད་ཟེར་དག་ནི་རྣམ་པར་འཕྲོ། །འདོམ་གང་འོད་ནི་རབ་ཏུ་འབར། །གསེར་གྱི་རི་འདྲ་གྲགས་པས་ཁྱབ། །གཟི་བརྗིད་དག་ཀྱང་རབ་ཏུ་ཆེ། །ཤར་གྱི་རི་ལ་འཆར་བ་ལ། །ཉི་མའི་གཙུག་ཏོར་དང་ལྡང་ལྡན། །ནོར་བུ་རིན་ཆེན་འབར་བ་ཡིས། །སེར་ལ་ཁས་ནི་སྐུ་ཕྱེད་བརྒྱན། །ས་དག་ལ་ནི་རབ་ཏུ་མཁས། །ཕ་རོལ་ཕྱིན་པ་བཅུ་རྣམས་སྤྱོད། །ཚུལ་ཁྲིམས་མ་ཉམས་རལ་པ་མེད། །འཐོང་ཀ་སེང་གེ་འཕྱོང་བ་འདྲ། །སྐུ་ནི་འཇམ་ཞིང་ལྡེམ་བག་ཅན། །གཟིགས་ཤིང་གཤེགས་པས་ཁྱུ་མཆོག་འདྲ། །གཡས་སུ་འཁྱིལ་བའི་དུང་ཡང་འདྲ། །དཔྲལ་བ་ཟླ་བ་རྒྱས་པ་འདྲ། །དཔྲལ་བའི་དབྱིངས་ནི་རྒྱ་ཡང་ཆེ། །སྨིན་འཚམས་བར་ཡང་ཡོངས་མ་ཆད། །སྤྱན་ནི་ནོར་བུ་རིན་ཆེན་འབར། །ཤངས་ཀྱི་དབྱིངས་ནི་ཅུང་ཟད་མཐོ། །ཚེམས་ཀྱི་སྒྲོས་ཀྱིས་རྣམ་པར་གནོན། །ལྗགས་ཀྱིས་སྟོང་གསུམ་ཁེབས་མཛད་ཅིང ། །སྙན་གྱི་ཁུངས་ཡང་རབ་ཏུ་ཟབ། །མགུར་ཡང་བུམ་པའི་མགྲིན་པ་འདྲ། །དཔུང་པ་དག་ཀྱང་རབ་ཏུ་ཟླུམ། །ཕྱག་སོར་རྣམས་ཀྱི་ཚིགས་ཀྱང་རིང ། །སེན་མོ་འཇམ་ཞིང་ཅུང་ཟད་དམར། །ཕྱག་སོར་རྣམས་ཀྱི་བར་ཡང་འབྲེལ། །ཕྱག་དང་ཞབས་ཀྱི་མཐིལ་རྣམས་ལ། །འཁོར་ལོ་དག་གིས་རབ་ཏུ་བརྒྱན། །སྟོན་པའི་པད་མ་འདྲ་བར་མཛེས། །སྐུ་མདོག་འཇམ་ཞིང་ཤ་ཡང་རྒྱས། །གསུང་ནི་ཚངས་པའི་དབྱངས་ལྟར་ཟབ། །ཡིད་དུ་འོང་ཞིང་དགའ་བར་འགྱུར། །བལྟ་ན་སྡུག་ཅིང
100.45a
མདངས་དགའ་བ། །པད་མ་ལས་བྱུང་པད་མའི་མདོག་།པད་མ་དག་ལས་ཀུན་དུ་སྐྱེས། །པད་མ་དག་གི་གདན་ལ་བཞུགས། །ཕྱག་ན་པད་མ་བཟང་པོ་བསྣམས། །རིལ་བ་སྤྱི་བླུགས་ཕྱག་ན་བསྣམས། །ཀྲྀཥྞ་ས་རིའི་ལྤགས་པ་བསྣམས། །དབྱུག་པ་དང་ནི་བགྲང་ཕྲེང་འཛིན། །བཀྲ་ཤིས་དག་གིས་གཙང་མར་འགྱུར། །མདའ་ནས་གསུང་ཞིང་གསོང་པོར་སྨྲ། །བདུད་རྩིའི་ཆར་ནི་རབ་ཏུ་འབེབས། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །བཟང་པོར་སྣང་བའི་ལྗོན་ཤིང་ལྟར། །སངས་རྒྱས་ཀུན་གྱི་གསོས་སུ་གྱུར། །སངས་རྒྱས་ཀུན་གྱི་སྤྲུལ་པ་ལགས། །བདེ་བར་གཤེགས་པའི་རིང་བསྲེལ་འཛིན། །བ་སྤུ་ཉག་མ་རེ་རེ་ཡང ། །སེམས་ཅན་ཀུན་གྱི་གཙོ་བོར་འགྱུར། །བསོད་ནམས་མཛད་ཅིང་དགེ་བ་མཛད། །བཤོལ་བ་མེད་ཅིང་ངེས་པ་སྟེ། །རབ་ཏུ་གྲགས་པའི་བརྩོན་འགྲུས་ཅན། །འཁོར་བ་དག་ལས་ཀུན་ཏུ་བརྒལ། །དམ་ཆོས་རྒྱལ་ཚབ་མངའ་གསོལ་བ། །ཡིད་བཞིན་འཁོར་ལོ་བདེ་བ་སྐོར། །དོན་ཡོད་ཞགས་པས་ཉོན་མོངས་འདྲེན། །འཕགས་པ་རྟ་མགྲིན་བདུད་བཞི་འཇོམས། །ཀྲོ་དྷ་མགྲིན་སྔོན་གདུག་པ་སེལ། །ཆུ་སྲིན་འཛིན་ཁྲི་འཇིགས་ལས་སྒྲོལ། །ལྷ་མོ་སྒྲོལ་མ་རྗེས་སུ་འབྲེང ། །ཁྲོ་གཉེར་ཅན་ནི་བཀའ་བཞིན་བྱེད། །རྒྱལ་བ་ཅན་ནི་ཚུལ་དང་ལྡན། །མཐུ་ཆེན་ལྡན་ཞིང་དྲན་དང་ལྡན། །ཡོན་ཏན་ལྡན་ཞིང་བྱམས་དང་ལྡན། །ཤེས་རབ་ལྡན་ཞིང་དཔལ་དང་ལྡན། །ཚུལ་ཁྲིམས་ལྡན་ཞིང་དོན་དང་ལྡན། །དོན་རྣམས་ཀུན་གྱི་རིག་པ་པོ། །ཐེ་ཙོམ་ཐམས་ཅད་གཅོད་པ་པོ། །ཆོས་རྣམས་ཐམས་ཅད་སྨྲ་བ་པོ། །འཇིག་རྟེན་ཀུན་གྱི་སྟོན་པ་པོ། །ཞལ་བཟངས་ཟླ་བ་ཉ་བ་འདྲ། །སྐུ་སྨད་རིན་ཆེན་ཀུན་གྱིས་བརྒྱན། །གསེར་གྱི་མཆོད་སྡོང་འདྲ་བར་གནས། །འོད་ཟེར་ཉི་མ་སྟོང་བས་ལྷག་།ཚངས་ལ་སོགས་པས་ཕྱག་བགྱིས་པའོ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས་པ་དེའི་མཚམས་མེད
100.45b
པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་འབྱང་བར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །བསྐལ་པ་སྟོང་དུ་བསགས་ཀྱང་ནི་མི་འགྲོའོ། །མནར་མེད་པར་མི་ལྟུང་སུ་ཞིག་ནང་པར་ལངས་ནས། ཀློག་གམ་ཀློག་དུ་འཇུག་པ་དང ། ཁ་སྟོན་དུ་བྱེད་པ་དེའི་ལུས་ལ་མཛེ་དང་ཤུ་བ་དང་གློ་ན་བ་དང་དབུགས་མི་བདེ་བ་ལ་སོགས་པ་ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྐྱེས་སོ་ཅོག་དུ་སྐྱེ་བ་དྲན་པར་འགྱུར་རོ། །ལྷའི་སྲས་པོ་དང་འདྲའོ། །འཆི་བའི་དུས་ཀྱི་ཚེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གར་སྐྱེས་གར་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཙུག་ལག་ཐམས་ཅད་ལ་མཁས་པར་འགྱུར་རོ། །བསྟོད་པ་འདིས་བསྟོད་ན་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་བ་འབུམ་ཕྲག་དྲུག་བཅུ་རྩ་གཉིས་རྙེད་མཆོད་པར་འགྱུར་ཏེ། རྣམ་པར་སྨིན་པ་འདྲ་བས་ན་བྱེ་བྲག་མེད་དོ། །རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་ཟ་མ་ཏོག་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སྷོ།། །།