rKTs


J42

(e-text produced by ADARSHA)

see text in transliteration
41.274a
༄##། ་་།རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་བི་ཀུརྦཱ་ཎ་པ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་བའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང ། འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པ་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་དུ་མ་དག་དང་ཡང་ཐབས་གཅིག་གོ། །དེ་ན་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེའི་ཚེ་ལྷའི་བུ་འོད་མང་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་ལྷའི་བུ་འོད་མང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདུད་བར་ཆད་བྱེད་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་གང་ཡིན། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་འོད་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཇི་ཙམ་དུ་ལས་རྣམས་འབྱུང་བ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང ། ཇི་ཙམ་དུ་ལོག་པར་འཛིན་པ་དང ། ཇི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་འདོད་པ་དང ། ཇི་ཙམ་དུ་འདུ་ཤེས་པ་དང ། ཇི་ཙམ་དུ་རློམ་སེམས་པ་དང ། ཇི་ཙམ་དུ་ཡོངས་སུ་རྟོགས་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུ་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པའི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །ཚུལ་ཁྲིམས་དང །
41.274b
བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པ་རློམ་སེམས་སུ་བྱེད་པ་དང ། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་དང ། བཟོད་པ་འཛིན་པ་དང ། བརྩོན་འགྲུས་ལེན་པ་དང ། བསམ་གཏན་ལ་མཚན་མ་དང ། ཤེས་རབ་རྒྱུ་བ་ཡང་བདུད་ཀྱི་ལས་སོ། །དགོན་པ་ལ་དགའ་ཞིང་མོས་པའི་སེམས་དང ། བཏང་སྙོམས་སུ་ལྷུང་བ་ཡང་བདུད་ཀྱི་ལས་སོ། །འདོད་པ་ཉུང་བ་དང ། ཆོག་ཤེས་པ་དང ། སྦྱངས་པའི་ཡོན་ཏན་དང ། ཡོ་བྱད་བསྙུངས་པ་རློམ་སེམས་སུ་བྱེད་པ་ཡང་བདུད་ཀྱི་ལས་སོ། །བདག་ནི་སྟོང་པ་ཉིད་ལ་གནས་པ། བདག་ནི་མཚན་མ་མེད་པ་ལ་གནས་པ། བདག་ནི་སྨོན་པ་མེད་པ་ལ་གནས་པ། བདག་ནི་སྤྲོས་པ་མེད་པ་ལ་གནས་པ། བདག་ནི་དེ་བཞིན་གཤེགས་པའི་བཀའ་བསྒྲུབ་ཅིང་གནས་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་རྣམ་པར་རྟོག་པ་ཡང་བདུད་ཀྱི་ལས་སོ། །ལྷའི་བུ་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ་རྟོག་པ་དང ། མཐོང་བ་དང ། ཐོས་པ་དང ། བྱེ་བྲག་ཕྱེད་པ་དང ། རྣམ་པར་ཤེས་པའི་གནས་ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བདུད་ཀྱི་ལས་ག་ལས་འབྱུང ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདུད་ཀྱི་ལས་ནི་བརྩོན་པ་ལས་འབྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བརྩོན་པ་ལ་བདུད་ཀྱི་གླགས་ཚོལ་གྱི། མི་བརྩོན་པ་ལ་བདུད་ཀྱིས་ཅི་ཞིག་བྱ་བར་འགྱུར་ཏེ། དེ་ཉིད་བདུད་ཀྱི་ལས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་པ་ཡིན། ཇི་ལྟར་ན་མི་བརྩོན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ཙམ་དུ་གཉིས་ལ་སྦྱོར་བ་དེ་ཙམ་དུ་བརྩོན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གནས་པ་ནི་གཉིས་ལ་སྦྱོར་བ་དང་ལྡན་པའོ། །ལྷའི་བུ་བརྩོན་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །སྦྱོར་བ་ཡང་དག་པ་ཞེས་བྱ་བ་འདི་ནི་སྦྱོར་བ་མེད་པའི་ཚིག་བླ་དགས་སོ། །སྦྱོར་བ་མེད་པ་ཞེས་བྱ་བ་འདི་ནི་སྤྲོས་པ་མེད་པའི་ཚིག་བླ་དགས་སོ། །སྤྲོས་པ་མེད་པ་ཞེས་བྱ་བ་འདི་ནི
41.275a
སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །ལྷའི་བུ་གང་ན་མིག་ལ་མི་སྦྱོར་བ་དང ། གཟུགས་ལ་མི་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པ་ཞེས་བྱའོ། །གང་ན་རྣ་བ་ལ་མི་སྦྱོར་བ་དང ། སྒྲ་ལ་མི་སྦྱོར་བ་དང ། སྣ་ལ་མི་སྦྱོར་བ་དང ། དྲི་ལ་མི་སྦྱོར་བ་དང ། ལྕེ་ལ་མི་སྦྱོར་བ་དང ། རོ་ལ་མི་སྦྱོར་བ་དང ། ལུས་ལ་མི་སྦྱོར་བ་དང ། རེག་བྱ་ལ་མི་སྦྱོར་བ་དང ། ཡིད་ལ་མི་སྦྱོར་བ་དང ། ཆོས་ལ་མི་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པ་ཞེས་བྱའོ། །ལྷའི་བུ་གཞན་ཡང་ཉོན་མོངས་པ་ཐམས་ཅད་ལ་ཡང་མི་སྦྱོར་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཡང་བརྩོན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པ་ཞེས་བྱའོ། །ལྷའི་བུ་གཞན་ཡང་ཁམས་གསུམ་པ་ཐམས་ཅད་ལ་ཡང་མི་སྦྱོར་ལ། །ཁམས་གསུམ་དུ་གཏོགས་པའི་སེམས་ཅན་རྣམས་ཀྱང་འབྱུང་བར་སྦྱོར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པ་ཞེས་བྱའོ། །གཞན་ཡང་སྦྱིན་པ་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། སེམས་ཅན་སེར་སྣ་ཅན་སྡུད་པར་ཡང་སྦྱོར་བ་དང ། ཚུལ་ཁྲིམས་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། སེམས་ཅན་ཚུལ་ཁྲིམས་འཆལ་པ་སྡུད་པར་ཡང་སྦྱོར་བ་དང ། བཟོད་པ་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། སེམས་ཅན་གནོད་སེམས་ཅན་སྡུད་པར་ཡང་སྦྱོར་བ་དང ། བརྩོན་འགྲུས་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། སེམས་ཅན་ལེ་ལོ་ཅན་སྡུད་པར་ཡང་སྦྱོར་བ་དང ། བསམ་གཏན་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། སེམས་ཅན་སེམས་རྣམ་པར་གཡེངས་པ་སྡུད་པར་ཡང་སྦྱོར་བ་དང ། ཤེས་རབ་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། སེམས་ཅན་ཤེས་རབ་འཆལ་པ་ཅན་བསྡུད་པར་ཡང་སྦྱོར་བ་འདི་ཡང་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པ་ཞེས་བྱའོ། །གཞན་ཡང་སྟོང་པ་ཉིད་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། ལྟ་བར་སོང་བ་ཐམས་ཅད་དང་ཡང་བྲལ་ཞིང་བལྟ་བར་སོང་བ་ལས་རྣམ་པར་གྲོལ་བ་ཡང་མ་ཡིན་པ་ནི་སྟོང་པ་ཉིད་ལ་སྦྱོར་བ་སྟེ། སྟོང་པ་ཉིད་གང་གིས་སྟོང་པ་ཉིད་སྟོང་པའི་སྟོང་པ
41.275b
ཉིད་དེས་ལྟ་བར་གྱུར་པ་རྣམས་སྟོང་པ་དང ། སྟོང་པ་ཉིད་གང་གིས་ལྟ་བར་གྱུར་པ་རྣམས་སྟོང་པའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་སྟོང་པར་འདི་ཤེས་ཤིང་ཤེས་པ་ལ་ལྷག་པའི་ང་རྒྱལ་ཡང་མེད་པ་གང་ཡིན་པ་འདི་ཡང་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པའོ། །ལྷའི་བུ་གཞན་ཡང་མཚན་མ་མེད་པ་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་རྣམ་པར་རྟོག་པ་ལས་གྲོལ་བ་ཡང་མ་ཡིན་པ་ནི་མཚན་མ་མེད་པ་ལ་སྦྱོར་བ་སྟེ། རྣམ་པར་རྟོག་པ་གང་གིས་མཚན་མ་མེད་པ་ལ་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དེ་ཡང་མཚན་མ་མེད་པ་དང་མཉམ་ཞིང་རྣམ་པར་རྟོག་པ་དེ་དང་མཚན་མ་མེད་པ་ཡང་མཚན་མ་མེད་པར་རྣམ་པར་རྟོག་པས་མཉམ་པར་ཤེས་ཏེ། འདི་ཤེས་ཤིང་ཤེས་པ་ལ་ལྷག་པའི་ང་རྒྱལ་ཡང་མེད་པ་གང་ཡིན་པ་འདི་ཡང་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པའོ། །གཞན་ཡང་སྨོན་པ་མེད་པ་ལ་རློམ་སེམས་མེད་པར་ཡང་སྦྱོར་ལ། བསམ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པར་ཡང་སྦྱོར་ཏེ། དེ་སྨོན་ལམ་འདེབས་ཀྱང་སེམས་ཀྱིས་བག་ལ་ཉལ་བར་མི་བྱེད་ཅིང ། སྨོན་ལམ་འདེབས་ཀྱང་སྨོན་ལམ་གྱིས་རྒྱུ་བ་ཡང་མེད་ལ། སྐྱེ་ཡང་སྐྱེ་ཞིང་མཐའ་གཉི་གར་ལྟ་བ་དང་བྲལ་བ་འདི་ལྟ་སྟེ། ངར་འཛིན་པ་དང ། ང་ཡིར་འཛིན་པའི་ལྟ་བ་དང་བྲལ་བར་གྱུར་ཅིང ། སྐྱེ་ཡང་སྐྱེ་ལ་འཆི་འཕོ་དང་སྐྱེ་བ་དང་ཡང་བྲལ་བ་ཡིན་ཏེ། འདི་ཤེས་ཤིང་ཤེས་པ་ལ་ལྷག་པའི་ང་རྒྱལ་ཡང་མེད་པ་གང་ཡིན་པ་འདི་ཡང་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པའོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པ་ཡང་དག་ཕུལ་ནི་གང་ཤེས་རབ་ཀྱི་ཤེས་པས་བརྩོན་པ་ཡང་མེད་ལ། ཐབས་ཀྱི་ཤེས་པས་དགེ་བའི་ཆོས་ཐམས་ཅད་སྡུད་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་བདག་མེད་པ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གསོ་བ་མེད་པ་དང ། གང་ཟག་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས
41.276a
པས་ཆོས་ཐམས་ཅད་བླང་བ་མེད་པ་དང ། དོར་བ་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ཆོས་ཐམས་ཅད་ཡོངས་སུ་འཛིན་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཐམས་ཅད་དང་ཆོས་ཀྱི་དབྱིངས་དབྱེར་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སངས་རྒྱས་ཐམས་ཅད་ལ་བླ་མར་བྱ་བ་དང ། གུས་པར་བྱ་བ་དང ། མཆོད་པ་དང ། རིམ་གྲོ་བྱེད་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའི་ཞིང་དུ་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངསུ་སུ་སྦྱོར་བའི་རྒྱན་ལ་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་འཕགས་པ་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་འཕགས་པ་ཐམས་ཅད་ལ་བླ་མ་དང ། གུས་པ་དང ། རིམ་གྲོ་བྱེད་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཀྱི་སྐུ་ཟག་པ་མེད་པར་སོ་སོར་རྟོག་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་མཚན་དང་དཔེ་བྱད་བཟང་པོ་དང ། རྒྱན་ལ་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་འདུ་བྱེད་ཐམས་ཅད་མ་སྐྱེས་པ་དང ། མ་བྱུང་བར་སོ་སོར་རྟོག་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ལྟ་བ་དང་རྣམ་པར་རྟོག་པ་དང ། སྨོན་ལམ་སྤང་བ་སྟོན་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་མངོན་པར་ཤེས་པ་སྐྱེ་བ་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་བར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་མ་སྐྱེས་པ་དང ། མི་སྩོགས་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཡོངས་སུ་འདོར་བར་ཡང་སྦྱོར་བ་དང་ཤེས་རབ་ཀྱི་ཤེས་པས་སྲིད་པ་མྱ་ངན་ལས་འདས་པའི་རང་བཞིན་དུ་རྟོགས་པར་བྱེད་པར་ཡང་སྦྱོར་ལ།
41.276b
ཐབས་ཀྱི་ཤེས་པས་འཁོར་བ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་ཤེས་རབ་ཀྱི་མིག་ལ་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ལྷའི་མིག་མངོན་པར་བསྒྲུབ་པ་ལ་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་ཆོས་བརྗོད་དུ་མེད་པར་ཁོང་དུ་ཆུད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ཡི་གེ་དང་ངེས་པའི་ཚིག་གིས་ཆོས་སྟོན་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་དོན་དང་ཆོས་སོ་སོ་ཡང་དག་པར་རིག་པ་ལ་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་སེམས་ཅན་གྱི་དབང་པོ་མཆོག་དང ། མཆོག་མ་ཡིན་པ་ཐམས་ཅད་ཤེས་པ་ལ་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སོ་སོ་ཅི་རིག་པར་ཆོས་སྟོན་པར་ཡང་སྦྱོར་བ་དང ། ཤེས་རབ་ཀྱི་ཤེས་པས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཁོང་དུ་ཆུད་པར་བྱེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་དག་པར་སྟོན་པར་ཡང་སྦྱོར་བ་འདི་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པ་ཡང་དག་ཕུལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པས་སྦྱོར་བ་ཡང་དག་པ་འདི་བསྟན་པ་ན། འཁོར་དེ་ལས་ལྷའི་བུ་བརྒྱད་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ། འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པ་འདི་ལེགས་པར་བཤད་པ་ལེགས་སོ་ཞེས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་ལྷའི་བུ་འོད་མང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ལ་དེ་བཞིན་གཤེགས་པས་གང་གི་ཕྱིར་ལེགས་སོ་ཞེས་བྱ་བ་བྱིན་པས་ཅི་ཁྱོད་དགའ་བར་འགྱུར་རམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། གང་སྤྲུལ་པས་སྤྲུལ་པ་ལ་ལེགས
41.277a
སོ་ཞེས་བྱ་བ་བྱིན་ན་སྤྲུལ་པ་དེ་ལ་ཅི་དགའ་བ་འགྱུར་བ་ལྟ་ཡོད་དམ། ལྷའི་བུས་སྨྲས་པ། འཇམ་དཔལ་སྤྲུལ་པ་ལ་རྗེས་སུ་ཆགས་པ་ཡང་མེད། ཁོང་ཁྲོ་བ་ཡང་མེད་ན་དེ་ལ་དགའ་བར་འགྱུར་བ་ཅི་ཞིག་ཡོད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲུལ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ། དེ་བཞིན་གཤེགས་པ་ཡང་དེའི་མཚན་ཉིད་ལ་འཇམ་དཔལ་ཡང་དེའི་མཚན་ཉིད་ཡིན་ན། དེ་ལ་ལེགས་སོ་ཞེས་བྱ་བས་ཁོ་བོ་དགའ་བར་འགྱུར་དུ་ཅི་ཞིག་ཡོད། ལྷའི་བུ་འདི་ལྟ་སྟེ་དཔེར་ན། བྲག་ཆ་ནི་སྒྲ་སྙན་པ་དང ། མི་སྙན་པ་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་འགྱུར། ཁོང་ཁྲོ་བར་ཡང་མི་འགྱུར་རོ། །ལྷའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནི་བྲག་ཆའི་ངོ་བོ་ཉིད་ཀྱི་རང་བཞིན་ཏེ། དེ་བཞིན་གཤེགས་པ་ཡང་དེའི་རང་བཞིན་འཇམ་དཔལ་ཡང་དེའི་རང་བཞིན་ཡིན་ན། དེ་ལ་ལེགས་སོ་ཞེས་བྱ་བས་ཁོ་བོ་དགའ་བར་འགྱུར་དུ་ཅི་ཡོད། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་སུ་ལ་ལེགས་སོ་ཞེས་བྱ་བ་གནང ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྣམ་པར་ཤེས་པ་མི་གནས་པར་སྟོན་པ་དང ། བསྟན་པ་ཐམས་ཅད་ལ་སུའི་བློ་ཐོགས་པར་མི་འགྱུར་བ་དང ། སུ་སེམས་ཅན་ཐམས་ཅད་ལ་སེམས་ཅན་དུ་འདུ་ཤེས་མི་འཇུག་པ་དང ། སུ་ཆོས་ཐམས་ཅད་ལ་ཆོས་སུ་འདུ་ཤེས་མི་འཇུག་པ་དང ། སུ་བསམ་པ་མྱ་ངན་ལས་འདས་པ་ལ་ཡང་གནས་ལ། སྦྱོར་བ་འཁོར་བ་ལ་ཡང་གནས་པ་དང ། སུ་བདུད་ཀྱི་ལས་ཁོང་དུ་ཆུད་ནས་བདུད་ཀྱི་ལས་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་སུ་ཤེས་ཤིང ། སངས་རྒྱས་ཀྱི་ཕྲིན་ལས་ལ་མངོན་པར་ཞེན་ན། སངས་རྒྱས་ཀྱི་ཕྲིན་ལས་ཀྱང་བདུད་ཀྱི་ལས་སུ་ཤེས་པ་དེ་ལྟ་བུའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ། ལྷའི་བུ་དེ་བཞིན་གཤེགས་པས་ལེགས་སོ་ཞེས་བྱ་བ་གནང་ངོ ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་དེ་ལྟ་བུའི་ཆོས་དང་ལྡན་པས་དེ་བཞིན་གཤེགས་པས་ཁྱོད་ལ། ལེགས་སོ་ཞེས་བྱ་བ་གནང་ངམ། འཇམ་དཔལ
41.277b
གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། གང་མཉམ་པ་ཉིད་དེ་ལ་མི་མཉམ་པ་གང་ཡང་ཡོད་དམ། ལྷའི་བུས་སྨྲས་པ། འཇམ་དཔལ་མཉམ་པ་ཉིད་ལ་མི་མཉམ་པ་གང་ཡང་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མཉམ་པ་ཉིད་གང་དང་མཉམ་པ་དེ་དང་མཚམས་མེད་པ་མཉམ་མོ། །མཚམས་མེད་པ་གང་དང་མཉམ་པ་དེ་དང་ཁོ་བོ་མཉམ་མོ། །མཉམ་པ་ཉིད་གང་དང་མཉམ་པ་དེ་དང་ལྟ་བར་གྱུར་པ་རྣམས་མཉམ་མོ། །ལྟ་བར་གྱུར་པ་རྣམས་གང་དང་མཉམ་པ་དེ་དང་ཁོ་བོ་མཉམ་མོ། །མཉམ་པ་ཉིད་གང་དང་མཉམ་པ་དེ་དང་ཕྱིན་ཅི་ལོག་རྣམས་མཉམ་མོ། །ཕྱིན་ཅི་ལོག་རྣམས་གང་དང་མཉམ་པ་དེ་དང་ཁོ་བོ་མཉམ་མོ། །མཉམ་པ་ཉིད་གང་དང་མཉམ་པ་དེ་དང་དམིགས་པ་མཉམ་མོ། །དམིགས་པ་གང་དང་མཉམ་པ་དེ་དང་ཁོ་བོ་མཉམ་མོ། །མཉམ་པ་ཉིད་གང་དང་མཉམ་པ་དེ་དང་འཁོར་བའི་མཐའ་མཉམ་མོ། །འཁོར་བའི་མཐའ་གང་དང་མཉམ་པ་དེ་དང་མྱ་ངན་ལས་འདས་པའི་མཐའ་མཉམ་མོ། །མྱ་ངན་ལས་འདས་པའི་མཐའ་གང་དང་མཉམ་པ་དེ་དང་བདག་གི་མཐའ་མཉམ་མོ། །བདག་གི་མཐའ་གང་དང་མཉམ་པ་དེ་དང་ཡང་དག་པའི་མཐའ་མཉམ་མོ། །ཡང་དག་པའི་མཐའ་གང་དང་མཉམ་པ་དེ་དང་མ་རིག་པ་དང ། སྲིད་པ་དང ། སྲེད་པའི་མཐའ་མཉམ་མོ། །མ་རིག་པ་དང ། སྲིད་པ་དང ། སྲེད་པའི་མཐའ་གང་དང་མཉམ་པ་དེ་དང་རིག་པ་དང ། རྣམ་པར་གྲོལ་བའི་མཐའ་མཉམ་མོ། །རིག་པ་དང ། རྣམ་པར་གྲོལ་བའི་མཐའ་གང་དང་མཉམ་པ་དེ་དང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་མཐའ་མཉམ་མོ། །འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་མཐའ་གང་དང་མཉམ་པ་དེ་དང་སྟོང་པ་ཉིད་དང ། མཚན་མ་མེད་པ་དང་སྨོན་པ་མེད་པའི་མཐའ་མཉམ་མོ། །སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་མཐའ་གང་དང་མཉམ་པ་དེ་དང་འདུས་བྱས་ཀྱི་མཐའ་མཉམ་མོ། །འདུས་བྱས་ཀྱི་མཐའ་གང་དང་མཉམ་པ་དེ་དང ། འདུས་མ་བྱས་ཀྱི་མཐའ་མཉམ་མོ། །འདུས་མ་བྱས་ཀྱི་མཐའ་གང་དང་མཉམ་པ་དེ་དང་འཇམ
41.278a
དཔལ་གཞོན་ནུར་གྱུར་པ་མཉམ་སྟེ། ལྷའི་བུ་མཉམ་པ་ཉིད་དེས་ཆོས་ཐམས་ཅད་མཉམ་མོ། །དེ་ལ་སུ་འཆད་པ་དང ། གང་བཤད་པ་དང ། གང་ལ་བཤད་པ་དང ། སུ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པའི་ཆོས་དེ་དག་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་མཉམ་སྟེ། ནམ་མཁའ་ཡང་འདུས་མ་བྱས་ཡིན་པས་ནམ་མཁའ་ནི་མཉམ་པ་ཡང་མེད། མི་མཉམ་པ་ཡང་མེད་དེ། སུ་རྗེས་སུ་མི་འགྲོ་བའི་ཚུལ་གྱིས་མཉམ་པ་ཉིད་འདི་དག་གི་རྗེས་སུ་སོང་བ་དེ་ལ་དེ་བཞིན་གཤེགས་པས་ལེགས་སོ་ཞེས་བྱ་བ་གནང་ངོ ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ལེགས་སོ་ཞེས་བྱ་བ་དང་ལེགས་སོ་ཞེས་བྱ་བ་མ་ཡིན་པ་ལས་བརྩམས་ཏེ་ཆོས་བསྟན་པ་ལ་སྤོབས་པར་གྱིས་ཤིག་།འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལྷག་པའི་བསམ་པས་བྱང་ཆུབ་ཀྱི་ཕྱིར་འཇུག་པ་ནི་ལེགས་པའོ། །གཡོ་དང་སྒྱུས་ཉེ་བར་སྤྱོད་པ་ནི་ལེགས་པ་མ་ཡིན་པའོ། །སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་མི་གཏོང་བ་ནི་ལེགས་པའོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་ནི་ལེགས་པ་མ་ཡིན་པའོ། །སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་ནི་ལེགས་པའོ། །གནོད་སེམས་ཀྱི་བསམ་པ་ནི་ལེགས་པ་མ་ཡིན་པའོ། །ཉེས་བྱུང་བ་མི་འཆབ་ཅིང་འཆགས་ཏེ་རྣམ་པར་འབྱེད་ལ་ཀུན་ནས་བསྐོར་བ་མེད་པར་གནས་པ་ནི་ལེགས་པའོ། །ཉེས་པ་བྱུང་བ་འཆབ་པ་ནི་ལེགས་པ་མ་ཡིན་པའོ། །བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པ་ནི་ལེགས་པའོ། །གཞན་གྱི་འཁྲུལ་པའི་སྐྱོན་ཚོལ་བ་ནི་ལེགས་པ་མ་ཡིན་པའོ། །བྱས་པ་གཟོ་བ་དང ། བྱས་པ་ཤེས་པ་དང ། བྱས་པ་ཆུད་མི་གཟོན་པ་དང ། བྱས་པ་ལ་ལན་དུ་ཕན་འདོགས་པ་ནི་ལེགས་པའོ། །བྱས་པ་མི་གཟོ་བ་དང ། བྱས་པ་མི་ཤེས་པ་དང ། བྱས་པ་ཆུད་གཟོན་པ་དང ། བྱས་པ་ལ་ལན་དུ་ཕན་མི་འདོགས་པ་ནི་ལེགས་པ་མ་ཡིན་པའོ། །ཐོས་པ་ཡང་དག་པར་སྒྲུབ་པ་ནི་ལེགས་པའོ། །ཐོས་པ་ལོག་པར་བསྒྲུབ་པ་ནི་ལེགས་པ་མ་ཡིན་པའོ། །བསླབ་པ་ཡང་དག་པར་བླངས་ནས་མ
41.278b
ཉམས་པ་ནི་ལེགས་པའོ། །བསླབ་པ་ཡང་དག་པར་བླངས་པ་ལས་འདའ་བ་ནི་ལེགས་པ་མ་ཡིན་པའོ། །དབེན་པ་ལ་སེམས་གཞོལ་ཞིང་དབེན་པ་ལ་དགའ་བ་ནི་ལེགས་པའོ། །འདུ་འཛི་ལ་དགའ་བ་ནི་ལེགས་པ་མ་ཡིན་པའོ། །དགོན་པ་ལ་གནས་པར་ལུས་དང་སྲོག་འདོར་བ་ནི་ལེགས་པའོ། །ལུས་དང་སྲོག་ལ་ལྟ་བ་ནི་ལེགས་པ་མ་ཡིན་པའོ། །འཕགས་པའི་རིགས་ལ་ཡང་དག་པར་དགའ་བ་དང་རུང་བ་རྣམས་ལ་ཚོད་རིག་པ་ནི་ལེགས་པའོ། །ཆོག་མི་ཤེས་ཤིང་འདོད་པ་ཆེ་ལ་སྡིག་པ་འདོད་པ་ནི་ལེགས་པ་མ་ཡིན་པའོ། །ཉམ་ཆུང་བ་རྣམས་ལ་བཟོད་ཅིང་དང་དུ་ལེན་པ་ནི་ལེགས་པའོ། །སེམས་ཅན་རྣམས་ལ་སྨ་འབེབས་པ་ནི་ལེགས་པ་མ་ཡིན་པའོ། །འཚོ་བ་དག་པ་ནི་ལེགས་པའོ། །སྙོམ་ལས་ཅན་ནི་ལེགས་པ་མ་ཡིན་པའོ། །སྐྱབས་སུ་སོང་བ་རྣམས་མི་གཏོང་བ་ནི་ལེགས་པའོ། །སྐྱབས་སུ་སོང་བ་རྣམས་ལ་འཁུ་བ་ནི་ལེགས་པ་མ་ཡིན་པའོ། །དམ་བཅས་པ་ལས་མི་ཉམས་པའི་ཚིག་བདེན་པ་དང ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ནི་ལེགས་པའོ། །འཇིག་རྟེན་ཐམས་ཅད་ལ་སླུ་བ་ནི་ལེགས་པ་མ་ཡིན་པའོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ལེགས་པའོ། །དམ་པའི་ཆོས་ཡོངས་སུ་སྤོང་བ་ནི་ལེགས་པ་མ་ཡིན་པའོ། །ཐོས་པ་ལ་སེར་སྣ་མེད་ཅིང་ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་མེད་དེ་ཟང་ཟིང་མེད་པར་ཆོས་སྟོན་པ་ནི་ལེགས་པའོ། །ཆོས་ལ་སེར་སྣ་བྱེད་ཅིང་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་དེ་ཟང་ཟིང་དང་འབྲེལ་བའི་སེམས་ཀྱིས་ཆོས་སྟོན་པ་ནི་ལེགས་པ་མ་ཡིན་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་དང་ལྡན་པའི་བསྡུ་བ་ནི་ལེགས་པའོ། །སེམས་ཅན་ལ་མི་ལྟ་ཞིང་ཐབས་དང་མི་ལྡན་པར་བསྡུ་བའི་དངོས་པོ་སྟོན་པ་ནི་ལེགས་པ་མ་ཡིན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཚོལ་བ་ནི་ལེགས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་འཐུན་པའི་ཕྱོགས་ནི་ལེགས་པ་མ་ཡིན་པའོ། །ཤེས་པས་བྱས་པའི་ལས་རྣམས་ནི་ལེགས་པའོ། །ང་རྒྱལ་གྱིས་བྱས་པའི་ལས་རྣམས་ནི་ལེགས་པ་མ་ཡིན་པའོ། །མཛའ་བ་བརྟན་པ་ནི་ལེགས་པའོ། །
41.279a
ངན་པ་དང་བཤེས་པ་ནི་ལེགས་པ་མ་ཡིན་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་ལ་སྟེན་པ་ནི་ལེགས་པའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དུ་ཞུགས་པ་ནི་ལེགས་པ་མ་ཡིན་པའོ། །སྡིག་པའི་ལས་ཐམས་ཅད་མི་སྤྱོད་པ་ནི་ལེགས་པའོ། །སྡིག་པའི་ལས་ཐམས་ཅད་ལ་ཞུགས་པ་ནི་ལེགས་པ་མ་ཡིན་པའོ། །ལྷའི་བུ་དམིགས་པ་ཅན་གྱི་རབ་ཏུ་འབྱུང་བ་ནི་ལེགས་པ་མ་ཡིན་པའོ། །སྟོང་པ་ཉིད་སྨྲ་བའི་མངོན་པར་འབྱུང་བ་ནི་ལེགས་པའོ། །འཇིག་རྟེན་རྒྱང་པན་པའི་གཏམ་སྨྲ་བའི་སེང་གེའི་ཁྲི་ནི་ལེགས་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་རབ་ཏུ་ཐོབ་པའི་དམ་པའི་ཆོས་ཀྱི་གཏམ་སྨྲ་བའི་སེང་གེའི་ཁྲི་ནི་ལེགས་པའོ། །ཚུལ་ཁྲིམས་འཆལ་བས་དད་པས་བྱིན་པ་སྤྱད་པ་ནི་ལེགས་པ་མ་ཡིན་པའོ། །ཚུལ་ཁྲིམས་དང་ལྡན་པའི་ཐོབ་པ་དང ། བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་ནི་ལེགས་པའོ། །ལྷག་པའི་ང་རྒྱལ་ཅན་གྱི་བྱང་ཆུབ་ནི་ལེགས་པ་མ་ཡིན་པའོ། །ལྷག་པའི་ང་རྒྱལ་མེད་པར་ཤེས་པའི་བརྡ་སྤྲོད་པ་ནི་ལེགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པར་སེམས་པ་ནི་ལེགས་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ཙམ་དུ་ཕྱངས་པར་འཛིན་པ་ནི་ལེགས་པའོ། །བྱང་ཆུབ་སེམས་དཔའི་མྱིང་གིས་རྙེད་པས་འཚོ་བ་ནི་ལེགས་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡང་དག་པར་སྒྲུབ་པ་ལ་གནས་པའི་རྙེད་པ་ནི་ལེགས་པའོ། །ལྷའི་བུ་དེ་ལྟར་ན་ཇི་ཙམ་དུ་དེ་བཞིན་གཤེགས་པའི་བཀའ་དང་འགལ་བ་དེ་ཙམ་དུ་ཐམས་ཅད་ལེགས་པ་མ་ཡིན་པའོ། །ཇི་ཙམ་དུ་དེ་བཞིན་གཤེགས་པའི་བཀའ་དང་འཐུན་པ་དེ་ཙམ་དུ་ཐམས་ཅད་ལེགས་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལེགས་སོ་ཞེས་བྱ་བའི་ཆོས་ལ་བརྩོན་ནམ། འོན་ཏེ་ལེགས་པ་མ་ཡིན་ཞེས་བྱ་བའི་ཆོས་ལ་བརྩོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་ལེགས་སོ་ཞེས་བྱ་བའི་ཆོས་ལ་བརྩོན་པ་ཡང་མ་ཡིན། ལེགས་པ་མ་ཡིན་པ་ཞེས་བྱ་བའི་ཆོས་ལ་བརྩོན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཁོ་བོ་ནི་ཆོས་ཐམས་ཅད་ལ་བརྩོན་པ་མ་ཡིན་ནོ། །ལྷའི་བུས་སྨྲས་པ།
41.279b
འཇམ་དཔལ་ཁྱོད་ཅི་དགེ་བའི་ཆོས་ལ་མི་བརྩོན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་དགེ་བའི་ཆོས་ལ་བརྩོན་པ་ཡང་མ་ཡིན། མི་དགེ་བའི་ཆོས་ལ་བརྩོན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དགེ་བ་ཞེས་བྱ་བ་འདི་ཡང་འདུས་བྱས་སོ། །མི་དགེ་བ་ཞེས་བྱ་བ་འདི་ཡང་འདུས་བྱས་སོ། །མི་གཡོ་བ་ཞེས་བྱ་བ་འདི་ཡང་འདུས་བྱས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་འདུས་མ་བྱས་པ་འམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་འདུས་བྱས་ཀྱིས་སྐྲག་པ་ལྟ་ན་ནི་ཁོ་བོ་འདུས་མ་བྱས་སུ་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་འདུས་བྱས་ཀྱིས་མི་སྐྲག་གམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཡང་དག་པར་འདུས་བྱས་ཀྱིས་ཡོངས་སུ་གྲུབ་པ་ཞིག་མཐོང་ན་ནི་ཁོ་བོ་འདུས་བྱས་ཀྱིས་སྐྲག་པར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ཁྱོད་ཀྱིས་ཡང་དག་པར་འདུས་བྱས་ཀྱིས་ཡོངས་སུ་གྲུབ་པ་མ་མཐོང་ངམ་འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོས་ནི་ཡང་དག་པར་འདུས་བྱས་ཀྱིས་ཡོངས་སུ་གྲུབ་པ་མ་མཐོང་སྟེ། འདུས་མ་བྱས་ཀྱི་ཡང་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་འདུས་བྱས་སུ་གཏོགས་སམ། འོན་ཏེ་འདུས་མ་བྱས་སུ་གཏོགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་འདུས་བྱས་སུ་གཏོགས་པ་ཡང་མ་ཡིན། འདུས་མ་བྱས་སུ་གཏོགས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འདུས་བྱས་སུ་གཏོགས་པར་གྱུར་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་འདྲ་བར་འགྱུར་རོ། །གལ་ཏེ་འདུས་མ་བྱས་སུ་གཏོགས་པར་གྱུར་ན་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་འདྲ་བར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གལ་ཏེ་ཁྱོད་འདུས་བྱས་སུ་གཏོགས་པ་ཡང་མ་ཡིན། འདུས་མ་བྱས་སུ་གཏོགས་པ་ཡང་མ་ཡིན་ན་ཁྱོད་ཇི་ལྟར་ཤེས་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། གང་དེ་བཞིན་གཤེགས་པས་སྤྲུལ་པ་འདུས་བྱས་སུ་གཏོགས་སམ། འོན་ཏེ་འདུས་མ་བྱས་སུ་གཏོགས། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་སྤྲུལ་པ་ནི་འདུས
41.280a
བྱས་སུ་གཏོགས་པ་ཡང་མ་ཡིན། འདུས་མ་བྱས་སུ་གཏོགས་པ་ཡང་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པས་སྤྲུལ་པའི་ཆོས་ཀྱི་དེ་བཞིན་ཉིད་ཅི་འདྲ་བ་དེ་འདྲ་བར་ཁོ་བོ་ཤེས་པར་གྱིས་ཤིག་།ལྷའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་རྣམ་པར་ཤེས་པ་གང་ལ་གནས། གཟུགས་ལ་གནས་སམ། སྨྲས་པ་མ་ཡིན་ནོ། །སྨྲས་པ། དེ་ཅི་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་ལ་གནས་སམ། སྨྲས་པ། མ་ཡིན་ནོ། །སྨྲས་པ། དེ་ཅི་འདུས་བྱས་ལ་གནས་སམ། སྨྲས་པ། མ་ཡིན་ནོ། །སྨྲས་པ། དེ་ཅི་འདུས་མ་བྱས་ལ་གནས་སམ། སྨྲས་པ། མ་ཡིན་ནོ། །སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་ཤེས་པ་གང་ལ་གནས། སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པའི་རྣམ་པར་ཤེས་པ་ནི་གང་ལ་ཡང་མི་གནས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པའི་རྣམ་པར་ཤེས་པ་གང་ལ་གནས་པ་དེ་ལ་ཁོ་བོ་གནས་པར་ཤེས་པར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་དེ་བཞིན་གཤེགས་པ་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་ཉིད་ཀྱི་འོང་བ་མེད་པ་དང་འགྲོ་བ་མེད་པ་གང་ཡིན་པ་དེ་ཉིད་ཁོ་བོའི་འགྲོ་བ་དེ་ཉིད་དེ་བཞིན་གཤེགས་པའི་འགྲོ་བ་སྟེ། དེས་ན་ཁོ་བོ་དེ་བཞིན་གཤེགས་པའོ། །དེ་བཞིན་ཉིད་ཇི་ལྟ་བར་ཁོ་བོ་ཡང་དེ་ལྟར་འོངས་པས་དེས་ན་ཁོ་བོ་དེ་བཞིན་གཤེགས་པའོ། །དེ་བཞིན་ཉིད་ཇི་ལྟ་བར་ཁོ་བོ་ཡང་དེ་ལྟར་གནས་ཏེ། དེས་ན་ཁོ་བོ་དེ་བཞིན་གཤེགས་པའོ། །ལྷའི་བུ་འཇམ་དཔལ་ཞེས་བྱ་བ་འདི་ནི་དེ་བཞིན་ཉིད་ཅི་འདྲ་བ་དེ་འདྲ་སྟེ། དེས་ན་ཁོ་བོ་དེ་བཞིན་གཤེགས་པའོ། །དེ་བཞིན་ཉིད་སེམས་མེད་ཅིང་ཞི་བའི་ཕྱིར་འཇམ་དཔལ་ཡང་སེམས་མེད་ཅིང་ཞི་བ་སྟེ། དེས་ན་ཁོ་བོ་དེ་བཞིན་གཤེགས་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་ཉིད་གང་དུ་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་ཉིད་ནི་ལྟ་བར་སོང་བ་དྲུག་བཅུ་རྩ་གཉིས་རྣམས་སུ་བཙལ་བར་བྱའོ། །ལྷའི་བུས་སྨྲས་པ། ལྟ་བར་སོང་བ་དྲུག་བཅུ་རྩ་གཉིས་པོ་རྣམས་གང་དུ་བཙལ་བར་བྱ། འཇམ་དཔལ་གྱིས
41.280b
སྨྲས་པ། ལྷའི་བུ་ལྟ་བར་སོང་བ་དྲུག་བཅུ་རྩ་གཉིས་པོ་དག་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པའི་ཆོས་ཅན་གྱི་རྣམ་པར་གྲོལ་བ་ལས་བཙལ་བར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་གང་དུ་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང ། བསམ་པ་རྣམས་སུ་བཙལ་བར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང ། བསམ་པ་གང་དུ་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་སྤྱོད་ཡུལ་དུའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སངས་རྒྱས་ཀྱི་སྤྱོད་ཡུལ་གང་དུ་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སེམས་ཅན་གྱི་དབང་པོ་མཆོག་དང ། མཆོག་མ་ཡིན་པ་ཐམས་ཅད་ཤེས་པ་ལས་བཙལ་བར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་འདིར་ཤེས་པ་ཉུང་བར་འགྱུར་བ་དེ་ལྟ་བུར་སྟོན་ཏམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ནི་སུས་ཀྱང་ཀུན་ཤེས་པ་འམ། རྣམ་པར་ཤེས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ནི་ཆགས་པ་མེད་པ། རྣམ་པར་རྟོག་པ་མེད་པ། བརྗོད་དུ་མེད་པ། བསྙད་དུ་མེད་པ། སྦྱོར་བ་མེད་པ། ཚིག་མེད་པ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་སྟེ། དེ་སུས་ཀྱང་ཀུན་ཤེས་པར་རམ་རྣམ་པར་ཤེས་པར་མི་ནུས་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀུན་ཤེས་པར་བྱ་བ་མ་ཡིན་ན་ཉན་ཐོས་འདི་དག་གིས་ཀུན་ཤེས་པར་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཕྱིར་མི་ལྡོག་པ་ལ་གནས་པར་ག་ལ་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཡི་གེ་རྣམས་ཀྱི་ཡེ་ཤེས་དེ་བསྟན་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ཏེ་ཡེ་ཤེས་དེ་ནི་ཡི་གེ་མེད་པའོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། མེ་གཙུབས་པ་ལས་མེ་མི་འབྱུང་གི་གཙུབ་ཤིང་གཙུབས་པ་ལས་མེ་འབྱུང་བ་དེ་བཞིན་དུ
41.281a
ལྷའི་བུ་དེ་བཞིན་གཤེགས་པས་གལ་ཏེ་ཐོག་མ་ཁོ་ནར་སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེན་ཡང་དག་པར་རབ་ཏུ་བསྟན་ན། སེམས་ཅན་གང་གིས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཀུན་ཤེས་པར་མི་འགྱུར་བས། དེ་བཞིན་གཤེགས་པས་གཙུབས་ཤིང་གི་གཏམ་གྱིས་ཡེ་ཤེས་དེ་བསྟན་ཏེ། ཡེ་ཤེས་དེ་ནི་ཡི་གེ་མེད་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཙུབས་ཤིང་གི་གཏམ་གང ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཅི་ཡང་རུང་སྟེ། སྡོམ་པ་དང་ཡོ་བྱད་བསྙུངས་པའི་གཏམ་དང ། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་གཏམ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་འཇུག་པའི་གཏམ་འདི་ནི་གཙུབས་ཤིང་གི་གཏམ་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཙུབས་ཤིང་གི་གཏམ་མ་ཡིན་པའི་གཏམ་གང ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཏམ་གང་སྐྱེ་བ་དང ། འཇིག་པ་དང ། གནས་པའི་གཏམ་མ་ཡིན་པ་དང ། འདྲེན་པ་དང ། སེལ་བའི་གཏམ་མ་ཡིན་པ་དང ། གཏམ་གང་ཀུན་ནས་ཉོན་མོངས་པ་ཡོངས་སུ་བརྗོད་པའི་གཏམ་མ་ཡིན་པ་དང ། རྣམ་པར་བྱང་བའི་ཕན་ཡོན་གྱི་གཏམ་མ་ཡིན་པ་དང ། གཏམ་གང་འཁོར་བ་ལ་ཡིད་འབྱུང་བར་བྱ་བའི་གཏམ་མ་ཡིན་པ་དང ། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་བྱ་བ་མ་ཡིན་པའི་གཏམ་དང ། གཏམ་གང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་མ་ཡིན། སྤང་བར་བྱ་བའི་ཕྱིར་མ་ཡིན། བསྒོམ་པར་བྱ་བའི་ཕྱིར་མ་ཡིན། མངོན་སུམ་དུ་བྱ་བའི་ཕྱིར་མ་ཡིན་པ་དང ། གཏམ་གང་ཐོབ་པར་བྱ་བའི་ཕྱིར་མ་ཡིན། མངོན་པར་རྟོགས་པར་བྱ་བའི་ཕྱིར་མ་ཡིན་པ་འདི་ནི་ལྷའི་བུ་དག་སྙིང་པོ་ཡོད་པའི་གཏམ་མོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཏམ་འདི་ལྟ་བུ་རྗོད་པའི་ཚེ། མིག་གིས་མི་བརྩོལ་བར་བྱ་བའི་ཕྱིར་བདུད་སྡིག་ཅན་འདིར་མི་འོང་བ་ནི་ངོ་མཚར་ཏོ། །ཚིག་དེ་སྨྲས་ནས་རིང་པོར་མ་ལོན་པར་དེའི་མོད་ལ་བདུད་སྡིག་ཅན་སྟེང་གི་བར་སྣང་ལ་སྤྲིན་ཆེན་པོ་འཁྲུགས་པར་མངོན་པར་སྤྲུལ་ནས་སྒྲ་ཆེན་པོའི་ང་རོ་ཕྱུང་བ་དང ། དེས་ཐམས་ཅད་དང་ལྡན་པའི་འཁོར་དེ་དངངས་སྐྲག་ནས་སྒྲ་སྐད་ཀྱི་
41.281b
ང་རོ་འདི་ལྟ་བུ་སུ་ཞིག་གི་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་བདུད་སྡིག་ཅན་གྱི་འགྱུར་བ་མཐོང་ངམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་བདུད་སྡིག་ཅན་བཅིང་བ་དམ་པོས་བཅིངས་ཏེ། སའི་སྟེང་དུ་ལྟུང་བ་དེ་ལྟ་བུའི་བསམ་པ་བསམས་པ་དང ། བདག་ནི་བཅིང་བ་དམ་པོས་བཅིངས་སོ། །བདག་ནི་བཅིང་བ་དམ་པོས་བཅིངས་སོ་ཞེས་སྒྲ་འབྱིན་ཏོ། །འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་བཅིང་བ་འདི་བས་ཆེས་དམ་པའི་འཆིང་བ་གཞན་ཡོད་དེ། དེས་ཁྱོད་རྟག་ཏུ་བཅིངས་ཀྱང་ཁྱོད་ཀྱིས་ཁོང་དུ་མ་ཆུད་དོ། །དེ་ཡང་གང་ཞེ་ན་འདི་ལྟ་སྟེ། ངའོ་སྙམ་པའི་ང་རྒྱལ་གྱི་འཆིང་བ་དང ། ཕྱིན་ཅི་ལོག་གི་འཆིང་བ་དང ། སྲེད་པ་དང་ལྟ་བའི་འཆིང་བ་སྟེ། སྡིག་ཅན་འདི་ནི་འཆིང་བ་འདི་བས་ཆེས་དམ་པའི་འཆིང་བ་དམ་པོ་གཞན་ཡིན་ཏེ། དེས་ཁྱོད་རྟག་ཏུ་བཅིངས་ཀྱང་ཁོང་དུ་མ་ཆུད་དོ། །བདུད་ཀྱིས་སྨྲས་པ། འཇམ་དཔལ་ཐོང་ཤིག་དང་བདག་གི་གནས་སུ་འགྲོའོ། །ཡང་བདུད་ཀྱི་ལས་མི་བྱའོ། །འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་སངས་རྒྱས་ཀྱི་མཛད་པ་ཁྱོད་ཀྱིས་བྱ་དགོས་ན་ཁྱོད་ཅིའི་ཕྱིར་བཏང ། བདུད་ཀྱིས་སྨྲས་པ། འཇམ་དཔལ་བདག་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་བྱ་བའི་ཕྱིར་ཞུགས་པ་ཡིན་ན་བདག་གིས་སངས་རྒྱས་ཀྱི་མཛད་པ་ཇི་ལྟར་བྱ། འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་གང་སངས་རྒྱས་ཀྱི་མཛད་པ་བདུད་བྱེད་དུ་གཞུགས་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐབས་དང་ཤེས་རབ་ཀྱི་ཤེས་པ་རྣམ་པར་སྤྲུལ་པའོ། །གང་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛད་པ་མཛད་པ་འདི་ནི་ངོ་མཚར་མ་ཡིན་ཏེ། གང་བདུད་སངས་རྒྱས་ཀྱི་མཛད་པ་བྱེད་པ་འདི་ནི་རབ་ཏུ་ངོ་མཚར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་གང་སྡིག་ཅན་སངས་རྒྱས་ཀྱི་གཟུགས་དང་ལྡན་པ་དང ། སངས་རྒྱས་ཀྱི་སེང་གེའི་ཁྲི་ལ་འདུག་པ་དང ། སངས་རྒྱས་ཀྱི་སྤོབས
41.282a
པ་དང་ལྡན་པར་འགྱུར་བའི་བྱིན་གྱི་བརླབས་དེ་ལྟ་བུའི་བྱིན་གྱིས་བརླབས་སོ། །དེ་ནས་བདུད་སྡིག་ཅན་གྱིས་ཚེ་དང་ལྡན་པ་དག་ཅི་དང་ཅི་འདོད་པ་ཁོ་བོ་ལ་དྲིས་ཤིག་དང་ཁོ་བོས་དྲིས་པ་ལུང་བསྟན་པས་ཁྱེད་ཀྱི་སེམས་རངས་པར་བྱའོ་ཞེས་ཚིག་དེ་སྐད་སྨྲས་སོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་དགེ་སློང་རྣལ་འབྱོར་སྤྱོད་པའི་འཆིང་བ་གང་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་བསམ་གཏན་གྱི་རོ་མྱོང་བར་བྱེད་པ་ནི་དགེ་སློང་རྣལ་འབྱོར་སྤྱོད་པའི་འཆིང་བའོ། །ཞི་གནས་དེ་ལ་ཆགས་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང ། སྟོང་པ་ཉིད་ལ་སྙིང་པོར་འདུ་ཤེས་པ་དང ། ལྟ་བར་སོང་བ་རྣམས་བསལ་བར་འདུ་ཤེས་པ་དང ། མཚན་མ་མེད་པ་ལ་སྙིང་པོར་འདུ་ཤེས་པ་དང ། མཚན་མ་རྣམས་ལ་བསལ་བར་འདུ་ཤེས་པ་དང ། སྨོན་པ་མེད་པ་ལ་སྙིང་པོར་འདུ་ཤེས་པ་དང ། སྨོན་ལམ་ལ་བསལ་བར་འདུ་ཤེས་པ་དང ། མྱ་ངན་ལས་འདས་པ་ལ་སྙིང་པོར་འདུ་ཤེས་པ་དང ། འཁོར་བ་ལ་བསལ་བར་འདུ་ཤེས་པ་འདི་དག་ནི་བཙུན་པ་འོད་སྲུང་ཆེན་པོ་དགེ་སློང་རྣལ་འབྱོར་སྤྱོད་པའི་འཆིང་བའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་ཆེན་པོ་ལྟ་བར་སོང་བ་བསལ་ནས་སྟོང་པ་ཉིད་བསྒོམ་པར་བྱ་བ་མ་ཡིན་གྱི། ལྟ་བར་སོང་བ་ཉིད་སྟོང་པ་ཉིད་དོ། །མཚན་མ་བསལ་ནས་མཚན་མ་མེད་པ་བསྒོམ་པར་བྱ་བ་མ་ཡིན་གྱི། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ། །སྨོན་ལམ་བསལ་ནས་སྨོན་པ་མེད་པར་བསྒོམ་པར་བྱ་བ་མ་ཡིན་གྱི། སྨོན་ལམ་གྱི་ངོ་བོ་ཉིད་སྨོན་པ་མེད་པའོ། །འཁོར་བ་བསལ་ནས་མྱ་ངན་ལས་འདས་པ་བསྒོམ་པར་བྱ་བ་མ་ཡིན་གྱི། འཁོར་བར་དམིགས་པ་ཉིད་མྱ་ངན་ལས་འདས་པའོ། །བཙུན་པ་འོད་སྲུང་ཆེན་པོ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འདུ་ཤེས་པ་དང ། རློམ་སེམས་དང ། མཚན་མ་ལ་དམིགས་པ་ཐམས་ཅད་ལ་མི་སྤྱོད་པ་སྟེ། མྱ་ངན་ལས་འདས་པ་ནི་སྐྱེ་བ་དང ། འཇིག་པ་དང ། ཟད་པ་ལས་མ་ཡིན་གྱི། རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་མྱ་ངན་ལས་འདས་པའོ། །བསྟན་པ་འདི་བཤད་པ་ན
41.282b
དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་སུས་བཏུལ། དགེ་སློང་དེ་དག་གིས་སྨྲས་པ། གང་ཐོབ་པ་ཡང་མེད་པ། མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མེད་པས་སོ། །རབ་འབྱོར་གྱིས་སྨྲས་པ། བཏུལ་བ་དེ་ཇི་ལྟ་བུ། སྨྲས་པ། ཇི་ལྟར་གནས་པ་ཉིད་ཀྱི་ཕྱིར་ཆུང་ཟད་ཀྱང་ཁྲིད་པ་ཡང་མེད། མ་ཁྲིད་པ་ཡང་མེད་དེ། ཇི་ལྟར་གནས་པ་བཞིན་དུ་ཤེས་པ་དང ། བསྐྱེད་པ་ཡང་མེད། བཀག་པ་ཡང་མེད་དེ། མཉམ་པ་ཉིད་དུ་ཤེས་པ་དེ་ལྟར་བདག་ཅག་བཏུལ་ཏོ། །དགེ་སློང་དེ་དག་གིས་བསྟན་པ་འདི་བཤད་པ་ན་ལྷའི་བུ་སྟོང་ཉིས་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །གནས་བརྟན་རབ་འབྱོར་གྱིས་གཞན་ཡང་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཇི་ལྟར་ན་དགེ་སློང་སྦྱིན་གནས་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་ནམ་དགེ་སློང་ལེན་པ་ཡང་མེད། ནོད་པ་ཡང་མེད་ལ་དད་ཅིང་དང་བ་ཐམས་ཅད་ལས་ཀྱང་ཡོངས་སུ་སྤྱོད་པ་ནའོ། །བཙུན་པ་རབ་འབྱོར་གང་དགེ་སློང་གང་ལ་བྱིན་པ་དེ་ལ་སྒྱུ་མའི་བློ་དང ། གང་ལེན་པ་དེ་ལ་མིག་ཡོར་གྱི་བློ་དང ། ཉེ་བར་ལེན་པའི་སེམས་དང ། ཉེ་བར་ལེན་པ་མེད་པའི་སེམས་ཀྱིས་ཀྱང་ཡོངས་སུ་མི་སྤྱོད་པའི་དགེ་སློང་དེ་ལྟ་བུ་ནི་སྦྱིན་པའི་གནས་ཡིན་ནོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། སྡིག་ཅན་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འཁྲུགས་པ་མེད་པར་གསུངས་པ་གང་ཡིན། བདུད་ཀྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གང་ལ་བརྟེན་ནས་ཤིན་ཏུ་ཟད་པའི་ཕྱིར་ཟད་པ་ཡང་ཟད་པར་མི་བྱེད། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་མ་སྐྱེས་པ་ཡང་མི་སྐྱེད། མྱོང་བ་མེད་པ་ཡང་མྱོང་བར་མི་བྱེད་དེ། ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྙོམས་པར་ཞུགས་པར་ཤེས་ལ། ཤེས་ནས་ཀྱང་ཚོར་བ་ཐམས་ཅད་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཅིང་མཉམ་པར་ཡང་མཐོང་ལ
41.283a
ཆུང་ཟད་ཀྱང་མཐོང་བ་ཡང་མེད། མི་མཐོང་བ་ཡང་མེད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འཁྲུགས་པ་མེད་པར་གསུངས་པའོ། །མཽད་གལ་གྱི་བུས་སྨྲས་པ། སྡིག་ཅན་ཇི་ལྟར་ན་དགེ་སློང་སེམས་ཐམས་ཅད་ལ་དབང་ཐོབ་པ་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ནམ་དགེ་སློང་ཆོས་ཐམས་ཅད་ལ་སེམས་རྣམ་པར་གྲོལ་བའི་མཚན་ཉིད་དུ་ཤེས་ལ། རྣམ་པར་གྲོལ་བའི་མཚན་ཉིད་ལ་མངོན་པར་ཞེན་པ་ཡང་མེད་ཅིང་སེམས་གཟོད་མ་ནས་རྣམ་པར་གྲོལ་བའི་སེམས་ལ། འཆིང་བར་ཡང་མི་བྱེད། གྲོལ་བར་ཡང་མི་བྱེད། སེམས་གཟུགས་མེད་པས་ཆོས་ཐམས་ཅད་གཟུགས་མེད་པར་ཤེས། སེམས་གནས་པ་མེད་པས་ཆོས་ཐམས་ཅད་གནས་པ་མེད་པར་མཐོང ། སེམས་འཛིན་པ་མེད་པས་ཆོས་ཐམས་ཅད་འཛིན་པ་མེད་པར་ཤེས་ཀྱང་སེམས་ཀྱིས་སེམས་ཤེས་པ་ཡང་མེད་ལ། སེམས་ཀྱིས་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ཡང་ཤེས་ཤིང ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་གཞན་གྱི་དྲིང་ལ་མི་འཇོག་པར་དབང་ཐོབ་པ་ནི་མོས་པའི་རྫུ་འཕྲུལ་དང་ལྡན་པ་ཡིན་ཏེ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་དགེ་སློང་དེ་ལྟ་བུ་ནི་སེམས་ཐམས་ཅད་ལ་དབང་ཐོབ་པ་ཡིན་ནོ། །གང་པོས་སྨྲས་པ། སྡིག་ཅན་ཇི་ལྟར་ན་དགེ་སློང་ཡོངས་སུ་དག་པར་ཆོས་སྟོན་པ་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་གང་པོ་ནམ་དགེ་སློང་གིས་གཞན་ལས་ཆོས་ཐམས་ཅད་ཤེས་ཀྱང་གཞན་དང་གཞན་མ་ཡིན་པའི་སེམས་ལ་མངོན་པར་ཞེན་པ་ཡང་མེད། ཆོས་ཐམས་ཅད་ཀྱང་སྒྲོ་བཏགས་པར་ཡང་སྟོན། ཡི་གེ་དང ། སྐད་དང ། དབྱངས་དང ། ཚིག་གི་ལམ་ཐམས་ཅད་ཀྱང་བྲག་ཆ་ལྟ་བུར་ཤེས། ཆོས་ཉན་པ་ཐམས་ཅད་ཀྱང་སྒྱུ་མའི་སྐྱེས་བུ་ལྟར་མཐོང ། གང་གི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱང་ཆུ་ཟླ་དང་འདྲ་བར་མཐོང ། ཉོན་མོངས་པ་ཐམས་ཅད་ཀྱང་ཡོངས་སུ་རྟོག་པ་ལས་བྱུང་བར་ཤེས། ཆོས་འགའ་ཞིག་གཟུང་བའི་ཕྱིར
41.283b
རམ། དོར་བའི་ཕྱིར་རམ། ཤིན་ཏུ་བཟླ་བའི་ཕྱིར་རམ། ཐོབ་པར་བྱ་བའི་ཕྱིར་ཡང་ཆོས་མི་སྟོན། སོ་སོ་ཡང་དག་པར་རིག་པ་བཞི་པོ་རྣམས་ལ་ཡང་དབང་ཐོབ་ཅིང་ལེགས་སོ་ཞེས་བྱ་བ་ལ་ཡང་རེ་བ་མེད་ལ། ཟང་ཟིང་མེད་པར་ཆོས་སྟོན་ཅིང་རང་གི་སེམས་རང་བཞིན་གྱིས་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་ཏེ། སེམས་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་ནས་ཕུང་པོའི་བདུད་ལ་དབེན་པར་མཐོང་བ་དང ། ཉོན་མོངས་པའི་བདུད་ལ་བཅོས་མར་འདུ་ཤེས་པ་དང ། འཆི་བདག་གི་བདུད་ལ་མ་སྐྱེས་པ་དང་མི་སྐྱེ་བར་གནས་པ་དང ། ལྷའི་བུའི་བདུད་ལ་གཡོ་བ་དང་རློམ་སེམས་ཐམས་ཅད་དང་བྲལ་བར་གྱུར་པ་ཡིན་ཏེ། དགེ་སློང་དེ་ལྟ་བུ་ནི་ཡོངས་སུ་དག་པར་ཆོས་སྟོན་པ་ཡིན་ནོ། །ཉེ་བར་འཁོར་གྱིས་སྨྲས་པ། སྡིག་ཅན་ཇི་ལྟར་ན་དགེ་སློང་འདུལ་བ་འཛིན་པ་ཡིན། བདུད་གྱིས་སྨྲས་པ། བཙུན་པ་ཉེ་བར་འཁོར་དགེ་སློང་གིས་ནམ་ཆོས་ཐམས་ཅད་ཤིན་དུ་དུལ་བར་ཤེས་ཏེ། ཉེས་པ་རྣམས་ཀྱི་ཐོག་མའི་སྔོན་གྱི་མཐའ་ཡང་དབེན་པའི་མཐར་ཤེས་ལ། ཉེས་པ་བྱུང་བ་རྣམས་ཀྱི་འགྱོད་པ་ཡང་སེལ་ཅིང་དམ་པོར་མི་བྱེད་དེ། དེ་དག་གང་གིས་མཚམས་མེད་པ་རྣམས་ཀྱང་རྣམ་པར་གནོན་ན། ཆོ་ག་དང་ཚུལ་ཁྲིམས་ལ་ལོག་པར་ཞུགས་པ་ཕྲན་ཚེགས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་གྱི་རྣམ་པ་ཡང་ཉེ་བར་སྒྲུབ། ཉོན་མོངས་པ་འདུལ་བ་ལ་ཡང་མཁས། གློ་བུར་གྱི་ཉོན་མོངས་པ་རྣམས་ལ་ཡང་ཀུན་ནས་ཉོན་མོངས་པར་གྱུར་པ་མ་ཡིན་པ་དང ། འབྱུང་བར་འདུ་ཤེས། ཉོན་མོངས་པར་ནང་དུ་ཡང་མི་སྟོན། ཕྱི་རོལ་དུ་ཡང་མ་ཡིན། གཉི་ག་མེད་པར་ཡང་མ་ཡིན་ཏེ། ཉོན་མོངས་པ་ཁོང་དུ་ཆུད་པ་ཉིད་ཉོན་མོངས་པ་མེད་པར་ཤེས་ཤིང་ཉོན་མོངས་པ་ཡང་མི་སེལ། ཉོན་མོངས་པ་མེད་པ་ཡང་མི་སྒྲུབ། ཉོན་མོངས་པ་ཐམས་ཅད་ཀྱང་སྤྲིན་འདྲ་བར་ཤེས་ཏེ། ཡེ་ཤེས་དང་ལྷག་མཐོང་གི་རླུང་གིས་གཏོར་ནས་ཕྱོགས་དང་ཡུལ་དུ་འགྲོ
41.284a
བ་ཡང་མེད་གནས་པ་ཡང་མེད་པ་དང ། ཉོན་མོངས་པ་རྣམས་ནི་ཆུ་ཟླ་དང་འདྲ་སྟེ། ཡོངས་སུ་རྟོག་པའི་གཟུགས་བརྙན་གྱིས་བཞིན་ཉེ་བར་སྟོན་པ་དང ། ཉོན་མོངས་པ་རྣམས་ནི་མུན་པའི་སྤྱོད་ཡུལ་ཏེ། ཤེས་རབ་ཀྱི་སྒྲོན་མས་མི་སྣང་བ་སྣང་བར་བྱེད་པ་དང ། ཉོན་མོངས་པ་རྣམས་ནི་ཆོམ་རྐུན་དང ། མཁའ་འགྲོ་མ་དང ། གནོད་སྦྱིན་དང ། སྲིན་པོ་དང་འདྲ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པས་བརྟགས་ན་གནས་པ་མ་ཡིན་པ་དང ། ཉོན་མོངས་པ་རྣམས་ནི་གླགས་ཚོལ་བ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཕེལ་བ་དང ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཤེས་པས་ཡིད་ལ་འཇུག་པར་མི་བྱེད་པས་སུས་ཉོན་མོངས་པ་རྣམས་འདི་འདྲ་བར་ཤེས་ཏེ། སེམས་ཅན་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་གྱུར་པ་རྣམས་ལ་སྙིང་རྗེ་ཞིང་བདག་མེད་པ་དང ། སེམས་ཅན་མེད་པ་མངོན་སུམ་དུ་གྱུར་པ་ན་འདུལ་བ་འཛིན་པ་ཡང་དག་པ་ཞེས་བྱའོ། །དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ཀྱིས་རང་རང་གི་འདོད་པ་བདུད་སྡིག་ཅན་དེ་ལ་ཀུན་དྲིས་ནས་བདུད་སྡིག་ཅན་གྱིས་ཀྱང་དེ་དག་ཐམས་ཅད་ཀྱི་དོན་གཏན་ལ་བབ་པར་བསྟན་པས་སེམས་རངས་པར་གྱུར་ཏོ། །དེ་ནས་ལྷའི་བུ་མཚམས་བཟངས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བདུད་སྡིག་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་འཇམ་དཔལ་གཞོན་ནུར་གྱུར་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཤད་ཟིན་གྱིས་ཁྱོད་ཀྱང་སྤོབས་པར་གྱིས་ཤིག་།སྡིག་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་གང ། དེ་སྐད་ཅེས་སྨྲས་པ་དང ། སྡིག་ཅན་གྱིས་ལྷའི་བུ་མཚམས་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཡིན་ནོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བསྙེན་པ་དང ། བསྟེན་པ་དང ། བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །
41.284b
སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱི་དགེ་བའི་རྩ་བས་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །བསམ་གཏན་སྐྱེད་ཅིང་བསམ་གཏན་ལས་རྣམ་པར་ལྡོག་པ་ཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་ཡང་བདུད་ཀྱི་ལས་སོ། །ཡོན་ཏན་དང་ལྡན་པ་དང་སྦྱིན་གནས་ཚོལ་ཞིང་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁྲོ་བ་ཡང་བདུད་ཀྱི་ལས་སོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་གཏམ་སྟོན་ཅིང་ཐེག་པ་ཆེན་པོའི་གཏམ་འཆབ་པ་ཡང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི་བསྔགས་པ་བརྗོད་ཀྱང་སེམས་ཅན་མི་བརྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སྩོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་ཡང་དག་པར་འཛིན་དུ་མི་འཇུག་པ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པར་ཟད་པར་ཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ལ་སྨོན་པ་འང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་དཔྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས་དང་མི་ལྡན་པར་དགེ་བར་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཚོལ་གྱི་འཇིག་རྟེན་རྒྱང་པན་པའི་གསང་ཚིག་འཛིན་པ་འང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱིས་དོགས་ཏེ་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ་འང་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་དགོས་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཐེག་པ
41.285a
ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་བ་མཉམ་པ་རྣམས་ལ་མི་སྟེན། མི་སྙེན། བསྙེན་བཀུར་མི་བྱེད། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་བ་མི་མཉམ་པར་དགའ་བ་འང་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པ་འམ། འཇིག་རྟེན་སྐྱོང་བ་འམ། རྒྱལ་པོ་འམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དང ། ནོར་དང ། རིན་པོ་ཆེ་དང ། དབང་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་སྟེན། མི་སྙེན། བསྙེན་བཀུར་མི་བྱེད་པ་འདི་དག་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་སྡིག་ཅན་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་འདི་དག་ལེགས་པར་བཤད་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ལས་འདི་རྣམས་ཐོས་ཤིང་ཐོས་ནས་ཀྱང་རྣམ་པར་སྤོང་བ་དེ་དག་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཉི་ཤུ་ཐོབ་པར་འགྱུར་རོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། འཁོར་བ་ན་ཡོངས་སུ་མི་སྐྱོ་བ་དང ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང ། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང ། ཕ་རོལ་ཏུ་ཕྱིན་པ་རྣམས་ཉན་པ་དང ། བྱང་ཆུབ་སེམས་དཔའི་འཁོར་དང་སྐལ་བ་མཉམ་པ་དང ། གཟུངས་རབ་ཏུ་ཐོབ་པ་དང ། སྤོབས་པ་ཕུན་སུམ་ཚོགས་པ་དང ། མངོན་པར་ཤེས་པ་ཤེས་པ་དང ། ཆོས་མ་ཐོས་པ་ཉན་པ་དང ། ཚེ་རབས་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བ་དང ། རྟག་ཏུ་རྒྱུན་མི་འཆད་པར་རབ་ཏུ་འབྱུང་བ་རྙེད་པ་དང ། དལ་བ་ཕུན་སུམ་ཚོགས་པ་དང ། ཇི་ལྟར་ཐོས་པའི་ཆོས་རྣམས་སྒྲུབ་པ་དང ། ཐབས་དང་ཤེས་རབ་ཀྱིས་ཤེས་པས་སེམས་ཅན་སྡུད་ཅིང་ཡོངས་སུ་འཛིན་པ་དང ། དམ་པའི་ཆོས་ཡོངས་སུ་འཛིན་པ་དང ། གཡོ་མེད་ཅིང་སྒྱུ་མེད་པ་དང ། ཕངས་པའི་དངོས་པོ་ཐམས་ཅད
41.285b
ཡོངས་སུ་གཏོང་བ་དང ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་སྟེ། བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཉི་ཤུ་པོ་འདི་དག་ཐོབ་པར་འགྱུར་རོ། །དེ་ནས་ལྷའི་བུ་མཚམས་བཟངས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་གནང་བ་ནི་སྡིག་ཅན་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །བདུད་ཀྱིས་སྨྲས་པ། ལྷའི་བུ་འདི་ལ་ཁོ་བོས་རྙེད་པ་ཅི་ཞིག་ལེགས་པར་རྙེད། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟ་སྟེ་དཔེར་ན། མི་གང་འབྱུང་པོ་བབས་པ་དེ་ནི་མི་དེའི་འགྱུར་བ་མ་ཡིན་གྱི། དེ་ནི་འབྱུང་པོ་དེའི་འགྱུར་བར་བལྟའོ། །ལྷའི་བུ་དེ་བཞིན་དུ་ཁོ་བོ་ཡང་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ནས་སྟོན་གྱི། འདི་ཁོ་བོའི་སྐྱེས་བུའི་རྩལ་དུ་ནི་མི་བལྟའོ། །ལྷའི་བུས་སྨྲས་པ། སྡིག་ཅན་ཁྱོད་སངས་རྒྱས་ཀྱི་གཟུགས་ཀྱི་མཚན་དང་ལྡན་ཞིང་སངས་རྒྱས་ཀྱི་སེང་གེའི་ཁྲི་ལ་འདུག་སྟེ། སངས་རྒྱས་ཀྱི་སྤོབས་པ་དང་ལྡན་ཞིང་ཆོས་སྟོན་པས་དགའ་བར་མ་གྱུར་ཏམ། བདུད་ཀྱིས་སྨྲས་པ། ཁྱོད་ཀྱིས་ནི་ཁོ་བོ་བརྒྱན་པར་མཐོང་བ་ལྟ་ན་ཁོ་བོས་ནི་བཅིང་བ་དམ་པོས་བདག་བཅིངས་པར་ཤེས་སོ། །ལྷའི་བུས་སྨྲས་པ། སྡིག་ཅན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཟོད་པར་གསོལ་ཅིག་དང་དེ་ནས་གཏོང་བར་འགྱུར་རོ། །དེ་ནས་འཇམ་དཔལ་གྱིས་བྱིན་གྱི་བརླབས་ཀྱིས་བདུད་ཀྱིས་ལྷའི་བུ་མཚམས་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་བཟོད་པར་གསོལ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་འཁྲུག་པ་མེད་ཁྲོ་བ་མེད་པའི་ཕྱིར་རོ། །གང་དག་འཁྲུག་ཅིང་ཁྲོ་བ་དེ་དག་ལ་ནི་བཟོད་པ་གསོལ་དགོས་སོ། །ལྷའི་བུས་སྨྲས་པ། སྡིག་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཅི་འདྲ། བདུད་ཀྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ནི་རྣམ་པ་བཅུ་གཉིས་ཏེ། རྣམ་པ་བཅུ་གཉིས་གང་ཞེ་ན་འདི་ལྟ
41.286a
སྟེ། བཅོས་མ་མ་ཡིན་པས་བསམ་པའི་བཟོད་པ་དང ། ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ལྷག་པའི་བསམ་པའི་བཟོད་པ་དང ། སེམས་ཅན་ཐམས་ཅད་ལ་མི་སླུ་བས་གཡོ་བ་མེད་པའི་བཟོད་པ་དང ། དབུལ་ཞིང་ཕོངས་པ་ཡོངས་སུ་སྐྱོབ་པས་སྙིང་བརྩེ་ཞིང་སྙིང་རྗེ་བའི་བཟོད་པ་དང ། ལྡོག་པ་མེད་པས་ཇི་སྐད་སྨྲ་བ་དེ་བཞིན་དུ་བྱེད་པའི་བཟོད་པ་དང ། ལྟ་བར་སོང་བ་དང་བྲལ་བས་སྟོང་པ་ཉིད་ཀྱི་བཟོད་པ་དང ། ཆོས་ཉིད་ལ་རྟོན་པས་ཆོས་ངེས་པར་སེམས་པའི་བཟོད་པ་དང ། བདག་མེད་པས་ཟབ་མོའི་བཟོད་པ་དང ། འཕགས་པའི་སྐྱེ་བོའི་རྗེས་སུ་འཇུག་པས་འཐུན་པའི་བཟོད་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་འཐུན་པས་ཡང་དག་པའི་བཟོད་པ་དང ། སེམས་ཅན་ཐམས་ཅད་རྗེས་སུ་སྲུང་བས་ངོ་བྱེད་པ་ཡང་མེད་ལ་མི་མཐུན་པ་འང་མེད་པའི་བཟོད་པ་དང ། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་ཕྱིར་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་བཟོད་པ་སྟེ། ལྷའི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་རྣམ་པ་བཅུ་གཉིས་སོ། །ལྷའི་བུས་སྨྲས་པ། སྡིག་ཅན་ཁྱོད་གལ་ཏེ་བཀྲོལ་ན་དགའ་བར་འགྱུར་རམ། བདུད་ཀྱིས་སྨྲས་པ། ལྷའི་བུ་ཁོ་བོ་དགའ་སྟེ་མཆོག་ཏུ་དགའོ། །དེ་ནས་ལྷའི་བུ་མཚམས་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདུད་སྡིག་ཅན་ཐོང་ཤིག་དང་རང་གི་གནས་སུ་འགྲོའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་སུ་ཞིག་གིས་བཅིངས། གང་ལས་དགྲོལ། བདུད་ཀྱིས་སྨྲས་པ། འཇམ་དཔལ་བདག་ནི་སུས་བཅིངས་མི་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་ཁྱོད་ཇི་ལྟར་བཅིངས་པ་མེད་པ་ལ་བཅིངས་པར་འདུ་ཤེས་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང ། མི་རྟག་པ་ལ་རྟག་པར་འདུ་ཤེས། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས། བདག་མེད་པ་ལ་བདག་ཏུ་འདུ་ཤེས། མི་སྡུག་པ་ལ་སྡུག་པར་འདུ་ཤེས། གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས། ཚོར་བ་མེད་པ་དང ། འདུ་ཤེས་མེད
41.286b
པ་དང ། འདུ་བྱེད་རྣམས་མེད་པ་དང ། རྣམ་པར་ཤེས་པ་མེད་པ་ལ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པར་འདུ་ཤེས་སོ། །སྡིག་ཅན་ཁྱོད་དགྲོལ་ན་གང་ནས་དགྲོལ། བདུད་ཀྱིས་སྨྲས་པ། བདག་ནི་གང་ལས་ཀྱང་མི་དགྲོལ་ལོ། །སྨྲས་པ། སྡིག་ཅན་དེ་བཞིན་དུ་གང་དག་རྣམ་པར་དགྲོལ་བ་ཡང ། ཡང་དག་པ་མ་ཡིན་པའི་འདུ་ཤེས་ཡོངས་སུ་ཤེས་པ་མ་གཏོགས་པར་གང་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་བ་མེད་དེ། དེ་དག་ཡོངས་སུ་ཤེས་པས་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱིས་བརླབས་དེ་བསྡུས་པ་དང་སྡིག་ཅན་དེའང་རང་གི་གཟུགས་དང་ལྡན་པར་བདག་གིས་ཤེས་སོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱས་པ་ལེགས་སོ། །ལེགས་སོ། །བདུད་ཀྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ནི་ཁོ་བོའི་ཡུལ་མ་ཡིན་གྱི། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་ཡུལ་དུ་བལྟའོ། །དེ་ནས་ལྷའི་བུ་མཚམས་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་སངས་རྒྱས་ཀྱི་མཛད་པ་གང་དུ་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་མཛད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སེམས་ཅན་རྣམས་ཉོན་མོངས་པས་གཟིར་བ་མེད་ན་སངས་རྒྱས་ཀྱིས་ཀྱང་མཛད་པར་མི་འགྱུར་བའི་ཕྱིར་རོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། གལ་ཏེ་སེམས་ཅན་རྣམས་ན་བར་མ་གྱུར་ན། སྨན་པས་ཀྱང་བྱ་བར་མི་འགྱུར་བ་དེ་བཞིན་དུ། ལྷའི་བུ་གལ་ཏེ་སེམས་ཅན་རྣམས་ཉོན་མོངས་པས་གཟིར་བར་མ་གྱུར་ན། སངས་རྒྱས་ཀྱིས་ཀྱང་མཛད་པར་མི་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་བྱུང་ན་སངས་རྒྱས་འབྱུང ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་བྱུང་ན་སངས་རྒྱས་འབྱུང་ངོ ། །
41.287a
དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་སྤང་བའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཆོས་བསྐྱེད་པ་དེ་གང ། ཆོས་བཀག་པ་གང ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཆོས་གང་ཡང་བསྐྱེད་པ་ཡང་མེད། བཀག་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་སྐྱེ་བ་མ་ཡིན། འགག་པ་མ་ཡིན་པའི་ཕྱིར་རོ། །ལྷའི་བུ་སངས་རྒྱས་འབྱུང་བ་སངས་རྒྱས་འབྱུང་བ་ཞེས་བྱ་བ་འདི་ནི་རང་བཞིན་གྱི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཚིག་བླ་དགས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། གང་དམིགས་པའི་ལྟ་བས་ཆོས་གང་ལ་ཡང་ཀུན་དུ་མི་སྤྱོད་པའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། གང་ནང་དང་ཕྱིའི་ཆོས་རྣམས་ལ་ཆགས་པ་མེད་པའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། གང་ཉོན་མོངས་པ་ཐམས་ཅད་ཀྱང་འདོར་ལ་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མི་གཏོང་བའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ཇི་ལྟར་སྟོན་པས་བསྟན་པ་བཞིན་དུ་སྒྲུབ་ཅིང་སེམས་ཅན་ཐམས་ཅད་ཀྱང་ཚུལ་ཁྲིམས་ལ་འགོད་ལ། ལྷག་པའི་བསམ་པས་བྱང་ཆུབ་ཀྱི་སེམས་ཀྱང་མི་འདོར་བའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བཟོད་པ་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། གང་ཆོས་ཐམས་ཅད་ཤིན་དུ་ཟད་པའི་མཚན་ཉིད་དུ་ཤེས་ནས་སེམས་ཅན་ཐམས་ཅད་ཀྱི་གནོད་སེམས་དང ། ཁྲོ་བ་དང ། ཐ་བ་སྤང་བའི་ཕྱིར
41.287b
ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོ་ག་མི་འདོར་བའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་བྱང་ཆུབ་སེམས་དཔའ་ཆོས་གང་གི་ཕྱིར་བརྩོན་འགྲུས་བརྩམ་པའི་ཆོས་དེ་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ཉིད་ཤིན་དུ་ཡང་དག་པར་རྗེས་སུ་མི་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་ལེ་ལོ་སྤང་བའི་ཕྱིར་བརྩོན་འགྲུས་གཅེས་པ་ཡང་མི་འདོར་བ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་ཞུགས་པར་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདུལ་བའི་ཕྱིར་ཡང་བསམ་གཏན་བྱེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་རྒྱུ་བ་མེད་པ་ཐོབ་པར་གྱུར་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་ཞིང་སེམས་ཅན་ཐམས་ཅད་ཀྱི་ལྟ་བ་སྤོང་བའི་ཕྱིར་ཤེས་རབ་ཀྱི་རྣམ་པར་དཔྱོད་པ་ན་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཕུན་སུམ་ཚོགས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་བ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་ལ་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཤེས་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དགའ་བ་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་ལ་དགའ་བ་ཡང་མི་སྐྱེད་ལ། མི་དགའ་བ་ཡང་མ་ཡིན་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བཏང་སྙོམས་ལ་གནས
41.288a
པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་ལ་གཉིས་དང་བྲལ་བར་གྱུར་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་སེམས་དཔའ་ཡང་དག་པ་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བྱུང་བ་མེད་པར་ཤེས་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདག་མེད་པར་མཐོང་བ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་མཆོག་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆོས་ཐམས་ཅད་གཟུང་བ་མེད་པ་དང ། གཞི་མེད་པར་ཤེས་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གོ་ཆ་ཆེན་པོ་བགོས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་ཐོས་ནས་མི་དངངས་མི་སྐྲག་སྐྲག་པར་མི་འགྱུར་ཞིང་གོ་ཆ་ཆེན་པོ་མི་འདོར་བ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་རིང་དུ་བསྲིངས་པ་ཡང་མ་ཡིན་ལ་སྲེད་པའི་བག་ལ་ཉལ་གྱིས་ཉེ་བར་བསྙེན་པ་ཡང་མ་ཡིན་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོགས་ན་བདེ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་བདག་དང་གཞན་མི་དམིགས་པས་ལུས་དང ། ངག་དང་ཡིད་ཀྱིས་གཞན་ལ་གནོད་པ་མི་བྱེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བཀའ་བློ་བདེ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཇི་ལྟར་ཐོས་པའི་ཆོས་རྣམས་སྒྲུབ་ཅིང་ཚིག་ཇི་སྐད་སྨྲས་པ་བཞིན་བྱེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཐུན་པར་འཛིན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་རང་གི་སེམས་དང་འཐུན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱིས
41.288b
བསྒོ་བ་ལས་མི་འགྱུར་ཞིང ། སེམས་ཅན་ཐམས་ཅད་དང་འཐུན་པར་གནས་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ནང་ཡང་ཉེ་བར་ཞི་ལ་ཕྱི་རོལ་ཏུ་རྒྱུ་བ་ལ་ཡང་རྒྱུ་བ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དད་པ་དང་ལྡན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཆགས་པ་ཐམས་ཅད་ལ་ཡང་སྤྱོད་ལ། ཆགས་པ་ཐམས་ཅད་ལ་ཞེན་པ་ཡང་མེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཛའ་བ་བརྟེན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་སངས་རྒྱས་ཀྱི་རིགས་མི་གཅོད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱས་པ་གཟོ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཇི་ལྟར་བྱས་པའི་དགེ་བའི་རྩ་བ་ཆུད་མི་གཟོན་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱས་པ་ཤེས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཐེག་པ་གཞན་ལ་འདོད་པ་མི་བྱེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདོད་པ་ཉུང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་རང་གི་ཉོན་མོངས་པ་རྣམས་ཀྱང་མི་འདོད་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་སྤང་བར་ཡང་འདོད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོ་ག་ཤེས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་འཕགས་པའི་ཤེས་རབ་ཀྱི་ཤེས་པས་ཆོས་གང་ཡང་མི་ལེན་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ངོམས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་འཇིག་རྟེན་ལས་འདས་པའི་ཤེས་རབ་ལ་ཡང་གནས་ལ། འཇིག་རྟེན་པའི་རྒྱུ་བས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་དབེན་པ་ཡིན། འཇམ་དཔལ་གྱིས་སྨྲས
41.289a
པ་ནམ་ཉོན་མོངས་པ་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བའི་ཕྱིར་བརྩོན་པར་ཡང་སྣང་བ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རང་དགར་རང་དབང་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་ཟག་པ་མེད་པའི་ལུས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྣང་སྟེ། ཡེ་ཤེས་ཀྱི་དབང་བྱེད་ཀྱི་ཉོན་མོངས་པས་དབང་བྱེད་པ་མ་ཡིན་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་བདག་ཉིད་ཀྱང་མ་ཐོས་པའི་ཆོས་ཉན་ཅིང་གཞན་ལ་ཡང་མ་ཐོས་པའི་ཆོས་ཐོས་པར་བྱེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ལ་བརྩོན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་དམིགས་པ་ཐམས་ཅད་ལས་འབྱུང་བ་རབ་ཏུ་ཤེས་ཀྱང་ཆོས་ཐམས་ཅད་འཕྲོགས་པར་ཡང་མི་བྱེད། མི་འཕྲོ་བར་ཡང་མི་བྱེད་པ་ནའོ། །ལྷའི་བུས་སྨྲས་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲུབ་པ་སྙིང་པོར་བྱེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ནམ་གཞན་དང་འབྲེལ་པའི་རྣམ་པར་རིག་པ་མི་སྐྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དབེན་པར་ཡང་རྟོག་ལ། རང་གི་སེམས་ཀྱི་སྤྱོད་པ་ལ་ཡང་མི་ལྟ་ཞིང ། བདག་དང་གཞན་དུ་འདུ་ཤེས་པས་སྒྲུབ་པ་སྙིང་པོར་བྱེད་པ་མ་ཡིན་པ་ནའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ནམ་བྱང་ཆུབ་སེམས་དཔའ་ཐོས་པ་ཐམས་ཅད་ཀྱང་འཛིན་ལ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམས་ལ་ཡང་མཚུངས་པར་རབ་ཏུ་འབྱེད་ཅིང ། སྒྲ་སྐད་བྲག་ཆ་དང་མཚུངས་པར་ཡང་ཤེས་ནས་མངོན་པར་ཞེན་པ་མེད་པ་ན་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ནས་ལྷའི་བུ་འོད་མང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི
41.289b
སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་བཤད་པའི་དོན་འདི་སུས་ཀུན་ཤེས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་གྱུར་པ། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ། དགེ་བའི་རྩ་བ་བསྐྱེད་པ། དམིགས་པ་མེད་པར་སྤྱོད་པ་དེ་དག་གིས་ཁོ་བོས་བཤད་པའི་དོན་འདི་ཀུན་ཤེས་པར་འགྱུར་རོ། །ལྷའི་བུས་སྨྲས་པ། དེ་དག་ཅི་ལ་མོས་པར་འགྱུར། བསམ་པ་ནི་གང ། འཇམ་དཔལ་གྱིས་སྨྲས་པ། དེ་དག་ནི་ཟབ་མོ་ལ་མོས་པར་འགྱུར་ཏེ། ལྷག་པའི་ང་རྒྱལ་མེད་པ་ནི་བསམ་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ནམ་དགེ་སློང་འཇིག་ཚོགས་ལ་ལྟ་བ་ངོ་བོ་ཉིད་ཀྱིས་བགྲོད་པ་གཅིག་པུའི་ལམ་དུ་སྒོམ་སྟེ། གཉིས་སུ་མེད་པས་འཇིག་ཚོགས་ལ་ལྟ་བའི་ངོ་བོ་ཉིད་གང་ཡིན་པ་དེ་བགྲོད་པ་གཅིག་པུའི་ལམ་གྱི་ངོ་བོ་ཉིད་དུ་མཉམ་པར་ཤེས་ཤིང་མ་རིག་པ་དང་སྲིད་པ་དང་སྲེད་པ་ལས་འབྱུང་བ་ཡང་ཚོལ་ལ། མ་རིག་པ་དང་སྲིད་པ་དང་སྲེད་པ་ལས་འབྱུང་བ་ལ་སོ་སོར་རྟོག་པ་ན། མ་རིག་པ་དང་སྲིད་པ་དང་སྲེད་པའི་ངོ་བོ་ཉིད་ཀྱང་རིག་པ་དང་རྣམ་པར་གྲོལ་བར་ཤེས་པ་ན་སྟེ། དེ་ལྟར་ན་དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་ནམ་དགེ་སློང་འདོད་ཆགས་ཀྱི་མཐའ་ལ་འདོད་ཆགས་དང་བྲལ་བའི་མཐར་ཤེས་ཤིང ། འདོད་ཆགས་དང་བྲལ་བའི་མཐའི་རང་བཞིན་ཡང་འདོད་ཆགས་སུ་ཤེས་པ་དང ། ཞེ་སྡང་གི་མཐའ་ལ་ཞེ་སྡང་དང་བྲལ་བའི་མཐར་ཤེས་ཤིང ། ཞེ་སྡང་དང་བྲལ་བའི་མཐའི་རང་བཞིན་ཡང་ཞེ་སྡང་དུ་ཤེས་པ་དང ། གཏི་མུག་གི་མཐའ་ལ་གཏི་མུག་དང་བྲལ་བའི་མཐར་ཤེས་ཤིང ། གཏི་མུག་དང་བྲལ་བའི་མཐའི་རང་བཞིན་ཡང་གཏི་མུག་ཏུ་ཤེས་པ་ན་སྟེ། དེ་ལྟར་ན་དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་ནམ་དགེ་སློང་སྡུག་བསྔལ་ཡོངས་སུ་ཤེས་པར་མི་བྱེད། ཀུན་འབྱུང་བ་སྤོང་བར་མི་བྱེད། འགོག་པ
41.290a
མངོན་སུམ་དུ་མི་བྱེད། ལམ་སྒོམ་པར་ཡང་མི་བྱེད་ལ། སྡུག་བསྔལ་མི་སྐྱེ་བར་ཤེས་པས་འཕགས་པའི་བདེན་པ་བཞི་རྗེས་སུ་རྟོགས་ཏེ། སྡུག་བསྔལ་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ལ་ཀུན་འབྱུང་བ་གང་ཡང་མེད། སྡུག་བསྔལ་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ལ་འགོག་པ་གང་ཡང་མེད། སྡུག་བསྔལ་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ལ་ལམ་གང་ཡང་མེད་པ་དེ་ལྟར་དགེ་སློང་ཚུལ་བཞིན་ལ་བརྩོན་པ་ནི་ཆོས་གང་ཡང་སྐྱེད་པར་མི་བྱེད། འགག་པར་མི་བྱེད། གནས་པར་མི་བྱེད་དོ། །གང་ལ་སྐྱེ་བ་མེད་པ་དང ། འགག་པ་མེད་པ་དང ། གནས་པ་མེད་པ་དེ་འདུས་མ་བྱས་པའོ། །འདུས་མ་བྱས་ཀྱི་རང་བཞིན་ཡང་འཕགས་པ་རྣམས་ཀྱི་བདེན་པ་སྒོམ་པ་སྟེ། ལྷའི་བུ་དེ་ལྟར་ན་དགེ་སློང་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། གདོང་མཆི་མས་གང་ཞིང་མཆི་མས་བརྣངས་བཞིན་དུ་ཚིག་འདི་སྐད་ཅེས་སྨྲས་སོ། །གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེ་ན་བདུད་རྣམས་ཀྱི་སྐབས་མེད་དོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་བ་དེ་དག་གི་བདུད་ཀྱི་ལས་ཐམས་ཅད་བཀག་པར་འགྱུར་རོ་ཞེས་དེ་སྐད་སྨྲས་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་ལ་བཅགས་བཞིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ལྷའི་བུ་འོད་མང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱི་བཤད་པའི་དོན་ཇི་ལྟར་བདག་གིས་ཤེས་པ་ལྟར་ན། གང་དག་ལྷག་པའི་ང་རྒྱལ་མེད་པའི་ཚུལ་ཟབ་མོ་འདི་ཐོས་ནས་སྤོང་བའི་དགེ་སློང་དེ་དག་གི་རབ་ཏུ་བྱུང་བ་མེད་དོ། །བསྙེན་པར་རྫོགས་པ་མེད་དོ། །ལྷག་པའི་ང་རྒྱལ་མེད་པའི་ཚུལ་མཆོག་ཏུ་ཟབ་པ་འདིས་སྐྲག་པར་འགྱུར་བའི་ཁྱིམ་དེ་དག་གི་སྟོན་པ་དེ་བཞིན་གཤེགས་པ་མ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་ལྷག་པའི་ང་རྒྱལ་མེད་པའི་ཚུལ་མཆོག་ཏུ་ཟབ་པ་འདི
41.290b
ཐོས་ནས་མི་སྐྲག་མི་དངང་ལ་དངང་བར་མི་འགྱུར་ཞིང་མོས་པར་འགྱུར་བ་དེ་དག་རྣམ་པར་གྲོལ་བ་ཉིད་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་འོད་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་ལྷག་པའི་ང་རྒྱལ་མེད་པའི་ཚུལ་མཆོག་ཏུ་ཟབ་པ་འདི་ཐོས་ནས་མི་སྐྲག་མི་དངང་ལ་དངང་བར་མི་འགྱུར་ཞིང་མོས་པར་འགྱུར་བ་དེ་དག་རྣམ་པར་གྲོལ་བ་ཉིད་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཟོད་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་དང ། བཟོད་པ་འདིས་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ངེས་པར་འབྱུང་བའི་ཕྱིར་རོ། །ལྷའི་བུ་འོད་མང་པོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ཞེས་བྱ་བར་ཟུང་ཤིག་།བདུད་འདུལ་བའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང ། ལྷའི་བུ་འོད་མང་པོ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་ཛི་ན་མི་ཏྲ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།། །།
41.291a
[ཋིས་ཨིས་ཨ་བླནཀ་པགེ་ཝིཐོུཏ་ཏེxཏ]