rKTs


J534a

(e-text produced by ADARSHA)

see text in transliteration
97.231b
༄#། །རྒྱ་གར་སྐད་དུ། ་ཨཱརྱ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་ཨུཥྞཱི་ཥ་བི་ཛ་ཡ་ནཱ་མ་དྷ་ར་ཎཱི། ་བོད་སྐད་དུ། ་འཕག་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
97.232a
ཕྱག་འཚལ་ལོ། །དེ་ནས་ལྷའི་བུ་ཤིན་དུ་བརྟན་པ་ཞེས་བྱ་བ་ཞིག་སུམ་བཅུ་རྩ་གསུཾ་གྱི་ལྷ་རྣཾས་ཀྱི་ནང་ཆོས་བཟང་ལྷའི་མདུན་ས་ན་གནས་ཏེ། ལྷའི་གཞལ་ཡས་ཁང་ཆེན་པོ་ན་ལྷའི་ལོངས་སྤྱོད་ཆེན་པོ་དང ། ལྷའི་བུ་མོའི་ཚོག་ཆེན་པོས་བསྐོར་ནས་རྩེ་དགའ་ཞིང་དགའ་མགུར་སྤྱོད་དེ། དེ་ལྷའི་ལོངས་སྤྱོད་མྱོང་བ་ལས་མཚན་མོ་སྒྲ་ཞིག་ཐོས་པ། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་གྱི་ཉིན་པར་འཆི་བའི་དུས་བྱེད་དེ། དེ་འཆི་བའི་དུས་བྱས་ནས་ཀྱང་འཛམ་བུའི་གླིང་དུ་སྐྱེས་ཏེ། དེར་ཡང་འགྲོ་བ་བདུན་པོ་མྱང་བར་འགྱུར་རོ། །འགྲོ་བ་བདུན་པོ་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །བརྒྱ་ལ་ནམ་ཞིག་མིར་སྐྱེས་བར་གྱུར་ན་ཡང་དེར་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ་ཞེས་དེས་ཐོས་སོ། །དེ་ནས་ལྷའི་བུ་དེསྒྲ་དེ་ཐོས་ནས་འཇིགས་སྐྲག་དངངས་ཏེ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། དེ་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་ཕྱག་འཚལ་ཏེ། བརྟབས་པར་སྨྲ་ཞིང་དེ་ཀྱེ་ཧུད་ཀྱེ་ཧུད་ཅེས་སྨྲེ་སྔགས་འདོན་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་གསན་དུ་གསོལ། ལྷའི་དབང་པོ་བདག་དེང་ལྷའི་བུ་མོའྀ་ཚོག་ཀྱིས་བསྐོར་ཏེ། ལྷ་འི་ལོང་སྤྱོད་ཀྱི་དགའ་བས་རྩེ་ཞིང་བདེ་བ་མྱོང་བ་ལས་སྒྲ་ཞིག་ཐོས་པ། ལྷའི་བུ་ཤིན་དུ་བརྟན་པ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ། །དེར་ཡང་འགྲོ་བ་བདུན་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །བརྒྱ་ལ་ནམ་ཞིག་མིར་སྐྱེས་པར་གྱུར་ན་ཡང་དེར་དེ་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ། །ཞེས་ཐོས་ན་ལྷའི་དབང་པོ་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཤིན་དུ་བརྟན་པའི་ཚིག་དེ་ཐོས་ནས་ཤིན་དུ་ངོ་མཚར་དུ་འཛིན་པར་འགྱུར་ཏེ། ལྷའི་བུ་འདིས་འགྲོ་བ་བདུན་པོ་གང་དག་མྱོང་བར་འགྱུར་སྙམ་དུ་སེམས་ཤིང་ཅང་མི་སྨྲ་བར་འདུག་པ་དང ། འགྲོ་བ་བདུན་ནི་ཕག
97.232b
གི་སྐྱེ་གནས་དང ། ཁྱི་དང ། ཝ་དང ། སྤྲེའུ་དང ། སྦྲུལ་གདུག་པ་དང ། བྱ་རྒོད་དང ། བྱ་ཁཝ་སྟེ། འགྲོ་བ་བདུན་པོ་དེ་དག་ཤིན་དུ་མི་གཙང་བའི་ཟ་བ་མྱོང་བར་འགྱུར་བ་མཐོང་ངོ ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དེ་དག་ཐོང་ནས་འདི་སྙམ་དུ་ཨེ་མ་ལྷའི་བུ་འདི་སྡུག་བསྔལ་མི་བཟད་པ་ཆེན་པོ་མྱོང་བར་འགྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་དེའི་སྐྱབས་དང ། རྟེན་དང ། དཔུང་གཉེན་དུ་འགྱུར་བ་སུ་ཡོད་སྙམ་དུ་བསཾས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ནུབ་མོ་དེའི་སྲོད་ལ་སྤོས་དང ། མེ་ཏོག་དང ། བདུག་པ་སྣ་ཚོགས་དང ། གོས་དང ། བརྒྱན་སྣ་ཚོགས་ལ་སོགས་པ་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་མཆོད་པ་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་ནས་ལྷའི་བུ་ཤིན་དུ་བརྟན་པའི་འགྲོ་བ་བདུན་པོ་དག་བཅོམ་ལྡན་འདས་ལ་ཞིབ་ཏུ་གསོལ་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དེ་དག་གསོལ་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་འོད་ཟེར་སྣ་ཚོགས་བྱུང་སྟེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ཐམས་ཅད་ཀུན་ནས་སྣ་བར་བྱས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པས་སྤྱི་བོར་ནས་དབང་བསྐུར་བ། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྒྲིབ་པ་དང ། སྡུག་བསྔལ་བར་སྐྱེ་བ་ཐམས་ཅད་འཇིགས་པར་བྱེད་པ་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྦྱོང་བ། བདེ་འགྲོ་ལ་འཇོག་པ་ཡོད་དེ། ལྷའི་དབང་པོ་དེ་ལྟ་བས་ན་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན
97.233a
འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་ཐོས་མ་ཐག་ཏུ་སྒྲིབ་པར་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་ཤིན་དུ་མང་པོ་འཇིག་པར་བྱེད་དོ། །སྐྱེ་བ་ཡོངས་སུ་དག་པའི་རྒྱུད་ཐོབ་པར་འགྱུར་རོ། །ཚེ་རབས་ཐམ་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །ལྷའི་འཇིག་རྟེན་ནས་ལྷའི་འཇིག་རྟེན་དུ་འགྲོ་བར་འགྱུར་ཏེ། ལྷའི་གནས་སུམ་བཅུ་རྩ་གཉིས་ཀྱི་བར་དུ་འགྲོ་བར་འགྱུར་རོ། །ལྷའི་དབང་པོ་དེ་བརྗོད་མ་ཐག་ཏུ་ཚེ་ཟད་པ་ཡང་ཚེ་ཕྱིར་ནུར་བར་འགྱུར་བའི་ལས་ཐོབ་པར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་བསགས་པ་བདེ་བར་རེག་པ་ལ་གནས་པས་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་གཟིགས་སོ། །དེ་དག་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་མཛད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སེམས་པར་འགྱུར། བརྗོད་པ་ཙམ་གྱི་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། ཡི་དགས་ཀྱི་ཡུལ་ཐམས་ཅད་སྐེམས་པར་འགྱུར། རྣམ་པར་འཇིག་པར་འགྱུར། རྣམ་པར་འཐོར་བར་འགྱུར། རྣམ་པར་སེལ་བར་འགྱུར། སྟོང་པར་འགྱུར་རོ། །དེ་ལྟར་དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང ། ལྷའི་གནས་ཐམས་ཅད་དང ། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ཀྱི་སྒོ་རྣམས་ཕྱེ་བར་འགྱུར་རོ། །དེ་གང་འདོད་པ་དེར་འཇུག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་རྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་དེ་བཀའ་སྩལ་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་སྨན་གདགས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་རྒྱ་བྱིན་གྱིས་གསོལ་བ་བཏབ་པ་མཁྱེན་ནས་གཟུངས་འདི་དག་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ།[་\ུ0f00]་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ་བུད་དྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ།
97.233b
\ུ0f00་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མན་ཏ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སཝ་བྷཱ་བ་བི་ཤུད་དྷེ། ཨ་བྷི་ཥིཉྩ་ནྟུ་མཱཾ། སརྦ་ཏ་ཐཱ་ག་ཏ་སུ་ག་ཏ་བ་ར་བཱ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ། མན་ཏྲ་པ་དཻཿ ་ཧ་ར་ཨ་ཧ་ར། མ་མ་ཨཱ་ཡུཿ སན་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སཝ་བྷཱ་ཝ་བི་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧ་སྲ་རསྨི་སཾ་ཙོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏཱ་མཱ་ཏེ་ད་ཤ་བྷཱུ་མི་པྲ་ཏི་ཏེ། སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷི་ཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ཎ། པ་རི་ཤུད་དྷཱེ། སརྦ་ཀརྨ་ཨཱ་ཝ་ར་ཎཱ་བི་ཤུད་དྷེ། པྲ་ཏི་ནི་བར་ཏ་ཡ། མ་མ་ཨཱ་ཡུར་བི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏཱ་ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊྀ། པ་རི་ཤུད་དྷེ། བི་སྥུ་ཊ། བུད་དྷེ་ཤུད་དྷེ། ཧེ་ཧེ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུད་དྷེ་ཤུད་དྷེ། བུད་དྷེ་བུད་དྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲེ། བཛྲེ་གར་བྷེ། ཛ་ཡ་གར་བྷེ། བི་ཛ་ཡ་གརྦྷེ་བཛྲ་ཛྭཱ་ལ་གརྦྷེ། བཛྲ་ཨུད་བྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲམྦྷ་བ་ཏུ། མ་མ་ཤ་རཱི་རཾ་སརྦ་སད་ཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུད་དྷེར་བྷ་བནྟུ། ས་དཱ་མེ་སརྦ་ག་ཏི་པ་རི་ཤུད་དྷེཤྩ། ས་མནྟཱ་ན་མྨོ་ཙ་ཡ་མོ་ཙ་ཡ། ཨ་དྷིཥྛཱ་ན། སརྦ་ཏ་ཐཱ་ག་ཏཱཤྩ་མཱཾ་ས་མཱ་སཝཱ་ས་ཡན་ཏུ། བུད་དྷྱ་བུད་དྷྱ། སིད་དྷྱ་སིད་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མན་ཏ་རསྨི་པ་རི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ་མ་ཧཱ་མུ་དྲཱ་མན་ཏྲ་པ་དཻཿ སཝཱ་ཧཱ། ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྡིག་པ་དང ། ལས་དང ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། བདེ་འགྲོའི་ལམ་ཐམས་ཅད་དུ་འགྲོ་བ་དང ། ངན་འགྲོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་གང
97.234a
གཱའི་ཀླུང་འབུམ་ཕྲག་བྱེ་བ་ཕྲག་བརྒྱད་བཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་དག་གིས་གསུང་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་རང་བར་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པ་སྟེ། སེམས་ཅན་ཐམས་ཅད་བདེ་འགྲོར་འགྲོ་བར་བྱ་བ་དང ། ངན་འགྲོར་ལྷུང་བ་རྣམས་བཟློག་པ་དང ། སེཾན་དམྱལ་བ་དང ། དུད་འགྲོའྀ་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་སྡུག་བསྔལ་གྱི་གནས་ཐམས་ཅད་དུ་སྡུག་བསྔལ་ཞིང་ཉམ་ང་བར་གྱུར་པ་རྣམས་དང ། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སེཾན་རྣམས་རྣམ་པར་འགྲོལ་བར་བྱ་བའི་ཕྱིར་གསུངས་པའོ། །དེ་བཞིན་དུ་སེམས་ཅན་ཚེ་ཐུང་ཞིང་སྐལ་པ་ཆུང་བ། སྨད་པ་དང ། བསམ་པ་ཉམ་པ་དང ། སེམས་ཅན་ལམ་ལས་ཉམས་པ་རྣམས་ཀྱི་དོན་དུ་གཟུངས་འདི་འཛམ་བུའི་གླིང་དུ་བཞག་གོ་།ལྷའི་དབང་པོ་ཁྱོད་ཀྱིས་གཟུངས་འདི་བཟུང་ལ་ལྷའི་བུ་ཤིན་དུ་བརྟན་པ་ལ་སྒྲོགས་ཤིག་།བསྒྲགས་ནས་ཀྱང་གདོན་པ་དང ། ཁ་ཏོན་དུ་བྱ་བ་དང ། བསམ་པ་དང ། བསྒོམ་པ་དང ། དྲན་པར་བྱ་བ་དང ། མཆོད་པ་དང ། བཟུང་བ་དང ། ཀུན་ཆུབ་པར་བྱ་བ་ལ་དེ་སྦྱོར་བར་གྱིས་ཤིག་དང ། དེ་ལྟར་ལྷའི་གནས་ཐམས་ཅད་ན་འཁོད་པའི་ལྷའི་བུ་རྣམས་དང ། འཛམ་བུའི་གླིང་པའི་སེཾན་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བའི་ཕྱིར་གཟུངས་ཀྱི་ཕྱག་རྒྱ་དང ། གསང་སྔགས་འདི་དག་ཁྱོད་ལ་གཏད་དོ། །དེའི་ཕྱིར་ལྷའི་དབང་པོ་ཁྱོད་ཀྱིས་གཟུང་བར་བྱའོ། །ལྷའི་དབང་པོ་གཟུངས་འདི་ཐོས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་རོ། །སྐྱེ་བར་སྐྱེ་བ་རྣམ་པ་སྣ་ཚོགས་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། ཡི་དགས་ཀྱི་ཡུལ་དང ། ལྷ་མ་ཡིན་གྱི་རིས་དང ། འདི་ལྟ་སྟེ། གནོད་སྦྱིན་དང ། སྲིན་པོ་དང ། འབྱུང་པོ་དང ། ཤ་ཟ་དང ། སྲུལ་པོ་དང ། ལུས་སྲུལ་པོ་དང ། བརྗོད་བྱེད་དང ། ཁྱི་དང །
97.234b
རུ་སྦལ་དང ། སྦྲུལ་དང ། གཅན་ཟན་ཁྲོ་བོ་དང ། བྱ་དང ། སྦྲང་བུ་དང ། སྦྲང་མ་དང ། སྡིག་སྦྲུལ་དང ། གྲོག་སྦུར་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་སུ་ཕྱི་མི་སྐྱེ་བར་ཤེས་པར་བྱའོ། །གཞན་དུ་ན་དེ་བཞིན་གཤེགས་པ་དང་ཕྲད་པ་དང ། བྱང་ཆུབ་སེམས་དཔའ་འི་རིགས་སུ་སྐྱེ་བ་ནི་མ་གཏོགས་སོ། །དེ་རིག་ཆེན་པོ་འདི་ལྟ་སྟེ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འམ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། ཚོང་དཔོན་གྱི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུར་སྐྱེའོ་ཞེས་ང་སྨྲའོ། །ལྷའི་དབང་པོ་དེ་ལྟར་ན་གཟུངས་འདིའྀ་མཐུས་བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ཐུག་གི་བར་དུ་སྐྱེ་བ་ཡོངས་སུ་དག་པ་ཆེན་པོ་འཐོབ་སྟེ། ལྷའི་དབང་པོ་གཟུངས་འདི་ནི་དེ་ལྟར་མཐུ་ཆེ་སྟེ། ལྷའི་དབང་པོ་གཟུངས་འདི་ནི་འདི་ལྟར་མཐུ་ཆེ་བ། ཕན་ཡོན་ཆེ་བ། མཐུ་སྟོབས་ཆེ་བ། དགེ་ཞིང་ཤིས་པ་ཡིན་ཏེ། ལྷའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངསུ་སྦྱོང་བ་འདི་བཞག་གོ་།འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ཤིན་དུ་དྲི་མ་མེད་པ་ནམ་མཁའ་ལྟར་ཡོངས་སུ་དག་པ་འོད་གསལ་བ་ནི་འོད་ཟེར་གྱི་སྣང་བས་འབར་ཞིང་འདུག་གོ་།ལྷའི་དབང་པོ་དེ་བཞིན་དུ་སེཾན་དེ་ཡང་གོས་པ་མེད་པར་ཤེས་པར་བྱའོ། །འདི་ལྟ་སྟེ་དཔེར་ན་འཛམ་བུའི་ཆུ་བོའི་གསེར་ནི་དྲི་མ་མེད་པ། ཤིན་དུ་ཡོངས་སུ་དག་པ། ཤིན་དུ་མཉེན་པ། ཤིན་དུ་སྡུག་པའོ། །ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེ་ཡང་ཤིན་དུ་ཡོངས་སུ་དག་པར་རིག་པར་བྱ་སྟེ། ཚེ་རབས་གཞན་དུ་ཡང་དེ་བཞིན་དུ་སྐྱེ་བར་འགྱུར་རོ། །ལྷའི་དབང་པོ་གང་ན་གཟུངས་འདི་རབ་ཏུ་སྟོན་པ་དང ། བྱེ་བྲག་ཏུ་ན་ཡི་གེར་འདྲིར་འཇུག་པ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང །
97.235a
ཁ་ཏོན་དུ་བྱེད་པ་དང ། མཆོད་པ་དང ། ཀུན་ཆུབ་པར་བྱེད་པ་དང ། ཉན་པ་དང ། འཛིན་པར་འགྱུར་བ་དེར་འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལྷའི་དབང་པོ་གཟུངས་འདི་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་གཞག་པར་བྱ། རི་མཐོན་པོ་འམ། ཁང་པ་མཐོན་པོ་འམ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་གཞག་པར་བྱའོ། །ལྷའི་དབང་པོ་དགེ་སློང་ངམ། དགེ་སློང་མ་འམ། དགེ་སྙེན་ནམ། དགེ་བསྙེན་མ་འམ། དེ་ལས་གཞན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་ངམ། དེ་དང་དེ་ཉེ་བར་གནས་པར་གྱུར་ན། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པས་ཕོག་ན་ཡང་ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང ། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ ། །སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། ཡི་དགས་དང ། ལྷ་མ་ཡིན་གྱི་རིས་ཐམས་ཅད་དུ་མི་སྐྱེ་བར་འགྱུར་རོ། །ལྷའི་དབང་པོ་སེམས་ཅན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཅིང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ལྷའི་དབང་པོ་མཆོད་པ་དང ། རིམ་འགྲོ་བྱེད་ཅིང་མེ་ཏོག་དང ། བདུག་པ་དང ། སྤོས་དང ། མེ་ཏོག་ཕྲེང་བ་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རྒྱན་རྣམས་ཀྱིས་བརྒྱན་པར་བྱེད་པ་དང ། ལམ་གྱི་བཞི་མདོར་མཆོད་རྟེན་བྱས་ཏེ། གཟུངས་འདི་བཞག་པ་ལ་ཐལ་མོ་སྦྱར་བ་འམ་ཕྱག་འཚལ་བ་འམ་སྐོར་བ་བྱེད་པ་ལྟ་ཅི་སྨོས་ཏེ། ལྷའི་དབང་པོ་སེམས་ཅན་དེ་ནི་སེམས་ཅན་ཆེན་པོར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྲས་སུ་རིག་པར་བྱའོ། །ཆོས་ཀྱིས་གནས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་མཆོད
97.235b
རྟེན་དུ་རིག་པར་བྱའོ། །དེ་ནས་ཆོས་ཀྱིས་རྒྱལ་པོ་གཤིན་རྗེ་ནུབ་མོ་ནམ་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་དང ། གོས་དང ། རྒྱན་ལ་སོགས་པས་མཆོད་པ་དང ། སྟི་སྟང་བྱས་ནས། དེས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདི་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་དེའི་སླད་དུ་བཞན་འབྲང་ཞིང་ཀུན་དུ་བསྲུང་བ་དང ། ཡོངས་སུ་བསྐྱབ་པའི་སླད་དུ་གནས་པར་བགྱིའོ། །སེམས་ཅན་དམྱལ་བ་ཐམས་ཅད་ལས་དེ་བཟློག་པར་བགྱིའོ། །བཅོམ་ལྡན་འདས་བདག་ནི་བྱས་པ་བཟོ་བར་བགྱིད་ཅིང ། བྱས་པ་མི་བཟོ་བར་མི་བགྱིད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདིའི་ཆོ་ག་ཞིབ་མོ་དང ། བགྱི་བའི་ཆོ་གའི་ཚུལ་རྒྱས་པར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་དང་གཟུངས་འདིའྀ་བྱ་བའི་ཚུལ་བཤད་པར་བྱའོ། །སེམས་ཅན་ཚེ་ཐུང་བའི་དོན་གྱི་ཕྱིར་རིགས་ཀྱི་བུའཾ་རིགས་ཀྱི་བུ་མོས་ཚེས་བཅཝ་ལྔ་ཟླ་བ་ཉ་བ་ལ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་དེས་སེམས་ཅན་ཚེ་ཟད་པ་དེའི་ཚེ་ཕྱིར་ནུར་ནས་ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཐ་ན་དུད་འགྲོའྀ་སྐྱེ་གནས་སུ་སོང་བའི་སྲོག་ཆགས་བྱའི་རྣ་ལམ་དུ་གཟུངས་འདིའྀ
97.236a
སྒྲ་བསྒྲགས་པར་བྱ་སྟེ། དེས་ནི་དེའི་ངན་འགྲོའྀ་ཐ་མ་ཡིན་པར་རིག་པར་བྱའོ། །གང་ཞིག་ནད་ཆེན་པོས་བཏབ་ཏེ་སྨན་པ་རྣམས་ཀྱིས་བྱེ་བྲག་ཕྱེ་བ་དེ་ཡང་ནད་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་ངན་འགྲོར་སྐྱེ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ཉིད་དེའི་མངལ་གྱི་གནས་ཐ་མ་ཡིན་པར་རིག་པར་བྱའོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་པད་མའི་སྙིང་པོ་ཁོ་ན་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབ་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །སེམས་ཅན་སྡིག་པ་བྱེད་པ་གང་དག་ཤི་བའི་དུས་བྱས་པ་དེ་དག་གི་དོན་དུ་གཟུངས་ཡུངས་ཀར་དག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བརྗོད་དེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན་དེ་དག་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ཡི་དགས་སམ། དེ་ལས་གཞན་ངན་འགྲོ་རྣམས་སུ་སྐྱེ་བར་གྱུར་ཀྱང་རུང་སྟེ། དེ་དག་གཟུངས་འདིའི་མཐུས་ངན་འགྲོ་དེ་དག་ལས་ཐར་བར་འགྱུར་རོ། །དེ་དག་ལས་ཐར་ནས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །སུ་ཞིག་འདི་ཉིན་གཅིག་བཞིན་དུ་ལན་ཉི་ཤུ་རྩ་རེ་རེ་ཡོངས་སུ་བརྗོད་པ་དེ་འཇིག་རྟེན་མང་པོའི་མཆོད་པའི་འོས་སུ་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །བདེ་བ་མྱོང་བར་འགྱུར་རོ། །རྟག་ཏུ་སྤྲོ་བ་དང་ལྡན་པ་དང ། མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པ་སྣ་ཚོགསུ་ཡོངས་སུ་འགྲོ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་ཕྲད་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དབུགས་འབྱིན་པར་འགྱུར། དེ་བཞིན
97.236b
གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་འཇིག་རྟེན་ལ་སྣང་བར་བྱེད་པར་འགྱུར་རོ། །ལྷའི་དབང་པོ་ཐབས་འདིས་ནི་འགྲོ་བ་ཐམས་ཅད་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་དག་གིས་འགྲོ་བ་ཐམས་ཅད་ཀྱང་ཡོངས་སུ་དག་ཅིང་ཚེ་རིང་བར་ཡང་འགྱུར་རོ། །ལྷའི་དབང་པོ་སོང་ལ་ལྷའི་བུ་བློ་གྲོས་ཤིན་དུ་བརྟན་པ་ལ་གཟུངས་འདི་རྗེས་སུ་སྟོན་ལ་སྒྲོགས་ཤིག་།ལྷའི་དབང་པོ་དེས་ན་ཞག་བདུན་ན་ལྷའི་བུ་ཤིན་དུ་བརྟན་པའི་འགྲོ་བ་ཐམས་ཅད་ཡོངས་སུ་དག་ཅིང་ཚེ་རིང་བར་འགྱུར་རོ། །སྟོབས་ཆེ་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ལས་བརྗེས་སུ་བསྟན་པ་འདི་བླངས་ཏེ། དེའི་གནས་སུ་ཕྱིན་ནས་ལྷའི་བུ་ཤིན་དུ་བརྟན་པ་ལ་གཟུངས་འདི་བྱིན་ནོ། །དེ་ནས་ལྷའི་བུ་དེས་ཉི་མ་བདུན་པའི་བར་དུ་ཉིན་དྲུག་མཚན་དྲུག་དུ་གཟུངས་འདི་ལ་བརྩོན་པར་བྱས་པ་ན་དེའི་བསམ་པ་ཐམས་ཅད་ཕུན་སུམ་ཚོགས་ཏེ། འདི་ལྟ་སྟེ། ངན་འགྲོ་ལས་ནི་ཡོངས་སུ་ཐར། བདེ་འགྲོའྀ་ལམ་ལ་ཡང་གནས། ཚེ་རིང་བར་ཡང་གྱུར་ནས། ཨ་ལ་ལ་སངས་རྒྱས། ཨ་ལ་ལ་ཆོས། ཨ་ལ་ལ་གཟུངས་འདི་ལྟ་བུ་འཇིག་རྟེན་དུ་བྱུང་སྟེ། དེས་བདག་འཇིགས་པ་ཆེན་པོ་ལས་ཡོངས་སུ་ཐར་བར་གྱུར་ཏོ་ཞེས་ཆེད་དུ་བརྗོད་དོ། །འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོར་བ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་ཀྱི་མཁན་པོ་འཛི་ན་མི་ཏྲ་དང ། སུ་རེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ་དགེའོ། །