rKTs


J335

(e-text produced by ADARSHA)

see text in transliteration
82.322b
།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་བཅུ་རྩ་དྲུག་པ་སྟེ། འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལུང་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་སུ་སྠི་ཏ་མ་ཏི་དེ་བ་པུ་ཏྲ་པ་རི་པྲི་ཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི
82.323a
མདོ།་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ་དགྲ་བཅོམ་པ་ཤ་སྟག་དང ། འཇམ་དཔལ་དང ། སེང་གེའི་རྟོག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཞི་ཁྲི་ཉིས་སྟོང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། སྤྱན་རས་གཟིགས་དབང་ཕྱུག་དང ། མཐུ་ཆེན་ཐོབ་དང ། སྤོབས་པ་བརྩེགས་དང ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང ། ལྷུན་པོ་བརྩེགས་པ་དང ། ལྷུན་པོའི་རྒྱལ་མཚན་དང ། རབ་ཏུ་མི་སྒུལ་དང ། དོན་རབ་སེམས་དང ། ལེགས་པར་བསམ་པ་སེམས་དང ། སེམས་དཔའ་བ་དང ། སེམས་ཀྱི་བློ་གྲོས་དང ། སེམས་བཟང་པོ་དང ། ནོར་བུ་བརྩེགས་དང ། རི་འཇིགས་རྒྱལ་པོ་དང ། ལག་ན་རིན་པོ་ཆེ་དང ། སེམས་པ་རིན་པོ་ཆེ་དང ། ལག་ན་རིན་ཆེན་ཕྱག་རྒྱ་དང ། རྟག་ཏུ་ལག་བཏེག་དང ། རྟག་ཏུ་ལག་བརྐྱང་དང ། རྟག་ཏུ་བརྩོན་དང ། སེམས་ཅན་སྒྲོལ་དང ། བརྩོན་འགྲུས་མོས་པ་དང ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ལ་གནས་པ་དང ། སྨོན་ལམ་འཕགས་དང ། ལག་ན་སྒྲོན་མ་དང ། སེམས་མཉམ་དང ། ངན་སོང་སྤོང་བ་དང ། མྱ་ངན་གྱི་མུན་པ་ཐམས་ཅད་འཇོམས་པ་དང ། བརྩོན་པ་མི་གཏོང་དང ། ཉི་མའི་སྙིང་པོ་དང ། རྡོ་རྗེས་རྣམ་པར་གནོན་དང ། མཐའ་ཡས་རྣམ་པར་གནོན་དང ། དཔག་མེད་རྣམ་པར་གནོན་དང ། མི་གཡོ་གནས་ཀྱིས་རྣམ་པར་གནོན་དང ། ནམ་མཁའ་མཛོད་དང ། བློ་གྲོས་དམ་པ་དང ། ཁྱད་པར་བློ་གྲོས་དང ། བློ་གྲོས་འཕེལ་དང ། འགྲོ་གྲུབ་དང ། ས་འཛིན་དང ། ཟླ་འོད་དང ། ཟླ་བའི་ཏོག་དང ། འོད་ཀྱི་ཏོག་དང ། འོད་དཔལ་དང ། སྣང་བ་ཐོབ་པས
82.323b
རྣམ་པར་གནོན་དང ། སེང་གེ་ལྟར་རྣམ་པར་གནོན་པས་མངོན་པར་བསྒྲགས་པའི་ང་རོ་དང ། སྤོབས་པ་ཐོགས་མེད་དང ། སྤོབས་པ་བཞད་པ་དང ། སྤོབས་པ་དཔའ་བ་དང ། རྣམ་པར་གནོན་དང ། ཉི་ཟླའི་འོད་ཟེར་མོག་མོག་པོར་བྱེད་པའི་འོད་དང ། དམིགས་མེད་དང ། བློ་གྲོས་དཔེ་མེད་དང ། རྟག་ཏུ་བཞད་དགྱེས་དབང་པོ་དང ། ནོར་བུ་དང ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང ། བུད་མེད་རྣམ་སྒྱུར་གོ་ཆ་དང ། རབ་ཏུ་སྣང་བ་དང ། རྣམ་པར་སྣང་བྱེད་དང ། མེས་བྱིན་དང ། ཚོགས་ཅན་རབ་མཆོག་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱངས་ཟབ་མོ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞི་ཁྲི་ཉིས་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ། །རྒྱལ་པོ་ཆེན་པོ་བཞི་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་དང ། དེ་དག་དང་གཞན་ཡང་ལྷའི་བུ་དྲུག་ཁྲི་ཙམ་དང་ཡང་ཐབས་གཅིག་གོ། །ལྷའི་བུ་བློ་གྲོས་རབ་གནས་དང ། ལྷའི་བུ་མཚམས་བཟངས་དང ། ལྷའི་བུ་དབང་ཕྱུག་ཆེན་པོ་དང ། ལྷའི་བུ་བློ་གྲོས་བཟང་པོ་དང ། དེ་དག་ལ་སོགས་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ལྷའི་བུ་བདུན་ཁྲི་སུམ་སྟོང་དང་ཡང་ཐབས་གཅིག་གོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང ། ལྷ་མ་ཡིན་གྱི་དབང་པོ་ལྷུན་པོ་དང ། དེ་དག་ལ་སོགས་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ལྷ་མ་ཡིན་གྱི་དབང་པོ་ཉི་ཁྲི་དང་ཡང་ཐབས་གཅིག་གོ། །ཀླུའི་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་ཟླ་བ་དང ། ཀླུའི་རྒྱལ་པོ་འཇོག་པོ་དང ། དེ་དག་ལ་སོགས་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ཀླུའི་རྒྱལ་པོ་དྲུག་ཁྲི་དང་ཡང་ཐབས་གཅིག་གོ། །དེ་དག
82.324a
དང་གཞན་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་འབུམ་ཕྲག་དུ་མ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དག་དང་ཡང་ཐབས་གཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་བ་རང་གི་གནས་ན་འདུག་པ། གཅིག་པུ་དབེན་པར་གྱུར་ཅིང་ནང་དུ་ཡང་དག་འཇོག་ལ་ཞུགས་པ། ཉོན་མོངས་པ་མེད་པ། སེམས་མེད་ཅིང་སེམས་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་དྲན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་སོ། །འཇམ་དཔལ་གཞོན་ནུར་གྱུར་བ་ལངས་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་ཏིང་ངེ་འཛིན་དེ་ལས་ལངས་ནས་འདུ་ཤེས་ཀྱི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་འདི་ལྟ་བུ་འདི་སྐྱེས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་བརྒྱ་ལ་བརྒྱ་ལམ་ན་སྟེ། འདི་ལྟ་སྟེ། དཔེར་ན་ཨུ་དུམ་བ་རའི་མེ་ཏོག་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བ་དེ་བཞིན་དུ་གང་དག་སྐྱེ་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་ཞི་བ་གསལ་བ། བརྟག་ཏུ་མེད་པ། རྟོག་གེ་བ་དང་བྲལ་བ། ཟབ་པ། ཤེས་པར་དཀའ་བའི་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ངོ ། །སངས་རྒྱས་འབྱུང་བ་མེད་ན་ནི་ཆོས་མཉན་པ་ཡང་མེད་དོ། །ཆོས་མཉན་པ་མེད་ན་ནི་སེམས
82.324b
ཅན་རྣམས་ཀྱི་སྡུག་བསྔལ་ཟད་པ་ཡང་མེད་པས་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་སོང་སྟེ། ཞུ་བ་ཞུས་པ་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་ཐེག་པ་པའི་གང་ཟག་རྣམས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དག་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པར་འགྱུར་བ་དང ། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བ་དང ། འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་སེམས་ཅན་འདི་དག་ནི་འདོད་ཆགས་ཆེ་བ། ཞེ་སྡང་ཆེ་བ། གཏི་མུག་ཆེ་བ། དཀར་པོའི་ཆོས་དང་བྲལ་བ། མི་དགེ་བའི་ཆོས་དང་ལྡན་པ། གླེན་པ། བླུན་པ། མི་གུས་པ། སངས་རྒྱས་དང་བྲལ་བ། ཆོས་དང་བྲལ་བ། དགེ་འདུན་དང་བྲལ་བ་ཤ་སྟག་ཡིན་པས་ཅི་ནས་ཀྱང་སེམས་ཅན་འདི་དག་གིས་ཆོས་ཐོས་ནས་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་བ་དེ་ལྟ་བུའི་ཞུ་བ་ཞུའོ་སྙམ་མོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་བ་འདི་སྙམ་དུ་སེམས་ཏེ། བདག་གིས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པ་ལ་ཆོས་ཉན་པར་འགྱུར་བ་དང ། གང་དག་ཟབ་མོའི་བཟོད་པ་འདི་ལ་ལུས་ཀྱིས་མངོན་དུ་བྱེད་པར་འགྱུར་བ་འབུམ་ཕྲག་མང་པོ་དག་ཀྱང་བསྡུ་བར་བྱའོ་སྙམ་མོ། །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་བ་ཀུན་དུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་བ་ཀུན་དུ་སྣང་བ་དྲི་མེད་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་མཉན་པ། འཇམ་པ། རྣམ་པར་དག་པ། འོད་གསལ་བ། དྲི་མ་མེད་པ། ཡོངས་སུ་དག་པའི་འོད
82.325a
ཆེན་པོ་དང ། སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །འོད་དེ་དང ། སྣང་བ་དེས་ཕྱོགས་བཅུའི་འཇིག་རྟེན་ན་འཇིག་རྟེན་གྱི་བར་གྱི་མུན་པ་མུན་གནག་དང ། རིའི་རྩེ་མོ་དང ། ཤིང་ལྗོན་པ་དང ། རི་དང ། ཁོར་ཡུག་དང ། བཏང་ཟུང་དང ། བཏང་ཟུང་ཆེན་པོ་དང ། གངས་དང ། རི་རབ་དང ། ལྷུན་པོ་ཆེན་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ལ་རང་རང་གི་བསྙེན་བཀུར་བ་དག་གིས་ཞུས་པ། བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་པའི་འོད་འདི་ལྟར་ཡིད་དུ་མཆི་བ། འདི་ལྟར་འོད་གསལ་བའི་སྣང་བ་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་འདི་བཅོམ་ལྡན་འདས་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་འོད་འདིས་བདག་ཅག་སེམས་དང་བ་དང ། ལུས་སིམ་པ་ཆེན་པོ་དང་ལྡན་ཞིང་སེམས་ཅན་རྣམས་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དག་ཀྱང་ཀུན་དུ་མི་འབྱུང་ལགས་ན། བཅོམ་ལྡན་འདས་གང་གིས་འོད་འདི་ལྟ་བུ་བཀྱེ་བ་འདི་སུའི་མཐུ་ལགས། འདི་སུའི་བྱིན་གྱིས་བརླབས་ལགས། དེ་སྐད་ཅེས་གསོལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་བསྙེན་བཀུར་བ་དེ་དག་ལ་ཅང་མི་གསུང་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་ན་ལྷའི་སྒྲ་དང ། ཀླུའི་སྒྲ་དང ། གནོད་སྦྱིན་གྱི་སྒྲ་དང ། ལྷ་མ་ཡིན་གྱི་སྒྲ་དང ། ནམ་མཁའ་ལྡིང་གི་སྒྲ་དང ། དྲི་ཟའི་སྒྲ་དང ། མི་འམ་ཅིའི་སྒྲ་དང ། ལྟོ་འཕྱེ་ཆེན་པོའི་སྒྲ་དང ། མིའི་སྒྲ་དང ། མི་མ་ཡིན་པའི་སྒྲ་དང ། བྱའི་སྒྲ་དང ། རི་དགས་ཀྱི་སྒྲ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མི་གྲག་པར་གྱུར་ཏོ། །རླུང་གི་སྒྲ་དང ། ཆུའི་ཕུང་པོའི་སྒྲ་དང ། རྒྱ་མཚོ་ཆེན་པོའི་ཤུགས་ཀྱི
82.325b
སྒྲ་དང ། རོལ་མོའི་སྒྲ་དང ། གླུ་དབྱངས་ཀྱི་སྒྲ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་མི་གྲག་པར་གྱུར་ཏེ། འགའ་ཡང་སྒྲ་མི་འབྱིན་ཅིང་ཐམས་ཅད་ཞི་བ་དང ། རབ་ཏུ་ཞི་བར་གྱུར་ཏོ། །ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བ་དེ་དག་གིས་ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་མང་པོ་ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། ལྷ་དང ། མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང ། སྨན་པ་དང ། བདེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གང་གིས་འོད་འདི་ལྟ་བུ་བཀྱེ་ཞིང་དེས་སངས་རྒྱས་ཀྱི་ཞིང་འདི་དག་ཐམས་ཅད་སྣང་བར་གྱུར་བ་འདི་སུའི་མཐུ་ལགས་པ་བཤད་དུ་གསོལ། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྒྲ་དབྱངས་གཅིག་ཏུ་བསྡུས་ནས་གསུང་གི་ཕྲིན་ལས་བརྗོད་དོ། །དེ་བཞིན་གཤེགས་པ་གཅིག་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་དེ་བཞིན་གསུང་ཞིང་དེ་དག་གིས་གསུང་གི་ཕྲིན་ལས་སྒྲ་དབྱངས་གཅིག་ཏུ་བསྡུས་པ་དེ་ལྟ་བུ་དེས་བསྙེན་བཀུར་བ་དེ་དག་ལ་བཀའ་སྩལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གསུང་བརྗོད་པ་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་དུ་གང་བར་གྱུར་ཏེ། ལྷ་དང་མིར་བཅས་པའི་སིལ་སྙན་འབུམ་ཕྲག་མང་པོ་དག་ཀྱང་སྒྲ་མངོན་པར་འབྱིན་ཅིང་རོལ་མོའི་སྒྲ་དག་ཀྱང་མ་དཀྲོལ་བར་སྒྲ་གྲག་པར་གྱུར་ཏོ། །རོལ་མོའི་སྒྲ་དེ་དག་ལས་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང་ལྡན་པའི་སྒྲ་འབྱུང་ཞིང་སྟོང་པ་ཉིད་ཀྱི་སྒྲ་དང ། མཚན་མ་མེད་པའི་སྒྲ་དང ། སྨོན་པ་མེད་པའི་སྒྲ་དང ། འདོད་ཆགས་དང་བྲལ་བའི་སྒྲ་དང ། རྣམ་པར་གྲོལ་བའི་སྒྲ་དང ། ཆོས་ཀྱི་དབྱིངས་ཀྱི་སྒྲ་དང ། དེ་བཞིན་ཉིད་ཀྱི་སྒྲ་དང ། ཡང་དག་པའི
82.326a
མཐའི་སྒྲ་དང ། སྦྱིན་པའི་སྒྲ་དང ། ཚུལ་ཁྲིམས་ཀྱི་སྒྲ་དང ། བཟོད་པའི་སྒྲ་དང ། བརྩོན་འགྲུས་ཀྱི་སྒྲ་དང ། བསམ་གཏན་གྱི་སྒྲ་དང ། ཤེས་རབ་ཀྱི་སྒྲ་དང ། དེས་པའི་སྒྲ་དང ། ཕན་པའི་དངོས་པོའི་སྒྲ་དང ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱི་སྒྲ་དག་དང ། དེ་ལྟ་བུ་དང་འཐུན་པའི་ཆོས་ཀྱི་སྒོ་འབུམ་ཕྲག་དུ་མ་དག་གི་སྒྲ་བྱུང་བར་གྱུར་ཏོ། །སྒྲ་བྱུང་བ་དེ་དག་གིས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང ། ཉན་ཐོས་ཉིད་དང ། རང་སངས་རྒྱས་ཉིད་དང ། བརྒྱ་བྱིན་ཉིད་དང ། ཚངས་པ་ཉིད་དང ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་སུ་འགྲུབ་པ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྙེན་བཀུར་བ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འདི་ལྟ་བུའི་གཏམ་དྲིས་པས་ཁྱེད་ལ་ཅི་ཞིག་བྱས་ཐོང་ཤིག་།འོད་འདི་ནི་ཇི་ཙམ་དུ་བསམ་གྱིས་མི་ཁྱབ་པའི་དགེ་བའི་རྩ་བ་དང ། ཇི་ཙམ་དུ་བསམ་གྱིས་མི་ཁྱབ་པའི་སྦྱིན་པའི་ཚོགས་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་ཚོགས་ཀྱིས་ཡོངས་སུ་སྦྱང་བ་བྱས་པ་ཡིན་ཏེ། འདི་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་འོད་འདིའི་བསྔགས་པ་བརྗོད་པར་གྱུར་ན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་འདི་ལ་རྨོངས་པར་འགྱུར་རོ། །འོད་འདི་ནི་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཐམས་ཅད་ཀྱིས་ཡོངས་སུ་བསྒོས་པས་ཡོངས་སུ་ཚིམ་པར་བྱེད་པ་སྟེ། འོད་འདིའི་བསྔགས་པ་བརྗོད་པར་གྱུར་ན་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་བསྔགས་པ
82.326b
བརྗོད་པའི་མཐར་ཕྱིན་པར་སླ་བ་མ་ཡིན་ནོ། །རིགས་ཀྱི་བུ་དག་དེ་ལྟ་མོད་ཀྱི་འོན་ཀྱང་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང ། ཁྱེད་ལ་བཤད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བ་དེ་དག་གིས་ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། །སྐྱེ་བོ་མང་པོ་ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རང་རང་གི་བསྙེན་བཀུར་བ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གནས་པར་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་གཟིར་པའི་སེམས་ཅན་མི་གུས་པ། དབང་པོ་རྟུལ་བ། ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་དང་བྲལ་བ་ཉོན་མོངས་པ་ཅན་གྱི་ལས་ལ་སྤྱོད་པ་དེ་ལྟ་བུའི་སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་སྟོན་ཏོ། །རིགས་ཀྱི་བུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མི
82.327a
མཇེད་དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བྱ་བ་མཐུ་ཆེ་བ། ཤེས་པ་ཆེ་བ། བརྩོན་འགྲུས་ཆེ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་སྟོན་པར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་འཛིན་དུ་འཇུག་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་གཟེང་བསྟོད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའི་གོ་འབྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མའི་གོ་འབྱེད་པ། ཆོས་ཐམས་ཅད་ཀྱི་གཞི་རབ་ཏུ་འབྱེད་པའི་ཤེས་པ་ལ་མཁས་པ། ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ། གཟུངས་ཐོབ་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞིག་འདུག་པ་དེ་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་བྱ་བ་དང ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ཆོས་ཀྱི་ཞུ་བ་ཞུས་པར་གྱུར་ཏེ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེས་བྱང་ཆུབ་སེམས་དཔའ་གང་དག་ཆོས་བསྟན་པ་དེ་ཉན་ཅིང་འདུ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཕྱོགས་བཅུ་ནས་བསྡུ་བའི་ཕྱིར་འོད་འདི་བཀྱེ་སྟེ། རིགས་ཀྱི་བུ་དག་སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་བ་འདིའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང
82.327b
ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེ་ཏིང་ངེ་འཛིན་གང་ལ་གནས་ནས་འོད་འདི་ལྟ་བུ་འདི་འགྱེད་པ་ལགས། བཀའ་སྩལ་པ། ཏིང་ངེ་འཛིན་ཀུན་དུ་སྣང་བ་དྲི་མེད་བཀོད་པ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེ་ཏིང་ངེ་འཛིན་ལ་གནས་ནས་འོད་འདི་ལྟ་བུ་འདི་འགྱེད་དོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་གསལ་བ། འདི་ལྟར་རྣམ་པར་དག་པ། འདི་ལྟར་ལུས་དང་སེམས་དགའ་བ་དང ། མཆོག་ཏུ་དགའ་བར་བགྱིད་པའི་འོད་འདི་ལྟ་བུ་འགྱེད་པར་མི་མཛད་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་བསྡུ་བ་དང ། བྱང་ཆུབ་སེམས་དཔའ་བསྐུལ་བའི་ཆོས་ཀྱི་རྣམ་གྲངས་རྟག་ཏུ་མི་འཆད་པའི་ཕྱིར་རོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་གང་གཱའི་ཀླུང་བྱེ་བའྀ་བྱེ་མ་སྙེད་དག་ན་སངས་རྒྱས་ཀྱི་ཞིང་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བ་དེར་དོང་སྟེ། ལྷགས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔོན་མ་མཐོང་མ་ཐོས་པ་ཡོན་ཏན་དུ་མ་དང་ལྡན་པའི་འོད་འདི་ལྟ་བུ་དང ། སྣང་བ་འདི་ལྟ་བུ་དང ། འབར་བ་འདི་ལྟ་བུ་འདི་ག་ལས་མཆིས་སུའི་འོད་ལགས། དེ་སྐད་ཅེས་གསོལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས
82.328a
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བྱ་བ་ཞིག་འདུག་པ་དེས་འདི་ལྟ་སྟེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་འོད་འབར་བ་འདི་ལྟ་བུ་འདི་བཀྱེའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བགྱི་བ་དང ། ཞུ་བ་དང ། ཞུ་བླག་བགྱི་བ་དང ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བ་དེ་དང ། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་མཆིའོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་བབ་པར་ཤེས་ན་དེང་ཤིག ། ད་ནས་དེའི་མོད་ལ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འདི་ལྟ་སྟེ། དཔེར་ན་མི་སྟོབས་པོ་ཆེའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་ཙམ་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་པར་གྱུར་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་ལ་ལ་དག་ནི་མེ་ཏོག་གི་ཆར་དག་མངོན་པར་རབ་ཏུ་འབེབས་ཤིང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །ལ་ལ་དག་ནི
82.328b
ཕྱེ་མ་དང ། བྱུག་པ་དང ། མེ་ཏོག་ཕྲེང་དང ། སྤོས་ཀྱི་ཆར་དག་དང ། མེ་ཏོག་ཨུད་པལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོ་དང ། ཙམ་པ་ཀ་དང ། ་ཏི་མུག་ཏ་ཀ་དང ། སྐྱ་སྣར་དང ། དྷེ་ནུ་སྐ་རི་དང ། སྣ་མའི་མེ་ཏོག་དང ། བཱར་ཤི་ཀ་དང ། བཱར་ཤི་ཀ་ཆེན་པོ་དང ། མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དང ། པཱ་རུ་ཤ་ཀ་དང ། པཱ་རུ་ཤ་ཀ་ཆེན་པོ་དང ། ཟླ་མདོག་དང ། ཟླ་མདོག་ཆེན་པོ་དང ། ཟླ་མདོག་རབ་མཛེས་ལ་སོགས་པ་མེ་ཏོག་གི་རིགས་རྣམ་པ་སྣ་ཚོགས་ཀྱི་ཆར་དག་དང ། སྤོས་ཀྱི་ཆར་དག་དང ། ཕྲེང་བའི་ཆར་དག་དང ། ཕྱེ་མའི་ཆར་དག་མངོན་པར་རབ་ཏུ་འབེབས་ཤིང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །བྱང་ཆུབ་སེམས་དཔའ་ལ་ལ་དག་ནི་སིལ་སྙན་འབུམ་ཕྲག་དུ་མ་དག་རབ་ཏུ་བསིལ་ཞིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །བྱང་ཆུབ་སེམས་དཔའ་ལ་ལ་དག་ནི་དེ་བཞིན་གཤེགས་པ་ལ་བསྟོད་པའི་སྒྲ་དབྱངས་རེ་རེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྒྲ་དབྱངས་ཀྱིས་གོ་བར་བྱེད་ཅིང་ལྷགས་ཏེ། དེ་ལྟ་བུའི་བཀོད་པ་རྣམ་པ་སྣ་ཚོགས་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །བྱང་ཆུབ་སེམས་དཔའ་དེ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་གང་ཇི་སྙེད
82.329a
ཡོད་པ་དེ་དག་ཐམས་ཅད་ཉེ་བར་ཞི་བར་གྱུར་ཏོ། །སེམས་ཅན་གང་ལ་ཡང་འདོད་ཆགས་ཀྱིས་གནོད་པ་མེད། ཞེ་སྡང་གིས་མ་ཡིན། གཏི་མུག་གིས་མ་ཡིན། ང་རྒྱལ་གྱིས་མ་ཡིན། ཕྲག་དོག་གིས་མ་ཡིན། སེར་སྣས་མ་ཡིན། འཆབ་པས་མ་ཡིན། ཁྲོ་བས་མ་ཡིན། ཡོངས་སུ་གདུང་བས་མ་ཡིན་ཏེ། སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང ། མཆོག་ཏུ་དགའ་བའི་སེམས་དང་ལྡན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་ལུས་མི་སྣང་བར་བྱས་ཏེ། ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་རང་གི་སྨོན་ལམ་ལས་བྱུང་བའི་པད་མ་ཁ་དོག་སྣ་ཚོགས་འདབ་མ་འབུམ་ཕྲག་དུ་མ་དང་ལྡན་པའི་པད་མའི་སྙིང་པོ་དག་ལ་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་པར་གྱུར་ཏོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོའི་ཆོས་ཀྱི་ཆོ་འཕྲུལ་ཆེན་པོ་ངོ་མཚར་རྨད་དུ་བྱུང་བ་དེ་དང ། མེ་ཏོག་གི་ཆར་དང ། སྤོས་ཀྱི་ཆར་དང ། ཕྱེ་མའི་ཆར་དེ་དག་དང ། སིལ་སྙན་འབུམ་ཕྲག་མང་པོ་སྒྲ་འབྱིན་པ་དེ་དག་དང ། སྣང་བ་ཆེན་པོ་དེ་ཡང་མཐོང ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་དག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་གྱུར་བ་ཡང་མཐོང ། འཁོར་ཕལ་པོ་ཆེ་ལྷ་དང ། ཀླུ་དང་།
82.329b
གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་ཐམས་ཅད་ཀྱི་ལུས་གསེར་གྱི་ཁ་དོག་ལྟ་བུར་སྣང་བ་དག་ཀྱང་མཐོང་ངོ ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །རབ་དགའ་བདེ་བ་སྩོལ་བ་ཤིན་དུ་དྲི་མ་མེད་པའི་ཞལ། །མི་ཡི་དམ་པ་སྟོབས་བཅུ་ཡོན་ཏན་བརྒྱ་དག་དེས་བསགས་པ། །བསམ་ཡས་གཞལ་དུ་མ་མཆིས་ཡིད་གཉིས་མུན་པ་སེལ་བ་པོ། །ས་བླ་ལྷ་ཡུལ་རྣམ་པར་རྒྱུ་བ་ཁྱོད་དང་མཚུངས་མ་མཆིས། །བསྐལ་པ་ཁྲག་ཁྲིག་ཕྲག་བརྒྱར་སྦྱིན་དང་དུལ་བ་ལེགས་པར་སྤྱད། །བདེ་གཤེགས་ཁྱོད་ཀྱི་ཚུལ་ཁྲིམས་མཚུངས་པ་མ་མཆིས་གནས་མ་མཆིས། །བཟོད་སྟོབས་ཤིན་དུ་སྟོབས་དང་ལྡན་པ་སྟོབས་བཅུའི་སྟོབས་ལྡན་པ། །ཡོན་ཏན་མངའ་བ་མཛུམ་མཛད་བདག་གི་ཐེ་ཚོམ་བསལ་དུ་གསོལ། །སེམས་ཅན་སྡུག་བསྔལ་གཟིགས་ནས་བསྐལ་པ་བརྒྱ་དག་རྣམ་སྤྱད་ཀྱང ། །སྐྱོ་ཞིང་སྤོང་བ་མི་མངའ་དགྱེས་པ་གཞལ་དུ་མ་མཆིས་བརྙེས། །སྲས་དང་སྲས་མོ་བཙུན་མོ་རྒྱལ་སྲིད་སྤྱན་དང་སྣ་ཚོགས་གཏང ། །སྤྱན་དགྱེས་ཐམས་ཅད་གཏོང་བ་བདག་གི་ཐེ་ཚོམ་བསལ་དུ་གསོལ། །ཁྱོད་ཀྱིས་སྔོན་ཆད་ཆིབས་དང་གླང་པོ་ཤིང་རྟ་དཔུང་ཆུང་བསྩལ། །གཏོང་ལ་དགྱེས་པས་དབུ་དང་ན་བཟའ་ཁྲག་ཁྲིག་བརྒྱ་ཡང་གཏང ། །ཐུབ་པས་ཞལ་ཟས་སྩང་ནན་དེ་བཞིན་ཕོ་བྲང་དཀོར་ཡང་བསྩལ། །སྦྱིན་དང་གཏོང་ལ་རྟག་ཏུ་དགྱེས་པ་བདེ་གཤེགས་ཁྱོད་ལ་ཞུ། །སྟོང་པའི་ཆོས་རྣམས་ངེས་པར་བསྟེན་ཅིང་ཐུགས་ལ་ལེགས
82.330a
དགོངས་པས། །རྡུལ་བྲལ་སྐུ་ལུས་གཏུབས་ཀྱང་སྡུག་བསྔལ་འཁྲུག་པ་མི་མངའ་ཞིང ། །གསུངས་ཤེས་ཞུས་ན་བཟོད་པ་གསུང་བའི་སྟོབས་ལ་བརྩོན་པ་ཡི། །ཡོན་ཏན་མངའ་བ་རྡུལ་དང་བྲལ་བ་ཁྱོད་ལ་ཞུ་བ་འཚལ། །འདོད་ཆགས་ཞེ་སྡང་དག་གིས་རབ་དཀྲུགས་རྨོངས་ཤིང་ཀུན་དཀྲིས་ལ། །བདག་ཏུ་འདུ་ཤེས་བརྩོན་པའི་སེམས་ཅན་སྡུག་བསྔལ་གཟིགས་ནས་ནི། །ཐུགས་རྗེ་བསྐྱེད་ནས་བསྐལ་པ་བརྒྱ་དག་སྲིད་པ་འདིར་སྤྱད་པ། །དཔའ་བོ་ལམ་རབ་སྟོན་པར་མཛད་པ་བདག་གི་སྐྱབས་གྱུར་ཅིག་།བདེ་གཤེགས་ལེགས་པ་མཛད་པ་ཁྱོད་ནི་འགྲོ་ལ་ཐོགས་མི་མངའ། །སྤྱད་པ་ལེགས་པར་སྤྱད་པས་རྫུ་འཕྲུལ་ཞབས་དང་ཡེ་ཤེས་བརྙེས། །བདག་དང་སེམས་ཅན་རྣམ་པར་གཤིག་ཅིང་སྟོང་པའི་ཆོས་ལ་བརྩོན། །ཤིན་དུ་དྲི་མ་མ་མཆིས་བསམ་བསྒོམ་བདག་གི་ཐེ་ཚོམ་ཁུམ། །ཁྱོད་ཀྱིས་སྔོན་ནི་སྦྱིན་དང་ཚུལ་ཁྲིམས་བཟོད་པ་རྩོན་འགྲུས་དང ། །བསམ་གཏན་ཤེས་རབ་སྙིང་རྗེ་བྱམས་པ་མཚུངས་པ་མ་མཆིས་བསྟེན། །ཁྱོད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཆུ་འཛིན་རྒྱ་མཚོ་བཞིན། །འབྱུང་གནས་བཟང་པོ་ཤིན་དུ་གནས་པ་བདག་གི་སྐྱབས་གྱུར་ཅིག་།རྡུལ་བྲལ་ཁྱོད་ཀྱིས་སྐུ་ལུས་དུམ་བུ་དུམ་བུར་བཅད་ཅིང་ནི། །སྲང་ལ་གཅལ་བ་མཛད་ཅིང་དམ་དུམ་ལྷག་རོལ་མ་ལུས་པར། །སྐུ་ཀུན་རིལ་གྱིས་བཏང་སྟེ་ཕུག་རོན་ཕྲུག་གུ་གཅིག་མ་བཏང ། །རྡུལ་བྲལ་འོད་མཛད་ཐུགས་རྗེ་མངའ་བ་ཐེ་ཚོམ་བཅད་དུ་གསོལ། །ལྷ་ཚོགས་གནས་པའི་རི་བོ་གཡོས་ཤིང་དགུང་ནི་རྡིབ་གྱུར་ལ། །ལྷ་མ་ཡིན་གྱི་ཚོགས་ཀྱི་གནས་མལ་རྒྱ་མཚོ་བས་གྱུར་ཅིང ། །མཁའ་ལ་གནས་ཤིང་རྒྱུ་བའི་དགུང་ཟླ་དོག་སར་ལྷུང་གྱུར་ཀྱང ། །རྒྱལ་བ་དྲང་པོ་མཛད་པ་ཁྱོད་ནི་ལོག་པའི་ཚིག་མི་གསུང ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན
82.330b
པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་ཞིང་ངོ་མཚར་རྨད་དུ་བྱུང་བའི་མཚན་མ་རྒྱ་ཆེན་པོ་འདི་ལྟ་བུ་གདའ་བ་འདིའི་རྒྱུ་ནི་གང་ལགས་རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་འདི་ལྟ་བུའི་གཏམ་དྲིས་པས་ཁྱོད་ལ་ཅི་ཞིག་བྱ་ཐོང་ཤིག་།འདི་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་གནས་འདི་བསྟན་པར་གྱུར་ན་ལྷ་དང་བཅས་པའི་འཇིག་རྟེན་འདི་ལ་རྨོངས་ཤིང་བསླད་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྐྱེ་བོ་མང་པོ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལེགས་སོ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་འདི་ན་འཇམ་དཔལ་གཞོན་ནུར་གྱུར་བ་ཀུན་དུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་མཐུས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་བའི་བྱེ་མ་སྙེད་དག་འོད་ཀྱིས་སྣང་བར་བྱས་ནས་འོད་དེས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དག་ཡང་དག་པར་བསྐུལ་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་ནས་དེ་དག་གིས་ད་བཟོད་ངའི་རྐང་པ་ལ
82.331a
མགོ་བོས་ཕྱག་བྱས་ཏེ། ང་ལ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་ཏལ་བདུན་སྲིད་ཙམ་ན་པད་མ་དག་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་མེ་ཏོག་གི་ཆར་འདི་ལྟ་བུ་འདི་དག་རབ་ཏུ་བབ་ཅིང་སྤོས་ཀྱི་ཆར་དག་དང ། ཕྱེ་མའི་ཆར་འདི་དག་ཀྱང་རབ་ཏུ་བབ་ལ། སིལ་སྙན་འབུམ་ཕྲག་མང་པོ་དག་ཀྱང་མ་དཀྲོལ་བར་སྒྲ་འབྱིན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་མེ་ཏོག་གི་ཆར་འདི་ལྟ་བུ་འདི་དག་རབ་ཏུ་བབ་ཅིང་སྤོས་ཀྱི་ཆར་དག་དང ། ཕྱེ་མའི་ཆར་འདི་དག་ཀྱང་རབ་ཏུ་བབ་ལ། སིལ་སྙན་འབུམ་ཕྲག་མང་པོ་དག་ཀྱང་མ་དཀྲོལ་བར་སྒྲ་འབྱིན་ཏོ། །གསོལ་པ། བཅོམ་ལྡན་འདས་འདི་ན་བྱང་ཆུབ་སེམས་དཔའ་འགའ་ཡང་མི་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དག་ནི་ཉན་ཐོས་རྣམས་དང ། རང་སངས་རྒྱས་དག་གིས་བལྟ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་འདི་ལྟར་ཉན་ཐོས་དང ། རང་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་གང་དང ། བྱམས་པ་ཆེན་པོ་གང་དང ། ཕན་པར་འདོད་པ་གང་དང ། སྤྱོད་པ་གང་ལ་གནས་པ་དང ། བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་གང་ལ་གནས་པ་དེ་ལ་མི་གནས་ཤིང་བྱང་ཆུབ་སེམས་དཔའ་རྣམས་གང་ལ་སྤྱོད་པའི་ལྷག་པའི་བསམ་པ་དེ་ལ་ཡང་མི་སྤྱོད་པའི་ཕྱིར་རོ། །འོད་སྲུང་བྱང་ཆུབ་སེམས་དཔའ་དེ་དག་ནི་ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་དག་ནི་ཉན་ཐོས་རྣམས་དང ། རང་སངས་རྒྱས་དག་གིས་བལྟ་བར་མི་ནུས་ཏེ། དེ་བཞིན་གཤེགས
82.331b
པ་རྣམས་ཀྱིས་གཟིགས་པ་ཁོ་ནར་ཟད་དོ། །འོད་སྲུང་རིགས་ཀྱི་བུ་དེ་དག་ནི་འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རེ་ཤིག་མི་མཐོང་ན་ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱིས་མཐོང་བར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དག་དང ། སྤྱོད་པ་ཅི་འདྲ་བ་དང ། དགེ་བའི་རྩ་བ་ཇི་ལྟ་བུ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལུས་ཐམས་ཅད་རྣམ་པར་འཇིག་པ་འཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལུས་ཐམས་ཅད་རྣམ་པར་འཇིག་པ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ལྷག་པའི་བསམ་པ་ལ་ཡང་དག་པར་འཇུག་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང ། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དང ། མཚན་མ་ཐམས་ཅད་རྣམ་པར་འཇིག་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྷག་པར་དམིགས་ཤིང་དེ་ལ་རློམ་སེམས་མེད་པ་དང ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ས་ལ་ལྷག་པར་དམིགས་པ་མེད་ཅིང་དེ་ལས་ཡེ་ཤེས་ཡོངས་སུ་ཚོལ་བ་དང ། ལུས་དང་སྲོག་ཀྱང་ཡོངས་སུ་གཏོང་ན་དངོས་པོ་གཞན་དག་ལྟ་ཅི་སྨོས་ཏེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང ། ཚོགས་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཅིང་ཚོགས་དེས་རློམ་སེམས་མེད་པ་དང ། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་བྱེད་ཅིང་ཕ་རོལ་དུ་ཕྱིན་པ་དེ་དག་ལ་རྟོག་པ་མེད་པ་དང ། བདག་གིས་སེམས་ཅན་ཐམས་ཅད
82.332a
སངས་རྒྱས་ཀྱི་ཆོས་རྣམས་ལ་བཀོད་ནས་ཕྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་བྱའོ་སྙམ་ཡང་སེམས་ཅན་རྣམས་དང་བྱང་ཆུབ་མི་དམིགས་པ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལུས་ཐམས་ཅད་རྣམ་པར་འཇིག་པ་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་ཐེག་པ་བ་དང ། རང་སངས་རྒྱས་ཀྱི་ཐེག་པ་པས་ནམ་ཡང་སེམས་འགའ་ཡང་མ་བསྐྱེད་པའི་ལེགས་པར་གསུངས་པ་གསུང་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་ཏེ། བདག་གིས་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ཀྱི་ཆོས་རྣམས་ལ་ཡང་དགོད་པར་བགྱི་ན་སངས་རྒྱས་ཀྱི་ཆོས་རྣམས་ལ་ལྟ་སྨོས་ཀྱང་ཅི་མཚལ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་ལྟ་བས་ན་ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱིས་ནི་ལུས་ཐམས་ཅད་རྣམ་པར་འཇིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མི་ནུས་ཏེ། ཏིང་ངེ་འཛིན་དེའི་མིང་ཡང་མ་ཤེས་ན་སྙོམས་པར་འཇུག་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་མཐོང་བར་དཀའ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འཇམ་དཔལ་གཞོན་ནུར་གྱུར་པ་འོངས་ཀྱི་བར་དུ་ཁྱོད་རེ་ཤིག་སྡོད་ཅིག་དང ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་ལས་ལྡང་ཞིང་དེའི་འོག་ཏུ་མཐོང་བར་འགྱུར་རོ། །འོད་སྲུང་དེ་ལྟ་མོད་ཀྱི་ཁྱོད་ཉིད་ཏིང་ངེ་འཛིན་རྣམས་ཀྱི་གནས་ཐོབ
82.332b
པ་ཡིན་གྱིས་བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་བུས་གནས་པ་རྟོགས་ཤིག་།དེ་ནས་གནས་བརྟེན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་བུས་གནས་པ་བལྟ་བའི་ཕྱིར་དེའི་ཚེ་སངས་རྒྱས་ཀྱི་མཐུ་དང ། རང་གི་སྟོབས་བསྐྱེད་པས་ཏིང་ངེ་འཛིན་ཉི་ཁྲི་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་མ་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་འོང་བ་དང ། འགྲོ་བ་ཡང་མ་ཤེས། དེ་དག་གི་གནས་དང་རབ་ཏུ་གནས་པ་ཡང་མ་ཤེས། ཅི་བྱེད་པ་དང ། ཅི་སྟོན་པ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཤེས་མ་མཐོང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བདག་ཏིང་ངེ་འཛིན་ཉི་ཁྲི་ལ་སྙོམས་པར་ཞུགས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་མ་མཐོང་བ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ཤིན་དུ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་ད་དུང་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་དེ་ལྟར་ཞི་བའི་ཏིང་ངེ་འཛིན་བསྒྲུབས་པས་ཀྱང་དེ་ལྟ་ལགས་ན་བྱང་ཆུབ་སེམས་དཔའ་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བགྱིད། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ལུས་ཐམས་ཅད་རྣམ་པར་འཇིག་པའི་ཏིང་ངེ་འཛིན་འདི་ཉིད་ཀྱི་སླད་དུ་གོ་ཆ་འཚལ་བར་བགྱིད་པ་ནི་གོ་ཆ་ལེགས་པར་འཚལ་བ་ལགས་པས་ཏིང་ངེ་འཛིན་འདི་ནི་སླད་ཀྱིས་ཀྱང་ཡོངས་སུ་བཏང་བར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ནོ། །ཇི་སྐད་སྨྲས
82.333a
པ་དེ་བཞིན་ཏེ། འདི་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་ཡང་མ་ཡིན་ན་སེམས་ཅན་གཞན་དག་གི་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གནས་བརྟན་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པས་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་གྱིས། བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་བུས་གནས་པ་བདག་གིས་བརྟག་པར་བྱའོ་སྙམ་མོ། །དེ་ནས་གནས་བརྟན་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་ཕྱིར་ཏིང་ངེ་འཛིན་སུམ་ཁྲི་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་གི་མཚན་མ་ཡང་ཤེས་པར་མི་ནུས་སོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བྱའོ་སྙམ་མོ། །དེ་ནས་གནས་བརྟན་རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་ཕྱིར་སངས་རྒྱས་ཀྱི་མཐུ་དང ། རང་གི་སྟོབས་བསྐྱེད་པས་ཏིང་ངེ་འཛིན་བཞི་ཁྲི་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་གིས་འོང་བ་དང ། འགྲོ་བ་ཡང་མ་ཤེས། འགྲེང་བ་ཡང་མ་མཐོང ། འཆག་པ་ཡང་མ་མཐོང ། འདུག་པ་ཡང་མ་མཐོང ། ཉལ་བར་ཡང་མ་མཐོང་སྟེ། དེ་དག་བལྟ་བར་མ་ནུས་སོ། །དེ་ནས་གནས་བརྟན་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པས་ཉོན་མོངས་པ་མ་མཆིས་པ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ། བདག་ཞི་བའི་ཏིང་ངེ་འཛིན་རྣམས་ཐོབ་པ་ལགས་པས་བཅོམ་ལྡན་འདས་བདག་གལ་ཏེ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རྔ་བོ་ཆེའི་སྦུབས་གཅིག་ཏུ་གྱུར་ཅིང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ཤོས་ཀྱང་རྔ་བོ་ཆེའི་སྦུབས་གཅིག་ཏུ
82.333b
གྱུར་ལ། དེར་མི་ལ་ལ་ཞིག་སྐྱེས་ནས་དེར་རི་རབ་ཙམ་གྱི་རྔ་ཤིང་ཐོགས་ཏེ། བདག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་མདུན་དུ་མཆིས་ནས་སུག་ལས་གཞན་མི་བགྱིད་པར་བསྐལ་པའི་བར་དུ་རྒྱུན་མི་འཆད་པར་རྔ་བོ་ཆེ་དེ་གཉིས་བརྡུངས་པར་གྱུར་ཀྱང་བཅོམ་ལྡན་འདས་བདག་ཉོན་མོངས་པ་མ་མཆིས་པར་གནས་པའི་སླད་དུ་དེ་ལྟར་བསྒྲུབས་ཏེ། ཞི་བའི་ཏིང་ངེ་འཛིན་རྣམས་ཐོབ་པ་ལ་རེ་ཤིག་བསྐལ་པ་འདས་པར་གནས་པའི་རྔ་བོ་ཆེ་དེ་གཉིས་ཀྱི་སྒྲ་དེ་དག་བདག་གི་རྣ་བའི་རྣམ་པར་རིག་པ་ཙམ་དུ་ཡང་གྲགས་པར་མི་འགྱུར་ན་དེས་ཏིང་ངེ་འཛིན་དེ་ལས་སློངས་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས་མ་མཆིས་ལགས་ན་བཅོམ་ལྡན་འདས་བདག་ཉོན་མོངས་པ་མ་མཆིས་པར་གནས་པ་དེ་ལྟ་བུ་དང་ལྡན་ཞིང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་སླད་དུ་ཏིང་ངེ་འཛིན་བཞི་ཁྲི་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལངས་ཀྱང་དེ་དག་མ་མཐོང་སྟེ། དེ་དག་གི་གནས་ཀྱང་མ་འཚལ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡེ་ཤེས་དེ་ལྟ་བུ་ཡོངས་སུ་ཚོལ་བ་ན་སེམས་ཅན་རེ་རེའི་སླད་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བ་ཆེན་པོར་སྲེག་པར་གྱུར་ཀྱང་སྤྲོ་བར་བགྱི་ཞིང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་ཡོངས་སུ་གཏང་བར་མི་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་བདག་ལེན་པ་མ་མཆིས་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་མ་གྱུར་ན་ནི་བདག་སླད་མའི་མཐའི་མུར་ཐུག་པར་འཁོར་བར་སྤྱོད་ཅིང་དེ་ལྟ་བུའི་ཐེག་པ་ཆེན་པོ་ཡང་ཡོངས་སུ་སྤོང་བར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་ལེགས་སོ་ཞེས
82.334a
བྱ་བ་བྱིན་ཏེ། རབ་འབྱོར་ཁྱོད་ཀྱིས་ལྷག་པའི་བསམ་པ་དེ་ལྟ་བུས་ཚིག་དེ་སྐད་སྨྲས་པ་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་གལ་ཏེ་ཕུང་པོ་འདི་དག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མ་གྱུར་དུ་ཟིན་ན་ཁྱོད་དགེ་བའི་རྩ་བ་འདིས་འཁོར་ལོས་སྒྱུར་བའི་རྒྱས་སྲིད་གང་གཱའི་ཀླུ་གི་བྱེ་མ་སྙེད་དུ་འཇུག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཡོངས་སུ་བརྟག་པའི་ཕྱིར་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་དགེ་སློང་རབ་འབྱོར་དང ། ཤཱ་རིའི་བུ་དང ། འོད་སྲུང་ཆེན་པོ་ཅི་འདྲ་བ་དེ་ལྟ་བུའི་ཤེས་པ་དང་ལྡན་པར་གྱུར་ལ། རབ་འབྱོར་ཉན་ཐོས་ཆེན་པོ་དེ་ལྟ་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་ཕྱིར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་བརྟགས་ཀྱང་མཐོང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཉན་ཐོས་དང ། རང་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཆོས་གང་དག་ལ་སྤྱོད་པ་དེ་དག་ལ་མི་སྤྱོད་པའི་ཕྱིར་ཏེ། རབ་འབྱོར་དེ་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་གནས་མ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་རྣམས་ལས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་གནས་དེ་ཉིད་ན་འདུག་པ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་འདི་དག
82.334b
འདུས་ཀྱིས། བདག་གིས་ལྷ་འབུམ་ཕྲག་མང་པོ་དག་ཀྱང་བསྡུ་བར་བྱའོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ན་འདི་ལྟ་བུར་འགྱུར་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་པད་མའི་ཤིང་རྟའི་ཕང་ལོ་ཙམ་འདབ་མ་ནི་གསེར། སྡོང་བུ་ནི་དངུལ་སྙིང་པོ་ནི་རིན་པོ་ཆེ་དཔལ་གྱི་སྙིང་པོ། ཟེ་བ་ནི་བཻདཱུརY་ལས་བྱས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་མངོན་པར་སྤྲུལ་ཅིང་པད་མ་དེ་དག་ལ་བྱང་ཆུབ་སེམས་དཔའི་ལུས་གསེར་གྱི་ཁ་དོག་ལྟ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་དཔལ་དང་ལྡན་པ། ཁ་དོག་དང་ལྡན་པ། གཟི་བརྗིད་དང་ལྡན་པ། འོད་གསལ་བ་དག་པད་མའི་སྙིང་པོ་དག་གི་དབུས་ན་སྐྱིལ་མོ་དཀྲུང་གིས་འདུག་པའི་ལུས་གཟུགས་དག་ཀྱང་མངོན་པར་སྤྲུལ་ཏོ། །དེ་ནས་པད་མ་དེ་དག་རྒྱལ་ཆེན་བཞིའི་ལྷའི་རིས་ནས་བཟུང་སྟེ། སུམ་བཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དང ། ཚངས་རིས་དང ། ཚངས་པ་ཀུན་འཁོར་དང ། ཚངས་པའི་མདུན་ན་འདོན་དང ། ཚངས་ཆེན་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་དང ། དགེ་ཆུང་དང ། ཚད་མེད་དགེ་དང ། དགེ་རྒྱས་དང ། སྤྲིན་མེད་དང ། བསོད་ནམས་སྐྱེས་དང ། འབྲས་བུ་ཆེ་དང ། མི་ཆེ་བ་དང ། མི་གདུང་བ་དང ། གྱ་ནོམ་སྣང་བ་དང ། ཤིན་དུ་མཐོང་བ་དང ། འོག་མིན་གྱི་ལྷའི་རིས་གྱི་བར་དང ། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་ཆེན་བཞིའི་ལྷའི་རིས་ཐེར་འབུམ་ནས་འོག་མིན་གྱི་ལྷའི་རིས་ཀྱི་བར་གྱི་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་ཇི་སྙེད་པ་ཐམས་ཅད་འདོང་ཞིང་སྒྲ་སྒྲོགས་པར་བྱེད། དབྱངས་རྗོད་པར་བྱེད། ཡང
82.335a
དག་པར་སྐུལ་བར་བྱེད་དེ། བྱང་ཆུབ་སེམས་དཔའི་ལུས་གཟུགས་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྣམ་པར་རྒྱུ་བའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཉི་མའི་རྩ་ལག་རྣམས། །འཇིག་རྟེན་དུ་ནི་ལན་འགའ་འབྱུང ། །ུ་དུམ་བ་རིའི་མེ་ཏོག་ལྟར། །སངས་རྒྱས་དེ་བཞིན་ཤིན་དུ་དཀོན། །ཤཱཀྱ་སེང་གེ་མི་ཡི་མཆོག་།དེ་ནི་འཇིག་རྟེན་འདིར་བྱུང་སྟེ། །སྡུག་བསྔལ་ཐམས་ཅད་ཟད་བྱེད་པའི། །ཆོས་ནི་ཡང་དག་དེ་སྟོན་མཛད། །ལྷ་ཡི་འདོད་པ་ཡིད་དགའ་ལ། །ཇི་སྙེད་ཡུན་རིང་སྤྱད་བྱས་ན། །གང་དུ་ཚོར་བ་མྱོང་འགྱུར་བའི། །ངན་སོང་རྣམས་སུ་འགྲོ་བར་འགྱུར། །ཇི་སྲིད་འདོད་པ་རྣམས་བསྟེན་པ། །སྲིད་པ་ཕྱིར་ཞིང་རབ་ཏུ་འཕེལ། །ཁམས་གསུམ་འཁོར་བའི་སྲོག་ཆགས་ལ། །བདེ་བ་ཡོད་པ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་རབ་དཀོན་དང ། །ཁོམ་པ་དམ་པ་རྙེད་ནས་ནི། །གང་དག་བག་མེད་མི་རྟོགས་པ། །དེ་དག་སྡུག་བསྔལ་ཟད་མི་འགྱུར། །སངས་རྒྱས་བལྟ་ཕྱིར་དེང་ལ་ནི། །ཆོས་ཀྱི་དམ་པ་ཉན་པར་གྱིས། །འཇིག་རྟེན་འདྲེན་པ་འདས་འོག་ཏུ། །ཕྱི་དུས་འགྱོད་པར་མ་བྱེད་ཅིག་།མི་རྣམས་གང་དག་རྟག་མྱོས་ཤིང ། །འཇིགས་ཆེན་བདུད་ཀྱི་ཞགས་པ་ཡི། །བག་མེད་སྤྱོད་པར་བྱེད་རྣམས་ལ། །ཐར་པ་ཡོད་པར་ག་ལ་འགྱུར། །ང་ནི་འདི་སྐད་སྨྲ་བར་བྱ། །བསོད་ནམས་བྱས་པའི་སེམས་ཅན་གང ། །སུམ་བཅུ་རྩ་གཉིས་མཚན་མངའ་བའི། །རྫོགས་སངས་རྒྱས་དང་མྱུར་ཕྲད་བྱོས། །གང་དག་བྱམས་པ་བསམ་ཡས་པའི། །འཇིག་རྟེན་མགོན་རྣམས་མ་གཏོགས་པར། །སེམས་ཅན་རྣམས་ཀྱི་སྐྱབས་གཞན་མེད། །དཔུང་གཉེན་གཞན་ཡང་ཡོད་མ་ཡིན། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །
82.335b
ཚད་མེད་བསམ་གྱིས་མི་ཁྱབ་པའི། །བསྐལ་པ་བྱེ་བར་སྤྱད་མཛད་ནས། །ཡེ་ཤེས་དམ་པ་བརྙེས་ནས་ནི། །གང་ལ་སེམས་ཅན་མི་དམིགས་ཤིང ། །སྲོག་དང་གང་ཟག་ཡོད་མིན་པའི། །ཆོས་མཆོག་ཞི་བ་ཟབ་མོ་དང ། །མཐོང་བར་དཀའ་བར་རབ་ཏུ་སྟོན། །རྟག་པ་དང་ནི་དེ་བཞིན་དུ། །ཆད་པའང་རབ་ཏུ་སྤངས་གྱུར་ཅིང ། །མཚན་མ་ཐམས་ཅད་སྤངས་པའི་ཆོས། །སྲོག་ཆགས་རྣམས་ལ་སྟོན་པར་མཛད། །གང་ལ་འཇིག་རྟེན་མི་གནས་པའི། །སྟོང་ཉིད་མཚན་མ་མེད་པ་དང ། །སྨོན་པར་བྱེད་པ་མ་ཡིན་པའི། །ཡང་དག་མཐའ་ནི་རབ་ཏུ་སྟོན། །རྟགས་མེད་མཚན་མ་ཡོད་མིན་ཞིང ། །སྐྱེ་མེད་འབྱུང་བ་མེད་པ་དང ། །འོང་བ་མེད་ཅིང་འགྲོ་མེད་པའི། །ཆོས་ནི་མཁས་པ་སྟོན་པར་མཛད། །ཟད་མེད་འབྱུང་བ་ཡོད་མིན་ཞིང ། །རང་བཞིན་གྱིས་ནི་དངོས་མེད་དང ། །བལྟར་མེད་མཚན་མ་ཡོད་མིན་པ། །སྟོན་ཀྱང་རློམ་པའི་སེམས་མི་མངའ། །སེམས་ཅན་གང་ཡང་སྐྱེ་མེད་ཅིང ། །འགའ་ཡང་འཆི་བ་ཡོད་མ་ཡིན། །མྱ་ངན་འདས་པའང་གང་ཡང་མེད། །སེམས་ཅན་འབྱུང་བའང་ཡོད་མ་ཡིན། །སྐད་ཀྱིས་ཆོས་རྣམས་བསྟན་བྱས་ཀྱང ། །སྐད་ལ་རྟེན་པ་ཡོད་མིན་ཞིང ། །ཡི་གེ་རྣམས་དང་བྲལ་བའི་ཆོས། །མི་ཡི་འདྲེན་པ་སྟོན་པར་མཛད། །གང་ལ་རླུང་ནི་མི་གནས་ཤིང ། །ཆུ་དང་མེ་ཡང་མི་དམིགས་ལ། །སར་ཡང་རྟོག་པ་མེད་པའི་ཆོས། །སྤྱན་དང་ལྡན་པ་སྟོན་པར་མཛད། །གཟུགས་དང་ཚོར་བ་འདུ་ཤེས་དང ། །འདུ་བྱེད་རྣམས་དང་རྣམ་ཤེས་ནི། །སྟོང་ཞིང་ཕུང་པོ་ལྔ་པོ་དག་།དངོས་པོ་མེད་པ་སྟོན་པར་མཛད། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །རང་བཞིན་སྟོང་པར་སྟོན་མཛད་ཀྱང ། །སྟོང་པ་དེ་ཡང་དམིགས་སུ་མེད། །གཟུགས་དང་སྒྲ་དང་དྲི་རྣམས་དང ། །རོ་དང་རེག་བྱ
82.336a
ཡིད་འོང་བ། །དེ་དག་རྣམ་པར་རྟོག་པས་བསྐྱེད། །རྟོག་པའང་རང་བཞིན་སྟོང་པ་ཡིན། །དེ་ལྟར་སངས་རྒྱས་སྐྱོབ་པ་ནི། །སྲོག་ཆགས་རྣམས་ལ་ཆོས་སྟོན་གྱིས། །གང་དག་སྡུག་བསྔལ་ཐར་འདོད་པ། །དེ་དག་རྣམ་འདྲེན་དྲུང་དུ་ཤོག་།དེ་ནས་བྱང་ཆུབ་སེམས་དཔའ་སྤྲུལ་པ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཚིགས་སུ་བཅད་པ་དེ་དག་གིས་ཆོས་བསྟན་པས་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལས་ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ལྷའི་བུ་ཁྲི་ཉིས་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །ལྷའི་བུ་ས་ཡ་ཕྲག་གསུམ་དང་ཉིས་འབུམ་ནི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ལྷའི་བུ་ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་ལུས་གཟུགས་དེ་དག་གིས་ལྷའི་བུ་གང་དག་ཡང་དག་པར་བསྐུལ་བ་དེ་དག་ལས་ལྷའི་བུ་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་མེ་ཏོག་ཨུད་པ་ལ་དང ། ཀུ་མུ་ད་དང ། པད་མ་དཀར་པོ་དང ། མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དག་དང ། ཕྱེ་མ་དང ། སྤོས་དང ། བྱུག་པ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏོ། །སྟེང་གི་བར་སྣང་ལ་ཡང་ལྷའི་གླུ་དབྱངས
82.336b
མང་པོ་དག་རབ་ཏུ་ལེན་པར་གྱུར་ཏོ། །དེའི་ཚེ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་གང་དུ་ལྷའི་བུ་གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བ་དག་གིས་ཁྱབ་པར་མ་གྱུར་བའི་སའི་ཕྱོགས་ཐ་ན་མཁར་བ་གཟུགས་པའི་གཏོས་ཙམ་ཡང་མེད་པ་དེ་སྙེད་ཀྱི་ལྷའི་བུ་དག་འདུས་པར་གྱུར་ཅིང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཡང་མེ་ཏོག་དག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་གྱུར་ཏོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་དང ། ལྷའི་བུ་མཚམས་བཟང་དང ། ལྷའི་བུ་དྲི་མེད་དང ། ལྷའི་བུ་ངོ་ཚ་ཤེས་པའི་ནོར་ཅན་ཞེས་བྱ་བ་ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཤ་སྟག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་འཇམ་དཔལ་གཞོན་ནུར་གྱུར་བའི་གནས་ག་ལ་བ་དེར་དོང་སྟེ་ལྷགས་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཀྱི་ཕྱི་རོལ་ནས་ལན་བདུན་བསྐོར་བ་བྱས་ཏེ། མེ་ཏོག་མན་དཱ་ར་བའི་ཆར་དག་མངོན་པར་རབ་ཏུ་ཕབ་བོ། །མེ་ཏོག་མན་དཱ་ར་བའི་ཆར་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་བའི་གནས་སུ་མེ་ཏོག་གི་ཕུང་པོ་འཕང་དུ་དཔག་ཚད་བཅུ་པ་ཀུན་ནས་གནས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བྱིན་གྱི་བརླབས་པ་ཇི་ལྟ་བུས་བྱིན་གྱིས་བརླབས་ན་འདི་ལྟ་བུར་འགྱུར་བའི་བྱིན་གྱི་བརླབས་ཀྱིས་བརླབས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་གི་བར་སྣང་ལ་མེ་ཏོག་གི་དྲ་བ་ཀུན་ནས་བཀྲམ་པར་གྱུར་ཏོ། །མེ་ཏོག་གི་འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་དུ་ཁྱབ་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་རང་གི་གནས་ནས་བྱུང་སྟེ། སྨོན་ལམ་ལས་བྱུང་བའི་སྟན་ལ་འདུག་གོ། །དེ་ནས་ལྷའི་བུ་བློ་གྲོས་རབ
82.337a
གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བའི་རྐང་པ་གཉིས་ལ་གཏུགས་སོ། །ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་བའི་རྐང་པ་གཉིས་ལ་གཏུགས་སོ། །བམ་པོ་གཉིས་པ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་སུ་དང་ལྷན་ཅིག་ཏུ་དྲི་བ་བསྟན་པ་བཤད་པར་བྱ། བསམ་གྱིས་མི་ཁྱབ་པའི་གཞི་རྣམས་དང ། ཤེས་པར་དཀའ་བའི་གཞི་རྣམས་དང ། གནས་མེད་པའི་གཞི་རྣམས་དང ། སྤྲོས་པ་མེད་པའི་གཞི་རྣམས་དང ། སྤྲོས་པ་དང་བྲལ་བའི་གཞི་རྣམས་དང ། བརྗོད་དུ་མེད་པའི་གཞི་རྣམས་དང ། བསྟན་དུ་མེད་པའི་གཞི་རྣམས་དང ། ཟབ་མོའི་གཞི་རྣམས་དང ། བདེན་པའི་གཞི་རྣམས་དང ། ཆགས་པ་མེད་པའི་གཞི་རྣམས་དང ། མི་ཕྱེད་པའི་གཞི་རྣམས་དང ། སྟོང་པ་ཉིད་ཀྱི་གཞི་རྣམས་དང ། མཚན་མ་མེད་པའི་གཞི་རྣམས་དང ། སྨོན་པ་མེད་པའི་གཞི་རྣམས་དང ། དེ་བཞིན་ཉིད་བསྟན་པའི་གཞི་རྣམས་དང ། ཡང་དག་པའི་མཐའི་གཞི་རྣམས་དང ། ཆོས་ཀྱི་དབྱིངས་ཀྱི་གཞི་རྣམས་དང ། མཚུངས་པ་མེད་པའི་གཞི་རྣམས་དང ། བླང་བ་མེད་པའི་གཞི་རྣམས་དང ། དོར་བ་མེད་པའི་གཞི་རྣམས་དང ། སངས་རྒྱས་ཀྱི་གཞི་རྣམས་དང ། ཆོས་ཀྱི་གཞི་རྣམས་དང ། དགེ་འདུན་གྱི་གཞི་རྣམས་དང ། ཡེ་ཤེས་ཡོངས་སུ་རྫོགས་པ་འཐོབ་པའི་གཞི་རྣམས་དང ། ཁམས་གསུམ་མཉམ་པ་ཉིད་ཀྱི་གཞི་རྣམས་དང ། ཆོས་ཐམས་ཅད་མི་དམིགས་པའི་གཞི་རྣམས་དང ། ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་གཞི་རྣམས་དང ། སེང་གེའི་གཞི་རྣམས་དང ། དཔའ་བོའི་གཞི་རྣམས་དང ། གཞི་མེད་པའི་གཞི་དེ་དག་བསྟན་པ་ན་སྣོད་དུ་འགྱུར་བ་ནི་སུ་ཡོད་སྙམ་མོ། །དེ་ནས་ཡང་འཇམ
82.337b
དཔལ་གཞོན་ནུར་གྱུར་བ་འདི་སྙམ་དུ་སེམས་ཏེ། ལྷའི་བུ་བློ་གྲོས་རབ་གནས་འདི་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། ཟབ་མོ་ལ་བཟོད་པ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་ཡིན་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་འདི་དང་ལྷན་ཅིག་ཏུ་དྲི་བ་བསྟན་པ་བཤད་པར་བྱའོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ལྷའི་བུ་བློ་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་ནི་ཟབ་མོ་ལ་བཟོད་པ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་ནོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁོ་བོ་དང་ལྷན་ཅིག་ཏུ་དྲེ་བ་བསྟན་པ་བཤད་པར་ནུས་སམ། དེ་སྐད་ཅེས་སྨྲས་པ་དང ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གལ་ཏེ་ཁྱོད་གསུང་པར་མི་མཛད། རྫོད་པར་མི་མཛད། འདོན་པར་མི་མཛད་ཅིང་ཡི་གེ་ཡང་མི་རྗོད། སྒྲ་ཡང་མི་གསན་པ་ལྟ་ན་བདག་གིས་དེ་བཞིན་བསྟན་པར་བགྱིའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཁྱོད་ཉན་པར་མི་བྱེད། འཛིན་པར་མི་བྱེད། འཆང་བར་མི་བྱེད། ཀུན་ཆུབ་པར་མི་བྱེད། སེམས་པར་མི་བྱེད། རིག་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད། ལེན་པར་མི་བྱེད། གཏོང་བར་མི་བྱེད་ཅིང་ཐོས་ནས་ཀྱང་གཞན་དག་ལ་སྟོན་པར་མི་བྱེད་པ་ལྟ་ན་ཁོ་བོས་ཀྱང་དེ་བཞིན་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སངས་རྒྱས་ཀྱི་བྱང་ཆུབ་ནི་ཡི་གེ་མེད་པ། སེམས་མེད་པ། སེམས་དང་བྲལ་བ་སྟེ། མིང་གིས་བརྗོད་ཅིང་མིང་དེ་ཡང་གཡོ་བ་མེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ལྷའི་བུ་འདི་དག་ནི་ཁྱོད་ལས་ཆོས་བསྟན་པ་ཉན་པར་འཚལ་གྱིས་ས་ཕྱོགས་འདི་ཉིད་དུ་ཁྱོད་ཀྱིས་ལྷའི་བུ་འདི་དག་ལ་ཆོས་ཀྱི་བཀའ་མཆིད་གསུངས་ཤིག་།འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་ཉན་པར་འདོད་པ་རྣམས་ལ་ཆོས་སྟོན་པར
82.338a
མི་བྱེད་དེ། འཛིན་པར་འདོད་པ་རྣམས་ལ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བདག་ཏུ་འཛིན་ན་ཉན་འདོད་པར་འགྱུར་ལ། སེམས་ཅན་དུ་འཛིན་པ་དང ། སྲོག་ཏུ་འཛིན་པ་དང ། གང་ཟག་ཏུ་འཛིན་ན་ཉན་འདོད་པར་འགྱུར་བའི་ཕྱིར་རོ། །ལྷའི་བུ་གང་ལ་ངར་འཛིན་པ་དང ། ང་ཡིར་འཛིན་པ་ཡོད་པ་དེ་ནི་འདི་སྙམ་དུ་འདི་ནི་སྟོན་པར་བྱེད་པའོ། །བདག་ནི་ཉན་པའོ། །འདི་ནི་བཤད་པར་བྱ་བའོ་སྙམ་དུ་སེམས་པས་དེ་ནི་ཆགས་པ་གསུམ་གྱིས་ཆགས་པ་ཡིན་ཏེ། གསུམ་གང་ཞེ་ན། བདག་ཏུ་དམིགས་པ་དང ། སེམས་ཅན་དུ་དམིགས་པ་དང ། ཆོས་སུ་དམིགས་པའོ། །ལྷའི་བུ་གང་ལ་ངར་འཛིན་པ་དང ། ང་ཡིར་འཛིན་པ་མེད་པ་དེ་ནི་འཁོར་གསུམ་ཡོངསུ་དག་པས་ཆོས་སྟོན་པར་བྱེད་དེ། རྣམ་པར་རྟོག་པར་མི་བྱེད། སེམས་པར་མི་བྱེད་དེ། རློམ་སེམས་སུ་མི་བྱེད་དོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། བདག་ཏུ་དམིགས་པ་མེད་ཅིང་རྣམ་པར་རྟོགས་པར་མི་བྱེད། རློམ་སེམས་སུ་མི་བྱེད། སེམས་པར་མི་བྱེད་པ་དང ། ཆོས་སྨྲ་བར་དམིགས་པ་མེད་ཅིང་རྣམ་པར་རྟོག་པར་མི་བྱེད། རློམ་སེམས་སུ་མི་བྱེད། སེམས་པར་མི་བྱེད་པ་དང ། ཆོས་སུ་དམིགས་པ་མེད་ཅིང་རྣམ་པར་རྟོག་པར་མི་བྱེད། རློམ་སེམས་སུ་མི་བྱེད། སེམས་པར་མི་བྱེད་པ་སྟེ། ལྷའི་བུ་གང་དག་དེ་ལྟར་ཉན་པ་དེ་དག་ནི་མཉམ་པར་ཉན་པ་ཡིན་ཏེ། མི་མཉམ་པར་ཉན་པ་མ་ཡིན་ནོ། །ལྷའི་བུ་བློ་གྲོས་རབ་གནས་ཀྱིས་སྨྲས་པ། འཇམ་དཔལ་ཅི་ནས་ཀྱང་མི་ལྡོག་པ་ཉིད་ཀྱི་སླད་དུ་བསྟན་པ་བཤད་པ་ལེགས་སོ་ལེགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཅི་རུང་རྣམ་པར་མ་རྟོག་ཤིག་།བྱང་ཆུབ་སེམས་དཔའ་གང་ལྡོག་པ་དེ་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བྱང་ཆུབ་ཀྱང་དམིགས་སུ་མེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་ལས
82.338b
ལྡོག་།འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདོད་ཆགས་ལས་ལྡོག་གོ། །ཞེ་སྡང་ལས་ལྡོག་གོ། །གཏི་མུག་ལས་ལྡོག་གོ། །སྲེད་པ་ལས་ལྡོག་གོ། །མ་རིག་པ་ལས་ལྡོག་གོ། །འཁོར་བར་སྐྱེ་བའི་ཡན་ལག་བཅུ་གཉིས་ཀྱི་བར་ལས་ལྡོག་གོ། །རྒྱུ་ལས་ལྡོག་གོ། །ལྟ་བ་ལས་ལྡོག་གོ། །མིང་ལས་ལྡོག་གོ། །གཟུགས་ལས་ལྡོག་གོ། །འདོད་པའི་ཁམས་ལས་ལྡོག་གོ། །གཟུགས་ཀྱི་ཁམས་ལས་ལྡོག་གོ། །གཟུགས་མེད་པའི་ཁམས་ལས་ལྡོག་གོ། །ཉན་ཐོས་ཀྱི་སྤྱོད་པ་ལས་ལྡོག་གོ། །རང་སངས་རྒྱས་ཀྱི་སྤྱོད་པ་ལས་ལྡོག་གོ། །རྟོག་པ་ལས་ལྡོག་གོ། །འཛིན་པ་ལས་ལྡོག་གོ། །མཚན་མ་ལས་ལྡོག་གོ། །དངོས་པོར་འཛིན་པ་ལས་ལྡོག་གོ། །ཆད་པར་ལྟ་བ་ལས་ལྡོག་གོ། །རྟག་པར་ལྟ་བ་ལས་ལྡོག་གོ། །བླང་བ་ལས་ལྡོག་གོ། །དོར་བ་ལས་ལྡོག་གོ། །བདག་ཏུ་འདུ་ཤེས་པ་ལས་ལྡོག་གོ། །སེམས་ཅན་དུ་འདུ་ཤེས་པ་ལས་ལྡོག་གོ། །སྲོག་ཏུ་འདུ་ཤེས་པ་ལས་ལྡོག་གོ། །གང་ཟག་ཏུ་འདུ་ཤེས་པ་ལས་ལྡོག་གོ། །ཡིད་ལ་བྱེད་པ་ལས་ལྡོག་གོ། །ཆགས་པ་དག་ལས་ལྡོག་གོ། །ཕྱིན་ཅི་ལོག་ལས་ལྡོག་གོ། །འཇིག་ཚོགས་ལས་ལྡོག་གོ། །འཇིག་ཚོགས་ལ་ལྟ་བ་ལས་ལྡོག་གོ། །འཇིག་ཚོགས་ཀྱི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དྲུག་བཅུ་རྩ་གཉིས་ལས་ལྡོག་གོ། །སྒྲིབ་པ་དག་ལས་ལྡོག་གོ། །ཕུང་པོ་ལྔར་འཛིན་པ་ལས་ལྡོག་གོ། །ཕྱི་དང་ནང་གི་སྐྱེ་མཆེད་ཐམས་ཅད་ལས་ལྡོག་གོ། །ཁམས་རྣམས་ལས་ལྡོག་གོ། །སངས་རྒྱས་སུ་འདུ་ཤེས་པ་ལས་ལྡོག་གོ། །ཆོས་སུ་འདུ་ཤེས་པ་ལས་ལྡོག་གོ། །དགེ་འདུན་དུ་འདུ་ཤེས་པ་ལས་ལྡོག་གོ། །བདག་སངས་རྒྱས་སུ་འགྱུར་རོ། །བདག་ཆོས་སྟོན་པར་འགྱུར་རོ། །བདག་སེམས་ཅན་གྲོལ་བར་བྱེད་པར་འགྱུར་རོ། །བདག་བདུད་འདུལ་བར་འགྱུར་རོ། །བདག་ཡེ་ཤེས་ཐོབ་པར་འགྱུར་རོ་སྙམ་པའི
82.339a
འདུ་ཤེས་དེ་དག་ལས་ལྡོག་གོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རྟོག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རྟོག་པར་མི་བྱེད་དོ། །དབང་པོ་རྣམས་དང ། སྟོབས་དང ། མི་འཇིགས་པ་རྣམས་ལ་རྟོག་པར་མི་བྱེད་དོ། །མཚན་རྣམས་ལ་རྟོག་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཞིང་བཀོད་པ་རྣམས་ལ་རྟོག་པར་མི་བྱེད་དོ། །ཉན་ཐོས་ཀྱི་དགེ་འདུན་ཕུན་སུམ་ཚོགས་པ་ལ་རྟོག་པར་མི་བྱེད་ཅིང་རྟོག་པ་ཐམས་ཅད་ལས་ལྡོག་སྟེ། ལྷའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་གང་དེ་ལས་ལྡོག་པ་དེ་ནི་མི་ལྡོག་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་ལས་མི་ལྡོག་།འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ལས་མི་ལྡོག་གོ། །སྟོང་པ་ཉིད་ལས་མི་ལྡོག་གོ། །མཚན་མ་མེད་པ་ལས་མི་ལྡོག་གོ། །སྨོན་པ་མེད་པ་ལས་མི་ལྡོག་གོ། །དེ་བཞིན་ཉིད་ལས་མི་ལྡོག་གོ། །ཆོས་ཀྱི་དབྱིངས་ལས་མི་ལྡོག་གོ། །ཡང་དག་པའི་མཐའ་ལས་མི་ལྡོག་གོ། །མཉམ་པ་ཉིད་ལས་མི་ལྡོག་གོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་གང་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ་རྟོག་པའི་ཆོས་དེ་དག་ལས་ལྡོག་པ་དེ་ནི་དེས་ན་ལྡོག་པ་ཞེས་བྱའོ་ཞེས་གསུངས་པ་དེ་ཅི་གང་དག་ལས་ལྡོག་པའི་ཆོས་དེ་དག་མཆིས་པ་ཞིག་གམ། འོན་ཏེ་མ་མཆིས་པ་ཞིག་གམ། འོན་ཏེ་མཆིས་པ་དང་མ་མཆིས་པ་ཞིག་གམ། འོན་ཏེ་མཆིས་པ་ཡང་མ་ལགས་མ་མཆིས་པ་ཡང་མ་ལགས་པ་ཞིག་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་ལས་ལྡོག་པའི་ཆོས་དེ་དག་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་པ་དང་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་ཡང་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་གང་ལས་ལྡོག་།འཇམ་དཔལ
82.339b
གྱིས་སྨྲས་པ། ལྷའི་བུ་ཡང་དག་པ་མ་ཡིན་པར་འཛིན་པ་དང ། ལེགས་པ་མ་ཡིན་པར་འཛིན་པ་དང ། ལོག་པར་འཛིན་པ་གང་ཡིན་པ་དེ་འཛིན་པར་མི་བྱེད། ཡོངས་སུ་གཏོང་བར་མི་བྱེད། མཚན་མར་མི་བྱེད་པ་དེའི་ཕྱིར་ལྡོག་པ་ཞེས་བྱ་སྟེ། དེ་ནི་ཡོད་པར་ཡང་བསྟན་པར་མི་བྱ། མེད་པར་ཡང་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡོད་པ་དང་མེད་པ་ལས་ལྡོག་པར་གྱུར་ན་དེ་ནི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡོད་པ་ལས་ལྡོག་པར་གྱུར་ན་རྟག་པར་འགྱུར་ལ། མེད་པ་ལས་ལྡོག་པར་གྱུར་ན་ཆད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་རྟག་པ་དང་ཆད་པའི་ཕྱིར་ཆོས་སྟོན་པར་མི་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ནི་རྟག་པའི་ཕྱིར་ཡང་མ་ཡིན། ཆད་པའི་ཕྱིར་ཡང་མ་ཡིན་ནོ། །ལྷའི་བུ་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སྔོན་མ་བྱུང་བར་གྱུར་བའོ་ཞེས་འདུ་ཤེས་ཀྱིས་ཡོད་པ་མ་ཡིན་པར་ཡོངས་སུ་ཤེས་པར་ཟད་ཀྱི། དེ་ལ་ནི་ཆད་པ་ཡང་མེད། རྟག་པ་ཡང་མེད་དེ། ལྷའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྡོག་པ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་ལྷའི་བུ་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བ་དང ། ཞུ་བ་དང ། ཞུ་བླག་བགྱི་བའི་སླད་དུ་དེ་བཞིན་གཤེགས་པའི་སྤྱན་སྔར་བཞུད་ཀྱིས་གཤེགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྣམ་པར་རྟོག་པ་ལ་མ་སྤྱོད་ཅིག་།དེ་བཞིན་གཤེགས་པ་དེ་ནི་ཁོ་བོས་བླངས་ཟིན་ཏོ། །ལྷའི་བུ་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་དེ་གང་ན་བཞུགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ནི་ཁོ་བོའི་མདུན་ན་བཞུགས་སོ། །ལྷའི
82.340a
བུས་སྨྲས་པ། འཇམ་དཔལ་དེ་མི་གདའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཁྱོད་ཀྱིས་ཐམས་ཅད་མཐོང་ན་དེས་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅིའི་སླད་དུ་དེ་སྐད་ཅེས་དེ་བཞིན་གཤེགས་པ་དེ་ནི་ཁོ་བོས་བླངས་ཟིན་ཏོ། །དེ་ནི་ཁོ་བོའི་མདུན་ན་བཞུགས་སོ་ཞེས་གསུང ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། ཁོ་བོའི་མདུན་ཞེས་བྱ་བ་ཅི་ཞིག་ཡིན་སྙམ། ལྷའི་བུས་སྨྲས་པ། འཇམ་དཔལ་ནམ་མཁའི་ཁམས་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་དེ་ཡང་འདི་ལྟ་སྟེ། ནམ་མཁའི་ཁམས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་ཕྱིར་ནམ་མཁའ་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ཡང་དེ་བཞིན་གཤེགས་པ་ཡང་དེ་ལྟ་བུ་ཡིན་པས་ནམ་མཁའ་དང་དེ་བཞིན་གཤེགས་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །ལྷའི་བུ་དེ་ལྟ་བས་ན་ཁྱོད་དེ་བཞིན་གཤེགས་པ་ལྟ་བར་འདོད་ན་མཐའ་འདི་ཁོང་དུ་ཆུད་པར་བྱ་ཞིང་ཅུང་ཟད་ཀྱང་རྣམ་པར་བརྟག་པར་མི་བྱའོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་ཁང་པ་བརྩེགས་པ་གྲུ་བཞི་ལྷམ་པ། ཀ་བ་བཞི་པ། ཆ་མཉམ་པ། ཤིན་དུ་མཛེས་པ། བལྟ་ན་སྡུག་པ། སུམ་ཁྲི་ཉིས་སྟོང་མངོན་པར་སྤྲུལ་ཏོ། །ཁང་པ་བརྩེགས་པ་དེ་དག་ཏུ་རིན་པོ་ཆེའི་ཁྲི་སྟན་ལྷའི་དཔག་བསམས་ཀྱི་ཤིང་ལས་བྱུང་བའི་གོས་ཀྱིས་བཤམས་པ་དག་ཀྱང་སྤྲུལ་ཅིང་ཁྲི་སྟན་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་ལུས་གཟུགས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་དག་སྤྲུལ་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ཇི་ལྟ་བུའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་ན་འདི་ལྟ་བུར་གྱུར་བའི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས
82.340b
པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་རྣམ་པར་སྤྱོད་པའི་པད་མ་གང་དག་ཡིན་པ་དེ་དག་དང ། ཁང་པ་བརྩེགས་པ་དེ་དག་དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། སྟེང་གི་བར་སྣང་ལ་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་སྣང་བར་བྱེད་ཅིང་ཕྱོགས་བཞི་ཀུན་ནས་འཁོར་བར་འཁོད་དོ། །དེ་ནས་པད་མ་དེ་དག་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་སྤྲུལ་པ་གང་དག་ཡིན་པ་དེ་དག་དང ། ཁང་པ་བརྩེགས་པ་དག་ན་འཁོད་པའི་བྱང་ཆུབ་སེམས་དཔའ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་སྒྲ་དབྱངས་འཐུན་པར་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །གང་གཱའི་བྱེ་སྙེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་བྱེ་བ་ཕྲག་མང་ཁྱོད་ཀྱིས་མཆོད། །བྱང་ཆུབ་མཆོག་གི་སྤྱད་པ་བཙལ་མཛད་པས། །དེ་སླད་མི་མཆོག་ཁྱོད་ནི་མཛེས་པ་ལགས། །ཐུབ་པ་མཚན་གྱིས་ཡོངས་སུ་སྤྲས་གྱུར་པ། །སྐུ་མཆོག་སྲིད་པ་གསུམ་ན་ལྷང་ངེ་སྟེ། །འདྲེན་པ་གང་ལ་མི་དང་སྲོག་དང་ནི། །གང་ཟག་མ་མཆིས་ཆོས་ནི་འགྲོ་ལ་སྟོན། །རྣམ་པར་འདྲེན་པས་སྦྱིན་དང་ཚུལ་ཁྲིམས་སྤྱད། །བཟོད་པ་བརྩོན་འགྲུས་དེ་བཞིན་བསམ་གཏན་བསྟེན། །ཁྱོད་ཀྱི་ཤེས་རབ་སྲིད་གསུམ་ཐོགས་མི་མངའ། །ཡེ་ཤེས་མཐར་བྱོན་ཁྱོད་ལ་ཕྱག་འཚལ་ལོ། །གང་ཞིག་ཆོས་རྗེ་ལྷ་དང་མིས་མཆོད་པའི། །འཇིག་རྟེན་འདྲེན་པ་ལ་ནི་འདུད་འགྱུར་ཞིང ། །སྟོང་པ་ཉིད་ལ་མོས་པར་བགྱིད་པ་ཡི། །མི་དེ་འཇིག་རྟེན་དག་གི་འདྲེན་པར་འགྱུར། །གང་དག་སྔོན་བྱུང་དེ་བཞིན་གཤེགས་པ་དང ། །གང་དག་ཕྱོགས་རྣམས་བཞུགས་པའི་འདྲེན་པ་དག་།དེ་དག་གིས་ནི་མཚན་མེད་སྟོན་པའི་ཆོས། །རང
82.341a
བཞིན་མཚན་ཉིད་མ་མཆིས་རྟག་ཏུ་བསྒོམས། །འདི་ལ་རང་བཞིན་སེམས་ཅན་གང་ཡང་ནི། །སྐྱེ་དང་མཆི་བ་དམིགས་སུ་མ་མཆིས་ཤིང ། །འོང་བ་མ་མཆིས་འགྲོ་བ་མ་མཆིས་ཏེ། །ཆོས་རྣམས་ཐམས་ཅད་ནམ་མཁའ་ཇི་བཞིན་ནོ། །ཇི་ལྟར་མི་ཡིས་སྒྱུ་མ་བསྟན་གྱུར་པ། །སྣང་ཡང་དེ་བཞིན་ཉིད་དུ་མ་མཆིས་ལྟར། །དེ་བཞིན་ཆོས་རྣམས་སྒྱུ་མ་འདྲ་བ་དང ། །རྨི་ལམ་ལྟ་བུར་བདེ་བར་གཤེགས་པས་བསྟན། །གང་ཟག་ལ་ལས་གང་གཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་རྣམས་འདིར་ནི་སྦྱིན་བྱས་དང ། །འདུས་བྱས་སྟོང་པར་བཟོད་པ་གང་ལགས་པ། །བཟོད་པ་དེ་ནི་སྦྱིན་ལས་ཁྱད་པར་འཕགས། །བྱང་ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ཡིས། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དག་།ཕུལ་ནས་མི་མཆོག་སངས་རྒྱས་མཆོད་པ་བས། །གང་གིས་གང་ལ་མི་དང་སྲོག་དང་ནི། །གང་ཟག་མ་མཆིས་དེ་འདྲའི་ཆོས་འདི་དག་།ཐོས་ནས་དེ་ལ་འོད་གསལ་བཟོད་ཐོབ་པ། །དེ་ཡིས་མི་རྣམས་དམ་པ་མཆོད་པ་ལགས། །གང་ལ་མི་དང་གང་ཟག་འདུ་ཤེས་མཆིས། །བསྐལ་པ་བྱེ་བ་མང་པོར་ཟས་སྐོམ་དང ། །ཤིང་རྟ་དཔུང་ཆུང་ཁྲི་སྟན་སྦྱིན་བགྱིས་ཀྱང ། །དེས་ནི་འདི་ལ་གྲོལ་བ་མི་འཐོབ་བོ། །མི་མཆོག་གང་དག་མྱ་ངན་འདས་པ་དང ། །དེ་དག་གིས་ཀྱང་སེམས་ཅན་མང་བཀྲོལ་བ། །མཁས་རྣམས་རང་བཞིན་འོད་གསལ་སྟོང་པ་ཡི། །ཆོས་རྣམས་དེ་ལྟར་མཁྱེན་པས་རྣམ་པར་གྲོལ། །སངས་རྒྱས་འབྱུང་དང་ཡུལ་དུ་གནས་པ་དང ། །དེ་བཞིན་བསྟན་ལ་དད་པ་ཐོབ་པར་དཀའ། །མི་ཡི་སྲིད་པ་འང་སྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང ། །ཁོམ་པ་ཕུན་སུམ་རྙེད་དཀའ་ཐོབ་གྱུར་ལ། །བདེ་གཤེགས་བསྟན་ལ་
82.341b
དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིགས་པའི་རྣལ་འབྱོར་སྦྱོར། །སྒྲ་ལ་འཆེལ་ཅིང་འདུག་པར་མ་བྱེད་པར། །ཆོས་ཐོས་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཁྱེད་ཀྱིས་རྟག་ཏུ་དགོན་པའི་གནས་བསྟེན་ལ། །དེས་ནི་མི་རྣམས་དམ་པར་འགྱུར་བར་བྱོས། །ཆོས་སྨྲའི་དགེ་བཤེས་གང་ཡིན་བསྟེན་གྱིས་ལ། །སྡིག་པའི་གྲོགས་ལ་ལན་འགའང་མ་བསྟེན་ཅིག་།སེམས་ཅན་ཀུན་ལ་སེམས་ནི་མཉམ་གྱིས་ལ། །སེམས་ཅན་དེ་ལ་ནམ་ཡང་མ་རློམ་ཤིག་།ཚུལ་ཁྲིམས་ལྡན་དང་མང་དུ་ཐོས་གྱིས་ལ། །རྟག་ཏུ་ཕྱག་དར་ཁྲོད་དང་བསོད་སྙོམས་སྤྱོད། །གཡེལ་བ་མེད་པར་ཤིང་དྲུང་སྟེན་གྱིས་ལ། །བཀུས་ཏེ་བོར་བ་མཆོག་ལ་མ་སྨོད་ཅིག་།འདུས་བྱས་འདི་དག་ཐམས་ཅད་འདུས་བྱས་མིན། །མཚན་ཉིད་གཅིག་ཅིང་སྨིག་རྒྱུ་འདྲ་བ་ཡིན། །དམ་པའི་དོན་གྱི་མུ་གཅིག་ཤེས་གྱིས་ལ། །མྱུར་ཏུ་གཞལ་ཡས་བྱང་ཆུབ་རེག་པར་གྱིས། །ཕུང་པོ་ལྔ་རྣམས་སྒྱུ་མ་བཞིན་དུ་ལྟོས། །ནང་གི་སྐྱེ་མཆེད་དྲུག་དང་ཕྱི་ཡི་དྲུག་།དེ་དག་གྲོང་སྟོང་འདྲ་བར་གསུངས་པས་ན། དེ་ལ་ནམ་ཡང་བསྟེན་པར་མ་བྱེད་ཅིག་།འདོད་ཆགས་ཞེ་སྡང་རང་བཞིན་སྟོང་པ་ཉིད། །གཏི་མུག་ང་རྒྱལ་ཡོངས་སུ་རྟོག་པས་བསྐྱེད། །རྟོག་པ་དེ་ཡང་མ་བྱུང་འབྱུང་མེད་པར། །དེ་ལྟར་ཤེས་ན་འདྲེན་པ་རྣམས་སུ་འགྱུར། །དེ་ནས་སྤྲུལ་པ་དེ་དག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་པ་ན་འཁོར་དེ་ལ་སྲོག་ཆགས་ཉི་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་སུམ་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་སློང་མ་སུམ་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་བསྙེན་བདུན་སྟོང་དང ། དགེ་བསྙེན་མ་སྟོང་དང ། །ལྷའི་བུ་ཉི་ཁྲི་བདུན
82.342a
སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་སུམ་བརྒྱས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་།རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་གོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པ་དང ། བྱང་ཆུབ་སེམས་དཔའི་ལུས་གཟུགས་པདྨ་དག་དང ། ཁང་པ་བརྩེགས་པ་འདི་དག་ན་མཆིས་པ་འདི་རྣམས་ཆོས་ཟབ་མོ་འདི་ལྟ་བུ་སྟོན་པར་བགྱིད་པ་དང ། འཁོར་འདི་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་བ་དང ། ལྷའི་བུ་བྱེ་བ་ཕྲག་འདི་སྙེད་འདུས་པ་དང ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་འདུས་པ་འདི་དག་སུའི་མཐུ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་བའི་མཐུ་ཡིན་ཏེ། དེས་བཀོད་པ་འདི་ལྟ་བུ་འདི་དག་ཀུན་དུ་སྣང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེང་དེ་བཞིན་གཤེགས་པ་ལ་འཇམ་དཔལ་གཞོན་ནུར་གྱུར་བ་ལྷའི་བུ་བློ་གྲོས་རབ་གནས་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྲུབ་པའི་ཕྱིར་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཞུ་ཞིང་ཞུ་བླག་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན
82.342b
ནུར་གྱུར་བ་དེ་འཁོར་འདུས་པ་འདི་ན་མི་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་རེ་ཤིག་སྡོད་ཅིག་དང ། འཇམ་དཔལ་གཞོན་ནུར་གྱུར་བ་དེ་དེའུ་རེ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་དང ། བདུད་ཀྱི་གནས་ཐམས་ཅད་དང ། བདུད་ཐམས་ཅད་ཟིལ་གྱིས་གནོན་ཅིང་བཀོད་པ་ཆེན་པོས་དེ་བཞིན་གཤེགས་པ་ག་ལ་བ་དེར་འོང་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་བ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བདུད་ཀྱི་གནས་བྱེ་བ་བརྒྱ་ཕྲག་ཇི་སྙེད་པ་དེ་དག་ཐམས་ཅད་མོག་མོག་པོར་གྱུར་ཏོ། །བདུད་སྡིག་ཅན་དེ་དག་ཀྱང་རང་རང་གི་ལུས་རྒས་ཤིང་གཏུགས་ལ་འཁོགས་པར་གྱུར་ནས་ལག་པ་འཁར་བ་ལ་རྟེན་ཅིང་འགྲོ་བར་གྱུར་ཏོ། །དེ་དག་གིས་ལྷའི་བུ་མོ་རྣམས་ཀྱང་རྒས་ཤིང་གཏུགས་ལ་འཁོགས་པར་གྱུར་བ་དང ། རང་རང་གི་གཞལ་མེད་ཁང་དག་ཀྱང་རྙིངས་ཤིང་རབ་ཏུ་འཇིག་ལ་མུན་པ་མུན་གནག་ཏུ་གྱུར་བར་མཐོང་ངོ ། །དེ་ནས་བདུད་སྡིག་ཅན་དེ་དག་སྐྲག་ཅིང་དངངས་ལ་ཡི་ཆད་ཅིང་སྒྱིད་ལུག་སྟེ། སྤུའི་ཁུང་བུ་ཟིང་ཞེས་བྱེད་པར་གྱུར་ནས་འདི་སྙམ་དུ་རྣམ་པར་རྟོག་སྟེ། གང་གིས་བདག་ཅག་བདུད་ཀྱི་གནས་རྣམས་འདི་ལྟ་བུའི་གནས་སྐབས་སུ་གྱུར་བ་འདིའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བདག་ཅག་འདི་ནས་འཆི་འཕོ་ཞིང་མེད་པ་འམ་གཅིག་ཏུ་མི་འགྱུར་གྲང་སྙམ་མོ། །བདུད་དེ་དག་གི་རྣམ་པར་རྟོག་པ་དེ་ལྟ་བུ་དེ་སྐྱེས་མ་ཐག་ཏུ་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་ལྷའི་བུ་སྤྲུལ་པ་ཐེར་འབུམ
82.343a
སྤྲུལ་ཏེ། བདུད་དེ་དག་གི་མདུན་དུ་བཀོད་དོ། །དེ་ནས་ལྷའི་བུ་སྤྲུལ་པ་དེ་དག་གིས་བདུད་སྡིག་ཅན་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལོག་པ་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བྱ་བ་དེ་ད་ལྟར་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེའི་མཐུ་ཡིན་ཏེ། ཁྱེད་ལ་འཚེ་བ་འགའ་ཡང་འབྱུང་བར་མི་འགྱུར་གྱིས་མ་སྐྲག་ཤིག་།ལྷའི་བུ་སྤྲུལ་པ་དེ་དག་གིས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ། དེ་ནས་བདུད་སྡིག་ཅན་དེ་དག་གིས་སྒྲ་དེ་ཡང་ཐོས། འཇམ་དཔལ་གཞོན་ནུར་གྱུར་བའི་མིང་ཡང་ཐོས་ནས་ཡང་རྒྱ་ཆེར་དངངས་ཤིང་སྐྲག་སྟེ། བདུད་ཀྱི་གནས་དེ་དག་ཐམས་ཅད་ཀྱང་རབ་ཏུ་གཡོས་སོ། །དེ་ནས་བདུད་སྡིག་ཅན་དེ་དག་གིས་ལྷའི་བུ་སྤྲུལ་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ཡོངས་སུ་སྐྱོབས་ཤིག་།གྲོགས་པོ་དག་ཡོངས་སུ་སྐྱོབས་ཤིག་།དེ་ནས་ལྷའི་བུ་སྤྲུལ་པ་དེ་དག་གིས་བདུད་སྡིག་ཅན་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་མ་འཇིགས་ཤིག་།གྲོགས་པོ་དག་མ་འཇིགས་ཤིག་།ཁྱེད་ཅག་དེང་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་ཤིག་དང ། དེ་བཞིན་གཤེགས་པ་ཐུགས་རྗེ་དང་ལྡན་པ་དེ་ནི་སེམས་ཅན་འཇིགས་པར་གྱུར་བ་རྣམས་ལ་མི་འཇིགས་པ་སྩོལ་བར་མཛད་དོ། །དེ་ནས་ལྷའི་བུ་སྤྲུལ་པ་དེ་དག་གིས་ཚིག་དེ་སྐད་ཅེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འཁོར་བདུད་སྡིག་ཅན་འབུམ་ཕྲག་ཐེར་འབུམ་དུ་མ་དང་བཅས་པ་དེ་དག་ཐམས་ཅད་རྒས་ཤིང་འཁོགས་ནས་གཟེར་ཅིང་ལག་པ་མཁར་བ་ལ་རྟེན་བཞིན་དུ་འདོང་ཞིང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་བཅོམ
82.343b
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་ཐམས་ཅད་ཀྱིས་སྒྲ་སྐད་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་མི་སྡུག་པའི་རྣམ་པ་འདི་ལྟ་བུ་འདི་དག་ལས་ཡོངས་སུ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ཅག་ཡོངས་སུ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མཚན་ཡོངས་སུ་བསྒྲགས་པ་ནི་མི་མངོན་ལགས་ཀྱི། འཇམ་དཔལ་གཞོན་ནུར་གྱུར་བ་གཅིག་པུའི་མིང་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པའི་མིང་ཐོས་ན་བདག་ཅག་འཇིགས་ཤིང་དངངས་ལ་སྐྲག་པར་འགྱུར་ཏེ། འཆི་འཕོ་བ་སྙམ་དུ་འཚལ་ཅིང་མ་མཆིས་པར་འགྱུར་བ་སྙམ་དུ་འཚལ་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་བས་ཡོངས་སུ་སྨིན་པ་དང ། རྣམ་པར་དབྱེ་བ་མེད་པར་སེམས་ཅན་རྣམས་ཀྱི་དོན་བྱས་པ་དང ། བྱེད་པར་འགྱུར་བ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་མ་མཛད་མི་མཛད་པས་དེའི་ཕྱིར་ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་བ་གཅིག་པུའི་མིང་ཡོངས་སུ་བསྒྲགས་པ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མཚན་ཡོངས་སུ་བསྒྲགས་པས་ནི་ཁྱེད་ཅག་སྡུག་བསྔལ་ཞིང་རྣམ་པར་འཇིག་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འདི་ལྟར་ལུས་འཁོགས་པ་འདིས་ཉམ་ཐག་ཅིང་ངོ་ཚ་ལགས་པས་བཅོམ་ལྡན་འདས་བདག་ཅག་སྔོན་བདག་ཅག
82.344a
གི་ཁ་དོག་རྒྱས་པར་གྱུར་བ་གང་ལགས་པ་དེ་ལྟ་བུ་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་འཇམ་དཔལ་གཞོན་ནུར་གྱུར་བ་འོངས་ཀྱི་བར་དུ་རེ་ཤིག་འདི་ཉིད་དུ་སྡོད་ཅིག་དང ། དེས་ཁྱེད་ཅག་མི་སྡུག་པའི་རྣམ་པ་འདི་ལས་ཡོངས་སུ་ཐར་བར་བྱེད་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། སྟན་ལས་ལངས་ནས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མས་ཀྱང་ཡོངས་སུ་བསྐོར་ཅིང་མདུན་དུ་བདར། ལྷའི་བུ་འབུམ་ཕྲག་དུ་མ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་འབུམ་ཕྲག་དུ་མ་སིལ་སྙན་འབུམ་ཕྲག་མང་པོ་དག་རབ་ཏུ་གསིལ་ཞིང་མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོའི་ཆར་དག་རབ་ཏུ་འབེབས་པ་ཤ་སྟག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཀོད་པ་ཆེན་པོ་དང ། རྣམ་པར་རྩེ་བ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྙོམས་པར་འཇུག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཏིང་ངེ་འཛིན་བསྒྲུབས་པ་དེ་དེ་བཞིན་གཤེགས་པ་གང་ལས་ཐོས། ཁྱོད་ཀྱིས་ཏིང་ངེ་འཛིན་དེ་བསྒྲུབས་ནས་ཇི་སྲིད་ཅིག་ལོན། འཇམ་དཔལ་གྱིས་གསོལ་པ། བཅོམ
82.344b
ལྡན་འདས་གང་གི་ཚེ་བདག་གིས་ཏིང་ངེ་འཛིན་བསྒྲུབས་པ་དེ་ཐོས་ཤིང་བདག་གིས་ཏིང་ངེ་འཛིན་དེ་བསྒྲུབས་པ་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་ཡང་མ་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་གང་ལ་ཏིང་ངེ་འཛིན་བསྒྲུབས་པ་དེ་ཐོས་པའི་དེ་བཞིན་གཤེགས་པ་དེའི་མཚན་ཅི། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ། གྲངས་མ་མཆིས་པའི་ཡང་ཆེས་གྲངས་མ་མཆིས་པ་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་མེ་ཏོག་མན་དཱ་ར་བའི་དྲི་ཞེས་བགྱི་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བྱུང་སྟེ། དེ་ཏིང་ངེ་འཛིན་བསྒྲུབས་པ་དེ་གསུང་བར་གྱུར་ནས་དེ་བཞིན་གཤེགས་པ་དེ་ལས་བདག་གིས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བགྱིད་པའི་ཏིང་ངེ་འཛིན་བསྒྲུབས་པ་དེ་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བསྒྲུབས་པ་དེ་དག་གང་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་པ་ཉི་ཤུ་དང་ལྡན་ན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བགྱིད་པའི་ཏིང་ངེ་འཛིན་དེ་འཐོབ་སྟེ། ཉི་ཤུ་གང་ལགས་ཤེ་ན། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་འདོད་ཆགས་རྣམ་པར་འཇིག་ཅིང་འདོད་ཆགས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ཞེ་སྡང་རྣམ་པར་འཇིག་ཅིང་ཞེ་སྡང་གི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། གཏི་མུག་རྣམ་པར་འཇིག་ཅིང་གཏི་མུག་གི་སེམས
82.345a
རྣམ་པར་འཇིག་པར་བགྱིད་པ་དང ། ཕྲག་དོག་རྣམ་པར་འཇིག་ཅིང་ཕྲག་དོག་གི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ང་རྒྱལ་རྣམ་པར་འཇིག་ཅིང་ང་རྒྱལ་གྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། འཆབ་པ་རྣམ་པར་འཇིག་ཅིང་འཆབ་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ཁྲོ་བ་རྣམ་པར་འཇིག་ཅིང་ཁྲོ་བའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ཡོངས་སུ་གདུང་བ་རྣམ་པར་འཇིག་ཅིང་ཡོངས་སུ་གདུང་བའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། འདུ་ཤེས་རྣམ་པར་འཇིག་ཅིང་འདུ་ཤེས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ལྟ་བ་རྣམ་པར་འཇིག་ཅིང་ལྟ་བའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། རྟོག་པ་རྣམ་པར་འཇིག་ཅིང་རྟོག་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ལེན་པ་རྣམ་པར་འཇིག་ཅིང་ལེན་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། འཛིན་པ་རྣམ་པར་འཇིག་ཅིང་འཛིན་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། མཚན་མ་རྣམ་པར་འཇིག་ཅིང་མཚན་མའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། སྲིད་པ་རྣམ་པར་འཇིག་ཅིང་སྲིད་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། རྟག་པ་རྣམ་པར་འཇིག་ཅིང་རྟག་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ཆད་པ་རྣམ་པར་འཇིག་ཅིང་ཆད་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ཕུང་པོ་རྣམ་པར་འཇིག་ཅིང་ཕུང་པོའི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ཁམས་རྣམ་པར་འཇིག་ཅིང་ཁམས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། སྐྱེ་མཆེད་རྣམ་པར་འཇིག་ཅིང་སྐྱེ་མཆེད་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང ། ཁམས་གསུམ་པ་རྣམ་པར་འཇིག་ཅིང་ཁམས་གསུམ་པ་ལ་དམིགས་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་སྟེ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་པ་ཉི་ཤུ
82.345b
པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། ལྷག་པའི་བསམ་པ་ལ་ཡང་དག་པར་འཇུག་པ་དང ། གཡོ་བ་མ་མཆིས་པ་དང ། ཟབ་པ་དང ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། སླུ་བ་མ་མཆིས་པ་དང ། བདེན་པའི་ཚིག་གིས་དམ་འཆའ་བ་དང ། འདུ་ཤེས་ཀྱི་དབང་གི་སྤྱོད་ཡུལ་མ་ལགས་པ་དང ། ཆོས་ཐམས་ཅད་མི་འཛིན་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང ། སྡིག་པའི་གྲོགས་པོ་སྤོང་བ་དང ། སྦྱངས་པ་དང ། ཚུལ་ཁྲིམས་དང ། ཡོ་བྱད་བསྙུངས་པ་དང་ལྡན་པ་དང ། འདུ་འཛི་མ་མཆིས་པར་སྤྱོད་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་ཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། ཚུལ་ཁྲིམས་མ་ཉམས་པ་དང ། ཚུལ་ཁྲིམས་མ་དྲལ་བ་དང ། ཚུལ་ཁྲིམས་མི་རྟེན་པ་དང ། ཚུལ་ཁྲིམས་ནག་ནོག་མ་མཆིས་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང
82.346a
ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤོང་བ་དང ། རང་སངས་རྒྱས་ཀྱི་སེམས་ལ་ལྷག་པར་མི་དམིགས་པ་དང ། བཟོད་པ་གནས་པ་དང ། སེམས་ཅན་ལ་རློམ་སེམས་མ་མཆིས་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་དེ་འཐོབ་སྟེ། བཞི་གང་ལགས་ཤེ་ན། སྟོང་པ་ཉིད་ཀྱི་ཆོས་སྒོམ་ཞིང་གང་ཟག་ལ་རློམ་སེམས་མ་མཆིས་པ་དང ། མཚན་མ་མ་མཆིས་པ་སྒོམ་ཞིང་མཚན་མ་ཡོངས་སུ་སྤོང་བ་དང ། སྨོན་པ་མ་མཆིས་པ་སྒོམ་ཞིང་སྨོན་པའི་སེམས་ཡོངས་སུ་སྤོང་བ་དང ། ཆོག་འཚལ་ཅིང་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་བཞི་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་པ་དེ་དག་དང་ཆོས་དེ་དག་དང་ལྡན་ན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བགྱིད་པའི་ཏིང་ངེ་འཛིན་དེ་འཐོབ་བོ། །བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་མེ་ཏོག་མན་དཱ་རའི་དྲིས་ཏིང་ངེ་འཛིན་བསྒྲུབ་པ་དེ་རབ་ཏུ་བསྟན་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དེ་ལས་ཏིང་ངེ་འཛིན་བསྒྲུབ་པ་དེ་ཐོས་ཤིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་མན་དཱ་རའི་དྲི་དེའི་འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུ་དང ། རིན་པོ་ཆེ་དང ། གློག་དང ། ཉི་ཟླ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་ཅེས་བགྱི་པ་བྱུང་བར་གྱུར་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་ཏིང་ངེ་འཛིན་དེ་བསྒྲུབས་སོ། །བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་ཁྲིས་ཏིང་ངེ་འཛིན་དེ་བསྒྲུབས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན
82.346b
ཤཱ་རིའི་བུས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་གཞོན་ནུར་གྱུར་བས་ཇི་ཙམ་དུ་ཏིང་ངེ་འཛིན་དེ་ལེགས་པར་བསྒྲུབས་ཤིང་ཏིང་ངེ་འཛིན་དེ་བསྒྲུབས་པས་བདུད་སྡིག་ཅན་འདི་དག་མི་སྡུག་པའི་རྣམ་པ་འདི་ལྟ་བུར་བགྱིས་པ་དེ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འབའ་ཤིག་གི་བདུད་སྡིག་ཅན་འདི་དག་འདི་ལྟར་མི་སྡུག་པའི་རྣམ་པར་བྱས་སོ་སྙམ་ན་ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་བའི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བྱེ་མ་སྙེད་དག་ན་བདུད་སྡིག་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་བུའི་གནས་སྐབས་སུ་གྱུར་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་བྱིན་གྱིས་བརླབས་འདི་མཐོང་ལ། ཅི་ནས་ཀྱང་བདུད་སྡིག་ཅན་འདི་དག་སྔོན་གྱི་ཁ་དོག་རྒྱས་པ་དང་ལྡན་པར་འགྱུར་བར་གྱིས་ཤིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བྱིན་གྱིས་བརླབས་དེ་བཏང་ངོ ། །བྱིན་གྱིས་བརླབས་དེ་གཏང་མ་ཐག་ཏུ་དེ་ནས་བདུད་སྡིག་ཅན་དེ་དག་སྔོན་གྱི་ཁ་དོག་རྒྱས་པ་དང་ལྡན་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བདུད་སྡིག་ཅན་དེ་དག་དང ། བདུད་ཀྱི་འཁོར་དེ་དག་ལ་སྨྲས་པ། སྡིག་ཅན་དག་གང་ལ་མིག་དང ། གང་ལ་མིག་གི་འདུ་ཤེས་དང ། གང་ལ་མིག་ཏུ་ལྷག་པར་འཛིན་པ་དང ། གང་ལ་མིག་གི་མཚན་མ་དང ། གང་ལ་མིག་ཏུ་ལྷག་པར་དམིགས་པ་དང ། གང་ལ་མིག་ཏུ
82.347a
མངོན་པར་ཆགས་པ་དང ། གང་ལ་མིག་གི་རློམ་སེམས་དང ། གང་ལ་མིག་བདག་གིར་འཛིན་པ་དང ། གང་ལ་མིག་གི་རྟེན་དང ། གང་ལ་མིག་ལ་མངོན་པར་ཞེན་པ་དང ། གང་ལ་མིག་གི་སྤྲོས་པ་དང ། གང་ལ་མིག་ངའི་བ་ཉིད་དང ། གང་ལ་མིག་ཀུན་དུ་སྲུང་བ་དང ། གང་ལ་མིག་བསྒོམ་པ་དང ། གང་ལ་མིག་བླང་བ་དང ། གང་ལ་མིག་དོར་བ་དང ། གང་ལ་མིག་ཏུ་རྟོག་པ་དང ། གང་ལ་མིག་ཏུ་སེམས་པ་དང ། གང་ལ་མིག་ཡོངས་སུ་འགྲུབ་པ་དང ། གང་ལ་མིག་འགོག་པ་དང ། གང་ལ་མིག་སྐྱེ་བ་དང ། གང་ལ་མིག་ཏུ་འཛིན་པ་དང ། གང་ལ་མིག་འོང་བ་ཡོད་པ་དེ་ལ་ནི་ཁྱེད་བདུད་ཀྱི་ལས་བར་ཆད་བྱེད་པའི་ཡུལ་ཡོད་དོ། །སྡིག་ཅན་དག་དེ་བཞིན་དུ་གང་ལ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དང ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་དང ། གང་ལ་ཆོས་ཀྱི་འདུ་ཤེས་དང ། གང་ལ་ཆོས་སུ་ལྷག་པར་འཛིན་པ་དང ། གང་ལ་ཆོས་ཀྱི་མཚན་མ་དང ། གང་ལ་ཆོས་སུ་ལྷག་པར་དམིགས་པ་དང ། གང་ལ་ཆོས་སུ་མངོན་པར་ཆགས་པ་དང ། གང་ལ་ཆོས་ཀྱི་རློམ་སེམས་དང ། གང་ལ་ཆོས་བདག་གིར་འཛིན་པ་དང ། གང་ལ་ཆོས་ཀྱི་རྟེན་དང ། གང་ལ་ཆོས་ལ་མངོན་པར་ཞེན་པ་དང ། གང་ལ་ཆོས་ཀྱི་སྤྲོས་པ་དང ། གང་ལ་ཆོས་ངའི་བ་ཉིད་དང ། གང་ལ་ཆོས་ཀུན་དུ་སྲུང་བ་དང ། གང་ལ་ཆོས་བསྒོམ་པ་དང ། གང་ལ་ཆོས་བླང་བ་དང ། གང་ལ་ཆོས་དོར་བ་དང ། གང་ལ་ཆོས་སུ་རྟོག་པ་དང ། གང་ལ་ཆོས་སུ་སེམས་པ་དང ། གང་ལ་ཆོས་ཡོངས་སུ་འགྲུབ་པ་དང ། གང་ལ་ཆོས་འགོག་པ་དང ། གང་ལ་ཆོས་སྐྱེ་བ་དང ། གང་ལ་ཆོས་སུ་འཛིན་པ་དང ། གང་ལ་ཆོས་འོང་བ་ཡོད་པ་དེ་ལ་ནི་ཁྱེད་བདུད་ཀྱི་ལས་བར་ཆད་བྱེད་པའི་ཡུལ་ཡོད་དོ། །སྡིག་ཅན་དག་གང་ལ་མིག་མེད
82.347b
པ་དང ། གང་ལ་མིག་གི་འདུ་ཤེས་མེད་པ་དང ། གང་ལ་མིག་ཏུ་ལྷག་པར་འཛིན་པ་མེད་པ་དང ། གང་ལ་མིག་གི་མཚན་མ་མེད་པ་དང ། གང་ལ་མིག་ཏུ་ལྷག་པར་དམིགས་པ་མེད་པ་དང ། གང་ལ་མིག་ཏུ་མངོན་པར་ཆགས་པ་མེད་པ་དང ། གང་ལ་མིག་གི་རློམ་སེམས་མེད་པ་དང ། གང་ལ་མིག་བདག་གིར་འཛིན་པ་མེད་པ་དང ། གང་ལ་མིག་གི་རྟེན་མེད་པ་དང ། གང་ལ་མིག་ལ་མངོན་པར་ཞེན་པ་མེད་པ་དང ། གང་ལ་མིག་གི་སྤྲོས་པ་མེད་པ་དང ། གང་ལ་མིག་ངའི་བ་ཉིད་མེད་པ་དང ། གང་ལ་མིག་ཀུན་དུ་སྲུང་བ་མེད་པ་དང ། གང་ལ་མིག་བསྒོམ་པ་མེད་པ་དང ། གང་ལ་མིག་བླང་བ་མེད་པ་དང ། གང་ལ་མིག་དོར་བ་མེད་པ་དང ། གང་ལ་མིག་ཏུ་རྟོག་པ་མེད་པ་དང ། གང་ལ་མིག་ཏུ་སེམས་དཔའ་མེད་པ་དང ། གང་ལ་མིག་ཡོངས་སུ་འགྲུབ་པ་མེད་པ་དང ། གང་ལ་མིག་འགོག་པ་མེད་པ་དང ། གང་ལ་མིག་སྐྱེ་བ་མེད་པ་དང ། གང་ལ་མིག་ཏུ་འཛིན་པ་མེད་པ་དང ། གང་ལ་མིག་འོང་བ་མེད་པ་དེ་ལ་ནི་ཁྱེད་ཀྱི་གནས་མེད་དོ། །ཡུལ་མེད་དོ། །བདག་པོ་མེད་དོ། །སྟོབས་མེད་དོ། །དབང་ཕྱུག་མེད་དོ། །མཐུས་གཟུང་བ་མེད་དོ། །སྡིག་ཅན་དག་དེ་བཞིན་དུ་གང་ལ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དང ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་མེད་པ་དང ། གང་ལ་ཆོས་ཀྱི་འདུ་ཤེས་མེད་པ་དང ། གང་ལ་ཆོས་སུ་ལྷག་པར་འཛིན་པ་མེད་པ་དང ། གང་ལ་ཆོས་ཀྱི་མཚན་མ་མེད་པ་དང ། གང་ལ་ཆོས་སུ་ལྷག་པར་དམིགས་པ་མེད་པ་དང ། གང་ལ་ཆོས་སུ་མངོན་པར་ཆགས་པ་མེད་པ་དང ། གང་ལ་ཆོས་ཀྱི་རློམ་སེམས་མེད་པ་དང ། གང་ལ་ཆོས་བདག་གིར་འཛིན་པ་མེད་པ་དང ། གང་ལ་ཆོས་ཀྱི་རྟེན་མེད་པ་དང ། གང་ལ་ཆོས་ལ་མངོན་པར་ཞེན་པ་མེད་པ་དང ། གང་ལ་ཆོས་ཀྱི་སྤྲོས་པ་མེད་པ་དང ། གང་ལ་ཆོས་ངའི་བ་ཉིད་མེད་པ་དང ། གང་ལ་ཆོས
82.348a
ཀུན་ཏུ་སྲུང་བ་མེད་པ་དང ། གང་ལ་ཆོས་བསྒོམ་པ་མེད་པ་དང ། གང་ལ་ཆོས་བླང་བ་མེད་པ་དང ། གང་ལ་ཆོས་དོར་བ་མེད་པ་དང ། གང་ལ་ཆོས་སུ་རྟོག་པ་མེད་པ་དང ། གང་ལ་ཆོས་སུ་སེམས་པ་མེད་པ་དང ། གང་ལ་ཆོས་ཡོངས་སུ་འགྲུབ་པ་མེད་པ་དང ། གང་ལ་ཆོས་འགོག་པ་མེད་པ་དང ། གང་ལ་ཆོས་སྐྱེ་བ་མེད་པ་དང ། གང་ལ་ཆོས་སུ་འཛིན་པ་མེད་པ་དང ། གང་ལ་ཆོས་འོང་བ་མེད་པ་དེ་ལ་ནི་ཁྱེད་ཀྱི་གནས་མེད་དོ། །ཡུལ་མེད་དོ། །བདག་པོ་མེད་དོ། །སྟོབས་མེད་དོ། །དབང་ཕྱུག་མེད་དོ། །མཐུས་གཟུང་བ་མེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་དེ་ལྟ་དེ་ལྟར་ཆོས་བསྟན་པ་དེས་བདུད་ཀྱི་དཀྱིལ་འཁོར་དེ་ལས་བདུད་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བདུད་ཀྱི་འཁོར་དེ་ལས་བདུད་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་བ་འདི་མཆིས་ལགས་ཀྱིས། བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་མཐོང་བར་དཀའ་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་འཁོར་འདི་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་འདོད་ཀྱིས་ཁྱོད་ཀྱིས་སྟོན་ཅིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བས་བྱང་ཆུབ་སེམས་དཔའ་ཆོས་དང ། ཆོས་འཕགས་དང ། ཆོས་ཀྱི་བློ་གྲོས་དང ། ཉི་མ་དང ། བདུད་ཀྱི་མཚོན་ཆ་དང ། འཇམ་དབྱངས་དང ། སྡིག་པ་ཞི་དང་ཞི་བ་སྲུང་དང ། རྣམ་རྒྱལ་སྲུང་དང ། ཆོས་རྒྱལ་རྣམ་བསྒྲགས་དང ། དེ་དག
82.348b
དང་བྱང་ཆུབ་སེམས་དཔའ་གཞན་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཁྱེད་ཅག་གི་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ན་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཅི་འདྲ་བ་དེ་ལྟ་བུར་ཁྱེད་ཅག་རང་རང་གི་ལུས་སྟོན་ཅིག་།འཇམ་དཔལ་གཞོན་ནུར་གྱུར་བས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེ་ནས་དེའི་མོད་ལ་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ལངས་ནས་ཀྱང་རང་རང་གི་ལུས་དག་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ལུས་ནི་རི་རབ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་བརྒྱད་ཁྲི་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་བདུན་ཁྲི་དང ། དྲུག་ཁྲི་དང ། ་ལྔ་ཁྲི་དང ། ་བཞི་ཁྲི་དང ། སུམ་ཁྲི་དང ། ཉི་ཁྲི་དང ། ཁྲི་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་སྟོང་དང ། བཞི་སྟོང་དང ། སུམ་སྟོང་དང ། ཉིས་སྟོང་དང ། སྟོང་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་བརྒྱ་དང ། བཞི་བརྒྱ་དང ། སུམ་བརྒྱ་དང ། ཉིས་བརྒྱ་དང ། བརྒྱ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་བཅུ་དང ། བཞི་བཅུ་དང ། སུམ་བཅུ་དང ། ཉི་ཤུ་དང ། བཅུ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་ལྔ་དང ། བཞི་དང ། གསུམ་དང ། གཉིས་དང ། གཅིག་ཙམ་མོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ལུས་ནི་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་སེམས་ཅན་རྣམས་ཀྱི་ལུས་ཇི་ཙམ་པར་ཁྲུ་ཕྱེད་དང་བཞི་ཙམ་སྟེ། དེ་དག་གི་ལུས་དེ་ལྟ་བུ་དག་ཀུན་དུ་སྣང་ངོ ། །དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གང་དུ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་ཤ་སྟག་གིས་ཁྱབ་པར་མ་གྱུར་བའི་ས་ཕྱོགས་ནི་ཐ་ན་མཁར་བ་གཟུགས་པའི་གཏོས་ཙམ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་འོད་ཀྱིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་དག་སྣང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་བ་སྟན་ལས
82.349a
ལངས་ཏེ། བླ་གྲོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་དང ། ངས་ཞུས་པ་དེ་དང ། དེ་ཉིད་ཀྱི་ལན་བཏབ་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་བ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ན། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཆོས་ཐམས་ཅད་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །འཇམ་དཔལ་གང་དག་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཐམས་ཅད་པོ་དེ་དག་གང་ཞེ་ན། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔས་མིག་རྟོགས་པར་བྱེད་དོ། །རྣ་བ་རྟོགས་པར་བྱེད་དོ། །སྣ་རྟོགས་པར་བྱེད་དོ། །ལྕེ་རྟོགས་པར་བྱེད་དོ། །ལུས་རྟོགས་པར་བྱེད་དོ། །ཡིད་རྟོགས་པར་བྱེད་དོ། །འཇམ་དཔལ་ཇི་ལྟར་བྱང
82.349b
ཆུབ་སེམས་དཔའ་མིག་རྟོགས་པར་བྱེད། ཇི་ལྟར་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་རྟོགས་པར་བྱེད་ཅེ་ན། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་མིག་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ། །རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ། །གཟུགས་རྣམས་དང ། སྒྲ་རྣམས་དང ། དྲི་རྣམས་དང ། རོ་རྣམས་དང ། རེག་བྱ་རྣམས་དང ། ཆོས་རྣམས་རང་བཞིན་གྱིས་སྟོང་ཞེས་བྱ་བར་རྟོགས་པར་བྱེད་ཀྱང་རྟོགས་སོ་སྙམ་དུ་རྣམ་པར་མི་རྟོག་གོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སྟོང་པ་ཉིད་དག་ཏུ་རྟོགས་པར་བྱེད་དོ། །མཚན་མ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །སྨོན་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འདོད་ཆགས་དང་བྲལ་བ་དག་ཏུ་རྟོགས་པར་བྱེད་དོ། །ཞི་བ་དག་ཏུ་རྟོགས་པར་བྱེད་དོ། །དབེན་པ་དག་ཏུ་རྟོགས་པར་བྱེད་དོ། །དངོས་པོ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །གཡོ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །སྐྱེ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འོང་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འགྲོ་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །ངོ་བོ་ཉིད་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །བདག་པོ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །རྣམ་པར་རིག་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །ཤེས་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །མཐོང་བ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །མ་སྐྱེས་པ་དག་ཏུ་རྟོགས་པར་བྱེད་དོ། །སྤྲོས་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །བདག་གི་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །རྟོག་པས་ཀུན་ནས་བསླང་བ་དག་ཏུ་རྟོགས་པར་བྱེད་དོ། །རྣམ་པར་རྟོགས་པས་ཀུན་ནས་བསླང
82.350a
བ་དག་ཏུ་རྟོགས་པར་བྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དག་ཏུ་རྟོགས་པར་བྱེད་དོ། །སྒྱུ་མ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །རྨི་ལམ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །མིག་ཡོར་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །བྲག་ཆ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །ཆུ་ཤིང་གི་སྙིང་པོ་ལྟ་བུ་དག་ཏུ་རྟོགས་པར་བྱེད་དོ། །རིང་དུ་མི་གནས་པ་དག་དང ། སྙིང་པོ་མེད་པ་དག་དང ། གསོག་དག་དང ། གསོབ་དག་དུ་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་འདོད་ཆགས་རྟོགས་པར་བྱེད་དོ། །ཞེ་སྡང་རྟོགས་པར་བྱེད་དོ། །གཏི་མུག་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དག་ནི་ཡོངས་སུ་རྟོག་པས་ཀུན་ནས་བསླང་བ་ཡིན་པར་རྟོགས་པར་བྱེད་དེ། ཡོངས་སུ་རྟོག་པ་དེ་དག་ཀྱང་སྟོང་པ་དག་དང ། མེད་པ་དག་དང ། དངོས་པོ་མེད་པ་དག་དང ། སྤྲོས་པ་མེད་པ་དག་དང ། རྣམ་པར་རིག་པ་མེད་པ་དག་ཏུ་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་འདོད་པའི་ཁམས་རྟོགས་པར་བྱེད་དོ། །གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། བདག་མེད་པ་དང ། སྟོང་པ་དང ། དབེན་པའི་རྣམ་པར་རྟོགས་པར་བྱེད་དོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་སྤྱོད་པ་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་འདི་དག་ནི་འདོད་ཆགས་སྤྱད་པའོ། །འདི་དག་ནི་ཞེ་སྡང་སྤྱད་པའོ། །འདི་དག་ནི་གཏི་མུག་སྤྱད་པའོ། །འདི་དག་ནི་ཆ་མཉམ་པ་སྤྱད་པའོ་ཞེས་བྱ་བར་རྟོགས་ནས་སྤྱོད་པ་ལ་མཁས་པ་རྟོགས་པར་བྱེད་དེ། གང་གི་ཤེས་པའི་རྣམ་པར་རིག་པ་བསྟན་པ་གང་ཡིན་པ་དེ་ཡང་རྟོགས་པར་བྱེད་ཅིང་རྟོགས་ནས་ཀྱང་ཇི་ལྟ་ཇི་ལྟར་དེ་དག་རྣམ་པར་གྲོལ་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔས་སེམས
82.350b
ཅན་ཐམས་ཅད་རྟོགས་པར་བྱེད་དོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་ཐམས་ཅད་ནི་མིང་ཙམ་སྟེ། མིང་དེ་ཡང་གཡོ་བ་མེད་པ་དང ། སེམས་ཅན་འདི་དག་ཐམས་ཅད་ནི་སེམས་ཅན་གཅིག་པ་སྟེ། སེམས་ཅན་དེ་ཡང་སེམས་ཅན་མེད་པ་དང ། དེ་ལྟར་ཡང་རྣམ་པར་མི་རྟོག་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རྟོགས་པར་བྱེད་པ་དེའི་ཚེ་བྱང་ཆུབ་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མིག་དང་རྣ་བ་དེ་དག་ནི། །རང་བཞིན་སྟོང་པར་རྟོགས་བྱེད་ཀྱང ། །རྟོགས་སྙམ་རྟོག་པར་མི་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །སྣ་དང་ལྕེ་ཡང་རང་བཞིན་གྱིས། །དངོས་པོ་མེད་པར་རྟོགས་བྱེད་ཀྱང ། །རྟོགས་སྙམ་རྟོག་པར་མི་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཤེས་རབ་ཅན་གྱིས་ལུས་དང་ནི། །ཡིད་ནི་སྟོང་པར་རྟོགས་བྱེད་ཅིང ། །རྟོགས་ནས་ཡང་དག་སྟོན་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །གཟུགས་དང་སྒྲ་དང་དྲི་དག་དང ། །རོ་དང་རེག་བྱ་ཡིད་འོང་རྣམས། །ཐམས་ཅད་སྟོང་པར་རྟོགས་བྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །གཟུགས་དང་ཚོར་བ་རྟོགས་བྱེད་ཅིང ། །འདུ་ཤེས་ཀྱང་ནི་དེ་བཞིན་ཏེ། །འདུ་བྱེད་རྣམས་དང་རྣམ་ཤེས་ནི། །སྒྱུ་མ་ལྟ་བུར་རྟོགས་པར་བྱེད། །ལྔ་ཕུང་རྨི་ལམ་ལྟ་བ་དང ། །མཚན་ཉིད་མེད་པར་མཚན་གཅིག་པར། །རྟོགས་ཀྱང་རྟོགས་སྙམ་མི་རྟོག་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ནང་ནི་བྱུང་བ་མ་ཡིན་ཏེ། །སྤྲོས་པ་མེད་ཅིང་འདུས་མ་བྱས། །དེ་དག་མིང་གིས་བསྟན་པ་སྟེ། །མིང་དེ་དངོས་པོ་ཡོད་མ་ཡིན། །འདོད་ཆགས་ཞེ་སྡང་ཀུན་རྟོག་གིས། །ཀུན་ནས་བསླང་བར་རྟོགས་པར་བྱེད། །རྟོག་པ་དེ་ཡང་འབྱུང་མིན་ཏེ། །གཏན་དུ་དངོས་པོ་མེད་པ་ཡིན། །གཏི་མུག་རྣམ་པར་རྟོག་ལས་བྱུང ། །རྣམ་པར་རྟོག་པ་རྒྱུ་ལས་སྐྱེ། །རྒྱུ་ཡང་ལྟ་བས་བསྐྱེད་པ་སྟེ། །ལྟ་བ་དེ་ཡང་དམིགས་སུ་མེད། །ཁམས་གསུམ་ཐམས་ཅད་སྟོང་པ་སྟེ། །དེ་ནི་མེད་པར་རྟོགས་པར
82.351a
བྱེད། །འདི་ན་འཕོ་བ་འགའ་མེད་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །འདོད་ཁམས་གྲུབ་པ་མ་ཡིན་ཏེ། །རྣམ་པར་རྟོག་པས་ཀུན་ནས་བསླད། །གཟུགས་དང་གཟུགས་མེད་དེ་བཞིན་ཏེ། །དེ་དག་ཐམས་ཅད་ཡོད་མ་ཡིན། །འདོད་ཆགས་སྤྱོད་དང་ཞེ་སྡང་སྤྱོད། །དེ་བཞིན་གཏི་མུག་སྤྱོད་པ་དང ། །སེམས་ཅན་སྤྱོད་པ་གང་ཡིན་པ། །ཐམས་ཅད་མཁས་པས་རྟོགས་པར་བྱེད། །སེམས་ཅན་ཐམས་ཅད་སེམས་ཅན་གཅིག་།སེམས་ཅན་དེ་ཡང་ཡོད་མིན་པར། །ཤེས་རབ་ཅན་གྱིས་དེ་རྟོགས་ཀྱང ། །སེམས་ཅན་དེ་ལ་རློམ་སེམས་མེད། །ཆོས་རྣམས་ཀུན་གྱི་འབྱུང་བ་ནི། །ཕྱིན་ཅི་ལོག་ལས་སྐྱེ་བ་སྟེ། །གང་དག་ཕྱིན་ཅི་ལོག་རྟོགས་པ། །དེ་ནི་ལོག་པའི་མཚན་ཉིད་དོ། །ཤེས་པ་ཀུན་ལ་མཁས་པ་ནི། །གང་གི་སྒྲ་ལའང་ཆགས་པ་མེད། །ཆགས་པ་མེད་པར་རྟོགས་གྱུར་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །རང་གི་ཤ་རྣམས་གཏོང་བྱེད་ཀྱང ། །དེ་ལ་གནས་པ་ཡོད་མིན་ཞིང ། །ཇི་བཞིན་རྗེས་སུ་རྟོགས་གྱུར་པ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །ཚུལ་ཁྲིམས་ཕ་རོལ་ཕྱིན་གྱུར་ཀྱང ། །ཚུལ་ཁྲིམས་ལ་ནི་རློམ་སེམས་མེད། །སངས་རྒྱས་ཚུལ་དོན་གང་ཡིན་པ། །སྐྱེ་མེད་འབྱུང་བ་མེད་པ་ཡིན། །བྱམས་པས་སེམས་ཅན་ཁྱབ་བྱེད་ཀྱང ། །སེམས་ཅན་དམིགས་སུ་ཡོད་མ་ཡིན། །སེམས་ཅན་དོན་ནི་རྗེས་རྟོགས་པ། །དེ་ནི་མིང་གིས་བསྟན་པ་ཡིན། །འདུས་བྱས་ཀུན་ལ་རྣམ་སེམས་པའི། །བརྩོན་འགྲུས་རྩོམ་ལ་གནས་གྱུར་ཅིག་།འཇིག་རྟེན་སྟོང་པར་རིག་ནས་ནི། །བྱང་ཆུབ་དམ་པ་རྟོགས་པར་བྱེད། །དེ་ནི་བསམ་གཏན་སྒོམ་བྱེད་ཀྱང ། །དེ་ལ་རྟེན་པ་ཡོད་མིན་ཞིང ། །གནས་མེད་དམིགས་པ་ཡོད་མིན་པ། །དེ་ལྟར་མཁས་པ་སྒོམ་པར་བྱེད། །བག་ཆགས་ལྟ་བའི་ཉོན་མོངས་རྣམས། །ཤེས་རབ་མཚོན་གྱིས་གཅོད་བྱེད་ཀྱང ། །ཆོས་ཀྱི་དབྱིངས་ལ་དབྱེ་བ་དང ། གཅོད་པའི་རློམ་སེམས་ཡོད་མ་ཡིན། ། #
83.1a
(ཆ)་༄#། །འཕགས་པ་དཀོན་མཆོག་བརྩེགས་པ་བཞུགས་སོ། །[(黃)་大寶積經第六部]
83.1b
འཕགས་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ལུང་བསྟན་པ། ཐེག་པ་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་ཁམས་གསུམ་པ་ཐམས་ཅད་ལས་འདུ་ཤེས་དང ། ཡིད་ལ་བྱེད་པ་བསྐྱེད་པ་དེ་ནི་སེམས་དང་པོ་བསྐྱེད་པ་དང་ལྡན་པ་ཞེས་བྱའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་གང་གིས་འདོད་ཆགས་བསྐྱེད་པ་དང ། ཞེ་སྡང
83.2a
བསྐྱེད་པ་དང ། གཏི་མུག་བསྐྱེད་པ་དེ་ནི་སེམས་དང་པོ་བསྐྱེད་པ་དང་ལྡན་པ་ཞེས་བགྱིའོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གལ་ཏེ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དག་བསྐྱེད་པ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ལགས་ན། དེ་ལྟ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་སེམས་དང་པོ་བསྐྱེད་པ་དང་ལྡན་པ་ལགས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། འཇམ་དཔལ་འདི་ལྟར་དེ་དག་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དག་སྐྱེད་པར་བགྱི་བའི་སླད་དུའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དག་སྐྱེད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དག་ནི་སངས་རྒྱས་རྣམས་དང ། རང་སངས་རྒྱས་རྣམས་དང ། ཉན་ཐོས་རྣམས་དང ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་བསྐྱེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འཁོར་འདིས་ཁྱོད་ཀྱིས་དགོངས་པའི་གསུང་མི་རྟོགས་ཤིང་མ་འཚལ་ན། ཐེ་ཚོམ་འཚལ་བར་འགྱུར་གྱིས་རྣམ་པར་ཕྱེ་སྟེ་བསྟན་དུ་གསོལ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། འདབ་ཆགས་བྱ་སྟེང་གི་བར་སྣང་ལ་རྒྱུ་བ་དེ་འཕུར་ཏེ་སོང་ངམ། འོན་ཏེ་འདུག་སྙམ། ལྷའི་བུས་སྨྲས་པ། འཇམ་དཔལ་འཕུར་ཏེ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས། གང་དག་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེད་པར་བྱེད་པ་དེ་དག་ནི་སངས་རྒྱས་རྣམས་དང ། རང་སངས་རྒྱས་རྣམས་དང ། ཉན་ཐོས་རྣམས་དང ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཤེས་བྱའོ་ཞེས་སྟོན་ཏོ། །ལྷའི་བུ་གང་ལ་རྟེན་མེད་པ་དེ་ནི་སྐྱེ་བ་ཡིན་ནོ། །གང་ལ་ལྷག་པར་ཆགས་པ་མེད་པ་དེ་ནི་སྐྱེ་བ་ཡིན་ནོ། །གང་ལ་མངོན་པར་ཞེན་པ་མེད་པ་དེ་ནི་སྐྱེ་བ་ཡིན་ནོ། །ལྷའི་བུ་གང་ལ་རྟེན་མེད་པ
83.2b
དང ། ལྷག་པར་ཆགས་པ་མེད་པ་དང ། མངོན་པར་ཞེན་པ་མེད་པ་དེ་ནི་སྐྱེ་བ་ཡིན་ཏེ། སྐྱེ་བ་ཞེས་བྱ་བ་དེ་ནི་གཞི་མེད་པ་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་བརྟག་ཏུ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་འབྱུང་བ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་ངོ་བོ་ཉིད་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་དངོས་པོ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་འོང་བ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་འགྲོ་བ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་དེ་ནི་སྐྱེ་བ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་དམིགས་པ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་རྡུལ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་རློམ་སེམས་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་སྤྱོད་པ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་བརྗོད་ཏུ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་མི་ཕྱེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་ཡི་གེ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་གཟུང་བ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་གནས་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་བླང་བ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་དོར་བ་མེད་པའི་གཞི་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་དེ་ནི་ཕྱིར་མི་ཟློགས་པའི་གཞི་ཡིན་ཏེ། ལྷའི་བུ་ཆོས་དེ་ལ་རློམ་སེམས་སུ་མི་བྱེད། མངོན་པར་ཞེན་པར་མི་བྱེད། སེམས་པར་མི་བྱེད། ཤེས་པར་མི་བྱེད། ལྟ་བར་མི་བྱེད། ཉན་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད། ལེན་པར་མི་བྱེད། གཏོང་བར་མི་བྱེད། སྐྱེད་པར་མི་བྱེད། འགོག་པར་མི་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པ་ཡིན་ནོ། །ལྷའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཚུལ་དེ་དང་ཆོས་ཀྱི་དབྱིངས་དེ་དང ། མཉམ་པ་ཉིད་དེ་དང ། མཐའ་དེ་དང་ཐབས་ལ་མཁས་པ་དེས་འདོད་ཆགས་བསྐྱེད་པར་བྱའོ། །ཞེ་སྡང་དང ། གཏི་མུག་བསྐྱེད་པར་བྱའོ། །མིག་གི་རྟེན་བསྐྱེད་པར་བྱའོ། །ཡིད་ཀྱི་རྟེན་གྱི་བར་དུ་བསྐྱེད་པར་བྱའོ། །གཟུགས་ལ་ལྷག་པར་ཆགས་པ་བསྐྱེད་པར་བྱའོ། །རྣམ་པར
83.3a
ཤེས་པ་ལ་ལྷག་པར་ཆགས་པའི་བར་དུ་བསྐྱེད་པར་བྱའོ། །མིང་བསྐྱེད་པར་བྱའོ། །གཟུགས་བསྐྱེད་པར་བྱའོ། །རྒྱུ་བསྐྱེད་པར་བྱའོ། །ལྟ་བའི་རྣམ་པ་ཐམས་ཅད་བསྐྱེད་པར་བྱའོ། །མ་རིག་པ་བསྐྱེད་པར་བྱའོ། །སྲིད་པའི་སྲེད་པ་བསྐྱེད་པར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་འཇུག་པའི་བར་དུ་བསྐྱེད་པར་བྱའོ། །འདོད་པའི་ཡོན་ཏན་ལྔ་བསྐྱེད་པར་བྱའོ། །ཁམས་པ་གསུམ་ལ་མངོན་པར་ཞེན་པ་བསྐྱེད་པར་བྱའོ། །ངར་འཛིན་པ་དང ། ང་ཡིར་འཛིན་པ་བསྐྱེད་པར་བྱའོ། །འཇིག་ཚོགས་བསྐྱེད་པར་བྱའོ། །འཇིག་ཚོགས་ལ་ལྟ་བ་བསྐྱེད་པར་བྱའོ། །ལྟ་བའི་རྣམ་པ་དྲུག་བཅུ་རྩ་གཉིས་བསྐྱེད་པར་བྱའོ། །སངས་རྒྱས་སུ་འདུ་ཤེས་པ་དང ། ཆོས་སུ་འདུ་ཤེས་པ་དང ། དགེ་འདུན་དུ་འདུ་ཤེས་པ་བསྐྱེད་པར་བྱའོ། །བདག་ཏུ་འདུ་ཤེས་པ་དང ། གཞན་དུ་འདུ་ཤེས་པ་བསྐྱེད་པར་བྱའོ། །སར་འདུ་ཤེས་པ་བསྐྱེད་པར་བྱའོ། །ཆུར་འདུ་ཤེས་པ་དང ། མེར་འདུ་ཤེས་པ་དང ། རླུང་དུ་འདུ་ཤེས་པ་དང ། ནམ་མཁར་འདུ་ཤེས་པ་དང ། རྣམ་པར་ཤེས་པར་འདུ་ཤེས་པ་བསྐྱེད་པར་བྱའོ། །ཕྱིན་ཅི་ལོག་བཞི་བསྐྱེད་པར་བྱའོ། །སྒྲིབ་པ་ལྔ་དང ། རྣམ་པར་ཤེས་པ་གནས་པ་བཞི་དང ། ལོག་པ་ཉིད་བརྒྱད་དང ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བསྐྱེད་པར་བྱའོ། །ལྷའི་བུ་མདོར་ན་བྱང་ཆུབ་སེམས་དཔས་རྟོག་པ་ཐམས་ཅད་དང ། ཡོངས་སུ་རྟོག་པ་ཐམས་ཅད་དང ། རྣམ་པར་རྟོག་པ་ཐམས་ཅད་དང ། མཚན་མ་ཐམས་ཅད་དང ། སྤྲོས་པ་ཐམས་ཅད་དང ། འདོད་པ་ཐམས་ཅད་དང ། འཛིན་པ་ཐམས་ཅད་དང ། མངོན་པར་ཞེན་པ་ཐམས་ཅད་དང ། འདུ་ཤེས་ཐམས་ཅད་དང ། རློམ་སེམས་ཐམས་ཅད་དང ། ཆགས་པ་ཐམས་ཅད་བསྐྱེད་པར་བྱ་སྟེ། ལྷའི་བུ་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་ཆོས་དེ་ལ་མངོན་པར་ཞེན་པ་མེད་པ་དང ། ལྷག་པར་ཆགས་པ་མེད་པ་གང་ཡིན་པ་དེ་ནི་སྐྱེ་བ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་གང་གི་ཕྱིར་ཁྱོད་ཀྱིས་འདི་ལྟ་སྟེ། སངས་རྒྱས
83.3b
བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་པོ་སྐྱེ་བ་འདི་བསྟན་པ་ལེགས་སོ། །ལེགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའི་སེམས་དང་པོ་སྐྱེ་བ་འདི་བསྟན་པའི་སེམས་སྐྱེ་བ་འདི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་མཚུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤཱ་རིའི་བུ་གང་གི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་ཚེ་ན་ཤཱ་རིའི་བུ་ང་སེམས་སྐྱེ་བ་འདི་དང་བྲལ་བར་མ་གྱུར་ཏེ། ཤཱ་རིའི་བུ་དེ་ན་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་གང་ཡིན་པ་དང ། བྱང་ཆུབ་སེམས་དཔའི་སེམས་དང་པོ་སྐྱེ་བ་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པས་ཇི་སྐད་བསྟན་པ་འདི་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བ་ཐམས་ཅད་ནི་སེམས་དང་པོ་སྐྱེ་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སེམས་སྐྱེ་བ་ཐམས་ཅད་ནི་སྐྱེ་བ་མ་མཆིས་པ་ལགས་ལ། སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་དང་པོ་སྐྱེ་བ་ལགས་པའི་སླད་དུའོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཉི་ཁྲི་སུམ་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་དུང་ཕྱུར་ཕྲག་དྲུག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།དེ་ནས་བཅོས་ལྡན་འདས་ལ་གནས་བརྟེན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ
83.4a
ཏོ། །བཅོམ་ལྡན་འདས་དེ་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་བསྟན་པས་སེམས་ཅན་འདི་སྙེད་ཀྱི་དོན་བགྱིས་པ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་དཀའ་བ་བགྱིད་པ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོ་ནི་དཀའ་བ་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་བསྲུང་ཆེན་པོ་ཆོས་ཐམས་ཅད་བྱེད་པ་མེད་པ་མ་བྱས་པ། བྱ་བ་མེད་པ་ཡིན་པས་ཁོ་བོ་ཆོས་འགའ་ཡང་མི་བྱེད། འཇིག་པར་མི་བྱེད་པའི་ཕྱིར་རོ། །ཁོ་བོ་ནི་སེམས་ཅན་འགའ་ཡང་གྲོལ་བར་མི་བྱེད། འཆིང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར་རོ། །བཙུན་པ་འོད་སྲུང་ཆེན་པོ་གཞན་ཡང་དེ་སྐད་ཅེས་དཀའ་བ་བྱེད་པ་ཡིན་ནོ་ཞེས་ཟེར་བ་ནི་བཙུན་པ་འོད་སྲུང་ཆེན་པོ་ཁོ་བོ་ནི་དཀའ་བ་བྱེད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཡང་མ་ཡིན། དགྲ་བཅོམ་པ་རྣམས་ཀྱང་མ་ཡིན། རང་སངས་རྒྱས་རྣམས་ཀྱང་མ་ཡིན་ནོ། །བཙུན་པ་འོད་སྲུང་ཆེན་པོ་གང་དག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དཀའ་བ་བྱེད་པ་ཡིན་ནོ་ཞེས་ཡང་དག་པར་སྨྲ་བ་རྗོད་པར་གྱུར་ན་དེ་དག་ནི་ཡང་དག་པར་སྨྲ་བ་རྗོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་ཆེན་པོ་འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་བ་གང་ཡིན་པ་དང ། ཉན་ཐོས་ཐམས་ཅད་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་མ་རྙེད་མི་རྙེད་རྙེད་པར་མི་འགྱུར་བ་གང་ཡིན་པ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྙེད་པའི་ཕྱིར་རོ། །འོད་སྲུང་ཆེན་པོས་སྨྲས་པ། འཇམ་དཔལ་སངས་རྒྱས་ཐམས་ཅད་ཀྱིས་ཅི་ཞིག་མ་བརྙེས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་བདག་མ་བརྙེས་སོ། །སེམས་ཅན་མ་བརྙེས་སོ། །སྲོག་མ་བརྙེས་སོ། །གང་ཟག་མ་བརྙེས་སོ། །རྟག་པ་མ་བརྙེས་སོ། །ཆད་པ་མ་བརྙེས་སོ། །ཕུང་པོ་རྣམས་མ་བརྙེས་སོ། །ཁམས་རྣམས་མ་བརྙེས་སོ། །སྐྱེ་མཆེད་རྣམས་མ་བརྙེས་སོ། །མིང་མ་བརྙེས་སོ། །གཟུགས་མ་བརྙེས་སོ། །འདོད་པའི་ཁམས་མ་བརྙེས་སོ། །གཟུགས་ཀྱི་ཁམས་མ་བརྙེས
83.4b
སོ། །གཟུགས་མེད་པའི་ཁམས་མ་བརྙེས་སོ། །རྟོག་པ་དང ། ཡོངས་སུ་རྟོག་པ་དང ། རྣམ་པར་རྟོག་པ་དང ། རྒྱུ་དང་སྐྱེ་བ་རྣམས་མ་བརྙེས་སོ། །ཕྱིན་ཅི་ལོག་རྣམས་མ་བརྙེས་སོ། །འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དག་མ་བརྙེས་སོ། །འཇིག་རྟེན་འདི་དང ། འཇིག་རྟེན་ཕ་རོལ་མ་བརྙེས་སོ། །ངར་འཛིན་པ་དང ། ང་ཡིར་འཛིན་པ་དག་མ་བརྙེས་ཏེ། བཙུན་པ་འོད་སྲུང་ཆེན་པོ་མདོར་ན་ཆོས་ཐམས་ཅད་མ་བརྙེས། མ་བཤིག་།མ་བཀྲོལ། མ་བཟུང ། མ་བཏང ། མ་སྦྱར། མ་ཕྱེའོ། །བཙུན་པ་འོད་སྲུང་ཆེན་པོ་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས་མ་བརྙེས་པ་གང་ཡིན་པ་དེ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཀྱིས་རྙེད་པར་རིག་པར་བྱ་སྟེ། དེའི་ཕྱིར་དེ་དག་ནི་དཀའ་བ་བྱེད་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་མ་མཛད་པ་གང་ཡིན་པ་དང ། ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱིས་མ་བྱས་པ་གང་ཡིན་པ་དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་བྱེད་དོ། །འོད་སྲུང་ཆེན་པོས་སྨྲས་པ། འཇམ་དཔལ་ཅི་ཞིག་བྱེད། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་རྟག་པ་བྱེད་དོ། །ཆད་པ་བྱེད་དོ། །ཀུན་དུ་སྦྱོར་བ་བྱེད་དོ། །མངོན་པར་གནས་པ་བྱེད་དོ། །རློམ་སེམས་བྱེད་དོ། །སེམས་པ་བྱེད་དོ། །སྐྱེ་བ་བྱེད་དོ། །འཇིག་པ་བྱེད་དོ། །ལེན་པ་བྱེད་དོ། །དོར་བ་བྱེད་དོ། །འཕྲོ་བ་བྱེད་དོ། །རྟོག་པ་བྱེད་དོ། །རྗེས་སུ་ཆགས་པ་བྱེད་དོ། །ཁོང་ཁྲོ་བ་བྱེད་དོ། །ཁེངས་པ་བྱེད་དོ། །འདུད་པ་བྱེད་དེ། བཙུན་པ་འོད་སྲུང་ཆེན་པོ་སངས་རྒྱས་བཅོས་ལྡན་འདས་རྣམས་ཀྱིས་མ་མཛད། མི་མཛད། མཛད་པར་མི་འགྱུར་བའི་ཆོས་གང་དག་ཡིན་པ་དེ་དག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་བྱེད་པས་ན་དེའི་ཕྱིར་དེ་དག་ནི་དཀའ་བ་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་སྐྱེ་བའི་ཆོས་ལ་བཟོད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བགྱི་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བགྱི་བ་དེ་ནི་གང་ལགས། མི
83.5a
སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔས་ནི་ཅི་ཞིག་འཐོབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཐོབ་པ་ཅི་ཡང་མེད་པའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཟོད་པ་དེ་ནི་འཐོབ་པ་མེད་པ་སྟེ། ཐོབ་པ་མེད་པས་ཐོབ་པ་དང་བྲལ་བ། མ་ཐོབ་པ། མ་བཤིག་པ་ཡིན་པའི་ཕྱིར་རོ། །འཇམ་དཔལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་འོང་བ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་འགྲོ་བ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་མཉམ་པ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་བདག་པོ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་བླང་བ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་དོར་བ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་དངོས་པོ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་འདྲ་བ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་རྡུལ་མེད་ཅིང་ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་དབྱེར་མེད་ཅིང་གཅང་དུ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་རྣམ་པར་བྱང་བ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་སྟོང་པ་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བ་དང ། ཞེ་སྡང་དང་བྲལ་བ་དང ། གཏི་མུག་དང་བྲལ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་དེ་བཞིན་ཉིད་དང ། ཆོས་ཀྱི་དབྱིངས་དང ། ཡང་དག་པའི་མཐའ་ལ་གནས་པ་ཞེས་བྱ་བ་བཟོད་པ་དང ། ཆོས་ཐམས་ཅད་མ་བརྟགས་པ་དང ། རྣམ་པར་མ་བརྟགས་པ་དང ། མ་རློམས་པ་དང ། མ་སྤྲོས་དང ། མ་བསམས་པ་དང ། མ་བྱས་པ་དང ། སྟོབས་མེད་པ་དང ། ཉམ་ཆུང་བ་དང ། གསོག་དང ། གསོ་བ་དང ། སྒྱུ་མ་ལྟ་བུ་དང ། རྨི་ལམ་ལྟ་བུ་དང ། བྲག་ཅ་ལྟ་བུ་དང་མིག་ཡོར་ལྟ་བུ་དང ། སྨིག
83.5b
རྒྱུ་ལྟ་བུ་དང ། ཆུ་ཤིང་གི་སྙིང་པོ་ལྟ་བུ་དང ། ཆུ་བུར་ལྟ་བུ་དང ། དབུ་བ་རྡོས་པ་ལྟ་བུ་ཞེས་བྱ་བ་བཟོད་ཅིང་དེ་དག་ནི་ཆོས་རྣམས་ཀྱང་མ་ཡིན། ཆོས་མ་ཡིན་པ་རྣམས་ཀྱང་མ་ཡིན་ཏེ། མིང་གིས་བརྗོད་པ་ཁོ་ན་ཡིན་ཞིང་མིང་དེ་ཡང་གཡོ་བ་མེད་པ། རང་བཞིན་གྱིས་དབྱེན་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་བཟོད་པར་བྱེད། མོས་པར་བྱེད། ཡིད་ཆེས་པར་བྱེད། འཇིག་པར་བྱེད། རྟོག་པར་བྱེད་ཅིང་ནེམ་ནུར་མི་བྱེད། ཐེ་ཚོམ་མི་ཟ་ལ། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བར་ལུས་ཀྱིས་རེག་པར་བྱས་ནས་བསྒྲུབས་ཏེ་གནས་ཤིང་ལུས་ཀྱང་མི་དམིགས་ཤིང་གནས་པ་ཡང་མི་དམིགས་པ་དེ་ནི་འཇམ་དཔལ་འདི་ལྟ་སྟེ། མཚན་མ་ཐམས་ཅད་རབ་ཏུ་མི་རྒྱུ་བའི་ཕྱིར་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་བཟོད་པ་བཟོད་པ་ཞེས་བགྱི་བ་ནི་ཆོས་གང་ཆོས་གང་གིས་ཀྱང་རྨས་པར་བགྱིར་མ་མཆིས་པ་དེ་ནི་བཟོད་པ་ཞེས་བགྱིའོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཆོས་གང་ཞིག་ཆོས་གང་གིས་རྨས་པར་བགྱིད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མིག་ནི་གཟུགས་ཡིད་དུ་འོང་བ་དང ། ཡིད་དུ་མི་འོང་བ་དག་གིས་རྨས་པར་བྱེད་དོ། །རྣ་བ་ནི་སྒྲ་དག་གིས་སོ། །སྣ་ནི་དྲི་དག་གིས་སོ། །ལྕེ་ནི་རོ་དག་གིས་སོ། །ལུས་ནི་རེག་དག་གིས་སོ། །ལྷའི་བུ་ཡིད་ནི་ཆོས་ཡིད་དུ་འོང་བ་དང ། ཡིད་དུ་མི་འོང་བ་དག་གིས་རྨས་པར་བྱེད་དོ། །ལྷའི་བུ་བྱང་ཆུབ་སེམས་དཔའི་ནི་མིག་གིས་གཟུགས་མཐོང་ཡང་མཚན་མར་འཛིན་པར་མི་བྱེད། མངོན་རྟགས་སུ་འཛིན་པར་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། རྗེས་སུ་ཆགས་པར་མི་བྱེད། ཁོང་ཁྲོ་བར་མི་བྱེད་དེ། གཟུགས་རང་བཞིན་གྱིས་སྟོང་པར་ཤེས་པར་བྱེད་ཅིང་རློམ་སེམས་སུ་མི་བྱེད་ཅིང་རྨས་པར་མི་བྱེད་དོ། །དེ་བཞིན་དུ་རྣ་བས་སྒྲ་ཐོས་པ་དང ། སྣས་དྲིས་བསྣམས་པ་དང ། ལྕེས་རོ་མྱང་བ་དང ། ལུས་ཀྱིས་རེག་བྱ་རེག་པ་དང ། ཡིད་ཀྱིས་ཆོས་ཤེས་ཀྱང་མཚན་མར་འཛིན་པར་མི་བྱེད། མངོན་རྟགས་སུ་འཛིན་པར་མི་བྱེད། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད། རྗེས་སུ
83.6a
ཆགས་པར་མི་བྱེད། ཁོང་ཁྲོ་བར་མི་བྱེད་དེ། ཆོས་རང་བཞིན་གྱིས་སྟོང་པར་ཤེས་པར་བྱེད་ཅིང་རློམ་སེམས་སུ་མི་བྱེད། སྨས་པར་མི་བྱེད་དོ། །ལྷའི་བུ་དེ་ལྟར་སྐྱེ་མཆེད་དྲུག་པོ་དག་ལ་ཆགས་པར་མི་བྱེད། སྨས་པར་མི་བྱེད་དེ། སྨས་པར་མི་བྱེད་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱའོ། །ལྷའི་བུ་བཟོད་པ་དེ་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལ་སྐྱེ་བའམ། མི་སྐྱེ་བར་མི་རྟོག་གོ་།ཆོས་རྣམས་ལ་ཟག་པ་དང་བཅས་པ་འམ། ཟག་པ་མེད་པའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། འདུས་བྱས་སམ། འདུས་མ་བྱས་སུ་མི་རྟོག་སྟེ། གང་གི་ཚེ་མི་རྟོག་པ་དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ས་ནས་སར་འཕར་བ་ས་ནས་སར་འཕར་བ་ཞེས་བགྱི་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་ས་ནས་སར་འཕར་བར་བགྱིད། །འཇམ་དཔལ་གྱིས་སྨྲས་པ། །ལྷའི་བུ་ས་ནས་སར་འཕར་བར་བྱེད་པ་གང་ཡིན་པ་དེ་ལ་དྲིས་ཤིག་།ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ས་ནས་སར་འཕར་ཞིང་ས་བཅུ་པའི་བར་དུ་གནོན་པར་མི་བགྱིད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁྱོད་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་གསུངས་པ་ལ་མ་མོས་སམ། ལྷའི་བུས་སྨྲས་པ། འཇམ་དཔལ་མོས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྒྱུ་མ་དང་སྤྲུལ་པ་ས་ནས་སར་འཕར་ཞིང་ས་བཅུ་པའི་བར་དུ་གནོན་ཏམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་སྒྱུ་མ་དང་སྤྲུལ་པ་ས་ནས་སར་འཕར་བར་གྱུར་པ་དེའི་ཚེ་ཁོ་བོ་ཡང་ས་ནས་སར་འཕར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་
83.6b
ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་གསུངས་པའི་ཕྱིར་རོ། །ལྷའི་བུ་དེ་ལྟ་མོད་ཀྱི་ས་ནས་སར་འཕར་བ་བསྟན་པ་དེ་ནི་འཕར་བ་མེད་པར་བསྟན་པར་བྱའི་འཕར་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་འཕོ་བ་མེད་པར་ཆོས་རྣམས་ནི་ཆོས་རྣམས་སུ་མི་འཕོ་བའི་ཕྱིར་ཏེ། གཟུགས་ནི་ཚོར་བར་མི་འཕོ། ཚོར་བ་ཡང་གཟུགས་སུ་མི་འཕོ། གཟུགས་ནི་འདུས་ཤེས་སུ་མི་འཕོ། འདུ་ཤེས་ཀྱང་གཟུགས་སུ་མི་འཕོ། གཟུགས་ཀྱང་འདུ་བྱེད་རྣམས་སུ་མི་འཕོ། འདུ་བྱེད་རྣམས་ཀྱང་གཟུགས་སུ་མི་འཕོ། གཟུགས་ནི་རྣམ་པར་ཤེས་པར་མི་འཕོ། རྣམ་པར་ཤེས་པ་ཡང་གཟུགས་སུ་མི་འཕོ། ཚོར་བ་ནི་འདུ་ཤེས་སུ་མི་འཕོ། འདུ་ཤེས་ཀྱང་ཚོར་བར་མི་འཕོ། ཚོར་བ་ནི་འདུ་བྱེད་རྣམས་སུ་མི་འཕོ། འདུ་བྱེད་རྣམས་ཀྱང་ཚོར་བར་མི་འཕོ། ཚོར་བ་ནི་རྣམ་པར་ཤེས་པར་མི་འཕོ། རྣམ་པར་ཤེས་པ་ཡང་ཚོར་བར་མི་འཕོ། འདུ་ཤེས་ནི་འདུ་བྱེད་རྣམས་སུ་མི་འཕོ། འདུ་བྱེད་རྣམས་ཀྱང་འདུ་ཤེས་སུ་མི་འཕོ། ་འདུ་ཤེས་ནི་རྣམ་པར་ཤེས་པར་མི་འཕོ། རྣམ་པར་ཤེས་པ་ཡང་འདུ་ཤེས་སུ་མི་འཕོ། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པར་མི་འཕོ། རྣམ་པར་ཤེས་པ་ཡང་འདུ་བྱེད་རྣམས་སུ་མི་འཕོ། མིག་ནི་རྣ་བར་མི་འཕོ། རྣ་བ་བ་ཡང་མིག་ཏུ་མི་འཕོ། མིག་ནི་སྣར་མི་འཕོ། སྣ་ཡང་མིག་ཏུ་མི་འཕོ། མིག་ནི་ལྕེར་མི་འཕོ། ལྕེ་ཡང་མིག་ཏུ་མི་འཕོ། མིག་ནི་ལུས་སུ་མི་འཕོ། ལུས་ཀྱང་མིག་ཏུ་མི་འཕོ། མིག་ནི་ཡིད་དུ་མི་འཕོ། ཡིད་ཡང་མིག་ཏུ་མི་འཕོ། རྣ་བ་ནི་སྣར་མི་འཕོ། སྣ་ཡང་རྣ་བར་མི་འཕོ། རྣ་བ་ནི་ལྕེར་མི་འཕོ། ལྕེ་ཡང་རྣ་བར་མི་འཕོ། རྣ་བ་ནི་ལུས་སུ་མི་འཕོ། ལུས་ཀྱང་རྣ་བར་མི་འཕོ། རྣ་བ་ནི་ཡིད་དུ་མི་འཕོ། ཡིད་ཀྱང་རྣ་བར་མི་འཕོ། སྣ་ནི་ལྕེར་མི་འཕོ། ལྕེ་ཡང་སྣར་མི་འཕོ། སྣ་ནི་ལུས་སུ་མི་འཕོ། ལུས་ཀྱང་སྣར་མི་འཕོ། སྣ་ནི་ཡིད་དུ་མི་འཕོ། ཡིད་ཀྱང་སྣར་མི་འཕོ། ལྕེ་ནི་ལུས་སུ་མི་འཕོ། ལུས་ཀྱང་ལྕེར་མི་འཕོ། ལྕེ་ནི་ཡིད་དུ་མི་འཕོ། ཡིད་ཀྱང་ལྕེར་མི་འཕོ། ལུས་ནི་ཡིད་དུ་མི་འཕོ། ཡིད་ཀྱང་ལུས་སུ་མི་འཕོ་ཞིང་ཆོས་དེ་དག་ནི
83.7a
སྤྱོད་ཡུལ་ཐ་དད་པ། ཡུལ་ཐ་དད་པ། བླུན་པ། བེམས་པོ། སེམས་པ་མེད་པ། གཡོ་བ་མེད་པ། བྱེད་པ་མེད་པ། རྩཝ་དང་རྩིག་པ་ལྟ་བུར་སྣང་བ། སྒྱུ་མ་ལྟ་བུར་རྣམ་པར་རིག་པ་མེད་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། དེ་དག་ནི་འཕོ་བར་མི་བྱེད། འོང་བར་མི་བྱེད། འགྲོ་བར་མི་བྱེད་པའི་ཕྱིར་རོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་གང་དེ་ལྟར་ཤེས་པར་བྱེད་པ་དེ་ནི་ཆོས་གང་ལ་ཡང་འཕོ་བར་མི་བྱེད་ཅིང་སར་ཡང་རྣམ་པར་རྟོག་པར་མི་བྱེད། སར་འཕར་བར་ཡང་མི་མཐོང ། ས་ཡོངས་སུ་སྤོང་བར་ཡང་མི་བྱེད་དོ། །འཕོ་བ་མེད་པ་དང ། འཇིག་པ་མེད་པའི་ཕྱིར་བྱང་ཆུབ་ལས་ལོག་པར་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པའི་ཕྱིར་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་འཕོ་བ་མེད་ཅིང་འཇིག་པ་མེད་པའི་ཕྱིར་ཏེ། ལྷའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ནས་སར་འཕར་བ་ཡིན་ནོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་ཞིག་གིས་ས་བཅུའི་ཁང་པ་བརྩེགས་པ་ཞིག་མངོན་པར་སྤྲུལ་ནས་དེར་སྒྱུ་མའི་མི་ཞིག་ཞུགས་པར་གྱུར་ན། ལྷའི་བུ་འདི་ཇི་སྙམ་དུ་སེམས། དེར་འགའ་ཡང་ཞུགས་པ་ཡོད་སྙམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་མཆིས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའི་ས་བཅུར་འཕར་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ལ་ལ་ཞིག་རབ་ཏུ་འབྱུང་བའི་སླད་དུ་ཁྱོད་ཀྱི་ཐད་དུ་མཆིས་ན་རབ་ཏུ་འབྱུང་བ་དེ་ལ་ཁྱོད་ཇི་སྐད་གསུང་ཞིང་དེ་རབ་ཏུ་ནི་ཇི་ལྟར་འབྱིན། རྫོགས་པར་བསྙེན་པར་ནི་ཇི་ལྟར་མཛད། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ནི་ཇི་ལྟར་སྦྱོར། བསླབ་པའི་ལུང་ནི་ཇི་སྐད་འབོག་པར་མཛད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལ་ལ་ཞིག་རབ་ཏུ་འབྱུང
83.7b
བའི་ཕྱིར་ཁོ་བོའི་ཐད་དུ་འོང་ན་དེ་ལ་ཁོ་བོ་འདི་སྐད་ཅེས་རིགས་ཀྱི་བུ་གལ་ཏེ་ཁྱོད་རབ་ཏུ་འབྱུང་བའི་སེམས་བསྐྱེད་པར་མི་བྱེད་པ་དེ་ལྟ་ན་ཁོ་བོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་གང་རབ་ཏུ་འབྱུང་བ་དེ་ནི་འདོད་པའི་ཁམས་སུ་གནས་པའམ། གཟུགས་ཀྱི་ཁམས་སུ་གནས་པ་འམ། གཟུགས་མེད་པའི་ཁམས་སུ་གནས་པ་འམ། འདོད་པའི་ཡོན་ཏན་ལྔ་ལ་གནས་པ་ཡིན་ལ། གནས་དགུ་ལ་སྤྱོད་པའི་རིགས་ཀྱི་བུ་ནི་ཆོས་མངོན་སུམ་དུ་བྱེད་པའི་ཕྱིར་ཏེ། ལྷའི་བུ་དགུ་གང་ཞེ་ན། གང་ཅི་ལ་ཡང་མི་གནས་པ་དེ་ནི་སེམས་ཉེ་བར་དམིགས་པར་མི་བྱེད་པ་དང ། གང་སེམས་ཉེ་བར་དམིགས་པར་མི་བྱེད་པ་དེ་ནི་རབ་ཏུ་འབྱུང་བར་མི་འདོད་པ་དང ། གང་རབ་ཏུ་འབྱུང་བར་མི་འདོད་པ་དེ་ནི་རབ་ཏུ་འབྱུང་བའི་སེམས་སྐྱེད་པར་མི་བྱེད་པ་དང ། གང་རབ་ཏུ་འབྱུང་བའི་སེམས་སྐྱེད་པར་མི་བྱེད་པ་དེ་ནི་མི་སྐྱེ་བ་དང ། གང་མི་སྐྱེ་བ་དེ་ནི་སྡུག་བསྔལ་ཟད་པ་དང ། གང་སྡུག་བསྔལ་ཟད་པ་དེ་ནི་གཏན་ཟད་པ་དང ། གང་གཏན་ཟད་པ་དེ་ནི་མི་ཟད་པ་དང ། གང་མི་ཟད་པ་དེ་ནི་ཟད་པར་མི་འགྱུར་བ་དང ། གང་ཟད་པར་མི་འགྱུར་བ་དེ་ནི་ནམ་མཁའ་ཡིན་པ་སྟེ། ལྷའི་བུ་ཁོ་བོ་ནི་རིགས་ཀྱི་བུ་དེ་ལ་དེ་སྐད་ཅེས་སྨྲའོ། །ལྷའི་བུ་གཞན་ཡང་ལ་ལ་ཞིག་རབ་ཏུ་འབྱུང་བའི་ཕྱིར་ཁོ་བོའི་ཐད་དུ་འོངས་ན། དེ་ལ་ཁོ་བོ་འདི་སྐད་ཅེས་རིགས་ཀྱི་བུ་ཁྱོད་རབ་ཏུ་འབྱུང་བའི་སེམས་མ་སྐྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་ནི་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་རྣམ་པར་མ་དཀྲུག་ཤིག་།རིགས་ཀྱི་བུ་གལ་ཏེ་ཁྱོད་སྐྲ་འདྲེག་པར་མི་བྱེད་པ་དེ་ལྟ་ན། ཁྱོད་ལེགས་པར་རབ་ཏུ་བྱུང་བ་ཡིན་ནོ་ཞེས་སྨྲའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་གཅད་དུ་མེད་པ་དང ། དབྱེར་མེད་པའི་ཕྱིར་ཆོས་སྟོན་པར་མཛད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ཞིག་གཅོད་པར་མི་བགྱིད་ཅིང་ཅི་ཞིག་འབྱེད་པར་མི་བགྱིད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཟུགས་ནི་གཅོད་པར་མི་བྱེད་ཅིང་འབྱེད་པར་མི་བྱེད་དོ། །ཚོར་བ་དང ། འདུ་ཤེས་དང །
83.8a
འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ནི་གཅོད་པར་མི་བྱེད་ཅིང་འབྱེད་པར་མི་བྱེད་དོ། །ལྷའི་བུ་གང་འདི་སྙམ་དུ་བདག་གི་སྐྲ་བྲེག་གོ་སྙམ་དུ་སེམས་པ་དེ་ནི་ངར་འཛིན་དང ། ང་ཡིར་འཛིན་པ་ལ་གནས་པ་ཡིན་པས་ངར་འཛིན་པ་དང ། ང་ཡིར་འཛིན་པ་ལ་སྤྱོད་པ་དག་གིས་ནི་མཉམ་པ་ཉིད་མི་མཐོང་སྟེ། བདག་ཏུ་དམིགས་པ་ཡོད་ན་སྐྲར་དམིགས་པར་མི་འགྱུར་ལ། སྐྲར་དམིགས་པ་ཡོད་ན་སེམས་ཅན་དུ་དམིགས་པར་འགྱུར་ཞིང་སེམས་ཅན་དུ་དམིགས་པ་ཡོན་ན་འདྲེག་པའི་འདུ་ཤེས་འབྱུང་བར་འགྱུར་རོ། །ལྷའི་བུ་གང་ལ་བདག་ཏུ་དམིགས་པ་མེད་པ་དེ་ལ་གཞན་དུ་དམིགས་པ་མེད་དོ། །གང་ལ་གཞན་དུ་དམིགས་པ་མེད་པ་དེ་ལ་ངར་འཛིན་པ་མེད་དོ། །གང་ལ་ངར་འཛིན་པ་མེད་པ་དེས་ང་ཡིར་འཛིན་པ་སྤང་ངོ ། །གང་གིས་ང་ཡིར་འཛིན་པ་སྤང་བ་དེ་རྣམ་པར་མི་རྟོག་གོ་།གང་རྣམ་པར་མི་རྟོག་པ་དེ་མི་འགྱུར་རོ། །གང་མི་འགྱུར་བ་དེ་སྤྲོས་པ་མེད་དོ། །གང་སྤྲོས་པ་མེད་པ་དེ་མི་ལེན། མི་འདོར། མི་བྱེད་འཇིག་པར་མི་བྱེད། མི་གཅོད། མི་འབྱེད། མི་སྦྱོར། མི་འབྲལ། མི་ནུར། མི་སྤོང་ཞིང་འབྲི་བར་མི་བྱེད། གང་བར་མི་བྱེད། སྡུད་པར་མི་བྱེད། འཕྲོ་བར་མི་བྱེད། རློམ་སེམས་སུ་མི་བྱེད། སྨྲ་བར་མི་བྱེད། རྗོད་པར་མི་བྱེད། རབ་ཏུ་རྗོད་པར་མི་བྱེད་དེ། དེ་ནི་ཡང་དག་པ་ལ་གནས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཡང་དག་པ་ཞེས་བགྱི་བ་ཅི་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡང་དག་པ་ཞེས་བྱ་བ་ནི་ནམ་མཁའ་སྟེ། ནམ་མཁའ་ནི་འགྲིབ་པ་འམ། འཕེལ་བ་འམ། འབྱུང་བ་འམ། འཇིག་པར་མི་འགྱུར་བས་དེའི་ཕྱིར་ནམ་མཁའ་དེ་ནི་ཡང་དག་པའོ། །ཡང་དག་པ་ནི་སྟོང་པ་ཉིད་དོ། །ཡང་དག་པ་ནི་དེ་བཞིན་ཉིད་དོ། །ཡང་དག་པ་ནི་ཆོས་ཀྱི་དབྱིངས་སོ། །ཡང་དག་པ་ནི་ཡང་དག་པའི་མཐའོ། །ཡང་དག་པ་གང་ཡིན་པ་དེ་ནི་མ་བྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་མ་བྱུང་ཞིང་འབྱུང་བར་མི་འགྱུར་བས་དེའི་ཕྱིར་དེ་ནི་མ་བྱུང་བ་ཡིན་ནོ། །ལྷའི་བུ་གཞན་ཡང་ལ་ལ་ཞིག་རབ་ཏུ་འབྱུང་བའི་ཕྱིར་ཁོ་བོའི་ཐད་དུ་འོངས་ན་དེ་ལ་ཁོ་བོ་འདི་སྐད
83.8b
ཅེས་རིགས་ཀྱི་བུ་གལ་ཏེ་ཁྱོད་ངུར་སྨྲིག་འཛིན་པར་མི་བྱེད་ཅིང་གྱོན་པར་མི་བྱེད་པ་དེ་ལྟ་ན་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྨྲའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་འཛིན་པ་མེད་པའི་ཕྱིར་ཆོས་སྟོན་པར་མཛད་ཀྱི་འཛིན་པའི་ཕྱིར་ནི་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ཞིག་མི་འཛིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཟུགས་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་མི་འཛིན་ཏོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བར་མི་འཛིན་ཏོ། །མིག་མི་འཛིན་ཏོ། །གཟུགས་མི་འཛིན་ཏོ། །རྣ་བ་མི་འཛིན་ཏོ། །སྒྲ་མི་འཛིན་ཏོ། །སྣ་མི་འཛིན་ཏོ། །དྲི་མི་འཛིན་ཏོ། །ལྕེ་མི་འཛིན་ཏོ། །རོ་མི་འཛིན་ཏོ། །ལུས་མི་འཛིན་ཏོ། །རེག་བྱ་མི་འཛིན་ཏོ། །ཡིད་མི་འཛིན་ཏོ། །ཆོས་མི་འཛིན་ཏོ། །འདོད་ཆགས་མི་འཛིན་ཏོ། །ཞེ་སྡང་མི་འཛིན་ཏོ། །གཏི་མུག་མི་འཛིན་ཏོ། །ཕྱིན་ཅི་ལོག་མི་འཛིན་ཏེ། ལྷའི་བུ་མདོར་ན་ཆོས་ཐམས་ཅད་མི་འཛིན། མི་གཏོང ། མི་སྤོང་མི་འདོར་རོ། །ལྷའི་བུ་གང་དུ་ངུར་སྨྲིག་དག་ལ་འཛིན་པའི་འདུ་ཤེས་དང་ལྡན་པ་དེ་ནི་ལྟ་བའི་རྣམ་པ་ཅན་ཡིན་པར་ཁོ་བོ་སྨྲ་སྟེ། །ལྷའི་བུ་ངུར་སྨྲིག་འཛིན་པས་ནི་རྣམ་པར་དག་པ་འམ། རྣམ་པར་གྲོལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སངས་རྒྱས་བཅོས་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་སྙིགས་མ་མེད་པ་ཡིན་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སྙིགས་མ་ཞེས་བགྱི་བ་ཅི་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདོད་ཆགས་ནི་སྙིགས་མའོ། །ཞེ་སྡང་ནི་སྙིགས་མའོ། །གཏི་མུག་ནི་སྙིགས་མའོ། །རྒྱུ་ནི་སྙིགས་མའོ། །ལྟ་བ་ནི་སྙིགས་མའོ། །མིང་ནི་སྙིགས་མའོ། །གཟུགས་ནི་སྙིགས་མའོ། །འདུ་ཤེས་ནི་སྙིགས་མའོ། །ལྷག་པར་འཛིན་པ་ནི་སྙིགས་མའོ། །མཚན་མ་ནི་སྙིགས་མའོ། །སྤྲོས་པ་ནི་སྙིགས་མའོ། །ལྷའི་བུ་གང་མི་དགེ་བའི་ཆོས་དེ་དག་ཡིད་ལ
83.9a
མི་བྱེད་པ་དེ་ནི་སྙིགས་མ་མེད་པའོ། །གང་སྙིགས་མ་མེད་པ་དེ་ནི་ཅི་ཡང་མེད་པའོ། །གང་ཅི་ཡང་མེད་པ་དེ་ནི་ཉོན་མོངས་པ་མེད་པའོ། །གང་ཉོན་མོངས་པ་མེད་པ་དེ་ནི་ནམ་མཁའ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ལྷག་པར་བྱ་བ་མེད་པ། ལྷག་པར་བྱ་བ་མེད་པ་ཞེས་བགྱི་ན་འཇམ་དཔལ་ལྷག་པར་བྱ་བ་མེད་པ་ཞེས་བགྱི་བ་ཅི་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལྷག་པར་བྱ་བ་མེད་པ། ལྷག་པར་བྱ་བ་མེད་པ་ཞེས་བྱ་བ་ནི་ཆོས་འགའ་ཡང་ལྷག་པར་མི་བྱ་བ་དེ་ནི་ལྷག་པར་བྱ་བ་མེད་པ་ཞེས་བྱ་སྟེ། ལྷའི་བུ་གང་དག་ལྷག་པར་བྱེད་པ་དེ་དག་ལ་དེ་བཞིན་གཤེགས་པས་ལྷག་པར་བྱ་བ་མེད་པ་ཞེས་གསུངས་ཏེ། དེ་ནི་ལྷག་པར་བྱ་བ་མེད་པ་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ཞིག་ལྷག་པར་བགྱིད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མཉམ་པ་ཉིད་ལས་འདའ་བར་བྱེད་ཅིང་མཉམ་པ་ཉིད་ལས་འདས་ནས་ཆོས་གང་མ་རྙེད་མི་རྙེད་རྙེད་པར་མི་འགྱུར་ཞིང་མ་བྱུང་མི་འབྱུང་འབྱུང་བར་མི་འགྱུར་བའི་ཆོས་དེ་ལ་ལོག་པར་གནས་ཞིང་ལྷག་པར་བྱེད་དེ། འདི་ལྟ་སྟེ། བདག་ཅེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་པ་དང ། སེམས་ཅན་དང ། སྲོག་དང ། གང་ཟག་དང ། ཤེད་ལས་སྐྱེས་དང ། ཤེད་བུ་དང ། རྟག་པ་དང ། ཆད་པ་ཞེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་པ་དང ། ཕུང་པོ་རྣམས་དང ། ཁམས་རྣམས་དང ། སྐྱེ་མཆེད་རྣམས་ཞེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་པ་དང ། སངས་རྒྱས་དང་ཆོས་དང ། དགེ་འདུན་ཞེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་པ་དང ། འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་འཆལ་བའོ་ཞེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་པ་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་དང ། འཐོབ་པ་དང ། འབྲས་བུ་དང ། མངོན་སུམ་དུ་བྱ་བ་ཞེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་པ་དང ། རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང ། ཕྱིར་མི་འོང་བའི
83.9b
འབྲས་བུ་དང ། དགྲ་བཅོམ་པ་ཉིད་པ་དང ། རང་སངས་རྒྱས་ཉིད་དང ། སངས་རྒྱས་ཉིད་ཅེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་པ་དང ། འདི་ནི་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། རིག་པ་དང ། རྣམ་པར་གྲོལ་བ་དང ། འདོད་ཆགས་དང་བྲལ་བའོ་ཞེས་བྱ་བར་རྟོག་ཅིང་ལྷག་པར་བྱེད་དེ། ལྷའི་བུ་བྱིས་པ་སོ་སོའི་སྐྱེ་བུ་ཐོས་པ་དང་མི་ལྡན་པ་རྣམས་ནི་ལྷག་པར་བྱ་བ་དེ་ལྟ་བུ་དེ་དག་ལ་རྟོག་ཅིང་ལྷག་པར་བྱེད་དོ། །མི་གཏི་མུག་ཅན་དེ་དག་རྟོག་པར་བྱ་བའི་ཆོས་ལ་སྒྲོ་འདོགས་ཤིང་ཡོངས་སུ་རྟོག་པར་བྱེད་དེ། དེ་དག་ལ་སྒྲོ་འདོགས་པ་ལ་འདུན་པ་བཟློག་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ལྷག་པར་བྱ་བ་མེད་པ་སྟོན་པར་མཛད་དོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་ལྷག་པར་བྱ་བ་མེད་པ་བསྟན་པ་འདི་བཤད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །གལ་ཏེ་བསྟན་པར་བྱ་ན་དེ་སྐད་བསྟན་པར་བྱའོ། །གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་བློ་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་གང་ལ་ལ་ཞིག་རབ་ཏུ་འབྱུང་བའི་ཕྱིར་ཁོ་བོའི་ཐད་དུ་འོངས་ན་དེ་ལ་ཁོ་བོས་འདི་སྐད་ཅེས་རིགས་ཀྱི་བུ་གལ་ཏེ་ཁྱོད་བསྙེན་པར་རྫོགས་པར་མི་བྱེད་པ་དེ་ལྟ་ན་ཁྱོད་རབ་ཏུ་བྱུང་བ་ཡིན་ནོ་ཞེས་སྨྲའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ་ལྷའི་བུ་བཅོམ་ལྡན་འདས་ཀྱིས་བསྙེན་པར་རྫོགས་པ་ནི་འདི་གཉིས་ཡིན་པར་གསུངས་ཏེ། གཉིས་གང་ཞེ་ན། མཉམ་པར་རྫོགས་པར་བསྙེན་པ་དང ། མི་མཉམ་པར་རྫོགས་པར་བསྙེན་པའོ། །དེ་ལ་མི་མཉམ་པར་རྫོགས་པར་བསྙེན་པ་གང་ཞེ་ན། གང་མི་མཉམ་པར་ལྟུང་བའོ། །དེ་ལ་མི
83.10a
མཉམ་པ་གང་ཞེ་ན། བདག་ཏུ་འཛིན་པ་དང ། སེམས་ཅན་དུ་འཛིན་པ་དང ། སྲོག་ཏུ་འཛིན་པ་དང ། གང་ཟག་ཏུ་འཛིན་པ་དང ། རྟག་པ་དང ། ཆད་པ་དང ། ང་རྒྱལ་དང ། ལོག་པར་ལྟ་བ་དང ། ཆགས་པ་དང ། ཞེ་སྡང་དང ། གཏི་མུག་ཏུ་ལྟུང་བ་དང ། འདོད་པའི་ཁམས་དང ། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་སུ་ལྟུང་བ་དང ། ལྷག་པར་འཛིན་པ་དང ། རློམ་སེམས་དང ། ཉེ་བར་ལེན་པར་ལྟུང་བ་སྟེ། ལྷའི་བུ་མདོར་ན་མི་དགེ་བའི་ཆོས་ཐམས་ཅད་དུ་ལྟུང་བ་དང ། སྡིག་པའི་གྲོགས་པོ་རྣམས་ཀྱི་ལག་ཏུ་ལྟུང་བ་དང ། ངེས་པར་འབྱུང་བ་མི་ཤེས་ཤིང་ཡོངས་སུ་འཛིན་པ་ཐམས་ཅད་ཡོངས་སུ་འཛིན་པར་བྱེད་པ་གང་ཡིན་པ་དེ་ནི་ལྷའི་བུ་མི་མཉམ་པར་རྫོགས་པར་བསྙེན་པ་ཡིན་ནོ། །དེ་ལ་མཉམ་པར་རྫོགས་པར་བསྙེན་པ་གང་ཞེ་ན། གང་མཉམ་པ་ཉིད་དུ་འབབ་པའོ། །དེ་ལ་མཉམ་པ་ཉིད་གང་ཞེ་ན། སྟོང་པ་ཉིད་མཉམ་པ་ཉིད་དང ། མཚན་མ་མེད་པ་མཉམ་པ་ཉིད་དང ། སྨོན་པ་མེད་པ་མཉམ་པ་ཉིད་དེ། ལྷའི་བུ་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་མངོན་སུམ་དུ་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་སྒྲུབ་ཅིང་རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང་ཀུན་ཏུ་རྟོག་པ་མེད་པ་དང ། ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་ལྷའི་བུ་མཉམ་པར་རྫོགས་པར་བསྙེན་པ་ཡིན་ནོ། །ལྷའི་བུ་གཞན་ཡང་འདོད་ཆགས་སེལ་བར་བྱེད་པ་དང་ཞེ་སྡང་སེལ་བར་བྱེད་པ་དང ། གཏི་མུག་སེལ་བར་བྱེད་པ་དང ། སྲེད་པ་དང ། མ་རིག་པ་དང ། འཇིག་ཚོགས་དང ། འཇིག་ཚོགས་ཀྱི་རྩ་བ་ལས་བྱུང་བའི་ལྟ་བའི་རྣམ་པ་དྲུག་བཅུ་རྩ་གཉིས་སེལ་བར་བྱེད་པ་དང ། ཕྱིན་ཅི་ལོག་རྣམས་སེལ་བར་བྱེད་པ་དང ། ཉེས་པ་སྤྱོད་པ་གསུམ་དང ། ལོག་པ་ཉིད་བརྒྱད་དང ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་དང ། མི་དགེ་བ་བཅུའི་ལས་ཀྱི་ལམ་སེལ་བར་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་རྫོགས་པར་བསྙེན་པ་ཞེས་བྱའོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་ས་གཞི་ལ་བརྟེན་ནས་ས་བོན་ཐམས་ཅད་སྐྱེ་ཞིང་རྩཝ་དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་ཐམས་ཅད་ཀྱང་སྐྱེ་ལ་དེ་དག་འཕེལ་བ་ན་རྫོགས
83.10b
པ་ཞེས་བྱའོ། །ལྷའི་བུ་དེ་བཞིན་དུ་གང་དག་བསྟན་པ་འདི་ལ་རྫོགས་པར་བྱེད་པ་དེ་དག་ཀྱང་རྫོགས་པར་བསྙེན་པ་ཞེས་བྱའོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་ནི་ས་བོན་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ལ་བརྟེན་ནས་ཆོས་མངོན་པར་རྟོག་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ས་བོན་རྣམས་དང ། ཇི་ལྟར་སྨན་རྣམས་རྣམ་པར་འཕེལ་བ་ལ་རྫོགས་པ་ཞེས་བྱ་བ་དེ་བཞིན་དུ་ཚུལ་ཁྲིམས་དང ། དད་པ་ལ་རྟེན་པའི་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་ཐམས་ཅད་སྐྱེ་ཞིང་རྫོགས་པར་གྱུར་ཏེ། ལྷའི་བུ་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་རྟོགས་ཤིང་སྤྲོས་པ་ཐམས་ཅད་ཡང་དག་པར་ཆད་པ་གང་ཡིན་པ་དེ་ནི་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་ཐམས་ཅད་ཀྱི་རྫོགས་པར་བསྙེན་པ་ཡིན་ནོ། །ལྷའི་བུ་གང་དེ་ལྟར་རྫོགས་པར་བསྙེན་པར་བྱེད་པ་དེ་ནི་ཡང་དག་པར་རྫོགས་པར་བསྙེན་པར་བྱེད་པ་ཡིན་གྱི་མི་མཉམ་པར་ནི་མ་ཡིན་ནོ། །ལྷའི་བུ་གཞན་ཡང་དེ་ལྟར་རབ་ཏུ་བྱུང་ཞིང་དེ་ལྟར་རྫོགས་པར་བསྙེན་པ་དེ་ལ་ཁོ་བོས་འདི་སྐད་ཅེས་རིགས་ཀྱི་བུ་གལ་ཏེ་ཁྱོད་བསླབ་པ་ལེན་པར་མི་བྱེད་པ་དེ་ལྟར་ན་ཁྱོད་བསླབ་པ་འདོད་པ་ཡིན་ནོ་ཞེས་རྗེས་སུ་བསྟན་པ་སྦྱིན་པར་བྱའོ། །ལྷའི་བུས་སྨྲས་པ། །འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཆོས་ཐམས་ཅད་ནི་མ་བླངས་པ་ཡིན་པས་ལྷའི་བུ་གང་ཚུལ་ཁྲིམས་ལེན་པ་དེ་ནི་ཁམས་གསུམ་ལེན་པ་ཡིན་ནོ། །ལྷའི་བུ་འདི་ཇི་སྙམ་དུ་སེམས། བསླབ་པ་དེ་གང་ཡིན་སྙམ། ལྷའི་བུས་སྨྲས་པ། འཇམ་དཔལ་སོ་སོར་ཐར་པའི་སྡོམ་པ་གང་ལགས་པའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སོ་སོར་ཐར་པའི་སྡོམ་པ་ཡང་གང་ཡིན། ལྷའི་བུས་སྨྲས་པ། འཇམ་དཔལ་སྡོམ་པ་ཞེས་བགྱི་བ་ནི་ལུས་སྡོམ་པ་དང ། ངག་སྡོམ་པ་དང ། ཡིད་སྡོམ་པ་སྟེ། དེ་ནི་སོ་སོར་ཐར་པའི་སྡོམ་པ་ཞེས་བགྱིའོ། །
83.11a
འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། ལུས་དང ། ངག་དང ། ཡིད་ཀྱིས་མ་བྱས་མི་བྱེད་བྱེད་པར་མི་འགྱུར་བའི་ལས་གང་ཡིན་པ་དེ་སྔོན་པོ་འམ། སེར་པོ་འམ། དམར་པོ་འམ། དཀར་པོ་འམ། བཙོད་ཁ་འམ། ཤེལ་གྱི་ཁ་དོག་ལྟ་བུའོ་ཞེས་གདགས་པར་ནུས་སྙམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འོ་ན་ཇི་སྐད་བརྗོད་པར་བྱ། ལྷའི་བུས་སྨྲས་པ། འཇམ་དཔལ་མངོན་པར་འདུ་བགྱིད་པ་མ་མཆིས་པ་ཞེས་བགྱི་སྟེ། དེ་ནི་ལུས་ཀྱི་ལས་སམ། ངག་གི་ལས་སམ། ཡིད་ཀྱི་ལས་ཞེས་གདགས་པར་རྔོ་མི་ཐོག་གོ་།འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཅི་སྙམ་དུ་སེམས་གང་མངོན་པར་འདུ་བྱེད་པ་མེད་པ་དེ་བླང་བར་ནུས་སྙམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེའི་ཕྱིར་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས་གང་བསླབ་པ་ལེན་པར་མི་བྱེད་པ་དེ་བསླབ་པ་འདོད་པ་ཡིན་ནོ་ཞེས་སྟོན་ཏོ། །ལྷའི་བུ་ལྷག་པའི་ཚུལ་ཁྲིམས་ཀྱིས་བསླབ་པ་དང ། ལྷག་པའི་སེམས་ཀྱི་བསླབ་པ་དང ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ཞེས་བྱ་བ་གང་ཡིན་པ་དེ་ཡང་མཐའ་དེ་ཉིད་ཀྱིས་རྟོགས་པར་བྱ་སྟེ། ཚུལ་ཁྲིམས་མི་དམིགས་པས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང ། སེམས་མི་དམིགས་པས་ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱའོ། །ཤེས་རབ་མི་དམིགས་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱའོ། །སེམས་རྟོག་པ་མེད་པ་དང ། རློམ་སེམས་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། སྐྱེ་བ་མེད་པས་ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱའོ། །ཚུལ་ཁྲིམས་རྟོག་པ་མེད་དང ། རློམ་སེམས་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། སྐྱེ་བ་མེད་པས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱའོ། །ཤེས་རབ་རྟོག་པ་མེད་པ་དང ། རློམ་སེམས་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། སྐྱེ་བ་མེད་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱའོ། །ལྷའི་བུ་གང
83.11b
གིས་སེམས་མ་རྙེད་པ་དེ་ཚུལ་ཁྲིམས་སུ་རློམ་སེམས་མི་བྱེད་དོ། །གང་ཚུལ་ཁྲིམས་སུ་རློམ་སེམས་མི་བྱེད་པ་དེས་ཏིང་ངེ་འཛིན་མི་དམིགས་སོ། །གང་གིས་ཏིང་ངེ་འཛིན་མི་དམིགས་པ་དེས་ཤེས་རབ་མི་དམིགས་སོ། །གང་གིས་ཤེས་རབ་མི་དམིགས་པ་དེ་ལ་ཐེ་ཚོམ་ཐམས་ཅད་མི་འབྱུང་ངོ ། །གང་ལ་ཐེ་ཚོམ་ཐམས་ཅད་མི་འབྱུང་བ་དེ་བསླབ་པ་མི་ལེན་ཏོ། །གང་བསླབ་པ་མི་ལེན་པ་དེ་བསླབ་པ་འདོད་པ་ཞེས་བྱའོ། །གང་བསླབ་པ་འདོད་པ་དེ་ཕྱིར་མི་འོང་བའོ། །གང་ཕྱིར་མི་འོང་བ་དེ་རྣམ་པར་དག་པའོ། །གང་རྣམ་པར་དག་པ་དེ་བྲལ་བའོ། །གང་བྲལ་བ་དེ་ཟག་པ་མེད་པའོ། །གང་ཟག་པ་མེད་པ་དེ་ཡང་དག་པར་ཞུགས་པའོ། །གང་ཡང་དག་པར་ཞུགས་པ་དེ་ལ་བཅོས་པ་མེད་དོ། །གང་ལ་བཅོས་པ་མེད་པ་དེ་ནམ་མཁའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་བཅོས་པ་མེད་པའི་ཕྱིར་རོ། །ལྷའི་བུ་གང་དེ་ལྟར་སློབ་པ་དེ་ནི་སློབ་པར་མི་བྱེད་དོ། །གང་སློབ་པར་མི་བྱེད་པ་དེ་ནི་སློབ་པར་བྱེད་དོ། །གང་ལ་སློབ་ཅེ་ན། ཅི་ལ་ཡང་མི་སློབ་སྟེ། གང་གི་ཚེ་ཅི་ལ་ཡང་མི་སློབ་པ་དེ་ནི་ཡང་དག་པའི་བསླབ་པ་ལ་གནས་པ་ཞེས་བྱའོ། །གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་བློ་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དེ་ལྟར་རབ་ཏུ་བྱུང་ཞིང་དེ་ལྟར་རྫོགས་པར་བསྙེན་པ་དེ་ལ་ཁོ་བོ་འདི་སྐད་ཅེས་རིགས་ཀྱི་བུ་གལ་ཏེ་ཁྱོད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དང་བས་བྱིན་པ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་ཡོངས་སུ་སྦྱོང་བར་མི་བྱེད་པ་དེ་ལྟར་ན་ཁྱོད་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནོ་ཞེས་སྨྲའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ལེན་པར་བྱེད་པ་དང ། བདེ་བར་བྱེད་པ་དེ་ནི་སྦྱོང་བར་བྱེད་དོ། །གང་དམིགས་པར་བྱེད་པ་དེ་ནི་སྦྱོང་བར་བྱེད་དོ། །གང་རློམ་སེམས་སུ་བྱེད་པ་དེ་ནི་སྦྱོང་བར་བྱེད་དོ། །གང་རྟོགས་པར་བྱེད་པ་དེ་ནི་སྦྱོང་བར་བྱེད་དོ། །ལྷའི་བུ་གང་ལེན་པར་མི་བྱེད་པ་དང ། བདེ་བར་མི་བྱེད་པ་དང ། དམིགས་པར་མི་བྱེད་པ་དང ། རློམ་སེམས་སུ་མི་བྱེད་པ་དང ། རྟོག་པར
83.12a
མི་བྱེད་པ་དེ་ནི་ཅི་ཡང་སྦྱོང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གཏན་དག་པ་ཡིན་པའི་ཕྱིར་རོ། །ལྷའི་བུ་དེ་ལྟ་བས་ན་སོ་སོའི་སྐྱེ་བོ་རྣམས་ནི་དད་པས་བྱིན་པ་སྦྱོང་བར་བྱེད་ཀྱི་དགྲ་བཅོམ་པ་དག་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ནི་ལེན་པར་བྱེད། བདེ་བར་བྱེད། དམིགས་པར་བྱེད། རློམ་སེམས་སུ་བྱེད། རྟོག་པར་བྱེད་ཅིང་བདག་ནི་ལེན་པ་ཡིན་ནོ་སྙམ་དུ་རྟོག་པར་བྱེད། འདི་ནི་སྦྱིན་པར་བྱེད་པ་ཡིན་ནོ་སྙམ་དུ་རྟོག་པར་བྱེད་པས་དེ་དག་ནི་སྦྱོང་བར་བྱེད་པ་ཡིན་པའི་ཕྱིར་ཏེ། ཇི་ལྟར་སྦྱོང་བར་བྱེད་ཅེ་ན། སྲིད་པའི་འགྲོ་བར་སྐྱེ་བ་འགྲུབ་པར་བྱེད་ཅིང་དེར་སྦྱོང་བར་བྱེད་དོ། །ལྷའི་བུ་དགྲ་བཅོམ་པ་དག་ནི་སྲིད་པ་གཞན་དུ་གཏོགས་པའི་ལུས་གཞན་འགའ་ཡང་འགྲུབ་པར་མི་བྱེད་པས་དེ་དག་ནི་ཅི་ཡང་སྦྱོང་བར་མི་བྱེད་དོ། །དེ་དག་བསོད་སྙོམས་དེ་ལེན་པ་ན་ཡང་འཁོར་གསུམ་ཡོངས་སུ་དག་པས་ལེན་ཏོ། །ལྷའི་བུ་འཁོར་གསུམ་ཡོངས་སུ་དག་པ་དེ་ཡང་གང་ཞེ་ན། ལེན་པར་བྱེད་པའི་བདག་གང་ཡིན་པ་ཡང་མི་དམིགས། སྦྱིན་པར་བྱེད་པའི་སྦྱིན་པ་པོ་གང་ཡིན་པ་ཡང་མི་དམིགས། བླང་བར་བྱ་བའི་བསོད་སྙོམས་གང་ཡིན་པ་ཡང་མི་དམིགས་པ་སྟེ། ལྷའི་བུ་དེ་ནི་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །ལྷའི་བུ་གང་དེ་ལྟར་དག་པ་དེ་ནི་ཡང་སྦྱོང་བར་མི་བྱེད་པས་ན་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་ཡོངས་སུ་སྤྱོད་པར་མི་བྱེད་པ་དེ་ནི་འཇིག་རྟེན་ན་སྦྱིན་གནས་ཀྱི་འོས་ཡིན་ཏེ། དེ་ནི་ལེགས་པར་རབ་ཏུ་བྱུང་བ་ཡིན་ནོ་ཞེས་སྟོན་ཏོ། །གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་བློ་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དེ་ལྟར་རབ་ཏུ་བྱུང་ཞིང་དེ་ལྟར་རྫོགས་པར་བསྙེན་པ་དེ་ལ་ཁོ་བོ་འདི་སྐད་ཅེས་རིགས་ཀྱི་བུ་གལ་ཏེ་ཁྱོད་དགོན་པར་མི་གནས་ཤིང་གྲོང་དུ་མ་ཡིན། ཐག་ཉེ་བར་མ་ཡིན། ཐག་རིང་བར་མ་ཡིན། ལམ་གོལ་བར་མ་ཡིན། གཅིག་པུ་མ་ཡིན། སྐྱེ་བོ་མང་པོའི་དབུས་སུ་མ་ཡིན། འདུ་འཛིའི་ནང་དུ་མ་ཡིན། དབེན་པར་མ་ཡིན། བསོད་སྙོམས་སྤྱོད་པར་ཡང་མི་བྱེད། འགྲོན
83.12b
དུ་ཡང་མི་འགྲོ། ཕྱག་དར་ཁྲོད་པར་ཡང་མི་བྱེད། སྨད་པའི་ལྷུང་བཟེད་དང ། ཆོས་གོས་ཀྱང་མི་འཆང ། བླ་གབ་མེད་པ་ཡང་མི་བྱེད། འདོད་པ་ཆུང་བར་ཡང་མི་བྱེད། འདོད་པ་ཆེ་བར་ཡང་མི་བྱེད། ཆོག་ཤེས་པར་ཡང་མི་བྱེད། ཆོག་མི་ཤེས་པར་ཡང་མི་བྱེད། རབ་ཏུ་དབེན་པར་ཡང་མི་བྱེད། རབ་ཏུ་མི་དབྱེན་པ་ཡང་མི་བྱེད། ཤིང་དྲུང་པ་ཡང་མི་བྱེད། གནས་ཁང་དུ་ཡང་མི་གནས། སྨན་བསྐུས་ཏེ་བོར་བ་ཡང་མི་སྟེན། མར་སར་དང ། སྦྲང་རྩི་ཡང་མི་སྟེན་ཅིང་རིགས་ཀྱི་བུ་གལ་ཏེ་ཁྱོད་སྦྱངས་པའི་ཡོན་ཏན་གྱི་ཆོས་དེ་ལྟ་བུ་ཐམས་ཅད་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་པ་དེ་ལྟ་ན་ཁྱོད་སྦྱངས་པ་དང་ལྡན་པ་ཡིན་ནོ་ཞེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་གང་འདི་སྙམ་དུ་བདག་ནི་ཕྱག་དར་ཁྲོད་པའོ། །བསོད་སྙོམས་པའོ། །ཤིང་དྲུང་པའོ། །བདག་ནི་སྨན་བསྐུས་ཏེ་བོར་བས་ཆོག་ཤེས་པའོ། །བདག་ནི་འདོད་པ་ཆུང་བའོ། །བདག་ནི་ཆོག་ཤེས་པའོ། །བདག་ནི་དགོན་པ་པའོ། །བདག་ནི་བླ་གབ་མེད་པའོ། །བདག་ནི་སྦྱངས་པ་དང་ལྡན་པའོ་སྙམ་དུ་སེམས་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་གྱི་རྣམ་པར་གཡོ་བ་ཡིན་པའི་ཕྱིར་རོ། །ལྷའི་བུ་ཡང་དག་པར་ཞུགས་པ་ལ་ནི་ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་དེ་དག་མི་འབྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་རྣམ་པར་རྟོག་པ་མེད་པས་བདག་ཉིད་ཀྱང་མི་དམིགས་ན་སྦྱངས་པའི་ཡོན་ཏན་རྣམས་སུ་དམིགས་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་པའི་ཕྱིར་རོ། །ལྷའི་བུ་དེ་ལྟ་བས་ན་གང་སྦྱངས་པའི་ཡོན་ཏན་དེ་དག་ཡང་དག་པར་བླངས་ཏེ་འཇུག་ཅིང་རློམ་སེམས་སུ་མི་བྱེད། རྣམ་པར་རྟོག་པར་མི་བྱེད་པ་དེ་ནི་སྦྱངས་པ་དང་ལྡན་པ་ཡིན་ནོ་ཞེས་ཁོ་བོ་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དགེ་སློང་གང་འདོད་ཆགས་སྦྱོང་བ་དང ། ཞེ་སྡང་སྦྱོང་བ་དང ། གཏི་མུག་སྦྱོང་བ་དང ། ཁམས་གསུམ་སྦྱོང་བ་དང ། ཕུང་པོ་རྣམས་སྦྱོང་བ་དང ། ཁམས་རྣམས་སྦྱོང་བ་དང ། ནང་གི་སྐྱེ་མཆེད་དྲུག་དང ། ཕྱིའི་སྐྱེ་མཆེད་དྲུག་པོ་དག་སྦྱོང་བར་བྱེད་ཅིང་ཅི་ནས་ཀྱང་མི་ལེན། མི་དོར། མི་སྒོམ།
83.13a
མི་སེལ། རྣམ་པར་མི་སེལ་བ་དེ་ལྟར་སྦྱོང་བར་བྱེད་པ་དེ་ནི་སྦྱངས་པ་དང་ལྡན་པ་ཡིན་ནོ་ཞེས་ཁོ་བོ་སྨྲ་བའི་ཕྱིར་རོ། །ལྷའི་བུ་གཞན་ཡང་དེ་ལྟར་རབ་ཏུ་འབྱུང་ཞིང་དེ་ལྟར་རྫོགས་པར་བསྙེན་པ་དེ་ལ་ཁོ་བོ་འདི་སྐད་ཅེས་རིགས་ཀྱི་བུ་གལ་ཏེ་ཁྱོད་བདེན་པ་བཞི་རྟོགས་པར་མི་བྱེད། དྲན་པ་ཉེ་བར་གཞག་པ་བཞི་ཡང་མི་སྒོམ། ཡང་དག་པར་སྤོང་བ་བཞི་ཡང་མ་ཡིན། རྫུན་འཕྲུལ་གྱི་རྐང་པ་བཞི་ཡང་མ་ཡིན། དབང་པོ་ལྔ་ཡང་མ་ཡིན། སྟོབས་ལྔ་ཡང་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་མི་སྒོམ་ཞིང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་ཡང་མི་སྒོམ། མངོན་སུམ་དུ་མི་བྱེད། རྣམ་པར་ཐར་པའི་སྒོ་གསུམ་ཡང་མི་སྒོམ། མངོན་སུམ་དུ་མི་བྱེད་པ་དེ་ལྟ་ན་ཁྱོད་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་སྒོམ་པ་ཡིན་ནོ་ཞེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དེ་ནི་མི་སྐྱེ་བའི་མཚན་ཉིད་རྟོག་པ་ཞེས་བྱ་སྟེ། དེ་ནི་སྒོམ་པར་བྱར་མེད་ཅིང་མངོན་སུམ་དུ་བྱར་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མི་སྐྱེ་བ་ནི་མངོན་སུམ་དུ་བྱར་མི་ནུས་པའི་ཕྱིར་རོ། །ལྷའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པས་དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱའོ། །ལྷའི་བུ་དགེ་སློང་གང་འདོད་པའི་ཁམས་ལ་ཡང་མི་གནས། གཟུགས་ཀྱི་ཁམས་ལ་ཡང་མི་གནས། གཟུགས་མེད་པའི་ཁམས་ལ་ཡང་མི་གནས་པ་དེ་ནི་གནས་མེད་པ་ལ་གནས་པའི་དགེ་སློང་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་ཞེས་བྱའོ། །ཇི་ལྟར་སྒོམ་ཞེ་ན། ཅི་ནས་ཀྱང་སྒོམ་པར་མི་བྱེད། འཇིག་པར་མི་བྱེད་པ་དེ་ལྟར་སྒོམ་པར་བྱེད་པས་དེ་ཕྱིར་སྒོམ་པར་བྱེད་པ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་པོ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་རོ། །ལྷའི་བུ་གང་གི་ཚེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པས་ཆོས་ཐམས་ཅད་མི་དམིགས་པ་དེའི་ཚེ་ན་རློམ་སེམས་སུ་མི་བྱེད་དོ། །གང་གི་ཚེ་རློམ་སེམས
83.13b
སུ་མི་བྱེད་པ་དེའི་ཚེ་སྒོམ་པར་མི་བྱེད་དོ། །གང་གི་ཚེ་སྒོམ་པར་མི་བྱེད་པ་དེའི་ཚེ་མངོན་སུམ་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་ཞེས་བྱ་བ་གང་ཡིན་པ་དེ་ནི་མིང་ཙམ་སྟེ། མིང་དེ་ཡང་གཡོ་བ་མེད་པ། རྐྱེན་ལས་སྐྱེས་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ། བརྗོད་ཀྱང་རུང ། མ་བརྗོད་ཀྱང་རུང ། མིང་གི་ཡོངས་སུ་ཤེས་པ་གང་ཡིན་པ་དེ་དམིགས་སུ་མེད་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བདེན་པ་མཐོང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་རྣལ་འབྱོར་སྤྱོད་པ་རྣལ་འབྱོར་སྤྱོད་པ་ཞེས་བགྱི་ན་ཇི་ལྟར་དགེ་སློང་རྣལ་འབྱོར་སྤྱོད་པ་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་རྣལ་འབྱོར་སྤྱོད་པ་འདི་ལྟ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཚུལ་གྱིས་ཚུལ་གཅིག་ཏུ་སྦྱོར་བར་བྱེད་ན་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །གང་གི་ཚེ་ཅི་ལ་ཡང་མི་སྤྱོད་ན་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །ཅི་ལ་མི་སྤྱོད་ཅེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་འཇིག་རྟེན་འདི་ལ་མི་སྤྱོད། འཇིག་རྟེན་ཕ་རོལ་ལ་མི་སྤྱོད། ཁམས་གསུམ་ལ་མི་སྤྱོད་དེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །ལྷའི་བུ་གང་གི་ཚེ་རྣལ་འབྱོར་སྤྱོད་པ་ཆོས་འགའ་ཡང་སྦྱོར་བར་མི་བྱེད། འབྱེད་པར་མི་བྱེད་ན་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །དེ་ནས་འཁོར་དེ་ལས་དགེ་སློང་སྟོང་ཕྲག་མང་པོ་དག་འདི་སྙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་རྣམ་པར་ཐར་པའི་སྒོ་གསུམ་རྟོགས་པས་མྱ་ངན་ལས་འདའ་བ་དང ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་མངོན་སུམ་དུ་བྱས་པས་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་གསུངས་པ་དེ་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བཀག་པར་གྱུར་ན། འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་ཇི་ལྟར་རུང་སྟེ། ཆོས་བསྟན་པ་འདི་འགལ་བའམ་གཅིག
83.14a
ཏུ་མ་གྱུར་གྲང་སྙམ་དུ་ཐེ་ཚོམ་གྱི་སེམས་སྐྱེས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་གནས་བརྟན་ཤཱ་རིའི་བུ་ལ་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ནི་དེ་བཞིན་གཤེགས་པས་ཡིད་ཆེས་པ་དད་པ་དང་ལྡན་པ་ཤེས་རབ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ན། ཤཱ་རིའི་བུ་གང་གི་ཚེ་ཁྱོད་ཀྱིས་འདོད་ཆགས་དང་བྲལ་བའི་ཆོས་རྣམས་མངོན་སུམ་དུ་བྱས་པའི་ཚེ་བཙུན་པས་བདེན་པ་བཞི་པོ་དག་དམིགས་པ་འམ། མངོན་སུམ་དུ་བྱས་པ་འམ། བསྒོམས་པ་འམ། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་བཅུ་རྩ་བདུན་དང ། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་དམིགས་པའམ། མངོན་སུམ་དུ་བྱས་པ་འམ། བསྒོམས་པ་ཅི་ཡང་ཡོད་དམ། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མེད་དེ། གང་མངོན་སུམ་དུ་བྱ་བ་འམ། བསྒོམ་པར་བྱ་བ་འམ། རྟོག་པར་བྱ་བའི་ཆོས་དེ་ནི་འགའ་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བླང་དུ་མེད་པ། མ་སྐྱེས་པ། རྣམ་པར་རིག་པ་མེད་པ། སྟོང་པ་ཡིན་པས་སྟོང་པས་སྟོང་པ་ཉིད་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །བསྟན་པ་འདི་བཤད་པ་ན་དགེ་སློང་སུམ་སྟོང་ལེན་པ་མེད་པར་ཟག་པ་རྣམ་ལས་སེམས་རྣམ་པར་གྲོལ་ལོ།། །། བམ་པོ་བཞི་པ་སྟེ་ཐ་མ། དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་དེ་ནི་འདི་ལྟ་སྟེ། ཕྱེ་བས་གོ་བ་ཟབ་མོ་ལ་བཟོད་པ་སྟོང་པ་ཉིད་ལ་གནས་པས་བསྟན་པ་ལགས་ཏེ། ལེགས་སོ་ལེགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་ཕྱེ་བས་གོ་བ་མ་ཡིན་གྱི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཕྱེ་བས་གོ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་འབྱེད་པར་བྱེད་པ་ཡིན་པའི
83.14b
ཕྱིར་རོ། །ཅི་ཞིག་འབྱེད་པར་བྱེད་ཅེ་ན། སེམས་ཅན་དམྱལ་བ་འབྱེད་པར་བྱེད་དོ། །དུད་འགྲོའི་སྐྱེ་གནས་འབྱེད་པར་བྱེད་དོ། །གཤིན་རྗེའི་འཇིག་རྟེན་འབྱེད་པར་བྱེད་དོ། །ཁམས་གསུམ་པ་འབྱེད་པར་བྱེད་དོ། །དེ་ལྟར་འབྱེད་པ་རྣམས་དང ། ཀུན་དུ་འབྱེད་པ་རྣམས་ཀྱི་འཁོར་བའི་སྔོན་གྱི་མཐའ་མི་མངོན་ནོ། །ལྷའི་བུ་བྱིས་པ་རྣམས་ནི་འདོད་ཆགས་ཀུན་དུ་འབྱེད་པར་བྱེད་དོ། །ཞེ་སྡང་ཀུན་ཏུ་འབྱེད་པར་བྱེད་དོ། །གཏི་མུག་ཀུན་དུ་འབྱེད་པར་བྱེད་དོ། །ལྟ་བ་ཀུན་ཏུ་འབྱེད་པར་བྱེད་དོ། །མིང་དང་གཟུགས་ཀུན་དུ་འབྱེད་པར་འབྱེད་དོ། །ལྷའི་བུ་སངས་རྒྱས་རྣམས་ནི་ཕྱེ་བས་གོ་བ་མ་ཡིན་ནོ། །ཉན་ཐོས་རྣམས་ཀྱང་མ་ཡིན་རང་སངས་རྒྱས་རྣམས་ཀྱང་མ་ཡིན། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་རྣམས་ཀྱང་མ་ཡིན་གྱི་ལྷའི་བུ་བྱིས་པ་རྣམས་ནི་ཕྱེ་བས་གོ་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་ཅི་ཁྱོད་རྣམ་པར་སྤྲོས་ན་གོ་བ་ལགས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་བཀྲི་དགོས་པ་ལགས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་ཚིག་ལྷུར་ལེན་པ་ལེགས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། ཁོ་བོ་ནི་ཚིག་ལྷུར་ལེན་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་བྱང་ཆུབ་སེམས་དཔའ་ནི་ཡི་གེ་གཅིག་དང ། ཚིག་གཅིག་ལས་ཀྱང་མི་གཡོ་ལ། ཡི་གེ་དེ་ཉིད་དང ། ཚིག་དེ་ཉིད་ཀྱི་དོན་དང ། ཚུལ་དང་སྒོ་དང ། ལམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་བྱེད་དེ་འདི་ནི་སྟོང་པའོ། །ཞེས་བྱ་བར་ཤེས་པར་བྱེད་དོ། །འདི་ནི་དབེན་པའོ་ཞེས་བྱ་བར་ཤེས་པར་བྱེད་དོ། འདི་ནི་དངོས་པོ་མེད་པའོ་ཞེས་བྱ་བར་ཤེས་པར་བྱེད་དོ། །འདི་ནི་སྐྱེ་བ་མེད་པའོ་ཞེས
83.15a
བྱ་བར་ཤེས་པར་བྱེད་ཅིང ། ཅི་ནས་ཀྱང་རྣམ་པར་ཤེས་པར་མི་བྱེད། རིག་པར་མི་བྱེད། ཚོར་བར་མི་བྱེད་པ་དེ་ལྟར་ཤེས་པར་བྱེད་པས་དེ་ཕྱིར་ཚིག་ལྷུར་ལེན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་དེ་ནི་འདི་ལྟ་སྟེ། གཟུངས་ཐོབ་པས་བསྟན་པ་ཡིན་ཏེ། ལེགས་སོ་ལེགས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་གཟུངས་ཐོབ་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱིས་པ་རྣམས་ནི་གཟུངས་ཐོབ་པ་ལགས་ཀྱི། སངས་རྒྱས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་གཟུངས་ཐོབ་པ་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱིས་པ་རྣམས་ནི་འཛིན་པར་བགྱིད་པའི་སླད་དུ་སྟེ། ཅི་ཞིག་འཛིན་པར་བགྱིད་ཅེ་ན། བདག་ཏུ་འཛིན་པ་འཛིན་པར་བགྱིད་དོ། །སེམས་ཅན་དུ་འཛིན་པ་དང ། སྲོག་ཏུ་འཛིན་པ་དང ། གང་ཟག་ཏུ་འཛིན་པ་འཛིན་པར་བགྱིད་དོ། །ཆད་པར་འཛིན་པ་དང ། རྟག་པར་འཛིན་པ་དང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་འཛིན་པར་བགྱིད་དོ། །མ་རིག་པ་དང ། སྲིད་པའི་སྲེད་པ་དང ། ཕུང་པོ་ལྔ་དང ། འཇིག་ཚོགས་དང ། ཁམས་བཅཝ་བརྒྱད་དང ། ནང་གི་སྐྱེ་མཆེད་དྲུག་དང ། ཕྱིའི་སྐྱེ་མཆེད་དྲུག་འཛིན་པར་བགྱིད་དོ། །རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ་རྟོག་པ་དང ། ལྟ་བའི་རྣམ་པ་དག་འཛིན་པར་བགྱིད་དེ་བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱིས་པ་རྣམས་ནི་གཟུངས་ཐོབ་པ་ལགས་སོ། །རྟོག་གེ་བ་རྣམས་ནི་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ
83.15b
རྟོག་པ་དང ། ལྟ་བའི་རྣམ་པ་དག་འཛིན་པར་བགྱིད་པས། བཅོམ་ལྡན་འདས་དེའི་སླད་དུ་བྱིས་པ་རྣམས་ནི་གཟུངས་ཐོབ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱིས་པ་རྣམས་ཆོས་གང་དག་འཛིན་པར་བགྱིད་པ་དེ་དག་ནི་སངས་རྒྱས་རྣམས་འཛིན་པར་མི་མཛད། ཉན་ཐོས་རྣམས་ཀྱང་མི་བགྱིད། རང་སངས་རྒྱས་རྣམས་ཀྱང་མི་བགྱིད། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མི་བགྱིད་བས། དེའི་སླད་དུ་བྱིས་པ་རྣམས་ནི་གཟུངས་ཐོབ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱིས་པ་རྣམས་ནི་ལེགས་པར་འཛིན་པ་མ་ལགས་པ་འཛིན་པར་བགྱིད་ཀྱི། སངས་རྒྱས་རྣམས་ནི་མི་མཛད། ཉན་ཐོས་རྣམས་ཀྱང་མི་བགྱིད། རང་སངས་རྒྱས་རྣམས་ཀྱང་མི་བགྱིད། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མི་བགྱིད་པའི་སླད་དུའོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གལ་ཏེ་ཁྱོད་གཟུངས་ཐོབ་པ་མ་ལགས་ན་འོ་ན་ཅི་ཁྱོད་རྟོགས་པ་བུལ་བ་ལགས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། ཁོ་བོ་ནི་རྟོགས་པ་བུལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཁོ་བོ་ནི་རྟོགས་པ་གང་སངས་རྒྱས་རྣམས་དང ། ཉན་ཐོས་རྣམས་དང ། རང་སངས་རྒྱས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མི་མཁྱེན་པ་དེ་ཙམ་དུ་བུལ་བའི་རྟོགས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །ལྷའི་བུ་བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡིན་པ་དེ་དག་ནི་རྟོགས་པ་བུལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མངོན་པར་ཆགས་པའི་རྟོགས་པ་ཅན་ཡིན་ལ། མཁས་པ་རྣམས་ནི་རྟོགས་པ་བུལ་བ
83.16a
དང་ལྡན་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པ་རྣམས་ཀྱང་རེ་ཤིག་མངོན་པར་ཆགས་པའི་རྟོགས་པ་ཅན་དུ་སྟོན་ན་བྱིས་པ་སོ་སོའི་སྐྱེ་བོ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷའི་བུ་དེ་ལྟ་བས་ན་ཁོ་བོ་ནི་རྟོགས་པ་བུལ་བ་ཡིན་གྱི་གཟུངས་ཐོབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་ནི་གང་གཟུང་བར་བྱ་བ་ཅུང་ཟད་ཀྱང་མ་རྙེད་པའི་ཕྱིར་རོ། །བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་དགེ་སློང་ལྔ་བརྒྱ་ཙམ་ཆོས་ཀྱི་རྣམ་གྲངས་འདི་མ་རྟོགས་ཏེ། སྤངས་ཤིང་འགལ་བར་བྱས་ནས་རང་རང་གི་ལུས་དེ་དག་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྷུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་མ་རྟོགས་ཏེ། སྤངས་ཤིང་འགལ་བར་བྱས་ནས་རང་རང་གི་ལུས་དེ་དག་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྷུང་བར་གྱུར་གྱིས། དེ་ལྟ་བུའི་གནས་ཟབ་མོ་དག་མ་སྟོན་པར་སོ་སོར་རྟོགས་ཏེ་སྟོན་ཅིག་།འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་མ་རྟོག་ཤིག་།གང་སེམས་ཅན་དམྱལ་བར་འགྲོ་བའི་ཆོས་དེ་ལྟ་བུ་འགའ་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་དེ་སྐད་ཅེས་སོ་སོར་རྟོགས་ཏེ་སྟོན་ཅིག་ཅེས་ཟེར་བ་ནི་བཙུན་པ་ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བདག་ཏུ་ལྟ་བ་ལ་རྟེན་པའམ། སེམས་ཅན་དུ་ལྟ་བ་ལ་རྟེན་པའམ། སྲོག་ཏུ་ལྟ་བ་ལ་རྟེན་པའམ། གང་ཟག་ཏུ་ལྟ་བ་ལ་རྟེན་པ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང ། གང་གིས་ཆོས་ཟབ་མོ་ཤེས་པར་དཀའ་བ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འདི་ལྟ་བུ་འདི་ཐོས་ཤིང་ཆོས་སྟོང་པ་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། ཞི་བ་དང ། དབེན་པ་དང ། སྐྱེ་བ་མེད་པ་དང ། སེམས་ཅན་མེད
83.16b
པ་དང ། སྲོག་མེད་པ་དང ། གང་ཟག་མེད་པ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་འདི་ལྟ་བུ་འདི་ཐོས་ནས་སྤངས་ཏེ་སེམས་ཅན་དམྱལ་བ་རྣམས་སུ་ལྷུང་བར་གྱུར་པ་ནི་བཙུན་པ་ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོས་ཟབ་མོ་འདི་ཐོས་ནས་སྤངས་ཏེ་སེམས་ཅན་དམྱལ་བ་རྣམས་སུ་ལྷུང་བ་དེ་ཆེས་མྱུར་བར་དེ་དག་ནས་ལྡང་ཞིང་རྣམ་པར་ཐར་པར་འགྱུར་གྱི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བདག་ཏུ་ལྟ་བ་ལ་རྟེན་པ་ཆོས་འདི་མ་ཐོས་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཐོས་པ་འདི་ནི་སངས་རྒྱས་བྱུང་བ་དང་འདྲའོ། །ཐོས་པ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་འདྲའོ། །ཐོས་པ་འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་འདྲའོ། །ཐོས་པ་འདི་ནི་ཕྱིར་མི་འོང་བའི་འབྲས་བུ་དང་འདྲའོ། །ཐོས་པ་འདི་ནི་དགྲ་བཅོམ་པ་ཉིད་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ལ་རྟེན་པ་དང ། དམིགས་པ་ཅན་ལ་ནི་ཐོབ་པའམ། མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དགེ་སློང་དེ་དག་ནི་སེམས་ཅན་དམྱལ་བ་དེ་དག་ནས་ཆེས་མྱུར་བར་ལྡང་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། འདི་ན་མི་གཏི་མུག་ཅན་དམིགས་པའི་ལྟ་བ་དང་ལྡན་པ། ཐེ་ཚོམ་དུ་གྱུར་པ་གང་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དེ་དག་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་མོད་ཀྱི། དེ་ནི་དེ་དག་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་བ་ཡིན་ཏེ། མྱུར་དུ་རྣམ་པར་ཐར་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཟབ་མོ་དག་མ་ཐོས་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་རིགས་བུ་འམ། རིགས་ཀྱི་བུ་མོ
83.17a
གང་དག་རྣ་བླགས་ཏེ་ཆོས་ཟབ་མོ་འདི་མཉན་ནས་མ་རྟོགས་ཤིང་སྤངས་ཏེ་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་ནི་ཆེས་མྱུར་བར་རྣམ་པར་ཐར་པར་འགྱུར་གྱི་དམིགས་པ་ཅན་ཐེ་ཚོམ་དུ་གྱུར་པ་གཞན་དག་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་བཞེད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཁྱོད་ཚངས་པར་སྤྱོད་པ་མི་ལེན་ཅིང་ཚངས་པར་སྤྱད་པ་སྤྱོད་པར་མི་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ལེན་པར་བྱེད་པ་དེ་ནི་སྤྱོད་པར་བྱེད་ཀྱི་གང་ལེན་པར་མི་བྱེད་པ་དེ་ནི་ཅི་ཡང་སྤྱོད་པར་མི་བྱེད་དོ། །ལྷའི་བུ་གང་ཚངས་པར་སྤྱོད་པ་དམིགས་པར་བྱེད་པ་དེ་ནི་སྤྱོད་པར་བྱེད་ཀྱི་གང་དམིགས་པར་མི་བྱེད་པ་དེ་ནི་ཅི་ཡང་སྤྱོད་པར་མི་བྱེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་ཅི་ཁྱོད་ཚངས་པར་མི་སྤྱོད་ལགས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། ཁོ་བོ་ནི་ཚངས་པར་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ནི་ཚངས་པ་ཡང་མ་ཡིན་ལ་སྤྱོད་པ་ཡང་མ་ཡིན་པས་དེའི་ཕྱིར་ཁོ་བོ་ཚངས་པར་མི་སྤྱོད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་འདི་ལྟ་སྟེ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པས་བསྟན་པ་ལགས་ཏེ། ལེགས་སོ་ལེགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་ཡིན་པར་གྱུར་ན་ནི་དེ་ལྟར་ན་ཐོགས་པར་ཡང་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་བདག་གི་ཡོད་པ་དང ། ཇི་ཙམ་དུ་མངོན་པར་ཞེན་པ་ཡོད་པ་དེ་ཙམ་དུ་ཐོགས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་བློ་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་གལ་ཏེ་ཁྱོད་སེམས་ཅན་ཐམས་ཅད་སྲོག་དང་བྲལ་བར་བྱེད་ཅིང་མཚོན་ཆ་ཡང་ཐོགས་མི་བྱེད།
83.17b
རལ་གྲི་ཡང་མ་ཡིན། བོང་བ་ཡང་མ་ཡིན། དབྱུག་པ་ཡང་ཐོགས་པར་མི་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སེམས་ཅན་སེམས་ཅན་ཞེས་བྱ་བ་ཅི་ཞིག་ཡིན་པར་ཤེས། ལྷའི་བུས་སྨྲས་པ། འཇམ་དཔལ་སེམས་ཅན་སེམས་ཅན་ཞེས་བགྱི་བ་ནི་འདི་ལྟ་སྟེ། མིང་ཙམ་དང ། འཛིན་པའི་འདུ་ཤེས་ཙམ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ལྟ་བས་ན་བདག་ཏུ་འཛིན་པའི་འདུ་ཤེས་བསད་པར་བྱའོ། །སེམས་ཅན་དུ་འཛིན་པའི་འདུ་ཤེས་བསད་པ་བྱའོ། །སྲོག་ཏུ་འཛིན་པའི་འདུ་ཤེས་བསད་པར་བྱའོ། །གང་ཟག་ཏུ་འཛིན་པའི་འདུ་ཤེས་བསད་པར་བྱའོ། །མིང་དུ་འཛིན་པའི་འདུ་ཤེས་བསད་པར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅིས་དགུམ་པར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཤེས་རབ་ཀྱི་མཚོན་གྱིས་བསད་པར་བྱའོ། །ཤེས་རབ་ཀྱི་མཚོན་དེས་ཀྱང་ཅི་ནས་ཀྱང་འཛིན་པ་མེད་པ་དང ། གཅོད་པ་མེད་པ་དེ་ལྟར་གཟུང་བར་བྱ་ཞིང་དེ་ལྟར་གསད་པར་བྱའོ། །ལྷའི་བུ་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་གང་གིས་བདག་གི་འདུ་ཤེས་དང ། སེམས་ཅན་གྱི་འདུ་ཤེས་གསད་པ་དེས་སེམས་ཅན་ཐམས་ཅད་གསད་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་བློས་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་གལ་ཏེ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་འཇུག་ཅིང་ནག་པོའི་ཕྱོགས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་དཀར་པོའི་ཕྱོགས་ཐམས་ཅད་ཡང་དག་པར་བླངས་ཏེ་འཇུག་པར་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ནག་པོའི་ཕྱོགས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེས་དེ་མཉམ་པ་ཉིད་ཡིན་པས་མཉམ་པ་ཉིད་དུ་འཇུག་པར་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ། །
83.18a
ལྷའི་བུ་འདི་ཇི་སྙམ་དུ་སེམས། ནག་པོའི་ཕྱོགས་ཀྱི་མཉམ་པ་ཉིད་གང་ཡིན་སྙམ། ལྷའི་བུས་སྨྲས་པ། འཇམ་དཔལ་བྱ་བ་མ་མཆིས་པ་དང ། ལྷག་པར་བྱ་བ་མི་བགྱིད་པ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དཀར་པོའི་ཕྱོགས་ཞེས་བྱ་བ་གང་ཡིན་སྙམ། ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་དང ། རྣམ་པར་ཐར་པའི་སྒོ་གསུམ་སྟེ། དེ་ནི་དཀར་པོའི་ཕྱོགས་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཆོས་ཀྱི་དབྱིངས་ཀྱིས་སྒྲིབ་པར་ནུས་སམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེའི་ཕྱིར་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས་གལ་ཏེ་ཁྱོད་ནག་པོའི་ཕྱོགས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་དཀར་པོའི་ཕྱོགས་ཐམས་ཅད་ཡང་དག་པར་བླངས་ཏེ་འཇུག་པར་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ་ཞེས་སྟོན་ཏོ། །གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་བློས་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་གལ་ཏེ་ཁྱོད་གསད་པ་དང་པོ་ཕྱིར་ཕྱུང་པ་དེའི་མགོ་ལ་མཚོན་གྱིས་འདེབས་པར་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དེ། ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟན། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བསད་པ་གསད་པ་ཞེས་བྱ་བ་དེ་གང་ཞེ་ན། ལྷའི་བུ་འདོད་ཆགས་ནི་བསད་པ་ཞེས་བྱའོ། །ཞེས་སྡང་དང ། གཏི་མུག་ནི་གསད་པ་ཞེས་བྱའོ། །ང་རྒྱལ་དང ། ཁྲོ་བ་དང ། འཆབ་པ་དང ། ཕྲག་དོག་དང ། སྒྱུ་དང ། གཡོ་དང ། སེར་སྣ་དང ། ལྷག་པར་འཛིན་པ་དང ། མཚན་མ་དང ། ཉེ་བར་ལེན་པ་དང ། འདུ་ཤེས་དང ། ཚོར་བ་ནི་གསད་པ་ཞེས་བྱ་སྟེ། ལྷའི་བུ་དེ་དག་ནི་གསད་པ་ཡིན་པར་གསུངས་སོ། །ལྷའི་བུ་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་གང་འདོད་ཆགས་ཀྱི་སེམས་སྐྱེས་པ་སེལ་བར་བྱེད། ཞི་བར་བྱེད། རབ་ཏུ་ཞི་བར་བྱེད་པ་དེ་ལ་ནི་སྟོང་པར་སྣང་བས་མི་སྡུག་པ་ལ་འཇུག་པར་
83.18b
མི་བྱེད་པར་སེམས་འདི་གང་ལས་སྐྱེས། གང་དུ་འགག་།ཡུལ་གང་ལ་ཆགས་པར་འགྱུར། གང་གིས་ཆགས་པར་འགྱུར་ཞེས་འདོད་ཆགས་ཀྱི་སེམས་དེ་ཉིད་ཀྱི་འབྱུང་བ་དང་འཇིག་པ་ལ་སོ་སོར་རྟོག་པར་བྱེད་དེ། དེ་དེ་ལྟར་སོ་སོར་རྟོག་པར་བྱེད་པ་ན་འདོད་ཆགས་ཀྱང་མི་དམིགས། གང་ལ་ཆགས་པར་འགྱུར་བ་དང ། གང་གིས་ཆགས་པར་འགྱུར་བ་དེ་ཡང་མི་དམིགས་སོ། །གང་གི་ཚེ་མི་དམིགས་པ་དེའི་ཚེ་མི་ལེན་ཏོ། །གང་གི་ཚེ་མི་ལེན་པ་དེའི་ཚེ་མི་འདོར་བ་དེའི་ཚེ་མི་འཛིན་མི་སྤོང་སྟེ། དེ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེ་སྡང་དང ། གཏི་མུག་དང ། ང་རྒྱལ་དང ། ཁྲོ་བ་དང ། འཆབ་པ་དང ། ཕྲག་དོག་དང ། སྒྱུ་དང ། གཡོ་དང ། སེར་སྣ་དང ། ལྷག་པར་འཛིན་པ་དང ། མཚན་མ་དང ། ཉེ་བར་ལེན་པ་དང ། འདུ་ཤེས་དང ། ཚོར་བའི་སེམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ལྷའི་བུ་གང་གསད་པ་དེ་ལྟ་བུ་སྐྱེས་མ་ཐག་ཏུ་གསོད་པར་བྱེད་པ་དེ་ནི་གསད་པ་དང་པོའི་ཕྱིར་ཕྱུང་བ་དེའི་མགོ་ལ་མཚོན་གྱིས་འདེབས་པ་ཞེས་བྱ་སྟེ། དེའི་ཕྱིར་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས་སྟོན་ཏོ། །གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་བློས་གྲོས་རབ་གནས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་གལ་ཏེ་ཁྱོད་སངས་རྒྱས་མཉེས་པར་མི་བྱེད། ཆོས་མཉེས་པར་མི་བྱེད། དགེ་འདུན་མཉེས་པར་མི་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་སངས་རྒྱས་ཞེས་བྱ་བ་ཅི་ཞིག་ཡིན་པར་ཤེས། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་ཉིད་དང ། ཆོས་ཀྱི་དབྱིངས་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་དང ། ཆོས་ཀྱི་དབྱིངས་མཉེས་པར་བྱར་ནུས་སྙམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས་གལ་ཏེ་ཁྱོད་སངས་རྒྱས
83.19a
མཉེས་པར་མི་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ་ཞེས་སྟོན་ཏོ། །ལྷའི་བུ་ཆོས་ཆོས་ཤེས་བྱ་བ་ཅི་ཞིག་ཡིན་པར་ཤེས། ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཤེས་བགྱི་བ་ནི་འདོད་ཆགས་དང་བྲལ་བ་ཉིད་དང ། ཆོས་ཉིད་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། འདོད་ཆགས་དང་བྲལ་བ་ཉིད་དང ། ཆོས་ཉིད་མཉེས་པར་བྱར་ནུས་སྙམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས་གལ་ཏེ་ཁྱོད་ཆོས་མཉེས་པར་མི་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ་ཞེས་སྟོན་ཏོ། །ལྷའི་བུ་དགེ་འདུན་དགེ་འདུན་ཞེས་བྱ་བ་ཅི་ཞིག་ཡིན་པར་ཤེས། ལྷའི་བུས་སྨྲས་པ། འཇམ་དཔལ་འཕགས་པ་ཉན་ཐོས་རྣམས་ནི་འདུས་མ་བགྱིས་ཀྱིས་རབ་ཏུ་ཕྱེ་བ་ལགས་པས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་འདུས་མ་བགྱིས་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། འདུས་མ་བྱས་མཉེས་པར་བྱར་ནུས་སྙམ་འམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་དེ་ལས་བསམས་ནས་དེ་སྐད་ཅེས་གལ་ཏེ་ཁྱོད་དགེ་འདུན་མཉེས་པར་མ་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ་ཞེས་སྟོན་ཏོ། །ལྷའི་བུ་གཞན་ཡང་གང་སངས་རྒྱས་སུ་དམིགས་པ་དེ་ནི་སངས་རྒྱས་མཉེས་པར་བྱེད་དོ། །གང་ཆོས་སུ་དམིགས་པ་དེ་ནི་ཆོས་མཉེས་པར་བྱེད་དོ། །གང་དགེ་འདུན་དུ་དམིགས་པ་དེ་ནི་དགེ་འདུན་མཉེས་པར་བྱེད་དོ། །ལྷའི་བུ་གང་སངས་རྒྱས་སུ་མི་དམིགས་པ་དང ། ཆོས་སུ་མི་དམིགས་པ་དང ། དགེ་འདུན་དུ་མི་དམིགས་པ་དེས་ནི་སངས་རྒྱས་མཉེས་པར་མ་བྱས་དེས་ནི་ཆོས་མཉེས་པར་མ་བྱས། དེས་ནི་དགེ་འདུན་མཉེས་པར་མ་བྱས་པ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་དེ་དག་མ་དམིགས་པས་ན་དེས་མཉེས་པར་མ་བྱས་པའི་ཕྱིར་རོ། །ལྷའི་བུ་གཞན
83.19b
ཡང་གང་དག་སངས་རྒྱས་ལ་ཆགས་པ་དང ། ཆོས་ལ་ཆགས་པ་དང ། དགེ་འདུན་ལ་ཆགས་པ་དེ་དག་གིས་སངས་རྒྱས་མཉེས་པར་བྱས། ཆོས་མཉེས་པར་བྱས། དགེ་འདུན་མཉེས་པར་བྱས་པ་ཡིན་ནོ། །གང་དག་གིས་སངས་རྒྱས་མི་དམིགས་པ་དེ་དག་ནི་སངས་རྒྱས་ལ་ཆགས་པ་མེད་པས་དེ་དག་གིས་སངས་རྒྱས་མཉེས་པར་མ་བྱས་པ་ཡིན་ནོ། །གང་དག་གིས་ཆོས་མ་དམིགས་པ་དེ་དག་ནི་ཆོས་ལ་ཆགས་པ་མེད་པས་དེ་དག་གིས་ཆོས་མཉེས་པར་མ་བྱས་པ་ཡིན་ནོ། །གང་དག་གིས་དགེ་འདུན་མ་དམིགས་པ་དེ་དག་ནི་དགེ་འདུན་ལ་ཆགས་པ་མེད་པས་དེ་དག་གིས་དགེ་འདུན་མཉེས་པར་མ་བྱས་པ་ཡིན་ནོ། །ལྷའི་བུ་མཉེས་པར་མ་བྱས་པ་མཉེས་པར་མ་བྱས་པ་ཞེས་བྱ་བ་དེ་ནི་འདོད་ཆགས་དང་བྲལ་བའི་གནས་ཡིན་ནོ། །དེ་ནི་ཀུན་དུ་སྦྱོར་བ་དང་བྲལ་བའི་གནས་ཡིན་ནོ། །དེ་ནི་རྣམ་པར་བཤིག་པའི་གནས་ཡིན་ནོ། །དེ་ནི་སེམས་དང་བྲལ་བའི་གནས་ཡིན་ནོ། །དེ་ནི་མ་བྱུང་བའི་གནས་ཡིན་ནོ། །དེ་ནི་རྣམ་པར་ངེས་པའི་གནས་ཡིན་ནོ། །དེ་ནི་ཡིད་བྱུང་བར་མ་བྱས་པའི་གནས་ཡིན་པས་དེའི་ཕྱིར་མཉེས་པར་མ་བྱས་པ་ཞེས་བྱ་སྟེ། ལྷའི་བུ་དེའི་ཕྱིར་ཁོ་བོ་ནི་དེ་ལས་བསམས་ནས་འདི་སྐད་ཅེས་གལ་ཏེ་ཁྱོད་སངས་རྒྱས་དང ། ཆོས་དང ། དགེ་འདུན་མཉེས་པར་མི་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པ་མཚུངས་པར་སྤྱོད་འདོད་དོ་ཞེས་སྟོན་ཏོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཇི་ཙམ་དུ་ཁྱོད་ཟབ་མོའི་གནས་དག་སྟོན་པར་མཛད་པ་ནི་ངོ་མཚར་ཏེ། བདག་ཅག་གིས་ཁྱོད་ལ་བགྱིས་པ་གཟོ་བར་བགྱིའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁྱོད་བྱས་པ་གཟོ་བར་མ་བྱེད་ཅིག་།ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་ཅི་བགྱིས་པ་མི་གཟོ་བར་བགྱི་འམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། ལྷའི་བུ་ཁྱོད་བྱས་པ་མི་གཟོ་བར་བྱོས་ལ་བྱས་པ་གཟོ་བར་མ་བྱེད་ཅིག་།ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ཁྱོད་བགྱིས་པ་མི་གཟོ་བ་ལགས་སམ།
83.20a
འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། ཁོ་བོ་ནི་བྱས་པ་མི་གཟོ་བ་ཡིན་གྱི་བྱས་པ་གཟོ་བ་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱིས་པ་རྣམས་ནི་རྣམ་པ་གཞན་དང་གཞན་དག་བྱེད་པས་ན་བྱིས་པ་རྣམས་ནི་གཞན་དང་གཞན་དག་གི་བྱེད་པ་པོ་སྟེ། གང་གི་ཕྱིར་ལྟ་བའི་རྣམ་པ་གཞན་དང་གཞན་དག་བྱེད་པ་དེའི་ཕྱིར་དེ་དག་ནི་བྱས་པ་གཟོ་བ་ཞེས་བྱའོ། །ལྷའི་བུ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དག་ནི་བྱ་བའམ། མི་བྱ་བ་གང་ཡང་མི་བྱེད་དེ། གང་གི་ཚེ་མི་བྱེད་པ་དེའི་ཕྱིར་དེ་དག་ནི་བྱས་པ་མི་གཟོ་བ་ཞེས་བྱའོ། །ཇི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ། བྱེད་པ་མེད་པ། ལྷག་པར་བྱེད་པ་མེད་པ་སྟེ། མཉམ་པ་ཉིད་ལས་ཀྱང་མི་འདའ་ལ་གཞན་ལེན་པར་ཡང་མི་བྱེད། བྱ་བ་གཞན་ཡང་མི་བྱེད་པས་མཉམ་པ་ཉིད་ཡིན་ནོ་ཞེས་གསུངས་པས་ན་དེའི་ཕྱིར་བྱས་པ་མི་གཟོ་བ་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་བཟོད་པའམ། འོན་ཏེ་ཆོས་ཉིད་དམ། གང་ལ་གནས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བཟོད་པ་ལ་ཡང་མ་ཡིན། ཆོས་ཉིད་ལ་ཡང་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་ཁྱོད་གང་ལ་གནས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྒྱུ་མའི་སྐྱེས་བུའི་ལུས་གང་ལ་གནས་པ་ལའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སྒྱུ་མའི་སྐྱེ་བུའི་ལུས་གང་ལ་གནས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྒྱུ་མའི་སྐྱེས་བུའི་ལུས་ནི་དེ་བཞིན་ཉིད་གང་ལ་གནས་པ་དེ་ལ་གནས་སོ། །ལྷའི་བུ་གཞན་ཡང་དེ་སྐད་ཅེས་ཁྱོད་བཟོད་པའམ། །འོན་ཏེ་ཆོས་ཉིད་དམ། གང་ལ་གནས་ཏེ་དེ་སྐད་སྟོན་ཅེས་ཟེར་བ་ནི་ལྷའི་བུ་བཟོད་པ་ཞེས་བྱ་བ་ནི་མིང་ཙམ་སྟེ། མིང་ལ་ནི་གནས་པར་མི་ནུས་སོ། །ཆོས་ཉིད་ཀྱང་འགྱུར་བ་མེད་ཅིང་རྟོག་པ་མེད་པ་སྟེ། དེ་ལ་ཡང་གནས་མེད་དོ། །ལྷའི་བུ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད
83.20b
གང་ལ་གནས་ཏེ་སྟོན་པར་བྱེད་པ་དེ་ཉིད་ལ་བཞུགས་ཏེ་སྟོན་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ལ་བཞུགས་ཏེ་སྟོན་ལ། སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་ཉིད་ལས་མི་གཡོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དགེ་སྦྱོང་དང་བྲམ་ཟེ་ཞེས་བགྱི་ན་ཅི་ཙམ་གྱིས་ན་དགེ་སྦྱོང་དང་བྲམ་ཟེ་ཞེས་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དགེ་སྦྱོང་ཡང་མ་ཡིན། བྲམ་ཟེ་ཡང་མ་ཡིན་པ་དེ་ནི་དགེ་སྦྱོང་དང་དགེ་དང་བྲམ་ཟེ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་གང་འདོད་པའི་ཁམས་ལ་ཡང་མི་ཆགས། གཟུགས་དང ། གཟུགས་མེད་པའི་ཁམས་ལ་ཡང་མི་ཆགས་པ་དེ་ནི་དགེ་སྦྱོང་ཡིན་ནོ་ཞེས་ཁོ་བོ་སྨྲ་ཞིང་ལྷའི་བུ་གང་མིག་ལས་མི་འཛག་།རྣ་བ་ལས་མི་འཛག་།སྣ་ལས་མི་འཛག་།ལྕེ་ལས་མི་འཛག་།ལུས་ལས་མི་འཛག་།ཡིད་ལས་མི་འཛག་པ་དེ་ནི་དགེ་སྦྱོང་ཡིན་ནོ་ཞེས་ཁོ་བོ་སྨྲ་ལ། ལྷའི་བུ་གང་ལ་གནས་པ་མེད་ཅིང་གནས་པར་གདགས་པ་མེད་པ་དང ། ཀུན་ཏུ་གནས་པ་མེད་ཅིང་ཀུན་ཏུ་གནས་པར་གདགས་པ་མེད་པ་དེ་ནི་དགེ་སྦྱོང་ཡིན་ནོ་ཞེས་ཁོ་བོ་སྨྲ་བའི་ཕྱིར་དང ། ལྷའི་བུ་གང་ལས་ཀྱང་མི་འོང ། གང་དུ་ཡང་མི་འགྲོ་ལ། རྨ་མེད་ཅིང་རྨ་དང་བྲལ་བ་དེ་ནི་བྲམ་ཟེ་ཡིན་ནོ་ཞེས་ཁོ་བོ་སྨྲ་བའི་ཕྱིར་རོ། །གང་དགེ་སྦྱོང་ཡང་མ་ཡིན། བྲམ་ཟེ་ཡང་མ་ཡིན་པ་དེ་ནི་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བའི་ཚིག་དེའི་བསྟན་པ་ནི་དེ་ཡིན་ནོ། །དེ་ནས་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་སྒོམ་པ། མངོན་པར་ཤེས་པ་ལྔ་ཐོབ་པ་ལྔ་ཞིག་འདུས་པར་གྱུར་པ་དེ་དག་ད་དུང་བཟོད་པ་ཐོབ་པ་མ་ཡིན་པས་གནས་ཤིང་སྙོམས་པར་འཇུག་པར་བྱེད། གནས་ཤིང་རྣམ་པར་ལྡང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པའི་སྔོན་གྱི
83.21a
གནས་རྗེས་སུ་དྲན་ཞིང་དེ་དག་ལ་ལས་ཀྱི་རྣམ་པར་སྨིན་པ་དེའི་ལས་ཀྱི་ལྷག་མ་ཡོད་པས་དེ་དག་སེམས་ཡོངས་སུ་གདུང་བ་དེས་ཆོས་ཟབ་མོ་དག་ལ་མི་བཟོད་ཅིང་བདག་ཉིད་ལ་རྟེན་ཅིང་རྣམ་པར་རྟོག་པ་ཁོ་ནར་བྱེད་དེ། དེ་དག་གིས་འདི་ལྟ་སྟེ། ཆོས་ལ་བཟོད་པ་མ་ཐོབ་པས་ཀུན་ནས་ལྡང་བ་དེ་རྣམ་པར་གནོན་པར་མ་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་གདུལ་བའི་དབང་གི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་བསྡུ་བ་མཛད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ལག་པ་གཡས་པས་རལ་གྲི་བླངས་ཏེ་ལེགས་པར་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ད་ནི་བསད་ཟིན་ཅིང་ལེགས་པར་བསད་ཟིན་ཀྱིས་ཐོང་ཤིག་།དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སྐྱེ་བུ་གང་དག་གིས་གང་གི་ཚེ་བསད་དོ་སྙམ་པའི་སེམས་སྐྱེད་པར་བྱེད་པའི་སེམས་སྐྱེས་པ་དེའི་ཚེ་དེ་དག་གིས་ཡུན་རིང་པོ་ནས་བསད་ཟིན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་ནི་འགའ་ཡང་མེད་དོ། །འདི་ལ་ཕ་ཡང་མེད། མ་ཡང་མེད། སངས་རྒྱས་ཀྱང་མེད། ཆོས་ཀྱང་མེད། དགེ་འདུན་ཡང་མེད་དོ། །འདི་ལ་གང་མཚམས་མེད་པ་བྱེད་པར་འགྱུར་བ་ཡང་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་མཁས་པ། འཛངས་པ། ཡིད་གཞུངས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། བསྔགས་པ། ཟབ་མོ་ལ་བཟོད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། ཆོས་ཐམས་རབ་ཏུ་འབྱེད་པའི
83.21b
ཤེས་པ་ལ་མཁས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། ཡང་དག་པར་སྨྲ་བ། དེ་བཞིན་གཤེགས་པ་ལ་གུས་པ་དང་བཅས་པ་ཡིན་ན་དེ་མཚོན་རྣོན་པོ་ཐོགས་ཏེ། དེ་བཞིན་གཤེགས་པ་ག་ལ་བ་དེར་རྒྱུག་ཅིང ། དེ་བཞིན་གཤེགས་པ་ཡང་དེ་སྐད་ཅེས་འཇམ་དཔལ་ད་ནི་བསད་ཟིན་ཅིང་ལེགས་པར་བསད་ཟིན་ཀྱིས་ཐོང་ཤིག་ཅེས་གསུངས་པའི་ཕྱིར་ཏེ། གལ་ཏེ་འདི་ལ་སངས་རྒྱས་ཞེས་བྱ་བ་དང ། ཆོས་ཞེས་བྱ་བ་དང ། དགེ་འདུན་ཞེས་བྱ་བ་དང ། ཕ་ཞེས་བྱ་བ་དང ། མ་ཞེས་བྱ་བ་དང ། དགྲ་བཅོམ་པ་ཞེས་བྱ་བའི་ཆོས་ཐེར་ཟུག་ཏུ་གནས་པ་འགའ་ཞིག་ཡོངས་སུ་གྲུབ་པར་གྱུར་ན་ནི་མཚམས་མེད་པ་འཛིན་པ་དེ་ལ་ངེས་པར་འབྱུང་བ་ཡང་ཡོད་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་ཆོས་དེ་དག་ནི་མེད་པ་ལོག་པ། ཡང་དག་པ་མ་ཡིན་པར་བཟུང་བ། སྟོང་པ་སྒྱུ་མ་ལྟ་བུ་ཡིན་པས་དེའི་ཕྱིར་འདི་ལ་གང་བྱེད་པར་འགྱུར་བ་འམ། གང་ལ་བྱེད་པར་འགྱུར་བའི་བྱེད་པ་འགའ་ཡང་མེད་དོ་སྙམ་མོ། །བྱང་ཆུབ་སེམས་དཔའ་ལྔ་པོ་དེ་དག་གིས་དེ་ལྟར་ཤེས་པ་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ནས། དེ་དག་དགའ་བ་དང ། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། མངོན་པར་འཕགས་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །ཡོངས་སུ་རྟོགས་པས་ཀུན་ནས་བསྐྱེད། །འདི་ལ་གྲུབ་པ་མ་མཆིས་ཏེ། །ཆོས་འདི་ཐམས་ཅད་སྟོང་པ་ལགས། །བདག་ཏུ་འདུ་ཤེས་རྨོངས་པ་རྣམས། །ལོག་པར་ཡོངས་སུ་རྟོག་པར་བགྱིད། །སྔོན་གྱི་མཐར་ནི་མི་བཟད་པའི། །སུག་ལས་བགྱིས་པ་དེ་ཡང་དྲན། །ཚེ་རབས་སྔ་མ་རྣམས་སུ་ནི། །ཕ་མ་སྦྱིན་གནས་བཀུམ་གྱུར་ཅིང ། །དགེ་སློང་དགྲ་བཅོམ་བཀུམ་པ་ཡི། །ཤིན་ཏུ་མི་བཟད་སུག་ལས་བགྱིས། །སུག་ལས་དེ་ཡི་རྣམ་སྨིན་གྱིས། །སྡུག་བསྔལ་ཚོར་བ་མྱོང་གྱུར་ཅིང ། །འགྱོད་པ་སྐྱེས་པར་གྱུར་པ་ནི། །ཆོས་ཐོས་པས་ནི་རྣམ་དག་གྱུར། །གྲགས་ཆེན་ཟུག་རྔུ་འབྱིན་པ་ཡིས། །བདག་ཅག་འགྱོད་པ་བསལ་མཛད་པས། །གང་ལ་ཉོན་མོངས་མ་མཆིས་པའི། །ཆོས་དབྱིངས
83.22a
རྗེས་སུ་རྟོགས་པར་གྱུར། །སངས་རྒྱས་ཐབས་ལ་མཁས་པ་སྟེ། །ཐུབ་པ་ཐབས་ཀྱི་མཁྱེན་པ་མངའ། །ཐབས་དེས་སེམས་ཅན་ཐམས་ཅད་ཀྱི། །འགྱོད་པ་དག་ནི་རྣམ་པར་བསལ། །ཆོས་རྣམས་རང་བཞིན་སྟོང་པས་ན། །འདི་ལ་སངས་རྒྱས་ཆོས་དང་ཡང ། །དགེ་འདུན་མི་དམིགས་འདི་ལ་ནི། །ཕ་མ་མ་མཆིས་དགྲ་བཅོམ་མིན། །འདི་ལ་དགུམ་པ་མ་མཆིས་ཏེ། །འགུམ་པ་འགའ་ཡང་མ་མཆིས་ལགས། །མཉམ་ཉིད་ཇི་བཞིན་འབྱུང་བ་སྟེ། །དེ་ནི་ཆོས་རྣམས་མཚན་ཉིད་ལགས། །འཇམ་དབྱངས་ཤེས་རབ་ཆེན་པོ་པ། །ཆོས་རྣམས་ཕ་རོལ་ཕྱིན་པ་ཡིས། །མཚོན་ཆ་རྣོན་པོ་ཐོགས་ནས་ནི། །སངས་རྒྱས་ག་ལ་བཞུགས་པར་བརྒྱུགས། །སངས་རྒྱས་ཇི་བཞིན་མཚོན་དེ་བཞིན། །དེ་དག་གཉིས་ཀ་མཚན་ཉིད་གཅིག་།མི་སྐྱེ་འབྱུང་བ་མ་མཆིས་ཏེ། །འདི་ལ་འགུམ་པ་འགའ་མ་མཆིས། །མཚོན་ཐོགས་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་ས་ཆེན་པོ་གཡོས་པ་ཡང་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ལ་རང་རང་གི་བསྙེན་བཀུར་བ་དེ་དག་གིས་ཞུས་པ། བཅོམ་ལྡན་འདས་གང་གིས་དོག་ས་ཆེན་པོ་གཡོས་པ་འདི་ལྟ་བུ་འདི་འཇིག་རྟེན་དུ་བྱུང་བ་འདི་སུའི་མཐུ་ལགས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཆོས་སྟོན་ཏོ། །འཇིག་རྟེན་གྱི་ཁམས་མི་མཇེད་དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞིག་འདུག་པ་དེས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གཞན་དག་གདུལ་བའི་དབང་གི་ཕྱིར་ཤེས་རབ
83.22b
ཀྱི་རལ་གྲིའི་མཚོན་རྣོན་པོ་ཐོགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ག་ལ་བ་དེ་ལོགས་སུ་བརྒྱུགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཤེས་རབ་ཀྱི་མཚོན་ལས་བརྩམས་ཏེ། ཅི་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་མིག་རྣམ་པར་དག་པ་དང ། སེམས་རྣམ་པར་གྲོལ་བ་དང ། བཟོད་པ་སྐྱེས་པ་དང ། བྱང་ཆུབ་ལ་ཞུགས་པར་གྱུར་པ་དེ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་འཁོར་དེ་ན་སེམས་ཅན་ལས་དང་པོ་པ་དགེ་བའི་རྩ་བ་ཆུང་བ་རྣམ་པར་རྟོག་པ་མེད་པ་གང་དག་འཁོད་པ་དེ་དག་གིས་མཚོན་དེ་མི་མཐོང་ཞིང་ཆོས་བསྟན་པ་དེ་ཡང་མི་ཐོས་པ་དེ་ལྟར་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་སོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་སྟོན་པ་བགྲོངས་པའི་ཕྱིར་བརྟུལ་པའི་ལས་མི་བཟད་པ་མངོན་པར་འདུས་བྱས་པ་དེ་ཁྱོད་ལ་གང་དུ་རྣམ་པར་སྨིན་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཁོ་བོས་ལས་མི་བཟད་པ་དེ་ལྟ་བུ་ནི་བྱས་ན་དེ་གང་དུ་རྣམ་པར་སྨིན་པར་འགྱུར་བའི་གནས་ནི་མི་ཤེས་སོ། །བཙུན་པ་ཤཱ་རིའི་བུ་དེ་ལྟ་མོད་ཀྱི་སྒྱུ་མའི་སྐྱེས་བུའི་ལས་གང་དུ་རྣམ་པར་སྨིན་པར་འགྱུར་བ་དེར་ཁོ་བོའི་ཡང་རྣམ་པར་སྨིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ་སྒྱུ་མའི་སྐྱེ་བུ་ཡང་མ་རྟོག་རྣམ་པར་མི་རྟོག་ལ། ཆོས་ཐམས་ཅད་ཀྱང་མི་རྟོག་རྣམ་པར་མི་རྟོག་པའི་ཕྱིར་རོ། །བཙུན་པ་ཤཱ་རིའི་བུ་འདི་ལྟར་དེ་བཙུན་པ་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་སྟོན་ཅིག་།བཙུན་པ་མཚོན་དམིགས་སུ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ ། བཙུན་པ་ལས་དམིགས་སུ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རྣམ་པར་སྨིན་པ་དམིགས་སུ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ
83.23a
དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་མཚོན་ཡང་མེད། ལས་ཀྱང་མེད། རྣམ་པར་སྨིན་པ་ཡང་མེད་ན་འོ་ན་ལས་དེ་གང་དུ་རྣམ་པར་སྨིན་པར་འགྱུར། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་བསམ་པ་དེས་བསྟན་པ་ལྟར་ན་ལས་དེ་ནི་གང་དུ་ཡང་རྣམ་པར་སྨིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལས་མེད་པ། རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཅི་ནས་ཀྱང་བདག་ཅག་གི་སངས་རྒྱས་ཀྱི་ཞིང་དག་ཏུ་མཆི་ཞིང་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཆོས་སྟོན་པར་འགྱུར་བ་དེ་ལྟར་ཐུགས་སྤྲོ་བར་མཛད་དུ་གསོལ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱེད་ཅག་ཇེ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་ལྟོས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཕྱོགས་བཅུ་ཀུན་གྱི་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བལྟས་སོ། །བལྟས་པ་ན་ཕྱོགས་བཅུ་ཀུན་གྱི་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་སྒྲ་སྙན་པ་ཡང་ཐོས། འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔ་ན་འདུག་ཅིང་ལྷའི་བུ་བློ་གྲོས་རབ་གནས་ཆོས་ཀྱི་རྣམ་གྲངས་འདི་ཉིད་འདྲི་བ་ལ་ཆོས་སྟོན་པ་དང ། དེ་དག་ཏུ་བྱང་ཆུབ་སེམས་དཔའ་འདུས་པ་དེ་སྙེད་དང ། ལྷའི་བུ་འདུས་པ་དེ་སྙེད་ཀྱང་མཐོང་ངོ ། །མཐོང་བས་ཀྱང་འདི་སྙམ་དུ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེ་ལྟར་སངས་རྒྱས་ཀྱི་ཞིང་འདི་ནས་ཀྱང་མི་གཡོ་ལ། ཐམས་ཅད་དུ་ཡང་བཞིན་ཉེ་བར་སྟོན་པ་ནི་ངོ་མཚར་ཏོ། །ངོ་མཚར་ཏོ་སྙམ་དུ་ངོ་མཚར་དང་ལྡན་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན
83.23b
སྒྱུ་མ་མཁན་ནི་སྒྱུ་མ་ཤིན་ཏུ་བསླབས་པའི་ཕྱིར་སྟན་ལས་ཀྱང་མི་གཡོ་ལ། གཟུགས་རྣམ་པ་སྣ་ཚོགས་དག་ཀྱང་སྟོན་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ལེགས་པར་བསླབས་པ་ཡང་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་སངས་རྒྱས་ཀྱི་ཞིང་ཇི་སྙེད་དུ་བཞིན་ཉེ་བར་སྟོན་པར་འདོད་པ་དེ་སྙེད་དུ་སྤྲུལ་པ་དག་སྤྲུལ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་འདི་སྒྱུ་མ་ལྟ་བུར་རིག་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་སངས་རྒྱས་འབྱུང་བ་དང་འདྲའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་འདྲའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་འདྲའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུ་དང་འདྲའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་དགྲ་བཅོམ་པ་ཉིད་དང་འདྲ་སྟེ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཤིང་ཡིད་ཆེས་པ་དང ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་གང་ཡིན་པ་དེ་ནི་འདྲ་བ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ལགས་སྟེ། དེ་ནི་སྟོང་པ་ཉིད་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་མཚན་མ་མ་མཆིས་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་སྨོན་པ་མ་མཆིས་པ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་ཆོས་ཀྱི་དབྱིངས་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་ཡང་དག་པའི་མཐའ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་མཉམ་པ་ཉིད་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནི་དབེན་པ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་དེ་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་ཀྱང་མ་འོངས་པའི་དུས་ལྔ་བརྒྱ་ཐ་མར་གྱུར་པ་ན་སྤྱོད་པར་འགྱུར་ཞིང ། རིགས་ཀྱི་བུ་དང ། རིགས་ཀྱི
83.24a
བུ་མོ་དག་གི་རྣ་ལམ་དུ་གྲག་པར་འགྱུར་བ་དེ་ལྟར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང་མི་རྣམས་ཀྱི་རོལ་མོའི་སྒྲ་གང་ཇི་སྙེད་པ་དེ་དག་ཐམས་ཅད་མ་དཀྲོལ་བར་སྒྲ་གྲག་ཅིང་ཤིང་ལྗོན་པ་ཐམས་ཅད་ལས་ཀྱང་མེ་ཏོག་སྣ་ཚོགས་དག་རབ་ཏུ་རྒྱས་ཤིང་ལྷགས་པར་གྱུར་ཏོ། །རྫིང་བུ་དག་ནས་ཀྱང་པད་མ་མང་པོ་དག་རབ་ཏུ་འཐོན་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས་ཉི་མ་དང་ཟླ་བ་འདི་དག་ཀྱང་མི་སྣང་བར་གྱུར་ཏོ། །ལྷ་བྱེ་བ་འབུམ་ཕྲག་མང་པོ་དག་ཀྱང་དགའ་ཞིང་མགུ་ལ་ཡི་རངས་ཏེ། སྟེང་གི་བར་སྣང་ལ་འཁོད་ནས་མེ་ཏོག་གི་ཆར་དག་མངོན་པར་རབ་ཏུ་འབེབས་ཤིང་ཕྱེ་མ་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པའི་ཆར་དག་ཀྱང་མངོན་པར་རབ་ཏུ་འབེབས་སོ། །སིལ་སྙེན་དག་ཀྱང་རབ་ཏུ་གསིལ་ཞིང་ལྷའི་གླུ་དབྱངས་མང་པོ་དག་ཀྱང་བསྒྲགས་ནས་ཐམས་ཅད་ཀྱིས་ཀྱང་ཐལ་མོ་སྦྱར་བ་བཏུད་དེ་ཁ་འཐུན་པར་ཚིག་འདི་སྐད་ཅེས་ཨ་ལ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པའི་ཆོས། ཨ་ལ་ལ་ཆོས། ཨ་ལ་ལ་ཆོས། འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་ཡང་མཐོང་ངོ ། །སེམས་ཅན་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང ། ཐོས་ནས་ཀྱང་མོས་པར་འགྱུར་བ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ནོ། །གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྐྲག་པར་མི་འགྱུར་བ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། ཟབ་མོ་ལ་བཟོད་པ་ཡིན་ནོ་ཞེས་ཀྱང་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པའི་སླད་དུ་སྔ་ལྟས་འདི་དག་བྱུང་བ་ལགས་ན། དེ་ནི་མ་འོངས་པའི་དུས་ན་སྤྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི
83.24b
བྱིན་གྱིས་བརླབ་པའི་ཕྱིར་སྔ་ལྟས་འདི་དག་བྱུང་བ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདེན་པའི་བྱིན་གྱི་བརླབས་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བདེན་པ་དང་བདེན་པའི་ཚིག་གང་གིས་རྣམ་པར་ཐར་པའི་སྒོ་གསུམ་ལ་བརྟེན་ནས་རྣམ་པར་གྲོལ་བའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག་།འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་མ་མཆིས་པ་དང ། སེམས་ཅན་མ་མཆིས་པ་དང ། སྲོག་མ་མཆིས་པ་དང ། གང་ཟག་མ་མཆིས་པ་དང ། ཤེད་ལས་སྐྱེས་མ་མཆིས་པ་དང ། ཤེད་བུ་མ་མཆིས་པ་དང ། ཀུན་ནས་ཉོན་མོངས་པ་མ་མཆིས་དང ། རྣམ་པར་བྱང་པ་མ་མཆིས་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག་།བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་འདོད་ཆགས་མ་མཆིས་པ་དང ། ཞེ་སྡང་མ་མཆིས་པ་དང ། གཏི་མུག་མ་མཆིས་པ་དང ། མིང་མ་མཆིས་པ་དང ། གཟུགས་མ་མཆིས་པ་དང ། སྒྱུ་མ་མཆིས་པ་དང ། ལྟ་བ་མ་མཆིས་པ་དང ། སྲིད་པ་མ་མཆིས་པ་དང ། སྲིད་པ་ཡོངས་སུ་འཚལ་བ་མ་མཆིས་པ་དང ། ལུས་མ་མཆིས་པ་དང ། ལུས་སུ་གདགས་པ་མ་མཆིས་པ་དང ། སེམས་མ་མཆིས་པ་དང ། སེམས་སུ་གདགས་པ་མ་མཆིས་པ་དང ། དྲན་པ་མ་མཆིས་པ་དང ། དྲན་པར་བགྱིད་པ་དག་མ་མཆིས་པ་དང ། དྲན་པ་ཉེ་བར་གཞག་པ་དག་མ་མཆིས་པ་དང ། གཞག་པ་མ་མཆིས་པ་དང ། ཉེ་བར་གཞག་པ་མ་མཆིས་པ་དང ། གཟུགས་མ་མཆིས་པ་དང ། ཚོར་བ་མ་མཆིས་པ་དང ། འདུ་ཤེས་མ་མཆིས་པ་དང ། འདུ་བྱེད་རྣམས་མ་མཆིས་པ་དང ། རྣམ་པར་ཤེས་པ་མ་མཆིས་པ་དང །
83.25a
མིག་མ་མཆིས་པ་དང ། གཟུགས་མ་མཆིས་པ་དང ། རྣ་བ་མ་མཆིས་པ་དང ། སྒྲ་མ་མཆིས་པ་དང ། སྣ་མ་མཆིས་པ་དང ། དྲི་མ་མཆིས་པ་དང ། ལྕེ་མ་མཆིས་པ་དང ། རོ་མ་མཆིས་པ་དང ། ལུས་མ་མཆིས་པ་དང ། རེག་མ་མཆིས་པ་དང ། ཡིད་མ་མཆིས་པ་དང ། ཆོས་མ་མཆིས་པ་དང ། འདོད་པའི་ཁམས་མ་མཆིས་པ་དང ། གཟུགས་ཀྱི་ཁམས་མ་མཆིས་པ་དང ། གཟུགས་མེད་པའི་ཁམས་མ་མཆིས་པ་དང ། འདི་ལ་རྟག་པ་མ་མཆིས་པ་དང ། ཆད་པ་མ་མཆིས་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག་།བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་རྒྱུན་དུ་ཞུགས་པ་མ་མཆིས་པ་དང ། རྒྱུན་དུ་ཞུགས་པའི་འབྲས་བུ་མ་མཆིས་པ་དང ། ལན་ཅིག་ཕྱིར་འོང་བ་མ་མཆིས་པ་དང ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་མཆིས་པ་དང ། ཕྱིར་མི་འོང་བ་མ་མཆིས་པ་དང ། ཕྱིར་མི་འོང་བའི་འབྲས་བུ་མ་མཆིས་པ་དང ། དགྲ་བཅོམ་པ་མ་མཆིས་པ་དང ། དགྲ་བཅོམ་པའི་ཆོས་རྣམས་མ་མཆིས་པ་དང ། རང་སངས་རྒྱས་མ་མཆིས་པ་དང ། རང་སངས་རྒྱས་ཀྱི་ཆོས་རྣམས་མ་མཆིས་པ་དང ། དེ་བཞིན་གཤེགས་པ་མ་མཆིས་པ་དང ། དེ་བཞིན་གཤེགས་པའི་ཆོས་རྣམས་མ་མཆིས་པ་དང ། སྟོབས་རྣམས་མ་མཆིས་པ་དང ། མི་འཇིགས་པ་རྣམས་མ་མཆི་དང ། ཡེ་ཤེས་མ་མཆིས་པ་དང ། རྣམ་པར་ཤེས་པ་མ་མཆིས་པ་དང ། སྟོང་པ་ཉིད་མ་མཆིས་པ་དང ། མཚན་མ་མ་མཆིས་པ་མ་མཆིས་པ་དང ། སྨོན་པ་མ་མཆིས་པ་མ་མཆིས་པ་དང ། འདོད་ཆགས་དང་བྲལ་བ་ཉིད་མ་མཆིས་པ་དང ། རང་བཞིན་མ་མཆིས་པ་དང ། འཐོབ་པ་མ་མཆིས་པ་དང ། མངོན་སུམ་དུ་བགྱི་བ་མ་མཆིས་པ་དང ། མངོན་པར་རྟོགས་པ་མ་མཆིས་པ་དང ། རིག་པ་མ་མཆིས་པ་དང ། རྣམ་པར་གྲོལ་བ་མ་མཆིས་པ་དང ། འགྲམ་མ་མཆིས་པ་དང ། ཕ་རོལ་མ་མཆིས་པ་དང ། ཚུ་རོལ་མ་མཆིས་པ་དང ། ཐར་པ་མ་མཆིས་པ་དང ། མིང་མ
83.25b
མཆིས་པ་དང ། མིང་དུ་གདགས་པ་མ་མཆིས་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག་།བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་ཆོས་བསྟན་པ་འདིས་འགའ་ཡང་མ་སྦྱར། མ་གྲོལ་མི་སྦྱོར། མི་འགྲོལ་བའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག་།བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སེམས་ཅན་འགའ་ཡང་མ་བཀྲོལ། ཡོངས་སུ་མྱ་ངན་ལས་མ་བཟླས་པ་དེ་དག་གིས་སེམས་ཅན་འགའ་ཡང་མ་བརྙེས། མ་བཤིག་།ཆོས་འགའ་ཡང་མ་བསྐྱེད། མ་བཀག་།རྣམ་པར་མ་བཤིག་།མ་བསྐྱོད་པ་དང ། མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སེམས་ཅན་འགའ་ཡང་འགྲོལ་བར་མི་འགྱུར། ཡོངས་སུ་མྱ་ངན་ལས་ཟློ་བར་མི་འགྱུར། དེ་དག་གིས་སེམས་ཅན་ཡང་བརྙེས་པར་མི་འགྱུར། འཇིག་པར་མི་འགྱུར། ཆོས་འགའ་ཡང་སྐྱེད་པར་མི་འགྱུར། འགོག་པར་མི་འགྱུར། རྣམ་པར་འཇིག་པར་མི་འགྱུར། བསྐྱོད་པར་མི་འགྱུར་བ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སེམས་ཅན་འགའ་ཡང་མི་འགྲོལ། ཡོངས་སུ་མྱ་ངན་ལས་མི་ཟློ། དེ་དག་གིས་སེམས་ཅན་འགའ་ཡང་མི་བརྙེས། མི་འཇིག་།ཆོས་འགའ་ཡང་མི་སྐྱེད། མི་འགོག་།རྣམ་པར་མི་འཇིག་མི་བསྐྱོད་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག་།བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་ཆོས་བསྟན་པ་འདི་ལ་ཅུང་ཟད་ཀྱང་མ་སྨྲས། མ་བརྗོད། མ་བཤད། མ་བསྟན། མ་བརྟགས། མ་བསྒྲགས། མ་བསྙད། མ་སྨོས། མ་བཟླས་ཤིང ། ཆོས་བསྟན་པ་འདི
83.26a
ལ་ཡི་གེ་གཅིག་ཀྱང་མ་བརྗོད་ལ། ཆོས་བསྟན་པ་འདི་གང་གིས་ཀྱང་མ་མཉན། འགའ་ཡང་ཉན་པར་མི་འགྱུར། འགའ་ཡང་རྣམ་པར་གྲོལ་བར་མི་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་འཛམ་བུའི་གླིང་ན་སྤྱོད་པར་གྱུར་ཅིག་།བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་འདི་ལ་ཚུལ་ཁྲིམས་མ་མཆིས་པ་དང ། ཚུལ་ཁྲིམས་ཀྱི་འབྲས་བུ་མ་མཆིས་པ་དང ། ཏིང་ངེ་འཛིན་མ་མཆིས་པ་དང ། ཏིང་ངེ་འཛིན་གྱི་གནས་མ་མཆིས་པ་དང ། ཤེས་རབ་མ་མཆིས་པ་དང ། ཤེས་རབ་ཀྱི་དབང་པོ་མ་མཆིས་པ་དང ། རྣམ་པར་གྲོལ་བ་མ་མཆིས་པ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མ་མཆིས་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་འཛམ་བུའི་གླིང་ན་སྤྱོད་པར་གྱུར་ཅིག་།བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་བྱང་ཆུབ་སེམས་དཔའ་སྦྱིན་པ་སྩོལ་བར་མི་བགྱིད། ཚུལ་ཁྲིམས་སྲུང་བར་མི་བགྱིད། བཟོད་པ་སྒྲུབ་པར་མི་བགྱིད། བརྩོན་འགྲུས་རྩོམ་པར་མི་བགྱིད། བསམ་གཏན་རྣམས་སྒོམ་པར་མི་བགྱིད། ཤེས་རབ་སྤྱོད་པར་མི་བགྱིད། བྱང་ཆུབ་དོན་དུ་གཉེར་བར་མི་བགྱིད། ཡང་དག་པ་ལ་འཇུག་པར་མི་བགྱིད། བྱང་ཆུབ་ཐོབ་པར་མི་བགྱིད། སྟོབས་རྣམས་ཐོབ་པར་མི་བགྱིད། མི་འཇིགས་པ་རྣམས་ཐོབ་པར་མི་བགྱིད། དབང་པོ་རྣམས་ཐོབ་པར་མི་བགྱིད། སོ་སོ་ཡང་དག་པར་རིག་པ་རྣམས་ཐོབ་པར་མི་བགྱིད། ཆོས་ཀྱི་འཁོར་ལོ་སྐོར་བར་མི་བགྱིད། སེམས་ཅན་གྲོལ་བར་མི་བགྱིད། སྨྲ་བར་མི་བགྱིད་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན། འཛམ་བུའི་གླིང་ན་སྤྱོད་པར་གྱུར་ཅིག་།དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང
83.26b
ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་དོག་ས་ཆེར་གཡོས་པར་གྱུར་པ་འདིའི་རྒྱུ་ནི་གང་ལགས་རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་དམན་པ་ལ་མོས་པའི་སེམས་ཅན་འདི་དག་འཛིན་པར་མི་འགྱུར་ན་མ་ལེགས་ཀྱིས་ཐོང་ཤིག་།དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། ལྷ་དང་མི་རྣམས་ཀྱི་དོན་གྱི་སླད་དུ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ས་ཕྱོགས་འདི་ཉིད་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་བཅུ་རྩ་བཞིས་བསྟན་ཏེ། ཐམས་ཅད་དུ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་དང ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་སོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དང ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཇི་སྲིད་ཅིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་རིགས་ཀྱི་བུ་འདི་དག་གིས་བསྐལ་པ་གྲངས་མེད་པ་ཕྲག་འབུམ་འདས་པ་ན་དེ་བཞིན་གཤེགས་པ་ཀུན་ནས་མེ་ཏོག་མངོན་པར་འཕགས་པ་སེང་གེའི་རྩལ་གྱི་ཡོན་ཏན་ཕུང་པོ་ཞེས་བྱ་བ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེའི་ཉིས་གྱུར་སྙེད་ཀྱིས་ནི་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་བོ། །དེའི་ཉིས་གྱུར་སྙེད་ཀྱིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམས་པར་དག་གོ།
83.27a
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། ལྷའི་བུ་བློ་གྲོས་རབ་གནས་དང ། ཇི་ལྟར་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷའི་བུ་དེ་དག་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། གནས་བརྟན་འོད་སྲུང་ཆེན་པོ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་རྩ་དྲུག་པ་རྫོགས་སོ།། །། བན་དེ་ཀླུའི་རྒྱལ་མཚན་གྱིས་ཞུས་པ། །