rKTs


J690

(e-text produced by ADARSHA)

see text in transliteration
100.36a
༄#། ་།རྒྱ་གར་སྐད་དུ། ་་ཨཱརྱ་ས་མནྟ་བྷ་དྲ་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། ་འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་གཅིག་ཏུ་བཞུགས་ཏེ། གནས་གཙང་མའི་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་བདག་ནི་བདག་གིས་དེ་བཞིན་གཤེགས་པ་ཟླ་བ་བླ་མའི་འོད་ལས་བླངས་པ་ཀུན་ཏུ་བཟང་པོའི་གཟུངས་ཡང་དག་པར་སྟོན་པར་འཚལ་ཏེ། གཟུངས་དེ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ལས་ཀྱི་སྒྲིབ
100.36b
པ་ཐམས་ཅད་ཀྱང་སེལ་ཏོ། །ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ། །ལུས་རྣམ་པར་དག་པ་ཡང་འཐོབ་བོ། །ངག་རྣམ་པར་དག་པ་ཡང་འཐོབ་བོ། །སེམས་རྣམ་པར་དག་པ་ཡང་འཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིད་དོ། །གཟུངས་རྒྱ་མཚོ་ཐམས་ཅད་ཀྱང་འཐོབ་བོ། །དེ་བཞིན་གཤེགས་པ་མཐོང་བ་ཐམས་ཅད་ཀྱང་མཉེས་པར་བགྱིད་དོ། །བཅོམ་ལྡན་འདས་བདག་གིས་གཟུངས་འདི་ཐོས་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་ཐོབ། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཀྱང་ཐོབ། འབར་བའི་སྒྲོན་མའི་ཏིང་ངེ་འཛིན་ཀྱང་ཐོབ། རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཀྱང་ཐོབ། རྡོ་རྗེ་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཀྱང་ཐོབ། མི་ཟད་པའི་ཟ་མ་ཏོག་གི་ཏིང་ངེ་འཛིན་ཀྱང་ཐོབ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཐོབ། ཕྱོགས་བཅུ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་ཀྱང་ཐོབ་སྟེ། བཅོམ་ལྡན་འདས་དེ་ལ་སོགས་པ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་བདག་ལ་མངོན་སུམ་དུ་གྱུར་ཏོ། །བཅོམ་ལྡན་འདས་དེས་ན་བདག་ད་ལྟར་དྲན་པ་འདི་ལྟ་བུ་དང་ལྡན། བློ་གྲོས་འདི་ལྟ་བུ་དང་ལྡན། ཆགས་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་དང་ལྡན་ཞིང ། མཐོང་བ་དང་ཐོས་པ་དང་བསྙེན་བཀུར་བགྱིས་པ་དོན་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་བདག་ཐོས་པ་དོན་མཆིས། གཟུངས་འདི་ཐོས་པ་དོན་མཆིས་ན། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་ཅིང་འཁོར་བཞི་པོ་དེ་ཡང་ཡོངས་སུ་དགོད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དག་པ་དེའི་དུས་ལ་བབ་པར་ཤེས་ན་སྨྲོས་ཤིག་།དེ་བཞིན་གཤེགས་པས་འཁོར་བཞི་པོ་འདི་བྱིན་གྱིས་བརླབས་ཟིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས
100.37a
པར་ཞུགས་ནས་གཟུངས་འདི་སྨྲས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཁ་ག་མེ་ཁ་ག་མེ། ཙ་ཀྵུ་ཁ་བེ། ཤྲོ་ཏྲ་ཁ་བེ། གྷ་ན་ཁ་བེ། ཛི་ཧཝ་ཁ་བེ། ག་ཡ་ཁ་བེ། མ་ན་ཁ་བེ། ས་ར་ཁ་བེ། ས་ར་ཁ་བེ། ས་ར་ཁ་བེ། ཤཱུ་ན་ཏྲ་ཁ་བེ། ཨ་ན་མིད་ཏ་ཁ་བེ། ཨ་པྲ་ཎི་ཧིད་ཁ་བེ། ས་མཱ་དྷི་ཁ་བེ་པཱ་ར་མི་ཏཱ་ཁ་བེ། བོ་དྷི་ཁ་བེ། ས་ར་ས་ར་ས་ར། སརྦ་བུདྡྷ་ཨ་དྷིཥྛི་ཏི། བྷ་ར་བྷ་ར་བྷ་ར་དྷརྨ་ཨ་དྷིཥྛི་ཏེ། ཀ་ལ་ཀ་ལ་ཀ་ལ། སང་གྷ་ཨ་དྷིཥྛི་ཏེ། ན་མོ་དྭ་ན་བ་ཏི་ཎཱཾ། བུདྡྷ་ཀོ་ཏི་ཎཱཾ། ཨ་དྷིཥྛན་དུ་མན། ཙ་ཏ་སྲ་པར་ཤ་དོ་ཨཱ་ཡུར་བ་ལན་ཙ་ད་དན་ཏུ། ཏདྱ་ཐཱ། སུ་ར་བྷི་སུ་ར་བྷི། མ་ཧཱ་སུ་ར་བྷི། མུ་ནི་མུ་ནི། མ་ཧཱ་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ས་མྲྀ་དཱན་དུ་མཱན། ས་མནྟ་བྷ་དྲ་དྷཱ་ར་ཎཱི་སཝཱ་ཧཱ། གཟུངས་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་པོ་དེ་དག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་རོ། །བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ནི་གཟུངས་སྣ་ཚོགས་ཐོབ་པར་གྱུར་ཏོ། །གཟུངས་འདིའི་ཆོ་ག་ནི་འདི་ལགས་ཏེ། ནང་པར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ། །ཕོངས་པར་གྱུར་པའི་ཚེ་ལན་བདུན་ཡིད་ལ་བགྱིས་ན་ཐར་བར་འགྱུར་རོ། །རིམས་ནད་ཐམས་ཅད་ལ་རྣ་བར་བཟླས་བརྗོད་བགྱིའོ། །རླུང་གིས་ཟིན་ན་མར་དང་འབྲུ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་བསྐུ་བར་བགྱིའོ། །སོ་ན་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་བཅའ་བར་བགྱིའོ། །རྣ་བ་ན་ན་རས་བལ་གྱི་ས་བོན་འབྲུ་མར་དང་ལྷན་ཅིག་ཏུ་བསྐོལ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ། ཟངས་ཀྱི་སྣོད་ཀྱིས
100.37b
རྣ་བར་བླུགས་པར་བགྱིའོ། །གླད་པ་ན་བ་ལ་འབྲུ་མར་རོ། །ལྟོ་ན་བ་ལ་བྱབ་པར་བགྱིའོ། །གདོན་གྱིས་བཏབ་པ་ལ་ཚོན་སྐུད་སྣ་ལྔ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་མགུལ་དུ་གདགས་སོ། །མཁའ་འགྲོ་མའི་གདོན་གྱིས་བཏབ་ན་འབྲུ་མར་ལ་ལན་བདུན་བཟླས་ཏེ་གཤིས་ཐམས་ཅད་དུ་བྱུག་གོ་།ནད་ཐམས་ཅད་ལ་བྱབ་པར་བགྱིའོ། །འདི་ནི་སྒྲུབ་པ་མ་མཆིས་པའི་ཆོ་གའོ། །ཇི་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང ། གཟུངས་དང ། ཏིང་ངེ་འཛིན་འཐོབ་པ་དང ། རྫུ་འཕྲུལ་གྱིས་འགྲོ་བ་དང ། མི་སྣང་བར་བགྱི་བ་དང ། མིག་བསྐུ་བ་དང ། ལྡོང་རོས་ལ་སོགས་པ་སྒྲུབ་པར་འཚལ་ན། དེས་སྐུ་གདུང་དང་བཅས་པའི་མཆོད་རྟེན་དང་སྐུ་གཟུགས་ཀྱི་སྤྱན་སྔར་དཀྱིལ་འཁོར་བགྱིས་ཏེ། བུམ་པ་གང་བ་བརྒྱ་རྩ་བརྒྱད་གཞག་ལ། གདུགས་དང ། རྒྱལ་མཚན་དང ། བ་དན་བྲེས་ཏེ། མེ་ཏོག་སྣ་ཚོགས་ཀྱིས་ཆལ་པར་བཀང་ལ་ཙན་དན་དང ། ་ག་རུ་དང ། ཀུན་དུ་རུའི་བདུག་པས་བདུགས་ཏེ། མར་མེ་བརྒྱ་རྩ་བརྒྱད་བུད་ཅིང་མཆོད་པ་ཆེན་པོ་བགྱིས་ཏེ། ཚངས་པར་སྤྱོད་པ་གཙང་བས་གོས་གཙང་མ་བགོས་ལ་གཟུངས་ཀྱི་གསང་སྔགས་འདི་དག་གིས་མཚམས་གཅད་པར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏི་ལི་བྷན་དྷ་མི། མི་ལི་བྷན་དྷ་མི། ཙི་ལི་མི་ལི། ་བྷན་དྷ་མི། སཱི་མི་བྷན་དྷ་མི། བདག་གི་མཚམས་ལས་སུ་ཡང་འདའ་བར་མ་གྱུར་ཅིག་སཝཱ་ཧཱ། ཆུ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཕྱོགས་བཅུར་མཚམས་གཅད་པར་བགྱིའོ། །གང་གིས་འགུགས་པར་འགྱུར་བའི་གཟུངས་འདི་དག་ཀྱང་ཐོག་མར་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཙི་ལི་ཙི་ལི། མི་ལི་མི་ལི། ཙི་ལེ་ལི། ཨེ་ཧི་བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ་སཝཱ་ཧཱ། འདི་ནི་བདག་གི་སྙིང་པོ་བཤད་པ་སྟེ།
100.38a
དེས་བདག་འགུག་པར་འགྱུར་རོ། །དེའི་འོག་ཏུ་ཟླ་བ་ཡར་གྱི་ངོས་ཚེས་བརྒྱད་ནས་གཟུང་སྟེ་ཉའི་བར་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དུས་གསུམ་དུ་བཟླས་བརྗོད་བགྱི་དུས་གསུམ་དུ་ཁྲུས་བགྱི། དུས་གསུམ་དུ་གོས་བརྗེ་བར་བགྱིའོ། །དེ་ནས་ཚེས་བཅཝ་ལྔ་ལ་མཆོད་པ་ཆེན་པོ་བགྱིས་ཏེ། བཟླས་བརྗོད་དཔག་ཏུ་མ་མཆིས་པར་བགྱིའོ། །འོན་ཀྱང་ནམ་གྱི་གུང་ཐུན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་ཁ་དོག་གི་ལུས་དང་ལྡན་པ། མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ། ལུས་ལས་འོད་ཟེར་བྱེ་བ་སྟོང་འབྱིན་ཅིང་མཆི་བར་འགྱུར་རོ། །དེ་ལ་རིག་སྔགས་འཆང་གིས་སྐྲག་པར་མི་བགྱི་ཞིང་བརྟན་པར་བགྱིས་ན་མཐོང་མ་ཐག་ཏུ་ས་ཐོབ་པར་འགྱུར་རོ། །གཟུངས་དང་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་མཐོང་བར་འགྱུར་རོ། །ལྷོ་ཕྱོགས་སུ་རིན་ཆེན་ཏོག་དང ། ནུབ་ཕྱོགས་སུ་འོད་དཔག་མེད་དང ། བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་རྔ་སྒྲ་མཐོང་བར་འགྱུར་རོ། །དེ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་དག་རིགས་པའི་ཚུལ་གྱིས་མཐོང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང
100.38b
བཅོས་ནས་གཏན་ལ་ཕབ་པ། །