rKTs


J417

(e-text produced by ADARSHA)

see text in transliteration
88.32b
༄##། །རྒྱ་གར་སྐད་དུ། ་ཨཱརྱ་ཏཱ་རེ་ཀུ་རུ་ཀུལླེ་ཀལ་པ། ་བོད་སྐད་དུ། ་འཕགས་མ་སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོག་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་འབྱུང་བའི་རྣལ་འབྱོར་རྒྱ་མཚོའི་རྒྱུད་ཀྱི་ནི། །གཞུང་དང་རྟོག་པ་ཉམས་ཤིང་ནུབ་པར་གྱུར་ནས་ཡང ། །སྒྲོལ་མ་འབྱུང་བའི་ཏིང་འཛིན་ཞེས་བྱ་རྒྱུད་ཀྱི་གཙོ། །དེ་ཡང་ནུབ་པར་གྱུར་ནས་རྟོག་པ་འདི་ཡང་འབྱུང ། །སེམས་ཅན་མང་པོའི་དོན་དུ་རྣལ་འབྱོར་པ། །རྒྱས་པར་བསྟན་པའི་རྒྱུད་ལས་བསྡུས་བྱས་ནས། །རྟོག་པ་འདི་ནི་འཇིག་རྟེན་དབང་ཕྱུག་གསུངས། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཉན་པར་གྱིས། །འཇིག་རྟེན་སྐྱབས་མེད་གྱུར་ལ་རྣམ་བལྟས་ནས། །འགྲོ་ཀུན་དོན་བྱེད་པ་ཡི་ཚུལ་འདི་ནི། །སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་གྱུར་བལྟས་ནས། །གུས་པ་ཆེན་པོས་ཁྱོད་ཀྱིས་བླང་བར་བྱོས། །འཇིག་རྟེན་རྣམ་རྟོག་ཞི་བར་བྱ་ཕྱིར་རྟོག་པ་འདི། །སངས་རྒྱས་ཐམས་ཅད་ཀྱིས་ནི་རབ་ཏུ་གསུངས། །དཔལ་ལྡན་གྲུ་འཛིན་རི་ལ་འཇམ་དཔལ་དང ། །པད་མ་བསྣམས་དང་རྒྱལ་བར་བྱེད་པ་དང ། །སྒྲིབ་པ་རྣམ་སེལ་བློ་གྲོས་རྒྱ་མཚོ་དང ། །བྱམས་པ་ལ་སོགས་ཚོགས་རྣམས་ཐམས་ཅད་ཀྱིས། །གང་ཡང་ཆོས་ཀྱི་ཚིགས་འདི་ཐོས་གྱུར་ནས། །རྗེས་སུ་ཡི་རང་སྤྱི་བོས་གུས་ཕྱག་བྱས། །རྒྱལ་བའི་སྲས་ཀྱིས་མངའ་བྱས་བསྟོད་པ་འམ། །ཡང་ན་གླུ་དང་དབྱངས་དག་བྱས་པ་ཡིས། །སྣ་ཚོགས་གར་གྱིས་འདི་ནི་མཆོད་པ་བྱས། །གནོད་སྦྱིན་སྲིན་པོ་ཡི་དགས་འཇིག་རྟེན་དང ། །སྣ་ཚོགས་བུ་མོ་དང་ནི་རྒྱུ་སྐར་དང ། །ས་ཡི་དབང་དང་ལག་ན་རྡོ་རྗེ་དང ། །རླབས་རྣམས་སྣ་ཚོགས་ཅན་གང་གནས་པ་ཡི། །ཀླུ་ཡི་བུ་མོ་ཟུར་གྱིས་བལྟ་བས་ལྟ་བ་དང ། །ས་འོག་སྐྱོང་དང་ལྷ་དབང་གྲུབ་པའི་བུ་མོས་མཆོད། །དྲི་ཟའི་རྒྱལ་མོ་ནུ་མ་ཤིན་ཏུ་རྒྱས་པ་དང ། །རིག་པ་འཛིན་དང་མི་འམ་ཅི་ཡི་ཆུང་མ་དང ། །གནོད་སྦྱིན་ཆུང་མ་རི་ཡི་བུ་མོའི་བུ་དག་ནི། །
88.33a
གང་ཡིན་བདག་དང་སྐྱབས་མེད་ཅེས་ནི་འདི་སྐད་སྨྲ། །གང་ཕྱིར་སྐྱབས་མེད་སྐྱབས་གྱུར་སངས་རྒྱས་བསྟན་པ་འདིར། །མགོན་མེད་མགོན་གྱུར་འཇིག་རྟེན་མགོན་པོ་ཁྱོད། །བདེ་བ་བསྐྱེད་ཅིང་ངོ་མཚར་ཆེ་གྱུར་གང ། །མགོན་པོ་ཚོགས་ཀྱི་ཚིག་དབང་འདི་ཐོས་ནས། །ཉིད་ཀྱི་དབང་དུ་བྱེད་པའི་གསང་སྔགས་གསུངས། །སྔགས་ཀྱི་རྒྱལ་པོ་བུད་མེད་ཀུན་ཐོས་པས། །མཐར་ཐུག་སངས་རྒྱས་བདེ་བ་དུ་མ་འབྱུང ། །རྡོ་རྗེ་རེག་པས་ཁམས་ཀྱང་འཛག་པར་འགྱུར། །ཟུར་གྱིས་ལྟ་བར་བྱེད་པས་ལྟ་བྱེད་ཅིང ། །རྐང་པ་དག་ཀྱང་ས་ལ་གྱ་ཚོམ་འདོར། །འདོད་ཆགས་ཤིན་ཏུ་བདོ་བས་ཁུ་འབབ་ཚེ། །འདི་ལྟར་མཐོང་ནས་ལྷ་ཡི་བུ་མོ་ལ། །འགྲོ་བ་དབང་བྱེད་ཀུ་རུ་ཀུལླེའི་སྔགས། །རས་རིས་བྲི་དང་གསང་སྔགས་བསྒྲུབ་པའི་ཕྱིར། །དུས་ལ་བབ་པའི་ཚིག་འདི་མགོན་སྨྲོས་ཞེས། །དེ་ལྟར་བཅོམ་ལྡན་འཇིག་རྟེན་མགོན་པོས་གསུངས། །དེ་ཚེ་འཇིག་རྟེན་དབང་ཕྱུག་ལས་རྣམས་རབ་ཏུ་གསུངས། །ཀུ་རུ་ཀུ་ལླེའི་རི་མོའི་ལུགས། །གང་ཞིག་བྲིས་པ་ཙམ་གྱིས་ནི། །སྒྲུབ་པ་པོ་ཡིས་འབྲས་ཐོབ་པ། །དེ་ནས་ཡང་དག་བཤད་པར་བྱ། །རི་མོ་མཁན་ནི་གང་ཞིག་གིས། །ཚེས་གྲངས་གང་དང་དུས་གང་ལ། །སྒྲོལ་མ་འབྱུང་ལས་བཤད་པ་བཞིན། །དེ་ནི་བདག་གིས་བཤད་པར་བྱ། །རི་མོ་མཁན་ནི་གང་ཞིག་གིས། །གང་གི་མིག་ནི་དམར་འགྱུར་ཞིང ། །ལག་པ་དེ་བཞིན་རྐང་པ་དམར། །བྱ་ཡི་མིག་ཅན་ཨེ་ནྱའི་རྐང ། །དེས་ནི་སྒྲོལ་མ་བྲི་བར་བྱ། །དཔྱིད་ཀྱི་ཟླ་བ་དང་པོ་ཡི། །མེ་ནང་མེ་ཡི་ཚེས་བརྒྱད་ཉིན། །ཐུན་ནི་ཕྱེད་དང་གཉིས་པ་ལ། །སྒྲོལ་མའི་མིག་ནི་བྲི་བར་བྱ། །མངར་གསུམ་བཟའ་ཞིང་ཉ་ལ་སོགས། །ཤ་དང་ཆང་ཡང་སྤང་བར་བྱ། །དམར་པོའི་གོས་ཀྱང་རྟག་ཏུ་བགོ་།དམར་པོའི་དྲི་ཡིས་རྟག་ཏུ་བྱུག་།བྱམས་པའི་སེམས་ནི་བསྐྱེད་བྱས་ལ། །ཐོ་རངས་ཁྲུས་བྱས་བསངས་ནས་སུ། །ལན་གསུམ་གོས་ནི་བརྗེས་ནས་སུ། །དབང་དུ་བྱེད་མ་ཡང་དག་བྲི། །ཞལ་གཅིག་མིག་ནི་ཡངས་པ་དང ། །ཕྱག་བཞི་མ་ལ་གུར་གུམ་མདོག་།
88.33b
བཅུ་དྲུག་ལོ་ལོན་སྒེག་བཅས་འདྲ། །བུད་མེད་སྒྱུ་མས་རྒྱགས་པ་བྲི། །གཞོན་ནུ་མ་དམར་སེར་མོས་བྱས་པའི་སྐུད་པ་ལས་རས་བྱས་ལ། དེ་དང་ཐགས་མཁན་གཉིས་ཀ་ཟན་དང་འོ་མ་བཟའ་བར་བྱ་ཞིང ། དེ་ནས་པདྨའི་གདན་ལ་སྟོད་གཡོགས་དམར་པོའི་གོས་དང་བཅས་པས་རིན་པོ་ཆེའི་རྣ་ཆ་དང ། རིན་པོ་ཆེའི་ཅོད་པན་དང ། གཡས་པས་མི་འཇིགས་པ་སྦྱིན་པ་དང ། གཉིས་པས་མདའ་སྣ་རྩེར་འགེངས་པ། གཡོན་པས་གཞུ་འཛིན་པ་དང ། ུཏ་པ་ལ་དམར་པོ་གཉིས་པ་ན་བསྣམས་པ་དང ། འོད་དཔག་མེད་ཅོད་པན་ན་བཞུགས་པ་རིའི་ཕུག་ན་གནས་པའི་ཀུ་རུ་ཀུལླེའོ། །ཀུ་རུ་ཀུལླེའི་འོག་ཏུ་ནི་སྒྲ་གཅན་འཛིན་ནོ། །དེའི་སྟེང་དུ་འདོད་པའི་དབང་ཕྱུག་ཆུང་མ་དང་བཅས་པའོ། །འདོད་པའི་ལྷའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་པདྨ་དམར་པོའི་གདན་ནོ། །དེ་ལ་གནས་པའི་སྣ་ཚོགས་པའི་ཆ་བྱད་ཅན་གྱི་བཅོམ་ལྡན་འདས་མ་བྲིས་ལ། རས་རིས་རབ་ཏུ་གནས་པར་བྱའོ། །དེའི་མདུན་དུ་མཆོད་པ་རྣམ་པ་བཅཝ་བརྒྱད་བྱས་ལ། ཡར་གྱི་ངོའི་ཚེས་བརྒྱད་ཟླ་བ་ཉའི་བར་དུ་བཟླས་པ་བྱའོ། །སྒྲོལ་མའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཧཱུཾ་སཝཱ་ཧཱ་ཞེས་བྱ་བའི་སྔགས་སོ། །དེ་ནས་སྔོན་དུ་བསྙེན་པ་འབུམ་ཙམ་བྱས་ལ། ཡང་སྟོན་ཟླ་ཐ་ཆུངས་སམ། དཔྱིད་ཟླ་འབྲིང་པོ་འམ། དབྱར་ཟླ་འབྲིང་པོའི་སངས་རྒྱས་ལ་མཆོད་པའི་དུས་ཚིགས་ཀྱི་ཉིན་པར་ཐོ་རངས་ཀྱི་ཁྲུས་བྱས་ལ་གསོ་སྦྱོང་བཟུང་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། ཉན་ཐོས་ཀྱི་དགེ་འདུན་ལ་མཆོད་སྟོན་གསོལ། །དེ་ནས་ཐེག་པ་ཆེན་པོའི་གསང་སྔགས་པའི་ཚོགས་ལ་མཆོད་སྟོན་བྱས་ནས་ཡོན་ཕུལ་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཅི་ལྟར་འདོད་པའི་དངོས་གྲུབ་བླང་བར་བྱའོ། །ཉན་ཐོས་ཀྱི་དགེ་འདུན་གང་ན་བཞུགས་པ་དང ། ཐེག་པ་ཆེན་པོ་ལ་དགའ་བའི་ཚོགས་རྣམས་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཏེ། གང་ན་བཅོམ་ལྡན་འདས་མའི་རས་རིས
88.34a
བཀྲམ་པའི་ཕྱོགས་དེར་ཉེ་བར་སོང་ལ། དངོས་གྲུབ་གང་འདོད་པའི་དོན་དུ་རིག་པ་འཛིན་པས་བསམ་གཏན་དང་ལྡན་པར་གནས་ལ་ཡི་གེ་གྲངས་ཀྱི་འབུམ་བཟླས་པ་བྱའོ་ཆ་གཅིག་གིས་ནི་ཤེས་རབ་འཕེལ། །ཆ་གཉིས་ཀྱིས་ནི་དབང་དུ་བྱེད། །གང་ཞིག་ཆ་ནི་གསུམ་པ་ཡིས། །མིས་ནི་དུག་ཀྱང་འགུགས་པར་འགྱུར། །མྱོས་ཤིང་འགྱིང་བའི་བུད་མེད་རྣམས་དང་ནི། །འཇིག་རྟེན་ཐམས་ཅད་ཀྱིས་ནི་མཆོད་པར་འགྱུར། །སྦྱོར་བ་གོམས་པས་ལྷ་མོ་མཛེས་རྣམས་ལ། །སྔགས་འཆང་དེས་ནི་ཅི་ལྟར་འདོད་པར་སྤྱོད། །དེ་ཡི་མིང་ཙམ་གྱིས་ནི་མཚུངས་མེད་དུག་ཅན་འབྲོས་པ་དང ། །གདེངས་ཀའི་གཙོ་བོའི་འོད་ཀྱིས་དཔལ་ལྡན་དག་ཀྱང་ཉ་བཞིན་འགྱུར། །བཟླས་བརྗོད་ལྡན་པ་ཡི་ནི་ངག་གི་དབང་ཕྱུག་བྱེད་འགྱུར་བས། །རིག་པས་འགྱིང་བའི་སྟོབས་དང་ལྡན་པའི་མཁས་པའང་ལན་མེད་བྱེད། །རིག་པ་འཛིན་པ་གླང་པོ་རྟ་ཡི་རྒྱབ་ཏུ་ཞོན་པ་དང ། །རིག་མ་མཛེས་མས་ལེགས་པར་འཁྱུད་ཅིང་མགུལ་ནས་འཇུས་པ་ལས། །སྔགས་རིག་པ་ཡི་གཙོ་བོ་ཡི་ནི་སྟོབས་ཀྱིས་རྒྱལ་བར་འགྱུར། །མཐར་གྱུར་པ་ཡི་རྒྱལ་སྲིད་ལོངས་སྤྱོད་དག་ལ་ཡིད་ཀྱིས་སྤྱོད། །འདོད་པའི་ལྷ་ལས་དགའ་བའི་བུ་ལ་སོགས་པ་རི་ཁྲོད་མ། །སྲེད་མེད་བུ་ལས་དཔའ་མོ་མི་ཕྱེད་པ་ལས་བདེ་སོགས་དང ། །ཚོགས་བདག་ལས་ནི་དྲི་མེད་དབྱངས་ཀྱི་དབང་ཕྱུག་དཀར་མོ་དང ། །ས་འཛིན་ལྷ་ལས་ཕུན་ཚོགས་མངའ་བ་སྔགས་ཀྱིས་རྣམ་རྒྱལ་བྱེད། །གསང་སྔགས་ལྡན་པར་བཅོམ་ལྡན་འདས་མ་གང་ཞིག་སྒོམ་བྱེད་པ། །དེས་ནི་སྣ་ཚོགས་གཏེར་དང་གསེར་དང་དངུལ་དང་རྣ་ཆ་དང ། །གོས་ལ་སོགས་པའི་ནོར་རྣམས་ཀུན་ལ་ཆེད་དུ་གང་བསམས་པ། །སེམས་ཀྱིས་ཐམས་ཅད་མ་ལུས་ཀུན་ནས་ལོངས་སྤྱོད་བྱེད། །རྒྱལ་ལས་རྒྱལ་སྲིད་དབང་པོའི་ཡུལ་འདས་ཤིང་ལས་འབྲས་བུ་དང ། །ཀླུ་དང་ཆུ་ཀླུང་རྒྱ་མཚོ་རྣམས་ལས་ཆུ་རྣམས་འགུགས། །སྔགས་དང་ལྡན་པས་འཐུང་ཞིང་ཟས་ལ་སྔགས་ཀྱིས་དག་པར་བྱེད། །སྐྱེ་བོ་སྔགས་མེད་པར་ནི་ལོངས་སྤྱོད་གྲུབ་པ་མེད། །ནགས
88.34b
སྐྱེས་གླང་པོ་རྟ་མཆོག་རིགས་དང་ལྡན་པ་དང ། །དུག་བཅས་གདེངས་ཀ་ཅན་གྱི་སྦྲུལ་མཆོག་དང ། །ཆུ་སྲིན་ཆུ་གླང་སྟག་དང་བསེ་དག་དང ། །རང་གི་སྔགས་ཀྱི་སྟོབས་ཀྱིས་བཀུག་ནས་ནི། །ཞོན་ཡང་ངོ་མཚར་མེད་པར་བྱས་པ་ཡི་ནི་མིག་དག་གིས། །ལྟ་བར་གལ་ཏེ་གསང་སྔགས་གྲུབ་པ་དེ་ཡིས་མཐོང་བར་འགྱུར། །གལ་ཏེ་སྙིང་རྗེའི་ལྟ་བས་འཇིག་རྟེན་འདི་ལྟར་སྡུག་བསྔལ་བས། །རྒུད་པར་གྱུར་པའི་མི་མཉམ་པ་ལ་བསྔགས་པ་དེས། །ཡིད་བཞིན་ནོར་བུ་བཞིན་དུ་འཇིག་རྟེན་ལ་ཕན་སྒྲོན་མ་ཡིན། །འཇིག་རྟེན་མ་ལུས་སྒྲོན་མེར་བྱེད་ཅིང་ཞི་བར་བྱེད། །བདུད་རྣམས་བཅོམ་ནས་ནོར་གྱི་ཆར་རྒྱུན་འབེབས་པར་བྱེད། །དཔག་བསམ་ཤིང་དུ་གྱུར་ནས་འགྲོ་རྣམས་ཅི་འདོད་སྦྱིན་པར་བྱེད། །ནོར་གྱི་དབང་ཕྱུག་མ་ལུས་པ་ཡི་ནོར་རྣམས་ཀུན་བཀུག་ནས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དུ་སྦྱིན་པར་བྱེད། །དེ་བཞིན་ཕོངས་པའི་འཇིག་རྟེན་རྣམས་ཀྱི་ཆེད་དུ་གོས་དག་དང ། །སྟན་དང་ཁྱིམ་དང་བླ་རེ་དག་ཏུ་སྒྲོལ་མས་མཛད་པ་དང ། །རྒྱ་མཚོའི་གླིང་དུ་ཚོང་བའི་གྲུ་ཞིག་གྱུར་པའི་ཕོངས་པ་ལ། །གཟིངས་དང་གྲུ་ལ་སོགས་པར་སྒྲོལ་མས་མཛད་པར་འགྱུར། །སྒྲོལ་མ་དེ་བསྒོམས་རྣལ་འབྱོར་པ། །དང་པོ་སྡུག་བསྔལ་ལྷན་ཅིག་གྱུར། །དེ་སྤངས་ནས་ནི་ཅུང་ཞིག་ན། །མིས་ནི་སྟོན་མོ་རྙེད་པར་འགྱུར། །གཉིས་པར་གོས་ནི་རྙེད་པར་འགྱུར། །དེ་བཞིན་བཙུན་མོ་དང་ཡང་འཕྲད། །དེ་ནས་སོ་རྩི་ལོངས་སྤྱོད་འགྱུར། །མ་བླངས་པར་ཡང་ཅི་འདོད་སྤྱོད། །གལ་ཏེ་ཚངས་སྤྱོད་ཡིན་ན་ཡང ། །ལྷ་མཆོག་བསྐྱེད་པའི་བུ་མོ་སྤྱོད། །སེམས་ཅན་གསོད་ལ་དགའ་བ་ཡིས། །བསྟན་པ་འདི་ལ་འགྲུབ་མི་འགྱུར། །དགེ་བ་བཅུ་ལ་དགའ་འགྱུར་ཞིང ། །ཐེག་པ་ཆེ་ལ་སེམས་གཅིག་པས། །རྡོ་རྗེ་ཆོས་ཀྱི་བཀའ་བཞིན་དུ། །དངོས་གྲུབ་མཆོག་ནི་དེས་སྤྱོད་འགྱུར། །འདི་ནི་རས་རིས་ལ་འཇུག་པའི་རྟོག་པ་སྟེ་དང་པོའོ།། །། ཆོས་མཆོད་པ་ཡི་སྦྱོར་བ་ཡིས། །གང་གི་ཆོས་ཉིད་བརྙེས་གྱུར་ན། །ཆོས་ཀྱི་དབྱིངས་སུ་རང་གྱུར་པ། །དེ་ནས་ཡང་དག་བཤད་པར་བྱ། །དེའི་རྗེས་ལ
88.35a
དཔག་བསམ་ཤིང་གི་སྒྲུབ་པ་འབྱུང་བར་འགྱུར་རོ། །བྲག་གི་ཡི་གེ་ལས་བྱུང་བ། །དཔག་བསམ་ཤིང་ནི་རྣམ་པར་བསྒོམ། །ུཏྤལ་ཡོངས་སུ་གྱུར་པ་ལས། །ཤིང་ནི་གཡོན་དུ་བསྒོམ་པར་བྱ། །སྣ་ཚོགས་ནོར་གྱི་ཆར་པ་དག་།ནམ་མཁའི་དཀྱིལ་ནས་འབབ་པ་ཡིས། །འདོད་པའི་བསམ་པ་རྫོགས་བྱེད་པ། །དེ་ལྟར་བསྒོམས་ན་ནོར་བདག་འགྱུར། །གླིང་བཞི་པ་ཡི་སེམས་ཅན་རྣམས། །སེམས་ཀྱི་འོད་ཟེར་གྱིས་བཀུག་ནས། །རྟག་ཏུ་རིན་ཆེན་བདུན་རང་བཞིན། །དེ་དག་ལ་ནི་རབ་སྦྱིན་བྱ། །ཡོངས་ཀྱི་གཙོ་བོ་རིན་ཆེན་དང ། །དེ་བཞིན་རིན་ཆེན་རྒྱ་མཚོ་སྐྱེས། །བུད་མེད་རིན་ཆེན་རྟ་རིན་ཆེན། །དེ་བཞིན་རལ་གྲི་རིན་ཆེན་དང ། །གླང་པོ་རིན་ཆེན་སོགས་རིན་ཆེན། །སངས་རྒྱས་རྣམས་ལ་ཡིད་ཀྱིས་དབུལ། །བུད་མེད་རྒྱན་གྱིས་བརྒྱན་བྱས་ལ། །སྣ་ཚོགས་གཟུགས་ཅན་འགྱིང་བ་རྣམས། །སངས་རྒྱས་འབྲས་བུ་འདོད་རྣམས་ཀྱིས། །སངས་རྒྱས་རྣམས་ལ་རྟག་ཏུ་དབུལ། །འདིས་ནི་སངས་རྒྱས་ཐམས་ཅད་དང ། །རིག་པ་འཛིན་པ་ཐོབ་པར་འགྱུར། །རིན་པོ་ཆེ་ནི་ཡོངས་རྒྱས་པའི། །ཡོངས་ཀྱི་གཙོ་བོ་ནོར་དབང་ཕྱུག་།སངས་རྒྱས་འབྲས་བུ་འདོད་པ་ཡིས། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །དེ་བཞིན་རིན་ཆེན་གཞན་དག་ཀྱང ། །གུས་དང་བཅས་པས་ཡོངས་བཏང་ན། །རྡོ་རྗེ་ཆོས་སུ་གྱུར་ནས་ནི། །སེམས་ཅན་ཀུན་གྱི་དོན་བྱེད་འགྱུར། །འདི་ནི་དཔག་བསམ་ཤིང་གི་སྒྲུབ་པའི་ཐབས་སོ། །སེམས་ཉིད་སངས་རྒྱས་ཐམས་ཅད་དོ། །སེམས་ཉིད་ཀྱིས་ནི་རྣམ་པར་གྲོལ། །སེམས་ཀྱིས་འཆིང་བ་རྣམས་ལས་ཐར། །སེམས་ཀྱིས་གྲོལ་བ་དང་ལྡན་འགྱུར། །སེམས་མ་གཏོགས་པར་དངོས་དོན་རྣམས། །གཞན་དག་གཞན་པར་མ་མཐོང་སྟེ། །སངས་རྒྱས་ཉིད་དང་དངོས་གྲུབ་ཀུན། །གང་ཕྱིར་ཕུན་ཚོགས་གཞན་མ་མཐོང ། །གང་ཡང་སྣོད་དང་སེམས་ཅན་རྣམས། །འབྱུང་དང་འབྱུང་ལས་གྱུར་པ་དག་།ཟག་མེད་ལྷག་པར་མཐོང་བ་ཡིས། །སེམས་ཙམ་ཡིན་ཞེས་རབ་ཏུ་བསྒྲགས། །དེ་བས་འབད་པ་ཐམས་ཅད་ཀྱིས། །སེམས་ཀྱི་མེ་ལོང་ཕྱིས་བྱས་ན། །
88.35b
རང་བཞིན་གློ་བུར་བ་ཡི་སྐྱོན། །རིམ་གྱིས་རབ་ཏུ་ཟད་པར་འགྱུར། །དབྱངས་ཡིག་དང་པོ་ལས་བྱུང་བ། །དྲི་མེད་རྫོགས་པའི་ཟླ་བ་སྟེ། །སེམས་ཉིད་ཟླ་བར་བསྒོམ་བྱས་ནས། །དེ་ཡི་སྟེང་དུ་ས་བོན་དགོད། །དྲོ་བ་རྣམས་ཀྱི་བཞི་པ་ན། །མེ་ཡི་མདོག་གི་སྟེང་ན་གནས། །ཡི་གེ་ཨི་དང་ཡང་དག་ལྡན། །ནམ་མཁའ་གཉིས་ཀྱིས་རྣམ་པར་བརྒྱན། །དེ་ཡི་སྣ་ཚོགས་འོད་རྣམས་ཀྱིས། །འགྲོ་བའི་དྲི་མ་མེད་བྱས་ནས། །སྟོང་གསུམ་འདི་སོགས་མཁའ་དབྱིངས་ཏེ། །ཀུ་རུ་ཀུལླེའི་རིར་ཞུགས་པས། །དེ་ཡིས་སྒྲོལ་མ་བསྐུལ་ནས་ནི། །བཀུག་ནས་མདུན་དུ་གནས་པར་བྱེད། །དེ་ནས་མཁས་པས་ས་བོན་ལ། །མཆོད་པ་ཆེན་པོའི་སྤྲིན་རྣམས་སྤྲོ། །མེ་ཏོག་སྤོས་དང་མར་མེ་དང ། །དེ་བཞིན་དྲི་དང་ལྷ་བཤོས་སོགས། །ཕྱག་རྒྱ་ཕྲེང་བ་དེ་བཞིན་དུ། །གར་དང་གླུ་ཡིས་མཆོད་སོགས་མཆོད། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང ། །སྔགས་འདི་ལན་གསུམ་བརྗོད་ནས་ནི། །དེ་ནས་གཤེགས་སུ་གསོལ་བར་བགྱི། །སེམས་ནི་བྱམས་པས་གནས་བྱས་ལ། །སླར་ཡང་དེར་ནི་གཞག་པར་བྱ། །སྙིང་རྗེའི་སེམས་ནི་བསྐྱེད་བྱས་ནས། །རབ་དགའི་སེམས་ཀྱང་བསྐྱེད་པར་བྱ། །ཕྱི་ནས་ཐམས་ཅད་བཏང་སྙོམས་ལ། །སེམས་ཙམ་ལ་ནི་མཉམ་པར་གཞག་།ཐ་མལ་རྣམ་པར་སྤངས་བའི་ཕྱིར། །སེམས་ཀྱང་སླར་ཡང་སྟོང་པར་བྱ། །ཡང་སྲིད་ལེན་པའི་ཕུང་པོ་ལྔ། །སྟོང་པ་ཉིད་ཀྱི་མེ་ཡིས་བསྲེག་།ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཤྤུ་ཀོ\ུ0f85་ཧཾ། ཡུད་ཙམ་སྟོང་པའི་རྣལ་འབྱོར་ཉིད། །བྱས་ནས་སེམས་ནི་ངལ་སོས་བྱ། །སྔོན་གྱི་དམ་བཅས་དྲན་བྱས་ནས། །ས་བོན་ཙམ་ཞིག་ཡང་དྲན་བྱ། །གཅིག་པུ་མྱ་ངན་འདས་པ་ཡིས། །སེམས་ཅན་བསླུས་པར་འགྱུར་བའི་ཕྱིར། །སྲིད་པའི་རྒྱ་མཚོ་མཐའ་མེད་ལས། །བདག་གིས་དེ་དག་ཅི་ལྟར་བསྒྲལ། །འདི་ལྟར་བསམས་ནས་བརྩེ་ལྡན་དེས།
88.36a
སེམས་མེད་པ་ཡི་སྟོང་པ་སྡང ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སེམས། །སེམས་ཉིད་ཀྱིས་ནི་བསྐྱེད་པར་བྱ། །སངས་རྒྱས་བྱིན་རླབས་ལས་ས་བོན། །དེ་ལ་ཨུཏྤལ་ཞེས་བྱར་འགྱུར། །ུཏྤལ་དཀྱིལ་དུ་ཟླ་བའི་གཟུགས། །ཡི་གེ་ཨ་ལས་བྱུང་བའོ། །སླར་ཡང་ཟླ་བ་དེར་ས་བོན། །དེ་ལས་འོད་ཟེར་འཕྲོས་གྱུར་པ། །དེ་ཡིས་མ་ལུས་འཇིག་རྟེན་ཁམས། །རྣམ་པར་སྦྱངས་པར་བསྒོམ་པར་བྱ། །དེ་ཡིས་སྦྱངས་ཤིང་གསལ་བྱས་ནས། །འོད་ཟེར་ཀུན་གྱིས་སངས་རྒྱས་ཚོགས། །ུཏྤལ་ལ་ཞུགས་བསྒོམ་པར་བྱ། །དེ་ལས་སྒྲོལ་མ་འབྱུང་བར་འགྱུར། །བསྟན་འདྲའི་ལྷ་མོ་བཙོད་མདོག་ཅན། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་པས། །དམ་ཚིག་གཟུགས་ནི་མཉམ་བསྐྱེད་ནས། །ཡེ་ཤེས་འཁོར་ལོ་ཡང་དག་བཀུག་།ཡུད་ཙམ་གྱིས་ནི་ངེས་རྫོགས་པའོ། །ཡེ་ཤེས་འཁོར་ལོ་མདུན་གནས་པ། །དམ་ཚིག་ཕྱག་རྒྱའི་སྦྱོར་བ་ཡིས། །ཁ་ཡི་ལམ་ནས་གཞུག་པར་བྱ། །ལག་པ་ཐལ་མོ་སྦྱར་བྱས་ནས། །མཐེའུ་ཆུང་གཉིས་ནི་བསྒོམ་པར་བྱ། །གུང་མོ་གཉིས་ནི་རྩེ་མོར་སྦྱར། །རྩེ་མོའི་ནང་དུ་མིང་མེད་གཞུག་།མཛུབ་མོ་གཉིས་ནི་དབུ་མར་སྦྱར། །མཐེ་བོང་གཉིས་ནི་འོག་ཏུ་བཀུག་།དམ་ཚིག་ཕྱག་རྒྱ་འདི་བཅིངས་ནས། །འཁོར་ལོ་བཀུག་ནས་གཞུག་པར་བྱ། །སངས་རྒྱས་རྣམས་ལ་ཚིགས་བཅད་འདིས། །དབང་བསྐུར་བར་ནི་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་མཛད་པ། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །རྒྱལ་བའི་དབང་བསྐུར་ཞེས་བྱ་བས། །སྤྱན་ལ་སོགས་པ་ལྔ་པའོ། །རྒྱལ་པོའི་མེ་ཏོག་དབང་བསྐུར་ཞིང ། །ཆེན་པོར་གྱུར་པ་དེ་སྩོལ་མཛོད། །རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །སངས་རྒྱས་སྒྲོལ་མ་དབང་བསྐུར་བས། །ཆོས་ནི་གཙུག་གི་ནོར་བུར་འགྱུར། །
88.36b
འོད་ཟེར་དམར་པོ་སྣ་ཚོགས་ཀྱིས། །འགྲོ་བ་གསུམ་པོ་སྣང་བར་བྱེད། །དབང་བསྐུར་རིན་ཆེན་ཐོབ་འགྱུར་ན། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །ཇི་ལྟར་སླར་བསྟན་ཆོ་ག་ཡིས། །ལོ་ཕྱེད་བརྟན་པར་བརྩམས་ནས་ནི། །གཏོར་མ་དུས་གསུམ་གཏང་བར་བྱ། །སྔགས་འདི་ཡིས་ནི་ཁར་བ་འམ། །ཁུར་བ་ལ་སོགས་ཆོ་ག་ཡིས། །རྨི་ལམ་མཚན་མ་ཐོབ་པར་འགྱུར། །རལ་གྲི་ས་འོག་དངོས་གྲུབ་དང ། །མི་སྣང་བ་དང་བཅུད་ལེན་དང ། །མི་མཐོང་བ་དང་མཁའ་སྤྱོད་ཉིད། །དེ་བཞིན་རྐང་བྱུག་མིག་སྨན་དང ། །རྨི་ལམ་མཚན་མ་སྟོན་འགྱུར་ཞིང ། །དངོས་གྲུབ་རང་ཉིད་འབྱུང་བར་འགྱུར། །གལ་ཏེ་དེ་ལ་དགའ་འགྱུར་ན། །གྲུབ་པ་ཕྲ་མོ་སྒྲོལ་མས་གྲུབ། །འཁོར་ལོས་སྒྱུར་ནས་རྒྱལ་སྲིད་དང ། །དབང་པོའི་ལོངས་སྤྱོད་ཐམས་ཅད་བྱེད། །སྒོམ་དང་བཟླས་པར་ལྡན་པ་ལ། །རྨི་ལམ་དུ་ཡང་རབ་གྲུབ་བྱེད། །ཟླ་དྲུག་ཐ་མའི་ཟླ་གཅིག་གོ་།མཚན་གཅིག་རངས་པར་བཟླས་བྱས་ཏེ། །ུཏྤལ་ཕྱག་རྒྱ་བཅིངས་ནས་ནི། །བཟླས་ནས་ཕྱག་རྒྱ་ཡུད་ཀྱིས་འབར། །ཕྱག་རྒྱ་འདི་ཡི་མཐུ་ཡིས་ནི། །བཙུན་མོ་དང་བཅས་ཚངས་པ་དང ། །དབང་པོ་ཉེ་དབང་དྲག་པོ་སོགས། །བཀུག་ནས་དབང་དུ་འགྱུར་བར་བྱེད། །དེང་ནས་བརྩམས་ནས་དངོས་གྲུབ་ཀུན། །བདག་འཁོར་འཆིང་བ་ལས་གྲོལ་འགྱུར། །ཆུ་དང་འདམ་གྱི་སྐྱོན་དག་གིས། །པདྨ་གོས་པར་མི་འགྱུར་ལྟར། །དངུལ་ཆུ་རེག་ནས་དུ་མར་འགྱུར། །བསྡུས་ནས་སླར་ཡང་གཅིག་ཏུ་འགྱུར། །ཐམས་ཅད་མཁྱེན་པ་ཉིད་འགྱུར་ན། །དངོས་གྲུབ་ཐོབ་པའི་སེམས་དེ་བཞིན། །གྲུབ་པའི་དངུལ་ཆུས་རེག་གྱུར་ནས། །ཟངས་མ་གསེར་དུ་འགྱུར་བ་བཞིན། །གྲུབ་པའི་གསང་སྔགས་ཀྱིས་རེག་ནས། །སྔགས་པ་སངས་རྒྱས་སྐུར་ཡང་འགྱུར། །ལྷ་ཡི་དབང་ཕྱུག་དུ་འགྱུར་ཞིང ། །ཁམས་གསུམ་ཀུན་གྱི་དབང་ཕྱུག་འགྱུར། །སངས་རྒྱས་རིགས་སུ་བྱུང་ནས་ནི། །འཁོར་ལོ་བསྐོར་བར་ཡང་འགྱུར་རོ། །བལྟམ་དང་རབ་ཏུ་འབྱུང
88.37a
མཛད་པ། །དཀའ་བ་སྤྱོད་པའི་སྤྱོད་མཛད་ཅིང ། །བྱང་ཆུབ་སྤྱོད་པའང་སྤྱོད་མཛད་ན། །སངས་རྒྱས་ཉིད་ཀྱང་དྲན་པར་མཛད། །ལྷ་ལས་བབས་དང་སྤྲུལ་པ་དང ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། །མྱ་ངན་འདས་པ་ཆེན་པོ་དང ། །དུར་ཁྲོད་གཤེགས་པ་དེ་བཞིན་ནོ། །འཇིག་རྟེན་གསུམ་དུ་ལུས་སྤངས་ནས། །རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་ཡིས། །གནས་གཙང་མར་ནི་སླར་གཤེགས་ནས། །སྤྲུལ་པར་བྱུང་བའི་སྐུ་ཡང་འོང ། །གླེགས་བམ་རས་རིས་རིམ་པ་ཡིས། །ཆོས་ཀྱི་སྐུ་ཡང་འཇུག་པར་མཛད། །གང་གིས་དེ་ཡི་གྲུབ་པའི་སྔགས། །སངས་རྒྱས་རྣམས་ཀྱིས་དེ་ཉིད་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ཉིད་ཀྱི་ཐུགས་ལ་རྣམ་པར་བརྟགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་སྐུ་ཆོས་ཀྱི་དབྱིངས་ཀྱི་སྐུ་སའི་ཕྱོགས་གང་དུ་དུས་བྱེད་པར་འགྱུར་བ་ཡིན། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཡང་བྱང་ཆུབ་སེམས་དཔའ་དག་གིས་འདི་སྐད་དུ། ཅི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེའི་སྐུ་ཆོས་ཀྱི་དབྱིངས་ཀྱི་སྐུ་མི་ཕྱེད་པའི་སྐུ་སའི་ཕྱོགས་འགའ་ཞིག་ཏུ་དུས་བྱེད་པར་འགྱུར་བ་ཡིན་ཞེས་སྨྲ། དེས་འདི་སྐད་ཉོན་ཅིག་།བྱང་ཆུབ་སེམས་དཔའ་དེ་དག་གང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་བདེ་བ་ཅན་དུ་འགྲོ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ཅི་ལག་ན་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྐུ་སྤངས་ནས་བདེ་བ་ཅན་དུ་འགྲོ་བ་འམ། རིགས་ཀྱི་བུ་འོན་ཏེ་སྤྲུལ་པའི་སྐུ་སྤངས་ནས་ལོངས་སྤྱོད་རྫོགས་པའི་སྐུས་བདེ་བ་ཅན་དུ་འགྲོ་བར་འགྱུར། ལག་ན་རྡོ་རྗེ་ཆོས་ཀྱི་སྐུ་སྤངས་ནས་འགྲོ་བར་འགྱུར་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན། ལག་ན་རྡོ་རྗེས
88.37b
སྨྲས་པ། ཅི་ལྟར་སྒྱུ་མ་མཁན་གྱི་སྐྱེས་བུ་གང་ཞིག་གིས་དགོས་པའི་དོན་བསྒྲུབ་པའི་ཕྱིར་སྒྱུ་མ་སྤྲུལ་ནས་དགོས་པ་སྒྲུབ་པར་བྱེད་དོ། །དེ་བཞིན་དུ། གདོད་ནས་གྲུབ་པའི་སངས་རྒྱས་རྣམས། །སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར། །འཁོར་ལོས་སྒྱུར་བ་འདས་གྱུར་ནས། །སྐྱེ་བ་ཡོངས་སུ་འཛིན་པར་མཛད། །གང་ཚེ་སངས་རྒྱས་འདས་པ་ན། །དེ་ཚེ་འཁོར་ལོས་སྒྱུར་བ་འབྱུང ། །དེ་གཉིས་མེད་པར་འཇིག་རྟེན་འདིར། །ནམ་ཡང་འབྱུང་བ་མ་ཡིན་ནོ། །གདུལ་བྱའི་འཇིག་རྟེན་ལ་བརྟེན་ནས། །རྐང་གཉིས་མཆོག་གིས་བརྟུལ་ནས་ནི། །ལོ་ནི་བརྒྱད་ཅུར་བཞུགས་མཛད་དེ། །སངས་རྒྱས་རྒྱལ་བའི་གནས་སུ་གཤེགས། །སངས་རྒྱས་སྒྱུ་མ་སྤངས་ནས་ནི། །རྒྱལ་པོའི་ཕོ་བྲང་བདེ་ཆེན་དུ། །རབ་ཞི་བདེ་བ་ཆེན་པོ་ལ། །ཀུན་དུ་དགའ་བའི་གཟུགས་ཀྱིས་བཞུགས། །བྱེད་པོ་རྟག་པ་གཅིག་པུས་བཞུགས། །ཡིན་སྙམ་དྲང་སྲོང་རྣམས་སེམས་ཏེ། །དེ་ལྟའི་ངོ་བོ་དེ་མིན་ཞེས། །དེ་ནི་སྐད་ཅིག་བསྡོམས་པར་འདོད། །བདག་ཏུ་འཛིན་པས་འཁྲུལ་པ་རྣམས། །རྟག་ཏུ་རྟག་པའི་དོན་འདོད་པ། །མི་རྟག་ཉིད་ལ་འཇུག་བྱའི་ཕྱིར། །རྒྱལ་བ་རྣམས་ཀྱི་སྐུ་གཏོང་མཛད། །དངོས་པོ་ཀུན་གྱི་དངོས་བདག་ཉིད། །ཐུགས་ཀྱིས་ཐམས་ཅད་མཁྱེན་ཏེ་དག་།འདི་དག་འདི་གནས་མ་ཡིན་ཞེས། །བྱས་པའི་ངེས་པ་ཡོད་མ་ཡིན། །ཀུན་རྫོབ་བདེན་པ་ལ་བརྟེན་ནས། །སྟོང་གསུམ་འདི་སོགས་གདུལ་བྱ་ལ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ནམ་མཁའ་མཉམ་པར་རབ་ཏུ་འཇུག་།སངས་རྒྱས་འབྱུང་བ་དེ་ཉིད་མིན། །སངས་རྒྱས་འགགས་པའང་དེ་བཞིན་ཏེ། །ཐམས་ཅད་རོ་གཅིག་གྱུར་པ་ཡི། །འབྱུང་དང་འཇིག་པའི་རང་བཞིན་ནོ། །དེ་ནི་ཆོས་དབྱིངས་གཟུགས་གཅིག་སྟེ། །སྒྲིབ་པ་ལྔ་པོ་སྤངས་པའོ། །ཟབ་ཅིང་རྒྱ་ནི་ཆེ་བའི་གཟུགས། །དེ་ཉིད་ངོ་བོར་དེ་ཉིད་བཞུགས། །གཉིས་ཀ་ཡོད་པ་མ་ཡིན་ཕྱིར། །གདོད་ནས་ཡོད་པ་མ་ཡིན་ནོ། །དེ་ནི་གདོད་ནས་མ་སྐྱེས་པས། །སྐྱེ་བ་མ་ཡིན་འགག་མ་ཡིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ལག་ན་རྡོ་རྗེ་སངས་རྒྱས
88.38a
བཅོམ་ལྡན་འདས་ཁམས་གསུམ་ལ་རྗེས་སུ་སྟོན་པ་མཛད་པ། སྐྱེ་བ་མེད་པ་འགག་པ་མེད་པ་ཅི་ལྟ་བུ་ཡིན། སྨྲས་པ། ཀྱཻ་བྱང་ཆུབ་སེམས་དཔའ་རྣམས་དེ་ཇི་སྙམ་དུ་སེམས། གང་སངས་རྒྱས་ཇི་སྙེད་པ་དེ་དག་ཞིག་ཡོད་པ་ཡིན་ནམ། འོན་ཏེ་མེད་པ་ཞིག་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ལག་ན་རྡོ་རྗེ་སངས་རྒྱས་རྣམས་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །ལག་ན་རྡོ་རྗེས་སྨྲས་པ། མ་སྐྱེས་པ་ནི་སྐྱེ་བ་ཡིན། །སྐྱེས་པ་ཕྱིར་ཡང་སྐྱེ་མི་འགྱུར། །དོན་དམ་ཉིད་དུ་དཔྱད་ན་ནི། །དེ་ཕྱིར་གདོད་ནས་མ་སྐྱེས་པ། །དེ་བཞིན་འཆི་བ་འཆི་མི་འགྱུར། །འཆི་བ་མེད་པ་འཆི་བ་མིན། །མི་གནས་པ་ལ་གནས་པ་མེད། །གནས་པ་དེ་ལ་གནས་མི་དགོས། །གལ་ཏེ་མ་སྐྱེས་ཉམས་འགྱུར་ཞིང ། །མ་སྐྱེས་པ་ཉིད་སྐྱེ་འགྱུར་ན། །རི་བོང་གི་ནི་རཝ་ཉིད་ཀྱང ། །སྐྱེ་བ་དང་ནི་འགག་པར་འགྱུར། །གང་ཚེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་པ་སླར་ཡང་སྐྱེ་བར་འགྱུར། །གལ་ཏེ་མེད་པ་སྐྱེ་ན་ཡང ། །མོ་ཤམ་བུ་ཡང་སྐྱེ་བར་འགྱུར། །དེ་ཕྱིར་ཐམས་ཅད་མ་རིག་པ། །འདུ་བྱེད་གསུམ་གྱི་མཚན་ཉིད་ཡིན། །ཕུང་པོ་ལྔ་ལྡན་འགྲོ་བ་རྣམས། །སྣང་བ་ཙམ་དུ་རྣམ་པར་ཤེས། །རེ་ཞིག་རིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མྱ་ངན་ལས་འདས་པ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། ཐམས་ཅད་སྐྱེད་པ་མེད་པའི་ཕྱིར། །སྔགས་འདི་ཅི་ལྟར་རྒྱུད་ཅི་ལྟར། །དཀྱིལ་འཁོར་སྒོམ་པ་ཇི་ལྟ་བུ། །དངོས་གྲུབ་དེ་ནི་ཇི་ལྟར་འགྲུབ། །ལག་ན་རྡོ་རྗེས་སྨྲས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །དངོས་པོ་རྣམས་ནི་འབྱུང་བ་ལྟར། །སྔགས་དང་ཕྱག་རྒྱ་སོགས་བརྟེན་ནས། །དངོས་གྲུབ་རྣམས་ནི་འབྱུང་བར་འགྱུར། །དངོས་གྲུབ་རྣམས་ནི་ཀུན་རྫོབ་པ། །སངས་རྒྱས་ཕ་རོལ་ཕྱིན་པ་ཡང ། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་རྫོབ་ཉིད་དུ་རབ་སྒྲུབ་འགྱུར། །རྟོག་པ་གཉིས་པའོ།། །།
88.38b
སྔགས་བཟླས་པ་ཡི་ཆོ་གའི་རིམ། །དེ་ནས་ཡང་དག་བཤད་བྱ་བ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །སྒྲུབ་པོས་དངོས་གྲུབ་འགྱུར་བས་སོ། །བྱི་རུ་ཡིས་ནི་དབང་དུ་བྱེད། །པུས་ཀར་གོས་ནི་དུག་ཞི་བྱེད། །ཤེལ་གྱིས་ཤེས་རབ་འཕེལ་བར་བྱེད། །ལས་གསུམ་ལ་ནི་སྦྱར་བར་བྱ། །སྐྱེ་གནས་ཀྱི་རྣམ་པར་དག་པ་ཨ་ཤཝ་ཐའི་འདབ་མའི་རྣམ་པ་ལྟ་བུའི་ཐབ་ཁུང་བྱས་ལ། མྱ་ངན་མེད་པའི་ཤིང་ལ་མེ་སྦར་ནས། ཆོ་ག་བཞིན་དུ་ཨུཏྤལ་དམར་པོ་བརྒྱ་རྩ་བརྒྱད་སྦྱིན་བསྲེག་བྱས་ཏེ། གར་མཁན་གྱི་ཁྱིམ་ནས་མེ་བླངས་ལ་མངར་གསུམ་གྱིས་བསྒོས་ནས། རྩ་བའི་སྔགས་དང་བྱ་བ་ཡིན་ནོ། །ཕྱི་ནས་འཁྲུལ་འཁོར་བྱ་བ་ཡིན་ཏེ། ཟླ་མཚན་གྱིས་གོས་པའི་རས་ལ་དཀྱིལ་འཁོར་གྲུ་གསུམ་བྲིས་ནས། དཀྱིལ་འཁོར་དུ་བསྒྲུབ་བྱ་དང ། སྒྲུབ་པ་པོའི་མིང་དང་བཅས་པའི་བསྐུལ་བའི་ཚིག་དང་བཅས་པར་བྲིས་ཏེ། ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག་བྱས་ནས། དེ་ནས་རྩ་བའི་སྔགས་ཀྱིས་སྤེལ་ནས། རྒྱ་སྐྱེགས་ཀྱི་ཁུ་བ་དང ། ལག་པ་གཡོན་པའི་སྲིན་ལག་གི་ཁྲག་དང ། ག་པུར་དང ། གུར་གུམ་དང ། གླ་རྩི་རྣམས་ཀྱི་ཚོན་རྩིས་བྲི་བར་བྱའོ། །ཤེས་རབ་འཕེལ་བར་འདོད་ན་ཐབ་ཁུང་དེ་ཉིད་དུ་ཨརྒ་འམ། ཀ་ར་བཱི་རའི་ཤིང་ལ་བྲམ་ཟེའི་སྦྱིན་སྲེག་གི་མེ་བླངས་ལ་སྦར་སྟེ། ཨ་ཀ་རུ་ཀའི་ཤའི་ཁྱིའི་མའམ། ཤུ་དག་གི་སྦྱིན་སྲེག་ཁྲི་བྱའོ། །དུག་ཞི་བར་བྱེད་ན་ཐབ་ཁུང་དེ་ཉིད་དུ་ཙན་དན་གྱི་ཤིང་ལ་མེ་སྦར་ལ། པིན་ཏ་ཀ་རའི་མེ་ཏོག་གི་སྦྱིན་སྲེག་བྱའོ། །དེས་ནི་དུག་ཐམས་ཅད་ཞི་བར་འགུགས་པར་འགྱུར་རོ། །སྣ་ཚོགས་ཀྱི་ཟུག་ཟེར་རྣམས་མེད་པར་བྱེད་ཅིང་ཞི་བར་བྱེད་དོ། །མཁའ་ལྡིང་གི་རིག་པའི་རྒྱུད་ཀྱི་ཆོ་གའོ། །ཁམས་གསུམ་པ་ཡི་ལམ་གནས་པའི། །བཙུན་མོར་གྲགས་པ་ཇི་སྙེད་པ། །སྦྱིན་སྲེག་འཁྲུལ་འཁོར་སྦྱོར་བ་ཡིས། །དེ་ཀུན་བཀུག་ནས་སྤྱོད་པར་བྱེད། །བྱམས་པ་ཆགས་པའི་ལྟ་བ་ཡིས། །སེམས་དེ་ཡིས་ནི་དབང་དུ་བྱེད། །འགྲོ་བ་ཐམས་ཅད
88.39a
དབང་བྱས་ནས། །སངས་རྒྱས་བྱང་ཆུབ་ངེས་པར་སྤྱོད། །འདི་ནི་དབང་དུ་བྱ་བའི་ཆོ་གའོ། །རྣམ་པ་ཀུན་མཁྱེན་ཞེས་བྱ་བ། །ཤེས་རབ་མེད་པར་ཐོབ་མི་འགྱུར། །དེ་ཕྱིར་དེ་ཐོབ་འདོད་པ་གང ། །ཤེས་རབ་རྣོན་པོ་བསྒྲུབ་པར་བྱ། །བཟླས་དང་སྦྱིན་སྲེག་སྦྱོར་བ་ཡིས། །ཆོས་རྣམས་ཀུན་ལ་སྤྱོད་པའོ། །བློ་ནི་དག་གསལ་དྲི་མ་མེད། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །གྲི་ཧ་པི་དའི་ལོ་མ་དང ། །ཤ་ཏི་དང་ནི་ཤིང་མངར་དང ། །བྲམ་ཟེ་མོ་དང་མ་ག་ཏ། །སྦྲང་དང་བཅས་པས་བཟའ་བར་བྱ། །ཤེས་རབ་འཕེལ་བར་བྱ་བའི་ཆོ་གའོ།། །།དུག་རྗེས་སྦྲང་རྩི་མར་དང་བཅས། །འཁོར་ལོ་བཟང་རྩ་དེ་བཞིན་ཏེ། །མཆེ་བའི་དུག་གིས་བཟུང་བ་ལ། །བསྐུས་དང་འཐུངས་པས་ཞི་བར་མཛད། །དུག་གཞིལ་བའི་སྨན་ནོ། །འཛ་རི་ཙན་ད་ལི་དག་དང ། །ནད་པའི་སྡི་ནི་མར་ཁུར་བཅས། །ལུས་ཀྱི་སྲིན་བུ་ཤི་བའི་རོ། །ཟོས་ནས་དབང་དུ་འགྱུར་བ་ཡིན། །དབང་དུ་བྱ་བའི་སྨན་ནོ། །དུག་འགུགས་པས་ནི་འགྲོ་བ་ཞི། །ཤེས་རབ་འཕེལ་བས་སངས་རྒྱས་ཉིད། །ཆོས་ཀྱི་འཁོར་ལོ་སྐོར་བ་ནི། །སྐད་ཅིག་གིས་ནི་དབང་བྱེད་འགྱུར། །བདག་གཞན་དོན་རབ་བསྒྲུབ་པ་ལ། །ཐེག་པ་ཆེན་པོར་ཐབས་གཞན་མེད། །རིག་པ་ལན་གཅིག་བསྒྲུབས་པ་ཡིས། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། །ཧྲཱིཿ ཡིག་མྱོས་པའི་སྣོད་བསམས་ནས། །བུད་མེད་རྣམས་ནི་འཛག་པར་འགྱུར། །ལྕེ་དང་སྙིང་གི་དཀྱིལ་དུ་ཧྲཱིཿ དེ་ཉིད། །བསམས་ན་བློ་རྣམས་སྐྱེ་བར་བྱེད། །མཆེ་བས་བཟུང་བ་ལས་བསྒོམས་པ། །ཆོས་ཀྱི་ཡི་གེ་མཛེས་པ་ཡིས། །ཡི་གེ་དག་ནི་དུག་ཞི་བྱེད། །སྒྲོལ་མའི་སྙིང་པོ་ཁམས་གསུམ་ལས། །རྒྱལ་བ་ཡིན་པར་བརྩེ་བ་ཅན་གྱིས་རྣམ་ཤེས་བྱ། །ངག་གི་སྐྱོན་རྣམས་ཟད་པས་དུག་སེལ་སེམས་ཀྱི་སྐྱོན་སྤངས་པས། །ཤེས་རབ་འཕེལ་འགྱུར་ལུས་ཀྱི་སྐྱོན་རྣམས་ཟད་པས་དབང་དུ་བྱེད། །དེ་ཕྱིར་འགྲོ་འདི་མི་དགེ་ལ་ཞེན་དངོས་གྲུབ་ཐོབ་མི་འགྱུར། །དེ་ཕྱིར་རྒྱལ་བའི
88.39b
སྲས་ཀྱིས་ཕན་ཕྱིར་སྡིག་རྣམས་སྤང་བར་བྱ་ཕྱིར་བགྱི། །ཕྱག་རྒྱ་བཅིང་བའི་ཁྱད་པར་གྱིས་ནི་ངེས་པར་ལུས་སྐྱོན་རྣམས་ཟད་འགྱུར། །སྔགས་ཀྱིས་ལྕེ་ཡི་ཚོགས་ཀྱི་སྐྱོན་རྣམས་གང་ཡིན་པ་ཡི་སེམས་ཀྱི་སྐྱོན། །བསམ་གཏན་དགའ་བའི་སེམས་ཀྱིས་དགའ་བར་འགྱུར་བར་དད་པ་དྲི་མེད་ཀྱིས། །ལུས་ཀྱི་ཡིད་རྣམས་གཡོ་བ་མེད་པ་དེ་ཚེ་སངས་རྒྱས་བྱིན་གྱིས་རློབ། །སྡིག་མེད་མིག་གིས་སྡིག་ལྟ་སྙིང་རྗེ་ལྡན་པ་འཇིག་རྟེན་གསུམ་གྱི་རྒྱལ་པོར་འགྱུར། །སྦྱིན་པས་བསོད་ནམས་སྟོབས་ལྷག་གྱུར་པར་ས་སྟེངས་གཙོ་བོ་སྦྱིན་བདག་བརྩོན་ལྡན་འགྱུར། །ལེ་ལོ་སྤངས་པས་མཁས་པས་དམྱལ་བའི་སྡུག་བསྔལ་ཅུང་ཟད་ཀྱང་མི་མྱོང ། །དེ་ཕྱིར་སངས་རྒྱས་སྲས་ཀྱི་སྙིང་རྗེའི་ནོར་དང་བརྩོན་འགྲུས་སྤྱོད་པ་དག་ལ་བརྟེན། །ནམ་མཁའི་དཀྱིལ་དུ་སངས་རྒྱས་རྣམས་བལྟས་བསམ་གཏན་སྟོབས་ཀྱིས་སངས་རྒྱས་རྣམས་ལ་སེམས། །རྨི་ལམ་ན་ཡང་རྟག་ཏུ་བདག་ཉིད་སངས་རྒྱས་རྣམས་ཀྱིས་བསྐོར་བ་མཐོང ། །མཁས་པས་འཆི་ཚེ་རི་རབ་རྩེར་གཤེགས་དང ། །བཞོན་པ་སྣ་ཚོགས་ཞོན་པའི་སངས་རྒྱས་རྣམས། །སྙིང་རྗེའི་བདག་ཉིད་ཅན་གྱིས་མཐོང་འགྱུར་ཞིང ། །སྡིག་པ་བྱས་པས་དམྱལ་བའི་གྲོང་ཁྱེར་མཐོང་བར་འགྱུར། །དེ་རྣམས་རྣམ་དག་རྒྱུད་ཡིན་ཏེ། །བློ་ཡང་དེར་ནི་གནས་པར་འགྱུར། །དེ་ཡི་ཕྱིར་ནི་ཅི་ནས་ཀྱང ། །གོས་དཀར་དག་གི་བཙུན་མོར་འདོད། །དེ་ཉིད་དུག་ནི་ཞི་བྱེད་པས། །རྟ་མགྲིན་གྱིས་ནི་གོ་འཕང་གནས། །འདོད་ཆགས་རྡོ་རྗེའི་ཚིག་འབྱུང་བ། །འགྲོ་བ་གསུམ་པོ་དབང་དུ་བྱེད། །འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་བསྒྲུབ་པའོ།། །།དེ་ནས་སྦྱོར་བ་གཞན་འབྱུང་བར་འགྱུར་ཏེ། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །སླར་ཡང་གྲུ་གསུམ་གཞན་ཞིག་གོ་།དབང་པོ་ཕྱོགས་ནས་བརྩམས་ནས་ནི། །ོཾ་ལ་སོགས་པ་མཁས་པས་བྲི། །མཚམས་དྲུག་ཏུ་ནི་ས་བོན་དྲུག་།ཆོས་ཀྱི་ས་བོན་དཀྱིལ་དུའོ། །ཡི་གེ་ཕུཿ ཡི་ནང་བྱས་པ། །དེ་ནི་སྒོ་ཡི་མ་ཐེམ་བྲི། །
88.39c
#་སྦྲུལ་བསྐྲད་པའི་རྒྱུད་དོ། །དེ་ནས་བུད་མེད་སྐལ་བ་དང་ལྡན་པར་བྱ་བའི་ཕྱིར། སྦྱོར་བ་གཞན་དག་བཤད་པར་བྱ་སྟེ། འདབ་མ་བདུན་པའི་ཨུཏྤལ་བྱས་ལ། དེ་ལ་ཡི་གེ་བདུན་སྦྱར་བར་བྱའོ། །དེའི་ལྟེ་བ་ལ་ཧྲཱིཿ གཉིས་ཀྱིས་བརྟེན་པའི་བསྒྲུབ་བྱའི་མིང་དབང་དུ་བྱ་བའི་ཆོ་ག་བཞིན་དུ་གྲོ་ག་འམ། ཡང་ན་མེ་ཏོག་དང་བཅས་པའི་རས་ལ་བྲིས་ལ་རིག་པའི་རིལུ་བྱས་ནས་དཔུང་པ་ལ་གདགས་པར་བྱའོ། །བདག་པོ་བུད་མེད་བྲན་དུ་འགྱུར། །རྒྱལ་པོའང་ཞབས་འབྲིང་ཉིད་དུ་འགྱུར། །ཤིན་ཏུ་དག་ཅིང་གཙང་མ་ཡིས། །སྔགས་འདི་བཏུ་བར་བྱ་བ་ཡིན། །དབང་དུ་བྱ་བའི་ཆོ་གའོ། །བསྲུང་བའི་དོན་དུ་འཁྲུལ་འཁོར་འབྱུང་བར་འགྱུར་ཏེ། ཨུཏྤལ་འདབ་བཞི་བྱས་ནས་ནི། །དེ་ལ་དབུས་སུ་ཟླ་བ་བྲི། །ཤར་དུ་མདའ་ནི་བྲི་བར་བྱ། །ལྷོ་ཉིད་དུ་ནི་གཞུ་བྲིའོ། །མི་འཇིགས་ལག་པ་ནུབ་ཏུའོ། །བྱང་དུ་ཨུཏྤལ་བྲི་བར་བྱ། །དབུས་ཀྱི་ཟླ་བར་བསྲུང་བྱ་སྟེ། །ས་བོན་བདུན་གྱིས་བསྐོར་བའོ། །འཁོར་ལོ་ཕྱི་ཡི་རིམ་པ་ལ། །ུཏྤལ་ཕྲེང་བས་བརྒྱན་པའོ། །འདི་ནི་གྲོ་ག་ལ་བྲིས་ལ། །རང་གི་དཔུང་ལ་གདགས་པར་བྱ། །གཞན་ཡང་བྱིས་པ་རྒན་པོ་དར་ལ་བབ། །འཁྲུལ་འཁོར་གྱིས་ནི་རང་སྲུང་འགྲུབ། །གལ་ཏེ་དབང་ཕྱུག་ཐོབ་པར་བྱ་འདོད་ན། ས་བོན་གྱི་གྲོང་ཁྱེར་བྲིས་ལ་དེའི་དཀྱིལ་དུ་གཞུ་བྲི་བར་བྱའོ། །གཞུའི་དཀྱིལ་དུ་རིན་པོ་ཆེའི་རྣམ་པ་ལྟ་བུའི་ཨུཏྤལ་གྱི་མྱུ་གུ་བྲི་བར་བྱའོ། །ུཏྤལ་སྙིང་པོའི་དབུས་སུ་ཡི་གེ་ཛྲུ་ལ་ཡི་གེ་བདུན་གྱིས་བསྐོར་བའོ། །ས་ལེ་སྦྲམ་གྱི་བྱང་བུ་ལ་མངོན་པར་བྲིས་ལ་ཁྱིམ་གྱི་སྟེང་དུ་ངེས་པར་གཞག་པར་བྱའོ། །ཕྱི་རོལ་ནས་ཨུཏྤ་ལའི་ཕྲེང་བས་མངོན་པར་བསྐོར་བར་བྱས་ནས་ཚེས་བཅུ་གཉིས་སམ་བརྒྱད་ལ་རིན་པོ་ཆེ་ལྔ་དང་ལྡན་པའི་བུམ་པ་གང་བས་ཕབ་ལ་ཁྲུས་བྱས་ནས་མཆོད་ལ་ནས་བཟླས་པ་བརྒྱ་རྩ་བརྒྱད་བྱས་ན། ལོ་གཅིག་གིས་ནོར་འཛིན་དང་མཚུངས་པར་འགྱུར་རོ། །དེ་ལྟ་བུའི་རིག་པའི་རིལུ་ཡང་དག་པར་གདགས་པར་བྱའོ། །དེ་ནས་སྦྱོར་བ་གཞན་ཡང་འབྱུང་བར་འགྱུར་ཏེ།
88.39d
#་མིག་དམར་ལ་བབ་པ་ན་འགྲོན་བུ་གན་རྒྱལ་དུ་གནས་པ་རྙེད་ན་ལག་མཐིལ་དུ་བཞག་ནས་སྔགས་འབུམ་ཕྲག་གཅིག་བཟླས་ན། རྒྱན་པོ་འདེབས་པ་ན་ཕ་རོལ་པོ་ལས་རྒྱལ་བར་འགྱུར་རོ། །འགྲོན་བུ་དེ་བླངས་ལ་ཀུ་རུ་ཀུལླེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས། ཚེས་བཅུ་གཉིས་སམ། བརྒྱད་ལ་ཁྲུས་བྱས་ནས་མཆོད་ལ་དར་གྱི་ནང་དུ་གཏུམས་ནས་དཔུང་པ་ལ་བཏགས་ན། འདིས་ནོར་གྱི་དབང་ཕྱུག་ཆེན་པོར་འགྱུར་རོ། །འགྲོན་བུ་དེ་སྣོད་དུ་བཅུག་པའི་ནང་དུ་སྦ་བར་བྱས་ན་ཉིན་རེ་ཀཱར་ཤཱ་པ་ཎེ་རེ་རེ་རྙེད་པར་འགྱུར་རོ། །དོན་བསྒྲུབ་པ་དང ། རྒྱལ་སྲིད་བསྒྲུབ་པ་དང ། རྒྱལ་པོ་རྙེད་པ་དང ། འབྲས་བུ་བསྒྲུབ་པའི་རྒྱུད་དོ། །རྟོག་པ་གསུམ་པ་རྫོགས་སོ།། །། ་གང་གིས་རྡུལ་ཚོན་མཐོང་ཙམ་གྱིས། །སངས་རྒྱས་མྱུར་དུ་ཐོབ་པར་བྱེད། །དཀྱིལ་འཁོར་མཐོང་བའི་རིམ་པ་བཞིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་ཉེ་བར་བརྒྱན། །དེ་ཡི་དཀྱིལ་དུ་ལྷ་མོ་བཀོད། །བྷ་གའི་རྣམ་པ་ཁ་དོག་ལེགས། །མདའ་ནི་ཤར་དུ་བྲི་བྱ་བ། །གཞུ་ནི་ལྷོ་ཡི་ཕྱོགས་སུའོ། །མི་འཇིགས་ལག་པ་ནུབ་ཏུ་སྟེ། །བྱང་དུ་དེ་བཞིན་ཨུཏྤ་ལའོ། །མཚམས་ཀྱི་ཆ་ནི་ཐམས་ཅད་དུའོ། །རྡོ་རྗེ་འཁོར་ལོ་སོགས་དེ་བཞིན། །གོས་དམར་པོ་ཡི་སྟོད་གཡོགས་བགོས། །དར་དམར་པོས་གདོང་བཀབ་པ་ཡི། །སློབ་མ་དེར་ནི་གཞུག་པར་བྱའོ། །འདིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་འཁོར་ལོར་མེ་ཏོག་དབུལ་བར་བྱ་སྟེ། པྲ་ཏཱིཙྪ་བཛྲ་ཧོཿ ། ཞེས་བྱའོ། །གཡོགས་པ་ཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ། །དཀྱིལ་དུ་བབ་ན་ནི་མཆོག་གོ་།མདའ་ལ་བབ་ན་ནི་དབང་དུ་བྱས་པའི་ལས་ལ་དབང་བར་འགྱུར་རོ། །མི་འཇིགས་པ་སྦྱིན་པ་ལ་བབ་ན་ནི་དུག་འགུགས་པ་ལ་བསླབ་པར་བྱའོ། །ུཏྤལ་ལ་བབས་ན་ཤེས་རབ་འཕེལ་བ་ལ་བསླབ་པར་བྱའོ། །གཞུ་ལ་བབ་ན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསླབ་པར་བྱའོ། །
88.40a
འཇུག་པའི་དུས་སུ་འདི་སྐད་སྨྲ་བ་བྱའོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་གསང་བ་འདི་དཀྱིལ་འཁོར་དུ་མ་ཞུགས་པ་གང་གི་ཡང་མདུན་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་མ་སྤངས་པ་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་པ་བརྗོད་ནས། དེའི་རྗེས་ལ་དམ་ཚིག་སྦྱིན་པར་བྱ་སྟེ། དཀོན་མཆོག་གསུམ་ནི་ཡོངས་མི་སྤངས། །ཞེས་བྱ་བ་ལ་སོགས་པ་རྒྱས་པ། རྒྱུད་ལས་གྲུབ་པ་ཡིན་ནོ། །མནའ་བསྒག་པ་ཡང་བྱ་སྟེ། ཆོས་གྱིས་རྒྱལ་པོ་དམ་ཚིག་ཆེ། །ང་ལས་བླངས་ནས་འགའ་ཉམས་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག་།གསང་སྔགས་སྤྱོད་མཆོག་སྤྱོད་པ་རྣམས། །ཁྲག་ཆེན་དང་ནི་སྙིང་ཆེན་ཀྱང ། །དེ་ཚེ་ཕྱུངས་ནས་གསོལ་བར་བྱེད། །ཆོས་ཀྱིས་བསྟན་པ་སྐྱོང་བྱེད་པ། །ང་ལ་ཁྱོད་ཀྱིས་བརྙས་མི་བྱ། །རྟག་ཏུ་གོས་དམར་བགོ་བྱ་ཞིང ། །ཕྲེང་བ་དམར་པོ་བཅིང་བར་བྱ། །མཚལ་གྱི་ཕྱེ་མ་དག་གམ་ནི། །དམར་པོའི་དྲིས་ཀྱང་བྱུག་བྱ་ཞིང ། །རིན་ཆེན་དམར་པོ་སོགས་ཀྱིས་བརྒྱན། །ཆགས་པའི་སེམས་གྱིས་བསྒོམ་བྱ་ཞིང ། །སྔགས་ཀྱང་ཆགས་པའི་སེམས་གྱིས་བཟླ། །བཙག་གམ་སིན་དྷུ་ར་དག་གིས། །ཕོ་བྲང་དག་ནི་བྲི་བར་བྱ། །མཚལ་གྱི་ཕྱེ་མ་དག་གམ་ནི། །གུར་ཀུམ་དང་ནི་ཙན་དན་དམར། །བྱི་རུའི
88.40b
ཕྱེ་མ་དག་ཀྱང་རུང ། །ཀར་ཀེ་ཏའི་ཕྱེ་མས་བྲིས། །སྦྱིན་སྲེག་ཡང་ན་འཁོར་ལོའོ། །རབ་ཏུ་གནས་པ་དེ་བཞིན་ཏེ། །ཀུན་ཀྱང་དམར་བའི་རང་བཞིན་སྦྱར། །སངས་རྒྱས་ངུར་སྨྲིག་མཚོན་བྱེད་ཡིན། །སྲོག་ཆགས་གསད་པ་མི་བྱ་ཞིང ། །བདེན་པ་མིན་པ་ཡང་མི་སྨྲ། །མ་བྱིན་པ་ཡང་བླང་མི་བྱ། །གཞན་གྱི་ཆུང་མ་བསྟེན་མི་བྱ། །ལུས་གྱིས་ལས་ནི་རྣམ་གསུམ་དང ། །ངག་གིས་རྣམ་པ་བཞི་དག་དང ། །ཡིད་གྱི་རྣམ་པ་གང་གསུམ་པའི། །མི་དགེ་བ་དག་སྤང་བ་གྱིས། །ཆོས་དང་དེ་བཞིན་ཟང་ཟིང་དང ། །བྱམས་དང་མི་འཇིགས་ཞེས་བྱ་བཞི། །སྦྱིན་པ་ཁྱོད་གྱིས་རྟག་ཏུ་བྱིན། །མེད་ན་བསམ་གཏན་ལས་བགྱིས་སོ། །བསྡུ་བའི་དངོས་པོ་བཞི་དག་ཀྱང ། །ཁྱོད་ཀྱིས་རྟག་ཏུ་བསྟན་པར་བྱ། །ཕ་རོལ་ཕྱིན་པའི་སྐུ་དག་དང ། །སྟོབས་རྣམས་དང་ནི་དབང་དག་དང ། །བུད་མེད་འགྲོ་བ་བརྙས་མི་བྱ། །སྒྲོལ་མའི་མིང་ཅན་ཁྱད་པར་དུ། །གསང་སྔགས་སྤྱོད་པའི་ཁྱིམ་པས་ཀྱང ། །བུད་མེད་དེ་ནི་བླང་མི་བྱ། །གྲོང་ཁྱེར་སྒོ་དང་གྲོང་དག་དང ། །ཡུལ་གང་ན་ནི་སྒྲོལ་མ་ནི། །སྒོ་སྟེངས་བཞི་མདོ་བརྩིག་ངོས་དང ། །སུམ་མདོ་དག་ཏུ་ཁྱད་པར་དུ། །གནས་པའི་གནས་དེར་རྟག་ཕྱག་བྱ། །བསྟོད་ཅིང་མཆོད་པ་ཆེན་པོ་བྱ། །གནས་དེར་གནས་པ་བྱས་ནས་ནི། །སྔགས་ལ་སོགས་པ་བསྒྲུབ་པར་བྱ། །སྒྲོལ་མའི་མིང་ཅན་བུ་མེད་གང ། །ཁ་དོག་དམར་སེར་མིག་ལེགས་མ། །དེ་མཐོང་རྣལ་འབྱོར་གུས་པ་ཡིས། །ཡིད་ཀྱིས་ཕྱག་ནི་བྱ་བ་ཡིན། །བན་དུ་ཟེའུ་འབྲུའི་མེ་ཏོག་དང ། །
88.41a
དེ་བཞིན་ཀ་ར་བཱི་ར་འཛིན། །གཞན་ཡང་མེ་ཏོག་དམར་པོ་ལ། །སྒྲུབ་པ་པོས་ནི་འགོམ་མི་བྱ། །དེ་ལྟར་སྡོམ་པ་བྱིན་པས་ནི། །གཙང་ཞིང་དག་པའི་ལྷ་རྫས་ཆུ། །བུམ་པ་དེ་བཞིན་གནས་པའི་ཆུས། །སློབ་མ་སྔགས་ཆུས་དག་པར་བྱ། །སློབ་དཔོན་གྱིས་ནི་རིམ་པ་བཞིན། །མདའ་གཞུ་སོགས་གྱིས་ཕྱག་རྒྱས་བཀྲུས། །དང་པོར་མདའ་ཅན་བུམ་པས་ཏེ། །གཉིས་པ་གཞུ་དང་ལྡན་པས་སོ། །གསུམ་པ་མི་འཇིགས་པ་ལས་སྟེ། །ུད་པལ་གྱིས་ནི་བཞི་པ་རོ། །ཇི་ལྟར་སངས་རྒྱས་ཤཱཀྱ་ཡིས། །སེང་གེའི་སྲས་བཅས་རྡོ་རྗེ་འཛིན། །རྒྱལ་སྲིད་ཆེན་པོར་དབང་བསྐུར་ལྟར། །དེ་བཞིན་བདག་གིས་ཁྱོད་དབང་བསྐུར། །ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་ཉིད། །དེ་ཉིད་དཀྱིལ་འཁོར་འདི་རུ་རྙེད། །རྡུལ་ཚོན་འདི་གཟིགས་སངས་རྒྱས་རྣམས། །རབ་ཏུ་དགྱེས་པར་གྱུར་པ་ཡིན། །འདི་ནི་འཆི་མེད་ནད་མེད་ཀྱང ། །མྱ་ངན་མེད་ཅིངས་འཕོངས་པ་མེད། །ཐེགས་པ་ཆེན་པོ་གཙང་མ་འདིས། །ཁྱོད་གྱིས་རྫོགས་པའི་བྱང་ཆུབ་འཐོབ། །མདའ་སོགས་གཞུའི་དབང་བསྐུར་བས། །དམ་ཆོས་སྣོད་དུ་བྱས་ནས་ནི། །སློབ་མ་ལ་ནི་གསང་བ་དག་།ཆོ་ག་བཞིན་དུ་སྦྱིན་པར་བྱ། །དེ་ལ་རེ་ཤིག་དང་པོ་ཀླུ་ལ་བརྡེགས་པ་ལ། བསླབ་པར་བྱའོ། །ན་མོ་རཏ་ན་ཏྲ་ཡཱ་ཡ། ན་མོ་བུད་དྷ་བོ་དྷི། ས་ཏྭ་བྷྱཿ ན་མོ་ཨསྠ། མ་ཧཱ་ཨ་ནྱ་རྱ
88.41b
པྲ་ཀ་ལཱ་ཡཾ། ན་མསྶཔྟེ་བྷྱོ་བུདྷ་ཀོ་དི་བྷྱཿ ། ཏདྱཐཱཿ ། ་ཨོཾཿ ་ཧྲཱིཿ ཧྲཱིཿ ཧྲཱིཿ སརྦ་ནཱ་གཱ་ནཱཾ། ཨ་ནན་ཏ་ཀུ་ལཱ་ནཱཾཿ ། བཱ་སུ་ཀི་ཀུ་ལཱ་ནཱཾ། ཤཾ་ཀ་པཱ་ལ་ཀུ་ལཱ་ནཱཾཿ ་ཀརྐོ་ཏ་ཀུ་ལཱ་ནཱཾཿ ། པད་མ་ཀུ་ལཱ་ནཱཾ། ཀུ་ལི་ཀ་ཀོ་ལཱ་ནཱཾཿ ། པུནྡ་རཱི་ཀ་ཀུ་ལཱ་ནཾ། ག་ནཱ་ཀ་ཀུ་ལཱ་ནཾ`། མེ་ཀ་ཀུ་ལཱ་ནཾ`། ཛཱ་ལ་དཱ་ཀུ་ལཱ་ནཾ`། བཛྲཱ་མུ་ཏ་ཀུ་ལཱ་ནཱཾ། སཾ་བར་ཏ་ཀུ་ལཱ་ནཱཾ། ཨེ་ས་བར་ཏ་ཀུ་ལཱ་ནཱཾ། ཀུ་མུ་དྷ་ཀུ་ལཱ་ནཱཾ། ཀ་ཧ་ར་ཀུ་ལཱ་ནཱཾ། སཽ་གན་དྷི་ཀུ་ལཱ་ནཱཾ། ཧ་ན་ཧ་ན་ཤ་རེ་ནཿ ། བན་དྷ་བན་དྷ་ཙ་བི་ན་ཏཱ་ཊ་ཡ་ཏཱ་ཊ་ཡ་ཨུཔྟ་ལེ་ནཱཾ། བི་ཏཾ་ན་ཨ་བྷ་ཡཱ་ན། དེ་ཧི་དེ་ཧིཿ ། པྲ་ལ་ཡ། ཀ་ལེ་བཛྲ་ལ་ད། ར་མ་བྷ་ཏ་ར་ཡ་ན། བ་ར་ཥ་ན་ཏ་ནཱ་གཱ་ན་བ་ཤི་ཀུ་སུཿ ་ཀུ་རུ་ཀུ་རུ་ཕུཿ ། ཀུ་རུ་བ་ཡ་ཀུ་རུ་བ་ཡ:། ཕུཿ ཕུཿ ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ། ཧཱུཾ་སཝཱ་ཧཱ་ཕཊ། སྔགས་འདིས་དགོན་པའི་ལྕི་བ་ལས་དཀྱིལ་འཁོར་བྱས་ལ། ཆོ་ག་བཞིན་དུ་ཙན་དན་གྱིས་བྱུག་པ་པད་མ་འདབ་མ་བརྒྱད་པ་བྲིས་ལ། ཤར་ལ་སོགས་པ་འདབ་མ་ལ། །དགའ་བོ་ལ་སོགས་པའི་ཀླུ་བརྒྱད་གཞག་ནས། ཤ་ག་ར་དང་གུ་གུལ་གྱིས། རྒྱུ་སྐར་སྣར་མ་ལ། བབ་པའི་ཚེ། བརྒྱ་རྩ་བརྒྱད་བཟླས་ནས། ཀླུ་རྣམས་ལ་བདུག་པ་བྱིན་ནས། དེ་ནས་མཆོད་པའོ། །གལ་ཏེ་ཆར་འབབ་པར་མི་འགྱུར་ན། ཆང་གིས་ཁྲུས་བྱས་ལ། སེང་ལྡེང་གི་མེས་གདུང་བར་བྱའོ། །དེ་ལྟར་བྱས་ན་ཆར་འབབ་པར་འགྱུར་རོ། །གལ་ཏེ་ཆར་འབེབས་པར་མི་བྱེད་ན། མཛེས
88.42a
ཐེབས་པར་འགྱུར་རོ། །རིག་པ་འཛིན་པ་འདི་དག་བྱ་བའི་ཟས་དང་ལྡན་པར་བྱ་བ་ཡིན་ནོ། །ཕྱི་ནས་ཉེ་བར་བསྡུས་ལ་ཆུ་བོ་ཆེན་པོར་དོར་བར་བྱའོ། །ལྷ་ཡང་དུས་སུ་ཆར་འབེབས་ཤིང ། །ལོ་ཐོག་ཕུན་སུམ་ཚོགས་པར་ཤོག་།འཇིག་རྟེན་མཐའ་དག་སྐྱིད་པ་དང ། །རྒྱལ་པོ་ཆོས་དང་ལྡན་གྱུར་ཅིག་།ཅེས་ཡོངས་སུ་བསྔོ་བ་ཡང་བྱའོ། །ཆར་ཤིན་ཏུ་ཆེས་པ་གཅད་འདོད་ན། སྦྲུལ་འདུས་པའི་མི་ལས་སྦྲུལ་གཅིག་བླངས་ལ། ཙན་ལྡན་གྱིས་བྱུགས་ནས་འོ་མ་བླུད་པར་བྱ་ཞིང ། སྔགས་ལན་བདུན་སྔགས་པར་བྱས་པའི། བུམ་པ་དམར་པོས་མཆོད་པའི་ནང་དུ་བཅུག་ལ། ཕྱག་རྒྱ་ཆེན་པོས་བརྒྱས་བཏབ་ནས། བུམ་པ་གཅག་པར་གྱུར་ན། དེ་མ་ཐག་ཏུ་ཆར་པ་གཅོད་པར་བྱེད་དོ། །ཕྱི་ནས་ཚོགས་ཀྱི་སྟོན་མོ་བྱ། །ཡང་ན་ཉན་ཐོས་དགེ་འདུན་མཆོད། །ཁྱེའུ་བུ་མོར་ཟས་སྐོམ་སྦྱིན། །དེ་ལྟར་བྱས་ན་ཀླུ་རྣམས་དགའ། །ཆར་ནི་འབབས་པར་འགྱུར་བའི་ཚེ། །གལ་ཏེ་འདི་ལྟར་མི་བྱེད་ན། །ཀླུ་རྣམས་དགའ་བར་མ་བྱས་པས། །མཛེ་ཡིས་ཐེབས་པར་གྱུར་པ་ཡིན། །རྒྱལ་པོ་བུ་དང་བཙུན་མོའི་འཁོར་དང་བཅས་པ་ཁྲུས་བྱས་ལ་ཕྱིར་བཟློག་པའི་ཚེས་ལྔ་ལ་ཕྱིར་བཟློག་པའི་རྩ་བ་བཙལ་ནས། འོ་མ་འམ། ཡང་ན། མར་དང་སྦྱར་ཏེ། དངུལ་གྱིས
88.42b
སྣོད་དུ་བླུགས་ལ་བཏུང་ཞིང་དགེ་སློང་ལ་གསོལ་བར་བྱས་ན། ལོ་གཅིག་གི་བར་དུ་སྦྲུལ་གྱིས་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་ལ་མི་དགེ་བའི་ལས་ཀྱིས་གལ་ན། སྦྲུལ་དེ་ཉིད་འཆི་བར་འགྱུར་ཏེ། ལན་བདུན་མངོན་པར་བསྔགས་པས་འགྲུབ་པར་འགྱུར་རོ། །ཡང་མཛེ་ནད་སོས་པར་འདོད་ན། སྔགས་འདི་ཉིད་ཀྱིས་དུག་མེད་པར་བྱས་ནས། ཟོས་ན་མཛེ་ནད་སོས་པར་འགྱུར་རོ། །རྩ་བའི་སྔགས་ཀྱིས་ཆུ་ལ་བསྔགས་ལ་སྦྲུལ་གྱིས་བཟུང་བའི་རྨ་ལ་བཀྲུས་ན་དུག་མེད་པར་འགྱུར་རོ། །ཡང་ཀླུ་མཐོང་བར་འདོད་ན། ཨུཏྤལ་དམར་པོའི་འདབ་མ་ལ། ཡི་གེའི་གྲངས་ཀྱིས་འབུམ་བཟླས་ནས། ཀླུ་གནས་ཤིང་བྱིན་གྱིས་བརླབས་པ་དཀོན་མཆོག་ལ་གསོལ་བ་གཏབས་ན། དེའི་རྗེས་ལ་ཀླུའི་ཆུང་མ་ལྡང་བར་འགྱུར་རོ། །བསྒྲུབ་པ་པོ་ལས་ཀྱིས་བཅོམ་ལྡན་འདས་ཅི་ཞིག་གྱིས་ཞེས་བཀའ་བསྩལ་ལུང་ནོད་པར་བྱེད་དོ། །བསྔགས་པས་ཀྱང་འདོད་པ་དེ་བླངས་བར་བྱའོ། །རྟོག་པ་བཞི་པའོ།། །། དེ་ནས་གཞོན་ནུ་སྒྲ་ཅན་འཛིན་བཟང་པོ་གང་གི་ཚེ་བསོད་སྙོམས་ལ་རྒྱལ་པོའི་ཁབ་ཏུ་ཞུགས་ནས་ཡང་འོ་མའི་ཚལ་དུ་ཞུགས་ཏེ། ལྷུང་བཟེད་བཀྲུ་བའི
88.43a
ཕྱིར་རྫིང་བུ་རིང་པོར་ཞུགས་པ་ན། གྲངས་འཛིན་མའི་བུས་དགེ་སློང་དཀར་པོ་དང་འཁྲུལ་ནས་རྫིང་བུར་གྲངས་པ་དང ། དེའི་ཚེ་གཞོན་ནུ་སྒྲ་གཅན་འཛིན་བཟང་པོས་རིག་པ་འདི་བཟླས་སོ། །བཟླས་པ་ཙམ་གྱིས་ཇི་ལྟར་འགའ་ཞིག་རང་གི་ཁྱིམ་ནས་བྱུང་བ་བཞིན་དུ། སྒྲ་གཅན་འཛིན་བཟང་པོ་ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ ། །ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡབ་ལགས་ཁྱེད་ཀྱིས་བདག་ལ་གསང་སྔགས་གང་སྩལ་བའི་མཐུ་དེ་དག་གིས་མཐོང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་མཐོང ། ཀླུ་རྣམས་ཀྱི་དྲུང་དུའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་སྲོག་ཆགས་གཞན་དག་བསྲུང་བའི་སླད་དུ་སྔགས་འདི་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དེའི་དུས་སུ་སྔགས་འདི་དང ། རྟོག་པ་འདི་ལག་ན་རྡོ་རྗེ་ལ་བསྐུལ་ནས་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་ལ་བཀའ་དྲིན་གསལ་བར་བྱས་སོ། །རིགས་ཀྱི་བུ་དེའི་ཕྱིར་གསང་སྔགས་འདི་དང ། རྟོག་པ་འདི་ཙན་དན་གྱི་དཀྱིལ་འཁོར་བྱས་ནས། ཀློག་པར་བྱེད་པ་དེའི་ལུས་ལ་དུག་གི་གནོད་པ་མི་འབྱུང ། དུག་གིས་འཆི་བར་མི་འགྱུར། ཤུ་བའི་འཇིགས་པ་མི་འབྱུང ། གཡན་པའི་འཇིགས་པ་མི་འབྱུང ། མཛེ་ནད་ཀྱི་འཇིགས་པ་མི་འབྱུང ། ནད་ཀྱི་འཇིགས་པ་མི་འབྱུང ། ཀླུའི་འཇིགས་པ་མི་འབྱུང ། སྦྲུལ་གྱི་འཇིགས་པ་མི་འབྱུང ། སྟག་དང་གཅན་ཟན་གྱི་འཇིགས་པ་མི་འབྱུང ། མཚོན་གྱི་འཇིགས་པ་མི་འབྱུང ། དགྲའི་འཇིགས་པ་མི་འབྱུང ། དབུལ་བའི་འཇིགས་པ་མི་འབྱུང ། དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་སྲུང་བའི་ཕྱིར། ནག་པོ་ཆེན་པོ་ཉིད་ཀྱི་བསོད་སྙོམས་ཀྱིས་གསོས
88.43b
པའི་སྲིན་མོའི་འཕྲོག་མ་ལ་བྱིན་ནོ། །དེ་ཡང་སྔོན་གྱི་ལས་མི་དགེ་བ་ལ་སྐལ་བ་ངན་པར་གྱུར་པས། ནག་པོ་ཆེན་པོ་དང་རྗེས་སུ་མཐུན་པ་མ་ཡིན་པས་གནས་པར་མི་བྱེད། བརྩེ་བར་མི་བྱེད། བསྟན་པ་བསྲུང་བར་ཡང་མི་བྱེད་དོ། །དེ་ནས་སྲིན་མོ་དེ་ཡི་མུག་པར་གྱུར་པ་དང ། དེ་ལ་ནག་པོ་ཆེན་པོ་དབང་དུ་བྱ་བར་འདོད་པས། ཀུ་རུ་ཀུལླེའི་རྟོག་པ་འདི་གསུངས་སོ། །དེ་ནས་བཟུང་ནས་སྐལ་བ་ཆེ་ཞིང་བཟང་བ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་སེམས་ཅན་དབང་དུ་བྱ་བར་འདོད་པས་གསང་སྔགས་འདི་ཉིད་དང ། རྟོག་པ་འདི་ཉིད་ལ་གོམས་པར་བྱའོ། །གཞན་ཡང་ཤིན་ཏུ་དགའ་བའི་བུ་གཟུགས་བཟང་ཞིང་མཛེས་པ་སྟོབས་ཆེ་ཞིང་མཚན་དང་ལྡན་པ་ཞིག་སྐྱེས་སོ། །འོན་ཀྱང་བློ་རྟུལ་བར་གྱུར་ཏོ། །དེ་ནས་ཤིན་ཏུ་དགའ་བས་བཅོམ་ལྡན་འདས་ལ་ཞུ་བ་ཞུས་པ། བཅོམ་ལྡན་འདས་བདག་གི་བུ་གཟུགས་བཟང་ཞིང་མཛེས་པ་སྟོབས་ཆེ་ཞིང་མཚན་དང་ལྡན་པ་ཞིག་སྐྱེས་པར་གྱུར་ན། འོན་ཀྱང་བློ་རྟུལ་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་ཇི་ལྟར་ན་དེའི་ཤེས་རབ་འཕེལ་བར་འགྱུར། གལ་ཏེ་བདག་གི་བུ་དེའི་ཡི་གེ་དང་བཅས་པར་གྱུར་ན། དེ་ལྟ་ན་ཁྱོད་ཀྱིས་བསྟན་པ་རྗེས་སུ་བསྲུང་བར་བགྱིའོ། །དེ་ལྟར་གསན་ནས་བཅོམ་ལྡན་འདས་ཀྱིས་དྲན་པ་སྔོན་དུ་ཞུགས་ནས་རྟོག་པ་འདི་དང་གསང་སྔགས་འདི་བཀའ་སྩལ་ཏོ། །དེ་བཀའ་སྩལ་གྱིས་ཤིན་ཏུ་དགའ་བའི་བུ་གཞོན་ནུ་སྣར་མ་ཞེས་བྱ་བ་འདི་ཤེས་རབ་དང་ལྡན་པར་འགྱུར་རོ། །ལོ་བཅུ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་དང ། བཟོའི་གནས་ཀྱི་ཐབས་ཐམས་ཅད་ལ་མངོན་པར་ཤེས་པ་དང་ལྡན་པར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ཤེས་རབ་ཆེན་པོ་འཕེལ་བར་བྱ་བའི་ཕྱིར་གསང་སྔགས་དང ། རྟོག་པ་འདི་ལ་བསླབ་པར་བྱ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་བཀའ་སྩལ་པ། རོ་ཡི་སྐྱོན་དང་བྲལ་བ་ཡི། །དངུལ་ཆུ་ལེགས་པར་བླངས་ནས་སུ། །རྡོ་རྗེ་གཏན་གཤོང་དུ་བྱས་ནས། །འཇིག
88.44a
རྟེན་མགོན་དང་རྟག་པར་བྱ། །སླར་ཡང་ཆོས་སྐུ་དང་བཏགས་ལ། །འཛ་བ་ཏི་ཀི་ཏི་ཀ་དང ། །བྱི་ནའི་ལོ་མའི་ཁུ་བ་དང ། །ཉི་མ་གསུམ་དུ་མཉེ་བར་བྱ། །བན་ད་ཀ་ཀོ་ལ་ཡི་ལོ་མ་དང ། །ཧཀ་བཛྲ་འོ་མ་དང ། །རྣ་མ་ཕུག་པའི་ཁུ་བ་དང ། །ནུ་མའི་འོ་མ་དང་མཉེ་བ། །དངུལ་ཆུ་དང་ནི་རྩབས་མོ་ཡིས། །ལན་བདུན་བར་དུ་བཀྲུ་ཞིང་མཉེ། །ལྕགས་ཀྱི་སྣོད་དུ་ལེགས་བཅུག་ནས། །པྲི་ཏ་ར་ཀའི་ཟན་བཅུག་བཙོ། །ཀ་ན་ཀ་ཡི་མེ་ཏོག་གོང་བུ་དག་།འོག་དང་སྟེང་དུ་ངེས་པར་བསྐོར། །རྩ་བའི་གསང་སྔགས་འབུམ་བཟླས་ན། །དངུལ་ཆུ་དེ་ནི་གཡས་ནས་འཁོར། །མུ་ཟི་ཉི་མས་བསྒོས་པ་ལ། །གསང་སྔགས་དེས་ནི་བཟླས་བྱས་ནས། །ལྕགས་སྣོད་མེ་ལ་བཞག་པ་ལ། །ཕྱེ་མའི་སྦྱོར་བ་ཅུང་ཞིག་བླུགས། །མུ་ཟི་ཅུང་ཟད་ཞི་གྱུར་ནས། །ནམ་མཁའི་མདབ་མ་བཅུག་ནས་བཞུ། །ཕྱི་ནས་ཕྱི་ནི་ས་ལེ་སྦྲམ། །དེ་ལ་མ་ཀི་ཀི་ཡང་གཞག་།དངུལ་དང་ཟངས་ཀྱང་དེ་ནས་གཞུག་།དེ་བཞིན་ལྕགས་ཀྱང་ལྔ་འགྱུར་རོ། །གཞན་ཀུན་དྲུག་འགྱུར་བཞུ་བྱས་ནས། །ཉི་མའི་འོད་དང་མཉམ་པར་འགྱུར། །དེ་ཡི་རི་ཐིག་གཞན་ཕུང་ཆེན། །མཁས་པས་སྒྱུར་བར་བྱེད་པ་ཡིན། །མན་ཅས་བྲ་ཞིང་བསྒྱུར་ནུས་ན། །དངུལ་ཆུ་གྲུབ་པར་ཤེས་པར་བྱ། །མ་ཧེ་ར་དང་བཅས་པ་ཡི། །སྤྱི་ཡི་འོ་མས་རྡོ་རྗེ་བསད། །བྱི་བ་མཆུ་རིངས་ཁྲ་དང་ནི། །གྲུབ་པའི་དངུལ་ཆུ་ནང་དུ་གཞུག་།འདི་དང་དངུལ་ཆུ་འདྲེས་གྱུར་ན། །མར་ཀ་ཏ་ལ་སོགས་པའང་འཇུ། །ཀུ་རུ་ཀུལླེའི་རྣལ་འབྱོར་པས། །མིག་གི་ཕྱིར་ནི་མུ་ཏིག་བཞུག་།རྟག་ཏུ་གཟིགས་མ་རྩཝ་ཟོས་མ། །བུད་མེད་བརྒྱ་ལ་འདོད་པ་སྤྱོད། །མཚན་བདུན་ཙམ་ཞིག་སྦྱོར་བས་ནི། །བརྟུལ་ཞུགས་ཅན་ནི་མཁའ་སྤྱོད་འགྱུར། །དངུལ་ཆུ་མཁའ་སྤྱོད་སྒྲུབ་པའི་རྒྱུད། །ཞ་ཉེའི་རི་ལུ་བྱས་ནས་ནི། །འབང་ཧུའི་ས་བོན་སྣོད་དུ་ནི། །ཁྲག་འཛག་ཀཉྩུའི་སྣོད་བཅུག་ནས། །ས་སྣོད་དམར་པོར་བཅུག་ནས་སུང ། །དངུལ་ཆུ་དང་བཅས་ཞ་ཉེ་དེ། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །དེ་དང་དངུལ་ཆུ
88.44b
སྲང་རེ་བསྲེས། །ཕྱི་ནས་སྲང་གཅིག་དྲུག་ཅུར་བསྲེ། །རང་དང་མཉམ་པར་བསྒྲུབ་བྱས་ནས། །དངུལ་གྱི་རི་ལུ་བྱེད་པ་ཡིན། །སྒྲོལ་མས་དངུལ་ཆུ་གྲུབ་གྱུར་ནས། །སེམས་ཅན་དོན་བྱེད་ནུས་པར་འགྱུར། །སེམས་ཅན་དོན་ལས་བསོད་ནམས་ཚོགས། །ཚོགས་ལས་བྱང་ཆུབ་མཆོག་ཏུ་འགྱུར། །དངུལ་ཆུ་བསྒྲུབ་པའི་བརྒྱུད་དོ། །བསྟན་པའི་ཀྲུན་ཏོའི་མེ་ཏོག་སྔོ། །ཙི་ཏྲ་ཀ་སྔོན་ཞེས་བྱ་དང ། །རྣལ་འབྱོར་པ་ཡིས་ཟླ་གཅིག་ཏུ། །འོ་མ་དར་འཐུངས་ལོ་སྟོང་འཚོ། །སྔགས་ཀྱི་བཀའ་ལས་ནག་པོ་བླང ། །འོད་མའི་སྣོད་དུ་བཅུག་ནས་ནི། །ཚེས་བརྒྱད་ལ་བསྒྲུབ་རྣལ་འབྱོར་པས། །ཉི་ཟླ་སྐར་མ་གནས་ཡང་འཚོ། །ཡུང་བ་བུང་དང་འདྲ་སྙེད་ནས། །འོ་མ་དང་མཉེས་འཐུངས་ནས་ནི། །ཚངས་པ་མདུན་ན་འདོན་མཉམ་པའི། །ཚེ་དང་ལྡན་འགྱུར་ཐེ་ཚོམ་མེད། །དེ་བཞིན་ཤིང་ཆེན་འབྲས་བུ་ཡི། །ཆུ་ཤིང་འབྲས་བུ་འདྲ་རྙེད་ནས། །གང་དང་གང་ན་གནས་པ་དེར། །གལ་ཏེ་གསོ་སྦྱོང་ལ་གནས་པ། །འོ་མ་དང་མཉེས་འཐུངས་ནས་ནི། །སྐྲ་དཀར་གཉེར་མ་རེངས་པར་འགྱུར། །བཅུད་ཀྱིས་ལེན་བསྒྲུབ་པའི་རྒྱུད་དོ། །བུ་འདོད་པས་ནི་བུ་ག་ཡིན། །བ་བྷ་ག་ཡི་ཤིང་མེ་ཏོག་།བརྟུལ་ཞུགས་གནས་པའི་འོ་མ་དང ། །ཆུང་མ་གསོ་སྦྱོང་ལྡན་བྱས་ཏེ། །འཐུངས་ན་སྐལ་བཟང་བུ་ལྡན་འགྱུར། །སྔགས་འདི་ཤུ་དག་གི་ནི་འབྲས་བུ་དག་།བཏགས་ནས་འོ་མ་དང་ནི་བསྲེ་བྱས་ནས། །བཙུན་མོ་དང་ཡང་གསོ་སྦྱོང་ལྡན་བྱས་ཏེ། །འཐུངས་ན་རྒྱལ་བའི་མཚན་ལྡན་བུ་ཐོབ་འགྱུར། །ལག་སྨན་རྩ་བ་གང་གི་འོ་མ་དང ། །ཁྲུས་བྱས་འཐུངས་པར་གྱུར་ན་བུ་བཙས་འགྱུར། །དོན་གྲུབ་པ་ཡི་སྐུ་འདྲ་ཡོངས་རྫོགས་གཟུགས། །མཚོན་གྱི་མཚོན་རྣམས་ཀྱིས་ནི་འཇིགས་མེད་ནི། །ཛཱ་ལ་ཤེ་ལ་རྩ་བ་ནས་བཏོན་ནམ། །རྩ་བ་བླངས་ནས་ལན་བདུན་མངོན་བསྔགས་ཏེ། །མགོ་བོ་ལ་ནི་བཅིངས་པར་བྱས་ན་ནི། །ལོ་གཅིག་རིམས་ནི་མེད་པར་བྱེད་པ་ཡིན། །རྣལ་འབྱོར
88.45a
པས་ནི་གསེར་ཤིང་རྩ་བ་དག་།བླངས་ནས་གང་གི་མགོ་ལ་བཅིངས་བྱས་ན། །དེ་ཡི་ཉིན་བཞི་པ་ཡི་གནོད་པ་དག་།རིམས་ཀྱིས་ཟིན་པ་རིམས་ནི་མེད་པར་འགྱུར། །སོ་ཕག་དུ་བ་ཆང་དང་རྩབ་མོ་དང ། །ར་གཉིས་པའི་རྒྱལ་བའི་ཁུ་བ་བཅས། །ཟངས་མའི་སྣོད་དུ་བུད་མེད་འོ་མ་དང་མཉེས་ནས། །མིག་ལ་བསྐུས་ན་མིག་གི་ནད་རྣམས་སེལ། །ཤིང་ཐོག་ཨུ་ཙ་ཏ་ཡི་རྩ་བ་བླངས་ནས་ནི། །སྔགས་འདི་བརྒྱ་ཕྱེད་བར་དུ་བཟླས་ནས་སུ། །ཅི་ལྟར་འདོད་པའི་འོ་མ་དང་འཐུངས་ན། །དམ་པའི་མི་དབང་དེའི་མཚན་ལ་རུང་ནས། །ན་ག་ས་ལ་ཞེས་བྱར་རབ་གྲགས་པ། །དེ་ཡི་འོ་མ་དག་དང་ལྡན་བྱས་དེས། །མཚན་མ་སྟོབས་བསྐྱེད་བུ་འཕེལ་བུ་ཚ་བསྐྱེད། །སྔགས་འདི་བརྒྱ་ཕྱེད་བར་དུ་བཟླས་ནུ་ལ། །འགི་ཝང་དང་ནི་སོ་མ་སྐྱེས་པའི་ལྕེ། །མི་དབང་རྩ་བ་རྒྱུ་སྐར་བཟང་པོ་ལ། །དེ་ཡི་དཔྲལ་བར་ཐིག་ལེ་བྱས་ནས་ནི། །ཐིག་ལེ་དེ་མཐོང་འཇིག་རྟེན་གསུམ་དབང་བྱེད། །ཤི་བའི་རོ་ཡི་མིག་དང་སྙིང་དང་ལྕེ། །དཔྲལ་བ་དང་ནི་དེ་བཞིན་སྣ་དག་ནི། །བླངས་ནས་སྐར་མ་རྒྱལ་གྱི་དུས་ལ་ནི། །ཏིལ་མར་ལ་བཙོས་སྐྱེ་བོ་དབང་དུ་བྱེད། །སྦྲུལ་གྱི་དབང་པོའི་མགོ་བོའི་མིག་སྨན་དང ། །མིང་ངན་གཅོད་དང་མེ་ཏོག་ཞེས་བྱའི་ཁྲག་།མིག་སྨན་དེ་ཡི་མིག་ལ་བསྐུས་བྱས་ན། །རྒྱལ་པོའི་བཙུན་མོ་དབང་དུ་བྱེད་པར་འགྱུར། །སྔགས་འདི་བརྒྱ་ཕྱེད་རྐང་པ་སར་བཞག་ནས། །ས་ཡི་ནང་ན་ཡོད་པའི་ནོར་བཙལ་ན། །རྐང་པ་གང་དུ་བཞག་པ་གཡོ་འགྱུར་བ། །དེ་ན་གཏེར་དག་ཡོད་པ་ཤེས་པར་བྱ། །རྐང་པའི་བོལ་འགུལ་ན་ནི་ཉེ་བར་འགྱུར། །རྐང་མཐིལ་འགུལ་ན་རིང་ན་གནས་པ་ཡིན། །གང་ན་གཏེར་ཡོད་ཟེར་བར་མངོན་བྱས་ནས། །རིག་པ་འཛིན་པས་ཉིན་བཞིན་འོག་ཏུ་བལྟ། །གང་ཡང་བྱི་བ་མཆུ་རིངས་ཕྱི་མ་ན། །གུ་གུལ་དང་ནི་བཅས་པ་བྱུགས་ཙམ་གྱིས། །གླང་ཆེན་མྱོས་པས་གསལ་ཞིང་བདེ་བར་འབྱུང ། །ཤིན་ཏུ་གནག་པའི་ཁྱི་མོ་ཡི། །འོ་མ་བསྒྲུབས་ནས་མར་སར་གྱིས། །བསྐུས
88.45b
ནས་རྔ་ལྤགས་ལྷམ་གོན་ན། །ཆུ་ཡི་སྟེང་ན་འགྲོ་བར་འགྱུར། །ས་བཀོང་ཚ་ཉའི་ཚེར་མ་དག་།བསྡུས་ནས་ཚང་ཚིང་ཁྱིམ་སྦས་ན། །ཆང་རྣམས་རླག་སྟེ་ཕྱུང་ནས་ནི། །བཟང་པོ་ཉིད་དུ་འགྱུར་བ་ཡིན། །རྫ་མཁན་རྫ་མ་བསྲེགས་པའི་མེ། །ཐོགས་གིས་བཅགས་པའི་ཤིང་བཙུགས་ན། །དེ་མེ་འབར་བར་མི་འགྱུར་ཏེ། །ཆང་བླུགས་སླར་ཡང་འབར་བར་འགྱུར། །ཟོང་ལ་གོང་བསྟན་སྔགས་བཟླས་ནས། །སྔོན་སྔགས་ཚོང་པ་རྣམས་བསྟན་ན། །རྣལ་འབྱོར་པ་ཡིས་ཚོང་འགྲུབ་སྟེ། །ཚོང་པ་རྣམས་ལས་ཁེ་ཆེར་རྙེད། །ཆང་གི་ས་བོན་བྱེད་པ་ལ། །སྤྲེའུའི་མི་གཙང་བཅུག་གྱུར་ན། །ཆང་སྣོད་བཅས་པ་རླག་པར་འགྱུར། །བ་ཀུ་ལས་བཀྲུས་སྤྱད་དུ་རུང ། །བ་ཀུ་ལ་ཡི་ཆུས་བཀྲུས་ན། །བྱིས་པ་མ་མས་བླངས་ནས་ནི། །འབྱུང་པོ་སྐྲ་ཡིས་བདུག་བྱས་ན། །ངུར་སྨྲིག་བཀོན་པས་སོས་པར་འགྱུར། །བྱིས་པ་ནུ་ཞོ་འཐུངས་སྐྱུགས་ན། །རྨ་བྱའི་སྒྲོ་བསྲེགས་ཐལ་བ་ཡིས། །མགུལ་པ་བཅིངས་པ་བྱས་ན་ནི། །སྦྱོར་བ་མཆོག་གིས་སླར་སོས་འགྱུར། །ཡ་ད་ཀ་བ་ཀ་ནི་ཆོ་ག་དང ། །ལྡན་པའི་ཞ་ཉེ་བྱང་དུ་སྐོ་བྱས་ནས། །ཁ་ཡི་ནང་དུ་བཅུག་ནས་འདུག་ན་ནི། །འཆིང་དང་མཚོན་ཆ་མི་བྱམས་པ་ལས་ཐར། །ཀྵ་མ་ར་ཡ་ཡི་གེ་རྣམས་དང་ལྡན། །ཡི་གེ་ཀུན་ཀྱང་ཨེ་ཡིས་བརྒྱན་པ་ལ། །ཡང་དག་ཀ་བ་ཀ་ཡི་མཐའ་མར་ནི། །སྒོ་ང་བཞི་དང་ཚད་གསུམ་གཉིས་གཉིས་སྦྱིན། །དན་ཏིལ་ཨུཏྤལ་ས་ར་བུ་ཀ་དང ། །ནི་ཚུ་ལ་དང་གི་རི་ཀར་ཎི་ཆུས། །ལན་བདུན་བར་དུ་བཀྲུས་པའི་ཞ་ཉེ་ཡིས། །བྱང་བུ་ལ་ནི་བློ་དང་ལྡན་པས་བྲི། །ཤིང་སྒྲོག་ལྕགས་སྒྲོག་ཁྲི་མོན་གཡུལ་ངོ་རུ། །མཚོན་ཆའི་ཆར་འབབ་པ་དང་གཞན་དག་ནི། །ཞེ་སྡང་བ་དག་ངེས་པར་འཇོམས་བྱེད་པར། །རྒྱུད་ཆེན་འདིས་ནི་འགྲུབ་པར་འགྱུར་བ་ཡིན། །གང་གིས་སྔགས་ཀྱི་རྒྱལ་པོ་བྲིས་ནས་ནི། །རིག་པ་བྱས་ནས་དཔུང་པ་ལ་བཏགས་ན། །དེའི་དབང་ཕྱུག་ནོར་སྦྱིན་དང་མཉམ་འགྱུར། །གཞན་གྱིས་མི་འཕྲོགས་ནོར་གྱི་གཏེར་ཐོབ
88.46a
འགྱུར། །ོཾ་ཀུ་རུ་ཀུལླེ་སཝཱ་ཧཱ། ལྷུང་བཟེད་ལ་ནི་བཏགས་ནས་སུ། །ཡུལ་གྱི་མུ་གེ་བྱུང་བའི་ཚེ། །སློངས་མོ་པས་ནི་བསོད་སྙོམས་ཐོབ། །ུཏྤལ་སྡོང་བུའི་ཕྱི་ཤུན་ཁུ་བ་ནི། །འོ་མ་དང་བཀྲུས་བུད་མེད་ཀྱིས་འཐུངས་ན། །རང་གི་ལས་ཀྱིས་མངལ་རླུགས་པ་དག་ཀྱང ། །དེས་ནི་ངེས་པར་གནས་པ་བྱེད་པ་ཡིན། །མ་ག་ཏ་ཡི་འབྲས་བུ་ལྔ་ཙམ་ཞིག་།བཏགས་ནས་བུད་མེད་གང་གིས་འོ་མ་འཐུངས། །གསང་སྔགས་འདི་ཡི་མཐུ་རབ་ཆེ་བ་ཡིས། །དེ་ནི་བདེ་བ་དང་ལྡན་བཙའ་བར་འགྱུར། །ནིམ་པས་བ་དུ་འོ་མར་རབ་བཏགས་ནས། །རྡོ་རྗེའི་ཆུ་དང་ལྷན་ཅིག་བསྲེས་བྱས་ནས། །སྐྱེས་པའི་ཚེ་ན་མངལ་ནི་བསྐུ་བྱས་ན། །བུད་མེད་དེ་ནི་བདེ་བར་བུ་བཙའ་འགྱུར། །གླང་པོ་མ་ག་ནི་ཡི་ཤུ་དག་བཅས། །རྟ་ཡི་དྲི་དང་མ་ཧེའི་མར་གསར་བཅས། །བ་བླ་དང་ལྡན་སྦྱོར་བ་བྱས་ནས་ནི། །ནུ་མ་དག་ནི་སྒྲུབ་བྱེད་འཕེལ་བར་བྱེད། །བཟའ་བ་ཐམས་ཅད་ཟོས་ནས་ནི། །སྣ་ནས་ཆུ་ནི་འཐུངས་ན་ནི། །མགོ་བོའི་དུས་མིན་སྐྲ་དཀར་དག་།སྔགས་ཀྱི་སྦྱོར་བས་དེ་མེད་འགྱུར། ། བ་ཤ་ཡི་རྩ་བ་དང ། །ཀ་མ་ཙ་ཀ་གསེར་ཤིང་འབྲས། །ལྡན་པར་ག་བུར་ཆུས་བཏགས་ནས། །ལུས་མཆོག་བཀྲུས་བསྲུབས་མཛུབ་མོ་འཇིབ། །འཁྲིག་པའི་ཚེ་ན་མི་འཛག་ན། །བདག་པོ་མི་གུས་འགྲོ་བར་འདོད། །འཆིང་བ་ཡི་ནི་སྦྱིན་པར་འདོད། །དེ་འཛག་བྱ་ཕྱིར་དེ་ཡིས་བསྐུ། །མཁྲིས་པ་སྦྱོར་ཚེ་ཕག་ཞིག་ལས། །མར་མེ་སྦར་བར་བྱས་ནས་ནི། །མི་འདོད་པ་ཡང་མྱུར་དུ་འབྱུང ། །དེ་ཡང་མངལ་དུ་ཡུན་རིངས་གནས། །རྡོ་རྗེ་མེ་ཡིས་ཁྱིམ་ཚིག་ན། །མི་གང་སྔགས་ཀྱིས་ཆང་གིས་འཐོར། །མེ་ནི་འཆི་བར་གྱུར་ཏོ་ཞེས། །སྦྱོར་བ་འཇིག་རྟེན་དབང་ཕྱུག་གསུངས། །སེམས་ཅན་གང་དག་འཁོར་གནས་དང ། །འཇིག་རྟེན་མགོན་པོས་དེ་སྐད་བསྒྲགས། །རི་ཡི་རྒྱལ་པོ་པོ་ཏ་ལར། །བཅོམ་ལྡན་གཞན་སྡུག་པས་སྡུག་པ། །སངས་རྒྱས་མ་གྱུར་ཅི་ཡང་མེད། །སེམས་ཅན་དོན་རྣམས་བསྒྲུབས་པའི་ཕྱིར། །སྔར་སྤྱད་མ་ཡིན་ཅི་ཡང་མེད། །ཉམས་པ་སླར་ཡང་གསོ་བར་བསམ། །བཅོམ་ལྡན་འདས་འཕགས་པ
88.46b
སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང ། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་བ་གཏན་ལ་ཕབ་པ། ་་།སྟག་ལུང་རྒྱུད་འབུམ་ལ་བཏུགས་པའམ་ཚལ་པ་བཀའ་འགྱུར་ལས་ཞུས། ་་ ། ་་ ། ་་ ། ་་ ། ་་ ། ། ་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་་།མངྒ་ལཾ། ་་ ། ་་་།ཤུབྷཾ། ་་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་ ། ་་་།