rKTs


J659b

(e-text produced by ADARSHA)

see text in transliteration
98.222a
དེ་ནས་བཅོམ་ལྡན་འདས་ནོར་རྒྱུན་མའི་རྟོག་པ་བཤད་པར་བྱ་སྟེ། དང་པོ་རེ་ཤིག་དཔྱིད་ཟླ་ཐ་ཆུངས་ཀྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་བོར་སོང་སྟེ། དེ་ནས་ནུ་མའི་བར་ཆུའི་ནང་དུ་ནུབ་པར་བྱས་ཏེ་འདུག་ལ་ཉི་མ་ལ་མངོན་དུ་ཕྱོགས་པར་ཡོངསུ་བརྟགས་ལ་ཇི་སྙེད་གནས་ཀྱི་བར་དུ་བཟླས་པ་བྱའོ། །བཟའ་བ་ཐཾད་སྤངས་ཏེ། ཉོན་མོངས་ཤིང་སྨྲ་བཅད་བྱས་ཏེ། ནུབ་བདུན་དུ་བཟླས་པ་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་ཐང་སྐུ་ཡང་དབུ་སྐྲ་མ་གཏོག་པ་གུར་གུམ་དང ། ཙན་དན་གྱིས་བྱུག་པར་བྱ་བ་ནི་ནུབ་མོ་སྔ་བར་ལཾས་ཏེ། མཆུར་ཁྲུ་བདུན་ཞེང་དུ་ཁྲུ་གསུམ་སྟེ། ཁྲུ་བཅུ་དང་བཅས་པ་ལ་ཚོན་སྣ་མ་ལུས་པ་གསོ་སྦྱོང་དང་ལྡན་པའི་ལྷ་བཟོས་བཅྡོཾས་མ་མདོག་ལྗང་སེར་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ་ན་འབྲས་བུ་ཆེན་པོ་བསྣམས་པ། ཕྱག་གཡོན་པ་ན་སྒྲུབ་པ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཟ་མ་ཏོག་མུ་ཏིག་དང ། རྡོ་རྗེ་ཕ་ལམ་དང ། བཻ་དཱུརྱའི་འབྲས་བུ་ཅན་བསྣམ་པའི་ཕྱག་དང་ལྡན་པ་བྱའོ། །སྟེང་དུ་ལྷའི་བུ་རིན་པོ་ཆེའི་ཆར་མངོན་དུ་འབེབས་བཞིན་པ་བྱའོ། །གཡས་ལོགསུ་དཔལ་ཆེན་མོ་པདྨའི་ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དགོངས་པ་ལ་གནས་བཞིན་པ་བྱའོ། །གཡོན་ལོགས
98.222b
སུ་པདྨའི་དཔལ་རིན་པོ་ཆེ་ཡིས་སྙིམ་པ་གང་བ་བྱའོ། །འོག་ཏུ་སྒྲུབ་པ་པོ་པདྨའི་ལག་པ་ཅན་བྱའོ། །དེ་ནས་ཐང་སྐུ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ནུབ་ཕྱོགསུ་ཁ་སྟན་ལ་བཀྲཾ་སྟེ། དེ་ནས་ཉེ་བར་སྤྱོད་པའི་གཏོར་མ་མ་གཏོགས་པ་མཛོད་ཀྱི་བཞེས་པ་ཡང་དབུལ་ཞིང་དྲི་ཞིམ་པོའི་མེ་ཏོག་གིས་མཆོད་པ་ཆེན་པོ་བྱས་ལ་ཙན་དན་དང་ཨ་ག་རུའི་བདུག་པས་བསྲེག་པར་བྱའོ། །ཞུན་འབར་གྱི་མར་མེ་བརྒྱ་དབུལ་བར་བྱའོ། །དེ་ནས་སྟན་གཅིག་ལ་གནས་ཏེ་བཅོམ་ལྡན་འདས་མའི་ཞལ་ལ་དམིགས་ལ་ནུབ་མོ་མཚན་བཟླས་པ་བྱས་ན། དེ་ནས་སྐྱ་རེང་ཤར་བའི་དུསུ་སྐྱེས་བུ་ཆེན་པོ་ཙམ་གྱི་ནོར་རིན་པོ་ཆེ་ཐཾད་ཀྱི་རྒྱུན་འབབ་ཅིང་ཁང་པ་གང་བར་འགྱུར་རོ། །ཡང་ན་མཚན་མོ་ཕྱེད་ན་ཆུའི་ནང་དུ་ཞུགས་ལ་བརྒྱད་བརྒྱ་བཟླས་པར་བྱའོ། །ཟླ་བ་གཅིག་དུ་གཅིག་གི་སྦྱོར་བས་ནོར་གྱི་རྒྱུན་འབབ་པར་འགྱུར་ཏེ། མི་ཤེས་པར་ཁ་ཅིག་འཕེལ་བར་འགྱུར་རོ། །ཡང་ན་རྒྱལ་པོའི་སྐོར་མངོན་པར་འདོད་ན་ཉིན་མོ་ཆུའི་ནང་དུ་བཟླས་པ་བྱ་ཞིང་མཚན་མོའི་ཕྱེད་ནི་ཏིལ་གྱི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྒྱལ་རིགས་ལས་རྙེད་པ་ཆེན་པོ་ཐོབ་པོ། །ཡུངས་ཀར་མར་ལས་བསྲེས་ནས་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་བྱེད་དོ། །ཀུན་དུ་རའི་སྦྱིན་སྲེག་བྱས་ན་རྒྱལ་པོའི་བློན་པོ་དབང་དུ་བྱེད་དོ། །ཁ་ཅིག་གིས་སྦྱོར་བ་གང་གིས་མཚན་མོ་བཅྡོཾས་པདྨའི་གདན་བྱས་ན་སྦྱིན་བདག་ཆེན་པོར་འགྱུརོ། །ཡང་ན་སྒྲུབ་ཐབས་ཆེན་པོ་བཤད་པར་བྱ་སྟེ། ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ཟས་ཅི་སྲིད་དུ་བཅད་ནས་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཐང་ཀ་ནུབ་ཕྱོགསུ་བསྟན་ལ་དགྲམ་ཞིང །
98.223a
ཉིན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་ཅིང་མཚན་མོ་སྟན་གཅིག་ལ་གནས་པས་ནུབ་ཡལ་གྱིས་བཟླས་པ་བྱས་ན་ནོར་གྱི་ཕུང་པོ་ཆེན་པོ་རྙེད་དེ། འཐོར་གནོད་བྱས་ཀྱང་མཛད་པར་མི་འགྱུར་ཏེ། ལྷ་ཁང་ཆེན་པོ་བྱའོ། །ཆོ་ག་འདིའི་ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ལ་བཟླས་པ་བྱས་ན་འཁོར་ལོས་སྒྱུ་བ་ཐོབ་ཅིང ། བཅྡོཾས་མ་ནོར་རྒྱུན་མ་དངོསུ་མཐོང་ཞིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུརོ། །ཅི་ལྟར་དེ་ལྟར་ཚངས་སྤྱོད་བྱ་ཞིང་ཁ་ན་མ་ཐོ་བའི་ཟས་ཆང་དང ། ཉ་ཤ་ལ་སོགས་པ་སྤང་ཞིང་མཚན་མོ་བཟླས་པ་བྱས་ན་དབུལ་པོར་མི་འགྱུརོ། །དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་ཀུན་དགའ་བོ་དང ། ཟླ་བ་བཟང་པོ་ཡོངསུ་དགའ་ནས་ཁྱིམ་བདག་ཟླ་བ་བཟང་པོའི་དོན་དུ་གསུངས་པ་ལ་མངོན་པར་བསྟོད་དོ། །བཅྡོཾས་མ་ནོར་རྒྱུན་མའི་རྟོག་པ་རྫོགས་སྷོ།།