rKTs


J352a

(e-text produced by ADARSHA)

see text in transliteration
84.145a
༄##། །རྒྱ་གར་སྐད་དུ། ་ཤྲཱི་ཀཱ་ལ་ཙཀྲ་ཏནྟྲོཏྟ་ར་ཏནྟྲ་ཧྲྀ་ད་ཡ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདི་ལྟར་ཆོས་དབྱིངས་དཀྱིལ་འཁོར་དྲི་མེད་འཇམ་དཔལ་གྱིས་ནི་དགེ་དང་མི་དགེ་བས། །སངས་རྒྱས་པ་དང་མུ་སྟེགས་པ་དག་ལྷ་དང་དམྱལ་བ་ཉིད་ཅེས་གང་ཐོས་པ། །རྒྱལ་མཆོག་ཕོ་བྲང་ཤམ་བྷ་ལར་གྲགས་ཀ་ལཱ་པ་རུ་ངག་གི་དབང་ཕྱུག་སེང་གེ་ཡི། །གདན་བཞུགས་རྒྱལ་པོས་རྒྱུད་ཀྱི་རྒྱལ་པོ་སླར་ཡང་ཐུབ་པ་རྣམས་ལ་གསལ་བར་བསྟན། །བྱུང་གྱུར་ཞེས་སོགས་བདེན་ཏེ་ལྷ་མཆོག་བླ་མ་ཁྱབ་འཇུག་ལྷ་ཡི་དབང་པོ་དང ། །ཟླ་བ་ཉི་མ་སྒྲ་གཅན་མེ་ལྷ་ས་སྟེངས་ལྷ་ཡུལ་ནམ་མཁའ་བསོད་ནམས་སྡིག་ལས་བྱུང ། །མི་རྣམས་ཕ་རོལ་སྲིད་པར་ཡི་དགས་དམྱལ་བ་གང་ཞིག་བཀག་པ་ཤ་ཡི་དམ་ཚིག་ཅན། །རིག་བྱེད་པ་དང་ཐོད་པ་ཅན་གྱི་རྒྱུད་ཀྱི་སྡིག་པའི་བྱ་བ་དེ་ནི་བརྫུན་པ་སྟེ། །གང་དུ་གཅན་ཆེན་བདུན་སོགས་དགེ་དང་མི་དགེའི་དབང་གིས་བྲམ་ཟེ་རྣམས་ཀྱང་དེར་སྐྱེས་ལ། །སྔར་གྱི་ལུས་པོ་སྤངས་ནས་ལུས་གཞན་སར་པ་འཛིན་པར་འགྱུར། །ཐུབ་པ་ཤེད་བུའི་ཚིག་ལས་སྲོག་ཆགས་རྣམས་ཀྱི་གསོད་བྱེད་ཟ་བའི་མཐར་ཐུག་བརྒྱད་དུ་འགྱུར། །ཤ་ཟོས་པ་ལས་བྲམ་ཟེ་རྣམས་ཀྱང་ལྷ་ལས་ས་སྟེངས་འདིར་ལྷུང་དེ་ནི་བདེན་པ་སྟེ། །བཟང་པོ་ཚངས་པ་དབང་ཕྱུག་ཁྱབ་འཇུག་རྣམས་ཀྱི་རིག་བྱེད་ཞི་ཆེས་ཁྱབ་འཇུག་ཆེས་བླ་མ། །ཤ་ཡི་ཁ་ཟས་བཀག་ལ་ཤ་ཡི་དམ་ཚིག་ཅན་ལ་རྣལ་འབྱོར་རྒྱུད། །རྫོགས་སངས་རྒྱས་ཀྱིས་བཅཝ་ལྔ་སོགས་པར་བདེ་གཤེགས་དམ་ཚིག་ཅན་ལ་སངས་རྒྱས་བྱང་ཆུབ་ནི། །སངས་རྒྱས་པ་ཡིས་ཀུན་ནས་ཤ་མི་བཟའ་ཞིང་བདག་གི་བ་ཡི་བསྲུང་མི་བྱ། །སྲོག་ཆགས་རྣམས་ལ་སྲོག་ཆགས་འདུ་ཤེས་བསོད་པའི་ཡིད་ཀྱིས་ཉེ་བར་བརྩམས་པས་འདིར་ཉམས་པ། །
84.145b
ཡན་ལག་ལྔ་ཡིས་སྲོག་གཅོད་འགྱུར་གྱི་ནམ་མཁའ་ཙམ་ནི་སྲོག་ཆགས་རྣམས་ཀྱི་བྱེད་པོ་མིན། །སྲོག་གཅོད་ལུས་དང་ངག་དང་ཡིད་ཀྱི་རྒྱུ་རྣམས་གསུམ་གྱིས་འགྲུབ་ལ་དེ་ལ་ལོངས་སྤྱོད་ཅིང ། །སྐྱེད་བྱེད་བདག་ཉིད་སེམས་ཀྱི་རྒྱལ་པོ་སྲོག་ཆགས་རྣམས་ནི་ལས་ལོངས་སྤྱོད་པས་འཇིག་པར་འགྱུར། །སེང་གེ་སྦྲུལ་དང་ནེ་ལེ་སྟག་དང་བྱ་རོག་སྐྱེ་གནས་ཡན་ལག་ལྔ་ཡིས་སྲོག་གཅོད་འགྱུར། །རྒྱལ་པོ་དང་ནི་སྐྱེ་དགུ་རྣམས་ནི་བྱེད་དམ་བྱེད་དུ་འཇུག་དང་ཡི་རང་གསུམ་གྱིས་འགྱུར། །དགེ་སློང་སྙིང་རྗེ་མེད་པས་ལྕེ་ལ་ཤ་ཡི་རོ་མྱོང་རོ་ལ་རྗེས་སུ་ཚོལ་བྱེད་ཅིང ། །བདག་ཉིད་གསོད་པ་ལ་སོགས་སྐྱོན་གྱིས་དགེ་སློང་རྣམས་དང་དགེ་ཚུལ་ཡང་ནི་དམྱལ་བར་འགྲོ། །དགེ་སློང་ནད་པ་སྨན་པས་ཤ་བསྟན་ན་ཡང་བྱ་ཁྲ་རྣམས་ཀྱིས་གསད་པ་དང ། །ཕ་ཡི་ཆེད་དུ་བསད་དང་མཆོད་སྦྱིན་ཐོག་དང་མེ་དང་ཆུ་དང་མ་ཞུའི་སྐྱོན་གྱིས་ཤི་བ་རྣམས། །སྦྱོར་བ་འདི་རྣམས་མེད་པར་གྱུར་ན་གང་དུ་དེ་ཚེ་བཟའ་བར་གསུངས་པ་རྣམས། །དགེ་སློང་རྣམས་ལ་ཤ་གང་དེ་ནི་སྟོབས་བཅུ་ལྡན་པས་ནད་འཇོམས་ཕྱིར་ཡིན་འཆི་བསླུ་མིན། །ཤ་ལ་སོགས་པ་ཟོས་ན་ངེས་པར་ས་ཡི་འོག་ཏུ་ལུས་ཆེན་རྣམས་སུ་འགྱུར། །སྲོག་ཆགས་ཡི་དགས་ལ་སོགས་སྐྱེ་གནས་དཀའ་ཐུབ་ཁྱིམ་པ་རྒྱལ་པོ་ངེས་པར་རང་ཁྱིམ་དུ། །གཞན་གྱི་ཁྱིམ་དང་ཆུང་མ་ལོངས་སྤྱོད་དང་ནི་བུ་མོ་གཉེན་འདུན་ཚོགས་དང་རང་ཁྱིམ་རྣམས། །ཤི་བ་རྣམས་ཀྱི་ལུས་ནི་གང་ཡིན་ཆུང་མ་བུ་དང་བུ་མོ་གཉེན་འདུན་ཚོགས་ནི་གང ། །འདིར་ནི་རྡོ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཉིད་ནི་རྣམ་པར་བལྟ། །ཐོ་ཡོར་ཀ་ལཱ་པ་དང་རང་གཞན་བྲལ་བ་རྡོ་ཡི་ཐོ་ཡོར་ཕུང་པོར་འགྱུར། །ས་སྟེང་གནས་སུ་སྲོག་ཆགས་རྣམས་ཀྱི་རིག་པ་ཉམས་པའི་ལུས་ལའང་ཡོད་པ་ཉིད། །སྲོག་ཆགས་རྣམས་ཀྱི་སྲོག་རྒྱུ་བ་ནི་རང་གཞན་རྣམས་འབྲེལ་ལེགས་པར་སད་ལས་ཤེས། །སཾ་བྷ་ལ་ཡི་ཉི་མའི་ཤིང
84.146a
རྟ་ལ་སོགས་ཕུང་པོ་ཁམས་དང་དབང་པོ་འགྲོ་བ་རྣམས། །འགྲོ་བའི་གཟུགས་ཀྱི་ཁམས་ལ་སོགས་པ་ཕུང་པོ་ཐམས་ཅད་རྡུལ་ཕྲན་རྣམས་ཀྱི་རྣམ་འགྱུར་ཏེ། །ལོངས་སྤྱོད་བྱེད་པ་རྣམ་པར་རིག་པ་ཙམ་སྟེ་རང་གཞན་བྲལ་ཞིང་རྟོག་མེད་དེ་རྣམས་ཀྱིས། །ལོངས་སྤྱོད་བྱེད་མིན་སྲོག་ཆགས་རྣམས་ཀྱི་སྣང་བྱེད་གང་གིས་མུན་པ་བྲལ་ནས་སད་པར་འགྱུར། །ཟླ་བ་ཉི་མ་སྒྲ་གཅན་མེ་དང་མུན་པ་གཅིག་ཏུ་སྣང་བར་བྱེད་པ་ཡང ། །ས་སོགས་དྲི་སོགས་མིག་ལྟ་སྩོ་དང་གཞུ་དང་ཆར་པ་གློག་དང་རླུང་སྩོ་དྲུག་པ་གཉིས། །དེ་ནི་ལུས་ལ་ཕུང་པོ་དྲུག་དང་ཡུལ་དང་ཡུལ་ཅན་དེ་ཡི་བྱ་བ་དྲུག་པ་གཉིས། །དེ་རྣམས་ལོངས་སྤྱོད་བྱེད་པ་སྲོག་ཆགས་ཕུང་པོ་གཉིད་ལོག་གྱུར་འདིར་སྣང་ཀྱིས་རབ་བསླང་བ། །ཕྱི་ཡི་བདག་དང་ནང་གི་བདག་དང་གསུམ་པ་མཆོག་གི་བདག་རྣམས་བཞི་པ་ལས་རབ་བྱུང ། །སྤྲུལ་སྐུ་ལོངས་སྐུ་དང་ནི་དེ་བཞིན་ཆོས་ཀྱི་སྐུ་རྣམས་བཞི་པོ་ལས་ནི་རབ་ཏུ་བྱུང ། །ཁོང་སྟོང་མིན་ཞིང་གཅིག་པུ་མཆོག་གྱུར་འབྱུང་བ་ལས་གྱུར་ཙམ་གྱི་གསུམ་སྩོ་ཐིམ་པར་འགྱུར། །དེ་བཞི་གསུམ་སྩོ་གཅིག་པུ་མཆོག་གྱུར་ཆོས་ཀྱི་དབྱིངས་སུ་ངེས་པར་ཐིམ་པར་འགྱུར། །ཕུང་པོ་ཁམས་དང་དབང་པོའི་ཡན་ལག་སྐྱེ་མཆེད་མུན་པ་སྟུག་པོ་སྣང་བ་འོད་ཀྱི་མདོག་།རྣམ་པར་ཤེས་པ་སྲོག་གི་དེ་ཉིད་སྲིད་གསུམ་འགྲོ་བར་རྟོགས་པའི་མཐའ་ཡས་བྱང་ཆུབ་ཆོས། །དྲི་རྣམས་ནམ་མཁའི་མེ་ཏོག་བཞིན་དུ་ཡོད་མིན་མཁའ་ཙམ་རྡུལ་ཕྲན་ཆོས་ཀྱི་དབྱིངས་ལ་གནས། །གང་ཕྱིར་འགྲོ་བ་འདི་རྣམས་བདག་དང་གསུམ་ལ་སོགས་པ་སངས་རྒྱས་སྐུ་གསུམ་པ། །ཡན་ལག་ནང་ནས་ཉོན་མོངས་མ་རིག་པར་འགྱུར་སླར་ཡང་ལེན་པ་དང་ནི་སྲིད་པ་ཡང ། །ལས་ནི་འདུ་བྱེད་སྲིད་པ་འགྱུར་ལ་འདིར་ནི་གསུམ་པོ་ཟུང་བཅས་རྒྱུ་ཆོས་སྡུག་བསྔལ་ནི། །རྣམ་ཤེས་ལ་སོགས་རྣམ་པ་ལྔར་འགྱུར་དེ་བཞིན་བཅུ་གཅིག་པ་དང་བཅུ་གཉིས་པ་ཡང
84.146b
ཡིན། །གསུམ་ལས་ཟུང་ལ་ཟུང་ལས་དཔག་ཏུ་མེད་པའི་སྲིད་པར་ཆོས་བདུན་འབྲས་བུའི་ཡན་ལག་རྣམས། །ཤིང་ལས་མེ་ཏོག་མེ་ཏོག་ལས་ཀྱང་འབྲས་བཞིན་གང་ཞིག་འགྲོ་བའི་ཉོན་མོངས་པ་ལས་ལས། །དེ་ལས་སྡུག་བསྔལ་སྡུག་བསྔལ་དེ་ལས་ཉོན་མོངས་མཐའ་ཡས་འཁོར་ལོ་མ་ལུས་རྒྱུ་ལས་བྱུང ། །ཆོས་རྣམས་འགག་པ་མེད་པ་ནམ་མཁའ་ཙམ་ལས་འབྱུང་བའང་མེད་པ་ཉིད་ལས་དེ་ཡི་ཕྱིར། །སྲོག་ཆགས་སྲོག་གི་རྡུལ་ཕྲན་ཕུང་པོར་བཅས་ཤིང་འགྲོ་བ་གཞན་དུ་རྟག་མིན་མི་རྟག་མིན། །སྦྱིན་པ་ལ་སོགས་གང་ཞིག་དགེ་བཅུར་ལྡན་པ་སྟོང་ཞིང་བྱང་ཆུབ་ཕྱོགས་ཀྱི་སྟོང་པ་ཉིད། །གང་ཞིག་དེ་དག་བྱེད་པ་པོར་འགྱུར་རྒྱལ་མཆོག་སྲས་བཅས་སྲོག་ཆགས་རྣམས་ཀྱི་བདུད་ཀྱི་རིས། །དེ་ལས་ཕུང་པོ་རྣམས་ལས་དེ་ལས་སླར་ཡང་སྲིད་གཞན་འཕོ་མིན་ཕུང་པོའི་མཚམས་སྦྱོར་ནི། །མར་མེ་ཁ་ཐོན་རྒྱ་དང་དྲི་མེད་ཆུ་དང་སྒྲ་དང་ཉི་མ་ཆུ་ཤེལ་ས་བོན་སྐྱུར། །གང་དུ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཀར་པོའི་ཆོས་ཀྱི་ཚོགས་ལས་བྱུང་ངོ་ཞེས་བྱ་བདེན། །ཆོས་ལས་ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ལྡན་པ་མ་ལུས་སྒྲ་ཡི་ཚོགས་རྣམས་ཏེ། །ཕུང་པོ་སྤྲུལ་པའི་སྐུ་ལ་མཆོག་ཏུ་འགྱུར་མེད་བདེ་བ་ཆོས་སྐུ་མིན་ཞིང་དེ་ཡི་ཕྱིར། །གང་ཞིག་སྐུ་ཡི་མཚན་ཉིད་འདིར་ནི་སངས་རྒྱས་པ་ཡི་སློབ་དཔོན་ཀླུ་ཡིས་གང་གསུངས་པ། །གང་ཞིག་གཅིག་མིན་དུ་མ་མིན་ལ་བདག་གཞན་ལ་ཕན་ཕུན་ཚོགས་ཆེན་པོའི་རྟེན་གྱུར་པ། །དངོས་མིན་དངོས་པོ་མེད་མིན་ནམ་མཁའ་བཞིན་དུ་རོ་མཉམ་རྣམ་པར་དཔྱད་དཀའི་རང་བཞིན་ཉིད། །གོས་མེད་རྣམ་པར་འགྱུར་མེད་ཞི་བ་མཚུངས་པ་མེད་པ་མཉམ་ཞིང་ཁྱབ་པ་སྤྲོས་པ་མེད། །དཔེ་མེད་སོ་སོ་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ་ལ་བདག་ཕྱག་འཚལ། །གང་ཞིག་འཇིག་རྟེན་ལས་འདས་བསམ་མི་ཁྱབ་པ་ལེགས་སྤྱད་འབྲས་བུ་བདག་ཉིད་ཕུན་སུམ་ཚོགས། །བློ་ལྡན་ཆེན་པོར
84.147a
གྱུར་པ་མཉེས་པའི་རྒྱུར་གྱུར་འཁོར་གྱི་དབུས་སུ་སྣ་ཚོགས་གསུང་མཛད་ཅིང ། །འཇིག་རྟེན་ཀུན་ལ་ཁྱབ་པ་རྒྱུན་མི་འཆད་པ་རྒྱ་ཆེའི་དམ་ཆོས་སངས་རྒྱས་རྣམས་ཀྱིས་གསུངས། །ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་པོ་ཆེན་པོར་གནས་པ་དེ་ལ་འདིར་ནི་བདག་ཕྱག་འཚལ། །གང་ཞིག་སེམས་ཅན་རྣམས་ཀྱི་སྨིན་པའི་རྒྱུར་གྱུར་ལ་ལར་མེ་བཞིན་གསལ་བར་སྣང་བ་དང ། །སླར་ཡང་ལ་ལར་མངོན་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་ཏུ་ཞི་བ་གང་མཐོང་བ། །རྣམ་པ་དུ་མ་འགྲོ་བའི་གཟུགས་ཀྱི་ཐབས་ཀྱིས་འཇུག་ཅིང་སྲིད་པ་གསུམ་གྱི་འཇིགས་པ་འཇོམས། །ཕྱོགས་བཅུའི་རྗེས་སུ་འཇུག་པ་དོན་ཆེན་ཐུབ་པ་རྣམས་ཀྱི་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་པར་གྱུར་པ་དངོས་པོ་ཀུན་གྱི་རང་བཞིན་ཉིད། །དག་ཅིང་ཞི་ལ་རྣམ་དབེན་མཆོག་ཏུ་ཞི་ལ་རང་བཞིན་རྣལ་འབྱོར་ཉིད་ཀྱིས་རྟོགས་བྱ་བ། །རྟོགས་དཀའ་བརྟག་པར་དཀའ་ལ་ཞི་བ་མི་མཉམ་མཉམ་པར་ཁྱབ་ཅིང་མཚན་མ་མེད་པ་ཉིད། །མི་མཉམ་པ་ཡི་བདེ་བ་རྣམ་པར་མི་རྟོག་སྐུ་གཅིག་རྒྱལ་བ་རྣམས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་ཁམས་མཐའ་ཡས་རྡུལ་ཕྲན་ཡོན་ཏན་ལས་བྱུང་མ་ལུས་འཇིག་རྟེན་ཁམས་རྣམས་སུ། །ཟླ་བ་ཉི་མ་ལ་སོགས་སྐྱེ་གནས་ལྷ་ཡུལ་ས་སྟེངས་ནམ་མཁའ་རྡོ་རྗེ་བཙུན་མོའི་མཐར། །བུད་མེད་སྐྱེ་གནས་ཆོས་ཀྱི་དབྱིངས་སུ་བདེ་འགྲོ་ངན་འགྲོ་དུས་ཀུན་དུ་ནི་རྣམ་པར་བཞུགས། །རྫོགས་པའི་སངས་རྒྱས་སྲོག་ཆགས་ཕུང་པོ་ཡུལ་གྱི་ཡོན་ཏན་ལྡན་པ་བསོད་ནམས་སྡིག་པའི་མཐུས། །ཁུ་བ་ཁྲག་དག་རིག་མའི་བྷ་གའི་པད་མར་ཆུད་ཅིང་སྲོག་གི་རླུང་དང་རྩོལ་བའི་རླུང ། །དེ་ནི་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་དུ་འགྱུར་བའི་སྐྱེས་བུ་རིག་མ་ཡང་དག་ལྡན། །ཡུལ་གྱི་ཡོན་ཏན་ལས་བྱུང་དེ་ལ་ལོངས
84.147b
སྤྱོད་པའི་གཟུགས་སྐུ་མ་ཡིན་ཁམས་ལ་རབ་བརྟེན་པ། །སྐྱེས་པ་བུད་མེད་མ་ནིང་ལྷ་ཀླུ་ཁྱབ་འཇུག་རྒྱལ་བ་ཐུབ་པ་རང་ལས་མཐུ་ལས་བྱུང ། །གང་གི་དེ་ཉིད་དེ་ཉིད་ལྔ་དང་རིགས་གསུམ་གོ་འཕང་ཡང་ནི་གཅིག་ཏུ་གསང་བ་ཡི། །ཞལ་བརྒྱ་རིག་འཛིན་དབང་པོ་ས་ལ་སོགས་དང་ཡུལ་དང་ཡུལ་ཅན་བདག་པོ་ཆོས་ཀྱི་དབྱིངས། །ཞལ་བརྒྱ་པ་དེ་རྒྱུ་ལས་གཉིས་སྐྱེས་ལག་པ་རྐང་པའི་ཡན་ལག་སོར་མོའི་ཚིགས་རྣམས་ལ། །དེ་ལས་ཚོར་བ་གསུམ་ལ་སོགས་པ་ནུབ་པར་འགྱུར་བ་སྒྲ་བཞིན་མྱུར་དུ་འགྲོ་བར་འགྱུར། །གང་ཞིག་ལྔ་དང་གསུམ་ལས་ཡུལ་དང་ཡུལ་ཅན་དྲི་དང་ལུས་ལ་སོགས་པ་འབྱུང་བར་འགྱུར། །ས་ལ་སོགས་པ་ལྔ་དང་ཟླ་བ་ཉི་མ་མུན་པ་རྣམས་ཀྱིས་ཁམས་རྣམས་རྒྱས་བཏབ་དེ་ཡིས་དེ། །གཅིག་གི་དུ་མའི་ཁམས་ལ་གཉིས་སྐྱེས་ལག་པ་རྐང་པའི་སོར་མོའི་ཚོགས་རྣམས་གང་ཞིག་དུ། །ཐམས་ཅད་ཟླ་བའི་རྒྱུ་ལས་མཆོག་གི་རིགས་བརྒྱ་རྒྱས་བཏབ་སྐྱེས་པ་དང་ནི་བུད་མེད་དག་།རྟེན་གྱི་འབྱུང་བའི་ཚོགས་ནི་རང་བཞིན་ཡོན་ཏན་ཡང་ནི་འཇིག་མེད་རྡུལ་གྱི་ཕུང་པོ་སྟེ། །སྲོག་གི་རྒྱུ་ནི་དབྱངས་ཡིག་ལ་སོགས་རང་བཞིན་ཡང་ནི་འཇིག་པ་མེད་པའི་སྲོག་གི་ཁམས། །ཁུ་བའི་རྟེན་ནི་ཟླ་བ་ཉི་མ་ཡང་ནི་རྡུལ་ཡིན་ལས་ནི་སྲོག་ཆགས་ཕུང་པོ་ཡི། །དེ་ཡི་ཐབས་ཀྱིས་སད་པར་བྱས་པས་བསོད་ནམས་སྡིག་པའི་མཐུ་ལས་འབྲས་བུ་ས་གཞན་དུ། །རང་གི་ལས་ཀྱི་ཕུང་པོ་ལྔར་ལོངས་སྤྱོད་ཅིང་སླར་ཡང་སོགས་གཞན་དུ་འང་སླར་ཡང་སོགས་པར་བྱེད། །དེ་ཡི་དཀར་པོའི་བསམ་གཏན་བསྟོད་པ་ངེས་པ་བརྒྱ་ཡི་ལས་ཀྱི་ཕུང་པོ་ཟད་པ་མིན། །གཅེར་བུ་པ་ནི་ལས་ཀྱི་ཕུང་པོ་རྣམ་པར་འཇིག་འགྱུར་སྲེག་བྱེད་མེ་ནི་འབའ་ཞིག་གིས། །དཀར་པོའི་བསམ་གཏན་དགྲ་བཅོམ་སྔགས་དང་བསྟོད་པ་ངེས་པ་བརྒྱ་ཕྲག་སེམས་དང་ལུས་ངག་ལས། །
84.148a
པད་མ་ཁྱབ་བྱེད་སྙིང་པོ་ཟེ་འབྲུའི་དབང་ཕྱུག་དགྲ་བཅོམ་ཐིག་ལེ་བཟང་པོ་སྒོམ་པར་བྱེད། །དེ་དབུས་ལུས་པོ་སྦས་པ་རྩེ་མོ་བརྒྱ་ཕྲག་འབར་བ་ཀུན་ནས་གསལ་བར་བྱེད་པ་ཅན། །ལྷ་རྣམས་གསང་བའི་མཛོད་གྱུར་མཆོག་གི་གོ་འཕང་འདི་ནི་བརྒྱ་བྱིན་རྒྱལ་པོ་མཆོད་འོས་པ། །ཡོན་ཏན་འདི་ནི་སྲེག་བླུགས་ཟ་བས་མ་ལུས་ལས་ཀྱི་ཕུང་པོ་སྲེག་པར་འགྱུར་བར་མཐོང ། །གང་ཞིག་གནོད་པའི་བསམ་གཏན་ལ་ཞུགས་གྱུར་པས་ཉིན་དང་མཚན་དུ་དེ་ཡི་སྡིག་འཕེལ་འགྱུར། །གང་ཞིག་གནོད་པའི་བསམ་གཏན་ལས་ལྡོག་གྱུར་པས་ཉིན་དང་མཚན་དུ་དེ་ཡི་སྡིག་ཉམས་འགྱུར། །གང་ཞིག་དྲག་པོའི་བསམ་གཏན་ལ་ཞུགས་གྱུར་པས་ཉིན་དང་མཚན་དུ་དེ་ཡི་སྡིག་པ་འཕེལ། །གང་ཞིག་དྲག་པོ་བསམ་གཏན་ལས་ནི་ལྡོག་པར་གྱུར་པས་ཉིན་དང་མཚན་དུ་དེ་ཡི་སྡིག་པ་ཉམས། །གང་ཞིག་ཆོས་ཀྱི་བསམ་གཏན་ལ་ཞུགས་གྱུར་པས་ཉིན་དང་མཚན་དུ་དེ་ཡི་སྡིག་པ་ཉམས། །གང་ཞིག་ཆོས་ཀྱི་བསམ་གཏན་ལས་ལྡོག་གྱུར་པས་ཉིན་དང་མཚན་དུ་དེ་ཡི་སྡིག་པ་འཕེལ། །གང་ཞིག་དཀར་པོའི་བསམ་གཏན་ལ་ཞུགས་གྱུར་པས་ཉིན་དང་མཚན་དུ་དེ་ཡི་སྡིག་པ་ཉམས། །གང་ཞིག་དཀར་པོའི་བསམ་གཏན་ལས་ལྡོག་གྱུར་པས་ཉིན་དང་མཚན་དུ་དེའི་སྡིག་པ་འཕེལ། །གང་ཞིག་ཉིན་དང་མཚན་དུ་འཚེ་བ་ལ་ཞུགས་གྱུར་པ་དེ་རྣམས་སྡིག་པ་འཕེལ་བར་འགྱུར། །གང་ཞིག་ཉིན་དང་མཚན་དུ་འཚེ་བ་ལྡོག་པར་གྱུར་པ་དེ་རྣམས་ཀྱི་ནི་བསོད་ནམས་འཕེལ། །དེ་བཞིན་ཤ་དང་ཆང་དང་གཞན་གྱི་ནོར་འཕྲོག་པ་དང་འདོད་པས་ལོག་པར་གཡེམ་པ་དང ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས་དང་ངེས་པར་ཁྲོ་བ་ང་རྒྱལ་འདོད་པ་རྣམས་ཀྱིས་འགྱུར། །གང་ཞིག་སྦྱིན་པ་ལ་ཞུགས་གྱུར་པས་ཉིན་དང་མཚན་དུ་དེ་ཡི་བསོད་ནམས་འཕེལ་བར་འགྱུར། །གང་ཞིག་སྦྱིན་པ་ལས་ལྡོག་གྱུར་པས་ཉིན
84.148b
དང་མཚན་དུ་དེ་ཡི་སྡིག་པ་འཕེལ་བར་འགྱུར། །དེ་བཞིན་ཚུལ་ཁྲིམས་བཟོད་པ་ཉིན་དང་མཚན་དུ་འགྱུར་ལ་རྡོ་རྗེའི་བརྩོན་འགྲུས་དེ་བཞིན་དུ། །ཤེས་རབ་ཐབས་དང་སྨོན་ལམ་སྟོབས་ཀྱི་སྦྱོར་བར་ལྡན་ཞིང་སྟོང་ཉིད་ཡེ་ཤེས་རྡོ་རྗེ་རྣམས། །དངོས་དང་དངོས་མེད་བྱེད་པོ་བསྒྲིབས་དང་ནམ་མཁའ་འཕྲོག་པར་བྱེད་པ་དང་ནི་མཆོག་གི་བདག་།ནམ་མཁའ་བྱེད་ན་བྱེད་པོ་གནས་མིན་འདིར་ནི་གང་ཞིག་སྟོང་ཉིད་སྟོང་ཉིད་སྨྲ་བ་རྣམས་ཀྱི་ཚིག་།སེམས་ཅན་རྣམས་ཀྱི་བྱེད་པོར་མ་བྱས་བསོད་ནམས་སྡིག་པ་དུས་རྣམས་ཀུན་ཏུ་རྣམ་པར་འཕེལ། །རྒྱལ་བ་སྟོབས་བཅུ་ལྡན་པ་ཡེ་ཤེས་ཅན་དང་ལྷ་རྣམས་ལོངས་མ་སྤྱད་པར་འཇིག་པ་མིན། །སོ་སོར་སྡུད་ལ་སོགས་པ་དྲུག་པོ་སྟོབས་བཅུའི་སྟོབས་དང་ལྡན་པས་སྟོང་ཉིད་བསྒོམ་པར་གསུངས། །མཚན་མོ་དུ་བ་ལ་སོགས་སྦྱོར་བས་སླར་ཡང་ཉིན་མོ་ནམ་མཁའ་མར་མེ་ལ་སོགས་པས། །སོ་སོར་སྡུད་པས་རྣལ་འབྱོར་པ་ཡིས་དུས་གསུམ་དངོས་པོ་ནམ་མཁའི་དཀྱིལ་དུ་སོན་པར་མཐོང ། །བསམ་གཏན་གྱིས་ཀྱང་དེ་ལ་ཤིན་ཏུ་སེམས་བརྟན་བྱས་པས་ཕྱི་རོལ་དངོས་པོ་རྣམ་པར་སྤོང ། །སྲོག་རྩོལ་གྱིས་ནི་སྲོག་གི་རླུང་དག་ཉི་ཟླའི་རྒྱུ་བ་བྲལ་ནས་མུན་པར་རྒྱུ་བར་བྱེད། །དབུགས་ཀྱི་འབྱུང་འཇུག་བྲལ་ཞིང་སླར་ཡང་འཛིན་པའི་ཡན་ལག་གིས་ནི་ཐིག་ལེ་འཛིན་པར་བྱེད། །རྗེས་སུ་དྲན་པས་རང་གི་གཟུགས་ལས་ཟླ་བ་བཞིན་དུ་ནམ་མཁའ་འོད་མང་འཕྲོ་བར་བྱེད། །ཏིང་ངེ་འཛིན་གྱིས་ཁུ་བ་རྡོ་རྗེ་ནས་བརྩམས་མགོ་བོ་དྲི་མེད་བདེ་བས་རབ་གང་འགྱུར། །ནམ་མཁར་བལྟས་པས་གཏི་མུག་རྣམ་པར་འཇིག་པར་འགྱུར་ཏེ་སྣ་ཚོགས་སྟོང་པ་ཉིད་མཐོང་བས། །ནང་གི་བདག་ཉིད་བལྟས་པས་འདོད་ཆགས་འཇིག་པར་འགྱུར་ཏེ་སྲོག་གི་རླུང་དག་བཀག་པས་སོ། །ཡན་ལག་མེད་པར་བལྟས་པས་ཞེ་སྡང་འཇིག་པར་འགྱུར་ཏེ་ཁུ་བ་དྲི་མེད་བདེ་བ་ཡིས། །སྣ་རྩེར་བལྟ་པས་ང་རྒྱལ་འཇིག་པར་འགྱུར་ཏེ་གཞོམ་དུ་མེད་པ
84.149a
ཚངས་པའི་གསུང་ལས་སོ། །སྲོག་དང་རྩོལ་བ་བཀག་པས་སངས་རྒྱས་གཟུགས་བརྙན་དྲི་མ་བྲལ་བའི་དཀྱིལ་འཁོར་ཡང་དག་པ། །གསང་བ་ལྟེ་བ་སྙིང་ག་མགྲིན་པ་མགོ་བོ་རྡོ་རྗེ་རྣམས་སུ་རིམ་བཞིན་ས་ཟུང་རེ། །ཁུ་བ་གྱེན་དུ་སོང་ཞིང་ཁྲག་ཀྱང་འོག་ཏུ་འགྲོ་ལ་ཚངས་དབྱངས་གཞོམ་དུ་མེད་པ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་དྲི་མ་བྲལ་བ་གང་གིས་སྟོན་པ་སངས་རྒྱས་ཉིད། །ཁྱི་ལ་སོགས་པའི་ཤ་ཡི་མིག་དང་རང་བཞིན་ཡོན་ཏན་དབང་གིས་ལྷ་ལ་སོགས་པའི་ལྷ་ཡི་སྤྱན། །རང་རྒྱལ་ཉན་ཐོས་དག་གིས་གཞན་གྱི་སེམས་རྟོགས་ཤེས་པ་སངས་རྒྱས་སྤྱན་ཏེ་གསུམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲི་མ་བྲལ་བ་རྣམ་དག་བཞི་པ་ཤེས་རབ་སྤྱན་དུ་འགྱུར། །སངས་རྒྱས་རྣམས་ཀྱི་ཐམས་ཅད་གཟིགས་པ་དྲི་མ་གསུམ་དང་བྲལ་བ་ལྔ་པ་ཡེ་ཤེས་སྤྱན། །རྒྱུ་འཐུན་དགའ་བ་ཁུ་བ་རྡོ་རྗེ་ཡང་སྟེ་དེ་འཛིན་པས་ན་ངེས་པར་རྡོ་རྗེ་འཛིན། །པ་ཡིས། །ལུས་ཀྱི་ས་བོན་ཁུ་བ་འཕོ་སྟེ་འཁོར་ལོ་ལྟེ་བའི་འཁོར་ལོའི་བདེ་བ་གང ། །མཚོན་བྱ་དེ་ཉིད་མཚོན་བཞིན་པ་ཡི་སྙིང་ག་སྒྲ་བཅས་བདེ་བ་མགོན་པོ་འཁོར་བ་འཇིག་།གང་གིས་མགྲིན་པར་དེ་རིག་གཡོ་མེད་བདེ་བ་འཛིན་པ་དེ་ནི་ཚོར་བྱེད་རིན་ཆེན་འཛིན། །གང་གིས་མགོ་བོར་ཟླ་བ་འཛིན་པ་འདི་ནི་ཁུ་བ་དྲི་བྲལ་བདེ་བ་ཤེས་རབ་འཛིན། །གཙུག་ཏོར་ཚངས་པའི་བུ་གར་འགྱུར་མེད་མཆོག་གི་བདེ་བ་དགའ་བ་བཅུ་དྲུག་རབ་གང་བ། །གང་གིས་ཤེས་རབ་རང་བཞིན་མེད་པ་མཆོག་གི་ཟླ་བ་ཆ་ཤས་བཅུ་དྲུག་རྫོགས་པའི་མཐའ། །དེ་ནི་དཔག་མེད་གང་གི་རིག་པ་མགོ་བོར་རྡོ་རྗེ་དང་བཅས་དྲུག་པ་རྡོ་རྗེ་སེམས། །སྣང་བ་ཡེ་ཤེས་ཁམས་སུ་འགྱུར་ཏེ་གང་ཞིག་སྤྱི་བོར་འགྱུར་མེད་རྡོ་རྗེ་སྐྱེས་བུ་ལ། །དྲི་བྲལ་ས་ཡི་ཐིག་ལེ་མགོ་བོའི་སྐྱེས་བུ་དེ་ནི་ཆུ་དང་ཉི་མ་འགྲིབ་པ་ཡང ། །སྒྲ་གཅན་མེ་དང་རྣམ་སྨིན་སྙིང་ག་སྒྲ་བཅས་བདེ་བ་རླུང་དང་ལྟེ་བ་མཇུག་རིངས་ཏེ། །
84.149b
གསང་བའི་འཁོར་ལོར་མུན་ཅན་བཅོམ་པའི་བདེ་བ་སྟོང་པ་ཅན་ནི་སྟོང་པ་ཅན་ནི་སྟོང་པ་མུན་པའི་ཁམས། །གང་ཞིག་མིག་ལ་སོགས་པ་ཡུལ་ཅན་དྲུག་པོ་ལྷ་མོ་རྣམས་ལས་ས་སྙིང་ལ་སོགས་གང ། །གཟུགས་ཀྱི་ཕུང་པོ་ལ་སོགས་གང་ཞིག་ཡུལ་དྲུག་རྣམས་ཀྱང་ལྷ་རུ་རྟགས་པ་དེ་རྣམས་ཀྱིས། །དག་པའི་དབང་པོ་ལ་སོགས་ཡུལ་ཅན་དྲུག་པོ་གང་ཞིག་གནོད་མཛེས་རྒྱལ་པོ་སོགས། །དེ་རྣམས་ཁུ་བ་མི་འཕོ་ལ་སོགས་ཡུལ་དྲུག་རྣམས་ཀྱང་སྔོན་པོ་ལ་སོགས་དེ་རྣམས་སོ། །གང་ཞིག་ཁྲོ་བོ་གཤེན་རྗེ་གཤེད་ནི་ཟླ་བ་དང་བཅས་སྲོགས་རླུང་རབ་ཏུ་བཅོམ་གྱུར་པ། །ཉི་མ་དང་བཅས་སྲོག་རླུང་རབ་ཏུ་བཅོམ་འགྱུར་གང་ཞིག་ཁྲོ་བོ་པདྨ་མཐར་བྱེད་དོ། །སྒྲ་གཅན་དང་བཅས་སྲོག་རླུང་རབ་ཏུ་བཅོམ་པས་གང་ཞིག་ཁྲོ་བོ་བགེགས་མཐར་བྱེད་པ་སྟེ། །མཇུག་རིངས་དང་བཅས་སྲོག་རླུང་ངེས་པར་བཅོམ་པ་གང་ཞིག་ཁྲོ་བོ་ཤེས་རབ་མཐར་བྱེད་དོ། །སྲོག་རླུང་འགགས་པས་ཕྱག་གཉིས་དགྱེས་རྡོར་ཞི་བ་འདིར་ནི་ང་རྒྱལ་འཇོམ་པ་རྡོ་རྗེ་སེམས། །སྲོག་རླུང་བཀག་པས་ཕྱག་བཞི་པ་ཡི་དགྱེས་རྡོར་བྱིན་ཟ་ཞེ་སྡང་འཇོམས་པ་བྱང་ཆུབ་སེམས། །དགྱེས་པའི་རྡོ་རྗེ་འདོད་ཆགས་འཇོམས་པ་ཞལ་གསུམ་ཕྱག་དྲུག་དབང་ཕྱུག་སེམས་དཔའ་ཆེན་པོར་འགྱུར། །ཞལ་བརྒྱད་པ་ལ་ཞབས་བཞི་གཏི་མུག་འཇོམས་པ་ཚངས་པ་བདེ་བ་དང་བཅས་དམ་ཚིག་སེམས། །ལྟེ་བར་སྲོག་རླུང་བཀག་པས་དྲི་མ་གསུམ་བྲལ་རྡོ་རྗེ་སེམས་དཔའ་དེ་ནི་སངས་རྒྱས་ཉིད། །སྙིང་གར་བཀག་པ་དྲི་མ་གསུམ་བྲལ་བྱང་ཆུབ་སེམས་དཔའ་རང་རྒྱལ་དེ་ནི་སངས་རྒྱས་ཉིད། །མགྲིན་པར་ཉི་མ་དེ་བཞིན་དྲི་མ་གསུམ་བྲལ་སེམས་དཔའ་ཆེན་པོ་ཉན་ཐོས་ཉིད་དུ་འགྱུར། །དཔྲལ་བར་རླུང་གི་དབང་པོ་འགགས་པས་བདེ་བ་དང་བཅས་དམ་ཚིག་སེམས་དཔའ་སྟོན་པའི་སྲས། །ལྟེ་བའི་འཁོར་ལོར་མི་འགྱུར་མཆོག་གི་བདེ་བ་གང་ཞིག་ཁྲོ་བོའི་དབང་པོའི་རྩ་བཞི་དང ། །སུམ་བཅུ་རྩ
84.150a
གཉིས་དང་ལྡན་རོ་ལ་རོ་ཡིས་བསྒྱུར་བ་གང་ཞིག་བདེ་མཆོག་འཁོར་ལོ་གསུམ། །ལག་པ་རྐང་པའི་རུས་པའི་དུམ་བུ་བརྒྱད་དང་ལག་མཐིལ་སོར་ཚིགས་དུམ་བུ་རྣམས། །འཁོར་ལོ་དྲུག་གི་རྩ་རྣམས་འདིར་ནི་ཉིས་འགྱུར་བདེ་མཆོག་ཆེན་པོའི་རྣལ་འབྱོར་མ་རྣམས་ལ། །གཙུག་ཏོར་རྩ་བཞི་རྣམས་སུ་འཕོ་བ་རྣམ་པར་བྲལ་དང་དེ་བཞིན་ཆོས་ཀྱི་འཁོར་ལོ་བརྒྱད། །མགྲིན་པ་སུམ་བཅུ་རྩ་གཉིས་རྣམས་སུ་འགྱུར་ཏེ་དྲུག་བཅུ་རྩ་བཞི་ལྟེ་བའི་འཁོར་ལོ་རུ། །གང་ཞིག་ཟླ་བའི་ཆ་ཡིས་གང་བ་མགོ་བོ་དཀར་པོ་དེ་འདིར་གསང་བར་དཀར་པོའི་ཆ། །འཁོར་ལོའི་རྩ་རྣམས་ཡང་ནི་མཆོག་ཏུ་མི་འགྱུར་བདེ་བ་དུས་ཀྱི་འཁོར་ལོ་ལྷག་པའི་ལྷ། །དུས་ནི་དྲུག་བཅུས་ལྷག་དང་བཅས་པའི་བརྒྱ་ཕྲག་གསུམ་སྟེ་ཚིགས་མཚམས་རྣམས་ཀྱང་རྡོ་རྗེའི་སྐུ། །རྒྱུ་སྐར་རྣམས་ཀྱི་དབྱུ་གུ་ནམ་མཁའ་ལག་པ་རྒྱལ་པོ་དེ་ཡང་དང་པོའི་སངས་རྒྱས་གསུངས། །ཟླ་བའི་ཆ་ཤས་སུམ་བཅུ་ནམ་མཁའ་ནམ་མཁའ་གདེངས་ཅན་ཟླ་བའི་རྩ་ནི་ཟླ་བཟང་ངོ ། །རྩ་དང་བ་སྤུ་གང་ཞིག་མ་ལུས་ལུས་ལ་གནས་པ་རྡོ་རྗེ་མྱུ་གུའི་མིང་ཅན་ཏེ། །རྡོ་རྗེ་ཆུ་དང་བཤང་བ་ཁྲག་རྣམས་ལུས་ཀྱི་སྟོང་པ་ཉིད་ཀྱིས་ལྕེ་ཡིས་ལྡག་པར་འགྱུར། །བྱམས་པའི་ཚེམས་ཀྱིས་གདོང་དང་ལག་པ་རྐང་པའི་ཤ་རྣམས་ཟོས་པས་དེས་ན་དྲག་པོ་ལ། །མངོན་ཤེས་ལྔ་ཡི་ཞལ་ཆེན་ཡུལ་གྱི་ཕྱུགས་ཀྱི་ཚོགས་རྣམས་ཟོས་པས་དེས་ན་སེང་གེ་སྟེ། །བསོད་ནམས་ཡེ་ཤེས་ཚུལ་ཁྲིམས་དམ་པ་དྲི་མ་གསུམ་བྲལ་དུས་ཀྱི་འཁོར་ལོ་སྤྱན་གསུམ་པ། །དཔལ་ལྡན་འདུས་པར་སྐུ་རྣམས་གང་ཞིག་ཡུལ་དང་ཡུལ་ཅན་སྲོག་ཆགས་ལས་ཀྱི་མཐུ་ལས་བྱུང ། །དེར་ནི་འགའ་ཞིག་ཁམས་རྣམས་དེ་དག་ལྷ་རུ་རྟག་ཏུ་བདུད་ཀྱི་རིས་ལ་གསལ་བར་མཛད། །རྩ་དང་ཤ་དང་རུས་པ་ཁུ་བ་ཁྲག་རྣམས་རྡུལ་ཕྲན་འདུས་པས་ལྷ་རྣམས་ཀྱི་ནི་གནས། །སྲོག་ཆགས་སོ་སོ་སངས་རྒྱས་ལྷ་ཡུལ་བར་སྣང་ས་སྟེང་རང་རང་གནས་སུ་གཙོ་བོར་གནས། །མདོར་བྱས་བརྫུན་གྱི་རིམ
84.150b
པས་འགྱུར་ལ་ཡུལ་དང་ཡུལ་ཅན་སྒྲུབ་བྱེད་རྡོ་རྗེའི་བཟླས་པ་ཡིན། །རང་བྱིན་བརླབས་པས་སྲོག་རླུང་རི་བོང་ཅན་དུ་བཞི་པ་འདིར་ནི་མངོན་པར་བྱང་ཆུབ་འདོད། །འདིར་ནི་ལྔ་པ་ཟུང་འཇུག་རིམ་པ་མཆོག་ཏུ་གྱུར་པ་དཔལ་ལྡན་གསང་བ་འདུས་པར་ཡང ། །བདུད་རྣམས་ཡང་དག་གཟུང་ཕྱིར་སྲིད་པ་གསུམ་གྱི་བླ་མས་ལྷ་ཡི་བསྐྱེད་པའི་རིམ་པ་གསུངས། །གང་ཞིག་བྱང་ཆུབ་སེམས་དཔའ་དགེ་བ་བཅུ་ཡི་ལམ་དང་སྦྱིན་དང་ཚུལ་ཁྲིམས་སོགས་ལས་སྐྱེས། །སྐྱེས་པ་སྐྱེ་བར་འདོད་པར་འགྱུར་གྱི་ཡིད་ཙམ་མིན་ལ་བརྟགས་པར་དང་ནི་བདག་ཀྱང་ངོ ། །བདུད་ཀྱི་ཚིག་འདི་དག་ནི་རང་གི་ཡིད་ལ་བྱེད་ཅིང་དེ་འདྲའི་ཁྱབ་པའི་རང་བཞིན་གྱི། །བསམ་གཏན་རྗེ་བོ་འགའ་ཡང་ཡོད་མིན་ལྷ་ཡུལ་ས་སྟེངས་བསོད་ནམས་ཚུལ་ཁྲིམས་རྣམ་པར་དམན། །སྟོབས་བཅུ་མཆོག་དང་ལྡན་པས་རྫོགས་པའི་ལྷ་དག་ཆོས་ཀྱི་དབྱིངས་ལ་ཡང་དག་གནས་པ་སྟེ། །བསྟེན་པར་བྱ་ཡི་ལྕགས་ཀྱུ་རྡོ་རྗེ་མདའ་གཞུ་དྲིལ་བུ་རལ་གྲི་ཞགས་པས་བསྒྲུབ་པ་ཡིན། །བཀུག་ཅིང་འདིར་ནི་བཞུགས་དང་མཆོག་ཏུ་འཇིགས་པར་གྱུར་པ་བརྡུངས་ཞིང་ལག་པ་བཅིང་བ་ཡི། །བསམ་གཏན་འདིས་ནི་དགེ་བ་རྣམ་པར་བྲལ་ནས་བདུད་རྣམས་ཤི་ནས་དག་འགྲོར་འགྲོ་བར་འགྱུར། །སངས་རྒྱས་པ་ཡི་ལྷ་རྣམས་དྲི་མ་གསུམ་དང་བྲལ་ཞིང་སེམས་ཅན་ཀུན་གྱི་དོན་མཛད་པ། །དེ་ནི་ཤིན་ཏུ་དྲི་ཞིམ་མེ་ཏོག་དྲི་དང་སྤོས་དང་མར་མེ་དང་ནི་ལྷ་བཤོས་དང ། །གསང་སྔགས་བཟླས་དང་བསྟོད་པ་ངེས་པ་བརྒྱ་ཡིས་བསྟེན་བྱ་སྒྲུབ་པ་པོ་ལ་རབ་དགྱེས་ནས། །ས་འོག་འཇིག་རྟེན་ལྷ་ཡུལ་ས་སྟེང་བར་སྣང་རྣམས་སུ་གྲུབ་པའི་རིག་པ་འཛིན་པ་སྟེར། །ཟླ་བ་ཉི་མའི་རྩ་དག་བཀག་ཅིང་ཉིན་མཚན་དུས་སུ་སྲོག་གི་གསང་སྔགས་གང་ཞིག་ནི། །ཟླ་བ་གཅིག་ལ་ནམཁའ་འཁའ་དང་སྟོང་པ་བྲང་འགྲོ་དུས་རོ་མུན་པ་དབྱེར་མེད་བཟླས། །སྟེང་དང་འོག་གཉིས་འཛིན་པས་ལམ་གསུམ་བྲལ་བས་སྲོག་རླུང་གང་བས་རླུང་དག་ཁྱེར་བཞིན་པས། །གྲུབ་པར་འགྱུར་ཏེ་རི་བོང
84.151a
འཛིན་པ་ལྟ་བུ་ནམ་མཁའ་འགྲོ་བས་རིག་པ་འཛིན་པ་སྟེ། །བསོད་ནམས་དོན་དུ་བྱང་ཆུབ་སེམས་དཔའ་ཐུགས་རྗེས་རྒྱལ་སྲིད་ཆུང་མ་བདག་གི་ཤ་ཡང་གཏོང ། །ཡེ་ཤེས་དོན་དུ་དུས་གསུམ་དངོས་པོ་སྟོང་པའི་གཟུགས་བརྙན་མི་གཡོ་དྲི་བྲལ་ཀློག་བྱེད་ཅིང ། །ཚུལ་ཁྲིམས་དོན་དུ་ཁུ་བ་རྡོ་རྗེ་མགོ་བོར་ཁྱེར་ལ་མགོ་ནས་ཚངས་པའི་བུ་ག་རུ། །བསོད་ནམས་ཡེ་ཤེས་ཚུལ་ཁྲིམས་ཡང་དག་དྲི་མ་རྣམ་པར་བྲལ་ནས་རྡོ་རྗེ་སེམས་དཔར་འགྱུར། །ཤིན་ཏུ་སྐྱོན་ཅན་སྐྱེ་བོ་གང་ཞིག་རྒྱལ་སྲིད་སེམས་ཀྱིས་སྟེར་བ་ལེན་པས་ལོངས་མི་སྤྱོད། །ཡོན་ཏན་མ་ལུས་ལྡན་པའི་ཆུང་མ་སེམས་ཀྱིས་བྱིན་ཡང་གང་ཞིག་ལེན་པས་ལོངས་སྤྱོད་མིན། །ཤ་དག་སེམས་ཀྱིས་བྱིན་ཡང་གང་ཞིག་ཤ་ཡི་དམ་ཚིག་ཅན་གྱིས་ལེན་པས་ལོངས་སྤྱོད་མིན། །དེ་ཡིས་བྱང་ཆུབ་སེམས་དཔའ་གལ་ཏེ་སྟོབས་བཅུ་ལྡན་པ་དེ་ཚེ་དམན་རིགས་ཅིས་མི་འགྱུར། །བྱམས་པས་དཀའ་ཐུབ་མཆོག་ནི་ཐོ་རངས་དུས་སུ་ཆང་འཚོང་ཁྱིམ་དུ་འགྲོ། །ཉིན་ཕྱེད་དུས་སུ་མཆོག་གི་ཐུགས་རྗེས་ཉ་ཡི་དོན་དུ་ཉ་པ་རྣམས་ཀྱི་ཚོང་འདུས་སུ། །རྒོངས་ཀྱི་དུས་སུ་བུད་མེད་ལ་འཇུག་ཕྱིར་དུ་དགའ་བས་བྲན་མོ་རྣམས་ཀྱི་ཁྱིམ་དུ་འགྲོ། །ཆང་ཉ་བུད་མེད་རྣམས་ཀྱིས་དྲི་མ་གསུམ་བྲལ་ཨ་བ་དྷཱུ་ཏི་དམངས་རིགས་ཅིས་མ་ཡིན། །གང་དག་དངོས་པོ་དུ་མར་གྱུར་པ་སེར་སྐྱ་བ་ནི་གཅིག་པ་ཉིད་དམ་འཆའ་ལ། །གང་གི་བསྒྲུབ་བྱ་མེད་པ་ཉིད་ལ་བརྟན་གཡོའི་འགྲོ་བ་ཡོད་པ་ཉིད་དུ་དམ་འཆའ་བ། །གང་ཚེ་གཏན་ཚིགས་བསྒྲུབ་བྱ་དང་མཚུངས་གྱུར་པ་དེ་ཚེ་སྒྲུབ་པ་པོ་ཡིས་བསྒྲུབ་བྱ་མིན། །གལ་ཏེ་བསྒྲུབ་བྱ་གཞན་ལ་གཏན་ཚིགས་ཀྱང་གཞན་གྱུར་པ་དེ་ཚེ་དེ་ཡི་དམ་བཅས་ཉམས། །སྒྲ་རྣམས་རྟག་པར་དམ་བཅས་ནམ་མཁའ་ལྟ་བུར་བྱས་པའི་ལུས་མེད་པར་གྲུབ་དེ་བཞིན་དུ། །སྒྲ་རྣམས་མི་རྟག་དམ་བཅས་བུམ་པ་ལྟ་བུར་བྱས་ཏེ་ཤིན་ཏུ་རྩོལ་བས་བྱུང་བའི་ཕྱིར། །ནམ་མཁའི་ལས་ནི་རྟག་པར་གྲུབ་ཀྱང་ཁྱོད་ཀྱི་ཁ་ལས་སྒྲ་རྣམས
84.151b
མི་རྟག་ངེས་པར་གྲུབ། །གཟུགས་དང་རེག་བྱ་དྲི་དང་རོ་ཡི་ཡུལ་རྣམས་བཞིན་དུ་ལྔ་པ་སྒྲ་ཡང་ཅིས་མ་ཡིན། །དེ་ནི་གང་གིས་ཐོག་མར་རྟོགས་པས་ས་སྟེང་བར་སྣང་ཁམས་སུ་སྒྲ་དེས་སླར་ཡང་ནི། །རྣ་བས་སྒྲ་རྣམས་རབ་ཏུ་རྟོགས་པར་འགྱུར་བ་དེ་ནི་སྒྲ་རྣམས་རྟག་པ་ཉིད་ཡིན་ལོ། །གང་གིས་ཐོག་མར་དོན་རྟོགས་གྱུར་པས་ས་སྟེང་བར་སྣང་ཁམས་སུ་སླར་ཡང་དེ་ཚུལ་གྱིས། །རྣ་བས་དོན་རྣམས་ངེས་པར་རྟོགས་པར་གྱུར་པས་དེ་ཅི་གཟུགས་རྣམས་རྟག་པ་ཉིད་ཡིན་ནམ། །རྟག་པ་གསལ་བྱ་གཅིག་ཏུ་ཡོན་ཏན་མ་ལུས་རང་བཞིན་སྒྲ་ཞིག་རྣ་བའི་བུག་པར་གནས། །མགྲིན་པ་ནས་བརྗོད་གསལ་བྱེད་སྒྲ་ཡི་ཚོགས་རྣམས་སླར་ཡང་རྟག་པར་གྱུར་པ་མ་ཡིན་ལ། །གང་ཞིག་བརྗོད་པ་གཅིག་གིས་ཉན་བྱེད་རྣ་བའི་བུག་པར་སྒྲ་ཡི་ཀུ་ཅོར་འགྱུར་མིན་ནམ། །རྟག་པར་མངོན་པར་གསལ་བྱ་དེ་ལྟར་འགྱུར་གྱི་གཞན་ལ་ལྟོས་པས་ནུས་པའང་མིན། །དངོས་པོའི་བྱེད་པོའི་རྒྱུ་ནི་སླར་ཡང་མུན་པ་གསལ་བར་བྱེད་པ་གཞན་ན་གནས་པས་ནི། །རྟག་པར་མངོན་པར་གསལ་བར་བྱས་པ་གང་ཞིག་རྒྱུ་ཡིས་བསྐྱེད་པ་འདིར་ནི་བྱིས་པ་སྟེ། །བྱས་པ་དང་ནི་གཞན་པ་གང་དག་ཆོས་མི་མཐུན་པས་གྲུབ་པས་འགྱུར་བ་ཉིད་མ་ཡིན། །ཆོས་མི་མཐུན་པ་དེ་ཕྱིར་བྱས་པ་རྣམས་ནི་ཡོད་པར་འགྱུར་ལ་གཅིག་ཤོས་དེ་མེད་དོ། །གང་ཞིག་མངོན་པར་གསལ་བྱའི་རྒྱུར་གྱུར་མངོན་པར་གསལ་བྱེད་དེ་ནི་ཅི་ཡིས་རྒྱུ་མ་ཡིན། །མུན་པར་ཐིམ་པར་གྱུར་པ་གང་དག་དེ་ཡིས་མངོན་པར་གསལ་བྱས་དེ་ཡིས་འབྲས་བུ་ཅིས་མ་ཡིན། །སྒྲ་དང་དོན་དག་གལ་ཏེ་གཅིག་པར་གྱུར་ན་དེ་ཚེ་དོན་ཉམས་པ་ནི་སྒྲ་ཉམས་འགྱུར། །སྤྱི་དང་གསལ་བ་དེ་བཞིན་འགྱུར་ཏེ་ནམ་མཁའ་ཙམ་དང་གཞན་པ་ཉིད་དང་གཅིག་པ་ཉིད། །སྟོང་པ་སྒྲ་དང་ལྡན་པར་གྱུར་ན་དེ་ཚེ་འཇིག་རྟེན་གསུམ་པོ་སྒྲ་མེད་འགྱུར། །གང་གིས་ནམ་མཁའ་ཡོད་པ་ཉིད་ན་བརྟན
84.152a
དང་གཡོ་བའི་འགྲོ་བ་དེས་ན་མེད་པ་ཉིད། །གལ་ཏེ་ནམ་མཁའ་དང་ནི་འབྱུང་བའི་ཚོགས་ཀྱི་རྒྱུ་དག་ཆོས་མི་མཐུན་ལས་གྲུབ་འགྱུར་ན། །དེ་ཡི་རྒྱུ་ལས་སྒྲ་དང་སྒྲ་མིན་དམན་པར་ངེས་པར་སྒྲུབ་པ་པོ་ལ་ངེས་པར་འགྱུར། །ནམ་མཁའ་ས་སྟེངས་དག་ཏུ་གཟའ་དང་རྒྱུ་སྐར་དག་དང་བྱོལ་སོང་དང་ནི་མི་རྣམས་དང ། །ལྷ་དང་སྲིན་པོ་རྣམས་དང་རང་གི་རིགས་ཀྱི་དམ་ཚིག་ཅན་གྱི་ཡི་དགས་ལྷ་མིན་ཀླུ། །སྔགས་ཀྱི་ཡི་གེ་རྣམས་ཀྱི་རང་བཞིན་ཡོན་ཏན་དབང་ལས་དབྱིབས་དང་ཁ་དོག་རང་བཞིན་གྱི། །དོན་གཅིག་དུ་མའི་སྒྲ་ཡིས་ཁ་ཅིག་ཏུ་ཡང་དོན་རྣམས་མང་པོ་དེ་ནི་སྒྲ་གཅིག་གིས། །དངོས་མེད་སྟོང་པའི་རྒྱུ་ལས་བརྟན་དང་གཡོ་བའི་དངོས་པོ་རྒྱུ་ལས་གྲུབ་པས་ན། །དཔེ་ནི་ནམ་མཁའི་མེ་ཏོག་དང་ནི་ས་དང་ཤིང་དང་མེ་ཏོག་དེ་དེར་རང་རང་གྲུབ། །མོ་ཤམ་བུ་མོ་ནམ་མཁའ་ཙམ་ལས་སྐྱེས་པ་ནམ་མཁར་འགྱུར་ལ་བུ་ལྡན་ལས་སྐྱེས་པ། །བུ་ནི་འགྲོ་བ་མ་ལུས་པར་འགྱུར་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་ཕུང་པོའི་ས་བོན་ལས། །ས་དང་ཆུ་དང་མེ་རྣམས་ལྷ་ཡི་དེ་ཉིད་ཁྱད་པར་རྣམས་ནི་ཕྱི་དང་ཐ་དད་མིན། །གལ་ཏེ་ལྷན་གཅིག་རབ་ཏུ་འཇིག་པར་གྱུར་ན་དེ་ཚེ་ཐ་དད་གཟུགས་དང་ལྷན་ཅིག་ཏུ། །ས་དང་ཆུ་དང་མེ་རྣམས་ལྷ་ཡི་དེ་ཉིད་གཅིག་པ་ཉིད་དུ་རབ་ཏུ་འཇིག་པ་མིན། །སྲོག་ཆགས་སོ་སོའི་ལུས་ནི་འཇིག་པ་རྣམ་པར་བྲལ་བའི་འབྱུང་པོའི་ཚོགས་ཀྱི་ལྷ་རྣམས་ཏེ། །ས་དང་ཆུ་དང་བྱིན་ཟ་རླུང་དང་ནམ་མཁའ་སྦྱོར་བས་གང་ཞིག་རྣམ་ལྔའི་བདག་ཉིད་ལུས། །ལུས་ཅན་རྣམས་ལ་ཡོན་ཏན་བྲལ་བའི་ལྷ་རྣམས་རྣམ་ལྔ་དེར་ནི་མཐོང་མིན་ཡོད་ཅེས་གྲགས། །སྲོག་ཆགས་རྣམས་ནི་སྔོན་གྱི་ལུས་པོ་སྤངས་ནས་སླར་ཡང་ལུས་གཞན་བསམ་པ་འཛིན་པར་འགྱུར། །གང་ཞིག་ས་ལ་སོགས་པའི་ལྷ་རྣམས་དེ་ཡི་སྔོན་གྱི་ལུས་པོ་ཞིག་པས་རབ་འཇིག་འགྱུར། །སྲོག་ཆགས་གཟུགས་གཞན་གློག་གི་ཕྲེང་བ་ཆེན་པོ་བཞིན་དུ་རབ་ཏུ་རྒྱ་ཆེན་གཟུགས་ཅན་ཏེ། །སྤྲིན་བོར་ནས་ནི་བར་སྣང་དག་ལ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་མགྱོགས་པའི་ཤུགས་ཀྱིས་འགྲོ། །སྲོག་ཆགས་སྲོག་དང་ལྷན
84.152b
ཅིག་བེམས་པོའི་ལུས་དང་བྲལ་བ་ཚོར་བ་ལ་སོགས་རབ་ལྡན་པ། །སྲིད་པ་སུམ་བཅུ་རྩ་གཅིག་རྣམསུ་དགེ་དང་མི་དགེའི་དབང་གིས་གཅིག་པུ་ཁོ་ན་འགྲོ། །གཅིག་མིན་རྣམ་པ་ལྔ་པོ་ཡུལ་དང་བྲལ་བ་ནང་གི་བདག་དང་མཆོག་གི་བདག་ཉིད་ནི། །ནམ་མཁའ་ལས་འདས་མི་གསལ་མིན་ཞིང་མི་གསལ་འབྲས་བུ་མེད་མིན་ནུས་པ་དམན་པ་མིན། །སེམས་ལས་འདོད་པས་རང་བཞིན་སྐྱེས་བུ་འབྱུང་བ་མིན་ཞིང་སྲོག་རླུང་མེད་ན་སེམས་མེད་ལ། །སྲོག་ཆགས་སེམས་དང་ལྷན་ཅིག་བདེ་འགྲོ་ངན་འགྲོ་དག་ཏུ་ལས་ཀྱི་འབྲེལ་བས་འཇུག་།ཕན་ཚུན་ལྟོས་ཕྱིར་རིག་པ་དང་ནི་བེམས་པོ་དག་དང་རྒྱུ་དང་འབྲས་བུ་ཉིད་དག་དང ། །ཕན་ཚུན་ལྟོས་ཕྱིར་གང་ཚེ་འབྱུང་བའི་ཚོགས་རྣམས་ཡོངསུ་གྱུར་པར་རབ་ཏུ་འབྱུང་བ་ནས། །ཐེར་ཟུག་པ་ཡང་འགྱུར་བ་ཉིད་པས་དེ་ཚེ་འབྱུང་བའི་ཚོགས་རྣམས་འགྱུར་བར་ངེས་པ་ཡིན། །ཐམས་ཅད་འགྱུར་མེད་རྟག་པའི་རང་བཞིན་འགྱུར་ཡང་གང་ཞིག་རྟག་པ་ཉིད་ནི་འགྱུར་བ་མེད། །ཐེར་ཟུག་པ་དང་ཐེར་ཟུག་དམན་པའི་སྐྱེས་བུ་ཁྱབ་བདག་གིས་ནི་སྲིད་སྒྲུབ་ལ་བཤད་དེ། །ཕན་ཚུན་ལྟོས་ཕྱིར་རིགས་པ་དང་ནི་རིགས་དག་ཀྱང་ནི་རྒྱུ་དང་འབྲས་བུ་ཉིད་དུ་འགྱུར། །ཕན་ཚུན་ལྟོས་ཕྱིར་བྱས་པ་མིན་དང་བྱས་པ་དག་ཀྱང་རྒྱུ་དང་འབྲས་བུ་ཉིད་དུ་འགྱུར། །ཕན་ཚུན་ལྟོས་ཕྱིར་བྱས་པ་དག་དང་བྱས་པ་ཡང་ནི་རྒྱུ་དང་འབྲས་བུ་ཉིད་དུ་འགྱུར། །ཐམས་ཅད་རྣམ་པར་རིག་པ་ཙམ་སྟེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས། །གཟུགས་དང་རེག་བྱ་དྲི་དང་སྒྲ་དང་བཅས་པའི་བདེ་བ་རྡུལ་ཕྲན་ཕུང་པོར་གྱུར་པ་མིན། །རྣམ་པར་ཤེས་ལས་འབྲས་བུའི་དངོས་པོ་རང་འབྱུང་བ་ལས་མིན་ཞིང་མེད་དང་འདྲེན་མས་མིན། །ས་བོན་ལས་ནི་མྱུ་གུ་ལ་སོགས་བཞིན་དུ་འགྱུར་གྱི་རང་ལས་མིན་ཞིང་རྒྱུ་མེད་མིན། །རྐང་དང་རུས་པ་ཆུ་བ་ཤ་དང་ཁུ་ཁྲག་ཚིལ་བུ་ལྤགས་པ་རྡུལ་ཕྲན་ཕུང་པོ་མིན། །རྣམ་པར་རིག་པ་ཙམ་ཞིག་སྤངས་ནས་སླར་ཡང་སྲིད་པ་གཞན་དུ་རྣམ་རིག་ཙམ་ཞིག་འགྲོ། །དེར་ནི་ལུས་ལེན་སླར་ཡང་སྲིད་པ་གཞན་དུ་རྣམ་རིག་ཙམ་པོ་དེ་ཉིད་དེ། །འདོད་ཆགས་གཉིད་ལོག་གྱུར་ན་རང་གཞན་བྲལ་བ་རྣམ་རིག་ཙམ་པོ
84.153a
རྣམ་པར་ཉམས། །གལ་ཏེ་འགྲོ་བ་རྣམ་རིག་ཙམ་དུ་གྱུར་ན་འདིར་ནི་དོན་གཞན་རྣམ་པར་རིག་ཙམ་དུ། །དེ་འགྱུར་གལ་ཏེ་འགྲོ་བ་རྣམ་རིག་ཙམ་ན་དེ་ཚེ་གཉིས་མེད་མིན་ཏེ་དེ་གཉིས་ཕྱིར། །གང་ཞིག་འདི་ཡི་མ་རིག་གློ་བུར་བ་སྟེ་ལྷན་སྐྱེས་གྱུར་པ་དེ་ནི་རྣམ་རིག་མིན། །སྔོན་དུ་རྣམ་རིག་རྣམ་པར་དག་པར་ལྷན་སྐྱེས་བེམས་པོ་ཡང་ནི་རིག་པར་རྣམ་དག་འགྱུར། །བེམས་པོ་མ་ལུས་རྣམ་པར་རིག་པ་ཙམ་དུ་འགྲོ་བས་སད་པའི་ཚེ་ན་རབ་ཏུ་རྟོགས་པས་གྲུབ། །དེ་ཡི་རྣམ་རིག་མི་སྣང་བར་འགྱུར་ཡང་ན་རང་གནས་ཚངས་པ་དབང་ཕྱུག་ལ་སོགས་འགྱུར། །བྱེ་བྲག་གྲུབ་ན་སེར་སྐྱའི་འདོད་པར་འགྱུར་ཏེ་ས་བོན་ནང་ན་མྱུ་གུ་སོགས། །གཅིག་ཕྱིར་འབྲས་བུ་ཡོད་པར་སྨྲ་བར་འགྱུར་ཏེ་རྒྱ་ལ་རྟག་པ་ཅུང་ཟད་ཡོད་མ་ཡིན། །ཐོག་མར་ཕྲ་རབ་རྡུལ་གྱི་ཕུང་པོ་འགྲོ་བའི་ཆ་མེད་གང་གི་རྡུལ་ཕྲན་ནམ་མཁའ་ལ། །ཕྲ་རབ་རྡུལ་རྣམས་འདུས་པའི་འགྲོ་བ་ལས་ཀྱང་འགྲོ་བ་སྲིད་པ་རྡུལ་ཕྲན་ཕུང་པོ་མིན། །རྡུལ་ཕྲན་བྲལ་ཏེ་ནམ་མཁར་གནས་པ་ལས་གཞན་འགྲོ་བ་རྣམས་ཀྱི་རྣམ་པར་འཇིག་པ་མིན། །གལ་ཏེ་ལུས་པོ་རྡུལ་ཕྲན་ཕུང་པོར་གྱུར་པ་དེ་ཚེ་སུ་ཡི་ལུས་པོ་འཇིག་པར་འགྱུར། །འབྱུང་བ་བརྟགས་པ་མེད་ལས་གཞན་དུ་རྡུལ་ཕྲན་བྲལ་མིན་གང་གི་རྡུལ་ཕྲན་དེ་རྡུལ་ཀྱང ། །སྡུད་དང་སྐྱེད་པ་བྲལ་བས་ནམ་མཁའི་དཀྱིལ་ལ་གནས་ཏེ་རླུང་དང་ལྡན་དང་མི་ལྡན་པས། །ཕྲ་རབ་རྡུལ་རྣམས་ཆ་ཤས་དྲུག་ལ་སླར་ཡང་ཆ་ཤས་དྲུག་སྟེ་སླར་ཡང་གང་གི་ཆ་ཤས་དྲུག་།དེ་ཡི་ཆ་ཤས་ཕྲ་རབ་ཆ་ཡིས་ནམ་མཁའི་ཁམས་འདི་གང་བར་ཅིས་མི་འགྲུབ། །དངུལ་ཆུ་ནོར་བུའི་རྡུལ་ཕྲན་ཆ་བཅས་ཆ་མེད་ཚད་མེད་དག་གིས་བསྒྲུབ་བྱར་གྱུར་པ་མིན། །ཆ་དང་བཅས་ན་ཟངས་མ་འབིགས་མིན་རྡོ་ཡང་མིན་ལ་རྡུལ་ཕྲན་ཕུང་པོ་ཆ་མེད་མིན། །དངུལ་ཆུས་ཟངས་མ་རེག་ཅིང་གཉིས་སྐྱེས་ནོར་བུས་རྡོ་བ་ལྷ་ཡི་རིན་པོ་ཆེར་འགྱུར་ལ། །རྣམ་པར་ཤེས་པ་རྣམ་རྟོག་དྲུག་གིས་ཉེ་བར་ཉམས་པ་རྡུལ་ཕྲན་ཕུང་པོའི་རྣམ་འགྱུར་མིན། །ཕྱི་རོལ་སྔོན་པོའི་གཟུགས་ནི་གང་ཞིག་རྡུལ་ཕྲན་ཕུང་པོར་དེ་ཡི་ཚད་མས་གྲུབ་པ་ཡིན། །རྣམ་པར་ཤེས་པའི་བག་ཆགས
84.153b
དག་ལས་ནམ་མཁའི་དཀྱིལ་དུ་རྨི་ལམ་དང་མཚུངས་མཐོང་ཞེས་གྲགས། །གང་ཕྱིར་དམུས་ལོང་མིག་མེད་ཡིད་ཀྱིས་དེ་ནི་མིག་དང་ལྡན་ཞིང་མ་ཡིན་དེ་ཕྱིར་མིན། །མིག་གི་རྣམ་ཤེས་ཁམས་ལས་མིག་དང་བཅས་པས་ཕྱི་རོལ་གཟུགས་ལས་ཡིན་གྱི་བག་ཆགས་མིན། །གང་ཞིག་སྒྲ་རྣམས་མ་ལུས་རྣ་བར་ཐོས་པ་དེ་ཡང་འོན་པ་རྣམས་ཀྱིས་ཐོས་མ་ཡིན། །སྣ་ནད་བཅས་པས་གང་ཞིག་དྲི་ཡི་རྡུལ་ཕྲན་འདུས་པ་མིན་ཞིང་ནད་མེད་པས་དེ་འཛིན། །ལྕེ་ཡི་ནད་ཅན་རོ་མི་མྱོང་ལ་དེ་ཉིད་ལ་ཡང་ནད་མེད་ལྕེ་ཡིས་མྱོང་བར་བྱེད། །རྣམ་པར་ཤེས་པ་སྐྱེ་མཆེད་བཅུ་གཉིས་རྣམ་པར་བྲལ་བ་ཚད་མས་བསྒྲུབ་པར་བྱ་བ་མིན། །རྡུལ་ཕྲན་འདུས་པའི་འགྲོ་བས་ཀྱང་ནི་འགྲོ་བ་མཐོང་ནས་མི་ཤེས་པ་ཡིས་ཚད་མ་ཡི། །དྲག་པོ་དང་ནི་ཚངས་པའང་སེང་གེས་ཀྱང་ནི་ཤེས་པ་རྣམ་པར་རིག་པ་ཙམ་དུ་བྱས། །རྡུལ་ཕྲན་རྣམས་ཀྱི་བྲལ་བ་མཐོང་ནས་ཐིམ་པར་འགྱུར་རམ་བསྡུས་སམ་ཡང་ན་འགག་པར་འགྱུར། །སྐྱེ་བ་མེད་ཅིང་འགག་པ་མེད་ལ་མང་པོ་འདུས་སམ་འདུས་པ་མིན་པར་རབ་ཏུ་བྱུང ། །འདི་ནི་ཐུབ་པས་ནམ་མཁའི་ཚད་མ་བྱས་ལ་རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡང ། །རང་རྒྱལ་རྣམས་དང་ཉན་ཐོས་ལྷ་དང་ལྷ་མིན་ཀླུ་དང་བདག་ལྟ་བུར་ཡི་རྒྱལ་སྲས་རྣམས། །གཟའ་དང་རྒྱུ་སྐར་རྣམས་དང་ནམ་མཁའ་ས་སྟེང་དག་ཏུ་སྐྱེས་པ་བུད་མེད་དྲང་སྲོང་རྣམས། །ཁྲོ་བོ་རྣམས་དང་སྲིན་པོ་ཤ་ཡི་དམ་ཚིག་ཅན་གྱི་སྟག་གཟིག་བྱོལ་སོང་དམྱལ་བ་རྣམས། །གང་ཞིག་རྣམ་པར་མི་རྟོག་དང་ལྡན་རང་གཞན་བྲལ་བ་སྟོང་ཉིད་དུས་གསུམ་ངོ་བོ་ཉིད། །རྣམ་པ་ཐམས་ཅད་རྡུལ་ཕྲན་གྱིས་སྟོང་ནམ་མཁའི་དཀྱིལ་ལྟར་སོན་པའི་རྨི་ལམ་སྒྱུ་མ་བཞིན། །གང་ཞིག་ཐམས་ཅད་མཁྱེན་པ་གཟིགས་པ་དྲི་མ་གསུམ་བྲལ་རྣམ་པར་མི་རྟོག་དེ་མ་ཡིན། །གང་གིས་དེ་རྟོགས་སེམས་ལ་དྲི་མེད་དྲི་མར་ལྡན་པ་མཁྱེན་པ་ཉིད་ནི་སངས་རྒྱས་ཏེ། །གང་ཞིག་སྦྱིན་པ་ལ་སོགས་ལམ་དང་དགེ་བཅུ་ལམ་དང་བྱང་ཆུབ་ཕྱོགས་སོགས་ཆོས་རྣམས་དང ། །བྱམས་པ་ལ་སོགས་གནས་དང་རང་བཞིན་བྲལ་བ་སྟོང་པ་ལ་སོགས་རྣམ་པར་ཐར་པ་དང ། །ཚུལ་ཁྲིམས་ལ
84.154a
སོགས་གང་ཞིག་ཡུལ་དང་བྲལ་བའི་རྣམ་པ་ཀུན་དུ་མི་རྟོག་པ། །དེ་རྣམས་བྱེད་པོ་གང་ཞིག་སྟོབས་བཅུའི་སྟོབས་ལྡན་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་མིན། །གང་ཞིག་གཟུགས་སོགས་ཁམས་དྲུག་དེ་ནི་ཡུལ་དྲུག་ཀྱང་སྟེ་རྡུལ་ཕྲན་ཕུང་པོའི་རྣམ་འགྱུར་རོ། །ཕྱི་རོལ་སྔོན་པོའི་གཟུགས་ལ་སོགས་པའི་ཡུལ་ཅན་རང་ལུས་ས་དང་དྲི་ལ་སོགས་པ་དྲུག་།སྟོང་པ་སྣང་དང་མུན་པ་ས་གསུམ་གནས་སུ་རྣམ་པ་ཀུན་ནས་རྣམ་པར་མི་རྟོག་པ། །སྣང་བས་རབ་ཏུ་སད་པ་རབ་རིབ་རྣམ་པར་བྲལ་བ་འགྲོ་དྲུག་གནས་པའི་སྲོག་ཆགས་ཡིན། །འཕགས་པའི་ཡུལ་གྱི་རྒྱལ་པོ་བདེ་གཤེགས་དམ་ཚིག་ཅན་ལ་སངས་རྒྱས་ལམ་སྟོན་མཛད་པ་པོ། །ཀླུ་སྒྲུབ་རྡོ་རྗེ་ཅན་ཀྱང་སྲིད་པ་གསུམ་གྱི་བླ་མས་ཆོས་ཀྱི་དབྱིངས་སུ་ལུང་བསྟན་ཅིང ། །ཉམས་པ་རྣམས་ཀྱི་གོས་སྔོན་ཅན་ལ་ཤ་ཡི་དམ་ཚིག་ཅན་གྱི་སྟོན་པ་བྱང་ཆུབ་རྡོ་རྗེ་སྟེ། །ཡེ་ཤེས་མཐའ་ཅན་ནག་པོའི་མིང་ཅན་གཞན་ཡང་མ་དྷུ་མ་ཏི་སྲིན་པོའི་དབང་པོ་འབྱུང ། །ཡེ་ཤེས་མིང་ཅན་རྡོ་རྗེ་དྲིལ་བུ་ལག་གདུབ་དག་ཀྱང་དེ་བཞིན་ཐོད་པར་ཆང་འཐུང་ཞིང ། །ཁ་ཊྭཱཾ་ག་དང་རུས་པའི་རྒྱན་ཆ་ཆང་སྣོད་ཅང་ཏེའུ་སྟེར་བ་ནག་པོའི་མིང་ཅན་ནོ། །སློབ་མ་རྣམས་ལ་གོས་སྔོན་དང་ནི་ཀུན་ཏུ་རྒྱུག་པ་སྟེར་བ་ན་བཟའ་སྔོན་པོ་ཅན། །ཤ་ཡི་དམ་ཚིག་ཅན་གྱི་ཐོད་པ་ཅན་ལ་རྡོ་རྗེའི་ཕྱག་རྒྱ་སྟེར་བ་བྱང་ཆུབ་རྡོ་རྗེའོ། །གོས་སྔོན་ཅན་ནི་རྟ་མཆོག་བདག་པོ་དཔལ་ལྡན་ཧ་ལ་སོགས་པའི་མིང་ཅན་གྱིས་བསྣུན་འགྱུར། །ཡེ་ཤེས་རྡོ་རྗེའི་སྐྱོན་གྱིས་སློབ་དཔོན་རབ་ཏུ་འཁྲུགས་པས་མིག་གཉིས་ས་ལ་ལྟུང་བར་འགྱུར། །རབ་ཏུ་ཁྲོས་པའི་ཁ་ཅན་ཐོད་པ་ཅན་གྱི་ཕོ་ཉ་གཞོན་ནུས་ནག་པོའི་ཁྲག་འཐུང་བྱེད། །ཤ་ཡི་དམ་ཚིག་ཅན་གྱི་སྤྱོད་པ་འགལ་བ་དེ་དག་སངས་རྒྱས་པ་རྣམས་སྤོང་མི་འགྱུར། །མཆོག་གི་ཐུགས་རྗེ་ཅན་གྱི་འཇིགས་བྱེད་ཀྱིས
84.154b
བསྟན་ཐོད་པ་ཅན་གྱིས་རྒྱལ་པོ་ལས་འདོམས་པ། །གང་གི་མིང་གིས་རྣམ་རྟོག་ཡིད་ཀྱིས་ཐུགས་རྗེ་མིན་ཞིང་སེམས་ཅན་ཕུང་པོ་བྱམས་པ་མིན། །དེ་རྣམས་བཟང་པོའི་ཐབས་ནི་སྣ་ཚོགས་ཤ་ཡི་ཁ་ཟས་གཞན་གྱི་ནོར་འཕྲོག་འདོད་པ་ནི། །ལོག་པར་གཡེམ་པ་དགེ་བ་རྣམ་པར་བྲལ་བས་སྐྱེ་བ་འདི་ཉིད་ལ་ནི་འགྲུབ་པར་འགྱུར། །སྐྱེས་བུས་མཐོ་རིས་གཉིས་སྐྱེས་འཇིགས་བྱེད་ལ་སོགས་ཕྱུགས་ཀྱི་ཤ་ཡི་མཆོད་པའི་མཆོད་སྦྱིན་གྱིས། །དེ་ཐོས་སངས་རྒྱས་ལམ་ནི་སེང་གེ་འཕྲོག་བྱེད་ཀྱིས་བཤད་ཚངས་པའི་ཆོས་ནི་རྣམ་པར་སྤངས། །ཁྲོ་བོའི་དབང་པོ་སྲིན་པོའི་དབང་པོ་གཉིས་སྐྱེས་ཕྱུགས་ཀྱི་ཤ་ཡིས་རྒྱལ་པོས་མཆོད་པར་འགྱུར། །གང་ཡང་རུང་བ་བློ་གྲོས་དམན་པ་དགེ་བ་རྣམ་བྲལ་དེ་ནི་བདུད་ཀྱིས་སླུས་པར་འགྱུར། །ཁྲོ་བོ་དབང་པོ་སྲིན་པོའི་དབང་པོའི་ཤ་ཡི་དམ་ཚིག་ཅན་གྱི་རྒྱལ་པོས་མཆོད་པར་འགྱུར། །མཐོ་རིས་དབང་ཕྱུག་འདོད་ཕྱིར་གཉིས་སྐྱེས་ཕྱུགས་ཀྱི་ཤ་དང་ཁྲག་གིས་བསྒོས་པའི་མགོ་བོ་ཡིས། །ངེས་པར་མནར་མེད་དམྱལ་བ་རྟག་ཏུའང་སྡུག་བསྔལ་དམྱལ་བ་པ་ལ་སྟེར་བར་འགྲོ་བར་འགྱུར། །གང་ལས་བསྐལ་པའི་རྒྱལ་པོ་སྟོང་ཕྲག་སུམ་བཅུ་རྩ་དྲུག་རྣམས་ཀྱིས་ངེས་པར་འཐོན་པར་འགྱུར། །བདུད་ཀྱིས་ཤ་ཡི་དམ་ཚིག་ཅན་གྱི་ཡི་དགས་མཁའ་འགྲོ་རྣམས་ལ་སྒྱུ་མ་བྱེད་འགྱུར་ཞིང ། །སེམས་ཅན་བསླུ་ཕྱིར་ཁ་ཅིག་ཏུ་ནི་འཇིགས་པ་མིན་པར་བདག་ཉིད་གཟུགས་ནི་སྟོན་པར་བྱེད། །ལྷ་རྣམས་ཤ་ཡི་དམ་ཚིག་ཅན་གྱི་ལྷ་མ་ཡིན་རྣམས་ཟད་པར་བྱ་ཕྱིར་སྒྱུ་མ་བྱེད། །སེམས་ཅན་རྣམས་ནི་བསྐྱང་ཕྱིར་ཁ་གཅིག་ཏུ་ཡང་བདག་གཟུགས་འཇིགས་སར་མི་བྱེད་སྟོན་པར་བྱེད། །ལོང་བ་བརླག་ཕྱིར་འཇིག་པའི་དུས་ཀྱི་མེ་ལྷའི་འཇིགས་བྱེད་དུས་ནི་མེ་ལྷ་རབ་ཏུ་བྱུང ། །བདེ་བྱེད་ཀྱིས་བསད་ལྷ་མ་ཡིན་ཏེ་ཁྲག་ཀྱང་སྲིན་པོ་རྣམས་ཀྱིས་མཐུངས་པར་འགྱུར། །ཉ་དང་རུས་སྦལ་ཕག་རྒོད་མི་ཡི་སེང་གེ
84.155a
ལྷ་མ་ཡིན་རྣམས་བརླག་ཕྱིར་ཁྱབ་འཇུག་སྐྱེས། །ཉ་དང་དེ་བཞིན་རི་དགས་ལ་སོགས་འོ་མ་ནགས་ཚལ་དགོན་པ་ཁྱབ་འཇུག་གིས་མི་བཟའ། །ས་གསུམ་བླ་མས་ཡི་དགས་མཁའ་འགྲོ་རྣམས་ནི་སྨིན་ཕྱིར་ཧེ་རུ་ཀ་ཡི་གཟུགས་སུ་བྱས། །མཚན་མོ་རྒྱུ་བའི་བདག་པོས་རཱ་མ་ན་ཡི་ཆུང་མ་དབྲོག་ཕྱིར་གནས་འཇོག་གཟུགས་སུ་བྱས། །འཇིགས་སྡེ་མེད་པས་སྐྱབ་སེང་བུ་རྣམས་ཤ་ཡི་དམ་ཚིག་ཅན་གྱིས་བྲམ་ཟེའི་གཟུགས་ཀྱིས་བཅིངས། །ཀིར་མི་རི་ཡིས་ཤ་ཡི་ཆེད་དུ་སུམ་བཅུའི་སྟོབས་ཅན་སྲིན་པོའི་རིགས་ཀྱི་ཆོས་བྱེད་ཅིང ། །ལྷ་དང་ཀླུ་ཡི་དབང་པོ་དམ་ཚིག་འདིར་ནི་རྒྱལ་པོ་ཆེན་པོ་རིག་པར་བྱོས། །ལྷ་བཤོས་འབྲས་ཆན་ཁུ་བ་ཞོ་དང་འོ་མ་མར་དང་བཅས་པ་འོ་ཐུག་ཤ་ཀར་རྣམས། །ཁྲོ་བོ་རྣམས་དང་སྲིན་པོ་རྣམས་ལ་ཕྱུགས་ཀྱི་ཤ་ཡི་གཏོར་མ་འབྲས་ཆེན་ཁྲག་དང་ཆང ། །སངས་རྒྱས་རྣམས་ལ་སྙིང་པོ་ལྔ་དང་བུ་རམ་ཞོར་བཅས་འབྲས་ཆེན་ལྷུང་བཟེད་དཀའ་ཐུབ་ལ། །ཁྲུས་བཅས་སྦྲང་རྩི་མར་སར་ཟ་ཞིང་ཙན་དན་མེ་ཏོག་དག་གིས་མགོན་པོར་བཅས་པ་མཆོད། །གང་གིས་ཆང་སོགས་མཆོད་པ་དེ་དང་དེ་ཡིས་ལྷ་དང་འཇིགས་བྱེད་དམ་ནི་ཧེ་རུ་ཀ་ལ་མིན། །སྲིན་པོའི་དབང་པོ་མཚན་མོ་རྒྱུ་བའི་དམ་ཚིག་དཔལ་ལྡན་རྒྱལ་པོ་ཟླ་བ་སེང་གེས་སྤྱད། །མདུང་ཅན་མ་དང་དྲི་བ་ཏི་དང་འདི་དག་རིགས་སྐྱེས་བུད་མེད་མིན་ཏེ་ཁྲོ་མོ་ལྔ་ལྔ་ཡང ། །གཞན་ཡང་ཐོད་པ་ཅན་གྱི་ཆང་སྣོད་ནང་གི་ཆུ་ཡིས་གཙང་སྦྲ་ཨན་ཏྲ་ལ་སོགས་ཡུལ། །སིན་དྷུའི་ཡུལ་ན་པ་གླང་ཤ་ཟ་ཁ་བ་ཅན་རི་གཉིས་སྐྱེས་རྒྱལ་པོའི་མི་རྣམས་ཆང་འཐུང་ཞིང ། །གཱ་རེ་ལ་སོགས་ན་མ་ཧེ་དྷུ་ཤ་མ་ཁ་བར་བར་མི་སེ་རེན་རྟ་གླང་ཤ་།དེ་ཛིད་སྟག་དང་མི་ཤ་ཟ་ལ་པོ་སྐར་ཡུལ་དུ་བོང་བུ་རྔ་མོ་ཁྱི་ཡི་ཤ་།བྲམ་ཟེ་ལ་སོགས་རྣམས་ཀྱིས་ཤ་མི་བཟའ་བ་ཡུལ་འཁོར་ཆེན་པོ་ཀརྞ་ར་ཡི་ཡུལ། །ཉིན་དང་མཚན་གྱི་དུས་སུ་དམངས་རིགས་ལ་སོགས་ཁྱིམ་དུ་ཆང་འཐུང་བཀག་ལ
84.155b
རིགས་སྐྱེས་འཐུང ། །བུད་མེད་རྣམས་ཀྱི་དབང་པོ་སྐྱེས་པས་མོ་རྟགས་འཇིབ་པར་བྱེད་ཅིང་གཉིས་སྐྱེས་ཀྱི་བཤད་ཀྱི། །ཁྲུས་དང་གཙང་སྦྲ་མི་བྱེད་འདིར་ནི་ཆགས་པ་སྤྱོད་པ་པི་རའི་ཡུལ་ལ་སོགས་པ་རྣམས། །ཕ་དག་ཤི་ན་མ་དག་བུ་ཡི་ཆུང་མར་བག་མར་ལེན་པ་ངེས་པར་ཁོ་ནའི་ཡུལ། །རུག་མེར་སྤུན་ཟླའི་ཚ་མོར་ལེན་ལ་མ་ཁར་ཡང་ནི་སྤུན་ཟླའི་བུ་མོ་རང་གི་བུས། །སོ་ར་མེ་དང་ཙམ་པ་ཀ་ལ་སོགས་པར་ཚ་མོའི་བུ་མོ་དང་ནི་ཚ་མོའང་ཡིན། །སྤུན་ཟླའི་བུ་མོ་ཆུང་མར་ལེན་པ་ཡུལ་འཁོར་ཆེན་པོ་ཀར་ན་ཏ་ལ་སོགས་པར་རོ། །མ་ཡི་ཚ་མོ་ཆུང་མར་ལེན་པ་ལ་ལ་ཡང་སྟེ་ཁོལ་མོ་ལེན་པ་ར་རའི་ཡུལ། །བོད་ན་ཁྲུས་དང་གཙང་སྦྲ་མེད་ལ་བ་རུ་ཀུ་ལན་ཏ་རེ་གོ་སྟན་རིགས་ངན་ཡུལ། །སྐྱེས་པའི་བཀའ་ཡིས་གདེངས་ཅན་དབང་པོ་ཉིན་དང་མཚན་གྱི་དུས་སུ་ཆུ་ཡི་ཆར་འབེབས་བྱེད། །གལ་ཏེ་ཡུལ་ཆོས་སྤྱོད་པས་གྲུབ་པར་གྱུར་ན་དེ་ཚེ་རིག་བྱེད་ངག་དག་བདེན་པ་མིན། །ཤ་ཡི་དམ་ཚིག་ཅན་གྱི་ཤ་ཟའི་ལུས་ཅན་ཕྲུ་གུ་ཤ་དག་སྤོང་བར་འགྱུར་བ་ཡིན། །གང་ཞིག་རིག་བྱེད་བྱེད་པ་དྲང་སྲོང་མཆོག་གི་དཀའ་ཐུབ་ཅན་གྱི་རིག་བྱེད་ངག་དེ་གཉིས། །མཐོ་རིས་དོན་དུ་མི་དང་བ་ལང་གསོད་ཅིང་བྷ་གར་དཀྲུགས་པ་ཞི་བའི་བཏུང ། །ཞི་བའི་རིག་བྱེད་ངག་དེ་དག་གིས་སེམས་སུན་འབྱིན་པ་རབ་ཏུ་མཁས་པ་རྣམས། །བ་ལང་ལྤགས་པའི་ཞི་བའི་བཏུང་བ་བྷ་ག་མཆོག་ཏུ་དཀྲུགས་པ་རྟ་ཡི་ཕོ་རྟགས་བཅད་པ་ལ། །ཁུ་བ་ཁྲག་གིས་རྣམ་པར་བསྒོས་པ་སྦྲང་དང་མར་དུ་བཅས་པ་ལྕེ་ཡིས་ལྡག་པར་བྱེད། །དེ་ལྟའི་ཤ་ཟའི་སྤྱོད་པས་གལ་ཏེ་མཆོད་སྦྱིན་རིག་བྱེད་ངག་གིས་གཉིས་སྐྱེས་རྣམས་ཀྱིས་གྲུབ། །ངེས་པ་དང་ལྡན་ཞི་བའི་སེམས་དང་སྙིང་རྗེ་ལྡན་པའི་དཎ་ཌི་མཐོ་རིས་རྣམ་པར་ཉམས། །ཕ་ལ་སོགས་པའི་དོན་དུ་འཚེ་བ་བྱེད་ཅིང་ཁྱིམ་པ་མཆོད་སྦྱིན་དུས་སུ་ཕྱུགས་དག་གསོད། །དཀའ་ཐུབ
84.156a
རྣམས་ནི་འཚེ་བ་སྤོང་ཞིང་དཀའ་ཐུབ་ངེས་པར་བརྡུང་ཞིང་གོང་མ་གོམས་སོགས་ཡོད། །དཎ་ཌི་དཀའ་ཐུབ་རྣམས་ཀྱིས་མཐོ་རིས་མཆོད་སྦྱིན་འགེགས་པར་འགྱུར་ཏེ་དེ་ཡང་གང་གིས་ཕྱིར། །ཤེས་པར་གྲོལ་བས་དེ་ཕྱིར་སྣ་ཚོགས་ཕྱུགས་དག་གསོད་པ་གཉིས་སྐྱེས་རྣམས་ནི་ངུ་འབོད་འགྲོ། །ལྷ་ལ་སོགས་པ་མཆོད་པ་ཉིད་པས་གལ་ཏེ་ཤ་ཟོས་པ་ལས་ཉེས་པ་མི་སྐྱེས་ན། །བཅུ་གཉིས་པ་དང་ཉ་དང་བཅུ་བཞི་ཀླུ་ཡི་ཚེས་དང་ཉི་མ་འཕོ་བའི་དུས་དག་ཏུ། །ཁྱབ་འཇུག་ལ་སོགས་མཆོད་ཕྱིར་འདི་རྣམས་ཉི་མར་བྲམ་ཟེ་རྣམས་ཀྱིས་ཅི་ཕྱིར་ཤ་མི་བཟའ། །ཕ་ལ་གནས་སུ་ཤ་དང་རྣམ་པར་བྲལ་བའི་ཆང་བུ་ཅི་ཕྱིར་སྟེར་བྱེད་མཁས་པ་རྣམས། །འཚོ་བའི་ཕ་དང་མ་དག་གང་ཞིག་ཤི་བར་གྱུར་ན་སྔོན་གྱི་རིགས་རྒྱུད་རྣམ་པར་སྤངས། །བསོད་ནམས་སྡིག་པའི་མཐུ་ཡིས་མཐོ་རིས་ངན་སོང་དག་ཏུ་རབ་ཏུ་སྐྱེ་ལ་ལུས་བསྲེགས་ནས། །གནས་དང་གནས་སུ་རུས་པའི་དུམ་བུ་འཇོག་ཅིང་ཆང་བུ་དག་ཀྱང་སྟེར་བྱེད་སུ་ཞིག་ནི། །སུ་ཞིག་མ་ཡིན་སུ་ཞིག་ཕ་ཡིན་དེ་ནི་ལུས་དང་བྲལ་ནས་སྐྱེ་གནས་གཞན་ཞུགས་པ། །བྲམ་ཟེ་ལ་སོགས་མཆོད་པས་གལ་ཏེ་དེ་ཡིས་ཕ་མ་མཆོད་པར་རིག་བྱེད་ལས་གྲུབ་ན། །བྲམ་ཟེ་ལ་སོགས་མ་ཞུ་བ་ཡིས་དེ་ཚེ་ཤི་བ་ལ་ཡང་མ་ཞུས་གནོད་པར་འགྱུར། །གང་གིས་ཕ་དག་ཡི་དགས་སྐྱེ་དགེའི་དབང་གིས་ཡི་དགས་སྐྱེས་ནས་དད་པའི་ཁ་ཟས་སློང ། །ངེས་པའི་བུ་ཡིས་རབ་ཏུ་བྱིན་པའི་ཆང་བུ་ལེན་པར་གྱུར་ལ་ཆུ་ཡང་ལེན་པར་བྱེད། །ཚངས་པ་ལ་སོགས་གཙོ་བོ་ཉི་མ་ལྷ་མཆོག་བདག་གི་ཉི་མ་དེ་ནི་ཅི་ཡིས་བཟའ། །སེམས་ཅན་རྣམས་ལ་སྡུག་བསྔལ་སྟེར་བ་འཆི་བའི་འཇིགས་བསྐྱེད་ལྷ་རྣམས་ཅི་ཡིས་ཞི་བར་འགྱུར། །ཟླ་བ་ལྷ་མིན་དབང་པོའི་གཙོ་བོ་ཕེབས་བཅས་གཙོ་བོ་ཅི་ཞིག་ཟླ་བ་བཟའ་དེ་ནི། །སེམས་ཅན་རྣམས་ལ་བདེ་བ་སྟེར་ཞིང་མཆོག་ཏུ་འཇིགས་པ་འཇོམས་པ་ཅི་ཡིས་ལྷ་མ་ཡིན་རྣམས་ཀྱི། །
84.156b
གང་ཞིག་མཐོ་རིས་ལྷ་རྣམས་མི་དང་ཕྱུགས་ཀྱི་ཤ་ཡིས་བྲམ་ཟེ་རྣམས་ཀྱིས་མཆོད་བྱ་བ། །གང་ཞིག་ཡི་དགས་ས་ཡི་ཁོར་ཡུག་རྟོགས་པར་ཡོད་པ་དེ་རྣམས་གཉིས་སྐྱེས་སྤྱོད་ཡུལ་མིན། །ས་ལ་སོགས་པ་ལྷ་ཡི་དེ་ཉིད་ཉེ་བར་ཞིག་པར་གྱུར་པ་དབང་པོའི་སྤྱོད་ཡུལ་མིན། །ཚངས་གཟུགས་སྣ་ཚོགས་ནམ་མཁའ་ཙམ་ཡང་སེང་གེ་དབང་ཕྱུག་གཙོ་བོ་ཚངས་པ་དེ་ཉིད་དེ། །ཡི་དགས་ལ་སོགས་རླུང་གི་ལུས་པོ་རང་བཞིན་ཡོན་ཏན་དབང་ལས་རགས་པའི་ཁ་དོག་དམན། །ས་དང་ཆུ་དང་མེ་ཡི་ལུས་ཅན་ས་དང་བར་སྣང་དག་ཏུ་ཁ་དོགས་རགས་སོགས་ལྡན། །རླུང་གི་རེག་བྱའི་ལུས་ཅན་ས་དང་ཆུ་དང་མེ་རྣམས་མིག་གིས་གཟུང་བྱའི་ཁ་དོག་གཟུགས། །དྲི་ནི་སྣ་ཡིས་གཟུང་བྱ་འདིར་ནི་ལྕེ་ཡིས་རོ་མྱོང་དག་པའི་རྣ་བས་སྒྲ་རྣམས་སོ། །རིག་བྱེད་ཚིག་ལས་གལ་ཏེ་རླུང་གི་གཟུགས་མ་གྲུབ་ཅིང་རིག་བྱེད་རྟོག་གེའི་ཚད་མ་ཡིས། །གཟུགས་མེད་དེ་ཡིས་ས་དང་བར་སྣང་དག་ཏུ་དེ་ཚེ་འབྱུང་བའི་ཚོགས་རྣམས་བསྐྱོད་པ་མིན། །མོ་ཤམ་བུ་དང་མཚུངས་པ་ནམ་མཁའ་ཙམ་ལ་ནམ་མཁའི་རྒྱུ་ཙམ་ཡོན་ཏན་མེད་པ་གང ། །གཞན་དག་གཟུགས་ཅན་བཞི་སྟེ་ས་དང་ཆུ་དང་བྱིན་ཟ་རླུང་རྣམས་རོ་ཡི་དབང་པོ་གཉིས། །བྲམ་ཟེ་སོགས་ཀྱིས་མཐོང་གྱུར་ཁྱིམ་ནི་མུན་པ་ཅན་དུ་མཚན་མོ་མར་མེ་མེད་ན་ཡང ། །བྱི་བ་ལ་སོགས་ཕྱོགས་དང་མཚམས་སུ་སོན་པའི་གཟུགས་ཀྱི་དངོས་པོ་མ་ལུས་སྣང་བར་འགྱུར། །སྲིན་པོ་དང་ནི་ཡི་དགས་ལ་སོགས་ཚོགས་པ་མཚན་མོའི་དུས་སུ་ལྷ་རྣམས་མ་ལུས་ཀྱང ། །བྲམ་ཟེ་ལ་སོགས་རྣམས་ཀྱིས་དེ་ནི་མཐོང་ཞིང་ཉི་མ་ཤར་ན་སྐར་མ་མ་ལུས་ཀྱང ། །བྱ་རོག་སྲིན་བྱ་ལྕེ་སྤྱང་ཁྱི་རྣམས་མ་ལུས་འབྱུང་དང་འབྱུང་འགྱུར་བྱུང་བ་མ་ལུས་སྟོན། །དེ་བཞིན་ལྷག་མའི་ཆང་བུས་བསྒྲུབས་པའི་ཐེབ་བྲང་དག་གིས་སྐྱེས་བུ་རྣམས་ལ་ཡང ། །བྱོལ་སོང་རྣམས་ནི་གང་དུ་རང་གི་སེམས་ལ་བབ་པའི་ས་ཕྱོགས་དེར་ནི་གནས་འཆའ་ལ། །དེ་དག་ཤེས་པ
84.157a
བྲམ་ཟེ་རྣམས་ལ་སྲིད་པ་གང་ལས་མིག་གི་གཟུང་བྱའི་རྒྱུ་གཞན་མིན། །ལྷ་མོ་གཞོན་ནུ་མ་ལ་ཞུགས་ན་བྱུང་དང་འབྱུང་འགྱུར་འབྱུང་བ་མ་ལུས་སྟོན་པར་བྱེད། །བྲམ་ཟེ་ཤི་ནས་ཡི་དགས་གྱུར་པས་རྨོངས་པའི་ལུས་ལ་ཞུགས་ནས་རིག་བྱེད་འདོན་པར་བྱེད། །སྦྱིན་བདག་སྲིན་པོར་གྱུར་ན་ཁྱིམ་དུ་བོང་བ་སོ་ཕག་རུས་པའི་དུམ་བུ་འཕེན་པར་བྱེད། །བློ་དང་ལྡན་པའི་དཔྱོད་པ་ཅན་རྣམས་ཉེ་བར་ཉམས་པར་འགྱུར་བའི་ཡི་དགས་སྤྱོད་ལ་ལྟོས། །མུན་པ་བསལ་བ་མིན་པར་གྱུར་ལ་མུན་ལས་ཁཝ་ཏ་དེ་ཡི་བཤང་བ་ལས་བྱུང་བ། །མྱ་ངན་མེད་སྐྱེས་ཁྱབ་འཇུག་འཕྲོག་བྱེད་སྐྱེད་བྱེད་དེས་ན་མེས་པོ་ཁཝ་ད་མཆོད་པར་འོས། །བ་གླང་རྒྱབ་དང་ར་ཡི་ཁ་དང་གཉིས་སྐྱེས་བོང་བུའི་རྐང་པ་བུད་མེད་བྷ་གར་ཕྱག་བྱེད་ཅིང ། །ཁམས་རྣམས་སྟོང་ལ་གཉིས་པ་མར་དང་སྦྲང་རྩིར་བཅས་པ་ལྔག་པ་གང་ཞིག་བྲམ་ཟེ་རྣམས། །སྒྲ་མེད་ཡི་གེ་མེད་ལས་ནམ་མཁའ་འགྱུར་ཏེ་ནམ་མཁའ་རླུང་གི་རྟེན་དུ་གྱུར་པ་ལས། །རླུང་ལས་མེ་ལ་མེ་ལས་ཆུ་ཡིན་ཆུ་ལས་ས་ལ་འབྲས་བུའི་ཁ་ཟས་རྣམས། །ཟས་དང་ཆུ་དག་ཟོས་དང་འཐུངས་ལས་རྡུལ་ཕྲན་ཡོན་ཏན་རང་བཞིན་གཡོ་བའི་ལུས་འདི་དག་།བསོད་ནམས་སྡིག་པའི་མཐུ་ཡིས་བདེ་འགྲོ་རྣམས་དང་ངན་འགྲོའི་སྲོག་ཆགས་ཕུང་པོ་རབ་ཏུ་འབྱུང ། །མོ་ཤམ་བུ་ཡི་ཐུ་བོ་མཆོག་ལས་མཆོག་གྱུར་མཆོག་གང་རྡུལ་ཕྲན་འབུམ་གྱི་ཆ་ལྟར་ཕྲ། །ནམ་མཁའ་ལས་ནི་མཆོག་གི་བདག་ཉིད་ཡུལ་དང་བྲལ་ཞིང་ཡོན་ཏན་མེད་པ་ནམ་མཁའི་རྟགས། །རྟགས་ཀྱི་གནས་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་དངོས་པོ་དེ་རྣམས་སོ། །གང་ཡང་འདི་དག་ཀུན་ནས་ཐིམ་ཞིང་ནམ་མཁའ་ས་སྟེངས་དག་ཏུ་ཞི་བའི་གྲུབ་མཐར་ལྡན། །གང་ཞིག་དེ་ཡི་ནུས་པ་བྷ་ག་ཞེས་བྱ་རྣམ་གསུམ་ལམ་ལྡན་སྒུར་མོ་འཇིགས་བྱེད་མ། །དེ་ནི་ནམ་མཁའ་ལས་འདས་ནམ་མཁའི་དབང་ཕྱུག་མཆོག་གི་མཆོག་གྱུར་རྩ་བཅིངས་འཁྱིལ་པ་ཅན། །ནམ་མཁའི་མཐའ་ཅན
84.157b
ཐིག་ལེའི་ཕྲེང་བ་མགོ་ནས་བཤང་ལམ་པར་དུ་བ་ཐག་དང་མཚུངས་མ། །མཆུ་འཕྱངས་སྐམ་པའི་མིག་ཅན་གནས་དང་འཇིགས་པ་སྐྱེད་བྱེད་ཟ་བྱེད་རྣམས་ཀྱི་ཟ་བྱེད་མ། །གསལ་དང་མི་གསལ་གཅིག་མ་རིག་མ་རིགས་མིན་གཞན་ཡང་གཅིག་ཏུ་མཁའ་སྤྱོད་འཁོར་ལོ་མ། །རིག་མའི་འཁོར་ལོའི་དབང་ཕྱུག་རིགས་དང་རིགས་མིན་གྱུར་པའི་ཐར་པ་སྟེར་བའི་དབང་གིས་འབིགས། །མི་གསལ་བྱ་རོག་རཝ་ཡིས་གཞུ་ལ་འདིར་ནི་རང་གི་ཡོན་ཏན་རུས་སྦལ་སྤུ་ཡིས་བྱས། །ནམ་མཁའི་མེ་ཏོག་ལྕགས་མདའི་མདའ་གཞུ་གང་དག་འབིགས་པ་དེས་ནི་རྒྱལ་པོ་དབང་བསྐུར་འགྱུར། །གལ་ཏེ་སྐྱེ་དང་འཇིག་རྒྱུ་སྒྱུ་མ་ཆེན་མོ་བྱེད་དམ་ཧེ་རུ་ཀར་འགྱུར་ན། །སངས་རྒྱས་པ་དང་མུ་སྟེགས་པ་དག་ཁྱབ་འཇུག་འམ་ནི་རྟག་པའི་སྒྱུ་མ་ཇི་ལྟར་མིན། །འདི་ནི་ཐུབ་པའི་ཚིག་ལས་སྲོག་ཆགས་སྲོག་ནི་རྡུལ་ཕྲན་བྱེད་དམ་བྱེད་དུ་འཇུག་པ་མེད། །སེམས་ཅན་རྣམས་ཀྱི་བསོད་ནམས་སྡིག་ལས་བདེ་དང་སྡུག་བསྔལ་རང་བཞིན་འབྲས་བུ་འབྱིན་པར་འགྱུར། །གང་ཞིག་སྲིན་པོ་ཡི་དགས་མཁའ་འགྲོ་བདུད་ཀྱི་རིགས་ཀྱི་ཤ་ཡི་དམ་ཚིག་ཅན་གྱིས་བསྒྲུབས། །གྲུབ་པའི་ཚིག་གིས་སྐྱི་བོ་གཞན་གྱིས་དེ་རྣམས་ངེས་པར་འབེབས་པར་བྱེད། །སྟག་ལ་སོགས་པ་འགེས་ལ་ཆུ་ལ་མེ་འབར་གླང་ཆེན་རེངས་བྱེད་མཚོན་ཆ་སོགས་ཀྱིས་མིན། །སྔགས་ཀྱི་ཐེ་བྲང་ལ་སོགས་རྣམས་ཀྱི་ས་ཡི་ཁོར་ཡུག་གཏོགས་པར་རྗེ་བོའི་བྱ་བ་བྱེད། །བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་ལྷ་མིན་ལྷ་ཀླུ་རྣམས་ནི་སངས་རྒྱས་པས་སྒྲུབ་ན། །གང་གིས་གྲུབ་པའི་ངག་གིས་དེ་རྣམས་ས་ཡི་སྟེང་དུ་འདོད་པའི་དངོས་གྲུབ་སྐྱེ་བོ་རྣམས་ལ་སྟེར། །སྐལ་བ་ངན་དང་ནད་ཀྱི་སྡུག་བསྔལ་འཆི་བའི་འཇིགས་པ་བྱེད་པ་ཐམས་ཅད་འཇོམས་པར་བྱེད། །སེང་གེ་ལ་སོགས་འཇིགས་པ་རབ་ཏུ་དང་བའི་ཡིད་ཀྱིས་ཞི་བ་ལ་སོགས་བྱེད་པར་འགྱུར། །བྱང་ཆུབ་དོན་དུ་གཅིག་ཏུ་སྦྱིན་པ་ལ་སོགས་ལམ་ནི་དགེ
84.158a
བཅུ་ལྡན་ལས་གཞན་མ་གསུངས། །དབུ་མའི་དགའ་བ་གཅིག་པུ་བྷ་ག་དཀྲུགས་པ་དང་ལྡན་གྲུབ་འགྱུར་ལམ་གཞན་གྱིས་མ་ཡིན། །བདེ་གཤེགས་དམ་ཚིག་ཅན་གྱི་རྫོགས་པའི་བྱང་ཆུབ་རྡོ་རྗེའི་ས་གཞི་བྱང་ཆུབ་ཤིང་ལས་གཞན་དུ་མིན། །ཤ་ཡི་དམ་ཚིག་ཅན་གྱི་གྲུབ་པ་འབྱུང་བ་ཡི་དགས་ས་གཞིར་ཤིང་གཅིག་ལས་ནི་གཞན་དུ་མིན། །བདེ་གཤེགས་དམ་ཚིག་ཅན་གྱི་བྱང་ཆུབ་ལྷ་ལས་གཤེགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ལ་འཇུག་།ཤ་ཡི་དམ་ཚིག་ཅན་གྱི་གྲུབ་པའི་ཡི་དགས་འཇུག་པས་ཕྲན་ཚེགས་ལས་ལ་རབ་ཏུ་འཇུག་།སངས་རྒྱས་ལྷས་འཇུག་པ་ན་བདེ་གཤེགས་དམ་ཚིག་ཅན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན། །གྲུབ་པའི་ཡི་དགས་འཇུག་པ་ཤ་ཡི་དམ་ཚིག་ཅན་གྱི་མ་མོའི་འཁོར་ལོ་ལ་སྟོན་བྱེད། །སངས་རྒྱས་རྣམས་ཀྱིས་སྟོབས་བཅུ་བསྐྱེད་པར་མཛད་པ་བྱ་རྒོད་ཕུང་པོ་ལས་གཞན་རི་ལ་མིན། །གྲུབ་པ་རྣམས་ཀྱིས་ཡི་དགས་རིགས་བསྐྱེད་སྟོན་པ་འཇིགས་བྱེད་རི་ལས་རི་གཞན་ལ་མ་ཡིན། །དཔལ་ལྡན་འབྲས་ཕུང་ཆོས་ཀྱི་དབྱིངས་སུ་སྟོབས་བཅུའི་སྟོབས་མངའ་སངས་རྒྱས་པའི་རྒྱུད་རྣམས་བསྟན། །ཞིང་གི་དྲག་པོའི་དུར་ཁྲོད་དག་ཏུ་ཕྱུགས་ཀྱི་སྐྱེ་བོ་སྟོབས་ཅན་ཐོད་པ་ཅན་རྒྱུད་སྟོན། །རྒྱལ་པོའི་རྒྱལ་སྲིད་ལྷ་ཁང་ས་སྟེང་ས་ལས་འབྱུང་བ་དེ་རྗེས་ལྷ་ཡི་རྒྱལ་སྲིད་དོ། །གསལ་བར་མགོན་པོའི་འཁོར་ལོ་ལེགས་པར་བཞག་པར་གྱུར་ལས་ཐར་པར་རབ་ཏུ་འབྱུང་བར་གྱུར། །རྒྱལ་པོ་སྲོག་གཅོད་པ་ལས་དམྱལ་བར་རབ་ཏུ་འཇུག་པར་འགྱུར་གྱི་གཞན་དུ་སངས་རྒྱས་བཀའ་མ་ཡིན། །རྒྱལ་པོ་བྲམ་ཟེ་ལ་སོགས་གསོད་པས་མཐོ་རིས་འཇུག་གི་གཞན་དུ་གྲུབ་པའི་ཚིག་མ་ཡིན། །ཤ་ཡི་ཁ་ཟས་ལོངས་སྤྱོད་བྱེད་པས་སླར་ཡང་སྲིད་པ་གཞན་དུ་ལྷ་མིན་རིགས་སུ་སྐྱེ། །ཤ་ཡི་ཁ་ཟས་ལོངས་སྤྱོད་བྱེད་པས་སླར་ཡང་སྡིག་གཞན་ལྷ་ཡི་རིགས་སུ་འདི་སྐྱེའོ། །མགོ་ཟླུམ་དང་ནི་ཡུགས་ས་མངོན་སྤྱོད་བྱེད་པས་སླར་ཡང་བོང་བུ་ཉིད་དུ་རབ་ཏུ་འགྲོ། །མགོ
84.158b
ཟླུམ་དང་ནི་ཡུགས་ས་མངོན་སྤྱོད་བྱེད་པས་སླར་ཡང་སྲིད་གཞན་འཇིགས་བྱེད་ཉིད་དུ་འགྲོ། །སེམས་ཅན་ཕན་པ་བྱས་པས་བསོད་ནམས་ཉིད་ལ་གནོད་པས་སྡིག་པར་བདེ་བར་གཤེགས་པ་ཉིད་ཀྱིས་གསུངས། །སེམས་ཅན་གནོད་པ་བྱས་པས་བསོད་ནམས་ཉིད་ལ་ཕན་པས་སྡིག་པར་ནམ་མཁའ་ཙམ་པོས་སྟོན། །སངས་རྒྱས་རྣམས་དང་འཇིགས་བྱེད་སྐྱེས་པ་བུད་མེད་གདེངས་ཅན་རྣམས་ཀྱི་བསྟན་པ་ལྷ་རྟེན་གང ། །གཡུལ་དུ་ཞུགས་པའི་སྟག་གཟིགས་རྣམས་ཀྱི་རྟ་ཡི་ཚོགས་ཀྱི་ས་ནི་དེ་རྣམས་མ་ལུས་འཇིག་པར་བྱེད། །དེ་རྣམས་རིགས་གཅིག་གཞན་གྱི་ནོར་མི་ལེན་ཅིང་བདེན་པར་སྨྲ་དང་གཙང་སྦྲ་རབ་ཏུ་འཇུག་།གཞོན་ནུ་གཞན་གྱི་ཆུང་མ་སྤོང་ཞིང་དཀའ་ཐུབ་ངེས་པ་དང་ལྡན་རང་གི་ཆུང་མ་བསྟེན། །ཁྲུས་བྱས་གང་ཞིག་འདོད་པའི་སྒྲ་གཅན་མཚན་མོ་སོ་སོའི་དུས་སུ་ཉིན་གུང་ཕྱེད་ཡོལ་དང ། །སྲོད་དང་ཐུན་གསུམ་དག་དང་ཉི་མ་རི་ལ་ཤར་བར་གྱུར་ནས་ལན་ལྔ་ཕྱག་བྱེད་ཅིང ། །ས་སྟེང་ལྷ་ཡུལ་དག་ཏུ་སྟག་གཟིག་མུ་སྟེགས་དག་ལ་མུན་ཅན་དབང་པོས་གཅིག་ཏུ་སྐྱོབ། །དྲག་པོའི་གཡུལ་ངོར་ཕ་ལྟར་སྐྱོབ་པར་བྱེད་ཅིང་བུ་དང་བྲན་བཞིན་འགྱུར་ལ་རྒྱལ་པོ་ནི། །རྒྱལ་རིགས་འཐབ་མོ་མུན་པས་གཉིས་སྐྱེས་ཕྱུགས་ཀྱི་ཤ་ཡིས་འཇིགས་བྱེད་ལ་སོགས་མཆོད་ནས་སུ། །སྣ་ཚོགས་སེམས་ཅན་གནོད་པ་བྱེད་ཅིང་གཞན་གྱི་ནོར་འཕྲོག་པ་ཡིས་གདུང་རྒྱུད་འཆད་པ་འབྱུང ། །གྲུབ་པ་བྱ་ཌི་དབང་པོ་སྦྱིན་པ་མི་ཕྱུགས་ཞབས་དང་དུམ་བུ་ཞེས་བྱ་ཐོད་པ་ཅན། །དགེ་སློང་ཀླུ་སྒྲུབ་ཞེས་བྱ་ཡོན་ཏན་མ་ལུས་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པ། །སློབ་དཔོན་བློ་བརྟན་ཞེས་བྱ་གཅོད་བྱེད་ཆུ་ཡིས་གྲུབ་པ་སྟོང་ཕྲག་བཅུ་དང་བཅས་པ་རྣམས། །གཞན་ཡང་དེ་ལྟར་རབ་ཏུ་གྲགས་ཀྱང་ཀྱེ་མ་དེ་ལྟ་ན་ཡང་དམ་པར་གྱུར་པ་རྨོངས་པ་ཡོད། །དགེ་འདུན་ལམ་གྱིས་གྲུབ་པར་གྱུར་པ་འཕགས་པ་ལྷ་དང་ལཝ་བའི་ན
84.159a
བཟའ་རྟ་དབྱངས་དང ། །ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བ་པད་མའི་མྱུ་གུ་ཞེས། །པང་གོ་ས་ལ་རྟོག་པའི་རྒྱལ་པོ་མ་ལུས་ནག་པོ་རྒྱལ་པོ་ཨིན་དྲ་བྷཱུ་ཏི་དང ། །དེ་བཞིན་གཞན་དང་དེ་རྣམས་མཐོང་ཡང་མི་བདག་འཇིགས་བྱེད་འཕྲོགས་བྱེད་སོགས་ཀྱིས་བྱིན་གྱིས་བརླབས། །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་མཁའ་ཙམ་གདོང་ལྔ་པ་ལ་ཡན་ལག་དྲུག་།དེ་ཡི་དབྱངས་ཡིག་རིང་དང་ཐུང་བས་འགྱུར་གྱིས་གཞན་ལ་དབྱངས་ཡིག་ཡོན་ཏན་ལ་སོགས་མིན། །ཉི་མ་གང་དུ་ཚངས་པའི་ས་བོན་ཉེ་བར་འཇིགས་པར་འགྱུར་བ་དེས་ན་དུས་ཕྱི་མར། །ས་གཞི་སྐྱོང་བ་མཆོད་ན་འདིར་ནི་གཡུལ་ངོར་ཀླ་ཀློ་དང་ནི་མུ་སྟེགས་འཇིགས་པར་འགྱུར། །ཐུང་དང་རིང་དང་ལྔ་རྣམས་རང་བཞིན་ཡོན་ཏན་མཚུངས་པ་དབྱངས། །ག་ཡིག་ཡོན་ཏན་ལ་སོགས་མིན། ། སོགས་མ་ནིང་དབྱངས་ཡིག་སྟོབས་བཅུ་མངའ་བས་གསུང་སྟེ་ཉི་མ་འཐབ་མོ་ཟད་ཕྱིར་རོ། །རིང་དང་ཐུང་བ་མཚུངས་པ་གང་དུ་ཨ་ཀོ་ཀ་ནི་རིང་པོ་ཕྱུགས་བདག་ཚིག་ལས་འགྱུར། །དེ་ཕྱིར་མ་ནིང་ཡོད་ལ་ཨི་ཀོ་ཡ་ཎ་ཙ་མི་བྱེད་པོའི་ཕྱོགས་ནས་ངེས་པར་བསྐྱོད། །ཐོག་མར་ལོ་ནས་ནམ་མཁའ་མཁའ་དང་གཞན་ཡང་ཟླ་བ་ཙིན་ཙི་ཡི་ནི་དབང་ཕྱུག་འབྱུང ། །དེ་ཡི་བཀའ་ཡིས་ཡི་དགས་དབང་བསྒྱུར་དུས་ལ་ཀོ་སོགས་གྲོགས་ལྡན་སྒུར་མོར་བྱིན་བརླབས་པ། །ཕྱི་ནས་ས་སྟེང་སོན་པའི་གནས་དང་ཞིང་གི་ལྷ་གང་དྲུག་བཅུ་རྩ་བརྒྱད་ཀླ་ཀློ་ཡི། །མགོན་པོ་མ་དྷུ་མ་ཏི་བུ་དང་བུ་མོ་སྤུན་ཟླ་སྐྱེས་པ་རྣམས་ཀྱིས་འཇིག་པར་བྱེད། །དེར་ནི་བཅཝ་བརྒྱད་ལོ་ལ་བརྒྱ་ཡིས་བརྒྱ་ལ་བསྒྱུར་བས་མ་ཁ་ལ་སོགས་འཕགས་པའི་ཡུལ། །ཀླ་ཀློ་རྣམས་དང་ལྷ་གང་མུན་ཅན་ཉི་མར་རྟོག་པ་གང་དེ་ངའི་ཡིས་བརླག་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་གསུམ་ཆོ་གས་སྐྱེ་དགུ་རྣམས་ནི་དེར་བཞག་ནས། །བདེ་བ་བཀོད་དེ་ཀ་ལཱ་པ་ནས་ལྷ་གནས་དགའ་ལྡན་མཆོག་ཏུ་ཉི་མ་འགྲོ་བར་བྱ། །
84.159b
ནམ་མཁའ་མཁའ་དང་དུས་དང་དབང་པོ་མིག་གིས་དུས་ཀྱི་དུས་སུ་སོན་པའི་ལོ་ཡི་ཚད། །སླར་ཡང་སྐྱེ་བོ་རྣམས་ནི་ཀླ་ཀློ་འཇུག་སྟེ་ཇི་སྲིད་བཅཝ་བརྒྱད་ལོ་ལ་བསྒྱུར་དང་བཅས་པའི་བར། །ཡང་ནས་ཡང་དུ་ང་ཡིས་རྩོད་པའི་དུས་དེར་བྱུང་ནས་དེ་རྣམས་གཞིག་པར་བྱ་བ་ཉིད། །ཇི་སྲིད་ས་དང་ཆུ་དང་མེ་རླུང་ནམ་མཁའི་ཡོན་ཏན་ནམ་མཁའ་ཉི་ཟླ་སྐར་མ་རྣམས། །ཕྱོགས་སྐྱོང་ཕྱོགས་ཀྱི་གདོན་དང་ཕྱོགས་ལྷོ་ནམ་མཁའ་ས་གཞིར་ཡི་དགས་བྲམ་ཟེ་བ་གླང་སོགས། །ས་འོག་ཀླུ་དང་ལྷ་མིན་རྣམས་ནི་ས་ཡི་བདག་པོས་ཞི་བའི་དོན་དུ་འདི་རྣམས་མཆོད། །དོན་ཀུན་གྲུབ་ཕྱིར་རྟག་ཏུ་རྒྱལ་པོ་མི་དང་བཅས་པས་སངས་རྒྱས་པ་དང་རྒྱལ་བ་རྣམས། །ས་དང་ཆུ་དང་མེ་དང་རླུང་དང་སྟོང་པ་ཉི་མར་བཅས་པ་མཆོད་རྫས་རྣམས་ཀྱིས་མཆོད། །སློབ་དཔོན་མཆོག་ལ་གཞོལ་བས་བསྲུང་བ་ལྔ་པོ་རབ་ཏུ་དྲི་ཞིམ་མེ་ཏོག་རྣམས་ཀྱིས་མཆོད། །སྔོན་དུ་ཁྲུས་བྱས་གོས་སྔོན་སྔ་དྲོ་གསོ་སྦྱོང་བླངས་པས་ཉིན་དང་མཚན་དུ་ངེས་པར་གདོན། །ཀློག་མཁན་བཞི་དང་ལྔ་པ་གང་ཞིག་ཞི་བར་བྱེད་པས་ཉིན་དང་མཚན་དུ་བྱ་བར་འགྱུར། །སླར་ཡང་དེ་ལ་བསྲུང་བར་བྱ་ཞིང་ཉི་མ་བཅུ་རུ་ཞི་དང་རྒྱས་པ་དག་ཀྱང་བྱ། །ཞོ་དང་འབྲས་ཆན་ཉི་མར་རྟ་དང་གླང་པོའི་ལྟོ་དང་འབྲས་ཆན་འོ་མ་ཟླ་བ་ལ། །འབྲས་ཆེན་ལ་སོགས་མིག་དམར་གཟའ་ལྷག་མེ་ཏོག་བཅུད་དང་བཅས་པ་འབྲས་ཆན་གཟའ་ལྷག་ལ། །འབྲས་ཆེན་སེར་པོ་བུ་རམ་སོགས་ཀྱི་གཏོར་མ་ལྷ་ཡི་བླ་མ་འོ་ཐུག་ཤ་ཀར་གྱིས། །པ་ཝ་སངས་ལ་ཟན་དྲོན་མར་ནག་བཅས་པས་སྤེན་པའི་ཉི་མ་བདུན་པར་དེ་བསྐྱོན་ལ། །ཉི་མ་སླར་ཡང་ཕྱོགས་དང་གླང་པོ་རྣམས་ཀྱི་གཏོར་མ་བྱ་ཞིང་ཁུར་བ་འབྲས་ཆེན་གྱིས། །གླང་པོ་རྟ་མཆོག་རྣམས་ཀྱི་ཞི་དང་རྒྱས་པའི་དོན་དུ་སྦྱིན་སྲེག་ཉི་མ་ལ་སོགས་བཟར། །འབྲུ་དང་མར་སར་སོ་མ་དཱུར་བ་མདའ་ཡི་ཡམ་ཤིང་བརྒྱ་དང་འོ་མའི་མཆོད་ཡོན་བཏུང ། །སྦྱིན་སྲེག་རྗེས་ལ་དུང་ཕོར་གང་བའི་ཞི་བའི་ཆུ་ཡིས
84.160a
རྟ་དང་གླང་པོ་ཁྲུས་བྱ་འོ། །ཡི་དགས་ལ་སོགས་གཏོར་མ་སྲན་ཆན་ཤ་དང་ཆང་རྣམས་ཉིན་མཚན་དུས་སུ་སྦྱིན་པར་འགྱུར། །སྲིན་པོ་ལ་སོགས་ཡུངས་ཀར་དང་ནི་རྡོ་རྗེ་ཕུར་བུས་ཕྱོགས་མཚམས་གཏོགས་པར་ཕུར་བུས་གདག་།སློབ་དཔོན་གྱིས་ནི་བསྲུང་བ་ལྔ་ཡི་ཆོ་གས་རྒྱལ་པོ་འཁོར་དང་བཅས་པ་བསྲུང་བར་བྱ། །གང་དང་གང་གིས་ཡུལ་མཐའི་བར་གྱི་སྐྱེ་དགུ་ཉིན་དང་མཚན་དུ་ཞི་དང་རྒྱས་འགྱུར་བ། །ཐོག་མར་དབུས་སུ་བསྒྲུབ་བྱའི་མིང་དག་རང་བཞིན་ཡོན་ཏན་དབང་ལས་པད་མ་ལྔ་ཡིས་བསྐོར། །གང་ཞིག་རང་བཞིན་ཡོན་ཏན་དབང་ལས་ས་དག་ཁ་སྦྱར་ཟུར་བརྒྱད་དེ་བཞིན་ཕྱི་རོལ་ཏུ། །གང་ཞིག་ཟུར་རྣམས་དར་དཔྱངས་བཅིང་བ་ཕྱོགས་དང་ཕྱོགས་མཚམས་དེ་ལས་རྡོ་རྗེ་ཕྲེང་བར་འགྱུར། །རྒྱལ་ཆེན་ཕྱོགས་ཀྱི་ཟུར་ལ་མ་ལུས་ཡོན་ཏན་རང་བཞིན་རི་ཡི་རྒྱལ་པོ་ཕྱོགས་དང་མཚམས་རྣམས་སུ། །དེ་ནང་ཟླུམ་པོའི་སྣམ་བུ་ཕྱོགས་དང་མཚམས་སུ་དེ་ལ་སྣོད་དང་རྩེ་མོའི་ཕྱེད་དུ་འགྱུར། །པད་མའི་གེ་སར་ཆ་ལ་འདིར་ནི་དགྲ་སྟ་ལྕགས་ཀྱུ་ཞགས་པ་དང་ནི་དུང་ཉིད་དོ། །ཆུ་སྐྱེས་འདབ་མར་བསྲུང་འཁོར་གང་ཞིག་སྙིང་པོ་ཡང་ནི་དེ་བཞིན་གཉིས་པ་གསུམ་པར་དེ། །དེ་ལྟར་པད་མ་གཉིས་ལ་གྱུར་ཏེ་ཉེ་བའི་སྙིང་པོ་ཆུ་སྐྱེས་འདབ་མ་ཆེན་པོར་རྣམ་གཉིས་དེར། །ཀླུ་རྣམས་ཟུང་གི་བར་དུ་ཕྱོགས་དང་མཚམས་ཀྱི་འདབ་མར་བར་དུ་དེ་བཞིན་ལྷ་དང་ལྷ་མིན་དང ། །གནོད་སྦྱིན་རྣམས་དང་གཟའ་དང་མ་ལུས་འཇིགས་པ་འཇོམས་པའི་མ་མོ་རྡོ་རྗེ་མཁའ་འགྲོ་རྣམས། །བསྲུང་འཁོར་འདིས་ནི་ཐམས་ཅད་བསྲུང་བར་འགྱུར་ཏེ་ཁྲག་དང་གི་ཝང་ལ་སོགས་རྣམས་ཀྱིས་བྲི། །རྫོགས་སངས་རྒྱས་དང་མ་ལུས་རྒྱལ་སྲས་རྣམས་ཀྱིས་བསྲུང་བ་ལྔ་སོགས་བསྲུང་འཁོར་གསུངས་པ་ཡིན། །བུད་མེད་བུ་འདོད་པ་ལས་བུ་དང་རྒྱལ་པོ་དགྲ་དང་གཡུལ་འགྱེད་པ་རྣམས་རྒྱལ་བར་འགྱུར། །ནད་པ་ནད་ལས་གྲོལ་བར་འགྱུར་ཏེ
84.160b
ས་ཡི་སྟེང་དུ་དབུལ་པོ་རྣམས་ཀྱིས་ནོར་རྙེད་འགྱུར། །སྐྱེས་པ་བུད་མེད་རྣམས་ཀྱིས་འབྲས་བུ་སྟེར་བར་གྱུར་པ་སྔོན་གྱི་བསོད་ནམས་མཐུས་ཡིས་སོ། །བསོད་ནམས་སེམས་ཅན་རྣམས་ལ་ཕན་བཏགས་དགེ་བཅུའི་ལམ་གྱིས་མཆོད་ལས་ནམ་མཁའ་སོགས་ལས་མིན། །བྲམ་ཟེ་གང་ཞིག་ཆང་འཐུང་འགྱུར་དང་གཅེར་བུ་པ་འམ་རལ་པ་ཅན་ནམ་དབྱུག་གུ་ཅན། །དགེ་ཚུལ་དང་ནི་ཚོགས་དཔོན་དགེ་སློང་དགེ་བ་རྣམ་པར་བྲལ་བ་གྲུབ་མཐའི་སྤྱོད་པ་ཉམས། །སུམ་བཅུའི་དམ་ཚིག་ཅན་གྱི་མི་ཡི་དབང་པོས་དེ་རྣམས་ཡུལ་ནས་བསྐྲད་པར་བྱ། །གང་ཕྱིར་དེ་དག་རྣམས་ཀྱིས་དགེ་དང་མི་དགེའི་ལས་བྱས་དྲུག་བཅུའི་ཆ་ཤས་རྒྱལ་པོ་ཡིན། །ཡུགས་ས་མོ་རྣམས་གང་ཞིག་འཁྲིག་པ་སྤྱད་ནས་ངན་པ་དམྱལ་བའི་འབྲས་སྟེར་མེ་ལ་བཙོ་བར་བྱེད། །གང་དུ་ཡུལ་ན་བདུད་རིས་དེ་ཡོད་མི་གདུག་དཔུང་བཅས་དེར་ནི་ནམ་ཡང་གྲུབ་མ་ཡིན། །རྒྱལ་པོ་ས་ཡི་སྟེང་དུ་རྒྱལ་སྲིད་དང་ནི་དགྲ་དག་འཇོམས་དང་ནོར་རྙེད་བསོད་ནམས་ཀྱིས། །བསྐལ་པ་བཟང་དང་ཚེ་དང་གྲགས་པ་དཔལ་ལྡན་ལྷ་ཡུལ་ས་སྟེང་གྲུབ་པའི་རིག་པ་འཛིན། །ས་སྟེངས་མ་ལུས་མི་ཡི་རྒྱལ་པོ་སྦྱིན་ལས་བྱུང་བ་ཚུལ་ཁྲིམས་དང་བཅས་ལྷ་རྒྱལ་པོ། །བཟོད་པ་ཚུལ་ཁྲིམས་སྐྱོང་ལ་ཉིན་དང་མཚན་དུ་རྩོད་པ་ལས་ནི་སྦྱིན་པ་འཕེལ་བར་འགྱུར། །སྐྱེས་བུ་བསམ་གཏན་ལ་གནས་མཆོག་ཏུ་རང་བཞིན་རྣམ་པར་བྲལ་བ་ཤེས་རབ་ཀྱིས་ཐབས་འཕེལ། །ཤེས་རབ་ཐབས་ཀྱི་མཐུ་ལས་སྨོན་ལམ་དང་ཡང་སྟོབས་དང་སྟོང་ཉིད་ཡེ་ཤེས་རྡོ་རྗེའོ། །ཆོས་ཀྱི་དབྱིངས་སུ་གཤེགས་པའི་སངས་རྒྱས་རྣམས་དང་གལ་ཏེ་འཁོར་བར་བྱོན་པ་མ་ཡིན་ནོ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡུལ་དང་ཡུལ་ཅན་ལྷན་ཅིག་ནམ་མཁའི་ཁམས་རྣམས་སུ། །དེ་ནི་བརྫུན་གྱི་ཚིག་ལ་དེ་བཞིན་བཅོམ་ལྡན་རྡོ་རྗེ་བཙུན་མོའི་བྷ་གར་བཞུགས་ཞེས་པ། །འདོད་ཆགས་ལ་སོགས་སྐྱོན་སྤངས་དྲི་མ་གསུམ་དང་རྣམ་བྲལ་རྡོ
84.161a
རྗེ་སེམས་དཔའ་ལས་གཞན་མིན། །ཚངས་པ་ལ་སོགས་ལྷ་རྣམས་ས་སྟེངས་དམྱལ་བའི་དམྱལ་བས་འདིར་ནི་ཞི་བ་ལ་སོགས་ཀྱི། །སངས་རྒྱས་རྣམས་ཀྱིས་མ་ལུས་ཚེ་ཡི་ཚད་རྣམས་རང་རང་གྲུབ་མཐའི་ཆོས་སུ་གསལ་བར་བྱས། །ཚངས་པ་ལ་སོགས་བསོད་ནམས་ལོངས་སྤྱོད་མཐར་ནི་ལྷ་ཡུལ་ས་སྟེངས་དག་ནས་ལྷུང་བར་འགྱུར། །སྲིན་པོས་བྱིན་བརླབས་རྣམས་ཀྱིས་དེ་ལ་ཐར་པ་འདོད་པ་དེ་ནི་ནམ་མཁའི་ཤིང་འབྲས་བཞིན། །བྱིས་པ་རྣམས་ལ་རང་རང་མ་ཡིས་བརྫུན་ཚིག་འཇམ་པ་སྙན་པས་བདག་ཉིད་དྲུང་དུ་ཁྲིད་པར་བྱེད། །ཆང་བ་སྟོང་པ་སྟོན་ཅིང་བདག་གི་ལག་ལ་རིལ་བུ་ཡོད་པ་ལོང་ཞིག་བུ་ཞེས་བརྗོད། །རྫོགས་སངས་རྒྱས་ཀྱིས་བདུད་ཀྱི་ལག་ནས་ཤིན་ཏུ་སྙན་པའི་ཚིག་གིས་བདག་ཉིད་དྲུང་དུ་ཁྲིད། །ནམ་མཁའ་ཙམ་ཞིག་སྟོན་ཅིག་བདག་གི་རིགས་ཀྱི་མྱ་ངན་འདས་པ་ལོང་ཞིག་བུ་ཞེས་གསུང ། །སེམས་ཅན་རྣམས་ཀྱི་བསམ་པའི་དབང་ལས་རྒྱལ་བས་སྲིན་པོ་རྣམས་ལ་གསོ་སྦྱོང་གསལ་བར་མཛད། །དེ་རྣམས་དེ་ཡིས་སངས་རྒྱས་ཉིད་ན་ཐུབ་པའི་བཀའ་ཡི་གསང་སྔགས་ཐེག་པ་བདེན་མ་ཡིན། །གང་ཞིག་བསྐལ་པ་དཔག་མེད་བྱམས་དང་དགེ་བཅུའི་ལམ་དང་སྦྱིན་དང་ཚུལ་ཁྲིམས་རབ་རྫོགས་པས། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོབས་བཅུ་ལྡན་པས་སངས་རྒྱས་བྱང་ཆུབ་ལུང་བསྟན་ཏོ། །མོ་ཤམ་བུ་ནི་ལུས་མེད་མ་ལུས་ཡོན་ཏན་རང་བཞིན་གང་ཞིག་རྡུལ་ཕྲན་འདུས་པ་རྣམས། །སྲོག་ནི་ནམ་མཁའི་མེ་ཏོག་མིན་ཏེ་གོང་དུ་རགས་པའི་ལུས་ལ་ཞུགས་ནས་ཀློག་ཅིང་དགོད། །སྲོག་ཆགས་བྱ་རོག་རཝ་མིན་བསོད་ནམས་སྡིག་པའི་དབང་གིས་གང་ཞིག་འགྲོ་བ་རྣམས་སུ་འཁོར། །སྲོག་ཆགས་གང་ཞིག་རྡུལ་ཕྲན་ཕུང་པོའི་ལུས་ནི་ས་སྟེངས་འཆི་བའི་ཚེ་ན་མི་ལྟུང་མེད། །རྒྱུད་ཀྱི་རྒྱལ་པོར་སྟོབས་བཅུའི་སྟོབས་དང་ལྡན་པས
84.161b
སངས་རྒྱས་པ་ཡི་གང་ཞིག་ལམ་བསྟན་པ། །རྒྱལ་བ་སྟོབས་བཅུ་ལྡན་དང་སྟོན་པའི་སྲས་དང་སངས་རྒྱས་པ་ཡི་ལྷ་ཀླུ་དྲི་ཟ་ལྷ་མིན་དང ། །ཁྲོ་བོ་སྲིན་པོ་ཤ་ཡི་དམ་ཚིག་ཅན་དང་སྟག་གཟིག་རྣམས་དང་མུ་སྟེགས་སྤྱོད་པ་རྣམས། །དེ་ཀུན་སཾ་བྷ་ལ་ཞེས་བྱ་བ་རྒྱལ་མཆོག་བཞུགས་གནས་དེར་ནི་ཉི་མ་བདག་གིས་བསྟེན། །དཔལ་ལྡན་འབྲས་ཕུང་ཆོས་ཀྱི་དབྱིངསུ་སྟོབས་བཅུ་མངའ་བས་གང་ཞིག་བདུད་རྣམས་བཏུལ་མཛད་པ། །དེ་ཀུན་སཾ་བྷ་ལ་ཡི་དཔལ་ལྡན་ཀ་ལཱ་པ་ཡི་བསྐྱེད་མོས་ཚལ་གྱི་དུས་འཁོར་གྱི། །དོན་ཆེན་གསེར་གྱི་དཀྱིལ་འཁོར་ཁང་པའི་སྒོ་ཡི་ཕྱི་རོལ་ཐུབ་པ་ཉི་མའི་ཤིང་རྟས་དྲིས། །དཔལ་ལྡན་འཇམ་དབྱངས་རིན་ཆེན་སེང་གེའི་ཁྲི་ལ་བཞུགས་པ་སྟོབས་བཅུ་མངའ་བའི་མཛད་སྤྱོད་གསུངས། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་རྫོགས་སོ།། །།ཤཱཀྱའི་དགེ་སློང་དྷརྨ་གྲགས་ཀྱིས་བསྒྱུར་བའོ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ན་ཏེ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་བམྦཱ་དཱི་མ་ཧཱ་ཤྲ་མ་ཎཿ ། །སརྦ་པཱ་པ་སྱཱ་ཀ་ར་ཎཾ། ཀུ་ཤ་ལ་སྱོ་པ་སམྤ་དཾ། སཝ་ཙི་ཏྟཾ་པ་རི་ད་མ་ནུ། མེ་ཏདྤུ་དྡྷཱ་ནུ་ཤཱ་ས་ན།