rKTs


J533

(e-text produced by ADARSHA)

see text in transliteration
97.227a
༄#། །རྒྱ་གར་སྐད་དུ། ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ཛ་ཡ་ནཱ་མ་དྷཱ་ར་ཎཱི་ཀལ་པྶཾ་ཧི་ཏ། ་བོད་སྐད་དུ། ་དེ་བཞིན་གཤེགས་པ་ཐཾད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཕུག་ཁང་བཟངས་མཆོག་ན་ཉེ་བར་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིག་ཀྱི་བུ་སྡུག་བསྔལ་བ་ནད་ཀྱིས་ཡོངསུ་གཟིར་བའི་སེམས་ཅན་ཚེ་ཐུང་བ་ཡོད་དེ། དེ་རྣམས་ཀྱི་ཕྱིར་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན་དུ་གཟིགས་པའི་དཔལ་གྱི་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཅང་བ་དང ། བཀླག་པ་དང ། གཞན་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་ནི་ཚེ་རིང་བ་སྒྲུབ་པར་བྱེད་པའི་ཆེད་དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལང་ཏེ་ཐལ་མོ་སྦྱར་བར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམས་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བདེ་བར་གཤེགས་པས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན་དུ་གཟིགས་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམས་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་པ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚ་ཡ་བུདྷ་ཡ་ཏེ་ན་མ། ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མན་ཏ་ཨ་བ་བྷཱ་ས་སྥ་རཾ་ཎ་ག་ཏི།
97.227b
ག་ག་ན་སཝ་བྷཱ་བ་བི་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ཨ་བྷི་ཥིཉྩ་ནྟུ་མཱཾ། སརྦ་ཏ་ཐཱ་ག་ཏ་སུ་ག་ཏ་བ་ར་བ་ཙ་ན། ཨ་མྲི་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲ་མན་ཏྲ་པ་དཻ། ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུར་སན་དྷཱ་ར་ནི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སཝ་བྷཱ་བ་བི་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧ་སྲ་རསྨི་སཾ་ཙོ་དི་ཏི། སརྦ་ཏ་ཐ་ག་ཏཱ་ཨ་བ་ལོ་ཀི་ནི། ཥཊ་པཱ་ར་མི་ཏཱ་པ་རི་པུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ་ད་ཤ་བྷའུུ་མི་པྲ་ཏི་ཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷི་ཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན། པ་རི་ཤུད་དྷེ། སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུད་དྷེ། པྲ་ཏི་ནི་བར་ཏ་ཡ། མ་མ་ཨཱ་ཡུར་བི་ཤུད་དྷེ། སརྦ་ཏཱ་ཐཱ་ག་ཏཱ་ས་མ་ཡ། ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ། བྷཱུ་ཏཱ་ཀོ་ཊི། པ་རི་ཤུད་དྷེ། བི་སྥུ་ཊ། བུད་དྷེ་ཤུད་དྷེ། ཧེ་ཧེ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥ་ར་ཡ་སྥ་ར་ཡ། སརྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏི། ཤུད་དྷེ་ཤུད་དྷེ། བྷུད་དྷེ་བུད་དྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲེ། བཛྲེ་གར་བྷེ། ཛ་ཡ་གར་བྷེ། བི་ཛ་ཡ་གར་བྷེ། བཛྲ་ཛྭཱ་ལ་གར་བྷེ། བཛྲ་ཨུད་བྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ནི། བཛྲ་མྦྷ་བ་ཏུ། མ་མ་ཤ་རི་རཾ་སརྦ་ས་ཏཱ་ནཱཉྩ་ཀཱ་ཡ་པ་རི་ཤུད་དྷིར་བྷ་ཏུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུད་དྷེཤྩ། སརྦ་ཏ་ཐཱ་ག་ཏཱཤྩ་མཱཾ་ས་མ་སཝ་ས་ཡན་ཏུ། བུད་དྷྱ་བུད་དྷྱ། སིད་དྷྱ་སིད་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མན་ཏ་མོ་ཙ་ཡ་མོ་ཙ་ཡ། ས་མན་ཏ་རསྨི་པ་རི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡཱ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ་མ་ཧཱ་མུ་དྲཱ་མན་ཏྲ་པ་དཻ་སཝཱ་ཧཱ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་འདི་ནི་འཆི་བདག་ཆེན་པོའི་དབྱུག་པ་འཛིན་པ་ཏེ། དག་བྱེད་སྡིག་པ་འཇོམས་པར་བྱེད་པ་འདི་གྲོག་འམ་གཞན་ཞིག་ལ་བྲིས་ཏེ།
97.228a
མཆོད་རྟེན་གྱི་ནང་དུ་བཞག་ལ། རབ་ཏུ་རྒྱ་ཆེ་བའི་མཆོད་པ་ཇི་ལྟར་འབྱོར་པས་མཆོད་དེ་བསྐོར་བ་སྟོང་ཕྲག་བརྒྱ་བྱས་ན་མཆོག་གི་ཚེ་དང་བློ་རྣོ་བ་སྦྱིན་པར་བྱེད་པར་འགྱུར་རོ། །དེ་ལྟར་བྱས་པས་ཞག་བདུན་པའི་ཚེ་ནི་ལོ་བདུན་ཐུབ་བོ། །ལོ་བདུན་པའི་ཚེ་ལོ་བདུན་བཅུ་ཐུབ་བོ། །དེ་ལྟར་མཆོག་གི་ཚེ་འཐོབ་ཅིང་དྲན་པ་དང་ལྡན་པ་དང ། ནད་མེད་པ་དང ། སྐྱེ་བ་དྲན་པར་འགྱུར་རོ། །མཆོད་རྟེན་ལ་བཞུགས་སུ་གསོལ་ནས་མགོ་ལ་བཅངས་ན་ནད་ཆེན་པོ་ལས་གྲོལ་བར་འགྱུར་རོ། །གོས་སམ་ཤིང་ཤུན་ལ་འགི་ཝང་གིས་རང་གིས་མིང་དང་བཅས་པའི་གཟུངས་བྲིས་ཏེ། ཙན་དན་གྱི་རང་བཞིན་གྱི་མཆོད་རྟེན་ལ་བཞུགས་སུ་གསོལ་ཏེ་རང་གིས་ཁྱིམ་དུ་བཞག་ལ་རྒྱ་ཆེན་བ་སྟོང་གི་མཆོད་པས་མཆོད་ཅིང་ཟླ་བ་རེ་རེ་ཞིང་བརྒྱ་ཕྲག་བརྒྱད་ཀྱི་བཟླས་པའི་མཆོག་མཆོད་པའི་ཆོ་ག་བྱས་ན་ནད་ལས་གྲོལ་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །མེད་ན་འདམ་པའི་རང་བཞིན་ལ་ཡང་བྱའི། ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མཆོད་རྟེན་བྲིས་ལ་རྡོ་རྗེའི་ཕྲེང་བས་བསྐོར་བས་བརྒྱན་པ་དེའི་ནང་དུ་རང་གིས་མི་དང་གཟུང་ཀྱི་ཚིག་འདི་གིའུ་ཝང་གྲིས་ལ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཞུགས་སུ་གསོལ་ལ། རང་གིས་ཁྱིམ་དུ་བཞག་སྟེ་མཆོད་པ་རྒྱ་ཆེན་པོ་མཆོད་པ་བྱས་ན་རྟག་ཏུ་གསྲུངས་བར་འགྱུར་རོ། །གཞན་ཡང་ཆོ་ག་ནི་ས་ལ་མ་ལྷུང་བའི་གཅི་བས་མཎ་ཌལ་གྲུ་བཞིར་བྱས་ལ་མེ་ཏོག་དཀར་པོ་བཀྲམ་ཏེ། མཚམ་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ། ཨ་ཀ་རུ་དང་དུ་རུ་ཀའི་བདུག་པ་བྱས་ལ་དེ་བཞིན་དུ་དྲིའི་ཆུ་གང་བའི་སྣོད་མེ་ཏོག་དཀར་པོས་བརྒྱན་ཏེ། གཟུངས་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནམ་སྐུ་གཟུགས་དབུསུ་བཞུགསུ་གསོལ་ལ། དེ་ལ་གཡོན་པའི་ལག་པས་རེག་སྟེ། གཡས་པའི་ལག་པ་ཕྲེང་བ་འཛིན་པས། ཉི་མ་རེ་རེ་ཞིང་ཉི་ཤུ་རྩ་གཅིག་རྩ་གཅིག་དུས་གསུམ་དུ་བཟླས་པ་བྱས་ལ་དེའི་ཆུ་ཁྱོར་བ་གསུམ་འཐུང་ན་ནད་མེད་པ་དང ། ཚེ་རིང་བ་དང ། དགྲ་ཡོངས་སུ་ཉལ་བ་དང ། འཛིན་བློ་རྣོ་བ་དང ། ངག་བཙུན
97.228b
པར་འགྱུར་རོ། །སྐྱེ་བ་ནས་སྐྱེ་བར་སྐྱེ་བ་དྲན་པར་འགྱུར་རོ། །དེའི་ཆུས་ཁང་པ་དང ། ཕྱུག་ཀྱི་ར་བ་འམ། རྟའི་ར་བ་འམ། རྒྱལ་པོའི་ཁབ་ཏུ་གཏོར་ན་རྐུན་པོ་དང ། སྦྲུལ་དང ། གནོད་སྦྱིན་དང ། སྲིན་པོ་ལ་སོག་པའི་འཇིགས་པ་མི་འབྱུང་ཞིང་ནད་ཀྱིས་ཡོངས་སུ་གདུངས་པར་མི་འགྱུར་རོ། །མགོ་ལ་གཏོར་ན་དེ་ནད་དེ་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ཚེ་དཔག་ཏུ་མེད་པའི་ཕན་ཡོན་ཆེན་པོའི་གཟུངས་འདི་གང་དང་གང་དུ་རབ་ཏུ་སྦྱར་ན་དེ་དང་དེ་རུ་ཞི་བ་ཆེན་པོར་འགྱུར་རོ། །སོ་ཤིང་ལ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་འཆོས་ན་ནད་མེད་པ་དང ། བློ་རྣོ་བ་དང ། ཚེ་རིང་བར་འགྱུར་རོ། །ཆུ་ཁྱོར་བ་གསུམ་ལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་རྩ་གཅིག་ཡོངས་སུ་བཟླས་ཏེ་འཐུང་ན་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ཞིང་ཡུན་རིང་དུ་འཚོ་བར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་ཀྱི་བུ་འམ་རིག་ཀྱི་བུ་མོས་མཆོད་རྟེན་གྱི་ལས་ཇི་ལྟར་བགྱི། སྐུ་གཟུགས་ལ་སོག་པ་བསྒྲུབ་པ་ཇི་ལྟར་བགྱི། འདིར་སྦྱིན་བསྲེག་ཀྱང་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དྲི་བ་ལེགས་པར་སྨྲས་པ་ནི། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །སེམས་ཅན་ཀུན་ལ་ཕན་བརྩེའི་ཕྱིར། །འདིར་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །དེ་ནས་བཅོམ་ལྡན་འདས་ཀུན་དུ་འོད་དཔག་ཏུ་མེད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས་འདི་གསུངས་པ་ནི་འདི་ལྟ་སྟེ། ཨོཾ་ཨ་མྲྀ་ཏེ། ཨ་མྲྀ་ཏོད་བྷ་བེ། ཨ་མྲྀ་ཏ་བི་ཀྲཱནྟེ། ཨ་མྲྨིྀ་ཏ་གཱ་ཏཱེ། ཨ་མྲྨིྀ་ཏ་ག་མི་ནི། ཨ་མྲྨིྀ་ཏ་ཨ་ཡུརྡྷ་ཏེ། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡང་ཀ་རི་ཡེ་སཝཱ་ཧཱ། ཞེས་བྱ་བའི་གཟུངས་འདི་མཆོད་རྟེན་བྱེད་པའི་འཇིམ་པ་བླང་བ་དང ། བྱུག་པ་ལ་སོགས
97.229a
པ་དང ། གདུགས་གདགས་པའི་བར་ཇི་སྲིད་རྫོགས་པར་བྱའོ། །འདིའི་ཆོ་ག་ནི། མཆོད་རྟེན་ཆོ་ག་མཆོག་གྱུར་པ། །དེ་ནས་ཡང་དག་བཤད་པར་བྱ། །གསེར་དང ། ིན་དྲ་ནི་ལ་དང ། དངུལ་དང ། པད་མ་རཱ་ག་ལ་སོག་པའི་རང་བཞིན་མང་པོའི་རིན་པོ་ཆེས་སྤྲས་པ་སོར་བཅུ་གཉིས་ཀྱི་ཚད་པད་མའི་སྟེང་ན་བཞུགས་པ། དེའི་ལོགས་བཞིར་འཇིག་རྟེན་སྐྱོང་བ་བཞི་ལག་ན་རྒྱལ་མཚན་བསྣམས་པའོ། །མེ་ཏོག་དང ། བདུག་པ་དང ། དྲི་ལག་ན་བཟུང་བའི་གནས་གཙང་མའི་ལྷའི་བུ་རྣམ་དང ། ལྷ་རྣམས་ཀྱི་དབང་པོ་རྒྱ་བྱིན་ལག་ན་གདུགས་ཐོགས་པ་དང ། གཡས་དང་གཡོན་ཀྱི་ལོགས་གཉིས་ན་སྤྱན་རས་གཟིགས་དང ། རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པ་གཉིས་བྱའོ། །དེ་ལྟ་བུའི་ཆོ་གས་མཆོད་རྟེན་ལ་གཡས་བསྐོར་གྱི་སྦྱོར་བས་པད་མའི་འདབ་མ་ལ་བྲི་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བྲིས་ལ། དེའི་རིང་བསྲིལ་གྱི་སྙིང་པོ་ཅན་དུ་བྱས་ལ་དྲི་ཞིམ་པོ་དང་བསྲེས་པའི་ཆུ་གཏོར་ཞིང་དྲི་ཞིམ་པོའི་མེ་ཏོག་གིས་མཆོད་ལ་སྟོང་ཕྲག་གཅིག་གི་མཆོད་པ་ཆེན་པོ་བྱས་ཏེ། དཀར་པོའི་ཕྱོག་ཀྱི་ཚེ་བརྒྱད་ཀྱི་ཉིན་ཞག་ལ་བསྙུང་བར་གནས་ཤིང ། སེམས་ཅན་ཐམས་ལ་ཕན་པའི་བློས་ཚེ་དང་བློ་སྟེར་བའི་ཡོན་བྱིན་ཏེ་སྟོང་ཕྲག་གཅིག་བཟླས་པར་བྱའོ། །ཟླ་བ་རེ་རེ་ཞིང་བྱས་ན་ཟླ་བ་དྲུག་གིས་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །རྟག་ཏུ་ལོ་གཅིག་ཏུ་བྱས་ན་ཚེ་ལོ་འབུམ་ཐུབ་པར་འགྱུར་རོ། །རྟག་ཏུ་བྱས་ན་ཚེ་ལོ་མི་ཟད་པར་ཐུབ་ཅིང་སྟོབས་དང་ལྡན་པ་དང ། གང་གིས་ཀྱང་མི་ཐུབ་ཅིང་ལྷ་དང་ལྷ་མ་ཡིན་དང་བཅས་མི་མཉམ་པའི་མཁའ་སྤྱོད་ཀྱི་གཙུག་ཏོར་མཆོག་ཏུ་འགྱུར་རོ། །དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་ས་བླངས་ལ། དྲི་ཞིམ་པོས་བསྲེས་ལ་མཆོད་རྟེན་བྱའོ། །སྟོང་ཕྲག་གཅིག་ནས་བརྩམས་ཏེ་ཇི་སྲིད་ལྔ་འམ་གཅིག་གི་བར་དུའོ། །
97.229b
ཉི་མ་རེ་རེ་ཞིང་མཆོད་རྟེན་དུ་གཏོགས་པ་གཙུག་ཏོར་རྣམས་པར་རྒྱལ་བ་ཡང་དག་པར་གཞུགས་སུ་གསོལ་ལ། ཇི་སྐད་གསུང་པའི་མཆོད་པ་རྒྱ་ཆེན་པོ་བྱས་ལ་སྟོང་ཕྲག་གཅིག་ནས་བརྩམས་ཏེ། ལན་བདུན་གྱི་བར་དུ་བཀླགས་པར་བྱའོ། །ཉི་མ་རེ་རེ་ཞིང་ཚེ་དང་བློ་སྟེར་བར་བྱས་པའི་གཟུངས་ཀྱི་ཆེད་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ། །སེམས་ཅན་རྣམས་ལ་བཅིང་བ་དང་བརྡང་བ་ལ་སོགས་པ་སྤང་བར་བྱའོ། །ཟླ་བ་བཞན་རེ་རེ་ལ་མཆོད་པ་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱ་བ་ནི་རང་ངམ་རང་དང་འདྲ་བས་བྱའོ། །ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུར་རོ། །བློ་རྣོ་བ་དང ། ནད་མེད་པ་དང ། ཚེ་ལོ་བརྒྱ་ཐུབ་ཅིང་འགྲོ་བ་ཐམས་ཅད་ཀྱི་ཡིད་དུས་འོང་བ་དང ། སྐྱེ་བ་དྲན་པར་འགྱུར་རོ། །གང་གི་ཚེ་འཆི་བའི་དུས་བྱས་པའི་ཚེ་སྦྲུལ་ཤུན་པ་བརྗེས་པ་དང་འདྲ་བར་རང་གིས་ལུས་བོར་ཏེ། མཛེས་པའི་ལུས་བདེ་བ་ཅན་ཀྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །ཡང་དེ་ནི་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་གྱི་ངན་འགྲོར་སྐྱེ་བར་མི་འགྱུར་རོ། །རྣ་བའི་བུ་གར་དམྱལ་བའི་སྒྲ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ག་ལ་འགྱུར། འདི་རྣམས་ཀྱི་གནས་སུ་འགྲོ་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས་གཞན་ཡང་སྒྲུབ་པའི་ཐབས་བཀའ་སྩལ་པ། གང་གིས་སེམས་ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་ཉམ་ང་བའི་འཁོར་བ་ལས་གྲོལ་བར་བྱེད་པ་ནི་གཞོན་ནུ་མས་བཀལ་བའི་སྐུད་པ་ལ་ཚད་དང་ལྡན་པའི་མཛེས་པའི་རས་མཁས་པས་བྱའོ། །དེ་ནས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ཚོན་སྣ་མ་ལུས་པས་གཟུངས་ཀྱིས་ཡེ་གི་ལས་སྤྲུལ་པའི་མཆོད་རྟེན་ཀྱི་ནང་དུ་བྲི་བར་བྱའོ། །ཚེ་དཔག་ཏུ་མེད་པ་འོད་ཟེར་སྟོང་གིས་ཕྲེང་བ་ཅན། པད་མ་དང་ཟླ་བའི་གདན་ལ་བཞུགས་པ། སྟོན་ཀའི་ཟླ་བ
97.230a
ལྟ་བུའི་འོད་ཅན། རྒྱན་ཐམས་ཅད་ཀྱི་བརྒྱན་པ། ཞལ་གསུམ་པ་སྤྱན་གསུམ་པ། ཕྱག་བརྒྱད་པ། གཡས་པའི་ཞལ་ཞི་བ་གསེར་ཀྱི་འོད་ཟེར་དང་ལྡན་པའོ། །གཡོན་པ་ནི་མཆེ་བས་མ་མཆུ་མནན་པ་མི་ཟད་པ་ཨུཏྤ་ལ་སྔོན་པོའི་འོད་ཟེར་གྱི་འོད་དང་ལྡན་པའོ། །དབུས་མ་ནི་སྒེག་པ་དང་བཅས་ཤིང་དཀར་བའོ། །གཡས་པའི་ཕྱག་གིས་སྙིང་ཀར་སྣ་ཚོགས་རྡོ་རྗེའི། །དེ་བཞིན་དུ་པད་མ་ལ་གནས་པའི་འོད་དཔག་ཏུ་མེད་པ་དང ། མདའ་དང ། མཆོག་སྦྱིན་ནོ། །གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང ། དེ་བཞིན་དུ་བཞུ་དང ། མི་འཇིགས་པ་དང ། བུམ་པའོ། །ཡང་མགོ་བོར་མཆོད་རྟེན་ལ་གནས་པའི་ཨོཾ་དང ། མགྲིན་པར་ཨཱ་དང ། སྙིང་གར་ཧཱུཾ་ངོ ། །དཔྲལ་བར་ཏྲཾ་ངོ ། །ལྟེ་བའི་ཕྱོགས་སུ་ཧྲིའོ། །རྐང་པ་གཉིས་ལ་ཨཾ་ཨ། ཡི་གེ་འདི་རྣམས་བཀོད་ལ་རཀྴ་སཝཱ་ཧཱ་དང་བཅས་པ་འདིའི་ནང་དུ་རང་གི་མིང་དང་སྤེལ་བའོ། །དེའི་ལོགས་གཉིས་སུ་པད་མ་དང་རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པ་བྱའོ། །སྟེང་དུ་བདུད་རྩིའི་ཆར་གྱི་རྒྱན་འབེབ་བཞིན་པའི་གནས་གཙང་མའི་ལྷའི་བུ་གཉིས་སོ། །ལོགས་བཞིར་ཁྲོ་བོ་མི་གཡོ་བ་དང ། འདོད་པའི་རྒྱལ་པོ་དང ། བྱུག་པ་སྔོན་པོ་དང ། སྟོབས་པོ་ཆེ་ཞེས་བྱ་བ་ཏེ། རལ་གྲི་དང་ལྕག་ཀྱུ་དང ། དབྱུག་པ་དང ། རྡོ་རྗེ་བསྣམས་པའོ། །གཡོན་པ་གདུག་པ་ཅན་འཇིགས་པའི་སྡིག་མཛུབ་ཆེད་དུ་བྱེད་པའོ། །དེ་ལྟར་འབད་པས་རྫོགས་པར་བྱས་ལ་རིང་བསྲིལ་དང་བཅས་པའི་མཆོད་རྟེན་ལ་བསྨྱུང་བར་གནས་པས་མཆོད་པ་ཆེན་པོ་སྟོང་ཕྲག་གཅིག་གིས་མཆོད་པ་བྱས་ལ་འབུམ་ཕྲག་གཅིག་བཟླབ་པ་བྱའོ། །དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ། ཇི་སྲིད་བཅཝ་ལྔའི་བར་དུ་སྟོང་སྟོང་བཟླས་པར་བྱའོ། །དེ་ནས་སྔ་བར་ནམ་ལངས་པ་དང ། བཅོམ་ལྡན་འདས་མ་ཞལ་མཐོང་བར་འགྱུར་རོ། །དེ་ནས་ཇི་ལྟར་དངོས་གྲུབ་འདོད་པ་སྟེར་རོ། །ཡང་ན་ནི་ཐང་ཀ་དེ་དྲི་ཞིམ་པོ་དང་བསྲེས་པའི་ཆུས་བྱུགས་པའི་ཕྱོག་གཅིག་ཏུ་ཡང་དག་པར་བཞུག
97.230b
སུ་གསོལ་ལ། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཉི་མ་རེ་རེ་ཞིང་བརྒྱད་བརྒྱའི་བཟླས་པ་བྱའོ། །ཡང་ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱས་ཤིང་སྟོང་སྟོང་གིས་བཟླས་པ་བྱད་ན་ཚེ་དཔག་ཏུ་མེད་པ་དང ། སྟོབས་དཔག་ཏུ་མེད་པས་གཞན་གནོན་པ་དང ། ནམ་མཁའ་ལ་འགྲོ་བ་དང ། ནད་ཆེན་པོ་མེད་པར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱིས་ཉི་མ་རེ་རེ་ཞིང་ཚིག་བཅད་སྟོང་འཛིན་པའི་ཕྱིན་ཅི་མ་ལོག་པའི་ངག་ཏུ་འགྱུར་རོ། །ཡང་ན་ཁ་ཅིག་གིས་དེ་ལྟ་བུ་བྱེད་པར་མི་ནུས་ན་དེ་ཡིས་རང་གི་ཁྱིམ་དུ་དྲི་ཞིམ་པོ་དང་བསྲེས་པའི་སའི་ཆར་བཞུགས་སུ་གསོལ། ཇི་ལྟར་འབྱོར་པའི་མཆོད་པ་བྱས་ལ་ཟླ་བ་འོང་ངོ་ཅོག་གི་ཚེས་བརྒྱད་ལ་བརྒྱད་བརྒྱའི་བཟླས་པ་བྱ་ཞིང ། ཉི་མ་རེ་རེ་ལ་དུས་གསུམ་དུ་ཉི་ཤུ་རྩ་གཅིག་རྩ་གཅིག་བརྗོད་ན་བློ་རྣོ་བ་དང ། ཚེ་རིང་བ་དང ། ཤེས་རབ་དང་ལྡན་པ་དང ། ནད་མེད་པ་དང ། སྐྱིད་པ་དང ། ལོ་བརྒྱ་འཚོ་བ་དང ། སྐྱེ་བ་དྲན་པར་འགྱུར་རོ། །ཡང་ན་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཚེ་རིང་བ་དང་བློ་རྣོ་བར་འགྱུར་རོ། །དེ་ནས་བཞན་ཡང་སྦྱིན་སྲེགི་ཆོ་ག་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཉེ་བར་བཤད་པར་བྱ་ཏེ། ཁྲུ་གང་གི་ཚད་ཀྱི་ཐབ་ཁུང་ཟླུམ་པོ་རྡོ་རྗེ་ཕྲེང་བས་བརྒྱན་པ། ཙན་དན་དཀར་པོ་འམ་ས་དཀར་གྱིས་བྱུགས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། ལོགས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ་བདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ། ཕྱོགས་བཞིར་མཚན་ཉིད་དང་ལྡན་པའི་བུམ་པ་རབ་ཏུ་མཛེ་ས་པ་གོས་དཀར་པོས་གཡོགས་ལ་ཡལ་གས་ཁ་བརྒྱན་པ་བཞི་གཞག་པར་བྱའོ། །འོ་མ་ཅན་གྱི་ཡམ་ཤིང་ལ་མེ་སྦར་ལ་མེ་ལྷ་བཀུག་ལ། དགང་བླུགས་གསུམ་བྱིན་ལ་བསང་གཏོར་བྱས་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་ཚེ་དཔག་ཏུ་མེད་པ་གསལ་པོར་ཐབ་ཁུང་གི་དབུས་སུ་བསམས་ལ། གཙུག་ཏོར་རྣམ་པར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དབུལ་ལོ། །ཡང་ན། ཨོཾ་ཨོཾ་ཨ་མྲྀ་ཏ་ཨཱ་ཡུར་དད་ཏེ་སཝཱ་ཧཱ། ཞེས་བྱ་བས
97.231a
ཚེ་དང་བློ་རྣོ་བ་དང་བཅས་པས་བརྒྱད་བརྒྱ་དུས་གསུམ་དུ་སྦྱིན་བསྲེག་བྱའོ། །གཙུག་ཏོར་རྣམས་པར་རྒྱལ་བ་ལ་ལན་བདུན་དུ་བཟླས་པ་བྱས་ན་ཚེ་རིང་བ་དང ། བློ་རྣོ་བ་དང ། སྐྱིད་པ་དང ། ནད་མེད་པར་འགྱུར་རོ། །ཡང་ན་ཟླ་བ་རེ་རེའི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ་དུས་གསུམ་དུ་ཚེ་ལོ་སྟོང་ཐུབ་པར་འདོད་པ་བསྦྱིན་བསྲེག་བྱས་ན་མཆོག་གིས་ཚེ་རིང་བ་དང ། བློ་རྣོ་བ་སྦྱིན་པར་བྱེད་དོ། །སེམས་ཅན་རྣམས་ལ་སྨད་པར་མི་བྱའོ། །ཆོ་ག་འདི་རང་གི་ལུས་ནད་ཀྱིས་གོས་པར་མི་འགྱུར་ཞིང་ལོ་བརྒྱ་ལྔ་བཅུ་འཚོ་བ་དང ། དགྲ་ལས་རྣམ་པར་རྒྱལ་བ་དང ། བློ་རྣོ་བར་འགྱུར་རོ། །དབྱང་སྙན་པར་འགྱུར་རོ། །གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བ་ཆེན་པོར་འགྱུར་རོ། །དེ་ནས་གཞན་ཡང་སྒྲུབ་པར་འདོད་ན་གཙུག་ཏོར་གྱི་རྒྱལ་པོ་ཆེན་པོ་ཚེ་དང་བློ་རྣོ་བ་དང་བཅས་པས་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ཏེ། དང་པོ་དང་མཐར་སྟོང་སྟོང་གི་མཆོད་པ་བྱས་ལ་ཡང་འབུམ་ཕྲག་གཅིག་བཟླས་པ་བྱས་ན་ཚེ་ལོ་འབུམ་ཕྲག་གཅིག་ཐུབ་པར་འགྱུར་རོ། །བྱེ་བ་བྱས་ན་བྱེ་བ་ཐུབ་བོ། །དེ་ལྟར་འདིའྀ་ཆོ་གའི་རིམ་པས་ཚེ་ལོ་དཔག་ཏུ་མེད་པར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བ་དང ། དཔའ་བ་དང ། དགྲ་ལས་རྒྱལ་བར་འགྱུར་རོ། །དཔལ་འདོད་ན་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་དཔལ་ཆེན་པོ་ཐོབ་པར་འགྱུར་རོ། །རྒྱལ་པོ་འདོད་ན་པད་མ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོ་ཐོབ་པར་འགྱུར་རོ། །བྱེ་བ་གཅིག་བྱས་ན་འཁོར་ལོས་སྒྱུར་བ་ཐོབ་པར་འགྱུར་རོ། །ཡང་ན་རལ་གྲི་ལ་སོགས་པ་སྒྲུབ་པར་འདོད་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཐང་སྐུ་བཀྲམ་ལ་སྟོང་གིས་མཆོད་པ་ཆེན་པོས་མཆོད་ལ་བཟླས་པ་འབུམ་བྱས་ལ་ཡང་ལྕགས་ལྔའི་རང་བཞིན་གྱི་རལ་གྲི་ལ་བཟླས་པ་འབུམ་བྱས་ཏེ། ལག་པ་གཡས་པར་བཅངས་ན་ཡིད་ཀྱིས་འགྲོ་བ་འམ། འདོད་པའི་གཟུགས་འཛིན་པ་དང །
97.231b
སྟོབས་ཆེ་ཞིང་གཞན་གནོན་པ་དང ། སེམས་ཅན་ཐམས་ཅད་ཀྱི་གཅིག་ཏུ་འདྲེན་པ་པོར་གྱུར་ནས་སྨན་པ་ཆེན་པོའི་མཆོག་ཚེ་དཔག་ཏུ་མེད་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་དང ། འཁོར་ལོ་དང ། རྩེ་གསུམ་ལ་སོགས་པ་ཡང་བསྒྲུབ་པར་བྱའོ། །དེ་ལྟར་ཕན་ཡོན་དཔག་ཏུ་མེད་པའི་གཟུངས་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་མཆོག་ཏུ་རྙེད་པར་དཀའ་བ་འདི་ཇི་ལྟ་ཇི་ལྟར་སྦྱར་བ་དེ་ལྟ་དེ་ལྟར་ལས་གྲུབ་པར་བྱེད་དོ། །གང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉི་མ་རེ་རེ་ལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱ་ཞིང་མཆོད་རྟེན་ཆེན་པོ་བྱས་ཏེ་ཡང་དག་པར་བཅང་ལ་གཞན་ལ་ཡང་རྒྱ་ཆེར་གསལ་བར་བྱས་ན་དེ་སྐྱེད་པ་འཐོབ་ཅིང་སྟོབས་དང་ལྡན་པ་དང ། ནད་མེད་པ་དང ། ལོ་བརྒྱ་ཐུབ་པ་དང ། བློ་རྣོ་བ་དང ། སྐྱེ་བ་དྲན་པར་འགྱུར་རོ། །གང་གི་ཚེ་འཆི་བའི་དུས་བྱས་པ་དེའི་ཚེ་སྦྲུལ་ཤུན་པ་རྗེས་པ་དང་འདྲ་བ་རང་གི་ལུས་བོར་སྟེ་བདེ་བ་ཅན་གྱིས་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །དམྱལ་བའི་སྒྲ་རྣ་བུག་དུ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ཡང་ག་ལ་འགྱུར། གང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་སྐྱེ་བ་དྲན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང་མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང་པ་ལ་མངོན་པར་སྟོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་རྫོགས་སོ།། །།