rKTs


J681

(e-text produced by ADARSHA)

see text in transliteration
99.287a
༄#། །རྒྱ་གར་སྐད་དུ། ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་ར་ས་ཧ་སྲི་ཀ་བྷུ་ཛ་ལོ་ཙ་ན་ནིརྨཱ་ཎ་བི་སྟཱ་ར་པ་རི་པཱུརྞཱ་སཾ་ག་མ་ཧཱ་ཀཱ་རུ་ཎི་ཀ་དྷ་ར་ཎི། ་བོད་སྐད་དུ། ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ཐོགས་པ་མེད་པར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་པོ་ཏ་ལ་ཀའི་སྟེང་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མེད་ཁང་པ་རིན་པོ་ཆེས་རྣམ་པར་བརྒྱན་པའི་ནང་ན་སེང་གེའི་གདན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱལ་མཚན་དང ། ལྷའི་བ་དན་ལ་སོགས་པ་ལྷབ་ལྷུབ་ཀྱིས་ཀླུབས་པའི་ནང་ན་བཞུགས་ཏེ། དེའི་ཚེ་དེ་བཞིན་གཤེགས་པས་གཟུངས་སྔགས་ཀུན་ཏུ་འཛིན་པས་བཤད་པ་དགོངས་ནས། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་དག་དང་ཐབས་གཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གཟུངས་འཛིན་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སྨན་གྱི་བླ་དང ། ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང ། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང ། བྱང་ཆུབ་སེམས་དཔའ་མེ་ཏོག་བཀོད་པ་དང ། བྱང་ཆུབ་སེམས་དཔའ་ཆེར་བཀོད་པ་དང ། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་བཀོད་པ་དང ། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་བྱམས་པ་དང ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཆོས་ཆེན་པོའི་དབང་སྤྱི་བོ་ནས་བསྐུར་བ་ཤ་སྟག་དང ། ཉན་ཐོས་ཀྱི་དགེ་འདུན་ཆེན་པོའི་ནང་ན་གཙོ་བོ། འོད་སྲུངས་ཆེན་པོ་དང ། ཉན་ཐོས་ཀྱི་དགེ་འདུན་གྲངས་མེད་པ་དག་དགྲ
99.287b
བཅོམ་པའི་ས་བཅུ་ལ་སྤྱོད་པ་ཤ་སྟག་དང ། ཡང་ཚངས་ལྷ་རྣམས་ཀྱི་ནང་ན་གཙོ་བོ་ཚངས་པ་ཆེན་པོ་དང ། ཚངས་ལྷ་གྲངས་མེད་པ་དག་དང ། ཡང་ལྷའི་བུའི་ནང་ན་གཙོ་བོ་ལྷའི་བུ་ཟེར་སྣང་དུ་བ་ཅན་དང ། ལྷའི་བུ་གྲངས་མེད་པ་དག་དང ། འཇིག་རྟེན་སྐྱོང་བའི་གཙོ་བོ་གནས་སྲུང་པོ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་དག་དང ། ལྷ་དང་ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པའི་ནང་ན་གཙོ་བོ་ཀླུའི་རྒྱལ་པོའི་དཔལ་དང ། འདོད་པའི་ཁམས་ཀྱི་ལྷ་མོ་གྲངས་མེད་པའི་ནང་ན་གཙོ་མོ་ལྷ་མོ་གཞོན་ནུའི་མིག་དང ། ནམཁའ་དང ། ཆུ་བོ་དང ། མཚོ་དང ། རྫིང་དང ། ཆུ་མིག་དང ། ཆུ་བྲན་དང ། ཤིང་དང ། སྨན་དང ། ཚལ་དང་གྲོང་ཁྱིམ་དང ། ས་དང ། ཆུ་དང ། མེ་དང ། རླུང་དང ། ་རི་དང ། ནགས་ཚལ་ལ་སོགས་པའི་ལྷ་ཀུན་དང་ཐབས་གཅིག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་འཁོར་མང་པོ་འདུས་པའི་ནང་ནས་གསངས་ཏེ་རྫུ་འཕྲུལ་གྱི་འོད་ཕྱོགས་བཅུར་བཏང་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཀྱང་གསེར་གྱི་ཁ་དོག་ཏུ་སྣང ། ལྷའི་གནས་དང ། ཀླུའི་གནས་དང ། གཉན་པོ་ཐམས་ཅད་ཀྱི་གནས་ཀུན་ཀྱང་གཡོས། རབ་ཏུ་གཡོས། ཆུ་བོ་དང ། རྒྱ་མཚོ་དང ། རི་རབ་དང ། ལྕགས་ཀྱི་རི་དང ། ཁོར་ཡུག་དང ། སའི་རི་དང ། རྡོའི་རི་དང ། རི་ནག་པོ་དང ། རི་དམར་པོ་ལ་སོགས་པ་ཀུན་ཀྱང་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། །ཉི་མ་དང ། ཟླ་བ་དང ། ནོར་བུ་དང ། མེ་དང ། གཟའ་སྐར་རྣམས་ཀྱི་འོད་ཀྱང་མེད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་འཛིན་རྒྱལ་པོས་འདི་ལྟ་བུའི་ཡ་མཚན་ངོ་མཚར་རྨད་དུ་གྱུར་པ་མཐོང་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་ལྟ་བུའི་རྫུ་འཕྲུལ་གྱི་ལྟས་ངོ་མཚར་དུ་བྱུང་བ་སུའི་མཐུ་ལགས། ཤེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་ཞུས་པ།
99.288a
གང་ཞིག་དེ་རིང་མངོན་པར་རྫོགས་འཚང་རྒྱ། འདི་ལྟར་འོད་ཆེན་ཀུན་དུ་བཏང་ནས་སུ། ཕྱོགས་བཅུའི་འཇིག་རྟེན་ཁ་དོག་གསེར་དུ་སྣང ། སྟོང་ཁམས་ཀུན་ཀྱང་ཁྱབ་པར་དེ་བཞིན་ནོ། སུ་ཞིག་དེ་རིང་དབང་ཕྱུག་ཐོབ་པ་སྟེ། མཐུ་ཆེན་ངོ་མཚར་ལྡན་པའི་ལྟས་བྱུང་བས། འཇིག་རྟེན་མཐའ་ཡས་ཀུན་ཀྱང་རབ་གཡོས་ཤིང ། ལྷ་ཀླུའི་ཁང་ཁྱིམ་ཀུན་ཀྱང་བདེ་མ་གྱུར། སུ་ཡི་མཐུ་སྟོབས་རྒྱུ་རྐྱེན་གང་ལགས་པ། བདག་ཅག་མ་རིག་ཐིབས་པོར་སྐྱེས་པས་ན། བཅོམ་ལྡན་བྱམས་པ་དང་ནི་ཐུགས་རྗེ་ཡིས། འཕྲུལ་འདི་སུ་ཡི་ཡོན་ཏན་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་འཛིན་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། རིགས་ཀྱི་བུ་ཁྱེད་རྣམས་ཤེས་པར་གྱིས་ཤིག་་དེ་ལྟར་འཁོར་འདིར་འདུས་པའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཐོག་མར་བསྐལ་པ་གྲངས་མེད་པ་ནས་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྒྲུབས་ཏེ། གཟུངས་ཀྱི་སྒོ་གྲངས་མེད་པ་སྡུད་ཅིང་སྤྱོད་པ་ལ་མཁས་པས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་པའི་ཕྱིར། འདི་ལྟ་བུའི་རྫུ་འཕྲུལ་གྱི་ལྟས་ཆེན་པོ་གསངས་ཏེ་བཏང་བ་ཡིན་ནོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། གོས་ཚགས་བཅོས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བདག་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་ཀྱི་སྙིང་པོ་མཆིས་ཏེ། སེམས་ཅན་ཐམས་ཅད་བདེ་བ་ལ་གནས་པར་བགྱི་བ་དང ། ནད་ཐམས་ཅད་སེལ་བར་བགྱི་བ་དང ། ཆེ་སྐྱང་བར་བགྱི་བ་དང ། ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པར་བགྱི་བ་དང ། སྡིག་པ་མི་དགེ་བའི་ལས་ཐམས་ཅད་སེལ་བར་བགྱི་བ་དང ། བགེགས་དང ། སྒྲིབས་པ་རྣམས་སེལ་བར་བགྱི་བ་དང །
99.288b
ཆོས་དཀར་པོ་ཐམས་ཅད་དང ། ཡོན་ཏན་ཐམས་ཅད་རྣམ་པར་འཕེལ་བར་བགྱི་བ་དང ། ལེགས་པའི་ས་བོན་ཐམས་ཅད་ཡོངས་སུ་གྲུབ་པར་བགྱི་བ་དང ། འཇིགས་ཤིང་སྐྲག་པ་འགྱུར་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི་བ་དང ། རེ་བ་ཐམས་ཅད་མྱུར་དུ་བསྐོང་བར་བགྱི་བའི་སླད་དུ་བཤད་པར་འཚལ་ན། དེ་བཞིན་གཤེགས་པས་ཐུགས་རྗེར་དགོངས་ཏེ་གནང་བར་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་སེམས་ཅན་ཐམས་ཅད་བདེ་བ་ལ་གནས་པར་བྱ་བའི་ཕྱིར་གསང་སྔགས་བཤད་པར་འདོད་ན་ད་དུས་ལ་བབ་ཀྱིས་མྱུར་དུ་བཤད་པའི་རིགས་སོ། ང་ཡང་རྗེས་སུ་ཐུགས་རངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་རྗེས་སུ་ཐུགས་རངས་སོ་ཞེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བདག་སྔོན་དུ་དྲན་པ་འདས་པའི་དུས་བསྐལ་པ་འབུམ་ཕྲག་གྲངས་མ་མཆིས་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྟོང་འབབ་པའི་རྒྱལ་པོ་དབེན་པར་གནས་ཤེས་བགྱི་བ་འཇིག་རྟེན་དུ་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་བདག་དང ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། ཐུགས་རྗེར་དགོངས་པའི་སླད་དུ་ཤིན་དུ་རྒྱ་ཆེ་བ་ཐོགས་པ་མ་མཆིས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་ཀྱི་སྙིང་པོ་འདི་བཤད་དེ། ཕྱག་གསེར་གྱི་ཁ་དོག་ཅན་བདག་གི་སྤྱི་བོར་གཞག་ནས། འདི་སྐད་ཅེས་བཀའ་ལྩལ་པ། རིགས་ཀྱི་བུ་ཁྱོད་གསང་སྔགས་ཀྱི་སྙིང་པོ་འདི་གཟུངས་སུ་ཟུང་ལ། ཕྱིས་མ་འོངས་པའི་དུས་ངན་པ་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བ་ཆེན་པོར་གྱིས་ཤིག་ཅེས་བཀའ་སྩལ་པ་ནས། བདག་དེའི་ཚེ་དེའི་དུས་ནས་དང་པོ་ལ་གནས་པ་ལས་གཟུངས་སྔགས་འདི་ལན་ཅིག་ཐོས་པ་ཙམ་གྱིས་འཕགས་ཏེ་ས་བརྒྱད་དུ་ཕྱིན་ཏོ། དེའི་ཚེ་དེའི་དུས་ན་བདག་ཤིན་ཏུ་དགའ་བ་སྐྱེས
99.289a
ནས་ཡི་དམ་དུ་བཅས་པ། བདག་གིས་དུས་སླད་མ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་འགྱུར་བ་བགྱི་བའི་མཐུ་ཞིག་རྙེད་པར་འགྱུར་ན། བདག་གི་ལུས་འདི་ལ་ལག་པ་སྟོང་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ་ལུས་ལ་ལག་པ་སྟོང་དང་མིག་སྟོང་ཚང་བར་བྱུང་བར་འགྱུར་ཏེ། དེ་ནས་ཕྱོགས་བཅུའི་ས་ཆེན་པོ་རྣམ་པ་དྲུག་དུ་གཡོས་པར་ཕྱོགས་བཅུའི་སངས་རྒྱས་སྟོང་གིས་འོད་ཟེར་བཏང་ནས། བདག་གི་ལུས་ལ་ཕྱོགས་བཅུའི་སངས་རྒྱས་སྟོང་གིས་འོད་ཟེར་བཏང་སྟེ། བདག་གི་ལུས་དང་ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་པར་སྣང་བ་ཆེན་པོར་མཛད་དོ། །དེའི་སླན་ཅད་ཀྱང་སངས་རྒྱས་མང་པོ་དང་འཁོར་མང་པོའི་ཚོགས་གྲངས་མ་མཆིས་པའི་ནང་ནས་ཡང་འདི་སྐད་དུ་ཐོས་ཏེ། བསྙེན་བཀུར་བགྱིས་བླངས་ཏེ། སེམས་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་ཏེ། དགའ་བ་དཔག་ཏུ་མ་མཆིས་པ་ནས་ཡང་བསྐལ་པ་འབུམ་ཕྲག་གྲངས་མ་མཆིས་པའི་སྐྱེ་ཤི་ནི་ཤིན་དུ་ཕྲ་བ་ལས་ཐར་ཏེ་འཕགས་སོ། །དེ་སླན་ཅད་རྟག་ཏུ་བཟླས་བརྗོད་བགྱི་སྟེ་གཟུངས་སུ་གཟུང་ནས། བསྐྱུད་མ་མྱོང་སྟེ། སྔགས་འདི་གཟུངས་སུ་འཛིན་པའི་སླད་དུ་བདག་གར་བྱུང་གར་སྐྱེས་ཀྱང་རྟག་ཏུ་སངས་རྒྱས་ཀྱི་སྤྱན་སྔར་པད་མ་ལ་རྫུས་ཤིང་སྐྱེས་ཏེ། མངལ་དུ་སྐྱེ་མ་མྱོང་ངོ ། །གལ་ཏེ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དེ་མ་ཡིན་པ་གང་ལ་ལ་ཞིག་གཟུང་སྔགས་འདི་འཛིན་པར་འཚལ་ན། སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། སྙིང་རྗེ་ཆེར་བསྐྱེད་དོ། །ཐོག་མར་བདག་སྤྱན་རས་གཟིགས་ཀྱི་མིང་ནས་བརྗོད་ཅིང་སྨོན་ལམ་འདི་སྐད་དུ་གདབ་པར་བགྱིའོ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཆོས་ཉིད་ཀུན་དུ་མྱུར་དུ་ཆུད་གྱུར་ཅིག་་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཤེས་རབ་སྤྱན་ནི་མྱུར་དུ་ཐོབ་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་སེམས
99.289b
ཅན་ཐམས་ཅད་མྱུར་དུ་སྒྲོལ་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཐབས་ལ་མཁས་པ་མྱུར་དུ་ཐོབ་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་ནི་ཤེས་རབ་གྲུར་ནི་མྱུར་དུ་ཞུགས་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་སྡུག་བསྔལ་མཚོ་ལས་མྱུར་དུ་རྒལ་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཚུལ་ཁྲིམས་ལམ་ལ་མྱུར་དུ་རྫོགས་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་མྱ་ངན་འདས་ཀྱི་རི་ལ་མྱུར་དུ་འཛེགས་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གི་འདུས་མ་བྱས་ཀྱི་ཁང་པར་མྱུར་དུ་འདུས་གྱུར་ཅིག་།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་མྱུར་དུ་ཆོས་ཉིད་སྐུ་དང་མཐུན་གྱུར་ཅིག་།གལ་ཏེ་མཚོན་གྱི་རི་ལ་ཕྱོགས་གྱུར་ན། །མཚོན་གྱི་རི་ནི་རབ་ཏུ་ཞིག་ཅིང་རྙིལ་གྱུར་ཅིག་།གལ་ཏེ་བདག་གིས་ཆུ་ཚན་ཟངས་ལ་ཕྱོགས་གྱུར་ན། །མེ་དང་ཆུ་ཚན་རང་དུ་ཞི་ཞིང་མེད་གྱུར་ཅིག་།གལ་ཏེ་བདག་གིས་སེམས་ཅན་དམྱལ་བར་ཕྱོགས་གྱུར་ན། །སེམས་ཅན་དམྱལ་བ་ཞི་ཞིང་སྡུག་བསྔལ་ཟད་གྱུར་ཅིག་།གལ་ཏེ་བདག་གིས་ཡི་དགས་བཀྲེས་ལྟོགས་ཕྱོགས་གྱུར་ན། །ཡི་དགས་ལྟོགས་པ་རབ་ཏུ་འགྲངས་གྱུར་ཅིག་།གལ་ཏེ་བདག་གིས་ལྷ་མ་ཡིན་དུ་ཕྱོགས་གྱུར་ན། །ལྷ་མ་ཡིན་གྱི་ངན་སེམས་ཡོངས་སུ་ཞི་གྱུར་ཅིག་།གལ་ཏེ་བདག་གིས་བྱོལ་སོང་རྒྱུད་རུ་ཕྱོགས་གྱུར་ན། །བདག་གིས་ཤེས་རབ་ཆེན་པོའི་རང་བཞིན་ཐོབ་གྱུར་ཅིག་།དེ་སྐད་སྨོན་ལམ་བཏབ་པའི་འོག་ཏུ་སེམས་བརྩེ་གཅིག་ཏུ་བདག་དང་བདག་གི་མཁན་པོ་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ལ་མངོན་དུ་དམིགས་ཏེ། གསང་སྔགས་འདི་ཞགཅིག་གི་བར་བཟླས་པ་ལན་ལྔ་ཚང་བར་བགྱིས་ན། བསྐལ་པ་བརྒྱ་སྟོང་ཁྲི་ཕྲག་འབུམ་གྱི་བར་དུ་བསགས་པའི་སྡིག་ལྕི་བ་ཀུན
99.290a
ཀྱང་འབྱུང་བར་འགྱུར་རོ། །ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་དང་མི་དང་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འཛིན་པ་འམ། འཆང་བ་འམ། ཀློག་པ་འམ། གདོན་པར་བགྱིས་ན། ཚེ་འཕོས་ཤིང་འགུམ་པའི་ཁར་ཕྱོགས་བཅུའི་སངས་རྒྱས་ཀུན་དེར་གཤེགས་ཏེ། ཕྱག་གིས་འཛིན་ཅིང་སངས་རྒྱས་ཀྱི་ཞིང་གང་ནས་གང་དུ་སྐྱེ་བར་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་གསང་སྔགས་འདི་གཟུངས་སུ་གཟུངས་སྟེ། བཟླས་པ་ལས་ངན་སོང་གསུམ་དུ་ལྟུང་ན། བདག་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་།གང་གིས་ཐུགས་རྗེ་ཆེན་པོའི་གཟུངས་སུ་འཛིན་ཅིང ། བཟླས་བརྗོད་བགྱིས་པ་ལས་སངས་རྒྱས་ཀྱི་ཞིང་དུ་མ་སྐྱེས་ན་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་་།གང་གིས་ཐུགས་རྗེ་ཆེན་པོའི་གསང་སྔགས་འདི་གཟུངས་སུ་འཛིན་ཅིང་བཟླས་བརྗོད་བགྱིས་པ་ལས། ་ཏིང་ངེ་འཛིན་གྲངས་མེད་པའི་རང་རིག་པ་མ་ཐོབ་ན། ་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་་།ཐུགས་རྗེ་ཆེན་པོའི་གསང་སྔགས་འདི་གང་ལ་ལས་གཟུངས་སུ་གཟུང་སྟེ། བཟླས་པ་བགྱིས་པ་ལས། ད་ལྟར་གྱི་ཚེ་འདི་ལ་རེ་བ་ཐམས་ཅད་མ་སྐོངས་ན་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཀྱི་སྙིང་པོ་ཞེས་བགྱིར་ཡང་མི་རུང་སྟེ། ་གང་དགེ་བ་མི་སྤྱོད་པ་དང་སེམས་ཐག་པ་ནས་མི་བསྒྲུབ་པ་ནི་མ་གཏོགས་སོ། །བུད་མེད་གང་ལ་ལས་བུད་མེད་ཀྱི་ལུས་ཀྱིས་སྐྱོ་སྟེ། ་སྐྱེས་པའི་ལུས་སུ་སྐྱེ་བར་འཚལ་ན་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་འདི་བཟླས་པར་བགྱིས་ཏེ། གཟུངས་སུ་གཟུངས་པ་ལས་བུད་མེད་ཀྱི་ལུས་ལས་སྐྱེས་པའི་ལུས་སུ་མ་གྱུར་ན། བདག་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག་་།གང་ཡིད་གཉིས་སམ་ཐེ་ཙོམ་ཆུང་ཟད་ཙམ་སྐྱེས་པས་ནི་འགྲུབ
99.290b
པར་མི་འགྱུར་རོ། །སེམས་ཅན་གང་ཞིག་དཀོན་མཆོག་གསུམ་གྱི་དཀོར་དང་ཞལ་ཟས་ལ་འབགས་ཏེ། སྤྱད་པའི་སྡིག་པ་སངས་རྒྱས་སྟོང་འཇིག་རྟེན་དུ་གཤེགས་པའི་ཚེ་ཡང་འཐོལ་ཞིང་འཆགས་སུ་མི་སྣང་སྟེ། འཐོལ་དུ་ལགས་ཀྱང་སྡིག་པ་མི་འབྱང་བར་མི་འགྱུར་བ་རིགས་སྔགས་འདི་འཆང་བ་འམ་བཟླས་པ་བགྱིས་ན་དེ་མ་ཐག་ཏུ་སྡིག་པ་འབྱུང་བར་འགྱུར་རོ། །དཀོན་མཆོག་གསུམ་གྱི་དཀོར་ནོར་དང ། ཞལ་ཟས་ལས་སྤྱོད་པའི་སྡིག་པ་ཕྱོགས་བཅུའི་དགེ་འདུན་ལ་འཐོལ་ཞིང་འཆགས་ན་གདོད་བྱང་བ་ལགས་ཏེ། ད་འདིར་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་བཟླས་པ་ཙམ་གྱིས་ཕྱོགས་བཅུའི་དགེ་འདུན་ཡང་དེར་ལྟུང་བ་བྱང་ཞིང་ཚངས་པར་བགྱིས་པས་སྡིག་པ་ཐམས་ཅད་ཀྱང་མྱུར་དུ་འབྱང་ངོ ། །མི་དགེ་བཅུ་དང ། མཚམས་མེད་པ་ལྔ་དང ། གང་ཟག་ལ་སྐུར་བ་དང ། མཆོད་རྟེན་ལ་འདྲལ་བ་དང ། ཚུལ་ཁྲིམས་འཆལ་བ་དང ། ་གཙུག་ལག་ཁང་ཞིག་པ་དང ། དཀོན་མཆོག་གསུམ་གྱི་དཀོར་བརྐུས་པ་དང ། ཚངས་པར་སྤྱོད་པ་ལ་མྱ་ངན་བགྱིས་པ་ལ་སོགས་པའི་སྡིག་པ་ལྕི་བ་ལ་སོགས་པ་ཐམས་ཅད་འབྱང་བར་འགྱུར་རོ། །གང་གཟུངས་སྔགས་འདི་ལ་ཐེ་ཙོམ་འཚལ་བ་ནི་མ་གཏོགས་སོ། །དེ་སྡིག་པའི་ལས་ཆུང་བ་དང ། ཡང་བ་ལས་ཀྱང་འབྱུང་བར་མི་འགྱུར་ན་སྡིག་པ་ལྕི་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྡིག་པ་འཕྲལ་མི་འབྱང་དུ་ལགས་ཀྱིས་ཀྱང ། ཡུན་རིང་དུ་བྱང་ཆུབ་ཀྱི་རྒྱུར་ནི་འགྱུར་རོ། །སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོན་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོན་ལྡན་འདས་གལ་ཏེ་ལྷ་དང་མི་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་ལྡན་པའི་རིགས་སྔགས་ཀྱི་སྙིང་པོ་གཟུངས་སུ་འཛིན་ཅིང་བཟླས་བརྗོད་བགྱིས་ན། ལེགས་པའི་ཡོན་ཏན་རྣམ་པ་བཅཝ་ལྔ་འཐོབ་པ་དང ། གཤིས་ངན་དུ་འགུམ་པ་རྣམ་པ་བཅཝ་ལྔ་མི་མྱོང་བར་འགྱུར་རོ། གཤིས་ངན་དུ་མི་འགུམ་པ་གང་ཞེ་ན། ལྟོགས་ཏེ་མི་འགུམ། མཚོན་ཆ་དང་ལྕགས་དབྱིག་གིས་མི་འགུམ། དགྲ་ཤ་ཀླན་པས་མི་འགུམ། དམག་གིས་གཡུལ་དུ
99.291a
མི་འགུམ། སྟག་དང ། སྤྱང་གི་ལ་སོགས་པའི་གཅན་ཟན་གྱིས་མི་འགུམ། སྦྲུལ་དང་སྡིག་པ་ལ་སོགས་པའི་གདུག་པ་ཅན་གྱིས་མི་འགུམ་ཆབ་ཀྱིས་མི་འགུམ། ཞུགས་ཀྱིས་མི་འཚིག་།དུག་གིས་མི་འགུམ། མཁའ་འགྲོ་མས་མི་འགུམ། སེམས་སྟོར་ཅིང་མྱོས་པས་མི་འགུམ། རི་འམ་བྲག་གམ་ཤིང་ངམ་གད་ཀར་ལྷུང་སྟེ་མི་འགུམ། བྱད་སྟེམས་ཀྱིས་མི་འགུམ། ལྷམ་སྲིན་དང ། འདྲེ་གདོན་གྱིས་མི་འགུམ། ནད་ངན་གྱིས་མི་འགུམ། ལྕེབས་བས་མི་འགུམ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་འཆང་བཟླས་པ་དེས་གཤིས་ངན་དུ་འགུམ་པ་རྣམ་པ་བཅཝ་ལྔ་པོ་མྱོང་བར་མི་འགྱུར་རོ། །ལེགས་པའི་ཡོན་ཏན་བཅཝ་ལྔ་གང་ཞེ་ན། གང་ནས་གང་དུ་སྐྱེ་བའི་སར་ཆོས་བཞིན་དུ་བགྱིད་པའི་རྒྱལ་པོ་དང་ཕྲད་པ་དང ། རྟག་པར་དགེ་བའི་ཡུལ་དུ་སྐྱེ་བ་དང ། རྟག་པར་དུས་བཟང་པོ་དང་ཕྲད་པ་དང ། རྟག་པར་དགེ་བའི་གྲོགས་པོ་དང་ཕྲད་པ་དང ། དབང་པོ་དང་ཡན་ལག་ཚང་བ་དང ། སྤྱོད་ལམ་ཞི་དུལ་ཅན་དུ་འགྱུར་བ་དང ། ཚུ་ཁྲིམས་མི་ཉམས་པ་དང ། གཉེན་བཤེས་དང་འཁོར་ལྡན་ཞིང་འདུམ་འཕྲོད་པ་དང ། འཚོག་ཆས་དང་ནོར་ཟས་ཡོད་པ་གཞན་གྱིས་མི་འཕྲོག་པ་དང ། རྟག་པར་གཞན་གྱིས་བཀུར་སྟི་དང་ཕུ་དུད་བགྱི་བ་དང ། འཚོག་ཆས་དང་ནོར་ཟས་ལ་སོགས་པ་ཕུན་སུམ་ཚོགས་པ་དང ། ་ཡིད་ལ་འདོད་ཅིང་འཚལ་ལོ་ཅོག་མྱུར་དུ་འགྲུབ་པ་དང ། ལྷ་དང་ཀླུ་ཀུན་གྱིས་རྟག་ཏུ་མགོན་སྐྱབས་བགྱིད་པར་འགྱུར་བ་དང ། གར་བྱུང་གར་སྐྱེས་ཀྱང་སངས་རྒྱས་ཀྱི་དྲུང་དུ་སྐྱེ་ཞིང་དམ་པའི་ཆོས་ཐོས་པ་དང་དམ་པའི་ཆོས་ཐོས་ནས་དོན་བཟང་པོ་ལ་རྟོག་པ་དང ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་འཆང་བ་དང་བཟླས་པ་དེས་ལེགས་པའི་ཡོན་ཏན་རྣམ་པ་བཅཝ་ལྔ་པོ་འདི་དག་དང་ལྡན་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱིས་རིགས་སྔགས་འདི་རྟག་ཏུ་རྒྱུན་མི་འཆད་པར་འཆང་བ་དང ། བཟླས་བརྗོད་དུ་བགྱི་བའི་རིགས་ཏེ། དེ་ལ་ལེ་ལོ་བགྱི་བའི་མི་རིགས་སོ། །བྱང་ཆུབ་སེམས་དཔའ་འཕགས
99.291b
པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚིག་དེ་སྐད་ཅེས་གསོལ་ནས། འཁོར་འདུས་པ་མང་པོའི་དབུས་སུ་ཐལ་མོ་སྦྱར་ཅིང་ལུས་དྲང་པོར་བསྲང་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྙིང་རྗེ་ཆེར་བསྐྱེད་དེ། མདངས་ཕྱེ་ཞིང་འཛུམ་དམུལ་ནས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཐོགས་པ་མེད་པར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་གཟུངས་སྔགས་ཀྱི་སྙིང་པོ་དམ་པ་འདི་བརྗོད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་བྷ་བ་ས་མུཏྟྲོ། ཅོ་ཤ་ན་ཀ་ར་ཡ། སརྦ་བྱཱ་དྷི་པྲ་ཤ་མན་ཀ་རཱ་ཡ། སརྦེ་ཏྱུ་བ་དྲ་བ། བི་ན་ཥུ་ཎ་ཀ་རཱ་ཡ། ཏ་ས་ན་མྀསྐྲད་ཏྭ། ཨི་མམ་ཨཱརྱཱ་བ་ལོ་ཀི་ཏི་ཤཝ་རཱ་ཡ། ཏ་བ་ནཱི་ལ་ཀནྟེ་ན་མ་ཧྲྀ་ད་ཡ་མཱ་བཪྟ་ཡི་ཥྱཱ་མི། སརྦ་ཨཪྠ་ཡི་ཏ་ས་ད་ནན། ཤུ་བན་ཨ་ཙེ་ཡན། སརྦ་བྷཱུ་ཏཱ་ནཱན། བ་བྷ་མརྒ། བི་ཤོ་དྷ་ཀན། ཏདྱ་ཐཱ། ཨ་ལོ་ཀེ་ལོ་ཀ་།མ་ཏི་ལོ་ཀ་ཨ་ཏི་ཀྲནྟ། ཨ་ཏི་ཀྲནྟ་ཧེ་ཧྱ་ཏ་རེ་བ་ཧ་བོ་དྷི་སཏྭཱ། ཧེ་བོ་དྷི་སཏྭཱ། ཧི་བྲི་ཡ་བོ་དྷི་སཏྭཱ། ཧེ་ཀཱ་རུ་ཎི་ཀ་།རྨར་ཧྲིར་ཡན། ཧི་ཧི་ཧི་རེ། ཨཱརྱཱ་བ་ལོ་ཀེ་ཏེ་ཤཝ་ར། པ་ར་མ་མེ་ཏྲ། ཙིཏྟ་ན། ཀཱ་རུ་ཎི་ཀ་་།ཀུ་རུ་ཀུ་རུ། ཀརྨ་སཱ་དྷ་ཡ། བིནྡ་ན་དེ་ཧི་དེ་ནི། ཀ་མངྒ་མ། བི་ཧདྒ་མ། སིདྡྷ་ཡོ་གེ་ཤཝ་ར། དྷུ་རཱུ་དྷུ་རཱུ། བི་ཡནྟི། མ་ཧཱ་བི་ཡནྟི། དྷ་ར་དྷ་ར། ད་རེན་ཏྲེ་ཤཝ་ར། ཙ་ལ་བི་མ་ལ་མཱུ་རྟེ། ཨཱརྱཱ་བ་ལོ་ཀཱི་ཏེ་ཤཝ་ར། ཛིན་ཀྲིཥྞ། ཛཊ་མོ་ཀུ་ཊ། ལམྦ་བྲ་ལམྦ། བི་ལམྦ། མ་ཧཱ་བི་ལམྦ། མ་ཧཱ་སིངྡྷ། བིདྱཱ་དྷ་ར། བ་ལ་བ་ལ། མ་ཧཱ་བ་ལ། མ་ལ་མ་ལ། མ་ཧཱ་མ་ལ། ཙ་ལ་ཙ་ལ། མ་ཧཱ་ཙ་ལ། ཀི་ན་བ་ཀ་ཤ་།ཀྲིཥྞ་བརྞྞ། ཀྲིཥྞ་པཀྵ་ནི་རྒྒྷ་ཏ་ན། ཧེ་པད་མ་ཧསྟ། ཙ་ལ་ཙ་ལ། ནི་ཤ་ཙ་རེ། ཤཝ་རི་ཀྲྀཥྞ་སར་བ་ཀྲིད་ཏྲ། ཡཛྙོ་བ་བཱི་ཏི། ཨེ་ཧྱེ་ཧི། བ་ར་ཧ་མུ་ཁ། ཏྲི་པུ་ར། ད་ཧ་ནེ་ཤཝ་ར། ན་ར་ཡ་ཎ་བ་ལ་རཱུ་པ། བེ་ཥ་དྷ་རི། ཧེ་ནཱི་ཀན་ལ་ཀཎྛ་ཧེ་མ་ཧཱ། ཧ་ལ་ཧ་ལ། བི་ཥ་ནིར་ཛ་ཏི། ལོ་ཀ་སྱ་རཱ་ག་པ་ཤ་ན། ཤན་ཤ་ནན
99.292a
དེ་ཤ་ནི་ཤ་ནན། མོ་ཧ་བི་ཤ་ནན། ནིར་མོ་ཀྵ་ན། ཧུ་ལུ་ཧུ་ལུ། མ་ཧུ་ལ། ཧ་ལ་ཧ་རེ། མ་ཧཱ་པད་མ། བ་ན་ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུདྷ་བུདྷ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ཡ་མི་ཏེ། ནཱི་ལ་ཀཎྛ། ཨེ་ཧྱེ་ཧི། བཱ་མ་སྠི་ཏ་སིངྷ་མུ་ཁ། ཧ་ས་ཧ་ས། མུན་ཙ་མུན་ཙ། མ་ཧཱ་ཧ་ཏ་ཧ་ས། ཨེ་ཧྱེ་ཧཾ། སིདྡྷ་ཡོ་གཱི་ཤཝ་ར། བ་ན་བ་ན། བ་ཙ་ན། ས་དྷ་ཡ་ས་དྷ་ཡ། བ་དན། སྨ་ར་སྨ་ར། ཏན་བྷ་ག་བན་ཏམ། ལོ་ཀ་བི་ལོ་ཏ་ཀ་ཏན། ཏ་ཐཱ་ག་ཏ་ན། ད་ད་ཧི་མེ། ད་རི་ཤན་བ། ཀ་མ་སྱ། ད་ནི་ཤ་ར། པྲ་ལ་དྷ་ཡ་མན་སཝཱ་ཧཱ། སིདྡྷ་སཝཱ་ཧཱ། མ་ཧཱ་སིདྡྷ་ཡ་སཝཱ་ཧཱ། སིདྡྷ་ཡོ་གེ་ཤཝ་ར་སཝཱ་ཧཱ། ནཱི་ལ་ཀཎྛཱ་ཡ་སཝཱ་ཧཱ། ཧཱ། སིདྡྷ་བིདྱཱ་དྷ་རཱ་ཡ་སཝཱ་ཧཱ། པད་མ་ཧ་སྟཱ་ཡ་སཝཱ་ཧཱ། ཀྲྀཥྞ་ས་ར་བ་ཡཛྙོ་བ་བཱི་ཡ་སཝཱ་ཧཱ། མ་ཧཱ་ལ་ཀུ་ཏ། ད་ར་ཡ་སཝཱ་ཧཱ། ཙཀྲཱ་ཡུ་དྷ་ཡ་སཝཱ་ཧཱ། ཤདྒ་ཤ་པྟ་དྷཱ་ར་ཎི་བོ་དྷ་ཡ་སཝཱ་ཧཱ། བཱི་མ་སྐནྡ་དེ་ཤ་སྟིད་ཏ། ཀྲིཥྞ་ཛི་ན་ཡ་སཝཱ་ཧཱ། མ་ཧཱ་བྷྱ་སཝཱ་ཧཱ། ཀྲ་ཙར་མ་ཎི་བ་སི་ནི་ཡ་སཝཱ་ཧཱ། ཀ་ལོ་ཀེ་ཤཝ་ར་ཡ་སཝཱ་ཧཱ། སརྦ་སིདྡྷི་ཤཝ་རྱ་སཝཱ་ཧཱ། རཀྵ་རཀྵ་མ་ར་ན། བདག་བསྲུང་དུ་གསོལ། བསྲུང་དུ་གསོལ། །ན་མོ་བྷ་ག་བ་ཏི། ཨཱརྱཱ་བ་ལོ་ཀི་ཏི་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིདྡྷྱནྷྱ་དུ་མནྟྲ་པ་ད་སཝཱ་ཧཱ། ཨོཾ་ཧྲཱི་ཏྲེེ་ལོ་ཀྱ་བི་ཛ་ཡཱ། ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲྀ་ད་ཧཱུཾ་ཕཊ་སཝཱ་ཧཱ། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྔགས་འདི་བརྗོད་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་ལྷ་རྣམས་ཀྱིས་མེ་ཏོག་རིན་པོ་ཆེའི་ཆར་ཕབ་སྟེ་མཆོད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱང་ཤིན་ཏུ་ཐུགས་དགྱེས་པར་གྱུར་ནས་ལྷའི་བདུད་དང་མུ་སྟེགས་རྣམས་ཀྱང་འཇིགས་སྐྲག་སྟེ་སྐྱི་བུང་ཞེས་བྱེད་དོ། །འཁོར་འདུས་པའི་ཚོགས་ཐམས་ཅད་འབྲས་བུའི་ཁྱད་པར་འཐོབ་པ། གཅིག་ནི་རྒྱུན་དུ་ཞུགས་པའི་འབྲས
99.292b
བུ། ཁ་ཅིག་ནི་ལན་ཅིག་ཕྱིར་འོང་བ། ཁ་ཅིག་ནི་ཕྱིར་མི་འོང་བ། ཁ་ཅིག་ནི་དགྲ་བཅོམ་པའི་འབྲས་བུ། ཁ་ཅིག་ནི་ས་དང་པོ་དང ། ས་གཉིས་པ་དང ། ས་གསུམ་པ་དང་ས་བཞི་པ་དང ། ས་ལྔ་པ་དང ། ས་བཅུ་པའི་བར་གྱི་འབྲས་བུ་ཐོབ་པ། སེམས་ཅན་མང་པོ་ཞིག་ཀྱང་དེའི་ཚེ། བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཚངས་པ་ཆེན་པོ་སྟན་ལས་ལངས་ཏེ། གོས་ཚགས་བཅོས་ནས་ཐལ་མོ་སྦྱར་ཅིང་བསྙེན་བཀུར་གུས་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོ་ལེགས་སོ། །བདག་སྔོན་སངས་རྒྱས་གྲངས་མ་མཆིས་པ་ནས་ཆོས་ཀྱི་རྣམ་གྲངས་མང་པོ་ཞིག་ཐོས་ཀྱིས་ཀྱང་འདི་ལྟ་བུའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐོགས་པ་མི་མངའ་བའི་གཟུངས་ཀྱི་སྙིང་པོ་ཚིགས་ཐོས་མ་མྱོང་སྟེ། སྐྱེས་བུ་ཆེན་པོའི་གཟུངས་འདིའི་མཚན་ཉིད་ཇི་ལྟ་བུ་ལགས་པ་བདག་ལ་བསྟན་དུ་གསོམ། །བདག་ཅག་ཕལ་མང་པོ་ཡང ། ཐོས་པར་སྨོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚངས་པ་ཆེན་པོ་ལ་སྨྲས་པ། ཁྱེད་ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བར་བྱ་བའི་ཕྱིར་འདི་སྐད་དུ་འདྲི་ན། ལེགས་པར་ཉོན་ཅིག་དང ། ངས་ཁྱེད་རྣམས་ལ་མདོ་ཙམ་ཞིག་བཤད་དོ། །གཟུངས་འདིའི་མཚན་ཉིད་ནི་འདི་ལྟ་སྟེ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སེམས་སོ། །འདུས་མ་བྱས་པའི་སེམས་སོ། །ཆགས་པ་མེད་པའི་སེམས་སོ། །སྟོང་པ་ཉིད་དུ་རྟོགས་པའི་སེམས་སོ། །རི་མོ་གུས་པའི་སེམས་སོ། །བདག་དམན་པའི་སེམས་སོ། །འཁྲུག་པ་མེད་པའི་སེམས་སོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟ་བུའི་སེམས་ནི་གཟུངས་ཀྱི་མཚན་ཉིད་ཅེས་བྱས་ཏེ། ཁྱོད་ཀྱང་དེ་བཞིན་དུ་སྦྱོང་ཅིག་་།ཚངས་པ་ཆེན་པོས་སྨྲས་པ། བདག་ལ་སོགས་པ་ཕལ་མང་པོས་གཟུངས་འདིའི
99.293a
མཚན་ཉིད་ནི་གདོད་འཚལ་ཏེ། དེར་ཕྱིན་ཅད་གཟུངས་སུ་གཟུངས་ཞིང་མིང་སྐྱུད་པར་བགྱིའོ། །སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་བྱང་ཆུབ་ཀྱི་སེམས་རྒྱ་ཆེར་བསྐྱེད་དེ། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་ཕྱིར། ཚུལ་ཁྲིམས་འཛིན་ཅིང་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་བསྐྱེད་དེ། སྔགས་འདི་རྟག་ཏུ་རྒྱུན་མི་འཆད་པར་ཁང་པ་དབེན་པ་ཞིག་ཏུ་ཁྲུས་བྱས་ཏེ་གོས་གཙང་མ་བགོ་ཞིང་རྒྱལ་མཚན་དང ། བ་དན་དང ། མར་མེ་དང ། བདུག་སྤོས་དང ། བྱུག་པ་དང ། མེ་ཏོག་དང ། ཞལ་ཟས་རྣམས་ཀྱིས་མཆོད་ཅིང་དོན་གཞན་བཏང་སྟེ་སེམས་རྩེ་གཅིག་ཏུ་ཆོ་ག་བཞིན་བཟླས་བརྗོད་བྱས་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་ཉི་འོད་དང ། བྱང་ཆུབ་སེམས་དཔའ་ཟླ་འོད་དང ། རིག་འཛིན་གྲངས་མེད་པ་དག་དང་ལྷན་ཅིག་ཏུ་དེར་འོངས་ཏེ། དེ་ལ་ཕན་པར་བྱེད་པའི་རྟགས་དང་མཚན་མ་སྟོན་པར་འགྱུར་རོ། །ངས་ཀྱང་དེའི་ཚེ་དེའི་དུས་ན་མིག་སྟོང་གིས་བརྟག་ཅིང་ལག་སྟོང་གིས་བསྐྱབ་པར་བྱའོ། །མུ་སྟེགས་ཀྱི་གཙུག་ལག་ཐམས་ཅད་ལ་མཁས་ཤིང་ཁོང་ངུ་ཆུད་པར་བྱའོ། །གང་གིས་གཟུངས་སྔགས་འདི་གཟུངས་སུ་གཟུང་ཞིང་བཟླས་བརྗོད་བྱས་ན་འཇིག་རྟེན་གྱི་འདྲེ་གདོན་གྱི་ནད་བརྒྱད་ཁྲི་བཞི་སྟོང་ཀུན་གསོ་བར་ནུས་ཏེ་མི་འཚོ་བ་མེད་དོ། །གཅིག་ཏུ་ན་ལྷ་མ་སྲིན་ཐམས་ཅད་བཀོལ་པ་དང་ལྷའི་བདུད་ཐམས་ཅད་ཕམ་པར་བྱེད་པ་དང ། མུ་སྟེགས་ཅན་ཐམས་ཅད་ཐུལ་བར་འགྱུར་རོ། །གལ་ཏེ་གང་ལ་ལས་དགོན་པ་ན་གནས་ཤིང་བསམ་གཏན་བྱེད་དམ། མདོ་སྡེ་ཀློག་པ་འམ། ཁ་ཏོན་བྱེད་པ་ལས་འབྱུང་པོ་དང་ཡི་དགས་ལ་སོགས་པས་བགེགས་བྱས་ཏེ། སེམས་མི་བདེ་ན། སྔགས་དེ་ལན་གཅིག་བཏོན་པ་ཙམ་གྱིས་བགེགས་བྱེད་པ་རྣམས་འཆིང་བར་འགྱུར་རོ། །དེ་ཆོ་ག་བཞིན་དུ
99.293b
བཟླས་བརྗོད་བྱས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། སྙིང་རྗེ་བསྐྱེད་དེ། དེའི་ཚེ་དེའི་དུས་ན་ངས་འཇིག་རྟེན་སྐྱོང་བ་དང ། རྡོ་རྗེ་གསང་བ་འཛིན་དང ། ཀླུའི་རྒྱལ་པོ་ལ་སོགས་པ་བསྒོ་སྟེ། དེ་ལ་བསྲུང་བ་དང ། སྐྱོབ་པ་དང ། སྦ་བའི་ཕྱིར་དུས་ཐམས་ཅད་དུ་ཕྱི་བཞིན་དུ་འབྲང་ཞིང་སྐད་ཅིག་ཏུ་ཡང་མི་འབྲལ་བར། ཇི་ལྟར་རང་གི་མིག་དང་སྲོག་ལ་འཕངས་པ་བཞིན་རིམ་གྲོ་བྱེད་པ་བཞིན་བསྲུང་ཞིང་སྐྱོབ་དུ་གཞུག་གོ་།འདི་ལྟར་ངས་ནི་གསང་འཛིན་ཐལ་སྦྱོར་དང ། །རྡོ་རྗེ་འཚོལ་བ་དང་ནི་ལྕགས་ཀྱུ་དང ། །ལུ་གུ་རྒྱུད་དང་སྟོབས་ཆེན་སྡེ་བརྒྱད་རྣམས། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་དུ་གཞུག་།ངས་ནི་སྲེད་མེད་བུ་དང་དབང་ལྡན་དང ། །ཀུམ་བི་ར་དང་ཀ་པ་ལི་ཀ་དང ། ། བ་ཧུ་ཆུ་བདག་དང་ནི་ལེགས་ལྡན་རྣམས། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་དུ་གཞུག་།ངས་ནི་མགྲིན་བཅུ་དང་ནི་ཙན་ད་ར། །ཀ་ལན་ཏ་ཀ་དང་ནི་སན་ཙམ་བལ། །བན་ཀི་ལ་དང་པིརྦ་ཀ་ལ་རྒྱལ། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག་།ངས་ནི་ཨིང་དིག་བི་ཏ་སར་ག་དང ། །ཚངས་པ་ཆེན་པོ་སམ་པྲ་ཀ་དང་ནི། །ཚངས་རིས་ལྷ་ཡི་སྡེ་དང་གཤིན་རྗེ་རྣམས། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་དུ་གཞུག་་།ངས་ནི་བརྒྱ་བྱིན་སུམ་བཅུ་གཉིས་དབང་བཅས། །དབྱངས་ཅན་དཔལ་དང་ནི་ས་ཏ་ན་དང ། །མ་མོ་ལ་སོགས་མཐུ་ཆེན་རྣམས་ཀྱིས་ཀྱང ། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག་།ངས་ནི་འཇིག་རྟེན་སྐྱོང་བ་གནས་བསྲུངས་དང ། །འཕགས་སྐྱེས་མིག་མི་བཟང་དང་ངལ་བསོ་དང ། །གསེར་ཅན་དང་ནི་རྨ་བྱ་ཆེན་མོ་རྣམས། །རྟག་ཏུ་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག་།ངས་ནི་རིག་འཛིན་ཉི་ཤུ་རྩ་བརྒྱད་དང ། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ནོར་བཟངས་དང ། །གང་བ་བཟང་དང་ཡང་དག་ཤེས་རྣམས་ཀྱིས། །རྟག་ཏུ་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག་།ངས་ནི་ཀླུ་ཡི་རྒྱལ་པོ་དགའ་བོ་དང ། །ཉེ་དགའ་བོ་དང་མ་དྲོས་རྣམས་དང་ནི། །ཀླུའི་ཡི་རྒྱལ་པོ་ཨི་ལ
99.294a
མ་ལ་སོགས། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག་།ངས་ནི་ལྷ་མ་ཡིན་དང་དྲི་ཟ་དང ། །ནམཁའ་ལྡིང་དང་མི་འམ་ཅི་དང་ནི། །ལྟོ་འཕྱེ་ཆེན་པོ་དང་ནི་གྲུལ་བུམ་གྱིས། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་དུ་གཞུག་ངས་ནི་ཆུ་དང་མེ་དང་རླུང་ལྷ་དང ། །འབྲུག་དང་གློག་གི་ལྷ་རྣམས་མཐུ་ཆེན་དང ། །འབྱུང་པོ་ཤ་ཟ་རྣམས་ཀྱིས་རྟག་པ་རུ། །གཟུངས་འཛིན་དེ་ལ་བསྲུང་ཞིང་སྐྱོབ་ཏུ་གཞུག་་།དེ་དག་ཀུན་ཀྱང་སོ་སོ་ནས་འཁོར་ལྔ་བརྒྱ་དང་གནོད་སྦྱིན་སྟོབས་པོ་ཆེ་རྣམས་ཐུགས་རྗེ་ཆེན་པོའི་རིགས་སྔགས་འཆང་བ་དེ་ལ་བསྲུང་བ་དང་སྐྱོབ་པ་དང ། སྦ་བའི་ཕྱིར་དུས་ཐམས་ཅད་དུ་འབྲང་བར་བྱེད་དོ། །དེ་འབྲོག་དགོན་པ་ན་གཅིག་པུ་གནས་པའི་ཚེ། མགོན་པོ་དག་རེས་ཀྱིས་བསྲུང་བ་བྱེད་ཅིང་གདོན་དང་བགེགས་སེལ་བར་བྱེད་དོ། །དགོན་པ་ཆེན་པོར་བསླད་དམ་ལམ་འཚོལ་བར་གྱུར་ན། རིགས་སྔགས་འདི་བཟླས་པ་ཙམ་གྱིས་མགོན་པོ་དང ། ཀླུའི་རྒྱལ་པོ་ལ་སོགས་པ་མིར་སྤྲུལ་ཏེ། ལམ་གང་ཡིན་པ་སྟོན་པར་བྱེད་དོ། །གལ་ཏེ་འབྲོག་དགོན་པ་འམ་མྱ་ངམ་འམ། ནགས་ཚལ་དག་དུ་འགྲོ་བའི་ཚེ། ཆུ་དང་མེས་འཕོངས་ན། རིགས་སྔགས་འདི་དྲན་པ་ཙམ་གྱིས། ཀླུ་རྣམས་ཀྱི་ཆུ་དང་མེ་མངོན་དུ་སྤྲུལ་ཅིང་འབྱུང་བར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་སྔགས་འདིའི་ཡོན་ཏན་ཚིགས་སུ་བཅད་དེ་བརྗོད་པ། །གང་ཞིག་རི་བྲག་དགོན་པར་གནས་པའི་ཚེ། །གཅན་ཟན་སྟགས་དང་དོམ་དྲེད་སྤྱང་གི་དང་སྦྲུལ་གདུགས་ཅན་དང་བརླབས་པའི་འདྲེ་རྣམས་ལ། །སྔགས་འདི་བརྗོད་པ་ཙམ་གྱིས་གནོད་མི་ནུས། །གང་ཞིག་རྒྱ་མཚོ་འམ་ཆུ་ཀླུང་སར་འགྲོ་ན། །ཀླུ་གདུག་འཇོག་པོ་ཆུ་སྲིན་ཉ་རྣམས་དང ། །གནོད་སྦྱིན་སྲིན་པོ་འབར་བ་རུ་སྦལ་རྣམས། །སྔགས་འདི་ཐོས་པ་ཙམ་གྱིས་ལུས་སྦེད་འགྱུར། །ཕ་རོལ་དམག་ཚོགས་ཕྲད་དེ་དགྲས་བསྐོར་ཏམ། །སྡིག་པ་ཅན་གྱིས་ནོར་ཟས་འཇོམས་པའི་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །དེ་དག་བྱམས་སེམས
99.294b
གཡོ་ཞིང་ཕྱིར་ཡང་ལྡོག་་།གང་ཞིག་རྗེ་དཔོན་དག་གིས་བརྩོན་བཟུང་ནས། །ཁྲི་མོན་དང་ནི་བཙོན་རར་འཇུག་པའི་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །རྗེ་དཔོན་སེམས་སློད་གནང་ཞིང་སླར་ལ་གཏོང ། །དུག་ཅན་ཟས་རྣམས་གནོད་པར་གྱུར་པའི་ཚེ། བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །དུག་ཅན་ཟས་དེ་འཕྲལ་དུ་བདུད་རྩིར་འགྱུར། །བུད་མེད་གང་ཞིག་བུ་དག་བཙའ་བ་ན། །གདོན་བགེགས་ཞུགས་ཏེ་སྡུག་བསྔལ་མི་བཟང་ཚེ། །ཐུགས་རྗེ་ཡི་ནི་སྔགས་འདི་བརྗོད་བྱས་པས། །གདོན་བགེགས་བྱེར་ཞིང་བདེ་བར་བཙའ་བར་འགྱུར། །ཀླུ་གདུག་གོར་འདྲེས་རིམས་ནད་གཏོང་བ་ན། །ན་ཚ་མི་བཟད་འཆི་སྒོར་བསྙེན་པའི་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །རིམས་ནད་ཞི་ཞིང་ཚེ་སྲོག་ནུར་པར་འགྱུར། །ཀླུ་དང་ཆུ་སྲིན་གདོན་གྱིས་སྐྲངས་གྱུར་ཅིང ། འབྲས་དང་ཤུ་བ་རྣག་ཁྲག་མི་བཟད་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ནས། མཆིལ་མ་ཐེངས་གསུམ་བཏབ་པས་རྗེས་བཞིན་འབྱང ། །སྙིགས་མ་ཅན་གྱི་སེམས་ཅན་སྡིག་སྤྱོད་ཅིང ། །སྔགས་དང་བྱད་ཀྱིས་ཁོན་ལ་ཤར་གཉེར་བ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །བྱད་སྔགས་དྲག་པོ་དེ་ལ་སླར་འཁོར་རོ། །དུས་ངན་སྙིགས་ཅན་འཁྲུག་ཅིང་ཆོས་འཇིག་ཚེ། །ཆགས་མེད་བདོ་ཞིང་འདོད་ལ་སེམས་རྨོངས་ཏེ། །བཟའ་ཤུག་དབེན་ཞིང་ཉིན་མཚན་གཞན་དག་ལ། །འདོད་པའི་ཆགས་སེམས་གཏོང་བའི་དུས་མེད་པ། །དེ་ཚེ་ཐུགས་རྗེ་ཅན་གྱི་སྔགས་བརྗོད་ན། །འདོད་ཆགས་མེ་དང་འཁྲུག་སེམས་འགག་པར་འགྱུར། །གལ་ཏེ་ང་ཡི་སྔགས་ཀྱི་ཡོན་ཏན་ཀུན། །རྒྱ་ཆེར་བཤད་དུ་བསྐལ་པར་མི་རྫོགས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དུ་སྒྲུལ་པའི་གཟུངས་རྫོགས་སྷོ།། །།