(ང་)་༄#། །འཕགས་པ་དཀོན་མཆོག་བརྩེགས་པ་བཞུགས་སོ། །[(黃)་大寶積經第四部] 81.1b ༄##། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་དྲུག་པ་སྟེ། འཕགས་པ་ཡབ་དང་སྲས་མཇལ་བ་ཞེས་བྱ་བ་དེ་ཁོ་ན་ངེས་པར་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་པི་ཏཱ་པུ་ཏྲ་ས་མཱ་ག་མ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡབ་དང་སྲས་མཇལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། འཕགས་པ་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོལ་བ་གྲོལ་བའི་འཁོར་དང་ལྡན་པ། 81.2a དུལ་བ་དུལ་བའི་འཁོར་དང་ལྡན་པ། ཞི་བ་ཞི་བའི་འཁོར་དང་ལྡན་པ། རྒལ་བ་རྒལ་བའི་འཁོར་དང་ལྡན་པ། ཕ་རོལ་དུ་ཕྱིན་པ་ཕ་རོལ་དུ་ཕྱིན་པའི་འཁོར་དང་ལྡན་པ། ཐང་ལ་ཕྱིན་པ་ཐང་ལ་ཕྱིན་པའི་འཁོར་དང་ལྡན་པ། དབུགས་ཕྱིན་པ་དབུགས་ཕྱིན་པའི་འཁོར་དང་ལྡན་པ། དགེ་སློང་དགེ་སློང་གི་འཁོར་དང་ལྡན་པ། ཉོན་མོངས་པ་བཅོམ་པ་ཉོན་མོངས་པ་བཅོམ་པའི་འཁོར་དང་ལྡན་པ། དགེ་སྦྱོང་དགེ་སྦྱོང་གི་འཁོར་དང་ལྡན་པ། སྡིག་པ་བསལ་བ་སྡིག་པ་བསལ་བའི་འཁོར་དང་ལྡན་པ། ཚངས་པ་ཚངས་པའི་འཁོར་དང་ལྡན་པ། སྡིག་པ་བསལ་བའི་ཆོས་ཅན་སྡིག་པ་བསལ་བའི་འཁོར་དང་ལྡན་པ། རིག་པ་ཅན་རིག་པ་ཅན་གྱི་འཁོར་དང་ལྡན་པ། ཁྲུས་བྱས་པ་ཁྲུས་བྱས་པའི་འཁོར་དང་ལྡན་པ། སྒྲོགས་པ་པོ་སྒྲོགས་པ་པོའི་འཁོར་དང་ལྡན་པ། ཉོན་མོངས་པ་བྱང་བ་ཉོན་མོངས་པ་བྱང་བའི་འཁོར་དང་ལྡན་པ། ཡན་ལག་ལྔ་རྣམ་པར་བསལ་པ་ཡན་ལག་ལྔ་རྣམ་པར་བསལ་བའི་འཁོར་དང་ལྡན་པ། སྒྲིབ་པ་དང་རྣམ་པར་བྲལ་བ་སྒྲིབ་པ་དང་རྣམ་པར་བྲལ་བའི་འཁོར་དང་ལྡན་པ། ཡིད་རྣམ་པར་དང་བ་ཡིད་རྣམ་པར་དང་བའི་འཁོར་དང་ལྡན་པ། ཡན་ལག་དྲུག་དང་ལྡན་པ་ཡན་ལག་དྲུག་དང་ལྡན་པའི་འཁོར་དང་ལྡན་པ། བསྙེན་བསྲིང་དང་བྲལ་བ་བསྙེན་བསྲིང་དང་བྲལ་བའི་འཁོར་དང་ལྡན་པ། བསྲུང་བ་གཅིག་པ་བསྲུང་བ་གཅིག་པའི་འཁོར་དང་ལྡན་པ། དྲན་པའི་སྒོ་སྲུངས་ཕུན་སུམ་ཚོགས་པ་དྲན་པའི་སྒོ་སྲུངས་ཕུན་སུམ་ཚོགས་པའི་འཁོར་དང་ལྡན་པ། རྟོན་པ་བཞི་དང་ལྡན་པ་རྟོན་པ་བཞི་དང་ལྡན་པའི་འཁོར 81.2b དང་ལྡན་པ། ་ཉི་ཚེ་བའི་བདེན་པ་བསལ་བ་ཉི་ཚེ་བའི་བདེན་པ་བསལ་བའི་འཁོར་དང་ལྡན་པ། བཙལ་བ་སྤངས་པ་བཙལ་བ་སྤངས་པའི་འཁོར་དང་ལྡན་པ། མཐར་ཕྱིན་པ་མཐར་ཕྱིན་པའི་འཁོར་དང་ལྡན་པ། དོན་གྱི་མཐར་ཐུག་པ་དོན་གྱི་མཐར་ཐུག་པའི་འཁོར་དང་ལྡན་པ། བདག་ཉིད་བསྒོམས་པ་བདག་ཉིད་བསྒོམས་པའི་འཁོར་དང་ལྡན་པ། ཀུན་ཏུ་རྟོག་པའི་རྙོག་པ་མེད་པ་ཀུན་ཏུ་རྟོག་པའི་རྙོག་པ་མེད་པའི་འཁོར་དང་ལྡན་པ། རྣམ་པར་རྟོག་པ་ཡོངས་སུ་ཆད་པ་རྣམ་པར་རྟོག་པ་ཡོངས་སུ་ཆད་པའི་འཁོར་དང་ལྡན་པ། ལུས་ཀྱི་འདུ་བྱེད་རབ་ཏུ་བསལ་བ་ལུས་ཀྱི་འདུ་བྱེད་རབ་ཏུ་བསལ་བའི་འཁོར་དང་ལྡན་པ། མི་གཡོ་བ་ལ་མངོན་པར་མོས་པ་མི་གཡོ་བ་ལ་མངོན་པར་མོས་པའི་འཁོར་དང་ལྡན་པ། སེམས་ཤིན་དུ་རྣམ་པར་གྲོལ་བ་སེམས་ཤིན་དུ་རྣམ་པར་གྲོལ་བའི་འཁོར་དང་ལྡན་པ། ཤེས་རབ་ཤིན་དུ་རྣམ་པར་གྲོལ་བ་ཤེས་རབ་ཤིན་དུ་རྣམ་པར་གྲོལ་བའི་འཁོར་དང་ལྡན་པ། འཕགས་པ་འཕགས་པའི་འཁོར་དང་ལྡན་པ། ཡལ་ག་དང ། ལོ་མ་དང ། འདབ་མ་དང ། ལྕུག་མ་དང ། ཤུན་ཕྲགས་ཀྱི་སྐྱོན་དང་བྲལ་བ། དག་པ། སྙིང་པོ་ལ་གནས་པ། ཤཱཀྱའི་ཡུལ་ན་སེར་སྐྱེའི་གནས། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་ལྔ་སྡེ་དང ། གྲགས་བྱིན་དང ། འཆར་ཀ་དང ། ལྟེང་རྒྱས་འོད་སྲུང་དང ། ག་ཡཱ་འོད་སྲུང་དང ། ཆུ་ཀླུང་འོད་སྲུང་དང ། འོད་སྲུངས་ཆེན་པོ་དང ། ཤཱ་རིའི་བུ་དང ། མཽད་གལ་གྱི་བུ་ལ་སོགས་པ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ 81.3a བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་དུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་དུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་པ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་དང་ཐབས་གཅིག་སྟེ། དེའི་ཚེ་ནམ་གྱི་ཐོ་རངས་ཀྱི་རེས་ལ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ། བླ་གབ་མེད་པ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་བར་ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ཅང་མི་སྨྲ་བ་ལ་གཟིགས་སོ། །ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ལ་གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་གང་གིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་འགྱུར་བ་དེ་ལྟ་བུ་འགའ་ཞིག་ཚོལ་ཅིག་།དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀོ་ཌི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། 81.3b ཀཽ་ཌི་ནྱ་ཁྱོད་ནི་བླ་མ་བླ་མར་བྱ་བའི་ཆོས་དང་ལྡན་པར་བྱ་བ་ཡིན་གྱིས་འདུག་ཤིག་།དེ་བཞིན་དུ་ཚེ་དང་ལྡན་པ་རླངས་པ་དང ། མིང་ཆེན་དང ། གྲགས་བྱིན་དང ། ལྟེང་རྒྱས་འོད་སྲུང་དང ། ཆུ་ཀླུང་འོད་སྲུང་དང ། ག་ཡཱ་འོད་སྲུང་དང ། འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། མཽད་གལ་གྱི་བུ་ཆེན་པོས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་པ། མོང་གལ་གྱི་བུ་ཁྱོད་ཀྱང་བླ་མ་བླ་མར་བྱ་བའི་ཆོས་དང་ལྡན་པར་བྱ་བ་ཡིན་གྱིས་འདུག་ཤིག་་།དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱེད་པའི་དགེ་སློང་གང་ཞིག་བཅོམ་ལྡན་འདས་བཞེད་སྙམ་སྟེ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཏིང་ངེ་འཛིན་གྱི་རྣམ་པ་དེ་ལྟ་བུ་ལ་མཉམ་པར་བཞག་སྟེ། དེ་ལྟར་མཉམ་པར་བཞག་པའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཚེ་དང་ལྡན་པ་འཆར་ཀ་ལ་གནས་ཤིང་དགེ་སློང་འཆར་ཀ་འདི་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱེད་དོ་ཞེས་དགོངས་པ་མཐོང་སྟེ་འདི་ལྟ་སྟེ། དཔེར་ན་ཁང་པ་བརྩེགས་པ་འམ། ཁང་པ་བརྩེགས་པའི་ཁྱམས་སྒོ་བྱང་ཕྱོགས་སུ་ལྟ་བའི་ཤར་ཕྱོགས་ཀྱི་སྐར་ཁུང་ནས་ཉི་མའི་འོད་ཟེར་བྱུང་སྟེ། ནུབ་ཕྱོགས་ཀྱི་བརྩིག་ངོས་ལ་ཤར་བ་དེ་བཞིན་དུ་དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་དགོངས 81.4a པ་ཚེ་དང་ལྡན་པ་འཆར་ཀ་ལ་ཤར་ཅིང་དགེ་སློང་འཆར་ཀ་འདི་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱེད་དོ་ཞེས་དགོངས་པ་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་ནས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ནི་ཁྱོད་ལ་དགེ་སློང་འཆར་ཀས་རྒྱས་པོ་ཟས་གཙང་མ་མངོན་པར་དད་པར་བྱ་བར་ནུས་སོ་ཞེས་དགོངས་ཤིང་བཞེད་དོ། །ཚེ་དང་ལྡན་པ་འཆར་ཀ་དེ་ལྟར་ཡིན་གྱིས། །ཁྱོད་ཀྱིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱ་བར་དད་པ་སྐྱེད་ཅིག་།དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འཆར་ཀས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་རིགས་རྣམས་ནི་དད་པར་བྱ་བར་ཤིན་དུ་དཀའ་སྟེ། རྒྱལ་པོའི་རིགས་ནི་ལྷག་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ནི་མགུ་བར་དཀའ་བ་སྟེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཤིང་ཁུར་བཅུ་འམ། ཉི་ཤུ་འམ། སུམ་བཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། ཤིང་ཁུར་བརྒྱ་ཡང་རུང་སྟེ། གཤེར་བག་མེད་ཅིང་སྐམ་ལ་ལོ་མང་དུ་ལོན་པ་ཞིག་ཡོད་ལ་དེ་ལ་མི་ལ་ལ་ཞིག་གིས་མེ་བཏང་ན་མེའི་ཕུང་པོ་འབར་བར་འགྱུར་རོ། །དེ་ལ་ཡང་ལ་ལ་ཞིག་གིས་མར་རམ། འབྲུ་མར་ཞིག་གིས་གཏོར་ན་མེའི་ཕུང་པོ་དེ་བས་ཆེས་ཆེ་བར་འབར་ཏེ། དེའི་སྟེང་ངམ་དྲུང་གི་འཁོར་དུ་འགྲོ་བ་ནི་ཤིན་དུ་དཀའོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དེ་བཞིན་དུ་རྒྱལ་པོ་རྒྱལ 81.4b རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ནི་མགུ་བར་དཀའ་བའོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་ལྟ་སྟེ། དཔེར་ན་གླང་པོ་ཆེ་མཆེ་བ་ཅན་ཁ་གདངས་པའི་སོ་ཕྲག་ཏུ་འགྲོ་བ་ནི་ཤིན་དུ་དཀའོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དེ་བཞིན་དུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ཀྱང་མགུ་བར་དཀའོ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འཆར་ཀ་དེ་ནི་དེ་ལྟ་མོད་ཀྱི། འོན་ཀྱང་ཁྱོད་ནི་དགེ་སློང་འཆར་ཀ་འདིས་རྒྱལ་པོ་ཟས་གཙང་མ། མངོན་པར་དད་པར་བྱ་བར་ནུས་སོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་ཤིང་བཞེད་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱིས་བདག་ལ་རྒྱལ་པོ་ཟས་གཙང་མ་དད་པར་བྱེད་པར་དགོངས་སམ། སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་འཆར་ཀ་ནི་རྒྱལ་པོ་ཟས་གཙང་མ། དད་པར་བྱེད་དོ་ཞེས་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་བཀའ་སྩལ་པ། འཆར་ཀ་རྒྱལ་པོ་ཟས་གཙང་མ་དད་པར་གྱིས་ཤིག་།དེ་ཅིའི་ཕྱིར་ཞེ་ན། འཆར་ཀ་རྒྱལ་པོ་ཟས་གཙང་མ་ནི་ཡང་ན་ངས་དད་པར་བྱ་ཡི། ཡང་ན་ཁྱོད་ཀྱིས་དད་པར་བྱའོ། །འཆར་ཀ་ངའི་ཉན་ཐོས་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ནང་ན་ཁྱོད་ནི་འདི་ལྟར་རིགས་དད་པར་བྱེད་པའི་མཆོག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་འཆར་ཀ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཆར་ཀ་བཟང་པོ་ང་ལས་མཉན་པར་བྱོས། ། 81.5a ཁྱོད་ནི་རིགས་དད་བྱེད་མཆོག་རབ་ཡིན་གྱིས། །ཤཱཀྱའི་རིགས་རྣམས་དགའ་བ་སྐྱེད་པ་ཡི། །རྒྱལ་པོའི་དམ་པ་རབ་ཏུ་དད་པར་བྱོས། །རྒྱལ་པོའི་རབ་དེ་དད་པར་བྱས་ན་ནི། །རིགས་བུ་ལྷ་དག་དང་ནི་མི་རྣམས་ལ། །མཐའ་དབུས་མེད་པའི་ལེགས་པ་འབྱུང་འགྱུར་གྱིས། །མི་ཡི་དམ་པ་མྱུར་དུ་དད་པར་བྱོས། །ད་ལྟ་ན་ནི་ཤཱཀྱའི་བདག་པོ་དེ། །མངོན་པའི་ང་རྒྱལ་རྟོག་པས་དཀྲུགས་ཤིང་ཉམས། །རི་ཡི་ངོས་ནས་རྦབ་འདྲིལ་ཇི་བཞིན་དུ། །བརྩོན་འགྲུས་རྩོམ་པ་ཐམས་ཅད་བཏང་སྟེ་གནས། །དབང་ཕྱུག་ཉམས་པ་རྗེས་སུ་དྲན་བྱེད་པས། །ཡིད་ལ་གནོད་གྱུར་སེམས་དད་ཡིད་ཀྱང་སྟོར། །དཔེར་ན་ཚོང་པ་ནོར་དང་བྲལ་བ་དག་།རྗེས་སུ་དྲན་ཞིང་ཉོན་མོངས་གནས་པ་བཞིན། །ལྷ་ཡི་གནས་ནས་ལྷ་དག་ཤི་འཕོས་ཤིང ། །ལྷ་རྫས་འདོད་པ་རྗེས་སུ་དྲན་པ་བཞིན། །རྒྱལ་བའི་བསྟན་པ་མངོན་པར་མི་ཤེས་ཤིང ། །རྒྱལ་པོ་བདེ་ཉམས་སྙིང་རྗེ་སྨྲེ་སྔགས་འདོན། །ང་ཡི་རིན་པོ་ཆེ་ནི་སྣ་བདུན་དང ། །མི་ཡི་ཕུན་སུམ་ཚོགས་པ་བཞི་པོ་དང ། །ལོངས་སྤྱོད་དག་ནི་རྗེས་སུ་དྲན་བྱེད་ཅིང ། །ས་བདག་དེ་ནི་སྙིང་རྗེར་སྨྲེ་སྔགས་འདོན། །མདངས་འཕྲོག་བྱེད་པའི་སྲིན་པོ་སྟོབས་ཅན་གྱིས། །ཇི་ལྟར་མི་ཞིག་ཡོངས་སུ་ནོན་གྱུར་ན། །བདག་ཀྱང་མི་ཤེས་གཞན་ཡང་མི་ཤེས་ལྟར། །ས་ཡི་བདག་པོ་དེ་ཡང་དེ་བཞིན་ནོ། །ཏི་སེའི་གངས་གྱི་རི་བོས་བསྒྲིབས་གྱུར་ན། ཇི་ལྟར་མི་དག་བལྟ་བྱ་མི་མཐོང་བ། །དེ་བཞིན་ང་རྒྱལ་ཆེན་པོས་བསྒྲིབས་པས་ན། །རྒྱལ་པོས་བལྟ་བར་བྱ་བ་མི་མཐོང་ངོ ། །གཉིད་ཀྱིས་ལོག་གམ་ཤི་བས་མྱོས་འགྱུར་བའི། །མིས་ནི་རང་གི 81.5b སེམས་ཀྱང་མི་ཤེས་ཏེ། །དེ་བཞིན་ང་རྒྱལ་ཆེན་པོས་མྱོས་གྱུར་པས། །རྒྱལ་པོ་དེས་ཀྱང་དགེ་བ་མི་ཤེས་སོ། །དཔེར་ན་ཁྱིམ་ཐབ་ཤི་བས་མྱོས་པ་ཡི། །བུད་མེད་སྙིང་རྗེར་སྨྲེ་སྔགས་འདོན་བྱེད་པ། །དེ་བཞིན་ང་རྒྱལ་ཆེན་པོས་མྱོས་གྱུར་པས། །རྒྱལ་པོ་དེ་ཡང་སྙིང་རྗེར་སྨྲེ་སྔགས་འདོན། །དེ་ལྟ་བས་ན་འཆར་ཀ་ཐབས་མཁས་པ། །ཁྱོད་ཀྱིས་འདིར་ནི་རྒྱལ་པོ་དད་པར་གྱིས། །ང་རྒྱལ་རྒྱལ་མཚན་རབ་ཏུ་བསྙལ་བར་བྱོས། །ཆོས་ཀྱི་རྒྱལ་མཚན་དམ་པ་བསླང་བར་གྱིས། །འཆར་ཀ་ཁྱོད་མ་གཏོགས་པར་སྲིད་པ་ཡི། །འགྲོ་བ་དག་ན་སྐལ་འཐུན་སྤྱད་མེད་པས། །རྒྱལ་པོའི་སེམས་ནི་རབ་ཏུ་དད་བྱ་བར། །གང་གིས་ནུས་པའི་དགེ་སློང་གང་ཡང་མེད། །འཆར་ཀ་སྔོན་གྱི་དུས་ན་བྱུང་བ་ནི། །འདས་པའི་དུས་ན་ས་ཡི་བདག་པོ་ཞིག་།མིང་ནི་བདེན་པ་འཕེལ་ཞེས་བྱ་བ་སྟེ། །ས་སྐྱོང་བྱེད་པ་རྣམ་པར་གྲགས་པ་བྱུང ། །དེ་ནི་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་མཆོད། །རྒྱ་མཚོའི་མཐའ་མར་ཐུག་པའི་ས་འདི་ནི། །ཆོས་དང་ལྡན་པའི་རྒྱལ་པོ་དེས་ཀྱང་བསྐྱངས། །གྲོང་དང་གྲོང་ཁྱེར་དག་ཀྱང་འདབ་ཉི་ཞིང ། །བཟའ་ཤིང་འབྲས་བུ་མེ་ཏོག་རྒྱས་པས་གང ། །འཕགས་པའི་སྐྱེ་བོ་དག་དང་ཤེད་ལས་སྐྱེས། །སྡིག་དང་བྲལ་བ་རྣམས་ཀྱིས་རབ་ཏུ་གང ། །དྲི་ཟ་བརྒྱ་མང་དག་གིས་གང་བ་སྟེ། །སྡོང་དུམ་ཚེར་མ་རྩཝ་ཤིང་ངན་པ་མེད། །འཇམ་ཞིང་དགེ་སྦྱོང་གནས་ཀྱི་ཚོགས་ཀྱིས་སྤྲས། །ཆུ་ཀླུང་འབབ་སྟེགས་བདེ་བས་རབ་ཏུ་བརྒྱན། །དྲང་སྲོང་ཚོགས་བརྒྱ་རྗེས་སུ་རྒྱུ་བ་སྟེ། །སྐྱེ་བོའི་དཀར་ཆོས་རྣམས་ཀྱིས་ཀུན་དུ་བསྒྲུབས། ། 81.6a ངན་སོང་ལམ་ངན་རྣམས་ནི་རབ་ཏུ་བཅད། །དེ་ནས་སེམས་ཅན་ཐམས་ཅད་ལྷ་གནས་འདོད། །རྒྱལ་པོ་དེ་ལ་བུ་དག་ཡོད་པ་ནི། །སྔོན་གྱི་སངས་རྒྱས་བྱུང་བ་མཐོང་བ་སྟེ། །དགེ་བའི་རྩ་བ་དག་ནི་བསྐྱེད་པ་ཅན། །ཡོན་ཏན་མང་པོས་བསྒོས་པའི་བློ་གྲོས་ལྡན། །མིང་ནི་བློ་གྲོས་སྙིང་པོ་ཞེས་བྱ་སྟེ། །སྲོགས་ཆགས་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་མཆོད། །འདོད་པ་རྣམས་ལ་སྐྱོན་དུ་ལྟ་བ་ཅན། །མི་བདག་ཁྱིམ་ན་གནས་ཀྱང་དབེན་ལ་དགའ། །རྒྱལ་པོ་བདེན་པ་འཕེལ་ཞེས་བྱ་བ་དེས། །ལྷ་ཡི་ཕོ་བྲང་འདྲ་བའི་ཁྱིམ་མཆོག་འདིར། །ན་ཆུང་ཚོགས་ཀྱིས་ཀུན་ནས་མདུན་བདར་ཏེ། །འདོད་པའི་ཡོན་ཏན་བཟང་ལ་སྤྱོད་ཅེས་སྨྲས། །བུ་ཡི་དམ་པ་ཁྱོད་ལ་ང་ཡིས་ནི། །ཇི་ལྟར་འདོད་པའི་བྱ་བ་གང་མ་བྱས། །འདོད་པ་རྣམས་ལ་ཁྱོད་ཡིད་ཅི་ཡི་ཕྱིར། །མ་མོས་ང་ལ་བུ་ཁྱོད་མྱུར་དུ་སྨྲོས། །སྲིད་པའི་འགྲོ་བའི་ཡོན་ཏན་མཁས་གྱིས་ཏེ། །བུ་ཁྱོད་རིན་ཆེན་ཁྱིམ་ལ་དགའ་བ་སྐྱེད། །བུད་མེད་རིན་ཆེན་འཁོར་དང་འགྲོགས་གྱིས་ཏེ། །ཡུལ་ལ་དགའ་ཞིང་མོས་པ་བསྐྱེད་པར་གྱིས། དཀའ་ཐུབ་ནགས་ན་འཁོད་པའི་དྲང་སྲོང་དག་།དེ་བཏང་ནས་ནི་ཕྱིར་ཡང་འདི་དག་ན། །དཀའ་ཐུབ་བཏང་ཞིང་འདོད་པའི་དགའ་ལ་སྤྱོད། །འདོད་པ་དེ་དག་བུ་གཅིག་ཁྱོད་ལ་བསྟབས། །དེ་ལྟ་བས་ན་འདོད་པའི་དགའ་ལ་སྤྱོད། །ད་དང་རྒྱལ་སྲིད་ཐམས་ཅད་ཁྱོད་དང་མཐུན། །རྣམ་ཐོས་བུ་ཡི་གནས་དང་འདྲ་བ་ཡི། །གཞལ་མེད་ཁང་གི་རྒྱན་ཅན་ཁྱིམ་འདིར་སྤྱོད། འདི་དག་རྣམས་ཀྱང་མཆོག་གི་གཟུགས་ལྡན་ཞིང ། །ལྷ་མོ་འདྲ་ལ་སྒྱུ་རྩལ་ཚར་ཕྱིན་པ། །རོལ་མོའི་སྒྲ་ཡི་ཚུལ་དང 81.6b གླུ་ལ་མཁས། །བསྙེན་བཀུར་སྙོམས་ཤིང་ཡོན་ཏན་ཡིད་ཀྱང་འཕྲོག་།མིག་ནི་པད་མའི་ལོ་མ་འདྲ་བ་སྟེ། །བིམ་བའི་མདོག་འདྲ་མཆུ་མཛེས་ཡིད་དུ་འོང ། །སོ་དང་བཞིན་མདོག་དྲི་མ་མེད་ཅིང་བཟང ། །དཔྲལ་བ་སྨིན་མ་ལེགས་ཤིང་མགུལ་པ་སྡུག་།བརླ་ནི་གླང་པོ་ཆེ་ཡི་སྣ་ཡང་འདྲ། །ཕྲག་སོ་ཤས་རྒྱས་ཐལ་གོང་ལེགས་དང་ལྡན། །ལག་དང་རྐང་བའི་མཐིལ་ནི་ཟངས་ཀྱི་མདོག་།སོར་མོ་བྱིན་པ་ཕྲ་བར་ལེགས་དང་ལྡན། །ལྕེ་ནི་ཟངས་མདོག་འདྲ་བ་སྲབ་ཅིང་དག་།ཚིག་རན་འཇམ་པར་སྨྲ་བའི་ཚུལ་དང་ལྡན། །སོ་ནི་ཐགས་བཟང་སོ་རྣམས་རང་རོང་མེད། །མཆེ་བ་རབ་དཀར་མཆོག་གི་རྒྱན་དང་ལྡན། །ལྟོ་བ་ཕྱང་དེར་འདུག་ཅིང་ལྟེ་བ་སྡུག་།སྟ་ཟུར་ཡངས་ཤིང་རྐེད་པ་རྡོ་རྗེ་འདྲ། །བྱིན་པ་གླང་པོ་ཆེ་ཡི་སོ་འདྲ་ཞིང ། །མདའ་རྒྱུ་སྙིང་པོ་ལེགས་པར་སྐྱེས་པ་བཞིན། །དྲེགས་བཅས་གླང་ཆེན་འདྲ་བའི་འགྲོས་དང་ལྡན། གཞན་དུ་མི་སེམས་ཡིད་ཀྱིས་ཁྱོད་ལ་ལྟ། །རྩེ་བ་འདོད་ཅིང་དར་ལ་བབ་དང་ལྡན། །གཞོན་ནུ་སྙིང་རྗེ་ལྟོས་ལ་བརྩེ་བར་བྱོས། །བུ་ཅིག་ཁྱོད་དང་བུ་མེད་འདི་དག་གི་།མདོག་བཟང་བ་དང་དར་ལ་བབ་པ་ཡང ། །ཤིང་གི་རྩེ་མོའི་མེ་ཏོག་བཞིན་ལྟུང་གིས། །ང་རྒྱལ་ཐོང་ལ་འདོད་པ་བསྟེན་པར་གྱིས། བློ་གྲོས་སྙིང་པོ་ལྡན་དེས་སྨྲེ་བ་ཡི། །ཕ་དང་འཁོར་རྣམས་ཀུན་ལ་འདི་སྐད་སྨྲས། །ཡབ་ཅིག་ཁྱོད་ནི་མད་པར་གསུང་བ་ལགས། །གང་དག་ཚིག་གིས་གྲགས་པ་མ་སྨད་མད། །ཡོན་ཏན་རྣམས་ལ་མོས་པ་བདག་གི་ཚིག་།བསམས་ཏེ་གཏན་ལ་བབ་ལ་རྒྱལ་པོ་གསོན། །ཇི་ལྟར་རྨི་ལམ་ན་ཡང་འདོད་ལ་བདག་།སེམས་མི་དགའ་ཞིང་མ་མོས་དེ་འདྲ་གསོན། ། 81.7a ས་ཡི་བདག་པོས་བཀའ་སྩལ་འདི་དག་ནི། །མཁས་པ་རྣམས་ལ་མཛེས་པ་མ་ལགས་ཏེ། །མི་མཁས་སྐྱེ་བོ་དག་གིས་ཡང་དག་བསམས། །མཁས་པ་རྣམས་ཀྱིས་དེ་དག་རྟག་ཏུ་དམང ། །ལོང་བ་མ་ལགས་ཅི་ཡི་རྒྱུ་ཞིག་གིས། །ལོང་བའི་ཚིག་གིས་ལམ་གོལ་འཛིན་པར་བགྱིད། །ཐང་ལ་གནས་པ་སུ་ཞིག་ཇི་ལྟར་ན། །མགོན་མེད་ཆུས་ཁྱེར་བ་ལ་འདོད་པ་སྐྱེད། །གྲོལ་བ་ཇི་ལྟ་བུར་ན་བཅིངས་པ་ཡི། །ཚིག་གིས་བཙོན་ར་དེར་ནི་འཇུག་པར་བགྱིད། །ས་མཉམ་གནས་ཤིང་མ་འཁྲུལ་ཇི་ལྟར་ན། །ཉམ་ངར་གནས་ལ་འདོད་པ་སྐྱེད་པར་བགྱིད། །ས་བདག་འདོད་པ་རྣམས་ལ་ཆགས་བཅས་ཤིང ། །འདོད་པའི་ལོངས་སྤྱོད་དག་གི་ཆུས་ཁྱེར་བ། །ལོང་བ་ཆུས་ཁྱེར་བཙོན་རར་གནས་པ་དང ། །ཉམ་ངར་གནས་འདྲར་བདག་ནི་དེ་སྙམ་བགྱིད། །མི་ཡི་བདག་པོ་ཁྱོད་ནི་ལོང་བ་བཞིན། །བདག་ནི་མིག་ཅན་ཁྱད་པར་མཐོང་བ་ལགས། །ཁྱོད་ནི་འདོད་པའི་ཆུ་བོས་ཁྱེར་བ་ལགས། །བདག་ནི་འདོད་པ་རྣམས་ལས་རྣམ་པར་སྨོད། །འདོད་པ་དག་ནི་དུག་གི་ལོ་མ་བཞིན། །སྦྲུལ་གྱི་མགོ་འདྲ་སྡུག་བསྔལ་བགྱིད་པ་སྟེ། །རྩེ་གསུམ་པ་དང་རལ་གྲི་མདུང་ཐུང་འདྲ། །མེ་ཡི་ཕུང་པོ་ཤིན་དུ་འབར་བ་བཞིན། །བློ་གྲོས་སྙིང་པོ་ལྡན་པས་དེ་སྐད་དུ། །སྨྲེ་སྔགས་འདོན་པའི་ཕ་དང་འཁོར་ལ་སྨྲས། །རིན་ཆེན་སྣ་བདུན་དག་ལ་མ་བལྟས་པར། །རྒྱལ་སྲིད་རྣམ་པར་སྤངས་ཏེ་རབ་ཏུ་བྱུང ། །སྦྲུལ་གྱི་ལྤགས་རྙིང་རྗེས་པ་ཅི་འདྲ་དང ། །ངར་སྣབས་བརྔུབས་པའི་ཐལ་བ་བཞིན་སྤངས་ཏེ། །བློ་གྲོས་སྙིང་པོ་ལྡན་པ་ཆགས་མེད་པར། །སྡིག་དང་རྣམ་པར་བྲལ་ཏེ 81.7b རབ་ཏུ་བྱུང ། །གཞོན་ནུ་དེ་ལྟར་རབ་ཏུ་བྱུང་གྱུར་ནས། །བློན་པོའི་བུ་ཞིག་རྗེས་སུ་རབ་བྱུང་བ། །མིང་ནི་ཟླ་བས་བྱིན་ཞེས་བྱ་བ་སྟེ། །བློ་གྲོས་སྙིང་པོའི་རྗེས་སུ་རབ་ཏུ་བྱུང ། །གཞོན་ནུ་དེ་ལྟར་རབ་ཏུ་བྱུང་གྱུར་ནས། །ཚངས་པའི་གནས་པ་བཞི་པོ་བསྐྱེད་ནས་ནི། །གྲོགས་དང་བཅས་པས་མངོན་པར་ཤེས་པ་ལྔ། །མ་ལུས་མཐའ་དག་བསྐྱེད་པར་བྱས་པར་གྱུར། །འདོད་པ་རྣམས་ལ་སྐྱོན་དུ་ལྟ་བས་ན། །མི་ཡི་སེང་གེ་དེ་ནི་འདོད་ཁམས་ནས། །ཚངས་པ་ཡང་དག་ཉིད་ནི་ཐོབ་བྱའི་ཕྱིར། །ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་བྱས། །དེ་ལྟར་གཞོན་ནུ་རབ་ཏུ་བྱུང་བས་ན། །ཕ་དེ་བུ་ལ་མ་དད་གྱུར་པ་དང ། །ཟླ་བས་བྱིན་པ་དེ་ཡི་གན་སོང་ནས། །ལེགས་པར་བཤད་པའི་ཚིག་གིས་དགའ་བར་བྱས། །འཆར་ཀ་ཁྱོད་ནི་དེ་ལ་ཇི་སྙམ་སེམས། །དེ་ཚེ་བློ་གྲོས་སྙིང་པོ་གཞན་སྙམ་འམ། །ང་ཉིད་དེ་ཡི་ཚེ་ན་དེར་གྱུར་ཏེ། །འདོད་པའི་ལོངས་སྤྱོད་དོན་དུ་གཉེར་བ་མེད། །འཆར་ཀ་ཁྱོད་ནི་དེ་ལ་ཇི་སྙམ་སེམས། །བདེན་པ་འཕེལ་བ་གཞན་ཞིག་ཡིན་སྙམ་འམ། །མི་བདག་ཟས་གཙང་འདི་ཉིད་དེ་ཡི་ཚེ། །རྒྱལ་པོ་བདེན་པ་འཕེལ་ཞེས་བྱ་བར་གྱུར། །འཆར་ཀ་ཁྱོད་ནི་དེ་ལ་ཇི་སྙམ་སེམས། །རྗེས་སུ་རབ་བྱུང་ཟླས་བྱིན་གཞན་སྙམ་འམ། །ཁྱོད་ཉིད་དེ་ཚེ་དེ་ཡི་དུས་ན་ནི། །བདེན་པ་འཕེལ་བ་དང་བར་བྱེད་པ་ཡིན། །དེ་ལྟ་བས་ན་འཆར་ཀ་ཁྱོད་ཀྱིས་འདིར། །རྒྱལ་པོ་ཟས་གཙང་དད་པ་མངོན་སྐྱེད་ཅིག་།ས་སྐྱོང་བྱེད་པ་འདི་ནི་དད་གྱུར་ན། །སྐྱིད་པ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་བཅོམ་ལྡན་འདས་ལ་མི་སྨྲ་བར་ཁས 81.8a བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཞག་དེ་འདས་ནས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་བགོས། ལྷུང་བཟེད་ཐོགས་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་སོང་ངོ ། །དེའི་ཚེ་རྒྱལ་པོ་ཟས་གཙང་མ་བཙུན་མོའི་འཁོར་གྱི་མདུན་ན་ཤཱཀྱ་སྟོང་ཙམ་ཞིག་དང ། །དགོས་པ་ཞིག་གི་ཆེད་དུ་འདུས་ཤིང་འཁོད་དོ། །རྒྱལ་པོ་ཟས་གཙང་མས་ཀྱང་བཅོམ་ལྡན་འདས་སེར་སྐྱའི་གནས་སུ་བྱོན་ཅིང ། །སེར་སྐྱའི་གནས་འདི་ཉིད་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་དེ་རབ་ཏུ་བྱུང་བས་བདག་ནི་དབང་ཕྱུག་གི་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་བྱས་སོ། །གལ་ཏེ་གཞོན་ནུ་དེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་འདི་དག་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བློན་པོ་རིན་པོ་ཆེ་སྟེ་འདི་བདུན་ནོ། །དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། གཞན་གྱི་སྡེ་རབ་ཏུ་འཇོམ་པ་སྟོང་ཡང་ཚང་བར་འགྱུར་བ་ཞིག་།དེས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་མཉམ་སྟེ། མི་མཉམ་པ་མེད་ཅིང་ཆོས་དང་མཐུན་པས་ལེགས་པར་ཕབ་ནས་བསྐལ་པ་རྫོགས་པར་བསྐྱངས་པར་འགྱུར་བ་ཞིག་སྟེ། དེ་ལྟར་གྱུར་ན་བདག་ཅག་ཀྱང་འཁོར་ལོས 81.8b སྒྱུར་བའི་རྒྱལ་སྲིད་ལ་དབང་ཕྱུག་གི་དབང་དང་ལྡན་ཞིང་རིམ་གྲོ་བྱས་པ་དང ། བཀུར་སྟི་བྱས་པ་དང ། བསྟི་སྟང་དུ་བྱས་པ་དང ། མཆོད་པར་བྱས་པ་དང ། དབང་ཕྱུག་གི་དབང་ཆེན་པོ་ཡང་རྙེད་པར་འགྱུར་བ་ཞིག་ན་ད་ལྟར་བདག་ཅག་ནི་གཞོན་ནུ་དེ་རབ་ཏུ་བྱུང་བས་དེ་ལྟ་བུའི་ལོངས་སྤྱོད་ཀྱི་དབང་ཆེན་པོ་དང་བྲལ་བར་གྱུར་ཏོ་སྙམ་མོ། །དེས་དེ་སྙམ་དུ་བསམས་ནས་ཤཱཀྱ་རྣམས་ལ་བསྒོ་བ། ངའི་བུ་དེ་ལ་བལྟ་བ་འམ། བསྙེན་བཀུར་བྱེད་པར་སུ་ཡང་མ་འགྲོ་ཤིག་།ལ་ལ་ཞིག་ངའི་བུ་དེ་ལ་བལྟ་བ་འམ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་ན་དེའི་ལུས་ལ་གནོད་པའི་ཆད་པས་བཅད་དོ། །དེའི་ཚེ་ཤཱཀྱའི་བུ་དགའ་བའི་བཞིན་ཞེས་བྱ་བ་ཞིག་འཁོར་དེ་ནས་བྱུང་ནས་སོང་བར་གྱུར་ཏེ། ཤཱཀྱའི་བུ་དགའ་བའི་བཞིན་གྱིས་ཚེ་དང་ལྡན་པ་འཆར་ཀ་རྒྱང་རིང་པོ་ནས་འོང་བ་མཐོང་ནས་ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་སྟེ། ཚེ་དང་ལྡན་པ་འཆར་ཀ་ལ་ཡང་དག་པར་མགུ་བར་བྱས་ནས་ཚེ་དང་ལྡན་པ་འཆར་ཀ་བྱོན་པ་ལེགས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡུན་ཀྱང་རིང་ཞིག་ནས་བྱོན་ཏོ། །ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བར་བཞུགས་སམ། མི་བདེ་བ་མི་མངའ་འམ། དེ་ལ་ཉམ་ང་བ་ཅི་ཡང་མི་མངའ་འམ། བཅོམ་ལྡན་འདས་བདེ་བར་བྱོན་ཏམ། ཤིན་དུ་མ་མཉེལ་ཏམ། བསོད་སྙོམས་ཀྱིས་འོ་མ་རྒྱལ་ཏམ། དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འཆར་ཀས་ཤཱཀྱའི་བུ་དགའ་བའི་བཞིན་ལ་འདི་སྐད་ཅེས་སྨྲས་སོ། །དགའ་བའི་བཞིན་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ལ་སྙུན་མི་མངའོ། །སྟོབས་དང་ལྡན་ནོ། །བདེ་བར་བཞུགས་སོ། །མི་བདེ་བ་མི་མངའོ། །དེ་ལ་ཉམ་ང་བ་ཅི་ཡང་མི་མངའོ། །བདེ་བར 81.9a བྱོན་ཏོ། །མཉེལ་བ་མེད་དོ། །བསོད་སྙོམས་ཀྱིས་འོ་བརྒྱལ་བ་མེད་དོ། །ཤཱཀྱའི་བུ་ཤིན་དུ་ལེགས་པར་སད་ཀྱིས་ཀྱང་ཤཱཀྱའི་བུ་དགའ་བའི་བཞིན་ཚེ་དང་ལྡན་པ་འཆར་ཀ་དང་ལྷན་ཅིག་དབེན་པ་ན་འཁོད་པ་མཐོང་ནས་འཁོར་དེ་ནས་བྱུང་སྟེ། ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་ནས་ཚེ་དང་ལྡན་པ་འཆར་ཀ་ལ་ཡང་དག་པར་མགུ་བར་བྱས་ཏེ། ཚེ་དང་ལྡན་པ་འཆར་ཀ་ཚུར་སྤྱོན། ཚེ་དང་ལྡན་པ་འཆར་ཀ་བྱོན་པ་ལེགས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡུན་ཀྱང་རིང་ཞིག་ནས་བྱོན་ཏོ། །ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བར་བཞུགས་སམ། མི་བདེ་བ་མི་མངའ་འམ། དེ་ལ་ཉམ་ང་བ་ཅི་ཡང་མི་མངའ་འམ། བཅོམ་ལྡན་འདས་བདེ་བར་བྱོན་ཏམ། ཤིན་དུ་མ་མཉེལ་ཏམ། བསོད་སྙོམས་ཀྱིས་འོ་མ་བརྒྱལ་ཏམ། དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འཆར་ཀས་ཤཱཀྱའི་བུ་ཤིན་དུ་ལེགས་པར་སད་ལ་འདི་སྐད་ཅེས་སྨྲས་སོ། །ཤིན་དུ་ལེགས་པར་སད་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ལ་སྙུན་མི་མངའོ། །སྟོབས་དང་ལྡན་ནོ། །བདེ་བར་བཞུགས་སོ། །མི་བདེ་བ་མི་མངའོ། །དེ་ལ་ཉམ་ང་བ་ཅི་ཡང་མི་མངའོ། །བདེ་བར་བྱོན་ཏོ། །མཉེལ་བ་མེད་དོ། །བསོད་སྙོམས་ཀྱིས་འོ་བརྒྱལ་བ་མེད་དོ། །ཤཱཀྱའི་བུ་མྱ་ངན་མེད་དང ། མྱ་ངན་བྲལ་གྱིས་ཀྱང་ཚེ་དང་ལྡན་པ་འཆར་ཀ་དང ། ཤཱཀྱའི་བུ་དགའ་བའི་བཞིན་དང ། ཤཱཀྱའི་བུ་ཤིན་དུ་ལེགས་པར་སད་གནས་དབེན་པ་ན་འཁོད་པ་མཐོང་ནས་ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་སྟེ། ཚེ་དང་ལྡན་པ་འཆར་ཀ་ལ་ཡང་དག་པར་མགུ་བར་བྱས་ནས་ཚེ་དང་ལྡན་པ་འཆར་ཀ་ཚུར་སྤྱོན། ཚེ་དང་ལྡན་པ་འཆར་ཀ་བྱོན་པ་ལེགས་སོ། །ཚེ་དང་ལྡན་པ 81.9b འཆར་ཀ་ཡུན་ཀྱང་རིང་ཞིག་ན་བྱོན་ཏོ། །ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བར་བཞུགས་སམ། མི་བདེ་བ་མི་མངའ་འམ། དེ་ལ་ཉམ་ང་བ་ཅི་ཡང་མི་མངའ་འམ། བཅོམ་ལྡན་འདས་བདེ་བར་བྱོན་ཏམ། ཤིན་དུ་མ་མཉེལ་ཏམ། བསོད་སྙོམས་ཀྱིས་འོ་མ་བརྒྱལ་ཏམ། དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འཆར་ཀས་ཤཱཀྱའི་བུ་མྱ་ངན་མེད་པ་དང ། མྱ་ངན་བྲལ་ལ་འདི་སྐད་ཅེས་སྨྲས་སོ། །མྱ་ངན་མེད་པ་དང ། མྱ་ངན་བྲལ་བཅོམ་ལྡན་འདས་ལ་སྙུན་མི་མངའོ། །སྟོབས་དང་ལྡན་ནོ། །བདེ་བར་བཞུགས་སོ། །མི་བདེ་བ་མི་མངའོ། །དེ་ལ་ཉམ་ང་བ་ཅི་ཡང་མི་མངའོ། །བདེ་བར་བྱོན་ཏོ། །མཉེལ་བ་མེད་དོ། །བསོད་སྙོམས་ཀྱིས་འོ་བརྒྱལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་ཆེན་པོ་བཞི་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་དག་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང ། ཤཱཀྱའི་བུ་དེ་དག་གིས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འཆར་ཀ་བདག་ཅག་ནི་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བར་འདོད་ན་བདག་ཅག་གིས་དེ་ལྟར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་ཟས་གཙང་མས་ངའི་བུ་ལ་བལྟ་བ་འམ་བསྙེན་བཀུར་བྱ་བའི་ཕྱིར་སུ་ཡང་མ་འགྲོ་ཤིག་།ལ་ལ་ཞིག་དེ་ལ་བལྟ་བ་འམ། བསྙེན་བཀུར་བྱ་བའི་ཕྱིར་སོང་ན་ལུས་ལ་གནོད་པའི་ཆད་པས་བཅད་དོ་ཞེས་བཀའ་སྩལ་ཏོ། །དེ་བས་ན་འཕགས་པ་འཆར་ཀ་དེ་ལྟར་བདག་ཅག་རྒྱལ་པོས་འཇིགས་པའི 81.10a ཕྱིར་བཅོམ་ལྡན་འདས་ལ་བལྟ་བ་འམ་བསྙེན་བཀུར་བྱེད་དུ་འདོང་བར་མི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་རྒྱལ་པོ་ཟས་གཙང་མ་འདི་ནི་ཤིན་དུ་ཡང་ང་རྒྱལ་གྱིས་ནོན་པར་གྱུར་ན་ཇི་ལྟར་བདག་གིས་དེའི་དྲུང་དུ་འགྲོ་བར་བྱ་སྙམ་ནས་དེས་འདི་སྙམ་དུ་བསམས་སོ། །འོན་ཏང་བདག་གིས་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ལ་སྟེང་གི་བར་སྣང་ལ་སྐྱིལ་མོ་དཀྲུང་བཅས་ཏེ་རྒྱལ་པོ་ཟས་གཙང་མའི་གན་དུ་འགྲོ་བར་བྱའོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་འཆར་ཀས་ཏིང་ངེ་འཛིན་གྱི་རྣམ་པ་དེ་ལྟ་བུ་ལ་མཉམ་པར་བཞག་སྟེ། སེམས་མཉམ་པར་གཞག་པ་དེས་ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས་བར་སྣང་ལ་སྐྱིལ་མོ་དཀྲུང་བཅས་ཏེ། རྒྱལ་པོ་ཟས་གཙང་མ་ག་ལ་བ་དེར་སོང་ངོ ། །རྒྱལ་པོ་ཟས་གཙང་མས་ཀྱང་ཚེ་དང་ལྡན་པ་འཆར་ཀ་རྒྱང་རིང་པོ་ནས་ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ་རྫུ་འཕྲུལ་གྱིས་བར་སྣང་ལ་སྐྱིལ་མོ་དཀྲུང་བཅས་ཤིང་འོང་བ་མཐོང་ནས་དེ་ལ་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་ནས་སྨྲས་པ། ཚོན་བསྒྱུར་གོས་ཅན་ཁྱོད་ནི་གང་ནས་འོངས། །ཁྱོད་ལ་ཅི་དགོས་མྱུར་དུ་སྨྲ་བར་བྱོས། །ཁྱོད་ལ་གང་དགོས་དེ་ཡང་མྱུར་དུ་སྦྱིན། །བརྟུལ་ཞུགས་གྲུབ་པ་མཐོང་བར་ཤིན་དུ་དཀའ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འཆར་ཀས་རྒྱལ་པོ་ཟས་གཙང་མ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། རྒྱལ་པོ་བདག་ནི་ཁྱོད་ཀྱི་སྲས་ཀྱི་བུ། །བདག་ལ་ཆོས་དགོས་རྒྱལ་པོ་གང་ན་བཞུགས། །བདག་ནི་དེ་བཞིན་གཤེགས་པའི་བཤོས་སྐྱེལ་ཏེ། བདེ་བར 81.10b གཤེགས་པ་སྐྱོབ་པའི་བཤོས་བསྐུར་རོ། །ཡུལ་འཁོར་བདག་པོ་ཆེ་བའི་དཔལ་མངའ་བ། །ཁྱོད་ལ་མི་མཆོག་སྲས་མངའ་གྲགས་པ་ཐོབ། །གཟི་བརྗིད་ཀྱིས་ནི་ཕྱོགས་རྣམས་ཀུན་ཏུ་འབར། །སྟོན་གྱི་ཉི་མའི་གུང་གི་འོད་དང་འདྲ། །ཇི་ལྟར་སྤྲིན་མེད་ནམ་མཁའི་ཉི་མ་ནི། །ཕྱོགས་རྣམས་ཀུན་དུ་འོད་བྱེད་མངོན་པར་འབར། །དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས། །ཡེ་ཤེས་མངའ་བས་ཕྱོགས་རྣམས་ཀུན་དུ་སྣང ། །ཇི་ལྟར་སྟོན་གྱི་ཉི་མ་ཤར་བ་ན། །སྲིན་བུ་མེ་ཁྱེར་ཟིལ་གྱིས་མནན་ཅིང་སྣང ། །དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས། །མུ་སྟེགས་གཞན་རྣམས་ཀུན་བཅོམ་ལམ་མེར་བཞུགས། །ཇི་ལྟར་ཉི་མས་ཟིལ་ནོན་སྐར་མ་རྣམས། །ཉིན་བར་འོད་སྟོར་ལམ་མེར་མི་རུང་བ། །དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་སྲས་ཀྱིས། །ཟིལ་གྱིས་མནན་པས་མུ་སྟེགས་གཞན་མི་སྣང ། །ཇི་ལྟར་ཉི་མའི་ཟིལ་ནོན་ཟླ་བ་ནི། །ནམ་མཁའི་དབྱིངས་ནས་འོད་སྟོར་ཉིད་མི་སྣང ། །དེ་བཞིན་ཁྱོད་སྲས་ཟིལ་མནན་མུ་སྟེགས་རྣམས། །ཉི་མའི་ཟིལ་ནོན་ཟླ་བཞིན་གསལ་བ་མེད། །སེང་གེའི་ང་རོ་ཐོས་ནས་ཕྲ་མོ་རྣམས། །ཤུགས་ཀྱིས་རྨོངས་ནས་བསམ་པ་ཇི་བཞིན་དུ། །རི་སུལ་གསེབ་ཏུ་བྱེར་ནས་འཁྲ་ཞིང་གནས། །སྟག་གི་ང་རོ་གཞན་གྱིས་བཟོད་པར་དཀའ། །དེ་བཞིན་རྒྱལ་པོ་དྲང་སྲོང་ཆེན་པོའི་གསུང ། །བདག་མེད་ང་རོ་མུ་སྟེགས་གཞན་ཐོས་ནས། །ཤེས་རབ་དམན་པ་སྲིད་པའི་རྩེར་ཕྱིན་ཀྱང ། །གསུང་ཐོས་པས་ནི་ཐམས་ཅད་འཇིགས་པར་འགྱུར། །ལྷ་དང་བཅས་པའི་འཇིག་རྟེན་ལོང་བ་ལ། ། 81.11a སྤྱན་དང་ལྡན་པ་དེས་ནི་མིག་ཀྱང་སྩལ། །སྣང་བ་མཛད་ཅིང་རྡུལ་ཀྱང་རྣམ་པར་སྦྱངས། །ཡེ་ཤེས་སྣང་བའི་དཀྱིལ་འཁོར་མངོན་པར་ཤར། །བདེ་དང་མི་བདེ་ལམ་གཉིས་རབ་ཏུ་བསྟན། །ལམ་དང་གོལ་བའི་ལམ་ཡང་རྒྱལ་བས་བསྟན། །ལམ་སྟོར་སྐྱེ་བོ་རྣམས་ནི་ལམ་དུ་བཙུད། །འདམ་དུ་བྱིང་བ་རྣམས་ཀྱང་ཐང་ལ་བཏོན། །ཇི་ལྟར་སྐོམ་པའི་ས་ལ་སྤྲིན་གྱིས་ནི། །སྒང་དང་གཤོང་བཅས་ཆར་གྱིས་ངོམས་པར་བྱེད། །དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས། །འགྲོ་བ་ལྷ་བཅས་ཆོས་ཀྱིས་ངོམས་པར་མཛད། །ཇི་ལྟར་ཆར་གྱིས་ངོམས་པའི་རི་སུལ་ནགས། །རྩཝ་དང་གེལ་བ་ནགས་ཚལ་ཤིང་རྣམས་དང ། །འཁྲི་ཤིང་སྡོང་པོ་སྨན་གྱི་རྣམ་པ་དང ། །མེ་ཏོག་སྣ་ཚོགས་རྣམས་ཀྱིས་ས་མཛེས་པ། །དེ་བཞིན་སྟོབས་བཅུ་མི་འཇིགས་མངའ་བ་དང ། །མ་འདྲེས་བཅཝོ་བརྒྱད་ཆོས་མངའི་སྡོང་པོ་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མེ་ཏོག་དང ། །འབྲས་བུས་སྤྲས་པས་རྒྱལ་པོའི་སྲས་མཛེས་སོ། །ཇི་ལྟར་རྒྱ་མཚོའི་དབུས་ན་ལྷུན་པོའི་རི། །ལྷའི་གནས་གྱུར་མི་སྒུལ་རྣམ་པར་མཛེས། །དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས། །དགེ་སྦྱོང་རྒྱ་མཚོའི་ནང་ན་རྣམ་པར་མཛེས། །བདེ་སོགས་ཁྱིམ་ཐབ་བརྒྱ་བྱིན་ལྷ་དབང་པོ། །ལྷ་ཡི་སྟན་ལ་འདུག་ན་མཛེས་པ་ལྟར། །དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས། །དགེ་སྦྱོང་ཚོགས་ཀྱི་དབུས་ན་རྣམ་པར་མཛེས། །བྱམས་པའི་སྟོབས་ཅན་ཟབ་མོའི་འབྲུག་བསྒྲགས་ཏེ། །ཐུགས་རྗེ་ཆེན་པོའི་གློག་ཕྲེང་རིར་ལྡན་པས། །དྲན་པ་ཉེར་གཞག་ཆར་རྒྱུན་འདབ་འཁྲིགས་ཏེ། །རྒྱལ་བ་ཀླུ་མཆོག་དེ་ནི་ཆོས་ཆར་འབེབས། །ཡོངས་དག་དཀྱིལ་འཁོར་ཚུལ་ཁྲིམས་རབ་ཀྱི་གཟིར། །ཏིང་འཛིན་ཉོན་མོངས་ལྷ་མིན་རབ་འཇོམ་ཞིང ། །ཡེ་ཤེས་ཉི་ཟེར་སྲིད་པའི་སྲེད་པ་སྐེམས། །རྒྱལ་བའི་ཉི་ཆེན་འགྲོ་བར་རྣམ་པར་མཛེས། །ཏིང་ངེ་འཛིན་དང་ཚུལ 81.11b ཁྲིམས་གཟིངས་དང་གྲུ་ཆེན་ཏེ། །དྲན་པ་ཉེ་བར་གཞག་པའི་ནོར་བུ་རིན་ཆེན་ཚོགས། །བྱང་ཆུབ་ཡན་ལག་རིན་ཆེན་འབྱུང་གནས་བསམ་གཏན་རླབས། །ཐར་པ་འདོད་པས་སངས་རྒྱས་རྒྱ་མཚོ་བསྟེན་པར་བྱ། །ཚུལ་ཁྲིམས་རྣམ་དག་རྩ་བ་བརྟན་པར་ཟུག་།ཏིང་འཛིན་ལོ་མ་དྲན་པ་ཡལ་ག་འདབ། །བྱང་ཆུབ་ཡན་ལག་མེ་ཏོག་སྟོང་པའི་སྡོང ། །བདག་མེད་གྲིབ་ལྡན་རྒྱལ་བའི་སྡོང་པོ་སྟེན། །ཚུལ་ཁྲིམས་ནགས་མཐའ་སྟོན་པའི་སྟོབས་ཆེན་པོ། །ཏིང་འཛིན་ཞི་བའི་རི་ཁྲོད་ཕུག་ན་གནས། །སྟོང་པ་མཚན་མེད་སྨོན་མེད་སྤྱོད་ཡུལ་ཅན། །རྒྱལ་བ་སྟོབས་ཅན་སེང་གེ་ཁྱོད་ཀྱི་སྲས། །ཐུབ་པ་མི་གནས་གནས་པ་རྣམ་པར་སྟོན། །རྒྱལ་བ་ཁྱུ་མཆོག་བརྗིད་པའི་སྟབས་བཞུད་པས། །བྱིས་པ་སོ་སོ་མུ་སྟེགས་གཞན་བསྔགས་ཏེ། །ཁྱོད་ཀྱི་སྲས་ནི་ཁྱུ་མཆོག་སྒྲ་ཡང་འབྱིན། །ཚུལ་ཁྲིམས་གཏེར་དང་ཡོན་ཏན་དབྱིག་གིས་བརྒྱན། །བསམ་གཏན་དང་པོའི་ཞི་གནས་ཉེ་བར་བསྐྱབས། །ཡེ་ཤེས་ཀྱིས་བསྲུངས་ཐར་པའི་སྤྱོད་ཡུལ་ཅན། །རྒྱལ་བ་ཚོང་དཔོན་གཙོ་བོ་ནོར་གཏོང་མཛད། །དགེ་བ་ཡོངས་སུ་བཟུང་བས་སྡིག་བཅོམ་སྟེ། །ཉོན་མོངས་ཞི་མཛད་དགེ་བསྟེན་བཀའ་སྩོལ་པས། །ལྷ་དང་ལྷ་མིན་བཅས་པའི་འཇིག་རྟེན་ན། །རྒྱལ་པོ་ཁྱོད་ཀྱི་སྲས་མཆོག་རྣམ་པར་མཛེས། །ཚུལ་ཁྲིམས་མཆོག་སྤྲིན་བློ་གྲོས་གློག་འབྱིན་ཅིང ། །ཡན་ལག་བརྒྱད་ལམ་ཆར་ཆེན་རླན་གྱིས་སླེབས། །ཐུབ་པ་གཅེས་པའི་ལོ་ཏོག་འབྲས་བུ་སྩོལ། །ཁྱོད་ཀྱི་སྲས་ནི་ཀླུ་ཆེན་འབྲུག་སྒྲ་སྒྲོགས། །རྒྱལ་པོས་སྨྲས་པ། གང་ཟག་མཆོག་དེ་བདེ་བར་འོངས་སམ་ཅི། །བསོད་སྙོམས་རྒྱུ་བས་འདྲེན་པ་མ་ངལ་ལམ། །དེ་ཡི་ལུས་ལ་ངལ་བས་དུབ་མེད་དམ། །ཐང་གནས་ཨུད་པ་ལ་བཞིན་མ་རྙིས་སམ། །འཆར་ཀས་སྨྲས་པ། རྫུ་འཕྲུལ་སྟོབས་མངའ་བསམ་གཏན་སྤྱོད་ཡུལ་ཅན། །དགྱེས་ཤིང 81.12a བདེ་བས་ཡན་ལག་ཡོངས་རྒྱས་ཏེ། །ཐུབ་པ་ཞི་བའི་སྙོམས་འཇུག་གནས་བཅས་པས། །གསེར་གྱི་པད་མ་ལྟ་བུར་རྒྱལ་མི་རྙིས། །རྒྱལ་པོས་སྨྲས་པ། སྔན་ཆད་རྫ་རྔ་རྔ་བྲན་སྒྲས་བསྐུལ་ཞིང ། །གླིང་བུའི་སྒྲ་རྙན་ང་རོས་བསྐུལ་བྱས་ཏེ། །བུད་མེད་གླུ་ཡི་དབྱངས་ཀྱིས་བསླང་བསླང་ནས། །ད་ལྟར་སད་ན་སྡུག་བསྔལ་མི་མྱོང་ངམ། །འཆར་ཀས་སྨྲས་པ། བསམ་གཏན་དགོངས་པས་ཏིང་འཛིན་ཞི་ཡུལ་ཅན། །ཏིང་འཛིན་བསྒྲུབ་པའི་ཚུལ་ལ་མཁས་པ་སྟེ། །མནལ་ཏམ་བཞེངས་སམ་བཞུད་དམ་བཞུགས་པ་ན། །སྡུག་བསྔལ་མི་མངའ་རྒྱལ་བ་རྟག་ཏུ་དགྱེས། །རྒྱལ་པོས་སྨྲས་པ། ཆེ་བའི་རྐྱེན་འོས་མལ་མཆོག་བཤམས་པ་ལ། །མེ་མར་སྡོང་པོས་ཀུན་ནས་མཐའ་བསྐོར་ཏེ། །བུད་མེད་ཚོགས་ཀྱིས་བསྐོར་ཅིང་ཉལ་ཉལ་ན། །ད་ལྟར་མུན་པར་ཉལ་ན་ཅིས་མི་རྨོངས། །འཆར་ཀས་སྨྲས་པ། ཐུབ་ཆེན་འཕགས་པ་གཟིམས་མལ་གཟིམས་པ་ནི། །བྱམས་པའི་གདན་བཏིང་ཐུགས་རྗེས་བདེ་བར་བཞེངས། །དགའ་བའི་གནས་པས་དགྱེས་དང་ལྡན་པས་ན། །སྲིད་མེད་བཏང་སྙོམས་ཅན་ལ་རྨོངས་མི་མངའ། །རྒྱལ་པོས་སྨྲས་པ། ཤཱཀྱ་དཔའ་བོས་དེ་རྟག་མདུན་དུ་བདར། །བསྟན་བཅོས་མཁས་དང་རྩེ་ཞིང་དགའ་བྱས་ཏེ། །གཞལ་མེད་ཁང་འདྲའི་ཁྱིམ་དུ་དགའ་བྱས་ན། །ང་ཡི་བུ་དེ་ནགས་མཐར་ཇི་ལྟར་དགའ། །འཆར་ཀས་སྨྲས་པ། ཆོས་ཀྱིས་བྱུང་བ་ཞི་སེམས་ལྡན་རྣམས་ཀྱིས། །ཞི་བའི་ཐུགས་མངའ་དེ་རྟག་མདུན་དུ་བདར། །ཞི་བའི་དགོན་པར་ཞི་བ་བསྟེན་མཛད་པས། །སྟོན་པ་འཇིགས་བྲལ་དེ་ནི་དེར་དགྱེས་སོ། །རྒྱལ་པོས་སྨྲས་པ། སྔན་ཆད་གཞོན་ནུ་ཁྱིམ་ན་གནས་པའི་ཚེ། །ཡན་ལག་སྤོས་ཀྱི་འབྲུ་མར་ཞིམ་བྱུགས་ཏེ། །རྒྱལ་པོའི་རྐྱེན་དུ་འོས་པས་ཁྲུས་བྱས་ན། །ནགས་ཀྱི་མཐའ་ན་ཐུབ་པ་སུ་ཡིས་བཀྲུ། ། 81.12b འཆར་ཀས་སྨྲས་པ། ཁྲིམས་གཙང་འབབ་སྟེགས་ཆོས་ཆུ་རྫིང་བུ་སྟེ། །ཐུབ་པ་དེས་བཀྲུས་གཞན་ཡང་བཀྲུ་བ་མཛད། །སྐུ་ལ་མི་གཤེར་སྲས་དང་བཅས་སུ་འབོག་།རང་ཡང་རྒལ་ལ་སྐྱེ་བོ་ཕལ་ཆེར་སྒྲོལ། །རྒྱལ་པོས་སྨྲས་པ། གསེར་གྱི་སྐུད་པ་ནོར་བུའི་ཕྲེང་བས་བརྒྱན། །རྒྱལ་པོའི་རྐྱེན་འོས་གོས་མཆོག་བཟང་པོ་གྱོན། །ཙན་དན་ཞིམ་པོས་ཤིང་འདབ་ལེགས་པར་བྲིས། །ནགས་ཆེན་དེ་གསེབ་ཐུབ་པ་སུ་ཡིས་བརྒྱན། །འཆར་ཀས་སྨྲས་པ། ཚུལ་ཁྲིམས་སྤོས་བྱུགས་ཡོན་ཏན་ཕྲེང་བས་བརྒྱན། །ཁྲེལ་ཡོད་ན་བཟའ་ཏིང་འཛིན་བསམ་གཏན་རྒྱན། །མངོན་ཤེས་རིག་པ་རྣམ་ཐར་བརྒྱན་པའི་སྐུ། །རྣམ་གྲོལ་གཟི་མངའ་ཐུབ་པ་ནགས་ན་མཛེས། །རྒྱལ་པོས་སྨྲས་པ། རྩེ་གཉིས་མཚོན་དང་རལ་གྲི་མཚོན་ཐོགས་པའི། །དཔའ་བོ་གཡུལ་དུ་འོངས་པས་ལུས་བསྲུངས་ཏེ། །བླ་རེ་གདུགས་ཀྱིས་རྟག་ཏུ་དགབ་དགབ་པ། །གཅིག་པུ་ནགས་ན་འདུག་ན་སུ་ཡིས་བསྲུང ། །འཆར་ཀས་སྨྲས་པ། བྱམས་པའི་སྟོབས་ཀྱིས་ཐུབ་པ་ཡོངས་བསྲུངས་ཏེ། །དེ་དཔུང་ཡེ་ཤེས་ཉན་ཐོས་ཞབས་འབྲིང་གཡོག་།ཡོན་ཏན་ཚོགས་ལ་ངེས་པས་འཇིགས་མི་མངའ། །སྟོབས་བཅུ་དགྱེས་པ་མངའ་ཞིང་མི་འཇིགས་བརྙེས། །རྒྱས་པོས་སྨྲས་པ། ང་ཡི་བུ་ཡི་ཡོན་ཏན་ཁྱོད་ཀྱིས་སྨྲས། །ཆོས་ལེགས་སྤྱོད་ཅིང་དུབ་མེད་བརྗོད་པ་ཐོས། །ཁྱོད་ཀྱང་ཟན་ཟོ་བསོད་སྙོམས་བཀུར་བར་གྱིས། །བདག་ཀྱང་མི་ཡི་དབང་པོ་ལྟར་འགྲོའོ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འཆར་ཀས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དེ་ནི་ཚོགས་ཀྱི་སློབ་དཔོན། ཚོགས་ཀྱི་མཆོག་།དགེ་སྦྱོང་གི་ཚོགས་ཡོངས་སུ་སྡུད་པ། དྲང་སྲོང་ཆེན་པོ་སྟེ། དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་དགེ་སྦྱོང་གི་རྒྱལ་པོ་ལམ་མེ་ 81.13a ལྷན་ནེ་ལྷང་ངེའོ། །རྒྱལ་པོ་འདི་ལྟ་སྟེ། དཔེར་ན། ཟླ་བ་ཡར་གྱི་ངོ་ཚེས་བཅཝ་ལྔ་ལ་ཟླ་བ་ཉ་སྟེ་ཡོངས་སུ་རྒྱས་པའི་ཚེ་སྐར་མའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་ནི་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་ཡང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་ལམ་མེ་ལྷན་ནེ་ལྷང་ངེའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཉི་མ་ནི་སྟོན་ཀའི་དུས་ན་ཤིན་དུ་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་ཡང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་ཤིན་དུ་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ན་འདུག་པ་ནི་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་ཡང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་ནི་ཆོས་བཟང་ལྷའི་མདུན་ས་ན་གནས་ན་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་ཡང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་ལྷའི་བུ་རབ་འཐབ་བྲལ་དང ། ལྷའི་བུ་ཡོངས་སུ་དགའ་ལྡན་དང ། ལྷའི་བུ་རབ་འཕྲུལ་དགའ་དང ། ལྷའི་བུ་གཞན་འཕྲུལ་དབང་བྱེད་ལྷའི་ཚོགས་ཀྱི་ནང་ན་གནས་ན་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་མི་མཇེད་ཀྱི་བདག་པོ་ཚངས་པ་ནི་ཚངས་པ་བྱེ་བ་ཕྲག་སྟོང་གིས་བསྐོར་ན་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་ཡང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་ནས་རྒྱལ་པོ་ཟས་གཙང་མ་བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་ལྟ་བུ་བརྗོད་པ་འདི་ཐོས་ནས་འདི་སྙམ་དུ་སེམས 81.13b ཏེ། འདི་ནི་བཅོམ་ལྡན་འདས་དེའི་ཉན་ཐོས་སུ་ཟད་ན་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་ལ་འདི་ལྟར་དབང་ཆེ་བར་གྲགས་ན། བཅོམ་ལྡན་འདས་ཐོག་མ་བཙས་པ་ཉིད་ཀྱི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་།ཀུན་དུ་རབ་ཏུ་ལྡེག་།ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། འཁྲུགས་རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས་ཤིང་སྣང་བ་དཔག་ཏུ་མེད་པ་བྱུང་བ་ལྟ་ཅི་སྨོས། བཙས་མ་ཐག་ཏུ་སུས་ཀྱང་མ་བརྟེན་པར་ས་ལ་གོམ་པ་བདུན་བོར་བ་དང ། སྟེང་གི་བར་སྣང་ལས་ཆུའི་རྒྱུན་གྲང་དྲོ་རྣམ་པ་གཉིས་བྱུང་སྟེ། དེ་གཉིས་ཀྱིས་ཁྲུས་བྱས་པ་དང ། དེའི་ལྷའི་ཁྲི་བཟང་པོ་དབུས་གསེར་ལས་བྱས་པ་བྱུང་པ་དང ། སྟེང་གི་བར་སྣང་ལས་ལྷའི་གདུགས་དང ། རྔ་ཡབ་དང་བཅས་པ་བྱུང་བ་ལྟ་ཅི་སྨོས། བཙས་མ་ཐག་ཏུ་ལྷ་ཐམས་ཅད་ཕྱག་འཚལ་བར་གྱུར་པ་དང ། གང་གི་ཚེ་བཙས་ནས་གང་གི་ཚེ་མངོན་པར་བྱུང་བ་དེའི་བར་དུ་ནམ་ཡང་འཁྲུལ་པ་མེད་པ། རྟག་ཏུ་དམ་བཅས་པ་ལ་བརྟན་པ། ཇི་སྐད་སྨྲས་པ་དེ་ལྟར་བྱེད་པ། རྟག་ཏུ་རྒྱུན་མི་གཅོད་པར་བརྩོན་འགྲུས་བརྟན་པ། ཡང་དག་པར་སྨྲ་བ། སླུ་བ་མེད་པ་ལྟ་ཅི་སྨོས། གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྒལ་ནས་བསྒྲལ་བར་བྱའོ་ཞེས་སྨྲས་པ་ལྟ་ཅི་སྨོས་སྙམ་སྟེ། དེས་དེ་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་དམ་བཅས་པ་དེ་དྲན་ནས་ཚིགས་སུ་བཅས་པ་འདི་དག་སྨྲས་སོ། །བློ་མཆོག་ལྡན་པ་གང་ཞིག་བལྟམ་མ་ཐག་།ནོར་བ་མེད་པའི་གསུང་ནི་བརྗོད་མཛད་དེ། །གང་ཞིག་ལ་ནི་བདེན་པའི་གསུང་མངའ་བ། ། 81.14a དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །གང་ཞིག་བལྟམ་པར་གྱུར་མ་ཐག་ཉིད་དུ། །འཇིག་རྟེན་གཙོ་བོར་འགྱུར་བར་བྱའོ་ཞེས། །མགོན་པོས་མཉམ་པ་མེད་པའི་གསུང་བརྗོད་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །སུ་ཞིག་རྨིད་ལམ་རྨི་བའི་དུས་ན་ཡང ། །བརྫུན་གྱི་ཚིག་ནི་ནམ་ཡང་མ་གསུངས་ཏེ། །ཇི་སྐད་གསུངས་པ་དེ་ལྟར་མཛད་མཛད་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །གསེར་གྱི་ཕུང་པོ་གངས་རི་མཉམ་པ་ཡིས། །གང་ཞིག་ཆགས་པར་བྱ་བར་མ་ནུས་ཤིང ། །གང་ཞིག་ཆགས་ལས་རྣམ་པར་འདས་གྱུར་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །མཚོན་རྣོན་འདྲ་བའི་ངག་རྩུབ་ཚིག་རྣམས་ཀྱིས། །གང་ཞིག་ཁྲོ་བར་བྱ་བར་མ་ནུས་ཤིང ། །ཞེ་སྡང་དངོས་པོ་ལས་ནི་རབ་འདས་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །ཆགས་པར་འགྱུར་དང་ཞེ་སྡང་རྨོངས་འགྱུར་བས། །གང་ཞིག་ཐུལ་བར་ནུས་པར་མ་གྱུར་ཏེ། །ཤེས་རབ་རྒྱལ་པོ་དང་ནི་ལྡན་གྱུར་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །འདོད་པའི་དགའ་དང་བདེ་རྣམས་དུ་མ་དང ། །ལོངས་སྤྱོད་དག་ལ་རྟོག་པའི་རྣམ་པ་ཡིས། །གང་ཞིག་བཅིང་བར་ནུས་པར་མ་གྱུར་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །རྨད་དུ་བྱུང་བ་རྣམ་པར་བརྒྱད་དག་གིས། །ངོ་མཚར་འཛིན་གཞུག་ནམ་ཡང་མ་ནུས་ཏེ། །དཔལ་སྟུག་ལྡན་ཞིང་རྟག་ཏུ་མི་དམ་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །མཁས་པ་དག་གིས་བརྗོད་པའི་ཚིག་སྙན་པ། །རྣམ་པ་སྣ་ཚོགས་དུ་མའི་ཚིག་གིས་ཀྱང ། །གང་ཞིག་བཅིང་བར་ནུས་པར་མ་གྱུར་པ། །དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། །དོན་གྱི་ཚུལ་ལ་བརྩོན་དང་ལྡན་པ་དང ། །ཆོས་དང་འདོད་ལ་ངེས་པའི་ཚིག་རྣམས་ཀྱིས། །གང་ཞིག་བཅིང་བར་ནུས་པར་མ་གྱུར་པ། །དེ་ཡིས་གསུང་ལ་སུ 81.14b ཞིག་ཡིད་མི་ཆེས། ། དྲི་མ་མེད་སྟོབས་མཐའ་ཡས་ལྡན་གྱུར་པ། །གང་ཞིག་གྲོང་ཁྱེར་མཆོག་ནས་འབྱུང་བའི་ཚེ། །དཔུང་རྣམས་ཀྱིས་ནི་ཐུབ་པར་མ་གྱུར་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །བྱང་ཆུབ་དམ་པ་མངོན་པར་བཞེད་པའི་ཕྱིར། །གང་ཞིག་འདོད་པའི་བདེ་བ་སྤངས་ནས་སུ། །འཆི་མེད་རྒྱུ་ཕྱིར་རི་དགས་སྤྱོད་མཛད་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །བྱང་ཆུབ་དམ་པ་མངོན་པར་བཞེད་པའི་ཕྱིར། །ཞན་པ་མ་ཡིན་སེམས་ཅན་གང་ཞིག་གིས། །ལོ་དྲུག་བར་དུ་དཀའ་ཐུབ་དྲག་སྤྱད་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །འཇིག་རྟེན་ལ་ནི་ཕན་དང་བདེ་བའི་ཕྱིར། །བྱང་ཆུབ་དམ་པ་དོན་དུ་གཉེར་བ་ན། །ལོ་དྲུག་ལོན་པའི་ཐ་མར་ཚོད་ཁུ་གསོལ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །གང་ལ་ལོ་དྲུག་བར་དུ་བདུད་ཀྱིས་ནི། །རྟག་ཏུ་ཕྱི་བཞིན་འབྲེངས་ཏེ་གླགས་བཙལ་ཀྱང ། །དེ་ལ་གླགས་ནི་རྙེད་པར་མ་གྱུར་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །གང་ཞིག་འདོད་ཆགས་ཞེ་སྡང་བྲལ་གྱུར་ཅིང ། །སུ་ལ་ཅུང་ཟད་ཙམ་ཡང་མི་སློང་ལ། །འཇིག་རྟེན་དག་གི་དོན་ནི་མཛད་གྱུར་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །གང་ཞིག་གཞན་ལ་གསན་པ་མ་མཛད་པར། །རྟོགས་པར་དཀའ་བ་རབ་ཏུ་ཞི་བ་ཡི། །བྱང་ཆུབ་བླ་མེད་མངོན་རྫོགས་སངས་རྒྱས་པ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །གང་ཞིག་ཚངས་པ་ཉིད་ཀྱིས་གསོལ་བཏབ་པས། །བཅོམ་ལྡན་འདས་ཀྱིས་དེ་ཡི་ཚིག་གསན་ཏེ། །ཉིད་ཀྱིས་ཆོས་ནི་རབ་ཏུ་བཤད་པ་ན། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །གང་ཞིག་བདག་ལ་ཐུགས་བརྩེ་དོན་གྱི་ཕྱིར། །ཤཱཀྱའི་གྲོང་ཁྱེར་ཁྱིམ་དུ་བྱོན་གྱུར་ཏེ། །ཤཱཀྱའི་ཚོགས་རྣམས་གྲོལ་བར་མཛད་པ་ན། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །རྒལ་བར་གྱུར་པའི་བཅོམ་ལྡན་འདས་གང་གིས། ། 81.15a སྔོན་གྱི་ཐུགས་དམ་བཅས་པ་དགོངས་མཛད་དེ། །བདག་ཅག་སྲིད་པའི་རྒྱུན་ལས་སྒྲོལ་མཛད་ན། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །དེ་དུས་ད་བབ་དེ་ལྟར་དུས་མཁྱེན་པས། །བཅོམ་ལྡན་འདས་ཀྱིས་དེ་ཡི་དུས་མཁྱེན་ཏེ། །འདྲེན་པ་དུས་སུ་ཐུགས་བརྩེ་མཛད་པ་པོ། །དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། །མི་ཡི་འདྲེན་པ་ཡི་ནི་སྐུ་མཆོག་ལ། །བལྟ་བའི་དོན་དུ་བདག་ནི་འགྲོ་བྱ་ཞེས། །རྒྱལ་པོ་དེས་ནི་རང་གི་སེམས་ཀྱིས་སུ། །དེ་སྙམ་དུ་ནི་རྗེས་སུ་བསམ་པ་བྱས། །དེ་ནས་རྒྱལ་པོ་ཟས་གཙང་མས་དེ་ལྟར་རིང་ཞིག་ཏུ་རྗེས་སུ་བསམས་ནས་ཚེ་དང་ལྡན་པ་འཆར་ཀ་ལ་སྨྲས་པ། དགེ་སློང་ཁྱོད་ལ་ཅི་ཞིག་དགོས། དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འཆར་ཀས་རྒྱལ་པོ་ཟས་གཙང་མ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་དོན་དུ་བསམ་བྱས་ཏེ། །ཁྱོད་ཉིད་དད་པར་བྱ་ཕྱིར་བདག་འདིར་འོངས། །སྟོབས་བཅུ་མངའ་ལ་དད་པའི་སེམས་བསྐྱེད་ན། །སྐྱེས་པ་བུད་མེད་དག་ཀྱང་མཐོ་རིས་འདོང ། །སྟོབས་བཅུ་མངའ་ཞིང་ཡོན་ཏན་ཚད་མེད་ལྡན། །དྲང་སྲོང་ཆེན་པོ་ཤཱཀྱ་དགའ་མཛད་པ། །འདིར་བྱོན་རྒྱལ་པོ་ཐུགས་དང་སྐྱེད་ཅིག་དང ། །ཁྱོད་ཀྱི་གྲགས་པ་ཚད་མེད་འཇིག་རྟེན་འབྱུང ། །ཁྱོད་ཀྱི་སྲས་ནི་མི་དབང་དམ་པ་སྟེ། །སྟོབས་བཅུ་ཐུགས་རྗེ་ཐུགས་བརྩེ་ཆེ་མངའ་བ། །ཆུ་ཁྲོད་པད་མ་ཇི་བཞིན་ཆགས་མེད་པར། །སྟོབས་བཅུ་ཆགས་མེད་ཐུགས་མངའ་སྤྱོད་པ་མཛད། །སྲིད་པའི་ཆུ་བོ་བཞི་ལས་རྒལ་གྱུར་ནས། །འགྲོ་བ་མང་པོ་ཆུ་བོ་ཆེ་ལས་སྒྲོལ། །རྐང་གཉིས་གཙོ་བོ་མི་འཇིགས་ཐང་འདོན་གྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །སྲིད་པའི་ཟུག་རྔུ་བཞི་པོ་ཀུན་བཏོན་ཏེ། །སྨན་པའི་གཙོ་བོ་སྐྱེ་དགུའི་ཟུག་རྔུ་འབྱིན། །གསོ་བ་བྱེད་པ་མཁས་པ་དམ་པའི་མཆོག་།འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། ། 81.15b བདུད་ཀྱི་སྡེ་ཆེན་དཔག་མེད་ཕམ་མཛད་དེ། །ནག་པོའི་ཕྱོགས་རྣམས་སྡེར་བཅས་ཡོངས་མནན་ནས། །མཆོག་ཏུ་ཞི་བའི་བྱང་ཆུབ་བརྙེས་གྱུར་གྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །འགྲོ་བ་དགྲོལ་ཞིང་ཆོས་ཀྱང་བསྟན་པ་དང ། །འཆི་མེད་ཞི་བ་མི་ལ་བཤད་གསོལ་ཞེས། །མི་དབང་ལ་ནི་ལྷ་དབང་གསོལ་འདེབས་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །ཕས་ཀྱི་རྒོལ་བའི་ཚོགས་རྣམས་ཟིལ་མནན་ཏེ། །སྟོན་པ་དཔག་ཡས་འཁོར་ལོ་རབ་བསྐོར་ནས། །སེམས་ཅན་བྱེ་བ་ཚད་མེད་འདུལ་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །རྣམ་དག་སྤྱན་མངའ་དེ་ནི་འགྲོ་བ་དག་།མུན་པ་རབ་རིབ་སྟུག་པོས་བསྒྲིབས་པ་ཡི། །མིག་སྦྱོང་རབ་རིབ་སེལ་ཅིང་གསལ་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །རྒ་དང་འཆི་བའི་འཇིགས་པས་ཉོན་མོངས་ལ། །རྒ་ཤི་མེད་མཆོག་མི་ལ་སྟོན་མཛད་ཅིང ། །འཆི་མེད་གནས་སུ་སེམས་ཅན་འདོན་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །མེ་ཆེན་གསུམ་གྱིས་བསྲེགས་པའི་འཇིག་རྟེན་འདི། །མེས་ཚིག་ས་ལ་སྤྲིན་ཆེར་ཆར་པ་བཞིན། །བཞི་གཉིས་དམ་པའི་སྤྲིན་གྱི་ཆར་འབེབས་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །དྲི་གསུམ་དྲི་མ་སྤངས་ཤིང་སྐྱོན་གསལ་ཏེ། །དྲི་མ་གསུམ་ལས་སྐྱེ་བོ་འགྲོལ་མཛད་ཅིང ། །སྟོབས་བཅུ་རྣམ་པར་སྣང་བ་སྐྱེད་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །སྐྱེ་དགུ་ཀུན་ལ་ཕ་བཞིན་ཐུགས་བརྩེ་བས། །སྟོབས་བཅུ་ཐུགས་རྗེས་མངའ་བ་བྱམས་པར་དགོངས། །ཐུགས་རྗེ་ཐུགས་བརྩེས་སེམས་ཅན་འགྲོལ་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །བཅོམ་ལྡན་དེ་ནི་མ་དུལ་སེམས་ཅན་འདུལ། །ཐུགས་རྗེ་མངའ་བ་མ་ཞི་ཞི་མཛད་ཅིང ། །རྒོད་པ་རྣམས་ཀྱང་ཉོན་མོངས་ཞི 81.16a མཛད་ཀྱིས། ། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །སྐྱེ་བོ་རྣམས་ཀྱི་སྲིད་པའི་རྒྱ་མཚོ་སྐེམས། །རྒྱ་མཚོ་ལས་ནི་ལྷ་བུས་ཇི་ལྟ་བར། །སྟོབས་བཅུ་ཐུགས་རྗེ་ཆེ་མངའ་སྒྲོལ་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །ཚད་མྱེད་ཡོན་ཏན་ཚོགས་ཀྱིས་མཛེས་གྱུར་པ། །ཐུགས་རྗེ་ཆེན་པོ་དད་པའི་ཐུགས་ཀྱིས་སྤྱོད། །ཡུན་རིང་འཁྲུགས་པའི་སྐྱེ་བོ་དད་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །ནོར་བུ་རིན་ཆེན་ཆུ་དང་བྱེད་པ་བཞིན། །རྒྱལ་བ་སྐྱེ་བོ་དང་བར་སྤྱོད་མཛད་ཅིང ། །མི་ཡི་འཐབ་རྙོག་རབ་ཏུ་དང་མཛད་ཀྱིས། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །ནོར་བུ་རིན་ཆེན་རང་བཞིན་ཡོངས་དག་པ། །མཁས་པའི་སྐྱེ་བོ་དགའ་བ་ཡོངས་སུ་སྐྱེད། །རྒྱལ་བ་དེ་བཞིན་སྐྱོན་བསལ་དག་པའི་ཐུགས། །མཁས་པའི་སྐྱེ་བོ་དགའ་བ་ཡོངས་སུ་སྐྱེད། །འཇིག་རྟེན་གཙོ་ལ་དད་པ་ཐོབ་གྱུར་ན། ལྷ་དང་མི་དག་སྡུག་བསྔལ་ཁུར་ཡང་འདོར། །སྲིད་པའི་རྒྱུད་སྤངས་ཞི་བ་མཆོག་ཏུ་འདོང ། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །བདག་གིས་ཡོན་ཏན་ཕྱོགས་གཅིག་བརྗོད་པ་ནི། །ནམ་མཁའི་དབྱིངས་ལ་མཁའ་ལྡིང་རྗེས་བཞིན་ཏེ། །བདག་ནི་རྒྱལ་བའི་ཡོན་ཏན་མཐར་ཕྱིན་མིན། །འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། །དེ་ནས་རྒྱལ་པོ་ཟས་གཙང་མས་ཚེ་དང་ལྡན་པ་འཆར་ཀ་ལས་ལེགས་པར་བཤད་པ་ཡང་ཐོས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཛད་པའི་ཡོན་ཏན་དེ་ལྟ་བུ་ཡང་ཉིད་ཀྱིས་མངོན་དུ་མཐོང ། སྔོན་བདག་རྒལ་ནས་སྐྱེས་བུ་ཁྱུ་མཆོག་ཁྱོད་ཀྱང་བསྒྲལ་བར་བགྱིའོ། །ཞེས་དམ་བཅས་པ་ཡང་རྗེས་སུ་དྲན་ནས་དེའི་ཚེ་བཅོམ་ལྡན་འདས་ལ་དད་པ་ཐོབ་པར་གྱུར་ཏོ། །དེ་ལྟར་དད་པ་ཐོབ་པའི་སེམས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ནི 81.16b ངའི་བུའི་ཆོས་ལས་སྐྱེས་པའི་བུ་ཡིན་ན། ཁྱོད་བདག་ཟན་ཟོ་ལ་བཅོམ་ལྡན་འདས་ཀྱི་བཤོས་ཁྱེར་ཏེ་སོང་ཤིག་།ང་ཡང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཕྱི་བཞིན་འོང་ངོ ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་ལྟར་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱས་ནས་ཟན་ཟོས་ཏེ་བཅོམ་ལྡན་འདས་ཀྱི་བཤོས་ཁྱེར་ནས་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོ་ཟས་གཙང་མ་ནི་དགེ་སློང་འཆར་ཀས་དད་པར་བྱས་ཏེ། དེང་སྐྱེ་བོ་ཕལ་པོ་ཆེའི་དོན་དུ་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ཀྱི་བཤོས་ཁྱེར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བདག་གིས་བྱས་པ་རྣམས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། འཆར་ཀ་ལེགས་སོ་ལེགས་སོ། །དེ་རིང་རྒྱལ་པོ་ཟས་གཙང་མ་དད་པར་བྱས་པས་ཁྱོད་ཀྱིས་བསོད་ནམས་མང་དུ་བསྐྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་རིང་དགེ་སློང་འཆར་ཀས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པ་དེ་ལ། གལ་ཏེ་གཟུགས་ཤིག་ཡོད་ན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་བསོད་ནམས་གྱི་ཕུང་པོ་དེ་མི་ཤོང་སྟེ། བསོད་ནམས་ཀྱི་ཕུང་པོ་དེ་ནི་དེ་ཙམ་དུ་དཔག་ཏུ་མེད་དོ།། །། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ནས་ཕྱག་བཅབས་ལྷུང་བཟེད་བཀྲུས་ཏེ། མཚན་མའི་རྣམ་པ་འདི་ལྟ་བུ་མཛད་དོ། །མཚན་མའི་རྣམ་པ་དེ་ལྟ་བུའི་མཛད་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན 81.17a བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་པ་འམ། བརྐྱང་པ་ལས་བསྐུམ་པ་ཙམ་གྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་རང་གི་གནས་ནས་མི་སྣང་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བྱང་ཕྱོགས་སུ་བརྟེན་ཏེ། སྟེང་གི་བར་སྣང་ལ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཡང་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་སྔ་མ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཤར་ཕྱོགས་སུ་བརྟེན་ཏེ། སྟེང་གི་བར་སྣང་ལ་དྲི་ཟའི་བུམ་ཚོགས་ཀྱིས་བསྐོར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཡང་གྲུལ་བུམ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་སྔ་མ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལྷོ་ཕྱོགས་ལོགས་སུ་བརྟེན་ཏེ། སྟེང་གི་བར་སྣང་ལ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་མིག་མི་བཟང་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང ། མདུན་དུ་བདར་ནས་སྔ་མ་བཞིན་དུ 81.17b བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ནུབ་ཕྱོགས་སུ་བརྟེན་ཏེ། སྟེང་གི་བར་སྣང་ལ་ཀླུའི་ཚོགས་ཀྱིས་བསྐོར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་སྔ་མ་བཞིན་སྟེང་གི་བར་སྣང་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །དེ་བཞིན་དུ་ལྷའི་རྒྱལ་པོ་རབ་འཐབ་བྲལ་དང ། ཡོངས་སུ་དགའ་ལྡན་དང ། རབ་འཕྲུལ་དགའ་དང ། ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་དང ། ལྷའི་རྒྱལ་པོ་འོད་གསལ་དང ། དགེ་རྒྱས་དང ། འབྲས་བུ་ཆེ་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་གནས་གཙང་མའི་རིས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྟེང་གི་བར་སྣང་ལ་རེ་རེ་ཞིང་ཡང་གཡོག་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱང་ལྷ་མ་ཡིན་ཁྲག་ཁྲིག་ཕྲག་དྲུག་བཅུ་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ལྷ་མ་ཡིན་གྱི་གནས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། 81.18a བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །བྱའི་རྒྱལ་པོ་མདབ་བཟངས་བརྒྱད་ཁྲི་དྲུག་སྟོང་ཡང་རང་རང་གི་གནས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། །གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་རྒྱལ་པོའི་ཁམས་ཐ་དད་པ་ནས་ལྷགས་པ་བྱེ་བ་ཕྲག་བརྒྱད་བཅུ་ཡང་འདུག་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ནམ་མཁའི་ཡོངས་སུ་དག་པའི་དབྱིངས་དཀྱིལ་དུ། མ་ལུས་རྫོགས་གྱུར་ཟླ་བ་ཉ་བ་ཡིས། །སྐར་མའི་ཚོགས་རྣམས་ཟིལ་གྱིས་མནན་ནས་ནི། །ནམ་མཁར་ཟླ་བ་བཞིན་དུ་རྣམ་པར་མཛེས། །ཟླ་བ་དྲི་མེད་དཀྱིལ་འཁོར་ཞལ་མངའ་བ། །མུན་པ་རབ་རིབ་སེལ་ཅིང་དྲི་གསུམ་འཇོམ། །རྟོག་གེ་ཅན་ཚོགས་ཟིལ་གྱིས་མནན་ནས་ནི། །མཁའ་ལ་སྐར་མའི་བདག་པོ་བཞིན་དུ་མཛེས། །ཉི་མའི་འོད་ཟེར་བརྒྱ་ཡི་ལུས་འཛིན་པ། །སྟོན་གྱི་དུས་ན་མུན་སེལ་རྣམ་མཛེས་ཤིང ། །ལྷ་མིན་ཚོགས་རྣམས་ཟིལ་གྱིས་མནན་ནས་ནི། །ཉི་མ་དེ་ནི་པད་མའི་ཁ་ཡང་འབྱེད། །ཉི་མའི་འོད་ཟེར་བརྒྱ་འདྲའི་སྐུ་མངའ་བས། །སྟོང་གསུམ་པོ་དག་ཟིལ་གྱིས་མནན་ནས་ནི། །མི་ཡི་ཉི་མ་རྣམ་པར་མཛེས་གྱུར་ཅིང ། །ཉན་ཐོས་པད་མའི་ཚལ་མཆོག་ཁ་ཡང་འབྱེད། །ལྷ་ཡི་རྒྱལ་པོ་དབང་པོ་བརྒྱ་བྱིན་ནི། །འདུན་སར་ལྷ་ཡི་ཚོགས་ཀྱིས་ཡོངས་བསྐོར་པ། །ལྷ་ཡི་འཁོར་རྣམས་ཟིལ་གྱིས་མནན་ནས་ནི། །བདེ་སོགས་ཁྱིམ་ཐབ་སྦྱིན་ལྡན་རྣམ་པར་མཛེས། །རྐང་གཉིས་དབང་པོ་དཔལ་སྟུག་སྟོབས་བཅུ་ཡང ། །དགེ་སྦྱོང་ཚོགས་ཀྱིས་མདུན་བདར་སྟོང་གསུམ་ན། །རྟོག་གེའི་ཚོགས་རྣམས་ཟིལ་གྱིས 81.18b མནན་ནས་ནི། །དགེ་སྦྱོང་ཚོགས་ཀྱི་དབུས་ན་རྣམ་པར་མཛེས། །ལྷ་ཡི་དབང་པོ་འཐབ་བྲལ་དབང་བྱེད་པ། །འཐབ་བྲལ་བཟང་པོ་ལྷས་མཆོད་བཙུན་བྱས་པ། །འཐབ་བྲལ་བཟང་པོ་ལྷ་ཚོགས་ནང་བཞུགས་ཏེ། །འཐབ་བྲལ་རྣམས་ཀྱི་ནང་ན་འདུག་པ་མཛེས། །གཟི་བརྗིད་མཐའ་ཡས་སྟོབས་བཅུ་མངའ་བ་ཡང ། །ལམ་ངན་ངན་འགྲོར་འདོང་བ་ཟིལ་མནན་ནས། །ཡན་ལག་བརྒྱད་པ་རབ་ཏུ་སྟོན་མཛད་ཅིང ། །སྟོབས་བཅུ་ཡོན་ཏན་རྣམས་ཀྱིས་རབ་ཏུ་མཛེས། །ལྷ་ཡི་རྒྱལ་པོ་ཡོངས་སུ་དགའ་ལྡན་དེ། །དགའ་ལྡན་གནས་ན་ལྷ་ཡི་ཚོགས་ཀྱིས་བསྐོར། །ལྷ་ཚོགས་མང་པོ་ཟིལ་གྱིས་མནན་ནས་ནི། །སྔོན་གྱི་དགེ་བའི་རྩ་བས་རབ་ཏུ་མཛེས། །དེ་བཞིན་ལྷ་དང་ལྷ་མིན་བླ་མ་ཡང ། །ལྷ་དང་ལྷ་མིན་ཚོགས་ཀྱིས་བླ་མར་བྱས། །འཁོར་བརྒྱད་པོ་དག་ཟིལ་གྱིས་མནན་ནས་ནི། །སྐྱེས་བུ་སེང་གེ་དམ་པ་འཇིག་རྟེན་མཛེས། །ལྷ་ཡི་དབང་པོ་བདག་པོ་རབ་འཕྲུལ་ནི། །ལྷ་ཚོགས་མང་པོ་ཟིལ་གྱིས་མནན་ནས་སུ། །རང་གི་བསོད་ནམས་མཐུ་ཡིས་ལྷ་གནས་ན། །གནས་ཤིང་དེ་ནི་རབ་ཏུ་རྣམ་པར་མཛེས། །དེ་བཞིན་ཉོན་མོངས་རྣམས་ལས་རྣམ་གྲོལ་ཞིང ། །སྟོབས་བཅུ་མངའ་བ་ཉོན་མོངས་བྲལ་བ་པོ། །མ་དུལ་འདུལ་མཛད་འདུལ་བའི་རྒྱལ་པོ་ཡང ། །སྐྱེ་བོ་ཟིལ་གྱི་མནན་ནས་རྣམ་པར་མཛེས། །ལྷའི་རྒྱལ་པོ་དབང་སྒྱུར་བྱེད་པ་ནི། །ལྷ་གནས་འདུག་ཅིང་ལྷ་མཆོག་ཟིལ་མནན་ཏེ། །སྔོན་གྱི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས། །རྣམ་པར་མཛེས་པར་གྱུར་པ་ཇི་བཞིན་དུ། །དེ་ལྟར་རྒྱལ་བ་སྟོབས་བཅུའི་སྤྱོད་པ་དག་།སྔན་ཆད་སྤྱད་པས་ལྷ་མི་ཟིལ་མནན་ཏེ། །སྔོན་གྱི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས། །རྒྱལ་པོ་དེ་ནི་རབ་ཏུ་རྣམ་པར་མཛེས། །ཚངས་པའི 81.19a འཇིག་རྟེན་ན་ནི་ཚངས་པ་ཡང ། །ཚངས་པའི་འཁོར་རྣམས་རང་གིས་ཟིལ་མནན་ཏེ། །ཤིན་དུ་སྙན་པ་ཡན་ལག་བརྒྱད་ལྡན་དག་།ཡོངས་སུ་རྗོད་པར་བྱེད་ཅིང་མངོན་དུ་མཛེས། །དེ་ལྟར་རྒྱལ་བའི་ཚངས་པ་འདྲར་གྱུར་པ། །དགེ་སྦྱོང་རྒྱལ་པོ་དགེ་སྦྱོང་ཚོགས་རྣམས་ཀྱིས། །མདུན་དུ་བདར་ཏེ་བདེན་པའི་གཏམ་གསུང་ཞིང ། །འཇིག་རྟེན་གསུམ་པོ་དག་ན་མངོན་པར་མཛེས། །ཉན་པར་འདོད་པ་ལྷ་དང་མི་རྣམས་དང ། །ལྟོ་འཕྱེ་ཆེན་པོ་དག་ནི་འདུས་མཁྱེན་ནས། །སྐྱེས་བུ་ཁྱུ་མཆོག་ཡན་ལག་བརྒྱད་ལྡན་གྱི། །གསུང་རྣམས་ཀྱིས་ནི་རབ་ཏུ་སྟོན་པར་མཛད། །བྱ་ལམ་ནམ་མཁའ་དཔག་པར་ནུས་ཀྱང་སྲིད། །རྒྱ་མཚོ་བུམ་པས་གཞལ་དུ་རུང་ཡང་སྲིད། །རི་རབ་སྲང་བརྒྱར་གཞལ་དུ་རུང་ཡང་སྲིད། །སངས་རྒྱས་ཡོན་ཏན་མཐའ་རྟོགས་མི་ནུས་སོ། །རྒྱལ་པོ་མངོན་པར་དད་པར་བྱས་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཚེ་དང་ལྡན་པ་འཆར་ཀ་སོང་ནས་རིང་པོ་མ་ལོན་པར་རྒྱལ་པོ་ཟས་གཙང་མས་ཤཱཀྱ་རྣམས་ལ་བསྒོ་བ། གྲོགས་པོ་དག་འདི་ལྟ་སྟེ། དཔེར་ན་ཉི་མ་འཆར་བའི་སྔ་ལྟས་ནི་གང་འདི་དམར་རིང་འཆར་བའོ། །དམར་རེང་ཤར་ན་ཉི་མ་འཆར་བར་ཤེས་སོ། །གྲོགས་པོ་དག་དེ་བཞིན་དུ་དགེ་སློང་འཆར་ཀ་ཡང་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་སྔ་ལྟས་ཡིན་ཏེ། དགེ་སློང་འཆར་ཀས་ཡོན་ཏན་གང་བརྗོད་པ་དེ་དག་ནི་ངེས་པར་ཐམས་ཅད་མཁྱེན་པའི་ཡོན་ཏན་ཡིན་ནོ། །གྲོགས་པོ་དག་དེ་ལྟ་བས་ན་བཞོན་པའི་མཆོག་རྣམས་སྟོད་དེ་སྟ་གོན་གྱིས་ཤིག་།དེ་ཅིའི་ཕྱིར་ཞེ་ན། དེ་རིང་ཁོ་ན་བདག་ཅག་བཅོམ་ལྡན་འདས་མཆོག་ཏུ་བལྟ་ན་སྡུག་པ་དེ་ལྟ་ཞིང་འདོང་ངོ ། །ལྷ་ལེགས་སོ་ཞེས་གསོལ་ནས་ཤཱཀྱ་རྣམས་ཀྱིས་རྒྱལ 81.19b པོ་ཟས་གཙང་མའི་ལྟར་མཉན་ཏེ། ཐེག་པའི་མཆོག་རྣམས་མྱུར་དུ་བསྟད་དོ། །དེའི་ཚེ་རྒྱལ་པོ་ཟས་གཙང་མས་སེར་སྐྱའི་གནས་དང ། ནྱ་གྲོ་དྷའི་ཀུན་དགའ་ར་བའི་བར་དེ་དག་ཐམས་ཅད་རྒྱལ་པོའི་གཤེགས་ཤུལ་དུ་མཉམ་པར་བྱེད་དུ་བཅུག་ཅིང་བྱེ་མ་གཙང་མ་བདལ་དུ་བཅུག་སྟེ། ཉམས་དགའ་བ་དང ། མེ་ཏོག་སིལ་མས་གང་བ་དང ། དར་གྱི་ལྡ་ལྡི་དང ། ཕྲེང་བ་མང་པོས་བརྒྱན་ཏེ། སྐབས་སྐབས་སུ་གར་མཁན་དང ། གླུ་མཁན་དང ། གྱད་དང ། བུམ་རྔ་ཐོགས་པ་དང ། སིལ་སྙན་དང ། རོལ་མོ་དང ། གླུའི་ཆ་སྤྱད་དང ། ཡོ་བྱད་ཐམས་ཅད་ཐོགས་པ་དག་བཀོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་མ་བཞོན་པའི་མཆོག་དང་བཅས་པ་རྣམས་དང ། བདག་ཉིད་ཀྱང་བཞོན་པའི་མཆོག་ལ་ཞོན་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ ། །དེའི་ཚེ་ཤཱཀྱ་ལ་ལའི་བཞོན་པའི་མཆོག་ནི་རྣམ་པ་འདི་ལྟ་བུ་སྟེ། འདི་ལྟར་ཤིང་རྟ་དག་ཀྱང་ཐམས་ཅད་སྔོ་ལ་རྟ་སྔོན་པོ་རྣམས་ཀྱིས་དྲངས་ཤིང ། །རྒྱན་རྣམས་ཀྱང་སྔོ་ལ་དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ། འཁོར་རྒྱན་སྔོན་པོ་ཅན་གྱིས་བསྐོར་བ། གདུགས་དང ། རལ་གྲི་དང ། ཐོད་དང ། ནོར་བུ་ཅན་གྱི་རྔ་ཡབ་དང ། ལྷ་མ་རྒྱན་ཅན་སྔོན་པོ་དང་ལྡན་པ། ཁ་ཚར་མ་བཅད་པའི་རས་སྔོན་པོ་གྱོན་ཞིང་རྒྱན་སྔོན་པོ་ཐོགས་པའི་ཞལ་ཏ་བ་རྣམས་ཞལ་ཏ་བྱེད་པ། རྒྱན་སྔོན་པོ་ཅན་གྱི་ལྕག་ཐོགས་པ་དང ། ཁྲིད་པ་དུ་མ་དང་ལྡན་པ། རྒྱལ་མཚན་སྔོན་པོ་བསྒྲེང་བ་ཤ་སྟག་སྟེ། ཤིང་རྟ་རེ་རེ་ཞིང་ཡང་རྒྱན་སྔོན་པོ་ཅན་གྱི་མི་བརྒྱ་ཕྲག་རེ་རེས་བསྐོར་བར་གྱུར་ཏོ། །ཤཱཀྱ་ལ་ལའི་བཞོན་པ་རྣམ་པ་འདི་ལྟ་བུ་སྟེ། འདི་ལྟར་ཤིང་རྟ་དག་ཀྱང་ཐམས་ཅད་དུ་དམར་བ་དང ། 81.20a ཐམས་ཅད་དུ་དཀར་བ་དང ། ཐམས་ཅད་དུ་བཀྲ་བ་དང ། ཤིང་རྟ་རེ་རེ་ཞིང་ཡང་རྒྱན་ཁྲ་བོ་ཅན་གྱི་མི་བརྒྱ་ཕྲག་རེ་རེས་བསྐོར་བའི་བར་དུ་སྔ་མ་བཞིན་ནོ། །ཤིང་རྟ་དེ་དག་རེ་རེའི་ཕྱི་བཞིན་དུ་ཡང་གླང་པོ་ཆེ་བརྒྱད་ཁྲི་གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་རྒྱལ་མཚན་དང ། གསེར་གྱི་དྲ་བས་གཡོགས་པ་ཤ་སྟག་བཤམས་ཏེ། གླང་པོ་ཆེ་བརྒྱད་ཁྲི་པོ་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་བཀྲ་བ། བལྟ་ན་སྡུག་པ་བརྒྱད་ཁྲི་བཞག་ནས་འདོང་བར་གྱུར་ཏོ། །གླང་པོ་ཆེ་བརྒྱད་ཁྲི་པོ་དེ་དག་གི་ཕྱི་བཞིན་རྟ་གསེར་གྱིས་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲིལ་བུ་གཡེར་ཀ་བརྒྱུས་པ། རིན་པོ་ཆེ་སྣ་བདུན་གྱི་རྒྱན་དང་ལྡན་པ་བརྒྱད་ཁྲི་བཤམས་ཏེ་འདོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་དང ། ཤཱཀྱ་རྣམས་རྒྱང་རིང་པོ་ནས་འོང་བ་གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་གང་དག་གིས་སུམ་བཅུ་རྩ་གསུམ་གྱི་ལྷ་བསྐྱེད་མོས་ཚལ་དུ་འདོང་བ་མ་མཐོང་བ་དེ་དག་གིས་ཤཱཀྱ་སེར་སྐྱའི་གནས་ནས་འོང་བ་འདི་དག་ལ་ལྟོས་ཤིག་།དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཤཱཀྱ་རྣམས་སེར་སྐྱའི་གནས་ནས་བྱུང་བ་དེ་དག་ནི་སུམ་བཅུ་རྩ་གསུམ་གྱི་ལྷ་བསྐྱེད་མོས་ཚལ་དུ་འདོང་བ་དང་རྗེས་སུ་འཐུན་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེར་སྐྱ་ཞེས་བྱའི་གྲོང་ཁྱེར་དམ་པ་ནས། །རྒྱལ་པོ་ཟས་གཙང་མི་ཡི་ཁྱུ་མཆོག་དེ། །འཁོར་དང་བཅས་ཏེ་ཇི་ལྟར་འོང་གྱུར་པ། །དེ་ལྟར་བསྟན་གྱིས་ཁྱེད་རྣམས་དེ་ཉོན་ཅིག་།ཤིང་རྟ་བརྒྱ་སྟོང་མཆོག་དང་བཅས་པས་དག་།ལེགས་པར་བརྒྱན་ཅིང་མཛེས་པར་སྤྲས་ནས་ནི། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དམ་པ་ནས། །མི་ཡི་དབང་པོ་དམ་པ 81.20b བྱུང་བར་གྱུར། །ཤིང་རྟ་སྔོ་ཞིང་རྒྱན་ཀྱང་སྔོ་བ་དང ། རྟ་ཡང་སྔོ་ཞིང་སྔོ་བའི་འཁོར་དང་བཅས། །མཚན་མ་ལྔ་པོ་དག་ཀྱང་སྔོ་བ་སྟེ། །དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་སྔོ། །ལྕག་ཀྱང་སྔོ་ཞིང་ཐག་སྲང་རྣམས་ཀྱང་སྔོ། །དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། །མི་རྣམས་ཀྱང་ནི་སྔོན་པོ་གོས་ཅན་ཏེ། །རྒྱལ་མཚན་སྔོན་པོ་བསྒྲེང་བས་མཛེས་པར་བྱས། །ཤིང་རྟ་སེར་ཞིང་རྒྱན་ཀྱང་སེར་བ་དང ། རྟ་ཡང་སེར་ཞིང་སེར་པོའི་འཁོར་དང་བཅས། །མཚན་མ་ལྔ་པོ་དག་ཀྱང་སེར་པོ་སྟེ། །དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་སེར། །ལྕག་ཀྱང་སེར་ཞིང་ཐག་སྲང་རྣམས་ཀྱང་སེར། །དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། །མི་རྣམས་ཀྱང་ནི་སེར་པོའི་གོས་ཅན་ཏེ། །རྒྱལ་མཚན་གསེར་པོ་བསྒྲེང་བས་མཛེས་པར་བྱས། །ཤིང་རྟ་དམར་ཞིང་རྒྱན་ཀྱང་དམར་བ་དང ། །རྟ་ཡང་དམར་ཞིང་དམར་པོའི་འཁོར་དང་བཅས། །མཚན་མ་ལྔ་པོ་དག་ཀྱང་དམར་པོ་སྟེ། །དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་དམར། །ལྕག་ཀྱང་དམར་ཞིང་ཐག་སྲང་རྣམས་ཀྱང་དམར། །དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། །མི་རྣམས་ཀྱང་ནི་དམར་པོའི་གོས་ཅན་ཏེ། །རྒྱལ་མཚན་དམར་པོ་བསྒྲེང་བས་མཛེས་པར་བྱས། །ཤིང་རྟ་དཀར་ཞིང་རྒྱན་ཀྱང་དཀར་བ་དང ། རྟ་ཡང་དཀར་ཞིང་དཀར་པོའི་འཁོར་དང་བཅས། །མཚན་མ་ལྔ་པོ་དག་ཀྱང་དཀར་པོ་སྟེ། །དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་དཀར། །ལྕག་ཀྱང་དཀར་ཞིང་ཐག་སྲང་རྣམས་ཀྱང་དཀར། །དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། །མི་རྣམས་ཀྱང་ནི་དཀར་པོའི་གོས་ཅན་ཏེ། །རྒྱལ་མཚན་དཀར་པོ་བསྒྲེང་བས་མཛེས་པར་བྱས། །ཤིང་རྟ་བཀྲ་ཞིང་རྒྱན་ཀྱང་བཀྲ་བ་དང ། ། 81.21a རྟ་ཡང་བཀྲ་ཞིང་བཀྲ་བའི་འཁོར་དང་བཅས། །མཚན་མ་ལྔ་པོ་དག་ཀྱང་བཀྲ་བ་སྟེ། །དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་བཀྲ། །ལྕག་ཀྱང་བཀྲ་ཞིང་ཐག་སྲང་རྣམས་ཀྱང་བཀྲ། །དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། །མི་རྣམས་ཀྱང་ནི་བཀྲ་བའི་གོས་ཅན་ཏེ། །རྒྱལ་མཚན་ཁྲ་བོ་བསྒྲེང་བས་མཛེས་པར་བྱས། །ཤིང་རྟ་དེ་དག་རྣམས་ཀྱི་ཕྱི་བཞིན་དུ། །གླང་པོ་བརྒྱད་ཁྲི་ཚང་བར་བཤམས་པ་ནི། །གསེར་གྱི་རྒྱལ་མཚན་རྣམས་ཀྱིས་ལེགས་པར་བརྒྱན། །གླང་ཆེན་རྣམས་ནི་གསེར་གྱིས་ཆལ་པར་བརྒྱན། །དེ་དག་སྟེང་དུ་རིན་ཆེན་སྣ་བདུན་གྱི། །ཁང་པ་བརྩེགས་པ་དག་ནི་བཞག་ནས་སུ། །རྣམ་པ་སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །ཤིང་རྟ་རྣམས་ཀྱི་ཕྱི་བཞིན་འབྲང་བར་བཤམས། །དེ་བཞིན་རྟ་མཆོག་སྟོང་ཕྲག་བརྒྱད་བཅུ་ཡང ། །རིན་ཆེན་སྣ་བདུན་རྒྱན་གྱི་དགའ་བར་བརྒྱན། །རྒྱལ་པོའི་ཆས་གོས་རྒྱལ་པོ་འཆམ་སྟབས་ཅན། །གླང་པོ་དེ་དག་རྣམས་ནི་ཕྱི་བཞིན་འབྲང ། །རབ་ཏུ་དྲི་ཞིམ་ཁ་དོག་ལྔ་པ་ཡི། །མེ་ཏོག་སིལ་མ་རྒྱལ་པོའི་ལམ་དུ་བཀྲམ། །དར་གྱི་ལྡ་ལྡི་དག་ཀྱང་རབ་ཏུ་བྲེས། །བདུག་སྤོས་སྣོད་རྣམས་ཀྱིས་ནི་ལེགས་པར་བརྒྱན། །གླུ་མཁན་གར་མཁན་རྣམས་དང་གྱད་རྣམས་དང ། །བུམ་རྔ་ཐོགས་པ་རྣམས་ཀྱིས་མཛེས་པར་བྱས། །རོལ་མོ་རྣམ་པ་སྣ་ཚོགས་བྱེད་པ་ཡང ། །རབ་ཏུ་དགའ་ཞིང་རྒྱལ་པོའི་ཕྱི་བཞིན་འབྲང ། །རྒྱལ་པོ་གཤེགས་པའི་ལེའུ་སྟེ། གཉིས་པའོ།། །། །། །། དེ་ནས་རྒྱལ་པོ་ཟས་གཙང་མ་དང ། ཤཱཀྱ་རྣམས་རྟ་བབས་སའི་བར་དུ་བཞོན་པ་དང 81.21b དོང་སྟེ་ཕྱིན་ནས་བཞོན་པ་ལས་བབས་ཏེ། རྐང་ཐང་གི་འཁོར་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བར་དོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ང་རྒྱལ་ཆེ་བར་མཁྱེན་ནས་མི་གང་ལྷག་ཙམ་གྱི་སྟེང་གི་བར་སྣང་གི་ནམ་མཁའ་ལ་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱ་བའི་ཕྱིར་འཆག་ཅིང་བཞུགས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་དེ་ལྟར་འཆག་པའི་གཡས་ཕྱོགས་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ཞབས་འབྲིང་དུ་འཆག་ཅིང་འགྲོའོ། །གཡོན་ཕྱོགས་ནས་ལྷའི་དབང་པོ་བརྒྱ་བྱིན་ཞབས་འབྲིང་དུ་འཆག་ཅིང་འགྲོའོ། །དེ་ལྟར་བཅོམ་ལྡན་འདས་འཆག་པའི་ཞབས་འབྲིང་དུ་ལྷའི་རྒྱལ་པོ་རབ་འཐབ་བྲལ་དང ། ཡོངས་སུ་དགའ་ལྡན་དང ། རབ་འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་རྣམས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་གདུགས་འཛིན་ཅིང་བསིལ་ཡབ་གྱིས་གཡོབ་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང ། ཡུལ་འཁོར་སྲུང་གཉིས་ཀྱང་བཅོམ་ལྡན་འདས་འཆག་པའི་ཤར་ཕྱོགས་ལོགས་ཀྱི་ཐོག་མ་ལ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་སྨད་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང ། མིག་མི་བཟང་གཉིས་ཀྱང་བཅོམ་ལྡན་འདས 81.22a འཆག་པའི་ནུབ་ཕྱོགས་ལོགས་ཀྱི་ཐོག་མ་ལ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་སྨད་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ། །དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང ། སུམ་བཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སྟེང་གི་བར་སྣང་ལ་གནས་ཏེ། ལྷའི་མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུད་དང ། པད་མ་དཀར་པོ་དང ། ལྷའི་མཱན་དཱ་ར་བ་དང ། མཱན་དཱ་ར་བ་ཆེན་པོ་དང ། ལྷའི་སྤོས་ཀྱི་ཕྱེ་མ་རབ་ཏུ་འཐོར་བར་གྱུར་ཏོ། །བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་རོལ་མོ་སིལ་སྙན་དང ། གླུ་དབྱངས་དག་ཀྱང་སྟེང་གི་བར་སྣང་ལས་སྒྲ་འབྱིན་པར་གྱུར་ཏོ། །མྀའི་ལས་འདས་པའི་གླུའི་ང་རོ་ཡང་སྟོང་གི་བར་སྣང་ལས་བྱུང་བར་གྱུར་ཏོ། །སྤྲིན་ལས་སྤོས་ཀྱི་ཆར་ཟམ་ཟིམ་ཡང་འབབ་པར་གྱུར་ཏོ། །ལྷའི་མེ་ཏོག་ཨུད་པ་ལ་དང ། ལྷའི་ཙན་དན་གྱི་ཕྱེ་མའི་ཆར་ཡང་བབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་རྣམ་པ་གང་མངོན་པར་མཛད་པས་ལྷ་དང་མི་རྣམས་ཀྱང་གཅིག་གིས་གཅིག་མཐོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་མཛད་དོ། དེ་ནས་རྒྱལ་པོ་ཟས་གཙང་མས་ལྷ་དེ་དག་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་ཡང་མཐོང ། ལྷའི་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པའི་ཁང་པ་བརྩེགས་པས་ཀྱང་བར་སྣང་གང་བར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ 81.22b མཚར་ཆེ་སྟེ། སྔོན་བཅོམ་ལྡན་འདས་གཞོན་ནུར་གྱུར་པའི་ཚེ་འདི་སྐད་དུ་ང་ལ་ནི་གླིང་ཆེན་པོ་བཞིའི་དབང་ཕྱུག་ལ་དབང་བར་འགྱུར་བ་ངོ་མཚར་མི་ཆེ་སྟེ། ངས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ལྷ་དང་མྀའི་ནང་དུ་ཆོས་ཀྱི་དབང་ཕྱུག་ལ་དབང་བར་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་དབང་ཕྱུག་ལ་དབང་བ་དེ་ནི་འདི་ཡིན་པ་ལྟ་སྟེ། བདག་ནི་མིའི་འཁོར་ཅན་དུ་ཟད། བཅོམ་ལྡན་འདས་ནི་ལྷ་དང་མྀའི་འཁོར་ཅན་དུ་གྱུར་ཏོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བླ་གོས་ཕྱོགས་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བལྟམ་མ་ཐག་ཏུ་སུས་ཀྱང་མ་བརྟེན་པར་ས་ཆེན་པོ་ལ་གོམ་པ་བདུན་བཞུད་དེ། ཕྱོགས་བཞིར་གཟིགས་ནས་གསུང་བརྗོད་པ། །ང་ནི་འཇིག་རྟེན་ན་མཆོག་།ང་ནི་འཇིག་རྟེན་ན་གཙོ་བོ། ང་ནི་འཇིག་རྟེན་ན་རབ་སྟེ། ངས་སྐྱེ་བ་དང ། རྒ་བ་དང ། འཆི་བ་མཐར་དབྱུང་ངོ་ཞེས་གསུངས་པ་དེའི་ཚེ་ཡང་བདག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་གཏུགས་ཏེ་ཕྱག་བགྱིས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཞིང་པའི་གྲོང་དུ་བཞུད་ནས་འཛམ་བུའི་གྲིབ་མ་བསིལ་བ་ལ་བཞུགས་པའི་ཚེ་ཉི་མ་ཡོལ་ཡང་འཛམ་བུའི་གྲིབ་མས་བཅོམ་ལྡན་འདས་ཀྱི་སྐུ་མ་བཏང་སྟེ། ལྷའི་བུ་གཞོན་ནུ་དྲུག་ཐལ་མོ་སྦྱར་ནས་ཕྱག་འཚལ་ཞིང་འཁོད་པར་གྱུར་བ་དེའི་ཚེ་ཡང་བདག་གིས་བཅོམ་ལྡན་འདས་ལ་ཕྱག་བགྱིས་སོ། །ང་ཡང་བཅོམ་ལྡན་འདས་ལ་འདི་དང་ལན་གསུམ་དུ་ཕྱག་འཚལ་ལོ་ཞེས་སྨྲས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང 81.23a སྨྲས་སོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ནས། །ས་ཆེན་འདི་ལ་གོམ་པ་བདུན་བཞུད་དེ། །ང་ནི་འཇིག་རྟེན་ན་ནི་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་བཞུད་ཚེ། །འཛམ་བུའི་གྲིབ་མས་བཞུགས་པ་མ་བཏང་ཞིང ། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ་བདག་ཕྱག་འཚལ། །ང་ཡང་འདི་དང་ཁྱོད་ལ་ལན་གསུམ་དུ། །ཐུབ་པ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་མངའ་ལྷ་མིས་མཆོད་པ་གཙོ། །ཁྱོད་འདྲ་འཇིག་རྟེན་མ་མཆིས་ལྷག་ཅི་སྨོས། །མཚན་ནི་དོན་གྲུབ་ལགས་ཤེས་སྔོན་བརྗོད་པ། །ཕ་དང་མ་ཡིས་བསམས་ཏེ་བཏགས་པ་ལགས། །ཁྱོད་ཀྱི་བསམ་རྫོགས་བདུད་རྩི་བརྙེས་པས་ན། །དོན་གྲུབ་ལགས་པར་བདག་གིས་ད་གདོད་འཚལ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་དེའི་ཚེ་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་ལྷའི་ཡིད་བཞིན་གྱི་རས་བཅོས་བུ་བཏིང་བ་རྣམ་པ་སྣ་ཚོགས་སུ་སྤེལ་བ་བཤམས་སོ། །ཐམས་ཅད་དང་ལྡན་པའི་ནྱ་གྲོ་དྷའི་ཀུན་དགའ་ར་བར་ཡང་ལྷའི་ཡིད་བཞིན་གྱི་རས་བཅོས་བུས་ཡོག་པར་བཏིང་ངོ ། སྟེང་དུ་ཡང་ལྷའི་ཡིད་བཞིན་གྱི་རས་བཅོས་བུའི་བླ་རེས་བྲེས་སོ། །དེ་ནས་བཅོམ་ལྡན་འདས་བར་སྣང་གི་འཆག་ས་དེ་ནས་བབས་ཏེ། གང་ན་ཁྲི་བཤམས་པ་ལ་བཞུགས་སོ། །རྒྱལ་པོ་ཟས་གཙང་མ་ཡང་འཁོར་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བར་སྣང་ལ་འཁོད་པར་གྱུར་ཏོ། །འདི་ལ་འདི་ནི 81.23b ཆོས་ཉིད་ཡིན་ཏེ་དེ་ལ་འདི་སྐད་ཅེས་བྱའོ། །སེར་སྐྱ་ཞེས་བྱ་གྲོང་ཁྱེར་དམ་པ་ཡི། །ནྱ་གྲོ་དྷཱ་ཡི་ར་བ་ཉམས་དགའ་བར། །རྒྱལ་པོ་ཟས་གཙང་དེ་དང་གང་གི་ཚེ། །འཇིག་རྟེན་མགོན་པོ་ཕྲད་པ་དེ་ཡི་ཚེ། །སྐྱེ་བོ་མང་པོ་དག་ནི་འདུས་གྱུར་ཏེ། །ལྷ་མ་ཡིན་དང་མཁའ་ལྡིང་དབང་པོ་དང ། ཀླུ་ཚོགས་རྣམས་དང་དེ་བཞིན་གྲུལ་བུམ་དང ། །དྲི་ཟའི་རྒྱལ་པོ་རྣམས་ཀྱང་འདུས་པར་གྱུར། །དེ་བཞིན་གསང་བའི་བདག་པོ་རྣམས་འདུས་ཏེ། །མི་འམ་ཅིའི་ཚོགས་དང་མི་རྣམས་དང ། །དེ་བཞིན་འདོད་པ་དག་ན་སྤྱོད་པའི་ལྷ། །རབ་ཏུ་དགའ་བ་རྣམས་ཀྱང་འདུས་པར་གྱུར། །དེ་བཞིན་གཟུགས་ཀྱི་ཁམས་སུ་གཏོགས་པ་ཡི། །ཚངས་པ་རྣམས་དང་ཚངས་པའི་རིས་རྣམས་དང ། །འོད་གསལ་བ་དང་དགེ་རྒྱས་པ་དག་དང ། །འབྲས་བུ་ཆེ་བར་གཏོགས་དང་གནས་གཙང་འདུས། །དགེ་སྦྱོང་དག་དང་དེ་བཞིན་བྲམ་ཟེ་དང ། །སྤྱོད་པ་ཅན་དང་ཀུན་དུ་རྒྱུ་དག་དང ། །གཅེར་བུ་པ་དང་མུ་སྟེགས་གཞན་མང་པོ། །ལོག་ལམ་རྗེས་སུ་འབྲང་བ་རྣམས་ཀྱང་འདུས། །སངས་རྒྱས་ཉིད་ཀྱི་གཟི་བརྗིད་དམ་པ་ཡིས། །རྒྱལ་པོ་ཆེན་པོ་ཟས་གཙང་དེ་ཡིས་སེམས། །ཡོངས་སུ་སྨིན་པར་བྱ་བའི་དོན་གྱི་ཕྱིར། །དེ་ཡི་ཚེ་ན་འདུས་པ་ཆེན་པོར་གྱུར། །སྔན་ཆད་བཅོམ་ལྡན་འདས་ཀྱིས་ལེགས་བཤད་པའི། །ཚིག་གིས་འཁོར་རྣམས་ཡོངས་སུ་ཚིམ་པར་མཛད། །ད་ནི་རྒྱལ་བ་རྒྱལ་པོ་ཟས་གཙང་ལ། །རྒྱལ་བའི་མཐུ་ནི་རབ་ཏུ་བསྟན་པར་བཞེད། །བཅོམ་ལྡན་འདས་ལ་རྒྱལ་པོ་ཟས་གཙང་གིས། །གཞོན་ནུ་ཁྱོད་ནི་ས་བདག་ཆེན་པོ་ཡི། །རྒྱལ་པོར་འགྱུར་ཞེས་མཁས་པས་ལུང་བསྟན་གྱིས། །ཁབ་ནས་མ་བྱུང་ཤིག་ཅེས་སྔོན་གསོལ་པ། །གླིང་བཞིར་དབང་པའི་འཁོར་ལོས་སྒྱུར་བ་སྟེ། །སྲོག་ཆགས་བྱེ་བ 81.24a ཁྲག་ཁྲིག་རྣམས་ཀྱིས་མཆོད། །རིན་ཆེན་སྣ་བདུན་དག་དང་ལྡན་པར་འགྱུར། །འབྱོར་པ་བཞི་པོ་དང་ཡང་ལྡན་པར་འགྱུར། །ཆོས་ལ་གནས་ཤིང་ས་ཡང་སྐྱོང་བ་སྟེ། །གླིང་བཞི་དབང་བར་རྒྱལ་རིགས་རྒྱལ་ཆེན་འགྱུར། །མི་ཡི་བདག་དང་མི་ཡི་མཆོད་པར་འོང ། །ལྟོ་འཕྱེ་ཆེས་མཆོད་འགྱུར་ཞེས་གསོལ་བ་བཏབ། །དེ་ནས་དེ་ཚེ་བྱང་ཆུབ་སེམས་དཔའ་དེས། །བསྐལ་པ་བྱེ་བ་ཁྲག་ཁྲིག་དཔག་མེད་ནས། །བདག་ནི་རྟག་ཏུ་བདེན་པའི་ཚིག་སྨྲས་ཀྱིས། །རྒྱལ་པོ་བདག་གི་ཚིག་ལ་གསོན་ཅེས་གསུངས། །འདི་ལྟར་གླིང་བཞི་པ་ཡི་རྒྱལ་སྲིད་ཀྱིས། །བདག་ལ་སླུ་བ་མཛད་པར་བཞེད་པས་ན། །དེ་ལྟའི་ཚུལ་ལས་རྒྱལ་པོ་ཆེན་པོ་ཁྱོད། །བདག་ལ་ཅུང་ཟད་ཙམ་ཡང་ཐུགས་མི་རེ། །རྒྱལ་པོ་ཆེན་པོ་སྔོན་ཚེ་བྱུང་བ་ནི། །རྒྱ་མཚོའི་རླབས་ཀྱིས་རུ་སྦལ་གཅིག་ཅིག་འཕངས། །རྒྱ་མཚོའི་རླབས་ནི་ཕྱིར་ལོག་གྱུར་པ་དང ། །རུ་སྦལ་དེ་ནི་ཁྲོན་པའི་ནང་དུ་ལྷུང ། །དེ་ལ་ཁྲོན་པའི་ནང་གི་རུ་སྦལ་གྱིས། །རྒྱ་མཚོའི་རུ་སྦལ་གང་ནས་འདིར་འོངས་ཀཝའེ། །ང་ཡི་ཐེ་ཚོམ་སྐྱེས་པ་བཅད་པའི་ཕྱིར། །མྱུར་དུ་ང་ལ་སྨྲོས་ཤེས་དེ་སྐད་སྨྲས། །ཁྲོན་པའི་ནང་གི་རུ་སྦལ་དེ་ཉིད་ལ། །རྒྱ་མཚོའི་རུ་སྦལ་བློ་ཆེན་དེས་སྨྲས་པ། །ང་ནི་རྒྱ་མཚོའི་རླབས་ཀྱིས་བཀུར་བཀུར་ཏེ། །ཁྲོན་པ་འདིར་ནི་དེ་རིང་བོར་བར་འགྱུར། །རྒྱ་མཚོའི་རླབས་ཆེན་དེ་ནི་ཕྱིར་ལོག་སོང ། །ང་ནི་སླར་ལོག་འགྲོ་བར་མ་ནུས་ཏེ། །ང་ནི་རླབས་དང་བྲལ་བར་གྱུར་པས་ན། །རུ་སྦལ་ཁྱོད་ཀྱི་ཁྲོན་པར་གནས་འཆའོ། །དེ་ལ་ཁྲོན་པའི་ནང་གི་རུ་སྦལ་གྱིས། །རྒྱ་མཚོ་དེ་ནི་ཁྲོན་པ་འདི་ཙམ་འམ། །འོན་ཏེ་ཁྲོན་པ་འདི་བས་ཆེ་བ་ཞིག་།དྲིས་ལན་ང་ལ་མྱུར་དུ་སྨྲོས་ཤེས་སྨྲས། །རྒྱ་མཚོའི་རུ་སྦལ་བློ་རྒྱ་ཆེན་པོ་དེས། །ཁྲོན་པའི་རུ 81.24b སྦལ་དེ་ལ་ཚིག་སྨྲས་པ། །ཁྲོན་པའི་རུ་སྦལ་ཁྱོད་ནི་བྱིས་པ་སྟེ། །བློ་རྒྱ་ཆུང་ཞིང་ཤེས་པ་རབ་ཏུ་ཞན། །ང་ནི་ལན་ཚཝ་ཅན་གྱི་ཆུ་དེར་བཙས། །ཡུན་རིང་དུས་ན་དེ་ན་སྐྱེ་སྐྱེ་ཡང ། །རྒྱ་མཚོའི་མཐའ་མ་ཤེས་པར་མ་ནུས་ན། །དབུས་ལྟ་ཤེས་པ་ག་ལ་ནུས་ཤེས་སྨྲས། །དེ་ལྟར་མི་ཡི་བདག་པོ་ཁྱོད་ཀྱིས་ཀྱང ། །བདག་གི་མཐུ་ནི་ཐུགས་སུ་མ་ཆུད་དེ། །གླིང་གཞི་པ་ཡི་མཆོད་པ་རྣམས་ཀྱིས་ནི། །ཁྱོད་ཀྱིས་བདག་ལ་སླུ་བ་མཛད་པར་བཞེད། །བདག་ནི་ཆོས་ཅན་ཆོས་ཀྱི་རྒྱལ་པོར་འགྱུར། །ཆད་པས་མི་གཅད་མཚོན་ཆས་མདའ་མེད་པར། །སྟོང་གསུམ་འཇིག་རྟེན་ཁམས་འདི་བསྐྱང་བར་བྱ། །འཇིག་རྟེན་འདས་པའི་མཆོད་པ་ཐོབ་པར་འགྱུར། །རྫུ་འཕྲུལ་སྟོབས་བསྒོམས་པ་ཡི་བདག་ཉིད་ཅན། །བཅོམ་ལྡན་འདས་ཀྱིས་སྔོན་ཚིག་སྦྱང་བཞེད་ནས། །དེ་ཕྱིར་འཁོར་ཆེན་པོ་ནི་དེ་དག་དང ། །སེམས་ཅན་རྣམས་ལ་ཐུགས་ཀྱིས་དགོངས་པ་མཛད། །རྒྱལ་པོ་ཟས་གཙང་སེམས་ནི་མགུ་བྱའི་ཕྱིར། །ཐུགས་ཀྱིས་ཡོངས་སུ་བསྐུལ་བ་མཛད་པ་དང ། །འཇིག་རྟེན་གསུམ་པོ་མཐའ་དག་མ་ལུས་པར། །དེ་ཡི་ཚེ་ན་དེར་ནི་འདུས་པར་འགྱུར། །རྒྱལ་པོ་འདུན་པར་བྱས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་བཅོམ་ལྡན་འདས་ལ་མཆོད་པར་བྱ་བའི་སེམས་ཐོག་མར་སྐྱེ་བར་འགྱུར་བ་དེ་ལྟ་བུའི་མཚན་མ་མཛད་དོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ལྷ་མ་ཡིན་ཁྲག་ཁྲིག་ཕྲག་དྲུག་བཅུ་དང ། ལྷ་མ་ཡིན་གྱི་བུ་མོ་ཁྲག་ཁྲིག་ཕྲག་དྲུག་བཅུ་དང་བཅས་པས་བཅོམ་ལྡན་འདས་ལ་མཆོད་པ་ཐོག་མར་བྱས་ཏེ། དེ་ནས་རྒྱ་མཚོ་ཆེན་པོའི་ནང་ན་རིན་པོ་ཆེའི་རིན་ཐང་ཡོད་པ་དང ། རིན་ཐང་མེད་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད 81.25a བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ཕུལ་ལོ། །རིན་པོ་ཆེ་གཞན་རྒྱ་མཚོ་ཆེན་པོ་དེ་ན་མེད་པ་དག་ཀྱང་མངོན་པར་སྤྲུལ་པ་བྱས་ཏེ་མཆོད་པར་ཕུལ་ལོ། །རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་གྱི་ཤིང་རྟ་ཁྲག་ཁྲིག་ཕྲག་དྲུག་བཅུ་ཡང་མངོན་པར་སྤྲུལ་ཏོ། །ཤིང་རྟ་དེ་དག་རེ་རེ་ཞིང་ཡང་རྟ་ཅང་ཤེས་ཁྲག་ཁྲིག་ཕྲག་དྲུག་ཅུ་མངོན་པར་སྤྲུལ་ཏེ། རྟ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཀའི་དྲ་བ་ཅན་ལ་རྐང་ལག་གི་རྒྱན་གསེར་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ་དང་ལྡན་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་འཕྱར་མདབ་ཅན། གསེར་གྱི་རྒྱན་གྱིས་བརྒྱན་པ་ཤ་སྟག་གོ། །རྟ་ཅང་ཤེས་དེ་དག་གི་རྒྱན་དུ་བྱ་བའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་བླ་རེ་དག་ཀྱང་མངོན་པར་སྤྲུལ་ཏོ། །ཤིང་རྟ་དེ་དག་ཀྱང་གསེར་གྱི་རྒྱལ་མཚན་ཅན་གསེར་གྱི་རྒྱན་གྱིས་བརྒྱན་པ་ཤ་སྟག་གོ། ཡིད་བཞིན་གྱི་ནོར་བུའི་བླ་རེ་དེ་དག་ཀྱང་སྟེང་གི་བར་སྣང་ལས་ཤིང་རྟ་དེ་དག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ཏེ། ཤིང་རྟ་དེ་དག་འདོང་ན་ནི་རྗེས་སུ་འདོང ། ཤིང་རྟ་དེ་དག་སྡོད་ན་ནི་སྡོད་པ་ཤ་སྟག་གོ། །ཡིད་བཞིན་གྱི་ནོར་བུའི་བླ་རེ་དེ་དག་ལ་ཡང་མཛེས་པར་བྱ་བའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་ཕྲེང་བའི་ལྡ་ལྡི་མངོན་པར་སྦྱངས་སོ། །ཡིད་བཞིན་གྱི་ནོར་བུའི་བླ་རེ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཀའི་དྲ་བ་དང་ལྡན་པར་མངོན་པར་སྤྲུལ་ཏོ། །ཤིང་རྟའི་རྒྱན་དང ། རྟའི་རྒྱན་དང ། ཡིད་བཞིན་གྱི་ནོར་བུའི་བླ་རེའི་རྒྱན་དེ་དག་རླུང་གིས་བསྐྱོད་ན་སྒྲ་སྙན་ཅིང་ཡིད་དུ་འོང་ལ་མཉན་ན་བདེ་བ་ཤ་སྟག་འབྱུང་བར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་རོལ་མོ་སིལ་སྙན་ཡན་ལག་བརྒྱད་དང་ལྡན་པ་མཁས་པས་སྒྲ་ཕྱུང་ན་སྒྲ་སྙན་ཅིང་ཡིད་དུ་འོང་བ་དང ། མཉན་ན་བདེ་བར་འབྱུང་བ་དེ་བཞིན་དུ་ཤིང་རྟའི་རྒྱན་དེ་དག་དང ། རྟའི་རྒྱན་དེ 81.25b དག་དང ། ཡིད་བཞིན་གྱི་ནོར་བུའི་བླ་རེའི་རྒྱན་དེ་དག་རླུང་གིས་བསྐྱོད་ན་སྒྲ་སྙན་ཅིང་ཡིད་དུ་འོང་ལ་མཉན་ན་བདེ་བ་ཤ་སྟག་འབྱུང་བར་གྱུར་ཏོ། །ཤིང་རྟ་དེ་དག་གི་འཕང་གིས་ཀྱང་སྟེང་གི་བར་སྣང་ལ་དཔག་ཚད་དྲུག་བཅུ་བསྒྲིབས་ཏེ་འཁོད་པར་གྱུར་ཏོ། །ཤིང་རྟ་དེ་དག་གི་ཕྱི་བཞིན་ཡང་རོལ་མོ་སིལ་སྙན་སྣ་ཚོགས་རྗེས་སུ་འབྲང་བར་གྱུར་ཏོ། །ཤིང་རྟ་དེ་དག་ཐམས་ཅད་ལ་ཡང་ལྷ་མ་ཡིན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག་འཁོད་དོ། །བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལ་ལ་ནི་རོལ་མོ་བྱེད། ལ་ལ་ནི་སིལ་སྙན་དཀྲོལ། ལ་ལ་ནི་གླུ་ལེན། ལ་ལ་ནི་གར་བྱེད། ལ་ལ་ནི་ཙན་དན་དང་ཨུད་པ་ལའི་ཕྱེ་མས་འཐོར། ལ་ལ་ནི་ཨ་ཀ་རུ་དང་ཏ་མ་ལའི་ལོ་མའི་ཕྱེ་མས་འཐོར། ལ་ལ་ནི་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་ཕྱེ་མས་འཐོར། ལ་ལ་ནི་གསེར་དངུལ་གྱི་ཕྱེ་མས་འཐོར། ལ་ལ་ནི་མཱ་ན་དཱ་ར་བ་དང ། མཱ་ན་དཱ་ར་བ་ཆེན་པོ་དང ། མན་ཛུཥ་ཀ་དང ། མན་ཛུཥ་ཀ་ཆེན་པོ་དང ། པ་རུ་ཤ་ཀ་དང ། པ་རུ་ཤ་ཀ་ཆེན་པོ་དང ། མདོག་དཀར་དང ། མདོག་དཀར་ཆེན་པོ་དང ། སྐྱ་སྣར་དང ། སྐྱ་སྣར་ཆེན་པོ་དང ། སྐྱ་སྣར་ཁྲ་བོ་དང ། སྐྱ་སྣར་བཀྲ་ཆེན་གྱི་མེ་ཏོག་མངོན་པར་སྤྲུལ་ཅིང་བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ། །ལ་ལ་ནི་གསེར་གྱི་མེ་ཏོག་དང ། ་དངུལ་གྱི་མེ་ཏོག་དང ། ཤེལ་གྱི་མེ་ཏོག་དང ། བཻ་དཱུརྱའི་མེ་ཏོག་དང ། སྤུག་གི་མེ་ཏོག་དང ། མུ་ཏིག་དམར་པོའི་མེ་ཏོག་དང ། རྡོའི་སྙིང་པོའི་མེ་ཏོག་གིས་མངོན་པར་འཐོར་རོ། ལ་ལ་ནི་རིན་པོ་ཆེ་སྣ་བདུན་དང་དབྱིག་གིས་སྙིམ་པ་བཀང་ཞིང་བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ། །ལ་ལ་ནི་ན་བཟའ་དང ། རྒྱན་འབུལ་ལོ། །ལ་ལ་ནི་སྐུ་རགས་དང ། ཞབས་ཀྱི་རྒྱན་དང ། ཕྱག་གི་རྒྱན་དང ། སོར་གདུབ་དང ། གདུ་བུ་དང ། གདུ་བུ་ཐམ་པ་དང ། 81.26a དབུ་རྒྱན་རྩེ་གསུམ་པ་དང ། དཔུང་རྒྱན་དང ། ཅོད་པན་དང ། གསེར་སྐུད་དང ། མུ་ཏིག་གི་དོ་ཤལ་དང ། ནོར་བུའི་དོ་ཤལ་དང ། སེ་མོ་དོ་དང ། གྱ་དོ་དང ། མགུལ་རྒྱན་སྣ་ཚོགས་འཐོར་བར་གྱུར་ཏོ། །ལ་ལ་ནི་ཙོང་ཙོང་གཤིབས་པ། ལ་ལ་ནི་མགོ་རྒྱན། ལ་ལ་ནི་རྣ་ཆ་གདུབ་ཀོར། ལ་ལ་ནི་གསེར་གྱི་ཕྲེང་བ་རིན་པོ་ཆེས་སྤྲས་པ། ལ་ལ་ནི་རིན་པོ་ཆེའི་ཕྲེང་བ་གསེར་གྱིས་སྤྲས་པ། ལ་ལ་ནི་གསེར་གྱི་དྲ་བ། ལ་ལ་ནི་གསེར་གྱི་ཕྲེང་བ་དང ། ནོར་བུའི་ཕྲེང་བ་དང ། མུ་ཏིག་གི་ཕྲེང་བ་ཐོགས་སོ། །ལ་ལ་ནི་གསེར་གྱི་གདུགས་དང ། དངུལ་གྱི་གདུགས་དང ། བཱཻ་དཱུརྱའི་གདུགས་དང ། ཤེལ་གྱི་གདུགས་དང ། རྡོའི་སྙིང་པོའི་གདུགས་དང ། མུ་ཏིག་དམར་པོའི་གདུགས་དང ། རིན་པོ་ཆེ་སྣ་བདུན་གྱི་གདུགས་དང ། རིན་པོ་ཆེའི་རྒྱལ་མཚན་སྣ་ཚོགས་ཐ་དད་པ་དང ། རིན་པོ་ཆེ་ཐམས་ཅད་ཀྱི་བ་དན་ཁ་དོག་སྣ་ཚོགས་དང ། ཚོན་སྣ་ཚོགས་ཅན་མང་པོ་ཐོགས་སོ། །ལ་ལ་ནི་སྤོས་ཆུའི་ཆར་འབེབས་ཤིང་འཁོད་པར་གྱུར་ཏོ། །ལ་ལ་ནི་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པར་གྱུར་ཏོ། །མི་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །མི་ཕུལ་ཁྱོད་ལ་ཕྱག་འཚལ་ལོ། །རྐང་གཉིས་གཙོ་ལ་ཕྱག་འཚལ་ལོ། །ཁྱོད་ལ་དོ་ཟླ་ཡོང་མ་མཆིས། །འཇིག་རྟེན་གསལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཚོ་ལ་ཕྱག་འཚལ་ལོ། །དཔལ་དང་ལྡན་ལ་ཕྱག་འཚལ་ལོ། །རྒྱལ་བའི་འོད་ལ་ཕྱག་འཚལ་ལོ། །ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །ཉོན་མོངས་སེལ་ལ་ཕྱག་འཚལ་ལོ། །སྤྱོད་དག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་དག་ཁྱོད་ལ་ཕྱག་འཚལ་ལོ། །གནས་པ་མི་མངའ་ཞུམ་མི་མངའ། །ལེ་ལོ་མི་མངའ་རྒོད་མི་མངའ། །བརྩོན་འགྲུས་བརྩམས་ཤིང་རྟུལ་བ་ཉིད། ། 81.26b ངེས་པར་རྟོགས་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་ཕོ་བྲང་གི་རྡལ་བལྟ་ན་སྡུག་པ། མཛེས་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་ཡང་མངོན་པར་སྤྲུལ་ཏེ། རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་རེ་རེ་ཞིང་ཡང་བཞུགས་ས་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་ཡང་མངོན་པར་སྤྲུལ་ཏོ། །བཞུགས་ས་དེ་དག་རེ་རེ་ཞིང་ཡང་བ་གམ་བཀྲ་བ། བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་བརྒྱ་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། །བ་གམ་དེ་དག་རེ་རེ་ལ་ཡང་ཁང་པ་བརྩེགས་པར་བཀྲ་བ། བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། །ཁང་པ་བརྩེགས་པ་དེ་དག་རེ་རེ་ཞིང་ཡང་ཁྱམས་བཀྲ་བ་བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། །དེ་ལ་གསེར་གྱི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་དངུལ། གྲལ་བུ་དང་སྒོ་འཕར་ནི་བཻ་དཱུརྱ། ཐེམ་པ་དང་ཁ་ཁྱེར་ནི་ཤེལ། ཀ་བ་ནི་སྤུག་།ཀ་ཞུ་ནི་མུ་ཏིག་དམར་པོ། ས་གཞི་ནི་རྡོའི་སྙིང་པོའི་རང་བཞིན་ཅན་ཤ་སྟག་གོ། །དངུལ་གྱི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་གསེར། གྲལ་བུ་དང་སྒོ་འཕར་ནི་བཻདཱུ་རྱ། ཐེམ་པ་དང་ཁ་ཁྱེར་ནི་ཤེལ། ཀ་བ་ནི་སྤུག་།ཀ་ཞུ་ནི་མུ་ཏིག་དམར་པོ། ས་གཞི་ནི་རྡོའི་སྙིང་པོའི་རང་བཞིན་ཅན་ཤ་སྟག་གོ། །བཻ་དཱུརྱའི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་ཤེལ། གྲལ་བུ་དང་སྒོ་འཕར་ནི་གསེར། ཐེམ་པ་དག་ཁ་ཁྱེར་ནི་དངུལ། ཀ་བ་ནི་སྤུག་།ཀ་ཞུ་ནི་མུ་ཏིག་དམར་པོ། ས་གཞི་ནི་རྡོའི་སྙིང་པོའི་རང་བཞིན་ཅན་ཤ་སྟག་གོ། །ཤེལ་གྱི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་བཻ་དཱུརྱ། ་གྲལ་བུ་དང་སྒོ་འཕར་ནི་སྤུག་ཐེམ་པ་དང་ཁ་ཁྱེར་ནི་རྡོའི་སྙིང་པོ། ཀ་བ་ནི་གསེར། ཀ་ཞུ་ནི་དངུལ། 81.27a ས་གཞི་ནི་མུ་ཏིག་དམར་པོའི་རང་བཞིན་ཅན་ཤ་སྟག་གོ། །སྤུག་གི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་རྡོའི་སྙིང་པོ། གྲལ་བུ་དང་སྒོ་འཕར་ནི་མུ་ཏིག་དམར་པོ། ཐེམ་པ་ཁ་ཁྱེར་ནི་གསེར། ཀ་བ་ནི་དངུལ། ཀ་ཞུ་ནི་ཤེལ། ས་གཞི་ནི་བཻདཱུ་རྱའི་རང་བཞིན་ཅན་ཤ་སྟག་གོ། །མུ་ཏིག་དམར་པོའི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་སྤུག་།གྲལ་བུ་དང་སྒོ་འཕར་ནི་རྡོའི་སྙིང་པོ། ཐེམ་པ་དང་ཁ་ཁྱེར་ནི་དངུལ། ཀ་བ་ནི་གསེར། ཀ་ཞུ་ནི་བཻ་དཱུརྱ། ས་གཞི་ནི་ཀེ་ཀེ་རུའི་རང་བཞིན་ཅན་ཤ་སྟག་གོ། རྡོའི་སྙིང་པོའི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་མུ་ཏིག་དམར་པོ། གྲལ་བུ་དང་སྒོ་འཕར་ནི་གསེར། ཐེམ་པ་དང་ཁ་ཁྱེར་ནི་དངུལ། ཀ་བ་ནི་བཻ་དཱུརྱ། ་ཀ་ཞུ་ནི་ཀེ་ཀེ་རུ། ས་གཞི་ནི་ཤེལ་གྱི་རང་བཞིན་ཅན་ཤ་སྟག་གོ། །ཁྱམས་དེ་དག་ཏུ་ཡང་སེང་གེའི་ཁྲི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་གོས་སྣ་ཚོགས་བཏིང་བ། ཀ་ཙ་ལི་ན་དེའི་སྟེང་གཡོགས་ཅན། མཐའ་གཉིས་སུ་རྟེན་མ་བཟང་པོ་བཀོད་པ་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། །སེང་གེའི་ཁྲི་དེ་དག་གི་རྐང་རྟེན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་དག་ལ་རས་བཅོས་བུ་སྣ་ཚོགས་འདི་ལྟ་སྟེ། ཤིང་བལ་ལས་བྱས་པ་ཤིན་དུ་ཕྲ་བ་དང ། སྲིན་བལ་ལས་བྱས་པ་ཤིན་དུ་ཕྲ་བ་དང ། ཟར་མའི་ཤུན་པ་ལས་བྱས་པ་ཤིན་དུ་ཕྲ་བ་དང ། ཤིན་ལྤགས་ལས་བྱས་པ་ཤིན་དུ་ཕྲ་བ་དང ། ཀ་ཤི་ཀ་ལས་བྱས་པ་ཤིན་དུ་ཕྲ་བ་བྱེ་བ་ཕྲག་དྲུག་དྲུག་ཅུ་དྲུག་ཅུ་བཏིང་བར་གྱུར་ཏོ། །སེང་གེའི་ཁྲི་དེ་དག་རེ་རེའི་ངོས་གཉིས་སུ་ཡང་ལྷ་མ་ཡིན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་བསིལ་ཡབ་ཐོགས་པ་གཉིས་གཉིས་མངོན་པར་སྤྲུལ་ཏེ། སེང་གེའི་ཁྲི་དེ་དག 81.27b ལ་ལྷ་མ་ཡིན་གྱི་བུ་མོ་གཞོན་ནུ་འཁོད་པ་དག་ལ་གཡོབ་བོ། །ཁྱམས་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུགས་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། །ཁྱམས་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། །དེ་ལ་གསེར་གྱི་ཁྱམས་རྣམས་སུ་ནི་རྒྱལ་མཚན་སྔོན་པོ་ལ་ཡུ་བ་སེར་པོ་ཤེལ་གྱིས་སྤུས་པ་དག་བཙུག་།དངུལ་གྱི་ཁྱམས་རྣམས་སུ་ནི་རྒྱལ་མཚན་སེར་པོ་ཡུ་བ་དམར་པོ་གསེར་གྱིས་སྤྲས་པ་དག་བཙུགས། བཻ་དཱུརྱའི་ཁྱམས་རྣམས་སུ་ནི་རྒྱལ་མཚན་དམར་པོ་ལ་ཡུ་བ་སེར་པོ་ཤེལ་གྱིས་སྤུས་པ་དག་གཙུགས། ཤེལ་གྱི་ཁྱམས་རྣམས་སུ་ནི་རྒྱལ་མཚན་དཀར་པོ་ཡུ་བ་བཻ་དཱུརྱ་གསེར་གྱིས་སྤྲས་པ་དག་གཙུགས། རིན་པོ་ཆེ་སྣ་ཚོགས་ཀྱི་ཁྱམས་རྣམས་སུ་ནི་རྒྱལ་མཚན་ཁྲ་བོ་གསེར་གྱི་ཡུ་བ་བཻ་དཱུརྱས་སྤྲས་པ་དག་བཙུགས་སོ། །དེ་ལ་རྒྱལ་མཚན་སྔོན་པོ་རྣམས་ནི་མེ་ཏོག་གསེར་པོ་རྒྱལ་མཚན་སེར་པོ་རྣམས་ནི་ཏོག་སྔོན་པོ། རྒྱལ་མཚན་དམར་པོ་རྣམས་ནི་ཏོག་དཀར་པོ། རྒྱལ་མཚན་དཀར་པོ་རྣམས་ནི་ཏོག་དམར་པོ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་རྣམས་ནི་ཏོག་རིན་པོ་ཆེ་སྣ་བདུན་ཤ་སྟག་གོ། །རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་བར་སྣང་གི་ནམ་མཁའ་ལ་ལྡིང་ཞིང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་པར་གྱུར་ཏོ། །དེ་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གླང་པོ་ས་སྲུང་གི་བུ་ནི་བར་སྣང་གི་ནམ་མཁའ་ལས་འགྲོ་ཞིང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྐྱེད་མོས་ཚལ་ཡོངས་འདུ་ས་བརྟོལ་དུ་ཉེ་བར་འཇོག་གོ། །དེ་བཞིན་ཕོ་བྲང་གི་རྡལ་དེ་དག་ཀྱང་བར་སྣང་གི་ནམ་མཁའ་ལ་ལྡིང་ཞིང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བར་བྱེད་དོ། ། 81.28a རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་དང ། བ་གམ་དེ་དག་དང ། བཞུགས་ས་དེ་དག་དང ། ཁང་པ་བརྩེགས་པ་དེ་དག་དང ། ཁྱམས་དེ་དག་དང ། སེང་གེའི་ཁྲི་དེ་དག་དང ། གདུགས་དེ་དག་དང ། རྒྱལ་མཚན་དེ་དག་དང ། བ་དན་དེ་དག་ལས་ལྷའི་ཙན་དན་དང ། ུཏྤ་ལ་དང ། ་ག་རུའི་ཕྱེ་མའི་ཆར་འབབ་པར་གྱུར་ཏོ། །མེ་ཏོག་མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དང ། མཉྫུ་ཥ་ཀ་དང ། ན་ནྱུ་ཥ་ཀ་ཆེན་པོ་དང ། པ་རུ་ཥ་ཀ་དང ། པ་རུ་ཥ་ཀ་ཆེན་པོ་དང ། མདོག་དཀར་དང ། མདོག་དཀར་ཆེན་པོ་དང ། སྐྱ་སྣར་དང ། སྐྱ་སྣར་ཆེན་པོ་དང ། སྐྱ་སྣར་ཁྲ་བོ་དང ། སྐྱ་སྣར་བཀྲ་ཆེན་གྱི་ཆར་ཡང་མངོན་པར་འབབ་པར་གྱུར་ཏོ། །གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། སྤུག་དང ། རྡོའི་སྙིང་པོ་དང ། མུ་ཏིག་དམར་པོ་དང ། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་དང ། དབྱིག་དང ། གསེར་དང ། ཡིད་བཞིན་གྱི་རས་བཅོས་བུའི་ཆར་ཡང་མངོན་པར་བབ་པར་གྱུར་ཏོ། །ཡིད་བཞིན་གྱི་ནོར་བུའི་བླ་རེ་དེ་དག་གི་མཐུས་ལྷ་མ་ཡིན་གྱི་བུ་དེ་དག་རིན་པོ་ཆེ་གང་དང་གང་གི་ཆར་འབབ་པར་འདོད་པ་དེ་དང་དེ་དག་ལས་མངོན་བར་བབ་པར་གྱུར་ཏོ། །དེའི་ཚེ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་ཁོར་ཡུག་ཏུ་ནི་དཔག་ཚད་དྲུག་ཁྲི་འཕང་དུ་ཡང་དཔག་ཚད་དྲུག་ཁྲིར་ལྷ་མ་ཡིན་གྱི་མཆོད་པ་དེ་ལྟ་བུས་རྒྱས་པར་གང་བར་གྱུར་ཏོ། །རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ཏོ། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཡང་མི་འགྲེང་བདུན་ཙམ་དུ་མེ་ཏོག་མན་དཱ་ར་བས་རྒྱས་པར་གང་བར་གྱུར་ཏོ། །སྤོས་ཆུས་ཀྱང་རྫབ་ཏུ་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྤོས་ཆུའི་རྫབ་ཀྱི་དྲི་དེས 81.28b ཁྱབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་གང་དག་གིས་སྤོས་ཆུའི་རྫབ་གྱི་དྲི་དེ་ཚོར་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་དག་ནི་སྨོས་ཀྱང་མི་དགོས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་ཙན་དན་གྱི་ཕྱེ་མས་མངོན་པར་གཏོར་ཏེ། ཚིགས་སུ་བཅད་པ་བདག་གིས་མངོན་པར་བསྟོད་པ། །བྱང་ཆུབ་དམ་པ་དོན་དུ་གཉེར་སླད་དུ། །སྐྱབས་ཀྱི་དམ་པ་རབ་ཏུ་མི་སྒུལ་བ། །ལྷར་བཅས་འཇིག་རྟེན་མི་འཇིགས་སྩོལ་བ་པོ། །ཁྱོད་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི། །གང་ལ་དགའ་བའི་ཡིད་ཀྱིས་སྐྱབས་སོང་ན། །ལོག་ལྟུང་དག་ཏུ་ལྟུང་བར་མི་འགྱུར་བ། །དེ་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི། །དཔེ་མེད་བྱང་ཆུབ་འཚལ་བའི་སླད་དུའོ། །འཁོར་བའི་སྡུག་བསྔལ་དག་ནི་བཤིག་བཅོམ་ཞིང ། །མྱ་ངན་ལས་རྒལ་ཉོན་མོངས་དག་གྱུར་ལ། །འདྲེན་པ་གཞན་གྱི་དྲིང་ལ་མི་འཇོག་པ། །ཁྱོད་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི། །རྒ་དང་འཆི་བས་ཉེན་པར་གྱུར་པ་ཡི། །ལྷ་དང་མི་རྣམས་འདྲེན་པ་བཅོམ་ལྡན་འདས། །གང་ལ་སྐྱབས་སོང་ཕྱིས་ཀྱང་མི་སྐྱེ་བ། །ཁྱོད་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་པའི་ཚེ་རྟའི་རྒྱན་དེ་དག་དང ། ཤིང་རྟའི་རྒྱན་དེ་དག་དང ། ལྷ་མ་ཡིན་གྱི་རྒྱན་དེ་དག་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་གྱི་རྒྱན་དེ་དག་དང ། བླ་རེ་དང་དྲིལ་བུ་གཡེར་ཀའི་རྒྱན་དེ་དག་རླུང་གིས་བསྐྱོད་པ་ 81.29a ལས་སྒྲ་སྙན་ཅིང་ཡིད་དུ་འོང་ལ་མཉན་ན་དགའ་བ་འདི་ལྟ་བུ་དག་བྱུང་བར་གྱུར་ཏེ། འདི་ལྟར་དཔེར་ན་རོལ་མོ་སིལ་སྙན་ཡན་ལག་བརྒྱད་པ་མཁས་པས་སྒྲ་ཕྱུང་བ་བཞིན་ནོ། །དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་པའི་ཚེ་སྟེང་གི་བར་སྣང་ལས་ལྷའི་ཙན་དན་དང ། ུཏྤ་ལ་དང ། ་ཀ་རུ་དང ། ཏ་མ་ལའི་ལོ་མའི་ཕྱེ་མའི་ཆར་མངོན་པར་འབབ་པར་གྱུར་ཏོ། །ལྷ་མ་ཡིན་གྱི་སྤོས་ཀྱི་ཕྱེ་མ་རྣམ་པ་སྣ་ཚོགས་དུ་མའི་ཆར་མངོན་པར་བབ་པར་གྱུར་ཏོ། །ལྷའི་མེ་ཏོག་མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དང ། མཉྫུ་ཥ་ཀ་དང ། མཉྫུ་ཥ་ཀ་ཆེན་པོ་དང ། པ་རུ་ཥ་ཀ་དང ། པ་རུ་ཥ་ཀ་ཆེན་པོ་དང ། མདོག་དཀར་དང ། མདོག་དཀར་ཆེན་པོ་དང ། སྐྱ་སྣར་དང ། སྐྱ་སྣར་ཆེན་པོ་དང ། སྐྱ་སྣར་ཁྲོ་བོ་དང ། སྐྱ་སྣར་བཀྲ་ཆེན་གྱི་མེ་ཏོག་རྣམས་དང ། སྤྲུལ་པའི་མེ་ཏོག་སྣ་ཚོགས་ཀྱི་ཆར་མངོན་པར་བབ་བོ། །སྟེང་གི་བར་སྣང་ལས་གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། སྤུག་དང ། རྡོའི་སྙིང་པོ་དང ། མུ་ཏིག་དམར་པོ་དང ། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་ཆར་ཡང་མངོན་པར་བབ་བོ། །ལྷ་དང་ལྷ་མ་ཡིན་གྱི་སྤོས་ཆུའི་ཆར་ཡང་མངོན་པར་འབབ་བོ། །སྤོས་ཆུའི་ཆར་དེ་བབ་པས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་སྤོས་ཆུའི་རྫབ་ཏུ་གྱུར་ཏོ། །སྤོས་ཆུའི་རྫབ་ཀྱི་དྲི་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་གང་བར་གྱུར་ཏོ། །སེམས་ཅན་གང་དག་གིས་སྤོས་ཀྱི་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ 81.29b ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་པའི་ཚེ། བར་སྣང་ལས་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་སིལ་སྙན་གྱི་སྒྲ་དག་བྱུང་ངོ ། །སིལ་སྙན་དེ་དག་གི་སྒྲས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གྲག་པར་གྱུར་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་གང་དག་གིས་སྒྲ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་པའི་ཚེ་ལྷ་མ་ཡིན་གྱི་བུ་མོ་བརྒྱ་སྟོང་དག་བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང ། ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱི་འཁོར་བྱ་བའི་ཕྱིར་ལ་ལ་ནི་གླུ་ལེན། ལ་ལ་ནི་སིལ་སྙན་བྱེད། ལ་ལ་ནི་གར་བྱེད། ལ་ལ་ནི་ལུས་ཀྱི་ཚུལ་སྒྱུར། ལ་ལ་ནི་ཙན་དན་དང ། ུཏྤ་ལ་དང ། ་ག་རུ་དང ། ཏ་མ་ལའི་ལོ་མའི་ཕྱེ་མ་འཐོར། ལ་ལ་ནི་ལྷའི་མེ་ཏོག་མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དང ། མན་ཛུ་ཥ་ཀ་དང ། མན་ཛུ་ཥ་ཀ་ཆེན་པོ་དང ། པ་རུ་ཥ་ཀ་དང ། པ་རུ་ཥ་ཀ་ཆེན་པོ་དང ། མདོག་དཀར་པོ་དང ། མདོག་དཀར་པོ་ཆེན་པོ་དང ། སྐྱ་སྣར་དང ། སྐྱ་སྣར་ཆེན་པོ་དང ། སྐྱ་སྣར་ཁྲ་བོ་དང ། སྐྱ་སྣར་བཀྲ་ཆེན་དང ། སྤྲུལ་པའི་མེ་ཏོག་རྣམས་དང ། གསེར་དང ། དངུལ་དང ། བེེ་དཱུརྱ་དང ། ཤེལ་དང ། སྤུག་དང ། རྡོའི་སྙིང་པོ་དང ། མུ་ཏིག་དམར་པོ་དང ། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་རྣམས་འཐོར་ཞིང་བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ། །ལ་ལ་ནི་ན་བཟའ་དང ། རྐང་གདུབ་དང ། སྐུ་རགས་དང ། ཕྱག་གི་རྒྱན་དང ། སོར་གདུབ་དང ། 81.30a གདུ་བུ་དང ། གདུ་བུ་ཐམ་པ་དང ། དབུ་རྒྱན་རྩེ་གསུམ་པ་དང ། དཔུང་རྒྱན་དང ། ཅོད་པན་དང ། གསེར་སྐུད་དང ། མུ་ཏིག་གིས་ཕྲེང་བ་དང ། ནོར་བུའི་དོ་ཤལ་དང ། སེ་མོ་དོ་དང ། གྱ་དོ་དང ། མགུལ་རྒྱན་སྣ་ཚོགས་དང ། རྣ་ཆ་དང ། རྣ་ཆ་གདུབ་ཁོར་དང ། ཚོང་ཚོང་གཤིབས་པ་དང ། མགོ་རྒྱན་དང ། ཕྲེང་བའི་ལྡ་ལྡི་དང ། སྤོས་ཀྱི་ལྡ་ལྡི་དང ། ནོར་བུའི་ལྡ་ལྡི་དག་འཐོར་ཞིང་མེ་ཏོག་གི་བླ་རེ་དང ། སྤོས་ཀྱི་བླ་རེ་དང ། ནོར་བུའི་བླ་རེ་དག་ཐོགས་སོ། །ལ་ལ་ནི་སྤོས་ཆུའི་ཆར་འབེབས་སོ། །ལ་ལ་ནི་ཕྱེ་མའི་ཆར་འབེབས་སོ། །ལ་ལ་ནི་མུ་ཏིག་དམར་པོས་སྙིམ་པ་བཀང་སྟེ། བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ། །ལ་ལ་ནི་རིན་པོ་ཆེས་སྙིམ་པ་བཀང ། ལ་ལ་ནི་གསེར་གྱིས་སྙིམ་པ་བཀང་སྟེ། བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ། །ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། །གང་བརྟེན་གང་ལ་གནས་བཅས་ནས། །གང་ཟག་མཆོག་ལ་མཆོད་འགྱུར་པ། །དེ་འདྲ་བ་ཡི་གྲོགས་པོ་དང ། །རྟག་པར་རྒྱུན་དུ་ཕྲད་པར་ཤོག་།ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱིས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་རབ་སིམ་གྱིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །སྟོབས་བཅུ་བརྩོན་བདེན་ཁྱོད་ལ་ཕྱག་འཚལ་ལོ། །མི་འཇིགས་འཇིགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ལ་མ་འདྲེས་ངེས་པར་གྱུར་བ་པོ། །འགྲོ་བའི་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་སྦྱོར་འཆིང་བ་གཅོད་ལ་ཕྱག་འཚལ་ལོ། །འཁོར་རྒྱུད་མི་གནས་པ་ལ་ཕྱག་འཚལ་ལོ། །མཐར་ཕྱིན་ཐར་གནས་ཁྱོད་ལ་ཕྱག་འཚལ 81.30b ལོ། །འགྲོ་བ་བྱིང་བ་སྒྲོལ་ལ་ཕྱག་འཚལ་ལོ། །སེམས་ཅན་འགྲོགས་ཀྱང་རྒོད་པ་མི་མངའ་ཞིང ། །འགྲོ་བ་ཀུན་ལ་ཐུགས་ནི་རྣམ་གྲོལ་ཏེ། པད་མ་ཆུ་ཡིས་མི་གོས་འདྲ་བ་པོ། །བློ་ཟབ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུབ་པ་ཁྱོད་ཀྱི་སྟོང་ཉིད་མཁྱེན། །རྣམ་པ་ཀུན་དུ་མཚན་མ་ཐམས་ཅད་བཤིག་།ཁྱོད་ནི་གང་དུའང་སྨོན་པ་ཡོད་མི་མངའ། །མི་གནས་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །ལྷ་མ་ཡིན་གྱི་དབང་པོ་རབ་སིམ་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་ཤིང་རྟ་བཟང་གིས་ཀྱང ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་གསེར་ཕྱེ་དག་གིས་གཏོར་ནས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །ས་དང་བར་སྣང་དང་ནི་ལྷའི་ཡུལ་ནའང ། བདེར་གཤེགས་ཁྱོད་མཉམ་མ་མཆིས་ལྷག་མ་མཆིས། །མཚན་མར་བཟུང་ན་ཕྱིན་ཅི་ལོག་ཞུགས་པའི། །འགྲོ་བ་སྨིག་རྒྱུ་འདྲ་བར་ཁྱོད་ཀྱིས་མཁྱེན། །འདི་ན་བྱེད་པ་ཚོར་བ་སེམས་ཅན་མེད། །གང་ཟག་མེད་ཅིང་བདག་གིར་བྱ་བ་མེད། །ཆོས་ཀུན་སྟོང་ཞིང་བྱེད་པ་ཀུན་ལས་དབེན། །རང་བཞིན་མེད་ཅིང་གཡོ་མེད་ཞི་ཞེས་བསྟན། །སུ་ཞིག་བདེར་གཤེགས་བསྟན་པའི་འདིར་མོས་ཏེ། །ཆོས་ཀུན་བྱས་པ་མེད་པའི་རྗེས་འབྲང་བ། །དེ་འདིར་འདྲེན་པའི་སྲས་སུ་གྱུར་པ་སྟེ། །ཇི་ལྟར་བསྟན་པ་དེ་བཞིན་ཡབ་ལྟར་སྤྱོད། །རྣམ་འདྲེན་ཁྱོད་ལ་བདག་བསྟོད་བསོད་ནམས་གང་སྐྱེས་ཏེ། །ཇི་ལྟར་རྒྱལ་བ་མཁྱེན་པ་ཡིས་ནི་མཁྱེན་གྱུར་པ། །དགེ་བའི་རྩ་བ་དེ་ཀུན་མ་ལུས་མཐའ་དག་འདིར། །འགྲོ་བའི་རྩལ་གྱིས་ཐམས་ཅད་སངས་རྒྱས་གྲུབ་པར་ཤོག ། །། བམ་པོ་གསུམ་པ། ལྷ་མ་ཡིན 81.31a གྱི་དབང་པོ་ཤིང་རྟ་བཟང་གིས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་སྟོབས་ལྡན་གྱིས་ཀྱང ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ནས་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱེད་ཅིང་དངུལ་གྱི་མེ་ཏོག་རྣམས་ཀྱིས་གཏོར་ཏེ། ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །འཁོར་བའི་རྒྱ་མཚོ་ཆུ་ལས་ཕ་རོལ་རྣམས་རྒལ་བ། །རྒལ་ནས་སྐྱེ་བོ་རྒྱུན་གྱི་རྗེས་འགྲོ་སྒྲོལ་མཛད་ཅིང ། །བདེ་གཤེགས་ཕ་རོལ་ཐང་བདེ་འཇིག་པ་མེད་འཇོག་པ། །སྤྱན་མཛེས་བདེ་བར་གཤེགས་པ་ཁྱོད་ཀྱི་ཞབས་ལ་གཏུག་།བློ་མཆོག་ཁྱོད་ཀྱིས་འགྲོ་བ་ཐམས་ཅད་ཀུན་དུ་མཁྱེན། །ཕྱིན་ཅི་ལོག་ལྟ་ཐིབས་པོར་རབ་ཞེན་བློ་ལྡན་ཏེ། །འཁྲུལ་པ་སྨིག་རྒྱུ་ལྟ་བུར་མ་ཤེས་གྱུར་རྣམས་ལ། །མཚུངས་པ་མེད་པའི་ཐུགས་རྗེ་བསྐྱེད་ནས་རྟོགས་པར་མཛད། །མི་མཆོག་ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་སྒྱུ་མ་དང ། །སྨྱིག་རྒྱུ་འདྲ་ཞིང་སྨྱིག་ཡོར་མཚུངས་ཤེས་རབ་ཏུ་བསྟན། །ཐུབ་པ་དམ་པ་ཁྱོད་ཀྱིས་ཆོས་ཀྱིས་སྲས་མཆོག་བསྐྱེད། །སྲིད་པ་གསུམ་པོ་དག་ནི་མི་ཆགས་སྤྱད་པ་སྤྱོད། །དངོས་པོ་ལོག་པའི་དོན་གྱུར་རང་བཞིན་བྲལ་བ་དང ། །གཞན་གྱི་དངོས་པོས་སྟོང་པར་མི་དབང་ཁྱོད་ཀྱིས་མཁྱེན། །བྱིས་པ་རྨོངས་པའི་བློ་གྲོས་རྨྱི་ལམ་དག་ལྟ་བུར། །མི་དབང་ཁྱོད་ཀྱིས་སྲས་ཀྱིས་ཚལ་ན་སྤྱད་པ་སྤྱོད། །ལྷ་མ་ཡིན་གྱི་དབང་པོ་སྟོབས་ལྡན་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཀྱང ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་མེ་ཏོག་སྐྱ་སྣར་ཁྲ་བོ་རྣམས་ཀྱིས་གཏོར་ཏེ་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །མི་མཆོག་ཁྱོད་ཀྱི་སྐུ་ཡི་ནི། །ལྷར 81.31b བཅས་འཇིག་རྟེན་འདི་ཟིལ་མནན། །རི་རབ་ཀྱིས་ནི་ཡུངས་འབྲུ་དང ། །རྒྱ་མཚོས་བ་རྗེས་ཆུ་བཞིན་ནོ། །གཟུགས་མཛེས་མཚན་གྱིས་རབ་ཏུ་བརྒྱན། །གཟུགས་ཀྱིས་གཟུགས་ཀྱི་དམ་པ་དང ། །གཟུགས་རྣམས་ཐམས་ཅད་ཟིལ་གྱིས་མནན། །དཔེར་ན་ཉི་མས་མེ་ཁྱེར་བཞིན། །གཟི་བརྗིད་ཕུང་པོ་གཟི་བརྗིད་ཀྱིས། །སེམས་ཅན་གཟི་ལྡན་ཟིལ་གྱིས་མནན། །ཟིལ་མནན་དེ་དག་ལམ་མེ་མྱིན། །ཉི་མས་མེ་ཁྱེར་ཟིལ་བརླག་བཞིན། །ཡེ་ཤེས་རྒྱ་མཚོ་ཡེ་ཤེས་ཀྱིས། །འཇིག་རྟེན་གསུམ་ཀུན་ཟིལ་གྱིས་མནན། །ཟིལ་མནན་དེ་དག་ལམ་མེ་མིན། །ཉི་མས་ཟླ་འོད་ཟིལ་བརླག་བཞིན། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་གིས་ཀྱང ། །བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལེན་གསུམ་བསྐོར་བ་བྱེད་ཅིང་མེ་ཏོག་སྐྱ་སྣར་ཁྲ་བོས་མངོན་པར་གཏོར་ཏེ་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །འདྲེན་པ་བློ་གྲོས་ཞི་བ་པོ། །ཞི་གནས་དགྱེས་པས་འགྲོ་བ་ཡི། །འདོད་སྡང་གཏི་མུག་རྡུལ་ཞི་མཛད། །ཆར་པས་རྡུལ་རྣམས་ཞི་བགྱིད་བཞིན། །འབར་ཞིང་ཆོས་ཚུལ་འབར་བར་མཛད། །གླུགས་སྦྱིན་གྱིས་ནི་མེ་བཞིན་ནོ། །ནགས་བཏང་ནགས་མེས་ཤིང་སྲེག་ལྟར། །དེ་བཞིན་ཉོན་མོངས་དྲ་བ་སྲེག་།བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །དཔག་ཏུ་མེད་པར་དགེ་རྩ་འཛིན། །ཉོན་མོངས་ཐམས་ཅད་འཇོམ་མཛད་དེ། །བདུད་རྩིས་ལུས་བྱུགས་དུག་བཞིན་ནོ། །མུན་པ་མུན་གནག་སེལ་མཛད་དེ། །མུན་ཁུང་སྒྲོན་མ་འབར་བ་བཞིན། །ཆོས་ཀྱི་ཚུལ་ཡང་སྟོན་མཛད་དེ། །ནོར་མཁན་རིན་ཆེན་ཡོན་ཏན་བཞིན། །ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་གིས་ཇི་ལྟར་བྱས་པ་དེ་བཞིན 81.32a དུ་ལྷ་མ་ཡིན་གྱི་དབང་པོ་གཡུལ་ལ་མངོན་པར་དགའ་བས་ཀྱང ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་རིན་པོ་ཆེའི་མེ་ཏོག་རྣམས་ཀྱིས་གཏོར་ནས་ཚིགས་སུ་བཅད་པ་དག་གི་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །གདུལ་དཀའ་མི་བཟད་སེམས་ནི་ཁྱོད་ཀྱིས་བཏུལ། །གཡུལ་ལ་དཔའ་བས་གཡུལ་ངོར་དཔའ་བོ་བཞིན། །ཤིན་ཏུ་ཚར་བཅད་རང་གིས་དབང་དུ་མཛད། །ཐུགས་དུལ་མི་བསྙེངས་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་དབང་པོ་ཐུལ་ཅིང་དགྲ་ཡང་བཅོམ། །གང་དུ་འང་མི་བསྙེངས་མི་བསྐྱོད་བདེ་བ་བསྙེས། །ཁྱོད་ནི་ཉོན་མོངས་རྣམས་ཀྱིས་ཡང་མི་འཁྲུགས། །རྣམ་པ་ཀུན་ཏུ་དུག་ནི་མ་ལུས་བཅོམ། །མཐུ་ཆེན་ཁྱོད་ཀྱིས་བྱམས་པ་ལེགས་བསྒོམས་ཏེ། །ཁྱོད་ཀྱི་ཐུགས་ནི་དགྲ་དང་བྱམས་ལ་མཉམ། །ཐུབ་པ་ཁྱོད་ཀྱིས་སེམས་ཅན་བློ་གྲོས་བཤིག་།འགྲོ་བ་ཀུན་དུ་ཁྱོད་ནི་བཞུད་མི་མངའ། །ཤེས་རབ་རྣམ་གྲོལ་སྲིད་པའི་སྲེད་པ་བསྐམས། །ཤེས་རབ་རྣམ་དག་ཁྱོད་ཀྱི་ཐུགས་ཀྱང་དག་།ཆོས་རྣམས་ཀུན་ལ་ཐུགས་ནི་ཆགས་མི་མངའ། །ཐམས་ཅད་ཟིལ་མནན་ཐུབ་མཆོག་ཁྱོད་འདྲ་མེད། །ལྷ་མ་ཡིན་གྱི་དབང་པོ་གཡུལ་ལ་མངོན་པར་དགའ་བས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་མིག་བཟངས་ཀྱིས་ཀྱང ། །བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་སྣ་བདུན་གྱི་ཤི་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་བཅོམ་ལྡན་འདས་ལ་གཏེར་ཆེན་པོ་ཡང་ཕུལ་ནས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་ནི། །ཆོས་རྣམས་ཡང་དག་མཚན་ཉིད་མཁྱེན། །གང་འདི་ཆོས་ཤེས་བརྗོད་པ་ཡང ། །དེ་ནི་བརྡར་བཏགས 81.32b ཚིག་ཏུ་ཟད། །ཆོས་རྣམས་ཆོས་ཀྱི་ངོ་བོ་ཡིས། །རྣམ་པ་ཀུན་ཏུ་མི་དམིགས་སོ། །གང་འདི་ཆོས་ཤེས་བརྗོད་པ་ཡང ། །དེ་ནི་མིང་ཙམ་ཟད་ཅེས་གསུངས། །མིང་ནི་མིང་གིས་དབེན་པ་སྟེ། །མཚན་ཉིད་ཀྱང་ནི་དེ་བཞིན་ནོ། །ཆོས་རྣམས་མཚན་ཉིད་མེད་པ་སྟེ། །མིང་ཡང་མེད་ཅེས་ཁྱོད་ཀྱིས་བཤད། །རབ་ཏུ་བཤད་ཅེས་བགྱི་བ་ཡང ། །བཤད་པ་ཅི་ཡང་མ་མཆིས་ཏེ། །གང་གིས་ཀྱང་ནི་མ་བཤད་ཅིང ། །སུ་ལ་འང་བཤད་པ་མ་མཆིས་སོ། །ཁྱོད་ཀྱི་སྲས་པོ་མི་མཆོག་རྣམས། །ཆོས་རྣམས་དེ་ལྟར་འཚལ་ནས་ནི། །ཆོས་རྣམས་ལ་ཡང་མི་ཆགས་པར། །རྣམ་པར་སྤྱད་དོ་ཐུབ་པ་ཆེ། །ལྷ་མ་ཡིན་གྱི་དབང་པོ་མིག་བཟངས་ཀྱིས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་འཇིག་རྟེན་གསུམ་རྣམ་པར་གནོན་པས་ཀྱང ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་བཅོམ་ལྡན་འདས་ལ་མུ་ཏིག་གི་དོ་ཤལ་ཡང་ཕུལ་ནས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །དགྲ་ཟླ་མ་མཆིས་ཁྱོད་ལ་བདག་བསྟོད་དོ། །ཚུལ་ཁྲིམས་དང་ནི་གཟུགས་དང་ཡེ་ཤེས་སྟོབས། །དེ་ནི་འཇིག་རྟེན་གསུམ་ན་མཚུངས་མ་མཆིས། །དེ་ཕྱིར་ཁྱོད་ནི་དགྲ་ཐུལ་མཚུངས་མ་མཆིས། །ཁྱོད་ཀྱི་གཟུགས་ནི་ཆོས་ཀྱིས་བསྐྱེད་པས་ན། །གཟུགས་ཀྱི་སྟོབས་ཀྱིས་ཁམས་གསུམ་ཟིལ་གྱིས་མནན། །སྦྱིན་པའི་སྟོབས་ཀྱིས་མཚན་ནི་ཕུན་སུམ་ཚོགས། །དཔེ་བྱད་ཕུན་སུམ་ཚོགས་ཤིང་གཟུགས་ཀྱང་དག་།ཚུལ་ཁྲིམས་སྟོབས་ཀྱིས་ཁྱོད་ནི་མི་བསྐྱོད་དོ། །སྐྱེ་བོ་མཁས་པས་སོ་སོར་བསམ་མི་ལང ། །ཁྱོད་ནི་ཚུལ་ཁྲིམས་ལྡན་ཞིང་ཐུག་ཀྱང་དག་།མི་ཡི་སེང་གེ་མཛད་པ་ཐམས་ཅད་འབྱོར། །ཤེས་རབ་སྟོབས་ཀྱི་ཁྱོད་མཚུངས 81.33a འགའ་མ་མཆིས། །དེ་ན་མི་བསྙེངས་འཇིག་རྟེན་གསུམ་བཏུལ་ནས། །འཁོར་དུ་སེང་གེ་ལྟ་བུར་སྒྲ་བསྒྲགས་ཏེ། །རྟོག་གེ་ཚོགས་ཀྱི་བློ་གྲོས་ཟིལ་གྱིས་མནན། །ལྷ་མ་ཡིན་གྱི་དབང་པོ་འཇིག་རྟེན་གསུམ་རྣམ་པར་གནོན་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་རྣམ་པར་སྣང་བྱེད་ཀྱིས་ཀྱང ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་རིན་པོ་ཆེས་སྙིམ་པ་བཀང་སྟེ་གཏོར་ནས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །ཐུབ་པ་ཆེན་པོ་སྐྱེ་བོའི་ཚོགས་པ་འདི། །དང་བའི་ཡིད་ཀྱིས་ཁྱོད་ཀྱི་ཞལ་དུ་ལྟ། །ཀུན་གྱིས་རྒྱལ་བ་མདུན་ན་བཞུགས་པར་མཐོང ། །དེ་ནི་རྒྱལ་བའི་སངས་རྒྱས་མ་འདྲེས་མཚན། །བཅོམ་ལྡན་འདས་ཀྱིས་གསུང་གཅིག་བརྗོད་པ་ལ། །སྐྱེ་བོ་བསམ་པ་ཇི་བཞིན་སོ་སོར་འཚལ། །ཐུབ་པ་ཁྱོད་ཀྱིས་གསུང་དེ་དེ་ལྟར་འབྱུང ། །དེ་ནི་རྒྱལ་བའི་སངས་རྒྱས་མ་འདྲེས་མཚན། །བཅོམ་ལྡན་འདས་ཀྱིས་གསུང་གཅིག་བརྗོད་པ་ལ། །འཁོར་གྱིས་ཐ་དད་གསུང་དུ་རྣམ་འཚལ་ཅིང ། །འགྲོ་བས་རང་དོན་ཇི་ལྟ་བཞིན་དུ་འང་འཚལ། །དེ་ནི་རྒྱལ་བའི་སངས་རྒྱས་མ་འདྲེས་མཚན། །གསུང་གཅིག་རབ་ཏུ་བརྗོད་པ་མཛད་པས་ནི། །གཅིག་ལ་འཇོག་གི་གཞན་ནི་དགག་པར་མཛད། །འདྲེན་པ་སུ་དག་མ་བསླབས་རྟོག་པར་མཛད། །དེ་ནི་རྒྱལ་བའི་སངས་རྒྱས་མ་འདྲེས་མཚན། །ལྷ་མ་ཡིན་གྱི་དབང་པོ་རྣམ་པར་སྣང་བྱེད་ཀྱིས་ཇི་ལྟར་བྱས་པ་དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་བཏང་ཟུང་གིས་ཀྱང ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་མུ་ཏིག་དམར 81.33b པོས་སྙིམ་པ་བཀང་སྟེ་གཏོར་ནས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །རྒྱགས་དང་ང་རྒྱལ་སྡིག་པའི་ལྟ་བ་སྤྱོད་པ་གང ། །ཡིད་དགའ་རབ་ཏུ་དང་བས་མི་དབང་བདེ་གཤེགས་ཀྱི། །གློ་ལ་མངོན་པར་དགའ་བ་དེ་དག་བག་མཆིས་ཏེ། །མཚུངས་མེད་བསྙེན་བཀུར་བགྱིད་པ་དེ་དག་སྟོན་པའི་སྲས། །ཆོས་རྣམས་འདི་དག་ངོ་བོ་ཉིད་ཀྱིས་མ་མཆིས་ཏེ། །རྨི་ལམ་དགའ་བ་ཐམས་ཅད་ཚད་མ་མ་ལགས་འདྲ། །རྨྱི་ལམ་དགའ་སྤྱོད་མ་མཆིས་ཀྱང་ནི་འདུ་ཤེས་མཆིས། །དེ་ལྟར་རྒྱལ་བས་ཆོས་རྣམས་ཐམས་ཅད་རབ་ཏུ་གཟིགས། །སྟོན་ཀའི་སྤྲིན་དང་མཚུངས་ཤིང་ཆུའི་ཟླ་བ་འདྲ། །བྱིས་པའི་བློ་ལྡན་རྣམས་ཀྱི་ཡིད་ནི་རྨོངས་པར་བགྱི། །གང་དག་རྟག་ཏུ་བག་མཆིས་བདེ་གཤེགས་བློ་མངའ་བ། །མཁས་པའི་སྐྱེ་བོ་དག་ལ་འདི་ནི་རྨོངས་མི་བགྱིད། །རྒྱལ་བ་ཁྱོད་ཀྱི་བསྟན་ལ་རྟག་ཏུ་བག་མཆིས་གང ། །མི་མཆོག་དམ་པ་དེ་དག་མི་དལ་ཡོང་མི་མཆི། །ཆོས་རྣམས་ཐམས་ཅད་རྨྱི་ལམ་འདྲ་བར་རྣམ་བརྟགས་ནས། །ཡང་དག་མཐོང་བ་དེ་དག་ཏིང་འཛིན་ཐོབ་པར་གྱུར། །དེ་ནས་ཐགས་ཟངས་རིས་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་གིས་མཆོད་པ་འདི་ལྟ་བུ་བྱས་ནས་བྱང་ཆུབ་ལ་གཞོལ་བའི་སེམས་ཀྱི་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང ། ཡིད་བདེ་བ་སྐྱེ་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མ་ཡིན་གྱི་དབང་པོའི་མཆོད་པ་དེ་དག་ཀྱང་གཟིགས། ལྷ་མ་ཡིན་དེ་དག་གི་ལྷག་པའི་བསམ་པ་ཡང་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད 81.34a དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེབ་རྒན་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་སྣང་བས་རྒྱས་པར་བཀང་སྟེ་ཕྱིར་ལོག་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཚིགས་སུ་བཅད་དེ་ཞུས་པ། འཇིག་རྟེན་ཕན་བཞེད་རྒྱུ་ཞིག་མ་མཆིས་པར། །མི་ཡི་སེང་གེ་འཛུམ་པ་མི་མཛད་ན། །དྲང་སྲོང་ཆེན་པོ་ཅི་སླད་འཛུམ་པ་མཛད། །སྐྱེས་བུས་མཆོག་གིས་འཛུམ་པའི་རྒྱུ་ཡང་གསུངས། །ལྷ་མིན་མཆོད་པ་རྒྱ་ཆེན་གཟིགས་གྱུར་ནས། །འཇིག་རྟེན་ཕ་ན་བཞེད་ཁྱོད་ནི་འཛུམ་མཛད་ན། །ལྷ་མིན་རྣམས་ལ་ལུང་བསྟན་བཀའ་སྩལ་གསོལ། །དེ་ཐོས་བདག་ཅག་རྣམས་ནི་དགའ་བར་འགྱུར། །དེ་རིང་སུ་ཡིས་དོགས་མེད་རྒྱ་ཆེན་སེམས། །འཁོར་འདིར་ཡང་དག་བསྐྱེད་པར་གྱུར་ཅིག་གུ་།དེ་བཞིན་གཤེགས་པས་གང་གི་བསམ་མཁྱེན་ནས། །མི་ཡི་སེང་གེ་འཛུམ་པ་མཛད་པར་གྱུར། །དེ་རིང་ཡོངས་སུ་དག་པའི་ཡིད་ཀྱིས་སུ། །མི་ཡི་མཆོག་ལ་དང་བ་གང་གིས་བསྐྱེད། །དེ་བཞིན་གཤེགས་པས་གང་གི་བསམ་མཁྱེན་ཏེ། །ཡིད་དུ་འོང་བའི་འཛུམ་པ་མཛད་པར་གྱུར། །བདེ་གཤེགས་ཞལ་ནས་འཛུམ་པ་དེ་མཐོང་ནས། །འདི་ལྟར་བདེ་གཤེགས 81.34b འཛུམ་པ་མཛད་པ་འདི། །སུའི་དཔུང་བཅས་བདུད་ནི་དེང་བཅོམ་ཞེས། །འཁོར་འདི་དེ་རིང་ཐེ་ཚོམ་འཚལ་བར་གྱུར། །དྲང་སྲོང་ཆེན་པོ་རྒྱལ་བ་དགྲ་ལས་རྒྱལ། །ཐེ་ཚོམ་འཚལ་བའི་སོམ་ཉི་གཅད་དུ་གསོལ། །མི་མཆོག་ཁྱོད་ཀྱིས་དེ་རིང་འགྲོ་བ་ཡི། །ཐེ་ཚོམ་སྨྱུར་ཏེ་ལེགས་པར་བཅད་དུ་གསོལ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཞུ་བ་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་ཚེ་དང་ལྡན་པ་རྟ་ཐུལ་ལ་སླར་བཀའ་སྩལ་པ། །རྟ་ཐུལ་ཁྱོད་ཀྱིས་དྲི་བ་ལེགས་པར་དྲིས། །འཇིག་རྟེན་ཕན་ཕྱིར་འཛུམ་པ་ངས་བྱས་པ། །དེ་ཡི་འབྲས་བུ་མ་ལུས་བསྟན་པར་བྱ། །བསྟན་པ་དེ་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བླ་ན་མེད་པའི་བྱང་ཆུབ་འདོད་པའི་ཕྱིར། །ལྷ་མིན་རྣམས་ཀྱིས་ང་མཆོད་འདི་བྱས་ཏེ། །དེ་དག་སེམས་ནི་ཅི་ལ་འང་ཆགས་མེད་པས། །ནམ་མཁའི་ངོས་ལ་ལག་མཐིལ་ཆགས་མེད་བཞིན། །ལྷ་མིན་ཚོགས་ཀྱིས་དང་བའི་ཡིད་བྱས་ཏེ། །དེ་དག་ང་ལ་མཆོད་པ་འདི་བྱས་པས། །བློ་ཅན་དེ་དག་ལྷ་མིན་རིས་བོར་ཏེ། །མཐོ་རིས་དོང་ནས་ཡུན་རིང་དགའ་བར་འགྱུར། །དེ་དག་ཕྱི་དུས་རྒྱལ་བ་མི་སེང་གེ་།གང་གཱའི་ཀླུང་གི་བྱེ་མ་བྱེ་བ་སྙེད། །བསྙེན་བཀུར་བྱས་ནས་ཡི་འོང་བསྐལ་པ་ལ། དེ་དག་ཐམས་ཅད་མཚན་འཐུན་རྒྱལ་བར་འགྱུར། །དེ་ཚེ་བདེ་གཤེགས་ཁྲག་ཁྲིག་དྲུག་ཅུའི་རྣམས། །འཇིག་རྟེན་སྒྲོན་མ་ཕྱོགས་སུ་གྲགས་པ་སྟེ། །དེ་དག་མི་གནས་ཆོས་ནི་སྟོན་མཛད་ཅིང ། །ལྷ་དང་བཅས་པའི་འཇིག་རྟེན་འགྲེལ་པར་འགྱུར། །འཇིག་རྟེན་མཁས་པ་དེ་དག་རྣམས་ཀྱི་ཞིང ། །ཤིན་ཏུ་ཡངས་ཤིང་སྙིགས་མ་མེད་པར་འགྱུར། །དེ་ཚེ་ཁྲག་ཁྲིག་དྲུག་ཅུར་ཚངས་པ་ཡི། །རྒྱལ་བ་རྣམས་ཀྱིས་སྟོང་གསུམ་སྦྱོང་བར་འགྱུར། །དེ་དག་ངན་སོང་ཐམས་ཅད་སེལ་བར་མཛད། །དེ་དག་ཞིང་དེར་དགའ་བར 81.35a སྤྱོད་པར་འགྱུར། །བརྟེན་པ་དེ་དག་མི་ཁོམ་ཐམས་ཅད་སྦྱོང ། །བླ་ན་མེད་པའི་ཐེག་པ་སྟོན་པར་འགྱུར། །དེ་དག་ཚེ་ཡི་ཚད་དུ་གྱུར་པ་ནི། །བསྐལ་པ་ཁྲག་ཁྲིག་དྲུག་ཅུ་ཚང་བར་ཡང ། །རྣམ་པར་འདྲེན་པ་དེ་དག་འཚོ་བར་འགྱུར། །ཆགས་པ་མེད་པའི་ཆོས་ཀྱང་སྟོན་པར་མཛད། །ཐུབ་པ་དེ་དག་མྱ་ངན་འདས་གྱུར་ཏེ། །འཇིག་རྟེན་མཁས་པ་རབ་ཏུ་ཞི་གྱུར་ནས། །བསྐལ་པ་ཁྲག་ཁྲིག་དྲུག་ཅུ་ཚང་བར་ནི། །རང་འབྱུང་རྣམས་ཀྱི་དམ་ཆོས་གནས་པར་འགྱུར། །བདེ་བར་གཤེགས་པ་དེ་དག་འགྲོ་བའི་ཚོགས། །གང་གཱའི་བྱེ་མ་སྙེད་ཀྱི་སྐྱེ་བོ་འདུལ། །དགྲ་ལས་རྒྱལ་བའི་རྒྱལ་བར་མཚན་འཐུན་འགྱུར། །ཞིང་དང་ཚེ་དང་ཆོས་གནས་འགྱུར་བ་འང་འཐུན། །བདེ་གཤེགས་དེ་དག་ཁྲག་ཁྲིག་དྲུག་ཅུ་ཡི། །སྐྱེས་པ་བུད་མེད་ཡོངས་སུ་སྨིན་མཛད་དེ། །བླ་ན་མེད་པའི་ཐེག་པས་འདེམས་པར་འགྱུར། །མཁས་པ་དེ་དག་རྒྱལ་བའི་གདུང་ཡང་འཛིན། །རྒྱལ་བས་ལྷ་མིན་དེ་དག་ལུང་བསྟན་པ། །འཇིག་རྟེན་ཕན་ཕྱིར་དྲང་སྲོང་ཆེན་པོས་གསུངས། །ལྷ་དང་བཅས་པའི་འཇིག་རྟེན་དེ་ཐོས་ནས། །ཡི་རངས་གྱུར་ཅིང་སྟོབས་ཀྱང་སྐྱེ་བར་འགྱུར། །ལྷ་མ་ཡིན་ལུང་བསྟན་པའི་ལེའུ་སྟེ། བཞི་པའོ།། ་།། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལྷ་མ་ཡིན་གྱི་མཆོད་པ་རྣམ་པ་དེ་ལྟ་བུ་འདི་མཐོང་ནས་ངོ་མཚར་དུ་གྱུར་ཏེ། འདི་སྙམ་དུ་དེ་བཞིན་གཤེགས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དགེ་བའི་རྩ་བ་ཅི་ལྟ་བུ་ཞིག་མངོན་པར་འདུ་མཛད་ན་འདི་ལྟ་བུའི་རྣམ་པར་སྨིན་པ་གྲུབ་སྙམ་ནས། དེའི་ཚེ་སེམས་ཇི་ལྟར་མཉམ་པར་གཞག་པས་བསྐལ་པ་གྲངས་མེད་པ་ཡང་རྗེས་སུ་དྲན་ཞིང་བཅོམ་ལྡན་འདས་ཀྱིས་སྲིད་པའི་རྒྱུད་དེ་དང་དེར་འཆི་འཕོ་དང་སྐྱེ་བ་ན་དགེ་བའི་རྩ་བ་གང་དག་མངོན་པར་འདུ་མཛད་པ་དང ། དགེ་བའི་རྩ་བ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང 81.35b དག་པར་བསྒྲུབས་པ་དང ། དགེ་བའི་རྩ་བ་གང་གིས་ཕྱིར་མི་ལྡོག་པ་བརྙེས་པར་གྱུར་པ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་འགྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ཀྱི་དགེ་བའི་རྩ་བ་བདག་ཉིད་ཆེན་པོ་རྗེས་སུ་དྲན་པར་གྱུར་ནས་འདི་སྙམས་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་བདག་ཉིད་ཆེན་པོ་དེ་ལྟ་བུ་མཛད་ན་དེའི་ཐུགས་བསྐྱེད་པ་གཅིག་ལ་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ཏེ། ལྷ་མ་ཡིན་གྱི་མཆོད་པ་ཇི་སྙེད་པ་དེ་སྙེད་དུ་སེམས་ཅན་རེ་རེས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་མཆོད་པ་བྱས་ཀྱང་དེ་དག་གིས་ཐུགས་བསྐྱེད་པ་གཅིག་ལ་ཡང་ལན་ལོན་པར་མི་ནུས་སོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ངོ་མཚར་དང་དང་བ་ཐོབ་པར་གྱུར་ནས་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ། །ཐུབ་པ་བྱང་ཆུབ་གཞོལ་བ་ཡི། །ཐུགས་བསྐྱེད་པ་ནི་རེ་རེ་ལ་འང ། །ལྷ་མ་ཡིན་གྱི་མཆོད་པ་འདིས། །ཆ་ཙམ་མི་སྤྱོད་མིའི་སེང་གེ་།དེ་ལྟའི་ཡོན་ཏན་མཐར་ཕྱིན་ཏེ། །ལྷ་དང་མི་ཡིས་མཆོད་གྱུར་པ། །ཙན་དན་ཕུར་མ་རི་རབ་ཙམ། །མི་མཆོག་ཁྱོད་ལ་མཆོད་པར་འོས། །མི་ཡི་སེང་གེ་ཁྱོད་ལ་ནི། །གང་གཱའི་བྱེ་མ་ཆེས་མང་བའི། །རྒྱ་མཚོ་རབ་ཏུ་བཀང་བ་ཡི། །སྤོས་ཆུ་དག་གིས་མཆོད་པར་འོས། །ཡོན་ཏན་ཆེན་པོ་མངའ་བ་ལ། །གང་གཱའི་བྱེ་མ་ཆེས་མང་བའི། །མེ་ཏོག་ཚོགས་ནི་རི་བོ་མཆོག་།ཁོར་ཡུག་ཆེན་པོ་མཉམ་མཆོད་འོས། །རྒྱལ་བ་སྒྲོན་མ་རང་བྱུང་བ། །མར་མེའི་སྙིང་པོ་རི་རབ་ཙམ། །འབྲུ་མར་རྒྱ་མཚོའི་ཆུ་སྙེད་ཀྱི། །མར་མེ་རྣམས་ཀྱིས་མཆོད་པར་འོས། །མཐུ་ཆེན་མངའ་བ་དེ་ལྟ་བུར། །ཡོན་ཏན 81.36a ཕ་རོལ་ཕྱིན་གྱུར་པ། །གང་གཱའི་བྱེ་མ་ཆེས་མང་བའི། །མེ་ཏོག་མཆོད་རྟེན་མཆོད་པར་འོས། །མི་དབང་མཆོད་པས་ཐུགས་བརྩེ་བ། །རིན་ཆེན་གདུགས་ནི་ཆེ་རྣམས་ཀྱིས། །བསྐལ་པ་ཁྲག་ཁྲིག་རྣམས་སུ་ཡང ། །སེམས་ཅན་མཆོག་ལ་མཆོད་པར་འོས། །ཡོན་ཏན་མཐའ་ཡས་མངའ་བ་ཁྱོད། །རིན་པོ་ཆེ་ཡི་རྒྱལ་མཚན་གྱིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་སྟེ། །བསྐལ་པ་བསམ་ཡས་མཆོད་པར་འོས། །མི་ཡི་སེང་གེ་ཁྱོད་ལ་ནི། །བསྐལ་པ་ཁྲག་ཁྲིག་དཔག་མེད་པར། །གང་གཱའི་བྱེ་མ་ཆེས་མང་བའི། །བ་དན་ཚོགས་ཀྱིས་མཆོད་པར་འོས། །དྲང་སྲོང་ཆེན་པོ་སྨྲ་བའི་སྟག་།ལྷ་རྣམས་དང་ནི་མི་དག་དང ། །གཞན་ཡང་སེམས་ཅན་གང་ཚོགས་པ། །བརྟག་བཟུང་དཔེ་ལ་གསན་དུ་གསོལ། །གལ་ཏེ་གང་གཱའི་བྱེ་སྙེད་ཀྱི། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །སེམས་ཅན་ཐམས་ཅད་སངས་རྒྱས་སུ། །མི་མཆོག་སྟོབས་བཅུའི་སྟོབས་ལྡན་ལ། །དེ་དག་རེ་རེའི་མགོ་བོ་ཡང ། །གང་གཱའི་བྱེ་མ་སྙེད་གྱུར་ཏེ། །མགོ་བོ་དེ་དག་རེ་རེ་ཞིང ། །དེ་སྙེད་ཁ་དང་ལྡན་གྱུར་ལ། །ཁ་རྣམས་དེ་དག་རེ་རེ་ཞིང ། །ལྕེ་དང་ཁ་ཡི་གྲངས་མཉམ་ལ། །གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །བསྐལ་པར་བསྟོད་པར་བགྱིས་ཀྱང་ནི། །རྒྱལ་བ་དེ་དག་སྤོབས་མི་བས། །ཁྱོད་ཀྱི་ཡོན་ཏན་མཐར་མི་ཕྱིན། །རྒྱལ་བ་དེ་ལྟའི་ཡོན་ཏན་གྱི་།ཕ་རོལ་ཏུ་ནི་ཕྱིན་པར་གྱུར། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། །དགེ་སློང་དག་ལེགས་སོ་ལེགས་སོ། །ངའི་ཉན་ཐོས་རྣམས་ནི་དྲང་པོར་གྱུར་པ། །ཡེ་ཤེས་དང་ལྡན་བར་གྱུར་པ། ཆོས་སུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ་ཤ་སྟག་གནས་ཏེ། དེ་དག་ནི་ངའི་ཡོན་ཏན་གྱི་ཚོགས་ལ་འཇུག་པ་ཤ་སྟག་གོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང 81.36b དག་དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །དགེ་སློང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་དང ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ནི་བསམ་གྱིས་མི་ཁྱབ་པའོ། །དགེ་སློང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་གཟུགས་ཅན་ཞིག་ཡིན་ན་ནི་སེམས་བསྐྱེད་པ་རེ་རེའི་ཡོན་ཏན་གྱི་ཚོགས་ཀྱང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཤོང་བར་མི་འགྱུར་ཏེ། སེམས་བསྐྱེད་པ་རེ་རེའི་ཡོན་ཏན་གྱི་ཚོགས་ཀྱང་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གང་འདི་གྲངས་ཀྱིས་ཚད་གཟུང་བར་བརྗོད་ཀྱང་བརྗོད་པར་མི་ནུས། བསམས་ཀྱང་བསམ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་བསྐྱེད་པ་གང་ཡང་སེམས་ཅན་དུ་བསྡུ་བར་བསྡུས་པ་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པའི་སེམས་ཅན་དེ་དག་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་མ་བསྐྱེད་པ་གཅིག་ཀྱང་མེད་དེ། སེམས་ཅན་གྱི་ཁམས་ནི་ཚད་མེད་པས་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་དེ་བཞིན་གཤེགས་པའི་སེམས་བསྐྱེད་པ་རེ་རེ་ལས་འབྱུང་ངོ ། །སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ། སེམས་ཅན་གྱི་ཁམས་ཇི་ལྟར་མི་ཟད་པ་དེ་ལྟར་མི་ཟད་པའི་བསོད་ནམས་དེ་བཞིན་གཤེགས་པའི་སེམས་བསྐྱེད་པ་རེ་རེ་ལས་འབྱུང་ངོ ། །སེམས་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སྐྱེས་པས་སེམས་ཅན་ཐམས་ཅད་ཀྱིས་མཆོད་ཀྱང་ལན་ལོན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་མཆོད་པ་ནི་ཟང་ཟིང་དང་བཅས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས 81.37a སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་འབྱུང་བ་ནི་སེམས་ཅན་འཁོར་བ་ལ་གཞོལ་བ་འདི་དག་མྱ་ངན་ལས་འདས་པ་ལ་ཇི་ལྟར་གཞོལ་བར་འགྱུར་ཞེས་ཏེ་ཟང་ཟིང་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་ཀྱི་དོན་དུ་ཟང་ཟིང་མེད་པའི་སེམས་དཔག་ཏུ་མེད་པ་བསྐྱེད་པར་གྱུར་ཏོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ། བགྲང་དུ་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། གཞལ་དུ་མེད་པ། བརྗོད་དུ་མེད་པ་འདས་པ། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དབང་པོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དགེ་སློང་དག་དེ་བཞིན་གཤེགས་པ་དབང་པོའི་ཏོག་དེས་སེམས་བསྐྱེད་པ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ཕན་པར་དགོངས་པར་གྱུར་ཏེ་དོན་ཀྱང་མཛད་དོ། །དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་སངས་རྒྱས་ཀྱི་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་ཏེ། ཡོངས་སུ་དག་ཅིང་ངན་སོང་དང་མི་ཁོམ་པ་ཐམས་ཅད་ཡོངས་སུ་ཆད་པ་སྟེ། དེ་བཞིན་གཤེགས་པ་དབང་པོའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་དེ་ན་ལོག་པར་ངེས་པའི་སེམས་ཅན་གྱི་སྐྱེ་བ་ཡོང་མེད་པར་གྱུར་ཏོ། །ལྟ་བའི་རྣམ་པ་ཡོང་མེད་པར་གྱུར་ཏོ། །མངོན་པའི་ང་རྒྱལ་ཅན་ཡོང་མེད་པར་གྱུར་ཏོ། །ལུས་དང་ངག་དང ། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་མ་དག་པ་དང་ལྡན་པའི་སེམས་ཅན་ཡོང་མེད་པར་གྱུར་ཏོ། །ངན་སོང་གི་རྒྱུར 81.37b འགྱུར་བའི་ཉོན་མོངས་པ་དང་ལས་འབྱུང་བ་ཡོང་མེད་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེས་ཡུན་རིང་པོ་ནས་སེམས་ཅན་རྣམས་དགེ་བའི་ཆོས་རྣམས་ལ་བཙུད་ཅིང་གཏམས་ཏེ་རྗེས་སུ་བསྟན་ཅིང་བསླབས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གིས་སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་རྣམས་ཀྱང་བདེ་བ་ལྔ་ཐོབ་པར་འགྱུར་ཏེ། འདི་ལྟར་ལ་ལ་ནི་འདོད་པའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་ཁྱིམ་ནས་འབྱུང་བའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བསམ་གཏན་གྱི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་སྙོམས་པར་འཇུག་པའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་ལྡན་པར་གྱུར་ཏེ། དེ་དག་བདེ་བ་དེ་ལ་ཡང་སྤྱོད་ལ། བདེ་བ་དེ་དག་ལ་ཡང་མངོན་པར་ཞེན་པ་མེད་པར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན་བུང་བ་མེ་ཏོག་གི་ཁུ་བས་ཉེ་བར་འཚོ་ཡང་དེ་ལ་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་དེ་ལ་ཡོངས་སུ་སྤྱོད་ཀྱང་དེ་ལ་མངོན་པར་ཞེན་པ་མེད་དོ། །འདི་ལྟ་སྟེ། དཔེར་ན་བར་སྣང་ལ་རྒྱུ་བའི་བྱ་ནི་བར་སྣང་ལ་ཡང་རྒྱུ་ལ་དེ་ལ་མངོན་པར་ཆགས་པ་ཡང་མེད་དོ། །དེ་བཞིན་གཤེགས་པ་དབང་པོའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་རྣམས་ལ་ཡིད་མི་བདེ་བར་འགྱུར་བའི་མི་དགའ་བ་མེད་རྨོངས་པར་འགྱུར་བ་མེད་དེ། གཞན་དུ་ན་ཡིད་བདེ་བར་འགྱུར་བའི་དགའ་བ་ཤ་སྟག་ལ་ཡོངས་སུ་སྤྱོད་དེ། དེ་ནི་འདི་ལྟར་སྔོན་དགེ་བའི་རྩ་བ་དེ་ལྟ་བུ་བསྐྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་དབང་པོའི་ཏོག་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མི་དགེ་བ་ལས་ཡོངས་སུ་བཟློག་སྟེ་དགེ་བ་ལ་བཙུད་པས་དེ་དག་ལ་ལས་གང་གིས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པར་དབང་མེད་པར་འབྱུང་བ་མི་དགེ་བའི་ལས་དེ་ལྟ་བུ་ཡོང་མེད་དེ། ་ 81.38a དེ་མ་བསག་པའི་ཕྱིར་སྡུག་བསྔལ་ཚོར་བར་འགྱུར་བའི་རྣམ་པར་སྨིན་པ་མི་འབྱུང་ངོ ། །དེ་དག་གིས་རྨོངས་པའི་སེམས་ཙམ་གྱིས་ཀྱང་ལས་གང་གིས་རྨོངས་པ་རྣམས་ལ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་བ་དེ་ལྟ་བུ་མངོན་པར་འདུ་མ་བྱས་ཏེ། དེ་མ་བསགས་པའི་ཕྱིར་རྨོངས་པར་འགྱུར་བའི་ཚོར་བ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དེ་མི་འབྱུང་ངོ ། །དེ་བཞིན་གཤེགས་པ་དབང་པོའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་དེ་ན་རྒྱུ་གང་གིས་སེམས་ཅན་དེ་དག་དུས་གྱུར་པ་ལས་བྱུང་བའི་སྡུག་བསྔལ་མི་འབྱུང་བས་ཉམས་སུ་མི་བདེ་བའི་ཉི་མ་མི་འཆར་རོ། །རླུང་ཉམས་སུ་མི་བདེ་བ་མི་ལྡང་ངོ ། །ཆར་ཉམས་སུ་མི་བདེ་བ་མི་འབབ་བོ། །དེ་བཞིན་གཤེགས་པ་དབང་པོའི་ཏོག་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་དེ་དག་ལ་ལུས་དང ། ངག་དང ། ཡིད་ཀྱི་ལས་ཐམས་ཅད་ཤེས་པ་མངོན་དུ་འགྲོ་ཞིང་ཤེས་པའི་རྗེས་སུ་འབྲང་བ་བསྟན་ཅིང་བཤད་པས་སེམས་ཅན་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་བསྟན་པ་དེ་ཐོས་ནས་ལུས་དང ། ངག་དང ། ཡིད་ཀྱི་ལས་ཐམས་ཅད་ཤེས་པ་མངོན་དུ་འགྲོ་ཞིང་ཤེས་པའི་རྗེས་སུ་འབྲང་བར་ཡོངས་སུ་བསྒྲུབས་པས་ལས་དེའི་རྣམ་པར་སྨིན་པས་དེ་དག་ལ་རྨོངས་པར་འགྱུར་བ་འམ་ཡིད་མི་དགའ་བར་འགྱུར་བ་མེད་དོ། །རྨོངས་པ་རྣམས་ལ་རྒྱུ་གང་གིས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་འབྱུང་བ་མེད་དོ། །དེ་ལྟར་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་ལ་སྡུག་བསྔལ་གྱི་ཚོར་བ་མེད་ཅིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཡང་མེད་དོ། །སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་དེ་བཞིན་གཤེགས་པ་དེས་གཏམས་པ་དེ་དག་ནི་ཆོས་ལ་རིམ་གྲོ་བྱ་བ་ཆེན་པོས་ཉེ་བར་གནས་པར་འགྱུར་རོ། །དེ་དག་འཆག་ན་ཡང་ཆོས་ཉིད་ལ་སེམས་ཤིང་ཆོས་ལ་མོས 81.38b པས་ཞེན་པ་ཡིད་ཀྱིས་འཆག་སྟེ། ཆོས་ལ་མོས་ཤིང་ཞེན་པའི་ཡིད་ཀྱིས་འཆག་པ་དེ་དག་ལ་སྡུག་བསྔལ་གྱི་ཚོར་བ་མི་འབྱུང་ངོ ། །དེ་བཞིན་དུ་འགྲེང་པ་དང ། འདུག་པ་དང ། ཉལ་བ་དང ། སད་པ་དང ། སྤྱོད་ལམ་ཐམས་ཅད་དུ་ཡང་སྡུག་བསྔལ་མི་འབྱུང་ངོ ། །སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་དེ་དག་ལ་ཡ་ང་བ་མ་སྤངས་པ་མེད་དེ། དེའི་ཕྱིར་ཡ་ང་བ་མ་སྤངས་པའི་སྡུག་བསྔལ་གྱི་ཚོར་བ་མི་འབྱུང་ངོ ། །ཡང་དག་པའི་སྤང་པ་ཡོད་པས་དེ་དག་ལ་སྐྱོ་བ་མེད་དེ། དེའི་ཕྱིར་དེ་དག་ལ་ཡང་དག་པར་སྤང་བར་བྱ་བའི་སྡུག་བསྔལ་ཡང་མེད་དོ། །སེམས་ཅན་དེ་དག་འགྱུར་བའི་སྡུག་བསྔལ་ཡང་མེད་དེ། དེ་ནི་འདི་ལྟར་སེམས་ཅན་དེ་དག་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །དེ་དག་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཡང་མེད་དེ། དེ་ནི་འདི་ལྟར་སེམས་ཅན་དེ་དག་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་ཉེ་བར་གནས་པའི་ཕྱིར་རོ། །དེ་དག་ལ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི་སྡུག་པ་ལས་འབྱུང་སྟེ། དེའི་ཕྱིར་དེ་དག་ལ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡང་མེད་དོ། །སེམས་ཅན་དེ་དག་ལ་སྡུག་བསྔལ་བའི་སྡུག་བསྔལ་ཡང་མི་འབྱུང་སྟེ། འདི་ལྟར་དེ་ན་སྡུག་བསྔལ་གྱི་ཚོར་བ་རྒྱུ་བ་མེད་པའི་ཕྱིར་རོ། །གཞན་དུ་ན་འདུ་བྱེད་ཀྱི་སྡུག་བསྔལ་གཅིག་པུ་ཡོད་དེ། འདི་ལྟ་སྟེ། མི་རྟག་པའི་སྡུག་བསྔལ་ཉིད་དོ། །དེ་བཞིན་གཤེགས་པ་དེ་ནི་དོན་དམ་པའི་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དབང་པོའི་ཏོག་དེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་པའི་ཚེ་དེས་གསུངས་པའི་ཕྱིར་སྨྲ་བའི་སེམས་ཅན་གང་ཡང་སངས་རྒྱས་ཀྱི་ཞིང་དེར་མ་བྱུང་སྟེ། དེ་ནི་འདི་ལྟར་སྔོན་སེམས་ཅན་དེ་དག་ལེགས་པར་ཡོངས་སུ་སྨིན་པར་བྱས་པའི་ཕྱིར་རོ། །དགེ་སློང་དག་དེ་ལ་ཇི་སྙམ་དུ 81.39a སེམས། དགེ་བའི་རྩ་བ་ཞན་པ་དང ། དམའ་བ་དང ། ཞུམ་པ་དང ། ཆུང་བ་དང ། སྡུག་བསྔལ་གྱིས་ཡོངས་སུ་བསྒྲུབས་པ་དང ། སྡུག་བསྔལ་དང་འདྲེས་པ་དང ། སྡུག་བསྔལ་དང་ལྡན་པ་དང ། སྡུག་བསྔལ་གྱིས་ཡོངས་སུ་བཟུང་བ་དང ། ཉེས་པར་བསམས་པ་དང ། ཉེ་བར་བསྒྲུབས་པའི་དགེ་བའི་རྩ་བས་སེམས་ཅན་དེ་སྙེད་ཅིག་དོན་བྱ་བ་འམ། དེ་དག་ལ་ཕན་པར་བསམས་པ་འམ། བདེ་བ་བསྒྲུབ་པ་འམ། སྡུག་བསྔལ་བསལ་བ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་འམ། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། སེམས་ཞན་པ་དང ། སེམས་དམའ་བ་ནས་ཉེ་བར་བསྒྲུབས་པའི་བར་གྱི་སེམས་ཀྱིས་སེམས་ཅན་དེ་སྙེད་ཅིག་གི་དོན་བྱ་བ་འམ། དེ་དག་ཕན་པར་བསམ་པ་འམ། བདེ་བར་བསྒྲུབ་པ་འམ། སྡུག་བསྔལ་བསལ་པ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་འམ། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། དད་པ་ཞན་པ་ནས་ཉེས་པར་བསྒྲུབས་པའི་དད་པའི་བར་དང ། ཚུལ་ཁྲིམས་ཞན་པ་ནས་ཉེས་པར་བསྒྲུབས་པའི་ཚུལ་ཁྲིམས་ཀྱི་བར་དང ། ཐོས་པ་ཞན་པ་ནས་ཉེས་པར་བསྒྲུབས་པའི་ཐོས་པའི་བར་དང ། བརྩོན་འགྲུས་ཞན་པ་ནས་ཉེས་པར་བསྒྲུབས་པའི་བརྩོན་འགྲུས་ཀྱི་བར་དང ། དྲན་པ་ཞན་པ་ནས་ཉེ་བར་བསྒྲུབས་པའི་དྲན་པའི་བར་དང ། ཏིང་ངེ་འཛིན་ཞན་པ་ནས་ཉེས་བར་བསྒྲུབས་པའི་ཏིང་ངེ་འཛིན་གྱི་བར་དང ། ཤེས་རབ་ཞན 81.39b པ་ནས་ཉེས་བར་བསྒྲུབས་པའི་ཤེས་རབ་ཀྱིས་སེམས་ཅན་དེ་སྙེད་ཅིག་གི་དོན་བྱ་བ་འམ། དེ་དག་ལ་ཕན་པར་བསམ་པ་འམ། བདེ་བ་བསྒྲུབ་པ་འམ། སྡུག་བསྔལ་བསལ་བ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་ནུས་སམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློག་དག་ལེགས་སོ་ལེགས་སོ། །དེ་ནི་དགེ་བའི་རྩ་བ་ཞན་པ་དང ། སེམས་ཞན་པ་དང ། དད་པ་དང ། ཚུལ་ཁྲིམས་དང ། ཐོས་པ་དང ། བརྩོན་འགྲུས་དང ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཞེན་པ་དང ། དམའ་བ་དང ། ཞུམ་པ་དང ། ཆུང་བ་དང ། སྡུག་བསྔལ་གྱིས་ཡོངས་སུ་བསྒྲུབས་པ་དང ། སྡུག་བསྔལ་དང་འདྲེས་པ་དང ། སྡུག་བསྔལ་དང་ལྡན་པ་དང ། སྡུག་བསྔལ་གྱིས་ཡོངས་སུ་བཟུང་བ་དང ། ཉེས་བར་བསམས་པ་དང ། ཉེས་པར་བསྒྲུབས་པའི་ཤེས་རབ་ཀྱིས་སེམས་ཅན་དེ་སྙེད་ཀྱི་དོན་བྱ་བ་འམ། དེ་དག་ལ་ཕན་པར་བསམ་པ་འམ། བདེ་བར་བསྒྲུབས་པ་འམ། སྡུག་བསྔལ་བསལ་བ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་འམ། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་མི་ནུས་སོ། །དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བ་བྱུང་བ་དེ་གང་ཞིག་ཡིན་སྙམ། དེ་སྐད་ཅེས་བཀའ་སྩལ་པ་དང ། དགེ་སློང་དེ་དག་ཅང་མི་ཟེར་བར་འཁོད་དོ། །དེའི་ཚེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བའི་འོད་ཟེར་གྱིས་རབ་ཏུ་བརྒྱན་པ་ཞེས་བྱ་བ་ཡོད་དོ། །དེ་ན་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང 81.40a གཞེས་ལ་ཆོས་ཀྱང་སྟོན་ཏེ། དེར་འཇམ་དཔལ་གཞོན་ནུར་གྱུར་པ་འདུས་ཤིང་འདུག་པར་གྱུར་པ་དེས་བཅོམ་ལྡན་འདས་ཀྱི་དགོངས་པ་སེམས་ཀྱིས་ཤེས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆོས་སྟོན་གྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བསྙེན་བཀུར་བགྱི་བའི་སླད་དུ་བདག་ཀྱང་མཆིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེའི་དུས་ལ་དབབ་པར་ཤེས་ན་སོང་ཤིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་པ་ལས་བསྐུམ་པ་ཙམ་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་འཇིག་རྟེན་གྱི་ཁམས་ཟླ་བའི་འོད་ཟེར་གྱིས་རབ་ཏུ་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་འདིར་གནས་པར་གྱུར་ཏོ། །དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བ་བྱུང་བ་དེ་གང་ཞིག་ཡིན་སྙམ་ཞེས་བཀའ་སྩལ་པ་ནི་བཅོམ་ལྡན་འདས 81.40b ཉིད་ནི་དེའི་ཚེ་དེའི་དུས་ན་དབང་པོའི་ཏོག་ཅེས་བགྱི་བའི་དེ་བཞིན་གཤེགས་པར་གྱུར་ཏོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་པའི་ཐབས་མཁས་པ་དང་ལྡན་པ་སྟེ། སེམས་ཅན་ཡངས་སུ་སྨིན་པར་བགྱི་བ་ལ་ཆོག་པ་མི་མངའ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་ལ་རྒྱུན་ཆད་པར་བགྱི་བ་མ་མཆིས། སེམས་ཅན་རྣམས་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་དགོད་པས་ཆོག་པ་མི་མངའ་སྟེ། ལ་ལ་ཞིག་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་ན། རྒྱལ་བ་གཙོ་བོ། རྒྱལ་བ་དམ་པ། རྒྱལ་བ་རྒྱ་རྒྱལ་བ་རབ་ཅེས་བརྗོད་པ་དེ་ནི་བཅོམ་ལྡན་འདས་ཉིད་ལགས་པར་ཡང་དག་པར་བརྗོད་པས་ཡང་དག་པར་བརྗོད་དོ། །དེ་སྐད་ཅེས་སྨྲས་ནས། འཇམ་དཔལ་གཞོན་ནུར་གྱུར་བས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དཔའ་བོ་རྣམས་ནི་ཐབས་མཁས་ཏེ། །སེམས་ཅན་རྣམས་ལ་ཐུགས་བརྩེ་ཞིང ། སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །དཔའ་བོ་ཆེན་པོ་རྣམ་པར་འཕྲུལ། །བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང ། །ད་དུང་ཆོག་པའི་འདུ་ཤེས་བསལ། །བྱང་ཆུབ་མཆོག་ཏུ་ཐུགས་ཀྱང་འཇུག་།སྟོང་གསུམ་དྲུག་ཅུ་རྩ་གཅིག་གི་།སངས་རྒྱས་ཞིང་རྣམས་དག་མཛད་པས། །ཇི་ལྟར་ཐུབ་པ་ཐབས་མཁས་པ། །རྒྱལ་བ་ཁྱོད་ནི་ཀུན་གྱིས་འཚལ། །ད་དུང་དང་པོ་ཐུགས་བསྐྱེད་པར། །དེ་དང་དེར་ནི་ཡོངས་བསྟན་ཏེ། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པ་མཛད། །རྣམ་པ་སྣ་ཚོགས་གཟུགས་རྣམས་ཀྱིས། །གང་ཟག་མཆོག་ནི་སྤྱོད་པ་མཛད། །ཆོས་ཀྱི་དབྱིངས་ལ་ཆགས་མི་མངའ། །ཁྱོད་ཀྱི་གང་ཡང་མཁྱེན་མཛད་དེ། །བརྒྱ་བྱིན་ཚངས་པའི་ཆ་བྱད་དང ། །ལ་ལར་བདུད་ཀྱིས་ཆ་བྱད་ཀྱིས། །སེམས་ཅན་རྣམས་ཀྱིས་དོན་མཛད་དེ། །འཇིག་རྟེན་རྣམས་ཀྱིས་རྟོགས་མི་ནུས། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ 81.41a གནས་རྣམས་ན་འང་གདའ། །འཇིག་རྟེན་ཆོས་ཀྱིས་མི་གོས་ཏེ། །པད་མ་ཆུས་མི་ཆགས་པ་བཞིན། །འདྲེན་པ་སྣ་ཚོགས་ཁམས་ཅན་གྱི་།འཇིག་རྟེན་འདི་ཡི་རྗེས་འཇུག་མཛད། །དེས་ན་སྐྱེ་དགུ་འདི་དག་རྣམས། །གདུགས་མཚན་ཁྱོད་ཀྱི་ཡོན་ཏན་བརྗོད། །ལ་ལར་བལྟམ་པ་ཡོངས་སུ་བསྟན། །ལ་ལར་མྱ་ངན་འདས་པ་བསྟན། །ལ་ལ་ན་ནི་འཁོར་ལོ་བསྐོར། །ལ་ལར་སྤྱད་པ་སྤྱོད་པ་མཛད། །སེམས་ཅན་འདུལ་བའི་དོན་སླད་དུ། །དགྱེས་ཤིང་མགུར་ལེན་རོལ་པ་མཛད། །བཤུམས་མོ་དག་ཀྱང་འབྱིན་པར་མཛད། །སེམས་ཅན་སུས་ཀྱང་ཡོང་མ་འཚལ། །འདོད་ཆགས་མི་མངའ་ཆགས་པའི་ཚུལ། །འཇིགས་པ་མི་མངའ་འཇིགས་པ་ལྟར། །སེམས་ཅན་རྣམ་པར་གདུལ་དོན་དུ། །འདྲེན་པ་རྣམ་པར་འཕྲུལ་བ་མཛད། །རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ། །བྱིས་པ་མ་ལགས་བྱིས་ཚུལ་གྱིས། །སེམས་ཅན་རྣམ་པར་གདུལ་སླད་དུ། །འདྲེན་པ་རྣམ་པར་འཕྲུལ་བ་མཛད། །སྨྱོས་པ་མ་ལགས་སྨྱོས་པའི་ཚུལ། །ཞ་བ་མ་ལགས་ཞ་བ་ལྟར། །རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བ་མཛད། །དེ་ལྟར་བསམ་ཡས་མགོན་པོ་ཁྱོད། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །དཔའ་ཆེན་ཁྱོད་ལ་ཕྱག་ཀྱང་འཚལ། །སེམས་ཅན་ཐུབ་ཆེན་འདྲར་གྱུར་ཅིག་།སྔོན་བྱུང་བ་འོད་སྲུང་ཆེན་པོས་ཞུས་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བྱ་བའི་རྒྱལ་པོ་འདབ་བཟངས་བརྒྱད་ཁྲི་དྲུག་སྟོང་གིས་ལྷ་མ་ཡིན་གྱི་དབང་པོ་དེ་དག་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས། །བཅོམ་ལྡན་འདས་ལ་གཞལ་དུ་མེད་པའི་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ནས། བཅོམ་ལྡན་འདས་ལ་མཆོད་པའི་དོན་དུ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ཤིན་དུ་བཀྲ་བ་བལྟ་ན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་མངོན་པར་སྤྲུལ་ཏོ། །ལྷའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། སྤུག་དང ། མུ་ཏིག་དམར་པོ 81.41b དང ། རྡོའི་སྙིང་པོ་དང་བདུན་ནོ། །ཁང་པ་བརྩེགས་པ་དེ་དག་ཀྱང་རིན་པོ་ཆེ་སྣ་བཞིའི་ལན་ཀན་གྱི་དྲ་བ་རིས་བཀྲ་བ། བལྟ་ན་སྡུག་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་ཏོ། །རིན་པོ་ཆེ་སྣ་བཞི་ནི་འདི་ལྟ་སྟེ། གསེར་དང ། དངུལ་དང ། བཻ་དཱུརྱདང ། ཤེལ་ལོ། །གསེར་གྱི་ལན་ཀན་རྣམས་ཀྱི་ཀ་བ་དང ། གདང་བུ་རྣམས་ནི་གསེར། ཤར་བ་རྣམས་ནི་དངུལ། དངུལ་གྱི་ལན་ཀན་རྣམས་ཀྱི་ཀ་བ་དང་གདང་བུ་རྣམས་ནི་དངུལ། ཤར་བ་རྣམས་ནི་གསེར། བཻ་དཱུརྱའི་ལན་ཀན་རྣམས་ཀྱི་ཀ་བ་དང་གདང་བུ་ནི་བཻ་དཱུརྱ། །ཤར་བ་རྣམས་ནི་ཤེལ། ཤེལ་གྱི་ལན་ཀན་རྣམས་ཀྱི་ཀ་བ་དང་གདང་བུ་རྣམས་ནི་ཤེལ། ཤར་བ་རྣམས་ནི་དངུལ་ལས་བྱས་པའོ། །ཁང་པ་བརྩེགས་པ་དེ་དག་དྲིལ་བུ་གཡེར་ཀའི་དྲ་བ་བཀྲ་བ་བལྟ་ན་སྡུག་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་ཏོ། །དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་སྟེ། འདི་ལྟར་གསེར་དང ། དངུལ་དང ། བཻདཱུརྱདང ། ཤེལ་དང ། སྤུག་དང ། མུ་ཏིག་དམར་པོ་དང ། རྡོའི་སྙིང་པོ་དང་བདུན་ནོ། །ཁང་པ་བརྩེགས་པ་དེ་དག་རིན་པོ་ཆེ་སྣ་བདུན་གྱི་དྲ་བ་བཀྲ་བ། བལྟ་ན་སྡུག་པ། འདི་ལྟ་སྟེ། གསེར་གྱི་དྲ་བ་དང ། དངུལ་གྱི་དྲ་བ་དང ། བཻ་དཱུརྱའི་དྲ་བ་དང ། ཤེལ་གྱི་དྲ་བ་དང ། མུ་ཏིག་དམར་པོའི་དྲ་བ་དང ། སྤུག་གི་དྲ་བ་དང ། རྡོའི་སྙིང་པོའི་དྲ་བས་ཀུན་ནས་བཀབ་པར་གྱུར་ཏོ། །གདུགས་བཀྲ་བ། བལྟ་ན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་མངོན་པར་སྤྲུལ་ཏེ། དེ་དག་ཀྱང་འདི་ལྟར་གསེར་ནས་རྡོའི་སྙིང་པོའི་བར་གྱི་རིན་པོ་སྣ་བདུན་ལས་བསྒྲུབས་པ་ཤ་སྟག་གོ། །རྒྱལ་མཚན་བཀྲ་བ། བལྟ་ན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་ཡང་མངོན་པར་སྤྲུལ་ཏེ། རྒྱལ་མཚན་དེ་དག་ཀྱང་གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། རིན་པོ་ཆེ་སྣ་བཞིའི་རྒྱུ་ལས་བསྒྲུབས་པ་ཤ་སྟག་སྟེ། རྒྱལ་མཚན་སྔོན་པོ་རྣམས་ནི་ཏོག་སེར་པོ་ཅན། རྒྱལ་མཚན་སེར་པོ་རྣམས་ནི་ཏོག་སྔོན་པོ་ཅན། 81.42a རྒྱལ་མཚན་དམར་པོ་རྣམས་ནི་ཏོག་དཀར་པོ་ཅན་ཤ་སྟག་མངོན་པར་སྤྲུལ་ཏོ། །བ་དན་ཁ་དོག་སྣ་ཚོགས་ཅན་བཀྲ་བ། བལྟ་ན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་ཡང་མངོན་པར་སྤྲུལ་པར་གྱུར་ཏོ། །བླ་རེ་བཀྲ་བ། བལྟ་ན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་ཡང་མངོན་པར་སྤྲུལ་པར་གྱུར་ཏེ། བླ་རེ་དེ་དག་ཀྱང་གསེར་སྐུད་ཀྱི་བླ་རེ་དང ། དངུལ་སྐུད་ཀྱི་བླ་རེ་དང ། བཻ་དཱུརྱའི་བླ་རེ་དང ། ཤེལ་གྱི་བླ་རེ་དང ། མུ་ཏིག་དམར་པོའི་བླ་རེ་དང ། སྤུག་གི་བླ་རེ་དང ། རྡོའི་སྙིང་པོའི་བླ་རེ་སྟེ། རིན་པོ་ཆེ་སྣ་བདུན་ལས་བསྒྲུབས་པ་ཤ་སྟག་གོ། །དེ་ནས་བྱའི་རྒྱལ་པོ་འདབ་བཟངས་དེ་དག་གིས་ཁང་པ་བརྩེགས་པ་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་དང ། གདུགས་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་དང ། རྒྱལ་མཚན་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་དང ། བ་དན་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་དང ། བླ་རེ་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་བཅོམ་ལྡན་འདས་ལ་ཕུལ་བ་དང ། དེ་དག་ཐམས་ཅད་སྟེང་གི་བར་སྣང་ལ་ལྡིང་ཞིང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་སོ། །འདི་ལྟ་སྟེ། དཔེར་ན་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མགོ་ལ་ཁྱེར་ཞིང་ནམ་མཁའ་ལས་སོང་སྟེ། ཡོངས་འདུས་བརྟོལ་དུ་གཞོག་གོ། །དེ་བཞིན་དུ་ཁང་པ་བརྩེགས་པ་དེ་དག་དང ། གདུགས་དེ་དག་དང ། རྒྱལ་མཚན་དེ་དག་དང ། བ་དན་དེ་དག་དང ། བླ་རེ་དེ་དག་བར་སྣང་གི་ནམ་མཁའ་ལ་ལྡིང་ཞིང་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱེད་པར་གྱུར་ཏོ། །དེ་ནས་འདབ་བཟངས་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཞིང་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། རྒ་དང་འཆི་ལས་རྣམ་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །རྒ་དང་འཆི་ལས་རྣམ་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་གཞལ་ཡས་ཁ་ལོ་སྒྱུར་ལ་ཕྱག་འཚལ་ལོ། །ཁྱོད་དང་མཚུངས་པ་མ་མཆིས 81.42b ལྷག་པ་འང་མ་མཆིས་སོ། །བདག་ཅག་རྣམས་ཀྱང་སྲེད་མེད་བུ་ཡི་ལུས་ལྡན་ཞིང ། །སུམ་ཅུ་རྩ་གཉིས་མཚན་གྱིས་ཡན་ལག་བརྒྱན་པ་དང ། །དཔེ་བྱད་བཟང་པོ་བརྒྱད་ཅུས་ཤིན་ཏུ་མཛེས་བྱས་པའི། །སངས་རྒྱས་རྣམ་པར་འདྲེན་པ་ཁྱོད་འདྲར་གྱུར་པར་ཤོག་།བདག་ཅག་འདོམ་གང་འོད་ཀྱི་གཟི་ལྡན་ཞིང ། །མངོན་འཕགས་གཟུགས་ཀྱི་དམ་པས་མཛེས་གྱུར་ཏེ། །སྤྱོད་ལམ་མཆོག་དང་བདག་ཅག་ལྡན་གྱུར་ཅིང ། །འགྲོ་བ་རྣམས་སྤྱོད་མྱ་ངན་ཟློ་བར་ཤོག་།བདག་ཅག་ཚུལ་ཁྲིམས་ཏིང་འཛིན་རབ་ལྡན་ཞིང ། །ཤེས་རབ་ལྡན་པས་མཆོག་ཏུ་གྱུར་པར་ཤོག་།དེ་ལྟར་རྣམ་པར་འདྲེན་པ་ཁྱོད་ལྟ་བུར། །སྐྱེ་བོ་རབ་འགྲེལ་སངས་རྒྱས་གྲུབ་པར་ཤོག་།འདྲེན་པ་འཇིག་རྟེན་མཁས་པ་ཁྱོད་ལྟ་བུར། །བདག་ཅག་འདྲེན་པ་སྟོབས་བཅུ་ལྡན་པ་དང ། །མ་འདྲེས་བཅཝ་བརྒྱད་ཆོས་ཀྱི་མཐར་ཕྱིན་ཅིང ། །འཇིག་རྟེན་མཁས་པ་ཐམས་ཅད་མཁྱེན་དུ་ཤོག་།བདག་ཅག་ཀུན་ཀྱང་འགྲོ་བ་དངོས་མེད་དང ། །རྨི་འདྲ་སྒྱུ་འདྲ་གནས་པ་མེད་པ་དང ། །བྲག་ཆ་ནམ་མཁའ་འདྲ་བར་སྟོན་བྱེད་ཅིང ། །ཇི་ལྟར་རྣམ་འདྲེན་ཁྱོད་སྟོན་བཞིན་དུ་ཤོག་།དེ་ནས་བཅོམ་ལྡན་འདས་ཀྱིས་བྱའི་རྒྱལ་པོ་འདབ་བཟངས་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །རྒྱལ་བ་རྣམ་འདྲེན་གཙོ་བོ་སངས་རྒྱས་རྣམས། །རྒྱུ་མ་མཆིས་པར་བཞད་པ་མི་མཛད་ན། །འཛུམ་མཛད་འདི་ལ་རྒྱུ་རྐྱེན་གང་ལགས་པ། །འཇིག་རྟེན་ཕན་མཛད་ཐུགས་རྗེ་མངའ་བས་གསུངས། །འདབ་བཟངས་རྣམས་ཀྱིས་རྒྱལ་བ་མཆོད་བགྱིས་ཏེ། །བླ་རེ་ནམ་མཁའ་རྒྱས་པར་གང་བ་བསྟན། །ལྷར་བཅས་འཇིག་རྟེན་འདི་ལ་ངོ་མཚར་སྐྱེད། །རྐང་གཉིས་དམ་པས་དེ་དག་ལུང་བསྟན་གསོལ། །འགྲོ་བ་ཐམས་ཅད་ཐལ་མོ་རབ་སྦྱར་ཅིང ། །དགའ་བའི་སེམས་དང་མགུ་བའི་སེམས་ཀྱིས་འཁོད། །མཁའ་ལྡིང་འགྲོ་བ་ཅིར་འགྱུར་ཉན་པར་འཚལ། །རྐང་གཉིས་དམ་པས་དེ་དག་ལུང་བསྟན་གསོལ། །མི་མཆོག་ཁྱོད་ལ་ཁོང་དག་མཆི་བ་ནི། ། 81.43a འགྲོ་བ་ཐམས་ཅད་ཐེ་ཚོམ་མེད་འགྱུར་ཞིང ། །ཐེ་ཚོམ་མེད་པས་འཁོར་དུ་འཇིགས་མེད་འགྱུར། །འདིས་ནི་སངས་རྒྱས་མཉེས་པར་བགྱིས་ཤེས་མཆི། །འཁོར་འདིར་འཇིགས་མེད་རབ་ཏུ་དགའ་བར་འགྱུར། །ཡོངས་སུ་སྦྱངས་ཤིང་ཤིན་ཏུ་སྐྱོན་བསལ་ནས། །རྒྱལ་བས་ལུང་བསྟན་དེ་དག་མངོན་དགའ་སྟེ། །སློབ་མ་མཆོག་ལ་བླ་མས་བསྟན་པ་བཞིན། །ཐེ་ཚོམ་འཚལ་བའི་ཐེ་ཚོམ་གཅད་དུ་གསོལ། །རབ་ཏུ་དགའ་མཛད་རྗེས་སུ་སྨོན་པ་མཛོད། །དགའ་བའི་སེམས་ཀྱིས་འཁོར་འདི་འདུས་གྱུར་གྱིས། །རང་འབྱུང་མཁའ་ལྡིང་འགྲོ་བ་ཅིར་འགྱུར་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ཐམས་ཅད་ཟིལ་གནོན་སྟོབས་བཅུ་བརྩོན་འགྲུས་བདེན། །རྒྱལ་བ་དབང་པོ་ཐུབ་པ་དེ་བཞིན་གཤེགས། །འདྲེན་པས་ཡན་ལག་བརྒྱད་ལྡན་གསུངས་དབྱངས་ཀྱིས། །མདབ་བཟངས་འགྲོ་བ་རྟ་ཐུལ་བཀའ་སྩལ་པ། །རྟ་ཐུལ་ཁྱོད་ཀྱིས་དྲི་པ་ལེགས་པར་དྲིས། །འཇིག་རྟེན་ཕན་ཕྱིར་འཛུམ་གང་ངས་བསྟན་པ། །དེ་ཡི་འབྲས་བུ་དགའ་བའི་ཡིད་ཀྱི་ཉོན། །ཐེ་ཚོམ་སོལ་ལ་རབ་ཏུ་དགའ་བ་སྐྱེད། །བླ་ན་མེད་པའི་བྱང་ཆུབ་ཞི་ཚོལ་ཞིང ། །སྟོབས་དང་མི་འཇིགས་བཞི་པོ་གང་རྣམས་ཀྱིས། །འདྲེན་པ་འཇིགས་མེད་འགྱུར་བ་བཙལ་བའི་ཕྱིར། །མདབ་ཆགས་དབང་པོས་ང་ལ་མཆོད་ལེགས་བྱས། །མ་འདྲེས་བཅཝ་བརྒྱད་ཆོས་ནི་སྨྲ་བ་ཡི། །སྲེད་མེད་བུ་ལུས་ཤིན་དུ་འཁྲེགས་པ་དང ། །སུམ་ཅུ་གཉིས་མཚན་དཔེ་བྱད་བཟང་པོ་རྣམས། །ཡོངས་སུ་བཙལ་ཕྱིར་ང་ལ་མཆོད་པ་བྱས། །རྒྱལ་བའི་ཚུལ་ཁྲིམས་ཏིང་འཛིན་བཙལ་བ་དང ། །གཞན་ཡང་སངས་རྒྱས་སྤྱོད་ཡུལ་ཤེས་རབ་དང ། །ཕུན་སུམ་ཞིང་དང་འགྲོ་བ་རྣམ་དགྲོལ་བ། །འདི་དག་ཀུན་བཙལ་དོན་དུ་མཆོད་པ་བྱས། །དེ་དག་ང་ལ་དགའ་བས་མཆོད་བྱས་པས། །དུད་འགྲོའི་གནས་ནས་དེ་དག་ཤི་འཕོས་ནས། །ལྷ་དང་བརྟུལ་ཞུགས་འཐུན་པར 81.43b དེ་དག་འདོང ། །འདི་ནི་ངན་སོང་སྲིད་པའི་ཐ་མ་ཡིན། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དེ་དག་ལྷ་མིའི་ནང་ན་གནས་གྱུར་ཅིང ། །རྣམ་འདྲེན་ཁྲག་ཁྲིག་མཐའ་ཡས་མཆོད་བྱས་ནས། །དེ་དག་དབང་པོ་ཐུལ་བའི་རྒྱལ་བར་འགྱུར། །དེ་དག་ཞིང་དུ་ངན་སོང་མི་འབྱུང་སྟེ། །མི་ཁོམ་མི་འབྱུང་མཚན་དང་མི་ལྡན་མེད། །རྒྱལ་བ་དེ་དག་མཚན་ནི་ཀུན་དུ་མཛེས། །རི་རབ་རྒྱལ་མཚན་བསྐལ་ལ་རང་འབྱུང་འགྱུར། །ལོ་ནི་བྱེ་བ་བརྒྱད་ཅུ་བཞི་བགྲངས་པར། །འཇིག་རྟེན་ཕན་ཕྱིར་འདྲེན་པ་དེ་དག་བཞུགས། །འཇིག་རྟེན་ཕན་ཕྱིར་རྣམ་འདྲེན་མཉམ་བཞག་པས། །ལུས་ཅན་རྣམས་ལ་མཉམ་པའི་དོན་མཛད་འགྱུར། །སྐྱོབ་པ་རྡུལ་མེད་གྱུར་པ་དེ་དག་གི་།འདུས་པ་ང་རྒྱལ་སྤངས་པ་བརྒྱད་ཅུར་འགྱུར། །དེ་ཚེ་སྐྱོབ་པ་རྡུལ་དང་བྲལ་རྣམས་ཀྱི། །ཤིན་ཏུ་སེམས་དུལ་བྱེ་བ་བརྒྱད་ཅུ་འབྱུང ། །འདྲེན་པ་དེ་དག་འགྲོ་བའི་ང་བསལ་ཕྱིར། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར། །མི་དག་དེ་ལྟར་འདི་རྣམས་ང་རྒྱལ་ཆེ། །མདབ་བཟངས་ལུས་སུ་གྱུར་ནས་སྟོབས་པོ་ཆེ། །འདི་དག་སྔོན་ཚེ་འདས་པའི་དུས་ཤིག་ན། །དྲང་སྲོང་དཀའ་ཐུབ་དྲག་པོའི་ཚོགས་ཆེན་གྱུར། །སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་ཚང་བ་སྟེ། །དཀའ་ཐུབ་སྤྱོད་དེ་རྫུ་འཕྲུལ་ཕུན་སུམ་བཙལ། །དེ་དག་རྫུ་འཕྲུལ་ཐོབ་ནས་ང་རྒྱལ་གྱིས། །དགའ་བས་དཀའ་ཐུབ་དྲག་དང་ལྡན་པར་གྱུར། །ཚུལ་ཁྲིམས་མ་ཞིག་དེ་དག་ནགས་འདབ་ཏུ། །ཚེ་ཟད་ཤི་འཕོས་གྱུར་ཏེ་ལུས་ཀྱང་ཞིག་།ང་རྒྱལ་དེས་ནི་མཁའ་ལྡིང་མཁའ་འགྲོར་གྱུར། །རྫུ་འཕྲུལ་སེམས་ཀྱིས་རྫུ་འཕྲུལ་ལྡན་པར་སྐྱེས། །ཚུལ་ཁྲིམས་དག་པས་རྒྱལ་བའི་བསྟན་ལ་དད། །ང་རྒྱལ་གྱིས་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །ནམ་མཁའ་ལྡིང་ལུང་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། བམ་པོ་བཞི་པ། དེ་ནས་ཀླུའི་བུ་མོ་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་གིས་ལྷ་མ་ཡིན་གྱི་དབང་པོ་དེ་དག་དང ། ནམ་མཁའ་ལྡིང་གི་དབང་པོ་དེ་དག་གི་མཆོད་པ་ཡང་མཐོང ། 81.44a ལུང་བསྟན་པ་ཡང་ཐོས་ནས་མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དག་དགའ་མགུ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏོ། །དེ་དག་གིས་རིན་པོ་ཆེ་སྣ་བདུན་གྱི་གདུགས་བཻ་དཱུརྱའི་དྲ་བ་ལྡ་ལྡིར་བཀྱེ་བ་མུ་ཏིག་དམར་པོའི་དྲ་བས་བསྐོར་བ། གསེར་གྱི་ཡུ་བ་ཅན། བཻ་དཱུརྱའི་ཐུར་མ་བརྒྱ་སྟོང་བཀྱེ་བ། རིན་པོ་ཆེའི་ཆུན་པོ་སྤྱངས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ། །རྟ་སྔོན་པོ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། རྒྱན་སྔོན་པོས་བརྒྱན་པ། བཻ་དཱུརྱའི་སྲབ་ཀྱིས་བསྲབས་པ། བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ། །ནོར་བུ་སྐར་མདོག་གི་བླ་རེ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཡོད་ལ། དེས་འཁོར་དེ་དག་ཐམས་ཅད་ཡོག་པ་ཅིག་ཀྱང་སྟེང་གི་བར་སྣང་ལ་མངོན་པར་སྤྲུལ་ཏོ། །དེ་ལ་རིན་པོ་ཆེ་སྣ་བདུན་གྱི་ལྡ་ལྡི་བཀྲ་བ་མིག་ཏུ་མཛེས་པ་བལྟ་ན་སྡུག་པ་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་བྲེས་པར་མངོན་པར་སྤྲུལ་ཏོ། །བླ་རེ་དེའི་ཁོར་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཀའི་དྲ་བ་མངོན་པར་སྤྲུལ་ཏེ་བྲེས་སོ། །རིན་པོ་ཆེ་སྣ་བདུན་གྱི་ཁྲུང་ཁྲུང་རྐང་དག་མངོན་པར་སྤྲུལ་ཏོ། །ཀླུའི་རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ། །དེ་ནས་ཀླུའི་བུ་མོ་དེ་དག་རྟ་སྔོན་པོ་དེ་དག་ལ་ཞོན་ནས་རིན་པོ་ཆེ་སྣ་བདུན་གྱི་གདུགས་སྟེང་གི་བར་སྣང་ལ་བྲེས་ཏེ། ནམ་མཁའ་ལས་འདོང་ཞིང་རོལ་མོའི་སྒྲ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དེ་དག་དཀྲོལ་ཅིང ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་པ་ལྷའི་ཙན་དན་གྱི་ཕྱེ་མ་དག་ཀྱང་བཅོམ་ལྡན་འདས་ལ་མངོན་པར་འཐོར། ལྷའི་ཨ་ག་རུ་དང ། ཏ་མ་ལའི་ལོ་མ་དང ། ུད་པ་ལའི་ཕྱེ་མ་དང ། མེ་ཏོག་སྣ་ཚོགས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་འཐོར། མེ་ཏོག་ཨུད་པ་ལ་དང ། ཙམ་པ་ཀའི་ཕྲེང་བ་དག་ཀྱང་འཐོར། 81.44b མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ཕྲེང་བ་དག་ཀྱང་འཐོར། སྤོས་སྣ་ཚོགས་ཀྱི་ཕྲེང་བ་དང ། ན་བཟའ་དང ། རྒྱན་དག་ཀྱང་འབུལ་ཏེ། ལྷ་མ་ཡིན་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ་མཆོད་པ་རྒྱ་ཆེར་བྱས་སོ། །དེ་ནས་དེ་དག་གིས་རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་པོ་དེ་དག་བྱས་པའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར་ཏེ། སེམས་ཅན་གང་དག་གིས་རོལ་མོའི་སྒྲ་དེ་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ནོར་བུ་སྐར་མདོག་གི་བླ་རེ་དག་དང ། རིན་པོ་ཆེ་སྣ་བདུན་གྱི་ལྡ་ལྡི་དེ་དག་དང ། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་དང ། ཁྲུང་ཁྲུང་རྐང་དེ་དག་རླུང་གིས་བསྐྱོད་པ་ལས་འདི་ལྟ་སྟེ། དཔེར་ན་རོལ་མོ་སིལ་སྙན་ཡན་ལག་བརྒྱད་དང་ལྡན་པ་མཁས་པས་དཀྲོལ་བ་དེ་ལྟ་བུར་སྙན་ལ་དེ་ལྟ་བུར་ཡིད་དུ་འོང་ཞིང་མཉན་ན་བདེ་བའི་སྒྲ་བྱུང་བར་གྱུར་ཏོ། །སྒྲ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གྱུར་ཏེ། སེམས་ཅན་གང་གིས་རྒྱན་གྱི་སྒྲ་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་ཀླུའི་བུ་མོ་དེ་དག་གིས་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ཆར་དང ། སྤོས་ཆུ་རྣམ་པ་སྣ་ཚོགས་ཀྱི་ཆར་མངོན་པར་ཕབ་པར་གྱུར་ཏེ། མེ་ཏོག་གི་ཆར་དེ་བབ་པའི་ཚེ་སྤོས་ཀྱི་དྲི་ཞིམ་པོའི་ངད་བྱུང་སྟེ། འགྲོ་ཞིང་ལྡོག་གོ། །སྤོས་ཆུའི་ཆར་དེ་བབ་པས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོའི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་སྤོས་ཆུས་རྫབ་ཏུ་གྱུར་ཏེ། སྤོས་ཀྱི་དྲི་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར་ཏོ། །སེམས་ཅན་གང་གིས་སྤོས་ཀྱི་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་ཀླུའི་བུ་མོ་དེ་དག་གིས 81.45a གདུགས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང ། རྟ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང ། རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རྒྱན་ཐམས་ཅད་དང་ལྡན་པ་དེ་དག་བར་སྣང་གི་ནམ་མཁའ་ལ་འཁོར་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །ཀླུའི་བུ་མོ་མཁས་པ་དེ་དག་ཡི་རངས་དགའ་མགུ་ཡིད་ཀྱིས་སུ། །བྱང་ཆུབ་ཞི་བ་ཚོལ་ཞིང་ཤཱཀྱ་ཐུབ་པ་དེ་རིང་མཆོད་པ་ཆེན་པོ་བྱས། །རྒྱན་གྱིས་ལེགས་བརྒྱན་བྱེ་བ་དགུ་བཅུ་དྲུག་གི་གདུགས་རྣམས་མངོན་སྤྲུལ་ཏེ། །བདེ་བར་གཤེགས་པ་མཆོད་ཅིང་རབ་ཏུ་དུལ་བའི་ཡིད་ཀྱིས་ཆགས་དང་བྲལ། །རྒྱན་གྱིས་ལེགས་བརྒྱན་བྱེ་བ་དགུ་བཅུ་དྲུག་གི་རྟ་རྣམས་མངོན་སྤྲུལ་ཏེ། །ཁ་དོག་སྔོ་ཞིང་རྒྱན་ཡང་སྔོ་བའི་རྟ་ལ་རྒྱལ་མཚན་སྔོན་པོས་བརྒྱན། །དེ་དག་ཐམས་ཅད་བར་སྣང་དོང་ནས་ཐུབ་ལ་རྟ་ཡིས་མཆོད་པ་བྱེད། །ཀླུའི་བུ་མོ་དེ་དག་དང་བའི་ཡིད་ཀྱིས་ཐུབ་ལ་མགོས་ཕྱག་འཚལ། །མཆོག་ལ་མཆོད་པའི་དོན་དུ་ཀླུ་ཡི་གནས་ནས་ཀླུ་ཡི་སིལ་སྙན་གྱིས། །མཆོད་པའི་འོས་གྱུར་འདྲེན་པ་ཤཱཀྱ་ཐུབ་ལ་དེར་ནི་མཆོད་པ་བྱས། །སིལ་སྙན་དེ་དག་བདེ་བར་གཤེགས་ལ་མཆོད་པའི་སྒྲ་དེ་ཁམས་གསུམ་གྲག་།སྒྲ་དེ་ཐོས་པའི་སེམས་ཅན་ཁྲག་ཁྲིག་དག་ནི་བྱང་ཆུབ་ཡང་དག་ཞུགས། །དེ་དག་རྣམས་ཀྱིས་དེར་སྤྲུལ་མཁའ་ལ་བླ་རེ་ཆེན་པོ་གཅིག་ཏུ་གྱུར། །ཕྱོགས་བཅུའི་དཔག་ཚད་དྲུག་ཅུར་རྒྱས་ཤིང་འགྲོ་བ་ཐམས་ཅད་ཁེབས་པར་གྱུར། །ནོར་བུ་རིན་ཆེན་སྐར་མའི་མདོག་གི་གཟི་བརྗིད་ཕྱོགས་སུ་འབར་ཞིང་གསལ། །ཀླུ་ཡི་བུ་མོ་དགའ་ནས་འགྲོ་བའི་དོན་དུ་རྒྱལ་ལ་མཆོད་པ་བྱས། །གཞལ་དུ་མེད་པའི་སེམས 81.45b བསྐྱེད་དགའ་ནས་བྱང་ཆུབ་ཞི་བ་ཚོལ་བྱེད་ཅིང ། །འཇིག་རྟེན་དོན་བྱེད་བདེ་གཤེགས་སངས་རྒྱས་འཇིག་རྟེན་མཁས་པ་གྲུབ་པར་ཤོག་།ཇི་ལྟར་སྟོབས་བཅུ་མངའ་བ་ཁྱོད་ནི་སེམས་ཅན་སྡུག་བསྔལ་འགྲོལ་བ་ལྟར། །ཆོས་ཀྱང་བསྟན་ཏེ་སེམས་ཅན་ཉོན་མོངས་སྡུག་བསྔལ་བསྒྲིབས་པ་ཁྲག་ཁྲིག་དགྲོལ། །ཆོས་རྣམས་སྒྱུ་མ་སྨིག་རྒྱུ་འདྲ་ཞིང་དབུ་བལྟ་བུར་ཉམ་ཆུང་ལ། །ཆར་རྒྱུན་ཆུ་ལ་ཕོག་པའི་ཆུ་བུར་ལྟ་བུར་འཇིག་ཅིང་བདག་པོ་མེད། །མེ་ལོང་ནང་གི་གཟུགས་བརྙན་འདྲ་བར་འགྲོ་བ་ཐམས་ཅད་བརྟགས་ནས་ནི། །འགྲོ་བ་དག་ལ་ཆོས་ཀྱི་རང་བཞིན་ཡང་དག་དེ་ཉིད་བསྟན་པར་བགྱི་།སྒྱུ་མ་བཀོད་པ་ལྟ་བུར་མ་མཆིས་བརྫུན་པ་བྱིས་པ་རྨོངས་བགྱིད་པ། །སྐྱེ་བོ་མི་མཁས་ཇི་བཞིན་མ་འཚལ་བ་དག་མ་རུང་རབ་བགྱིད་པ། །བྱིས་པ་རྨོངས་བགྱིད་ཆོས་རྣམས་སྡིག་མེད་ཁྱོད་ཀྱིས་དེ་ལྟར་ལེགས་པར་གཟིགས། །དེ་དག་ཇི་ལྟར་གཟིགས་པ་དེ་བཞིན་དེ་དག་སེམས་ཅན་རྣམས་ལ་བསྟན། །ཇི་ལྟར་ས་ཆེན་འདི་ལ་སྤྲིན་འཁྲིགས་གྱུར་ན་རི་ལྟར་གདའ་བ་ཡང ། །ཡང་དག་ཏུ་ན་རི་ལྟར་ངོ་བོ་ཉིད་ཀྱིས་དེ་ལ་གནས་མ་མཆིས། །དེ་ལྟར་འགྲོ་བ་ཐམས་ཅད་རང་བཞིན་མ་མཆིས་དབང་པོ་རྨོངས་པར་བགྱིད། །ཤེས་པས་བརྟགས་ནས་སྐྱེ་བོ་མཁས་པ་དག་ནི་རྨོངས་པར་འགྱུར་མ་མཆིས། །ཡང་དག་ཏུ་ན་འགྲོ་བ་ཐམས་ཅད་རང་བཞིན་མ་མཆིས་ཁྱོད་སྟེན་པས། །དེས་ན་འདྲེན་པ་རྒྱལ་བ་ཁྱོད་ལ་སྐྱེ་བོ་མཁས་པ་མི་ཕྱེད་འགྱུར། །ཁྱོད་ཀྱི་སྲས་རྣམས་ཆོས་གྱིས་ཡོངས་སུ་ཚིམ་ནས་རྫབ་ལ་ཟམ་པ་འདྲ། །འདི་ནི་བྱིས་པའི་སྐྱེ་བོའི་ཡུལ་མིན་འགྲོ་བ་འདི་ནི་སྒྲ་ཕྱིར་འབྲང ། །དེ་ལྟ་ལགས་པས་སྡིག་མེད་ཡང་དག་སྟོན་པ་བྱིས་པའི་སྐྱེ་བོའི་མགོན། །སྐྱབས་དང་དཔུང་གཉེན་གནས་དང་རྟེན་དང་རྩ་ལག་ཁྱོད་ལ་སྐྱབས་སུ་མཆིས། །གཞལ་ཡས་བྱང་ཆུབ་དེ་བཙལ་སླད་དུ་རྣམ་པར་འདྲེན་པ་ཁྱོད་ལ་མཆོད། །སངས་རྒྱས་གྱུར་ནས་རྟོགས་བགྱིད་སྡིག་བྲལ་འཇིག་རྟེན་དོན་རྣམས་བགྱིད 81.46a པར་ཤོག་།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བུ་མོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་ན་ནི་འཇིག་རྟེན་མཁས་པ་རྣམ་པར་འདྲེན་མཆོག་ཁྱོད་འཛུམ་མཛད། །དཔལ་སྟུག་འཛུམ་པ་མཛད་ལ་རྒྱུ་མ་མཆིས་པ་བདག་གིས་ཡོངས་མ་མཐོང ། །མིའི་དབང་པོ་དམ་པ་འཛུམ་པ་མཛད་པའི་རྒྱུ་ནི་ཡང་དག་གསུངས། །དེ་ཐོས་ལྷ་མི་ལྷ་མིན་ཚོགས་དང་ཀླུའི་བུ་མོ་གསང་བ་པ། །དྲི་ཟ་རྣམས་ཀྱང་སྐྱོབ་པའི་དགོངས་པ་ཐོས་ནས་ཡིད་ནི་དགའ་བར་འགྱུར། །འཇིག་རྟེན་དག་ན་འཇིག་རྟེན་རྣམ་འདྲེན་ཁྱོད་ཀྱིས་རྒྱུ་རྣམས་ཐམས་ཅད་མཁྱེན། །རྒྱལ་བས་ཆོས་གང་རྒྱུ་དང་རྣམ་པས་མཁྱེན་པར་མ་གྱུར་ཡོང་མ་མཆིས། །དེ་ལྟས་བདེ་གཤེགས་རྒྱལ་བ་ཁྱོད་ཀྱིས་ཇི་ལྟར་ཐུགས་ཆུད་འཛུམ་རྒྱུ་གསུངས། །དེ་ཐོས་ནས་ནི་འགྲོ་བ་ཐམས་ཅད་ཡི་རངས་དོགས་པ་ཆད་པར་འགྱུར། །ཐུབ་པ་བདེ་བར་གཤེགས་ཀྱི་བསྟན་པ་མཆོག་ལ་དོན་ཀྱང་ཐོབ་པར་མཆི། །འཁོར་རྣམས་འདི་དག་དོན་མྱོང་གྱུར་ནས་ཡིད་ནི་རབ་ཏུ་ཞི་བར་འགྱུར། །ཀུན་རྟོག་དབང་དུ་མི་འགྱུར་བྱང་ཆུབ་ཡིད་ཀྱིས་རྒྱལ་བའི་སྤྱོད་ཉན་གྱུར། །བདེ་གཤེགས་ཁྱོད་ཀྱི་འཛུམ་མཛད་དོན་ཐོས་རང་འབྱུང་ཉིད་དུ་ངེས་པར་འབྱུང ། །འཁོར་འདི་རྒྱལ་བ་ཁྱོད་ཀྱི་ཞལ་ནས་འཛུམ་མཐོང་ཐེ་ཚོམ་འཚལ་གྱུར་ཏེ། །སྡུག་བསྔལ་དོགས་བཅས་ཡིད་མི་བདེ་ཞིང་ཆོས་ལ་སོམ་ཉི་གང་འཚལ་བ། །དེ་དག་ལ་ནི་ཐུབ་པ་སྟོན་པས་དོགས་བསལ་ཐེ་ཚོམ་དགུམ་དུ་གསོལ། །དྲང་སྲོང་ཁྱོད་ཀྱིས་གང་སླད་འཛུམ་བསྟན་མྱུར་དུ་བཀའ་སྩལ་ཐེ་ཚོམ་ཁུམ། །རྒྱལ་བ་གང་གིས་དེ་རིང་ཡིད་ནི་རྣམ་པར་སྦྱངས་ཤིང་བདུད་བཅོམ་ཐུལ། །སུ་ཞིག་ཡིད་རབ་ཚིམ་ནས་བཅོམ་ལྡན་འདས་ལ་མཆོད་པ་དམ་པ་བགྱིས། །འདི་ནི་སུའི་མཐུ་ལགས་སྟོན་པ་འགྲོ་བའི་མདུན་དུ་འདི་བཀའ་སྩོལ། །ཐོས་ནས་བདག་ཅག་ཡི་རངས་མཆོག་ཏུ་དགའ་བ་སྐྱེས 81.46b ནས་བདེ་བར་འགྱུར། །ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་འདུས་པའི་འགྲོ་བ་འདི་དག་ཐེ་ཚོམ་འཚལ། །འཛུམ་རྒྱུ་དགའ་བ་སྐྱེད་པ་བཀའ་སྩོལ་ཐུབ་པ་ཐེ་ཚོམ་བསལ་དུ་གསོལ། །དེས་ཐོས་ལྷ་དང་བཅས་པའི་འགྲོ་བ་འདི་དག་ཐེ་ཚོམ་མ་མཆིས་འགྱུར། །རྒྱལ་བའི་གསུང་སྒྲ་ཡང་དག་ཐོས་ནས་དེ་དག་ཡིད་དགའ་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །རྟ་ཐུལ་ལ་ལེགས་སོ་རྒྱལ་བའི་དགོངས་པ་འཛུམ་པ་འདི་ནི་ལེགས་པར་དྲིས། །ཀླུ་ཡི་བུ་མོས་མཆོད་ཚེ་འཇིག་རྟེན་ཕན་ཕྱིར་ངས་ནི་འཛུམ་པ་བསྟན། །དེ་ཡི་འབྲས་བུ་བསྟན་ཀྱིས་ཡིད་གཉིས་ཐ་བ་སྤངས་པའི་སེམས་ཀྱིས་ཉོན། །གང་གི་དོན་དུ་ངས་ནི་འཛུམ་པ་འདིར་མཛད་ང་ཡི་ཚིག་ལ་ཉོན། །ཀླུ་ཡི་བུ་མོ་འདི་དག་ཆགས་མེད་ཡིད་ཀྱིས་བྱང་ཆུབ་ཡང་དག་ཞུགས། །འགྲོ་བ་ཐམས་ཅད་སྟོང་པར་རྣམ་བཤིག་བློ་ལྡན་དོགས་མེད་ལེགས་པར་གནས། །འདི་ན་བྱེད་མེད་ཚོར་མེད་གང་ཟག་མེད་ཅིང་སྐྱེ་བ་པོ་ཡང་མེད། །ཆོས་རྣམས་འདི་དག་བརྫུན་ཞིང་སྨིག་རྒྱུ་མཚུངས་ལ་མེ་ལོང་གཟུགས་བརྙན་འདྲ། །འདི་དག་རྣམས་ཀྱིས་མཆོད་བྱས་བྱས་གཟོ་བློ་གྲོས་ཡང་དག་ངས་ཤེས་ཏེ། །རྒྱལ་བའི་ཆོས་ཉིད་དང་ནི་འགྲོ་བ་སྟོང་ཞིང་བདག་པོ་མེད་མཐོང་ལེགས། །མཆོད་པ་རྣམ་པར་ཕྱེ་ཞིང་ལེགས་པར་བཀོད་པ་འདི་དག་སྒྱུ་མ་འདྲ། །བྱང་ཆུབ་གཞལ་ཡས་གང་དུ་སྨོན་ལམ་བཏབ་པ་དེ་ཡང་འདི་འདྲར་སྟོང ། །ང་ལ་གཞལ་ཡས་མཆོད་པ་དེ་བྱས་པ་དང་འགྲོ་བ་སྟོང་ཤེས་པས། །ཀླུ་ལས་ཤི་འཕོས་ནས་ནི་ལྷ་གནས་བརྒྱ་བྱིན་གནས་སུ་འགྲོ་བར་འགྱུར། །སུམ་ཅུ་རྩ་གསུམ་སོང་སྟེ་ལྷ་ཡི་ནང་དུ་དགའ་བར་ཚེ་རྫོགས་ནས། །མ་སྨད་གྲགས་དང་ལྡན་པའི་ལྷ་གནས་འཐབ་བྲལ་གནས་སུ་འགྲོ་བར་འགྱུར། །འཐབ་བྲལ་ལྷ་ནང་གནས་ཏེ་ལྷའི་གནས་སུ་ལྷ་ཡི་དགའ་བ་སྤྱོད། །ལྷར་གྱུར་བདེ་གཤེགས་སྲས་རྣམས་དེ་ན་ཚེ་ཡི་ཚད་དུ་གནས་པར་འགྱུར། །རྒྱལ་བའི 81.47a སྲས་རྣམས་འཐབ་བྲལ་དགའ་བ་སྤྱད་ནས་ཚེ་ཚད་ཟད་པ་དང ། །དགའ་ལྡན་གནས་སུ་ལྷ་ཡི་གྲོང་ཁྱེར་ལྷ་དང་བརྟུལ་ཞུགས་འདྲ་བར་འགྱུར། །དེ་དག་དེ་ན་ལྷ་ཡི་བུ་མོས་བསྐོར་ནས་ལྷ་ཡི་དགའ་བ་སྤྱོད། །པད་མ་ཆུས་མི་ཆགས་པ་བཞིན་དུ་བདེ་གཤེགས་མི་གནས་བློ་ཅན་གནས། །འགྲོ་བ་ཐམས་ཅད་སྟོང་པར་རྟོགས་རིག་བློ་ལས་ཉམས་པར་ཡོང་མི་འགྱུར། །སྐྱོབ་པ་རྣམས་ཀྱི་དྲན་བརྡོལ་བརྐོས་པ་བཞིན་དུ་ཡོང་མི་ཉམས། །དེ་དག་དགའ་ལྡན་གནས་དེར་གནས་ཏེ་ལྷ་ཡི་དགའ་བ་སྤྱོད་ནས་ནི། །ཚེ་ཚད་ཡོངས་སུ་ཟད་ནས་དེ་ཚེ་རབ་འཕྲུལ་དག་ཏུ་འགྲོ་བར་འགྱུར། །བདེ་གཤེགས་མ་སྨད་གྲགས་ལྡན་དེར་ཡང་ལྷ་མོའི་ཚོགས་ཀྱིས་མཆོད་འགྱུར་ཏེ། །མི་གནས་བློ་གྲོས་ལྡན་པ་ཚེ་ཚད་བར་ཏུ་གནས་ན་གནས་པར་འགྱུར། །དེ་དག་གནས་དེར་རབ་འཕྲུལ་གྱུར་ཏེ་ལྷ་ཡི་དགའ་བ་སྤྱད་ནས་ནི། །མཁས་པ་ཚེ་ཟད་བློ་གྲོས་ལྡན་པ་ཆོས་ཀྱི་མཐར་ནི་ཕྱིན་གྱུར་ནས། །འདྲེན་པ་བསམ་པ་དག་པ་ཆགས་མེད་ཡིད་ལྡན་ཆོས་ཀྱི་བསམ་པ་ཅན། །ཆོས་དང་ལྡན་རྣམས་གཞན་འཕྲུལ་གནས་སུ་ལྷ་འདུ་བར་ནི་འགྲོ་བར་འགྱུར། །དེ་དག་ལྷ་གནས་དེ་ན་གནས་ཤིང་ལྷ་ཡི་དགའ་བ་སྤྱོད་པར་འགྱུར། །བདེ་གཤེགས་མ་རྨོངས་བློ་ལྡན་དེ་དག་རང་གི་ཚེ་ཚད་གནས་པར་འགྱུར། །མྱ་ངན་འདས་ལྟར་ལྷ་ཡི་འདོད་པའི་ཡོན་ཏན་མཉམ་ཉིད་ཞི་བར་རྟོགས། །བསམ་གཏན་བསམ་པས་ཚངས་གནས་མ་སྨད་གྲགས་དང་ལྡན་པར་འགྲོ་བར་འགྱུར། །ཚངས་པའི་གནས་སུ་བསམ་གཏན་མཁས་ཤིང་བསམ་གཏན་འབྲས་བུ་སྤྱད་གྱུར་ནས། །དེར་གནས་དཔེ་མེད་གྱུར་ཅིང་བྱང་ཆུབ་ཡིད་ཀྱིས་བསྐལ་པར་གནས་པར་འགྱུར། །དེ་དག་བསྐལ་པར་ཚངས་གནས་འཐུན་པར་ཡེ་ཤེས་དོན་གཉེར་བརྟུལ་ཞུགས་བཟང ། །ཐུབ་པ་མཁས་པ་ཐབས་མཁས་དེ་དག་འཇིག་རྟེན་དོན་ནི་མཐའ་ཡས་བྱེད། །མཁས་ཐུབ་དེ་དག་དེ་ན་བསམ་གཏན་སྤྱོད་ཡུལ་བསམ་གཏན་ཆགས་པ་མེད། །བསམ་གཏན 81.47b བདེ་བ་མཉམ་ཉིད་འདྲར་རིག་བྱང་ཆུབ་ཕྱིར་ནི་དབང་པོ་བཞིན། །ཀུན་ཏུ་གྲོལ་ཡིད་དྲང་སྲོང་བྱང་ཆུབ་ཕྱིར་ནི་བྱང་ཆུབ་བློ་དང་ལྡན། །མྱ་ངན་འདས་པ་ལྟ་བུར་བསམ་གཏན་བློ་གཅིག་ཞི་བའི་མཚན་ཉིད་འགྱུར། །བདེ་བར་གཤེགས་དང་བཅོམ་ལྡན་སྲས་པོ་བྱང་ཆུབ་ཞི་བ་ཡོངས་ཚོལ་བ། །ཚངས་པའི་ཡིད་ལྡན་འཇིག་རྟེན་དོན་བྱེད་དེ་དག་ཚངས་གནས་དེ་ན་གནས། །ཀུན་ཀྱང་ཚངས་པའི་བློ་ལྡན་མཐར་ཕྱིན་ཤ་སྟག་བྱང་ཆུབ་དོན་གྱི་ཕྱིར། །རང་བྱུང་དགོངས་པ་ཁམས་གསུམ་ལམ་ལས་འདས་པའི་ངེས་པར་འབྱུང་བ་སྟོན། །ཚངས་པ་ལ་ནི་གུས་པ་བསྐྱེད་ནས་འགྲོ་བ་བྱང་ཆུབ་ཚོལ་བར་འགྱུར། །ཚངས་པའི་བསམ་པ་རང་འབྱུང་བསམ་པ་དེས་འབྱུང་མཐར་ཐུག་ཤེས་ནས་ནི། །བདེ་བར་གཤེགས་ཀྱི་བསྟན་པ་མཆོག་ལ་བརྩོན་པ་དེ་དག་འགྲོ་བ་ལ། །ཅི་ནས་ཆོས་ཚུལ་འབྲས་བུ་མྱུར་དུ་ཤེས་འགྱུར་དེ་ལྟར་ཆོས་ཀྱང་སྟོན། །དེ་དག་ཚངས་གནས་དེ་ན་གནས་ཤིང་འཇིག་རྟེན་དག་ལ་བྱང་ཆུབ་ཕྱིར། །ཕན་པ་བྱས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་བྱང་ཆུབ་བཀོད། །རྒྱལ་བ་ཀུན་ལ་མཆོད་ཕྱིར་འཇིག་རྟེན་ཁམས་མང་ཁྲག་ཁྲིག་འགྲོ་བར་འགྱུར། །དབང་པོ་ཞི་བ་དེ་དག་བསྐལ་པ་སྐར་མ་འདྲ་ལ་རྒྱལ་བར་འགྱུར། །ལྷ་དང་མི་དང་ཀླུ་དང་མདབ་བཟངས་དག་དང་ལྷ་མིན་བཅས་པ་དང ། །དྲི་ཟ་གྲུལ་བུམ་མི་འམ་ཅི་ཚོགས་གནོད་སྦྱིན་འགྲོར་བཅས་དགའ་ཞིང་མགུ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ནི་ཡོངས་སྦྱངས་ཆོས་ཀྱིས་སྟོབས་རྙེད་པ། །དེ་དག་ཐམས་ཅད་ཡི་རངས་ཐལ་སྦྱར་བདེ་བར་གཤེགས་ལ་མགོས་ཕྱག་འཚལ། །ཀླུའི་བུ་མོ་ལུང་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཀླུའི་བུ་མོ་དེ་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས། ཡོངས་སུ་རྫོགས་པར་ཡང་རིག་ནས་ཀླུའི་རྒྱལ་པོ་དགའ་བོ་དང ། ཉེ་དགའ་ལ་སོགས་པ་ཀླུ་བྱེ་བ་ཕྲག་དགུ་བཅུ་ངོ་མཚར་ཐོབ་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དེ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་ཅིང་བཅོམ་ལྡན་འདས་དེ་ལ་མི་མཁྱེན་པ 81.48a འམ། མ་གཟིགས་པ་འམ། མ་གསན་པ་འམ། མངོན་དུ་མ་མཛད་པ་གང་ཡང་མེད་ཅིང་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། རིམས་ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་ནི་ངོ་མཚར་རྨད་དུ་བྱུང་བ་སྟེ། དེ་བཞིན་གཤེགས་པ་དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་མངའ་བའོ། །འདི་ལྟར་བུད་མེད་དུ་གྱུར་པ། རྒོད་པ། མི་བརྟན་པ། མི་གནས་པ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཡོངས་སུ་ཤེས་པ་དང ། དེ་ལྟར་བཅོམ་ལྡན་འདས་ཀྱི་སློབ་མ་དགེ་འདུན་ཡང་ལེགས་པར་ཞུགས་པ ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། འཐུན་པར་ཞུགས་པ། འདི་ལྟར་བུད་མེད་དུ་གྱུར་བ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་མི་ཟད་པ་དང་ལྡན་པ་རྣམས་ཀྱང ། བཅོམ་ལྡན་འདས་ཀྱི་གསུང་རབ་ལ་འཇུག་པ་ནི་ངོ་མཚར་ཆེའོ་སྙམ་སྟེ། ངོ་མཚར་ཐོབ་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་འཛམ་བུའི་གླིང་རྒྱ་མཚོའི་རིའི་མཐས་གཏུགས་པ་ཐམས་ཅད་སྤོས་ཀྱི་སྤྲིན་ཆེན་པོས་ཀུན་ནས་ཡོག་པར་བྱས་ཏེ། ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་སྤོས་ཀྱི་ངད་ཀྱིས་ཁྱབ་པར་བྱས་སོ། །སྤོས་ཀྱི་དྲིའི་ངད་དེས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་གང་བར་གྱུར་ནས། སེམས་ཅན་གང་དག་གིས་སྤོས་ཀྱི་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཀྱང་དཔག་ཚད་དྲུག་ཅུ་ཚུན་ཆད་མུ་ཏིག་དམར་པོས་པུས་མོས་ནུབ་ཙམ་དུ་རྒྱས་པར་གང་བར་བྱས་སོ། །ནྱ་གྲོ་དྷཱའི་ཀུན་དགའ་ར་བ་དེ་ཡང་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེས་ཚལ་བར་བཀང་ངོ ། །ཀླུའི་མེ་ཏོག་གི་འདུན་ཁང་རྒྱར་དཔག་ཚད་དྲུག་ཅུ་ཡོད་པ། རིན་པོ་ཆེ་སྣ་བདུན་གྱིས་ཀ་བ་དང་ལྡན་པ་དག་མངོན་པར 81.48b སྤྲུལ་ཏོ། །ཀླུའི་རོལ་མོ་སིལ་སྙན་དཔག་ཏུ་མེད་པ་དག་ཀྱང་མངོན་པར་སྤྲུལ་ཏེ་སྒྲ་ཕྱུང་ངོ ། །ཀླུའི་མེ་ཏོག་གི་འདུན་ཁང་དེ་ལ་ཡང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ལྡ་ལྡི་བྱེ་བ་ཕྲག་དགུ་བཅུ་བྲེས་སོ། །རིན་པོ་ཆེ་སྣ་བདུན་གྱི་ཀ་བ་དེ་དག་ཀྱང་བཻ་དཱུརྱའི་དྲ་བས་ལེགས་པར་བརྒྱན་ཏོ། །འདུན་ཁང་དེའི་གཞི་ཡང་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེས་ཡོག་པར་བྱས་པར་གྱུར་ཏོ། །འདུན་ཁང་དེའི་གཞི་ནི་འཇམ་པ་བསྒྱུར་དུ་རུང་བ་སྟེ། འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྡོ་ལེབ་ཨར་མོ་ནིག་ལྟར་འཇམ་པ་ཁ་དོག་བཻ་དཱུརྱ་ལྟར་འདུག་པ། ཀ་ཙ་ལན་དི་ཀ་ལྟར་རེག་ན་བདེ་བ། ཉམས་དགའ་བ། སེམས་ཅན་མཐོང་བ་རྣམས་ཀྱི་མིག་མྱ་ངན་ལས་འདས་བར་འགྱུར་བ། མི་དང་ལྷ་རྣམས་ཀྱི་ཡིད་དུ་འོང་བ་ལྟ་བུའོ། །ནོར་བུ་རིན་པོ་ཆེ་སྣ་ཚོགས་དེ་དག་གི་ནང་ནས་ནོར་བུ་ལ་ལ་ལས་ནི་མེ་འབྱུང ། ལ་ལ་ལས་ནི་ཆུ་འབྱུང་བ་ཤ་སྟག་སྟེ། དེ་ལ་ལ་ལ་ལས་ནི་ཆུ་ཁ་དོག་སྔོན་པོ་འབྱུང ། ལ་ལ་ལས་ནི་ཆུ་ཁ་དོག་སེར་པོ་འབྱུང ། ལ་ལ་ལས་ནི་ཆུ་ཁ་དོག་དམར་པོ་འབྱུང ། ལ་ལ་ལས་ནི་ཆུ་ཁ་དོག་དཀར་པོ་འབྱུང ། །ལ་ལ་ལས་ནི་ཆུ་ཁ་དོག་སྣ་ཚོགས་འབྱུང་ངོ ། །ནོར་བུ་ལ་ལ་ལས་ནི་བདེ་བར་བསིལ་བའི་རླུང་འབྱུང ། ནོར་བུ་ལ་ལ་ལས་ནི་དེ་མ་ཡིན་པའི་ཡོད་བྱད་གཞན་དག་བསམ་པ་བཞིན་དུ་འབྱུང ། ལ་ལ་ནི་སྣུམ་གྱི་བྱ་བ་བྱེད། ལ་ལ་ནི་མེ་ལོང་གི་བྱ་བ་བྱེད་དེ་འཁོར་དེ་དག་ཐམས་ཅད་ཀྱང་ནོར་བུ་རིན་པོ་ཆེ་དེའི་ནང་དུ་སྣང་བར་གྱུར་ཏོ། །སེར་སྐྱའི་གནས་ན་སེམས་ཅན་གང་ཇི་སྙེད་ཅིག་རྒྱུ་བ་དེ་དག་ཐམས་ཀྱང་ནོར་བུ་རིན་པོ་ཆེ་དེ་དག་གི་ནང་དུ་སྣང་བར་གྱུར་ཏེ། ཐམས་ཅད་དང་ལྡན་པའི་འཁོར་གྱིས་བཅོམ་ལྡན་འདས་རྣམ་པར་སྤྲུལ་པའི་ཆོས་འཕྲུལ་དེ་དག་རྣམ་པར་སྤྲུལ་པ་མཛད་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡང་ནོར་བུ་རིན་པོ་ཆེ་དེ་དག་གི་ནང་ན་བཞུགས་པར་མཐོང་བར་གྱུར་ཏོ། །འདུན་ཁང་གི་གཞི་དེའི་འོག་ནས་ཀྱང་ཀླུའི་མཐུས་གདུགས་རྣམ་པ་སྣ་ཚོགས་མངོན་པར་འཐོན་པར་གྱུར་ཏོ། །རྒྱལ་མཚན་རྣམ་པ 81.49a སྣ་ཚོགས་དང ། བ་དན་རྣམ་པ་སྣ་ཚོགས་དང ། མེ་ཏོག་གི་ལྡ་ལྡི་རྣམ་པ་སྣ་ཚོགས་དང ། སྤོས་ཀྱི་ལྡ་ལྡི་རྣམ་པ་སྣ་ཚོགས་དང ། རིན་པོ་ཆེའི་ལྡ་ལྡི་རྣམ་པ་སྣ་ཚོགས་དང ། མུ་ཏིག་གི་ཕྲེང་བ་རྣམ་པ་སྣ་ཚོགས་དང ། མེ་ཏོག་བརྩེག་མའི་ལྡ་ལྡི་རྣམ་པ་སྣ་ཚོགས་དང ། རྟ་རྣམ་པ་སྣ་ཚོགས་དང ། དྲིལ་བུ་གཡེར་ཀའི་དྲ་བ་རྣམ་པ་སྣ་ཚོགས་ཀྱང་འཐོན་པར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་དགའ་བོ་དང ། ཉེ་དགའ་ལ་སོགས་པ་ཀླུ་བྱེ་བ་ཕྲག་དགུ་བཅུས་རྟ་དེ་རྣམས་སྔོན་དུ་དཀྲི་སྟེ་རྐང་གིས་དོང་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ནོར་བུ་རིན་པོ་ཆེ་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ་བདག་གིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །འདུན་ཁང་གི་གཞི་དེ་ནས་རིན་པོ་ཆེ་གང་དག་མངོན་པར་འཐོན་པ་དེ་དག་ཐམས་ཅད་ཀྱང ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སྟེང་དུ་ཆར་བཞིན་དུ་བབ་པར་འགྱུར་ཏོ། །ཀླུའི་རོལ་མོ་སིལ་སྙན་དཔག་ཏུ་མེད་པ་དེ་དག་ཀྱང་སྟེང་གི་བར་སྣང་ལས་སྒྲ་འབྱིན་པར་གྱུར་ཏོ། །དེ་ནས་ཀླུ་བྱེ་བ་ཕྲག་དགུ་བཅུ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། ཅང་མི་ཟེར་བར་བཅོམ་ལྡན་འདས་རྣམ་པས་རྗེས་སུ་དྲན་པར་བྱེད་ཅིང་མིག་མི་འཛུམས་པར་ལྟ་ལ། འདི་ལྟར་སངས་རྒྱས་ཀྱི་ཡོན་ཏན་འདོད་པའི་ཕྱིར་ལྷག་པའི་བསམ་པས་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏོ། །དེ་ནས་དེ་དག་གིས་ཅུང་ཟད་ཅིག་ཏུ་མི་སྨྲ་བར་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱས་ནས་སོ་སོ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཕྱག་འཚལ་ནས་ཚིགས་སུ 81.49b བཅད་པ་དག་གིས་མངོན་པར་བསྟོད་པ། །མཚན་བརྒྱ་རྫོགས་པ་བརྟུལ་ཞུགས་ལེགས་སྤྱད་པ། །དཀའ་ཐུབ་དགྱེས་པ་དྲི་མེད་ཐུགས་རྗེ་ཅན། །རིན་ཆེན་འབྱུང་གནས་བཅས་པའི་ས་སྤངས་ཏེ། བདེ་གཤེགས་ཁྱོད་ནི་གྲོང་ཁྱེར་མངོན་པར་བྱུང ། །ལོ་དྲུག་བར་དུ་དཀའ་ཐུབ་དཀའ་མཛད་དེ། །རྒྱལ་བ་ཁྱོད་ཀྱིས་བདུད་རྩི་མ་བརྙེས་ཀྱང ། །བདེ་གཤེགས་ཁྱོད་ཀྱི་ཐུགས་ནི་ཞུམ་མ་གྱུར། །ཐུབ་པ་ཁྱོད་ཀྱིས་བྱང་ཆུབ་ཐུགས་ཀྱིས་སྤྱད། །ཇི་ལྟར་འདྲེན་པ་ལྷ་མིའི་བླ་མ་ཁྱོད། །འགྲོ་ལ་ཕན་བཞེད་དཀའ་ཐུབ་སྤྱད་མཛད་དེ། །འཇིག་རྟེན་མགོན་པོ་སྡུག་བསྔལ་བཏང་གྱུར་པ། །དེ་ཐོས་པས་ཀྱང་བདག་ཅག་ཡིད་མི་དགའ། །ཐུབ་པ་དབུ་དང་སྤྱན་ནི་བཏང་བ་དང ། །བྱང་ཆུབ་སེམས་ནི་ཇི་ལྟར་བསྒྲུབ་མཛད་པ། །བདེ་བར་གཤེགས་ཀྱི་དཀའ་སྤྱད་ཐོས་གྱུར་ན། །དེ་ཐོས་པས་ཀྱང་བདག་ཅག་བདེ་མི་འགྱུར། །གང་ཚེ་ཀ་ལིང་རྒྱལ་པོས་བཟོད་སྨྲ་བའི། །ཞབས་དང་ཕྱག་དང་སྙན་རྣམས་གཏུབས་གྱུར་ཏེ། །དེ་བཞིན་ཤངས་བཅད་རྒྱལ་བ་མི་འཁྲུགས་པ། །དེ་ཐོས་པས་ཀྱང་བདག་ཅག་ཡིད་མི་དགའ། ཕུག་རོན་སྐྱབས་སུ་མཆིས་པ་མ་བཏང་སྟེ། །གང་ཚེ་འདྲེན་ཁྱོད་སྲང་ལ་གཅལ་གྱུར་པ། །རྒྱལ་བའི་དེ་ཐོས་པས་ཀྱང་མི་བདེ་སྟེ། །བདེ་གཤེགས་བྱང་ཆུབ་སྤྱོད་པ་སྡུག་བསྔལ་ཆེ། །བདག་ཅག་མི་འཚལ་མ་ལགས་ཅི་ཞེ་ན། །བདེ་བར་གཤེགས་ལ་འགྲོ་བ་གནོད་བགྱིད་པ། །ངན་སོང་མུན་པར་ལྷུང་བས་བདེ་གཤེགས་ཀྱི། །སྡུག་བསྔལ་སྤྱོད་པ་དྲན་ནས་མི་དགའ་ལགས། །ཇི་ལྟར་འཇིག་རྟེན་འདྲེན་པ་བློ་འཕགས་དང ། །བདེ་གཤེགས་སྤྱོད་པ་མི་འཚེ་བློར་གྱུར་དང ། །སྒྲུབ་པའི་ཚེ་ན་དེ་ལ་མི་གནོད་པ། །འཇིག་རྟེན་འདྲེན་པ་སྤྱོད་བདེ་བཀའ་སྩལ་གསོལ། །མཐའ་ཡས་བློ་མངའ་བདེ་གཤེགས་སྤྱོད་པ་ལ། །ཐུབ་པ་ཀླུ་ཚོགས་འདི་དག་རབ་ཏུ་བརྩོན། །ཇི་ལྟར་ཁྱོད་ཀྱི་བཀའ་བཞིན་སྤྱོད་འགྱུར་པ། །དེ་ལྟར་བདེ་གཤེགས་བྱང་ཆུབ་ལམ་བསྟན 81.50a གསོལ། །རྒ་ཤི་མ་མཆིས་གོ་འཕང་འཐོབ་འཆལ་ཞིང ། །ཀླུ་ཚོགས་འདི་རྣམས་ཐུབ་པ་སྐོམ་པར་གནས། །འགྲོ་བ་འདི་དག་བདེ་བར་འདུལ་འགྱུར་པའི། །བརྟུལ་ཞུགས་སྤྱོད་བདེ་བདེ་གཤེགས་བཀའ་སྩལ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་མཆོད་པ་དེ་དག་ཀྱང་གཟིགས། །ལྷག་པའི་བསམ་པས་སྨོན་ལམ་བཏབ་པ་དེ་དག་ཀྱང་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་ཆོས་ཉིད་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་ཁ་དོག་སྣ་ཚོགས་དང ། ཁ་དོག་དུ་མའི་འོད་ཟེར་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །བརྟུལ་ཞུགས་བཟང་པོ་དགེ་སྦྱོང་ཐུབ་པའི་རྣམས། །རྒྱུ་མེད་རྒྱལ་བ་འཛུམ་པ་མི་མཛད་ན། །འདྲེན་པ་བདེ་གཤེགས་ཐུགས་རྗེ་ཆེ་མངའ་བ། །མཚུངས་མེད་བཅོམ་ལྡན་འཛུམ་རྒྱུ་བཀའ་སྩལ་གསོལ། །ཚོགས་ཀྱི་སློབ་དཔོན་སྐྱེ་བོ་འདི་དག་ནི། །འཛུམ་རྒྱུ་ཉན་འཚལ་ཁྱོད་ཀྱི་ཞལ་དུ་ལྟ། །ཡིད་ནི་ཞུམ་གྱུར་ཐེ་ཚོམ་འཚལ་ཞིང་མཆིས། །མཁས་པ་ཐེ་ཚོམ་རྣམ་པར་བསལ་དུ་གསོལ། །འཇིག་རྟེན་མཁས་པ་སྟོན་པ་ཤཱཀྱ་ཐུབ། །དེ་རིང་སུ་ཞིག་ཡིད་ནི་ཡོངས་སུ་དགའ། །གང་གིས་བདུད་ཀྱི་དབང་པོ་མཐོང་གྱུར་ཏེ། །རྨོངས་པར་བགྱིས་ནས་ཡིད་མི་དགའ་བར་བགྱིས། །ཚོགས་ཀྱི་སློབ་དཔོན་འདྲེན་པ་སུ་ཞིག་གིས། །བདེ་གཤེགས་ཆོས་ཉིད་ཡབ་ལ་བསྙེན་བཀུར་བགྱིས། །བདེ་བར་གཤེགས་ལ་མཆོད་པ་དམ་པ་བགྱིས། །ཤཱཀྱ་སེང་གེ་བཀའ་སྩོལ་ཐེ་ཚོམ་ཁུམ། །སོར་བཅུ་ཐལ་མོ་སྦྱར་བ་མགོར་བཞག་ཅིང ། །འགྲོ་བ་འདི་དག་ཐུབ་པའི་ཞལ་དུ་ལྟ། །ཚོགས་ཀྱི་སློབ་དཔོན་ཐེ་ཚོམ་བསལ་དུ་གསོལ། །འདྲེན་པ་འཛུམ་པ་མཛད་པའི་རྒྱུ་ཡང་གསུངས། །དེ་ཐོས་སྐྱེ་བོ་འདི་དག་དགར་གྱུར་ཏེ། །རྒྱལ་བས 81.50b དགོངས་པའི་ཚུལ་ཡང་རྟོགས་པར་འགྱུར། །བདེ་བར་གཤེགས་པའི་འཁོར་རྣམས་ཚིམ་བགྱིས་ན། །གཞན་དུ་མི་སེམས་ནན་ཏན་གནས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །ཐུབ་མཁས་འདྲེན་པ་ཚོགས་ཀྱི་སློབ་དཔོན་གྱིས། །ཚངས་འདྲ་ཡན་ལག་བརྒྱད་ལྡན་གསུང་བརྗོད་ཀྱིས། །རྟ་ཐུལ་སྐྱོན་མེད་སེམས་ཀྱིས་དད་བྱོས་ལ། །འཛུམ་པ་མཛད་པའི་རྒྱུ་དེ་མཉན་པར་གྱིས། །ཀླུ་ཡི་བདག་པོ་འདི་དག་དད་གྱུར་ཏེ། །འགྲོ་བ་ཟིལ་གྱིས་མནན་ནས་མཆོད་པ་བྱས། །སྐྱེ་བོ་བདེ་བར་ཡོངས་སྨིན་བྱ་བའི་ཕྱིར། །སངས་རྒྱས་བྱང་ཆུབ་འདི་ནི་ཡོངས་སུ་ཚོལ། །སྙིང་རྗེ་ཆེན་པོས་རྣམ་འདྲེན་མེད་པ་ཡི། །འགྲོ་བ་བལྟས་ནས་སྡུག་བསྔལ་ཅིས་མི་བསྟེན། །འགྲོ་བས་བྱང་ཆུབ་རྒྱ་ཆེན་ཐོབ་བྱ་ལ། །འདྲེན་པ་དག་ནི་སྐྱོ་བར་ཡོང་མི་འགྱུར། །ཞི་གནས་དགའ་བ་ཡེ་ཤེས་སྟོབས་ལྡན་སྟོབས། །མཚན་མེད་སྟོང་པ་དེ་བཞིན་སྨོན་མེད་པ། །རྣམ་ཐར་སྒོ་གསུམ་ཡོངས་སུ་བསྒོམས་ནས་སུ། །ཤིན་ཏུ་ཡོངས་དག་ཡིད་ཅན་བདེ་བར་འགྲོ། །འགྲོ་བ་མཐའ་དག་མཉམ་པ་ཉིད་རྟོགས་ཏེ། །གང་ཚེ་རྒྱལ་བས་ཤེས་རབ་མཚན་ཐོས་ནས། །མཉམ་པའི་སེམས་དང་བྱམས་དང་སྙིང་རྗེ་ཐོབ། །འགྲོ་བ་སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །སྙིང་བརྩེ་ལྡན་པ་མཆོག་ཏུ་སྙིང་རྗེ་ཅན། །འཇིག་རྟེན་མཁས་པ་བླ་ན་མེད་པར་འགྱུར། །རྒྱལ་བ་དེ་དག་འགྲོ་འདི་མཚུངས་བསྒྲལ་ནས། །དེ་དག་དགྲ་བཅོམ་རྣམ་པར་འདྲེན་པར་འགྱུར། །རྟག་ཏུ་བདག་མེད་ཚིག་ནི་ཉན་བྱེད་ཅིང ། །འཇིག་རྟེན་གཏམ་གྱི་རྒྱུད་ལ་མི་འཇུག་སྟེ། །དེ་དག་བདེ་བར་གཤེགས་ཀྱི་འཆི་མེད་ཐོབ་།དེ་ན་བདུད་མེད་མུ་སྟེགས་ཚོགས་ཀྱང་མེད། །འདྲེན་པ་བདེ་གཤེགས་སྙིང་རྗེ་ལྡན་པ་ཡི། །རྒྱལ་བ་དེ་དག་འགྲོ་བ་ཀུན་མོས་བྱེད། །བདེ་གཤེགས་བཀའ་དང་ཚིག་རྣམས་ཐམས་ཅད་དང ། །བདེ་བར་གཤེགས་ཀྱི་དགོངས་ལ་མོས 81.51a བྱེད་འགྱུར། །སྲིད་པར་བདེ་གཤེགས་རྣམས་ཀྱི་སྤྱད་སྤྱོད་ཅིང ། །རབ་བདེར་འགྲོ་བ་ཡོངས་སྨིན་བྱེད་པར་འགྱུར། །མཚུངས་མེད་ཐོབ་པ་བདེ་བར་མྱུར་དུ་ཡང ། །ཡོངས་སུ་འཚང་རྒྱ་འཆི་མེད་ཐོབ་པར་འགྱུར། །ཐོབ་ནས་འགྲོ་བ་དག་ཀྱང་མོས་པར་འགྱུར། །སྐྱེ་བོ་ཀུན་ཀྱང་གཟུགས་ཀྱི་མཆོག་དང་ལྡན། །འགྲོ་བ་ཐམས་ཅད་བདེ་གཤེགས་དེ་དག་གི་།དགོངས་པའི་ཚིག་ནི་མངོན་དུ་ཤེས་པར་འགྱུར། །ཕྱུགས་དང་བྱ་དང་གནོད་སྦྱིན་མིང་དེ་དག་།རང་བྱུང་དགོངས་མིན་ཅུང་ཟད་བྱེད་མི་འགྱུར། །དེ་དག་ཀུན་དུ་ཆོས་རྟོགས་དྲན་དང་ལྡན། །བདེ་བར་གཤེགས་རྣམས་འཆི་མེད་འཐོབ་པར་འགྱུར། །དེ་དག་ཚིག་ཐོས་སེམས་ཅན་གང་ཡང་ནི། །བསྟན་པ་དེ་ལ་མི་དགར་འགྱུར་བ་མེད། །བདེ་གཤེགས་དེ་དག་གསུང་ལ་དགའ་བ་ཡིན། །འགྲོ་བ་འཆི་མེད་ཡང་དག་ཐོབ་པར་འགྱུར། །དེ་ཚེ་འགྲོ་བས་རྒྱལ་བའི་དགོངས་ལེགས་རྟོགས། །རྒ་བ་དང་ནི་ནད་དང་འཆི་བ་དང ། །མྱ་ངན་སྨྲེ་སྔགས་འདོན་ལས་ཡོངས་སུ་འགྲོལ། །ཚིག་དེ་ཐོས་ནས་ངར་འཛིན་མེད་པར་འགྱུར། །ཀླུ་ཡི་བསམ་པ་ཤཱཀྱ་སེང་གེ་ལ། །ཡོངས་སུ་ཞུས་ནས་ཇི་ལྟར་དེ་དག་རྣམས། །གཞལ་ཡས་བྱང་ཆུབ་ཐོབ་ནས་ཐུབ་རྣམས་ཀྱི། །ཡེ་ཤེས་འཇུག་འགྱུར་དེ་སྐད་སྲས་ལ་བསྟན། །ཀླུ་རྣམས་ལུང་བསྟན་ཡིད་དུ་འོང་བ་ཡི། །རྒྱལ་བའི་གསུང་ཐོས་འཁོར་རྣམས་ཡིད་དགའ་སྟེ། །དེ་ལ་ཡིད་ནི་རབ་ཏུ་ཞི་གྱུར་ནས། །དགའ་བའི་ཡིད་ཀྱིས་རྒྱལ་བའི་སྐྱབས་སུ་སོང ། །ཀླུ་ལུང་བསྟན་པའི་ལེའུ་སྟེ། བརྒྱད་པའོ།། །། དེ་ནས་གྲུལ་བུམ་བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་ལྷ་མ་ཡིན་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། ཀླུའི་བུ་མོ་རྣམས་དང ། ཀླུ་རྣམས་ཆོས་ཀྱི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེ་ནས་ངོ་མཚར་ཐོབ་པར་གྱུར་ཏེ། འདི་ལྟར་དེ་བཞིན 81.51b གཤེགས་པ་ལ་ཤེས་རབ་ཀྱི་མངའ་བ་ཆེན་པོ་མངའ་ཞིང ། འདི་ལྟར་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་འདི་ལྟ་བུ་བྱས་པས་ཀྱང་ངོ་མཚར་དུ་མི་དགོངས་ཏེ། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་རྒྱ་ཆེ་ཞིང་ཡོངས་སུ་རྒྱས་པ་ཡིན་པས་མཐོ་བ་འམ་དམའ་བར་མི་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ཆོས་ཐམས་ཅད་ལ་ཐེ་ཚོམ་མི་མངའ་ཞིང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡངས་པ་མངའ་བས་མཆོད་པ་འདི་ལྟ་བུ་དག་བཞེས་ཀྱང་མཐོ་བ་འམ་དམའ་བར་མི་འགྱུར་ཞིང་ངོ་མཚར་དུ་མི་དགོངས་པ་ནི་ངོ་མཚར་ཤིན་ཏུ་ཆེའོ་སྙམ་མོ། །དེ་ནས་གྲུལ་བུམ་བྱེ་བ་ཕྲག་བཅཝ་བརྒྱད་པོ་དེ་དག་གིས་བདག་ཅག་ཉིད་ཀྱི་མཆོད་པས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་བླ་རེ་བྱེ་བ་ཕྲག་བཅཝ་བརྒྱད་མངོན་པར་སྤྲུལ་ཏེ། འདི་ལྟ་སྟེ། གསེར་གྱི་སྐུད་པའི་བླ་རེ་དང ། དངུལ་གྱི་སྐུད་པའི་བླ་རེ་དང ། བཻ་དཱུརྱའི་བླ་རེ་དང ། ཤེལ་གྱི་བླ་རེ་དང ། མུ་ཏིག་དམར་པོའི་བླ་རེ་དང ། སྤུག་གི་བླ་རེ་དང ། རྡོའི་སྙིང་པོའི་བླ་རེ་ཤ་སྟག་གོ། །རིན་པོ་ཆེའི་བླ་རེ་དེ་དག་ལ་ཡང་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བའི་ལྡ་ལྡི་མངོན་པར་སྤྲུལ་ཏེ། གསེར་གྱི་སྐུད་པའི་བླ་རེ་རྣམས་ལ་ནི་དངུལ་གྱི་མེ་ཏོག་གི་ཕྲེང་བའི་ལྡ་ལྡི་བཀྱེ། དངུལ་གྱི་སྐུད་པའི་བླ་རེ་རྣམས་ལ་ནི་གསེར་གྱི་མེ་ཏོག་གི་ཕྲེང་བའི་ལྡ་ལྡི་བཀྱེ། བཻ་དཱུརྱའི་བླ་རེ་རྣམས་ལ་ནི་ཤེལ་གྱི་མེ་ཏོག་གི་ཕྲེང་བའི་ལྡ་ལྡི་བཀྱེ། ཤེལ་གྱི་བླ་རེ་རྣམས་ལ་ནི་བཻ་དཱུརྱའི་མེ་ཏོག་གི་ཕྲེང་བའི་ལྡ་ལྡི་བཀྱེ། མུ་ཏིག་དམར་པོའི་བླ་རེ་རྣམས་ལ་ནི་སྤུག་གི་མེ་ཏོག་གི་ཕྲེང་བའི་ལྡ་ལྡི 81.52a བཀྱེ། སྤུག་གི་བླ་རེ་རྣམས་ལ་ནི་མུ་ཏིག་དམར་པོའི་མེ་ཏོག་གི་ཕྲེང་བའི་ལྡ་ལྡི་བཀྱེ། རྡོའི་སྙིང་པོའི་བླ་རེ་རྣམས་ལ་ནི་ཤེལ་གྱི་མེ་ཏོག་གི་ཕྲེང་བའི་ལྡ་ལྡི་བཀྱེ་བ་ཤ་སྟག་མངོན་པར་སྤྲུལ་ཏོ། །ཤིང་རྟ་བཀྲ་བ། བལྟ་ན་སྡུག་པ་བྱེ་བ་ཕྲག་བཅཝ་བརྒྱད་ཀྱང་མངོན་པར་སྤྲུལ་ཏེ། དེ་དག་ཀྱང་གསེར་ནས་རྡོའི་སྙིང་པོའི་བར་དུ་ཤིང་རྟ་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཐུར་མ་བརྒྱད་པ་གསེར་གྱི་ཡུ་བ་ཅན་དང ། བཻ་དཱུརྱའི་ཡུ་བ་ཅན་དང ། ཤེལ་གྱི་ཡུ་བ་ཅན་བྱེ་བ་ཕྲག་བཅཝ་བརྒྱད་མངོན་པར་སྤྲུལ་ཏོ། །གདུགས་དེ་དག་ལ་ཡང་རིན་པོ་ཆེ་རྣམ་པ་སྣ་ཚོགས་གྱི་མེ་ཏོག་གི་ལྡ་ལྡི་མངོན་པར་སྤྲུལ་ཏེ། འདི་ལྟ་སྟེ། གསེར་གྱི་མེ་ཏོག་གི་ལྡ་ལྡི་དང ། དངུལ་གྱི་མེ་ཏོག་གི་ལྡ་ལྡི་དང ། བཻ་དཱུརྱའི་མེ་ཏོག་གི་ལྡ་ལྡི་དང ། མུ་ཏིག་དམར་པོའི་མེ་ཏོག་གི་ལྡ་ལྡི་དང ། ཀླུའི་ནོར་བུའི་མེ་ཏོག་གི་ལྡ་ལྡི་ཤ་སྟག་གོ། །མུ་ཏིག་དམར་པོའི་འདྲ་བ་དག་ཀྱང་མངོན་པར་སྤྲུལ་ཏེ། དེ་དག་གིས་གདུགས་དེ་དག་དང ། མེ་ཏོག་གི་ཕྲེང་བ་དེ་དག་གི་གཟུངས་བྱས་སོ། །གྲུལ་བུམ་གྱི་རོལ་མོའི་སིལ་སྙན་དག་ཀྱང་མངོན་པར་སྤྲུལ་ཏོ། །ཤིང་རྟ་དེ་དག་རེ་རེ་ཞིང་ཡང་བླ་རེ་དེ་དག་རེ་རེ་རྗེས་སུ་འབྲང་བར་གྱུར་ཏོ། །དེ་ནས་གྲུལ་བུམ་དེ་དག་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་དེ་དག་ལ་ཞོན་ཏེ། རིན་པོ་ཆེ་སྣ་བདུན་གྱི་གདུགས་དང ། བླ་རེ་དང ། མེ་ཏོག་དེ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ་མཆོད་པ་བྱེད་ཅིང ། བཅོམ་ལྡན་འདས་ལ་སྟེང་གི་བར་སྣང་ལས་ལན་གསུམ་བསྐོར་ཏོ། །བསྐོར་ནས་ཤི་རྟ་དེ་དག་ལ་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། ཐམས་ཅད་དུ་ཡང་མི་བསྙེངས་མངའ་དབང་ཅན། །ཐུབ་པ་ཆེན་པོ་མི་མཐོ་མི་དམའ་སྟེ། །རི་ཡི་རྒྱལ་པོ་ལྷུན་པོའི་རི་འདྲ་བ། །མཆོད་པ་རྒྱ་ཆེན་འདི་དག་བཞེས་སུ་གསོལ། །འགྲོ་བ་ཐམས་ཅད་མིང་དང་མཚན་མ་དང ། ཐ་སྙད་ཙམ་མཁྱེན་ཐུབ་པ་ཆགས་མི་མངའ། །འདྲེན་པ་ཁྱོད་ཀྱིས་ཏིང་འཛིན་ཞི་བསྒྲུབས་པས། །ཤེས་རབ་ལྡན་ལ་དྲེགས་པ་ཡོད་མི་མངའ། །རྒྱལ་བ་ཁྱོད་ཀྱིས་འགྲོ་བ་སྒྱུ་འདྲར་མཁྱེན། །རང་བཞིན་སྟོང་སྟེ་རྨི་ལམ་དགའ་འདྲ་དང ། །ཆུ་ཟླ་ནམ་མཁའི་སྨྱིག་རྒྱུ་ལྟ་བུར་ནི། །བདེ་བར་གཤེགས 81.52b པས་འགྲོ་བ་འདི་དག་གཟིགས། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང ། །གྲོང་ཁྱེར་དེ་ནི་ཕྱོགས་བཅུ་ཀུན་ན་མེད། །གཞན་དུ་གྲོང་ཁྱེར་དེ་ནི་མིང་ཙམ་སྟེ། །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །མཆོད་པ་འདི་ཀུན་བྲག་ཅ་ཇི་བཞིན་ཏེ། །ཤིང་རྟ་གདུགས་དང་བླ་རེ་སིལ་སྙན་དང ། །མེ་ཏོག་རྒྱལ་མཚན་ཐལ་མོ་སྦྱར་བགྱིས་པ། །བྲག་ཅ་ཇི་བཞིན་དེ་དག་དེ་ལྟར་གདའ། །འདྲེན་པ་མཆོད་པ་འདི་བགྱིས་བདག་ཅག་ཀྱང ། །སངས་རྒྱས་རྐང་གཉིས་མཆོག་ཏུ་མྱུར་འགྱུར་ཤོག་།རྨི་ལམ་འདྲ་བར་འགྲོ་བ་བདག་ཅག་གིས། །རྟོགས་བགྱིས་རྒྱལ་བ་ཁྱོད་བཞིན་བསྟན་པར་བགྱི། །ན་དང་རྒ་ཤིས་ཡོངས་སུ་གཙེས་གྱུར་པའི། །སྐྱེ་བོ་མཐོང་ནས་བདག་ཅག་རྣམས་ཀྱིས་ཀྱང ། །བྱང་ཆུབ་མྱུར་ཐོབ་རྒ་ཤི་མེད་པའི་གནས། །གང་ཐོས་གྲོལ་འགྱུར་འགྲོ་ལ་བསྟན་པར་བགྱི། །བདག་ཅག་བྱང་ཆུབ་ལམ་མཆོག་སངས་རྒྱས་ནས། །སེམས་ཅན་བློ་སྟོར་རྣམས་ལ་བསྟན་པར་བགྱི། །ཐུབ་པ་འཁྲུགས་མེད་ཆོས་རྣམས་རབ་སྟོན་པ། །མྱ་ངན་འདས་མཆོག་སེམས་ཅན་བསྟན་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲུལ་བུམ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། སྟོན་པ་རྒྱུ་མེད་འཛུམ་པ་མི་མཛད་དེ། །རྣམ་འདྲེན་འཇིག་རྟེན་མཁས་ལ་མཚར་མི་མངའ། །ངོ་མཚར་འགྱུར་མེད་རྒྱལ་བས་འཛུམ་མཛད་ན། །འཛུམ་རྒྱུ་ལེགས་པར་བཀའ་སྩོལ་ཉན་པར་འཚལ། །རྒྱལ་བའི་ཞལ་ནས་འཛུམ་པ་མཛད་མཐོང་ནས། །འགྲོ་བ་འདི་དག་ཐེ་ཚོམ་སོམ་ཉི་འཚལ། །ཐེ་ཚོམ་འཚལ་བ་རྣམས་ཀྱི་ཐེ་ཚོམ་ཁུམ། །མི་ཡི་དབང་པོ་འཛུམ་པའི་རྒྱུ་ཡང་གསུངས། །གང་གིས་དེ་རིང་ཆོས་ལ་ཡིད་བཞག་གྱུར། །དེ་རིང་གང་གིས་ཆོས་ཀྱི་རྒྱལ་ཡང་མཐོང ། །དེང་སུས་སངས་རྒྱས་བསྔགས་པའི་མཆོད་པ་བགྱི། །མི་ཡི་དམ་པ་བདག་ནི་ཉན་པར་འཚལ། །དེ་རིང་འདུས་བྱས་སྡུག་བསྔལ་ཤེས་གྱུར་ནས། །གང་གིས་འདུ་བྱེད་གྱུར་པའི་ཡིད་གཅིག་བཅོམ། །གང་ཞིག་ཡང་དག་མཐའ་ལ་མི་གཡོ་གནས། །རྣམ་དག་ཐུགས་མངའ 81.53a བདག་ནི་ཉན་པར་འཚལ། །དེ་རིང་སུ་ཡིས་འཁོར་བཅས་བདུད་རྣམས་བཅོམ། །ཐུབ་པ་སྟོན་པ་དེང་སུས་མཉེས་པར་བགྱིས། །འདྲེན་པ་སུ་ཞིག་དེ་རིང་གཏིང་རྙེད་གྱུར། །ཐེ་ཚོམ་མཆིས་ཏེ་དེང་བདག་དེ་ཉན་འཚལ། །འཛུམ་མཛད་དེ་ཡི་དོན་ནི་མཉན་སླད་དུ། །འགྲོ་བ་ཀུན་ཀྱང་ཐལ་མོ་སྦྱར་ཅིང་གནས། །འདྲེན་པ་ཐེ་ཚོམ་འཚལ་བའི་ཐེ་ཚོམ་སོལ། །རྐང་གཉིས་དམ་པས་ལུང་ཡང་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་དྲི་བ་ལེགས་པར་དྲིས། །འཛུམ་པའི་རྒྱུ་འདི་ཡོངས་སུ་དྲིས་པས་ན། །འགྲོ་བའི་དོན་ཡང་ཁྱོད་ཀྱིས་བྱས་པར་གྱུར། །དེ་དོན་བསྟན་བྱས་རྟ་ཐུལ་མཉན་པར་གྱིས། །གྲུལ་བུམ་མཆོག་ཀྱིས་ང་ལ་མཆོད་བྱས་ཏེ། །ཞི་བའི་ཆོས་ལ་དེ་དག་ཡིད་ཀྱང་བཞག་།མཚར་མེད་ང་མཐོང་ནས་ནི་ངོམ་གྱུར་ཏེ། །ཞི་བའི་ཆོས་ལ་དེ་དག་ཡིད་ཀྱང་བཞག་།དེ་དག་རྣམས་ཀྱིས་དེ་རིང་ང་མཆོད་དེ། །ཞི་བའི་ཆོས་ལ་བློ་གྲོས་རྣམ་པར་བཏང ། །ལམ་སྟོར་སྐྱེ་བོ་རྣམས་ལ་སྙིང་བརྩེ་ཞིང ། །བསམ་པ་ཐག་པས་སྙིང་རྗེ་ཆེན་པོ་བསྐྱེད། །སྙིང་རྗེ་བས་ན་ང་ལ་མཆོད་པ་བྱས། །རབ་ཏུ་ལམ་སྟོར་རྣམས་ལ་བྱམས་པར་བསམས། །མཁས་པ་དེ་དག་ལས་དེ་བྱས་པས་ན། །གྲུལ་བུམ་སྐྱེ་གནས་ཤི་འཕོས་བརྟུལ་ཞུགས་བཟང ། །བརྒྱ་བྱིན་ལྷ་ཡི་དྲུང་དུ་འདོང་པར་འགྱུར། །ཐུགས་རྗེ་བྱམས་དོན་མཛད་སྐྱོབ་དྲུང་དུ་འང་འདོང ། །དེ་ནི་ཅུང་ཟད་ཡང་དང་ཡང་བསྟན་ཏེ། །ཕྱིར་ཞིང་ཆོས་ལ་ཐེ་ཚོམ་མེད་པར་འགྱུར། །དེ་དག་བསྐལ་པ་གང་གཱའི་བྱེ་སྙེད་དུ། །ཞིང་ནས་ཞིང་དུ་རྣམ་པར་རྒྱུ་བྱེད་ཅིང ། །བདག་ཉིད་ཆེན་པོའི་ཆོས་ལ་མཆོད་པ་བྱེད། །གོ་ཆ་ཆེན་པོ་རབ་དུ་བགོས་ཡིད་ཀྱིས། །དེ་དག་སྐྱོ་བ་མེད་པར་འཇིག་རྟེན་ཁམས། །ཁྲག་ཁྲིག་མཐའ་ཡས་རྣམ་པར་སྦྱོང་བར་འགྱུར། །སྐྱེ་བོ་མང་པོའི་དོན་བྱེད་འདྲེན་འགྱུར་ཏེ། །ངོ་མཚར་མེད་ཅེས་བྱ་བའི་རྒྱལ་བར་འགྱུར། །དེ་དག་ཞིང་རྣམས་གང་དུ་འགྲོ་རྒྱུ་བ། །དེར་ནི་འགྲོ་བས་རྒྱལ་བ་བྱུང་བར་ཤེས། །དེ་དག་ཐབས་ཀྱིས་མ་འོངས་དུས་དག་ན། །ངོ་མཚར་མེད་པར་སྐྱེ་བོ་རྣམ་གྲོལ་བྱེད། །རྒྱལ་བ་ངོ་མཚར་མེད་པར་ཞིང་སྦྱོང་ཞིང ། །རྫོགས་པའི་བྱང་ཆུབ 81.53b བླ་མེད་ཞི་བ་འཚོལ། །དེ་དག་ཚོལ་བ་ལ་ཡང་མི་གནས་ཏེ། །འདི་ལྟར་བླ་མེད་བྱང་ཆུབ་གནས་ཕྱིར་རོ། །དེ་ལྟར་འཛུམ་རྒྱུ་རྒྱལ་བས་ལུང་བསྟན་ཅིང ། །བདེ་བར་གཤེགས་པས་འཇིག་རྟེན་དོགས་བསལ་ཏེ། །གྲུལ་བུམ་མཆོད་པའི་འབྲས་བུ་དེས་ཐོས་ནས། །འགྲོ་བ་ཐེ་ཚོམ་བསལ་ཏེ་དགའ་བར་གྱུར། །གྲུལ་བུམ་ལུང་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་དེའི་ཚེ་དྲི་ཟ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གིས་ལྷ་མ་ཡིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང ། ཀླུའི་བུ་མོ་རྣམས་དང ། རླུང་ལྷ་རྣམས་དང ། གྲུལ་བུམ་རྣམས་ཀྱིས་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རང་ནས་རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ངོ་མཚར་ཐོབ་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་འགྱུར་བ་མེད་པར་ཡང་ཡང་དག་པར་བཀའ་སྩལ་པ། བྱ་བ་རྣམས་ཀྱང་ཡང་དག་པར་སྟོན་དེ། དགེ་བའི་རྩ་བ་འཕེལ་བ་ཡང་བསྟན་ལ། ཆོས་གང་ལ་ཡང་ལུང་བསྟན་པ་མེད་པར་ཡང་ཡང་དག་པར་བསྟན་པ་འདི་ནི་ངོ་མཚར་རྨད་དོ་སྙམ་ནས་དེ་དག་གིས་ཆོས་དེ་ལྟ་བུ་ཁོང་དུ་ཆུད་དེ། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བའི་སེམས་རྒྱ་ཆེན་པོ་སྐྱེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པར་གྱུར་ཏེ། རབ་ཏུ་དགའ་བའི་ཡིད་དང་ལྡན་པ་དེ་དག་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་གྱུར་ཏེ། གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བྱ་བ་ཕྲག་གསུམ་ཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ། །གླང་པོ་ཆེ་ས་སྲུང་གི་བུ་དེ་དག་རེ་རེ་ཞིང་མགོ་བོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་མགོ་བོ་རེ་རེ་ཞིང་སོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དྲུག་།སོ་རེ་རེ་ལ་ཡང་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ཞིང་ཡང་པད་མ་བདུན་བདུན། པད་མ་རེ་རེ་ཞིང་འདབ་མ་བྱེ་བ་ཕྲག་སྟོང་སྟོང ། འདབ་མ་རེ་རེ་ཞིང་ཡང་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ཞིང་ཡང་འཁོར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྷའི་བདུག་སྤོས་ཐོགས་པ་བདུན་བདུན་ཞིང་པད་མའི་ལོ་མའི་མཐའ་མཐའ་ན་འཁོད་པས་བསྐོར་བ་མངོན་པར་སྤྲུལ་ཏོ། །གླང་པོ་ཆེ་ས་སྲུང་གི་བུ་དེ་དག་གི་མགོ་བོ་རེ་རེ་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་གདུགས་ནས་རིན་པོ་ཆེ་སྣ་བདུན་གྱི་དྲ་བ་དག་གིས་གཟུངས་བྱས་པ་དང ། རིན་པོ་ཆེ་སྣ་བདུན་གྱི་ལྡ་ལྡི་བྲས་པའི 81.54a བར་དང་ལྡན་པ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དྲུག་མངོན་པར་སྤྲུལ་ཏོ། །གླང་པོ་ཆེའི་མགོ་ཐམས་ཅད་ལ་ཡང་ལྷའི་སྤོས་ཀྱི་བླ་རེ་སྣ་ཚོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ལྡ་ལྡི་བྲེས་པ་ཤ་སྟག་མངོན་པར་སྤྲུལ་ཏོ། །དེ་ནས་དྲི་ཟ་དེ་དག་གླང་པོ་ཆེ་ས་སྲུང་གི་བུ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་པོ་དེ་དག་ལ་ཞོན་ཏེ། ལྷའི་རོལ་མོ་སིལ་སྙན་ལེན་ཅིང་ནམ་མཁའ་ལས་རྒྱུ་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་ཅུ་རྩ་དྲུག་ཏུ་བསྐོར་བ་བྱས་ནས་ལྷའི་ཙན་དན་གྱི་ཕྱེ་མས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ་ལྷའི་ཨ་ག་རུའི་ཕྱེ་མ་དང ། ལྷའི་ཏ་མ་ལའི་ལོ་མ་དང ། ུད་པ་ལའི་ཕྱེ་མ་དང ། ལྷའི་གསེར་ཕྱེ་དང ། ལྷའི་མེ་ཏོག་མཱན་དཱ་ར་བ་དང ། མཱན་དཱ་ར་བ་ཆེན་པོ་དང ། མན་ཛུ་ཥ་ཀ་དང ། མན་ཛུ་ཥ་ཀ་ཆེན་པོ་དང ། པ་རུ་ཤ་ཀ་དང ། པ་རུ་ཤ་ཀ་ཆེན་པོ་དང ། མདོག་དཀར་དང ། མདོག་དཀར་ཆེན་པོ་དག་གིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། སྤུག་དང ། མུ་ཏིག་དམར་པོ་དང ། རྡོའི་སྙིང་པོ་མེ་ཏོག་རྣམས་དང ། སྤྲུལ་པའི་མེ་ཏོག་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །སྤོས་ཀྱི་བླ་རེ་དེ་དག་ལས་སྤོས་ཀྱི་ངད་འབྱུང་སྟེ་འགྲོ་ཞིང་ལྡོག་གོ། །ལྷའི་སྤོས་ཆུ་རྣམ་པ་སྣ་ཚོགས་ཀྱི་ཆར་ཡང་སྟེང་གི་བར་སྣང་ལས་མངོན་པར་བབ་བོ། །སྤོས་ཆུའི་ཆར་དེ་མངོན་པར་འབབ་པས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་སྤོས་ཆུས་རྗབ་ཏུ་གྱུར་ཏེ། སྤོས་ཆུའི་རྫབ་དེའི་དྲིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་གང་བར་གྱུར་ནས་སེམས་ཅན་གང་དག་གིས་སྤོས་ཀྱི་དྲི་དེ་ཚོར་བར་གྱུར་པ་དང ། རོལ་མོའི་སིལ་སྙན་དེ་དག་གི་སྒྲ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ལྟར་དྲི་ཟ་རེ་རེས་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་གླང་པོ་ཆེ་ས་སྲུང་གི་བུ་མགོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ལ་ལྷའི་བུ་མོ་གླུ་ལེན་པ་དང ། གར་བྱེད་པ་འཁོད་པ་དག་གིས་མཆོད་དེ་སྐྱེ་བོ་ཐམས་ཅད་ཀྱང་འདུན་པར་བྱས་སོ། །ལྷའི་བུ་མོ་དེ་དག་ལས་ལ་ལ་ནི་ལུས་ཀྱི་ཚུལ་སྒྱུར། ལ་ལ་ནི་ཙན་དན་དང ། ་ག་རུ་དང ། ཏ་མ་ལའི་ལོ་མའི་ཕྱེ་མ་འཐོར། ལ་ལ་ནི་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་ཕྱེ་མ་དང ། སྤོས་རྣམ་པ་སྣ་ཚོགས་ཀྱི་ཕྱེ་མ་འཐོར། ལ་ལ་ནི་མེ་ཏོག་མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་ནས། སྐྱ་སྣར་ཁྲ་བོ་དང ། 81.54b སྐྱ་སྣར་བཀྲ་ཆེན་གྱི་བར་གྱི་མེ་ཏོག་དང ། སྤྲུལ་པའི་མེ་ཏོག་རྣམས་འཐོར། ལ་ལ་ནི་གསེར་གྱི་མེ་ཏོག་ནས་རྡོའི་སྙིང་པོའི་བར་གྱི་མེ་ཏོག་དང ། དབྱིག་དང ། གསེར་དང ། རིན་པོ་ཆེ་སྙིམ་པས་བླངས་ཏེ། བཅོམ་ལྡན་འདས་ལ་མངོན་པར་འཐོར། ལ་ལ་ནི་ན་བཟའ་དག་འཐོར། ལ་ལ་ནི་ཞབས་ཀྱི་རྒྱན་དང ། སྐུ་རགས་དང ། གསེར་གྱི་ཕྲེང་བ་རིན་པོ་ཆེས་སྤྲས་པའི་བར་དག་འབུལ་ལོ། །ལ་ལ་ནི་གསེར་གྱི་དྲ་བ་དག་འཛིན། ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་དང ། རིན་པོ་ཆེའི་བ་དན་ཁ་དོག་སྣ་ཚོགས་དང ། ཚོན་སྣ་ཚོགས་ཅན་འཛིན། ལ་ལ་ནི་ལྷའི་སྤོས་ཆུའི་ཆར་འབེབས་ཏེ། ལྷ་མ་ཡིན་གྱི་བུ་མོས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་དྲི་ཟ་དེ་དག་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་དེ་དག་ལ་ཞོན་ནས། བཅོམ་ལྡན་འདས་ལ་སྐོར་བ་བྱེད་བྱེད་པ་ལས་གླང་པོ་ཆེ་ས་སྲུང་གི་བུ་དེ་དག་ལས་བབས་ཏེ། ཡང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བཅོམ་ལྡན་བདེ་གཤེགས་སྲིད་པ་མཐར་འབྱིན་པ། སྲིད་པའི་བཅིངས་ལས་འགྲོ་བ་རྣམ་གྲོལ་མཛད། ཁྱོད་འདྲ་སྲིད་གསུམ་གང་ནའང་མ་མཆིས་ཏེ། ཁྱུ་མཆོག་ཁྱོད་ནི་གཟུགས་དང་མཚན་མཆོག་མངའ། མི་མཆོག་ཁྱོད་ཀྱིས་ས་ཆེན་འདི་སྟེང་དུ། གྲགས་པ་མཐའ་ཡས་མངའ་བས་ངོ་མཚར་བསྟན། འགྱུར་བགྱིད་ཆོས་ནི་གང་ཡང་མ་མཆིས་ལ། དགེ་བའི་ཚོགས་ལ་འགྲོ་བ་རབ་ཏུ་བཀོད། །བདེ་གཤེགས་འགྱུར་བ་མེད་པའི་དེ་བཞིན་ཉིད། བརྗེད་པ་ཙམ་སྟེ་གཞན་ནི་ཅི་མ་མཆིས། ཐ་སྙད་གདགས་དང་ཐ་སྙད་འདོགས་མ་མཆིས། འོན་ཀྱང་བདེ་གཤེགས་ཁྱོད་ནི་འགྲོ་བ་སྦྱོང ། །བདེ་བར་གཤེགས་པས་སོང་མེད་འོང་མེད་དང ། གནས་མེད་རང་བཞིན་གྱིས་ནི་སྟོང་པ་དང ། ཆོས་རྣམས་འདི་དག་རང་བཞིན་མེད་ཅེས་བསྟན། །རྒྱལ་བ་མཆོག་གིས་བྱ་བ་རྣམས་ཀྱང་བསྟན། ཆོས་རྣམས་ 81.55a གང་ཡང་བྱ་བ་བྱེད་མ་མཆིས། །འཇིག་རྟེན་གཙོ་བོས་བྱ་བ་འང་ཡོངས་སུ་བསྟན། །བདག་དང་གཞན་གྱི་ཡོན་ཏན་མི་དགོངས་ལ། །བཅོམ་ལྡན་འདས་ཀྱིས་བགྱི་བ་ཀུན་ཀྱང་བསྟན། །ཤིང་རྟའི་ཡན་ལག་རྣམ་པ་སྣ་ཚོགས་དག་།བདག་དང་གཞན་གྱི་ཡོན་ཏན་མི་སེམས་ཀྱང ། །ཤིང་རྟའི་བགྱི་བ་དག་ཀྱང་བགྱིད་པར་འགྱུར། །དེ་བཞིན་ཆོས་ཀུན་བདེ་བར་གཤེགས་པས་གསུངས། །ཆོས་ནི་ཆོས་ལ་ཡོངས་སུ་སྐུལ་མི་བགྱིད། །ཆོས་ནི་ཆོས་ལ་དྲན་པར་བགྱིད་མ་མཆིས། །ཆོས་རྣམས་ཆོས་ལ་ཉེ་བར་མི་རྟེན་ཏེ། །ཆོས་རྣམས་གང་ཡང་མ་སྐྱེས་འཆི་མ་མཆིས། །འགྲོ་བ་འདི་དག་ཀུན་རྫོབ་མངོན་པར་གསུངས། །ཀུན་རྫོབ་དེ་ཡང་དེ་ན་མ་མཆིས་ཏེ། །འགྲོ་བ་འདི་ཀུན་ཀུན་རྫོབ་ཇི་བཞིན་ཞེས། །ཚོགས་ཀྱི་སློབ་དཔོན་ཁྱོད་ཀྱིས་ཡོངས་དག་གསུངས། །མིག་གི་རང་བཞིན་གང་ན་འང་མ་མཆིས་ལ། །བདེ་བར་གཤེགས་པས་བྱ་བ་རྣམ་པར་གཞག་།ཆོས་ཚུལ་འདི་འདྲ་ཡོངས་སུ་བསྟན་པས་ན། །འཇིག་རྟེན་མཁས་པས་ཤིན་དུ་ངོ་མཚར་མཛད། །དེ་བཞིན་བདག་ཅག་བདེ་གཤེགས་ཉིད་གྱུར་ཏེ། །ནོར་པའི་འགྲོ་བ་བློ་གྲོས་སྟོར་བ་རྣམས། །ཆོས་ཀྱིས་ཆོས་ཀྱི་ཚུལ་ལ་གཟུང་བགྱིས་ཏེ། །ཞི་བའི་གོ་འཕང་འཆི་མེད་ཐོབ་པར་བགྱི། །རྣམ་པར་འདྲེན་པ་ཁྱོད་ནི་ཅི་འདྲ་བར། །འདྲེན་པ་བདེ་གཤེགས་གྲགས་པ་མཐའ་ཡས་པ། །ཐུགས་རྗེ་ལྡན་པ་ཕན་བཞེད་འཇིག་རྟེན་མཁས། བསོད་ནམས་བརྒྱ་ཡི་མཚན་དང་ལྡན་པར་ཤོག་།ཇི་ལྟར་བདེ་གཤེགས་ཁྱོད་བཞིན་བདག་ཅག་གིས། །ང་རྒྱལ་བསྒྲིབས་པའི་འགྲོ་བ་སྡུག་བསྔལ་བ། །འདོད་པའི་ཡོན་ཏན་རྒྱུན་གྱི་རྗེས་འགྲོ་བ། །མངོན་དགའ་སྡུག་བསྔལ་བརྒྱད་ལྡན་ཡོངས་སུ་དགྲོལ། །ཇི་ལྟར་བདེ་གཤེགས་ཁྱོད་བཞིན་བདག་ཅག་གིས། །འགྲོ་བ 81.55b སྡུག་བསྔལ་གནོད་པ་མྱོང་འགྱུར་ལ། །གཡོ་ཡི་ཞགས་པས་ཟིན་ཅིང་མུ་མ་མཐོང ། །ཡོངས་འཐོམ་སྤྲེའུ་ལྟར་རྒོད་པ་ཡོངས་སུ་དགྲོལ། །ཇི་ལྟར་བདེ་གཤེགས་ཁྱོད་བཞིན་བདག་ཅག་གིས། །འགྲོ་བ་མི་མཁས་མིག་དང་བྲལ་བ་ཡི། །ལྷ་ཚོགས་ཡོངས་སྐྱོ་གཉིད་ཀྱིས་ལོག་གྱུར་ཅིང ། །བདག་ཉིད་ལས་ཀྱི་འབྲས་བུ་ཆུད་གཟོན་དགྲོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་ཟ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་པོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །བདེ་གཤེགས་མཐའ་ཡས་གཟིགས་པས་འཛུམ་པ་མཛད། །འདྲེན་པ་རྒྱུ་མ་མཆིས་པར་མི་འཛུམ་ན། །བདེ་གཤེགས་འཛུམ་པའི་རྒྱུ་ནི་མྱུར་དུ་གསུངས། །ནེམ་ནུར་གནོད་གྱུར་རྣམས་ཀྱི་ཐེ་ཚོམ་སོལ། །བདེ་གཤེགས་ཁྱོད་ཀྱི་ཞལ་གྱི་འཛུམ་མཐོང་ནས། །སྐྱེ་བོ་འདི་དག་ཐེ་ཚོམ་རྙེད་པར་འགྱུར། །འཛུམ་བའི་དོན་ནི་དེ་དག་ཉན་པར་འཚལ། །ཐུབ་ཆེན་འགྲོ་བའི་ཐེ་ཚོམ་བསལ་དུ་གསོལ། །བདེ་བར་གཤེགས་ཀྱི་བསྟན་ལ་སུ་ཞིག་ཞུགས། །ཐེ་ཚོམ་བྲལ་ཞིང་སོམ་ཉི་བསལ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་གང་གི་བསམ་མཁྱེན་ནས། །མི་ཡི་མཆོག་གིས་འཛུམ་པ་བསྟན་པ་མཛད། །སུ་ཞིག་བདེ་གཤེགས་བཀའ་སྩལ་ཚུལ་བཞིན་དུ། །བློ་གྲོས་རྟོགས་པ་ཚུལ་བཞིན་གནས་པར་གྱུར། །གང་གིས་བློ་གྲོས་དྲན་རྟོགས་བློ་མཁྱེན་ནས། །བདེ་གཤེགས་འགྲོ་བའི་ནང་དུ་འཛུམ་པ་མཛད། །འགྲོ་བ་འདི་དག་བློ་གཞན་ཡོངས་བཏང་སྟེ། །བདེ་གཤེགས་འཛུམ་དོན་ཞལ་ནས་ཐོས་པར་དགའ། །སོར་བཅུ་ཐལ་སྦྱར་མགོ་ལ་བཞག་བགྱིས་ཤིང ། །དགའ་བའི་ཡིད་ཀྱིས་སྟོན་པའི་ཞལ་དུ་ལྟ། །ཉོན་མོངས་བྲལ་ཞིང་མྱང་ན་རབ་སྤངས་པ། ། 81.56a དགྱེས་པའི་ཐུགས་མངའ་ཐུབ་ཆེན་འཇིག་རྟེན་མིག་།འགྲོ་བའི་ཡིད་གཉིས་སོམ་ཉི་བསལ་དུ་གསོལ། །རྒྱལ་བ་ཐུགས་རྗེ་ལྡན་པས་འཛུམ་རྒྱུ་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །འགྲོ་བའི་དོན་དུ་འཛུམ་པ་ངས་མཛད་པ། །ཁྱོད་ཀྱིས་དོན་དྲིས་འཐུན་ཞིང་ལེགས་པ་སྟེ། །འཛུམ་པ་དེ་ཡི་དོན་ནི་ལུང་བསྟན་པས། །སྐྱེ་བོའི་ཚོགས་ཆེན་དོན་ནི་དེ་རིང་འཕེལ། །འཛུམ་མཛད་རྒྱུ་དེ་རྟ་ཐུལ་མཉན་པར་གྱིས། །རྣམ་པར་འདྲེན་པས་འཛུམ་པ་འདི་མཛད་པ། །དེ་ནི་མ་ལོག་པར་ཡང་ངས་བསྟན་ཀྱིས། །བསྟན་པ་དེ་ལ་དགའ་བའི་སེམས་ཀྱིས་ཉོན། །དྲི་ཟ་འདི་རྣམས་ཆོས་ཀྱི་རྗེས་སྙེགས་ཤིང ། །བདེ་བར་གཤེགས་ལ་མཆོད་པ་འདི་དག་བྱས། །ཆོས་ཉིད་བྱུང་བར་གྱུར་པ་མེད་པ་སྟེ། །ཆོས་ཉིད་ཟད་པར་འགྱུར་བ་འང་མེད་པ་ཡིན། །རྒྱལ་བ་རྣམ་རྟོག་སྒྱུ་མ་ལྟ་བུར་གནས། །རྟོག་པར་མི་བྱེད་དེ་དག་རྨོངས་པར་འགྱུར། །གང་གིས་ཆོས་གང་རྗེས་སུ་བརྗོད་བྱ་བ། །དེས་ནི་དེ་ཉིད་སྟོང་ཞེས་བདེ་གཤེགས་གསུངས་དེ་དག་ང་ཡི་ཚིག་དེ་རྟོགས་གྱུར་ནས། །རྟ་མེད་གླང་པོ་མཆོག་གིས་མཆོད་པ་བྱས། །བྱང་ཆུབ་རྒྱུ་མེད་འཆི་མེད་ཚོལ་བྱེད་ཅིང ། །དྲི་ཟའི་རྒྱལ་པོ་རྣམས་ཀྱིས་ང་མཆོད་དོ། །ནོར་བའི་འགྲོ་ལ་སྙིང་རྗེ་བསྐྱེད་ནས་ནི། །ཐམས་ཅད་མཁྱེན་པ་ཉིད་དུ་འདི་དག་མོས། །འདི་དག་ང་ལ་མཆོད་པ་འདི་བྱས་པས། །དྲི་ཟའི་རིས་བོར་དགའ་བའི་ཡིད་གྱུར་ཏེ། །བློ་གྲོས་བཟང་རྣམས་ལྷ་གནས་ལྷ་ཡུལ་པ། བརྒྱ་བྱིན་ལྷ་འདུས་པར་ནི་འགྲོ་བར་འགྱུར། །དེ་དག་སངས་རྒྱས་བདེ་གཤེགས་རྡུལ་མེད་པ། །བྱེ་བ་ཁྲག་ཁྲིག་མངལ་མཆོད་བྱེད་འགྱུར། །ཞིང་ནས་ཞིང་དུ་རྗེས་སུ་རྒྱུ་བྱེད་ཅིང ། །དེ་དག་ལ་ནི་མཁས་པ 81.56b ཆོས་ཀྱང་ཉན། །དེ་དག་བདེ་གཤེགས་སྤྱོད་པ་ཡོངས་སུ་སྦྱོང ། །དེ་དག་ཞིང་ཡང་རྟག་པར་ཡོངས་དག་འགྱུར། །རྒྱལ་བའི་གདུང་འཛིན་དེ་དག་སེམས་ཅན་ནི། །ཁྲག་ཁྲིག་མང་པོ་དག་ལ་བྱང་ཆུབ་སྟོན། །འགྲོ་བ་འདི་དག་རང་བཞིན་སྟོང་རིག་ནས། །བདེ་གཤེགས་འགྲོ་བ་དག་ལ་སྟོན་པར་འགྱུར། །རྒྱལ་བ་ཐམས་ཅད་མཁྱེན་ཅིང་ཀུན་གཟིགས་པ། །རྡུལ་མེད་བསྐལ་པ་ཁྲག་ཁྲིག་བཞུགས་པར་འགྱུར། །སངས་རྒྱས་མཚན་ནི་མཐའ་ཡས་རྟོགས་པ་སྟེ། །སངས་རྒྱས་རེ་རེ་ཁྲག་ཁྲིག་ཕྲག་མང་བའི། །བསྐལ་པ་རྣམས་སུ་རྡུལ་མེད་གནས་པར་འགྱུར། །ཐམས་ཅད་མཁྱེན་པའི་ལམ་འདི་རྗེས་སུ་སྟོན། །རྒྱལ་བ་ཐུབ་པ་ཉོན་མོངས་བཅོམ་པ་ཡིས། །དེ་ལྟར་དེ་ཚེ་དྲི་ཟས་མཆོད་ལུང་བསྟན། །རྟ་ཐུལ་གྱིས་ནི་འཛུམ་པའི་དོན་ཞུས་པ། །དྲི་ཟ་ལུང་བསྟན་པ་ནི་བཤད་པ་མཛད། །དྲི་ཟ་ལུང་བསྟན་ཡིད་དུ་འཐད་འགྱུར་བ། །དེ་ཐོས་ནས་ནི་འགྲོ་བ་ཐམས་ཅད་དགའ། །དེར་ནི་བདེ་བར་གཤེགས་ཀྱི་གསུང་ཐོས་ནས། །ཤཱཀྱ་ཐུབ་ལ་ཐམས་ཅད་སྐྱབས་སུ་དོད། །དྲི་ཟ་ལུང་བསྟན་པའི་ལེའུ་སྟེ་བཅུ་པའོ།། ་།། འཕགས་པ་ཡབ་དང་སྲས་མཇལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ལྔ་པ། དེ་ནས་གནོད་སྦྱིན་བྱེ་བ་ཕྲག་བརྒྱ་བཅུས་ལྷ་མ་ཡིན་རྣམས་ནས་དྲི་ཟའི་བར་དེ་དག་གི་མཆོད་པ་ཡང་མཐོང ། །ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། །རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་རྣམ་པ་ལ་རིམ་གྲོ་ཆེན་པོ་བསྐྱེད་དེ་ཆོས་ཉིད་ལ་འཇུག་པ་ཡང་ཐོས་པས་སྟོན་པའི་འདུ་ཤེས་སྐྱེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱང་བློ་ཟད་མི་ཤེས་པའི་འདུ་ཤེས་སྐྱེས་པར་གྱུར་ཏེ། དེ་དག་གི་བཅོམ་ལྡན་འདས་བློ་ཟད་མི་ཤེས་པ་ཞེས་བྱ་བར་རིག་ནས་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་སྐྱེས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་སྐྱེས་པར་གྱུར་ནས 81.57a བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། །ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །མངོན་ཤེས་སྟོབས་ནི་ཀུན་དུ་མཐའ་ཡས་ཏེ། །རྒྱ་མཚོ་ཆུ་འཛིན་པས་མ་འཚལ་དང་འདྲ། དེ་བས་མཚུངས་མེད་འཇིག་རྟེན་ཕན་མཛད་པ། །མི་ཡི་སེང་གེ་ཁྱོད་ལ་འདི་ལྟར་བསྟོད། །རི་རབ་སྲང་ལ་གཞལ་བར་ནུས་ཀྱང་གདའ། །གཟི་བརྗིད་ཆེན་པོ་ནམ་མཁའ་གཞལ་རུང་གདའ། །ཤེས་རབ་མཆོག་མངའ་བདེ་གཤེགས་ཡེ་ཤེས་སྟོབས། །ཚད་གཟུང་དཔག་པར་ནུས་པ་ཡོད་མ་མཆིས། །འགྲོ་བ་ཀུན་གྱི་བསམ་པ་ཐུགས་སུ་ཆུད། །སྐྱེ་བོ་དྲང་རུང་མི་རུང་གདུལ་མིན་པ། །དེ་དག་ལས་ཀྱི་རྣམ་པ་མངོན་པར་མཁྱེན། །དེ་བས་མཚུངས་མེད་ཀུན་དུ་མཐའ་ཡང་ཡས། །དེ་དག་ཅི་འདྲའི་ཁམས་ལ་བསྟེན་པ་དང ། །དེ་དག་སེམས་རྒྱུད་ཅི་འདྲར་འབྱུང་བ་དང ། །དེ་དག་མོས་པ་ཅི་འདྲ་མ་ལུས་མཁྱེན། །དེ་བས་མཚུངས་མེད་ཀུན་ཏུ་མཐའ་ཡང་ཡས། །འདོད་ཆགས་སྤྱོད་དང་དེ་བཞིན་ཞེ་སྡང་སྤྱོད། །མི་ཡི་གཏི་མུག་སྤྱོད་པ་དེ་བཞིན་མཁྱེན། །ཕྲག་དོག་རྣམ་པ་འང་དེ་བཞིན་མཁྱེན་པ་སྟེ། །དེ་བས་མཚུངས་མེད་ཀུན་དུ་མཐའ་ཡང་ཡས། །འགྲོ་བ་འདི་དག་ལམ་རྒྱུད་གར་འཁྱམས་པ། །དེ་དག་མཚུངས་མེད་ཁྱོད་ཀྱིས་རབ་ཏུ་མཁྱེན། །དེ་ལ་ཡེ་ཤེས་རྒྱུན་ཏུ་རབ་འབྱུང་བས། །དེ་བས་མཚུངས་མེད་ཀུན་ཏུ་མཐའ་ཡང་ཡས། །བདེ་བར་གཤེགས་པས་འགྲོ་ཀུན་རབ་ཏུ་གཟིགས། །ཆུད་ཟའི་ལམ་རྒྱུད་གང་དུ་འཁྱམས་གྱུར་ཅིང ། །བྱམས་པའི་སྟོབས་ལས་རབ་ཏུ་ཉམས་གྱུར་པ། །དེ་དག་མ་ལུས་ཁྱོད་ཀྱིས་རབ་ཏུ་གཟིགས། །འགྲོ་བ་རྣམས་ནི་ཇི་སྲིད་དུས་གནས་ཤིང ། །ཅི་འདྲའི་སྡུག་བསྔལ་དེ་དག་རེག་འགྱུར་དང ། །ལུས་ཀྱི་རྣམ་པ་ཅི་འདྲ་འཆད་པ་རྣམས། །དེ་དག་འདྲེན་པ་ཁྱོད་ཀྱིས་རབ་ཏུ་གཟིགས། །མི་ཡི་སེང་གེས་ལྟ་བ་ཅི་འདྲ་དང ། །གང་གིིས་སྡུག་བསྔལ་རྣམ་པ་འཐོབ་འགྱུར་བར། །གང་ལ་རྟེན་ཅིང་ལས་རྣམས 81.57b བགྱིེད་འགྱུར་བ། །དེ་དག་རྣམས་ཀྱང་འདྲེན་པས་རབ་ཏུ་གཟིགས། །དེ་དག་རྒྱལ་བའི་བསྟན་ལ་རབ་བྱུང་སྟེ། །རྣམ་པར་ཐར་བའི་སྒོ་ནི་གང་ཞིག་གིས། །ཅི་འདྲའི་ལམ་ལ་དེ་དག་བསྟེན་བགྱིས་ཤིང ། །ཅི་འདྲའི་ཞི་བ་འཐོབ་འགྱུར་ཁྱོད་ཀྱིས་མཁྱེན། །བྱིས་པ་གང་རྣམས་བདེ་གཤེགས་བསྟན་པ་ལ། །རབ་ཏུ་བྱུང་ཞིང་འཇིག་རྟེན་མཁས་པ་ཡིས། །བསྟན་པ་རབ་ཕྲ་ཇི་ལྟར་སྤོང་འགྱུར་བ། །དེ་དག་རྣམས་ཀྱང་འདྲེན་པས་རབ་ཏུ་གཟིགས། །འཇིག་རྟེན་ཕན་པའི་བསྟན་ལ་བརྙས་བགྱིས་པས། །དམྱལ་བ་ཆེན་པོར་ཇི་སྲིད་གནས་པ་དང ། །ཅི་འདྲའི་སྡུག་བསྔལ་དེ་དག་མྱོང་འགྱུར་བ། །དེ་དག་རྣམས་ཀྱང་འདྲེན་པས་རབ་ཏུ་གཟིགས། །གང་དག་རྒྱལ་བ་རྣམས་ལ་དང་བསྐྱེད་དེ། །རབ་ཏུ་བྱུང་ནས་རྒྱལ་བའི་བསྟན་འཛིན་ཅིང ། །ཆོས་ཀུན་སྟོང་པ་ཉིད་དུ་རབ་བརྟགས་ནས། །མཚན་མ་ཐམས་ཅད་རྣམ་པར་གཞིག་བགྱིས་ཤིང ། །འགྲོ་རྒྱུད་ཀུན་དུ་སྨོན་པ་རྣམ་སྤངས་ཏེ། །ལུས་འདི་སྒྱུ་མ་འདྲ་བར་རབ་བརྟགས་ནས། །ཕུང་པོ་བྲག་ཆ་འདྲ་བར་རྟོགས་གྱུར་ཏེ། །བྱང་ཆུབ་སེམས་ལྡན་དེ་དག་རབ་ཏུ་གཟིགས། །མགོན་པོ་ཁྱོད་ལ་བསྟོད་པའི་བསོད་ནམས་གང ། །མཚུངས་མེད་ཁྱོད་ཀྱིས་ཇི་ལྟར་ཐུགས་ཆུད་པ། །དེ་ཡིས་བླ་མེད་སངས་རྒྱས་འགྲུབ་པར་ཤོག་།འགྲོ་བ་ཀུན་ཀྱང་རང་བྱུང་ཐོབ་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གནོད་སྦྱིན་བྱེ་བ་ཕྲག་བརྒྱད་ཅུ་པོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །མི་ཡི་སེང་གེས་འཛུམ་པ་འདི་མཛད་པ། །མི་ཡི་ཟླ་བ་རང་བྱུང་གྱུར་པ་ནི། །རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། །འཛུམ་པ་དེ་ཡི་རྒྱུ་ནི་བཀའ་སྩལ་གསོལ། །སྟོན་པའི་ཞལ་ནས་འཛུམ་པ་དེ་མཐོང་ནས། །བཅོམ་ལྡན་འཇིག་རྟེན་འདི་དག་ཐེ་ཚོམ་འཚལ 81.58a མགོན་པོས་དེ་དག་ཐེ་ཚོམ་བསལ་དུ་གསོལ། །འཇིག་རྟེན་འདི་དག་དགའ་བའི་ཡིད་དུ་འགྱུར། །དེ་རིང་སུ་ཞིག་རྒྱལ་ལ་དང་བ་སྐྱེད། །གང་གིས་ཆོས་རྒྱ་ཆེན་པོ་རྣམ་པར་རྟོགས། །གང་གིས་སེམས་ནི་མི་སྒུལ་གནས་པར་འགྱུར། །དེ་དག་རྒྱལ་བས་འགྲོ་བ་བསྟན་དུ་གསོལ། །དེ་རིང་འཁོར་རྣམས་ཐེ་ཚོམ་ཆེ་འཚལ་ཞིང ། །ཀུན་ཀྱང་རྒྱལ་བའི་ཞལ་དུ་ལྟ་ཞིང་སྡོང ། །ཅི་ནས་ཐེ་ཚོམ་མ་མཆིས་ཀུན་འགྱུར་པ། །དེ་ལྟར་དཔའ་བོས་ཐེ་ཚོམ་བསལ་དུ་གསོལ། །དེ་རིང་འདི་ནི་གང་གི་རྣམ་འཕྲུལ་ལགས། །གང་གིས་བརྩོན་འགྲུས་བཟང་པོ་འདིར་བསྟན་ལགས། །གང་ཞིག་ཁྱོད་དང་འདིར་མཇལ་དོན་མཆིས་གྱུར། །དེ་ནི་ལེགས་པར་འགྲོ་ལ་བཀའ་སྩལ་གསོལ། །རྒྱལ་བ་འགྲོ་བ་དག་ལ་ཕན་བཞེད་པ། །ཐེ་ཚོམ་འཚལ་བའི་ཡིད་གཉིས་ལེགས་བསལ་གསོལ། །དེ་ཐོས་ལྷ་དང་བཅས་པའི་འཇིག་རྟེན་རྣམས། དགའ་ཞིང་མགུ་བ་དག་ཀྱང་འཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །རྟ་ཐུལ་ཁྱོད་ཀྱིས་དྲི་བ་ལེགས་པར་དྲིས། །དེ་རིང་འགྲོ་བ་དག་གི་དོན་ཆེན་བྱས། །རང་བྱུང་འཛུམ་མཛད་རྒྱུ་ནི་དྲིས་པས་ན། །སྟོན་པའི་དགོངས་པའང་ཁྱོད་ཀྱིས་ལེགས་པར་མཐོང ། །དེ་དག་ལུང་བསྟན་མ་ལུས་བསྟན་པར་བྱས། །གནོད་སྦྱིན་ཚོགས་ཀྱི་ཡིད་ནི་གཟིགས་གྱུར་ནས། །འགྲོ་ལ་ཕན་པའི་དོན་དུ་འཛུམ་མཛད་པ། །དད་པའི་ཡིད་ཀྱིས་རྟ་ཐུལ་མཉན་པར་གྱིས། །རྒྱལ་བའི་བྱང་ཆུབ་ཞི་བ་ཤེས་གྱུར་ནས། །གནོད་སྦྱིན་ཚོགས་ཀྱིས་མོས་པའི་སེམས་བསྐྱེད་དེ། །འབྱུང་པོའི་ཚོགས་དབུས་སངས་རྒྱས་བསྟོད་བྱས་ནས། །རང་བྱུང་དམ་པ་མཆོག་ཏུ་ཡིད་ཀྱང་བཏང ། །ཆོས་རྣམས་སྟོང་པ་ཉིད་དུ་ཤེས་བྱ་དང ། །མཚན་མ་ཐམས་ཅད་རྣམ་པར་གཞིག་པའི་ཕྱིར། །འགྲོ་བ་ཀུན་དུ་སྨོན་པ་རྣམས་སྤངས་ཤིང ། །བྱང་ཆུབ་མཆོག་ཏུ་དེ་དག་ཡིད་ཀྱང་བཏང ། ། 81.58b རྣལ་འབྱོར་སྟོབས་ཀྱིས་ཕུང་པོ་རྣམ་ཤིག་ཅིང ། །ཀུན་རྫོབ་ཙམ་དུ་རིག་ནས་མི་ཆགས་ཏེ། །སྲིད་པ་ཀུན་དུ་ཆུ་ལ་པད་མོ་བཞིན། །བྱང་ཆུབ་མཆོག་ཏུ་དེ་དག་ཡིད་ཀྱང་བཏང ། །དེ་དག་སྲིད་པ་གང་དུ་ཆགས་འགྱུར་པ། །སྟོང་པར་བཤིག་སྟེ་ཐམས་ཅད་ལེགས་རྟོགས་པ། །དེ་ཉིད་རྒྱལ་བའི་བླ་མེད་བྱང་ཆུབ་སྟེ། །བྱང་ཆུབ་ཕྱིར་ནི་དབེན་པའི་བརཏལ་ཞུགས་ཤེས། །སྐྱེ་དང་རྒ་ཤི་ཡོང་གིས་སྟོང་པ་སྟེ། །དེ་ནི་རྒྱལ་བའི་བླ་མེད་བྱང་ཆུབ་ཡིན། །དངོས་པོའི་རང་བཞིན་སྟོང་པར་ཤེས་གྱུར་ནས། །ཞི་བ་བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །ཕུང་པོའི་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་མིན། །ཡེ་ཤེས་རང་བཞིན་སྟོང་པར་རིག་གྱུར་ཏེ། །ཤེས་བྱའི་རང་བཞིན་སྟོང་པར་རིག་གྱུར་ནས། །ཤེས་པ་པོ་དང་འདྲ་བར་རྟོགས་གྱུར་ནས། །བྱང་ཆུབ་ལམ་ལ་དེ་དག་སྤྱོད་ཅེས་བྱ། །སྟོང་པའི་རང་བཞིན་སྟོང་པར་ཤེས་པར་བྱ། །མཚན་མ་མེད་པའང་རང་བཞིན་ཉིད་ཀྱིས་སྟོན། །སྨོན་པ་མེད་པའང་རང་བཞིན་སྟོང་པ་སྟེ། །དེ་ལྟར་སྤྱོད་ན་གཞིན་མིན་སྤྱོད་པ་ཡིན། །དེ་ཐོས་ལྷ་དང་བཅས་པའི་འཇིག་རྟེན་རྣམས། །དགའ་ཞིང་དེ་དག་སྟོབས་དང་ལྡན་པར་གྱུར། །རང་བྱུང་ཆོས་ལ་དེ་དག་ཡིད་ཆེས་ཏེ། །ཞི་བའི་གནས་ཤེས་བྱང་ཆུབ་ཡིད་ལྡན་གྱུར། །གནོད་སྦྱིན་ཚོགས་རྣམས་དེད་མོས་ཡིད་གྱུར་ཏེ། །འདི་ལྟར་ང་ལ་མཆོད་པ་རབ་བྱས་པས། །གནོད་སྦྱིན་རྒྱུ་ནས་ཤི་འཕོས་བློ་ཆེན་རྣམས། །མཐོ་རིས་དོང་ཞིང་ཡུན་རིང་དགའ་བར་འགྱུར། །དེ་དག་མ་འོངས་དུས་ན་རྫུ་འཕྲུལ་གྱིས། །ཞིང་དུ་དོད་ཞིང་སྐད་ཅིག་གཅིག་ལ་ཡང ། །བློ་ཆེན་དེ་དག་རྒྱལ་བ་བྱེ་བ་མཆོད། །དེ་དག་གཟོད་མཁྱེན་རྒྱལ་བ་གདམས་ངག་སྟོན། །དེ་དག་འཇིག་རྟེན་ཕྱོགས་བཅུར་རྫུ་འཕྲུལ་གྱིས། །མཚན་མ་མེད་པར 81.59a སྤྱོད་ཅིང་འདོང་འགྱུར་ཏེ། །འཇིག་རྟེན་འདི་དག་སྤྲུལ་པ་འདྲར་ཤེས་ནས། །འཇིག་རྟེན་ཆགས་མེད་མཁས་པ་སྤྱད་པ་སྤྱོད། །དེ་ལྟར་བརྟན་པས་རྒྱལ་བ་རབ་མཆོད་ནས། །བྱང་ཆུབ་བླ་མེད་དེ་ཡང་ཐོབ་འགྱུར་ཏེ། །དེ་དག་རྣམས་ཀྱི་ཞིང་ནི་མཐའ་ཡས་འགྱུར། །སེམས་ཅན་མཐའ་ཡས་པ་དག་རྣམ་པར་འགྲེལ། །སངས་རྒྱས་མཁྱེན་པ་མཐའ་ཡས་གྲགས་པ་ཅན། །དེ་དག་མིང་ནི་འཇིག་རྟེན་མཁས་ཤེས་བྱ། །ཞི་བའི་བློ་ལྡན་རྒྱལ་བ་དེ་དག་གི་།ཚེ་ཚད་བསྐལ་པ་སྟོང་ནི་ཚང་བར་འགྱུར། །དེ་དག་ཉན་ཐོས་དགེ་འདུན་འགྱུར་བ་ནི། །རྒྱལ་སྲས་མང་པོ་སྐར་མའི་ཚོགས་སྙེད་དེ། །ཀུན་ཀྱང་བདེ་བས་བསམ་པ་ཐོབ་པར་འགྱུར། །འཇིག་རྟེན་མཁས་པ་རྣམས་ལ་སྡུག་བསྔལ་མེད། །དེ་སྐད་ཐོས་ནས་ལྷར་བཅས་འཇིག་རྟེན་དག་།རབ་ཏུ་དགའ་བའི་སེམས་ཀྱིས་བྱང་ཆུབ་ཚོལ། །ངོམས་པར་གྱུར་ནས་བརྩོན་འགྲུས་བརྟན་པར་\ུ0f9མས་ཏེ། །ཀུན་ཀྱང་བརྩོན་འགྲུས་སྟོབས་ཀྱིས་བརྟན་པར་གྱུར། །གནོད་སྦྱིན་ལུང་བསྟན་པའི་ལེའུ་སྟེ། །བཅུ་གཅིག་པའོ།། ་།། དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ་མི་འམ་ཅི་བྱེ་བ་ཕྲག་བརྒྱད་ཀྱིས་ལྷ་མ་ཡིན་གྱི་མཆོད་པ་དེ་དག་དང ། །གནོད་སྦྱིན་གྱིས་མཆོད་པའི་བར་དག་ཀྱང་མཐོང ། །ལུང་བསྟན་པ་ཡང་ཐོས་ནས་ཤིན་དུ་ངོ་མཚར་ཐོབ་པར་འགྱུར་ཏེ། ཁྱོད་འདི་ལྟར་སེམས་ཅན་ཡང་མི་དམྱིགས་ལ་སྲོག་དང ། སྐྱེ་བ་པོ་དང ། ཤིང་ལས་སྐྱེས་དང ། ཤེད་བུ་དང ། གང་ཟག་དང ། བདག་དང ། བདག་གི་ཡང་གང་ཡང་མེད་ལ་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་གང་ལ་སེམས་ཅན་ཞེས་གདགས་པའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་དེ་དག་ཀྱང་མི་དམིགས་ལས་གང་ཡོད་པས་རྣམ་པར་སྨིན་པ་གདགས་པར་བྱ་བའི་ལས་དེ་ཡང་མི་དམྱིགས། བྱང་ཆུབ་ཀྱང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། །སངས་རྒྱས་ཀྱང་མི་དམིགས། །འོན་ཀྱང་བཅོམ་ལྡན 81.59b འདས་ཀྱིས་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་མཛད་པ་འདི་ནི་ངོ་མཚར་རྨད་དོ། །ཅི་ཞིག་ལས་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པ་མཛད། །ཅི་ཞིག་ལས་དགོངས་ཏེ་བྱང་ཆུབ་སེམས་དཔས་ཡང་དག་པར་བསྒྲུབ་པ་དང ། སངས་རྒྱས་ཀྱི་ཆེ་བ་ཉིད་དང ། སེམས་ཅན་ཡོངས་སུ་སྨིན་པ་དང ། ཞིང་གི་བཀོད་པ་དང ། དེར་སྐྱེ་ཞིང་ཡོངས་སུ་དག་པ་དང ། བྱང་ཆུབ་སེམས་དཔའ་རྣམས་ཞིང་ནས་ཞིང་དུ་འདོང་པ་དང ། དེ་བཞིན་གཤེགས་པ་མཆོད་པ་དང ། མཆོད་པ་དེའི་མཐུ་དང ། སེམས་ཅན་རྣམ་པར་དགོད་པ་དང ། བསྐལ་པ་འདི་སྙེད་ཅིག་གིས་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་དང ། བསྐལ་པ་འདི་སྙེད་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པར་འགྱུར་རོ་ཞེས་བྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་དག་གིས་ཉན་ཐོས་འདུས་པ་ནི་འདི་སྙེད་ཅིག་ཏུ་འགྱུར་རོ་ཞེས་བྱ་བ་དང ། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པ་འདི་སྙེད་ཅིག་ཏུ་གནས་པར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་ལུང་བསྟན་པ་མཛད། ཅི་ཞིག་ལས་དགོངས་ཏེ་སེམས་ཅན་རྣམས་ཉེ་བར་ལེན་པ་མེད་པས་མྱ་ངན་འདའ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པ་མཛད་སྙམ་སྟེ། དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་དེ་ལྟ་བུའི་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྒྱལ་བའི་གསུང་ནི་ཐོས་གྱུར་ནས། །ཤེས་རབ་ཆེ་མངའ་བདག་དོགས་སྐྱེས། །སྟོང་པ་ཉིད་དང་ལུང་བསྟན་པ། །བདེ་གཤེགས་བདག་གིས་དེ་མ་འཚལ། །གསུང་བའི་ཟླ་བ་ཆོས་ཀྱི་དབྱིངས། །འགྱུར་མ་མཆིས་ལ་སྟོང་པ་དང ། །རང་བཞིན་མེད་གསུང་ཇི 81.60a ལྟ་བུ། ་་།མཆོད་པ་འདི་ཅི་གང་ཟག་མཆོག་།སྐྱེ་བ་འང་མ་མཆིས་བྱང་ཆུབ་ཏུ། །སེམས་བསྐྱེད་པ་ནི་ཇི་ལྟ་བུ། །སྐྱེས་བུ་མཆོག་གིས་བཀའ་སྩལ་པའི། །ལྡེམ་པོ་གང་དེ་བདག་མ་འཆལ། །མི་དབང་བདག་པོ་ཇི་ལྟར་ན། །འགག་པ་མ་མཆིས་འཆི་འཕོ་གསུང ། །དེ་ནི་ཡང་དག་ལུང་བསྟན་པས། །ཐུབ་པ་བདག་གི་ཐེ་ཚོམ་ཁུམ། །སྒྱུ་མ་འདྲ་ལ་ལྷར་སྐྱེ་ཞེས། །གསུངས་པ་དེ་ནི་ཇི་ལྟ་བུ། །ལྡེམ་པོར་གསུངས་པ་འདི་དག་ཀྱང ། །ཤཱཀྱ་སེང་གེ་བདག་མ་འཚལ། །གནས་པ་འང་མཆིས་པ་མ་ལགས་ལ། །དགེ་བཤེས་བསྟེན་གསུང་ཇི་ལྟ་བུ། །ལྡེམ་པོར་གསུངས་པ་འདི་དག་ཀྱང ། །སྐྱེས་བུ་ཁྱུ་མཆོག་བདག་མ་འཚལ། །གཡོ་བ་འང་མ་མཆིས་བགྱི་བ་རྣམས། །རྐང་གཉིས་མཆོག་གསུང་ཇི་ལྟ་བུ། །ལྡེམ་པོར་གསུངས་པ་འདི་དག་ཀྱང ། །དགྲ་བསལ་བཅོམ་ལྡན་བདག་མ་འཚལ། །རང་བཞིན་སྟོང་སྟེ་སྟོང་པ་ཡང ། །རྟོགས་ཤེས་མགོན་གསུང་ཇི་ལྟ་བུ། །ཐེ་ཚོམ་རྣམ་པ་འདི་འདྲ་སྐྱེས། །ཤེས་རབ་དཔེ་མེད་བདག་མ་འཚལ། །ཞི་བ་ཡོད་ཅེས་བཀའ་སྩལ་པ། །ཆོས་ཀུན་ཉིད་གསུངས་ཇི་ལྟ་བུ། །མཚུངས་མེད་འདི་འདྲའི་ལྡེམ་པོ་དག་།བདག་ལ་རྣམ་པར་བསྟན་དུ་གསོལ། །སྐུ་མཛེས་གྱུར་ཀྱང་ཆོས་ཀྱི་རྣམས། །ནམ་མཁའ་འདྲར་གསུངས་ཇི་ལྟ་བུ། །ཆོས་ནི་རབ་ཏུ་སྤང་བགྱིས་ན། །མི་མཁས་དམྱལ་ལྟུང་ཇི་ལྟ་བུ། །བརྟན་པ་མཐོ་རིས་འཇིག་རྟེན་དང ། །འགྲོ་བ་གཞན་ཡང་གསུངས་པ་དང ། །ལས་དེ་བགྱིད་པ་མ་མཆིས་ལ། །རང་ལས་ཅན་གསུང་ཇི་ལྟ་བུ། །བཀའ་སྩལ་ཚུལ་འདི་རྣམ་པ་ཡང ། །ཟིལ་གྱིས་མི་ནོན་བདག་མ་འཚལ། །མགོན་པོ་དེ་ལ་བདག་དོགས་ན། །བདེ་གཤེགས་བདག་གི་ཐེ་ཚོམ་སོལ། །དགེ་བའི་ཚོགས་གྱུར་མ་མཆིས་ལ། །བྱང་ཆུབ་ཡང་དག་བསྒྲུབ་པའང་གསུངས། །དགེ་སྦྱོང་རྒྱལ་པོའི་གསུང་གི་ཚུལ། །དེ་སྐད་བཀའ་སྩལ་བདག་མ་འཚལ། ། 81.60b ཆོས་རྣམས་ཟད་པ་མེད་གསུངས་ལ། །སྤོང་བྱེད་ལས་ནི་ཟད་བསྟན་པ། །ཚད་མེད་བློ་མངའ་འདི་ལ་ཡང ། །བདག་ནི་ཡིད་གཉིས་ཐེ་ཚོམ་འཚལ། །ཡང་དག་མཐའ་ཡང་བཀའ་སྩལ་པ། །མ་ནོར་སྦྱིན་པའང་བསྟན་མཛད་པ། །འདི་ཡང་རབ་རིབ་བྲལ་བ་ཡི། །སྤྱན་མངའ་སྡིག་སྤངས་བསྟན་དུ་གསོལ། །ཐམས་ཅད་གཟིགས་པ་མ་གཏོགས་པར། །གཞན་གྱིས་བདག་གི་ཐེ་ཚོམ་འདི། །སེལ་ནུས་མ་མཆིས་དེ་ལྟ་བས། །བདག་ནི་རྒྱལ་བ་མཆོག་ལ་དད། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཐེ་ཚོམ་དྲིས་པ་འདི་དག་གསན་ནས་དེ་ལ་ལན་གདབ་པའི་ཕྱིར་མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །སྟོང་པ་ཉིད་དང་ལུང་བསྟན་པ། །བདག་གིས་མ་འཚལ་ཅེས་སྨྲས་པ། །གལ་ཏེ་འགའ་ཞིག་མི་སྟོང་ན། །རྒྱལ་བས་དེ་ལུང་བསྟན་མི་གསུང ། །ཅི་ཕྱིར་ཞེ་ན་འདི་ལྟ་བུར། །རང་གི་རང་བཞིན་གནས་གྱུར་ན། །འགྱུར་བ་མེད་ཅིང་ཐེར་ཟུག་སྟེ། །དེ་ལ་འཕེལ་མེད་འགྲིབ་པ་མེད། །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཆོས་ཀྱི་དབྱིངས་ནི་འགྱུར་མེད་ན། །མཆོད་པའི་ཡན་ལག་འགྱུར་གང་ཞེས། །ཡན་ལག་རྣམས་ལ་བརྟག་བྱོས་ལ། །ལྗོན་པ་མཆོད་པ་འདི་ལ་དཔྱོད། །ཆོས་དབྱིངས་རྣམ་པ་ཐམས་ཅད་དུ། །འགྱུར་མང་སྐྱེ་བོ་མཁས་པས་རྟོགས། །བྱིས་པ་རྣམས་ནི་འདི་ལ་འཁྲུལ། །བློ་སྦྱངས་པས་ནི་མེད་པར་ཤེས། །སྐྱེ་བ་འང་མ་མཆིས་སེམས་ཀྱང་བསྐྱེད། །དེ་ནི་མ་འཚལ་ཅེས་སྨྲས་པ། །སྟོབས་བཅུ་མངའ་བའི་ལྡེམ་པོ་དག་།གཞན་དུ་མ་སེམས་མཉན་པར་གྱིས། །བྱིས་པ་འཁོར་བར་དགའ་བའི་རྣམས། །འཁོར་བར་མངོན་དགའ་སེམས་ཞེན་པ། །ལོགས་པའི་སེམས་དང་འདུ་ཤེས་ཅན། ། 81.61a འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར། །དེ་དག་སྔོན་ཅད་མ་ཐོས་པའི། །སེམས་མེད་ཆོས་ནི་ངས་བཤད་ན། །བྱིས་པའི་བློ་དང་ལྡན་པ་རྣམས། །འདི་ལ་ཀུན་དུ་རྨོངས་པར་འགྱུར། །བྱང་ཆུབ་གཞོལ་བའི་སེམས་ཉིད་དང ། །བྱང་ཆུབ་ཕན་ཡོན་ཐོས་གྱུར་ནས། །ཟིལ་གྱིས་མ་ནོན་རང་བྱུང་སེམས། །རྒྱ་ཆེན་དེ་ནི་ཐོབ་པར་འགྱུར། །འགག་པ་མ་མཆིས་འཆི་འཕོ་བ། །དེ་ཡང་མ་འཚལ་ཅེས་སྨྲས་པ། །འཆི་འཕོ་ཡང་དག་ལུང་བསྟན་གྱིས། །གཞན་དུ་མ་སེམས་མཉན་པར་གྱིས། །གང་དག་རྟག་འཛིན་དེ་དག་ལ། །འདི་ལ་མི་འགྱུར་ཐེར་ཟུག་མེད། །དངོས་པོ་འདི་དག་མི་རྟག་ཅེས ། །བདེ་གཤེགས་འཆི་འཕོ་རྣམ་པར་སྟོན། །སྒྱུ་མ་འདྲ་ལ་ལྷར་སྐྱེ་བ། །ཇི་ལྟ་བུ་ཞེ་དགོས་གྱུར་པ། །མཐར་ཕྱིན་མ་གྱུར་སློབ་པ་དང ། །སྐྱེ་བོ་རྣམས་ལ་མཐོ་རིས་བཤད། །གནས་པའང་ཡོད་པ་མ་ཡིན་ལ། །དགེ་བཤེས་བསྟེན་ཅེས་གང་སྨྲས་པ། །གནས་དང་བྲལ་པའི་བྱ་བའི་ཕྱིར། །གནས་པ་མེད་པའི་དགེ་བཤེས་བསྟེན། །གཡོ་བ་མ་མཆིས་བགྱི་བ་རྣམས། །བསྟན་པ་མ་འཚལ་ཞེས་སྨྲས་པ། །ཤིང་རྟའི་ཡན་ལག་འདུས་པ་དང ། །ཤིང་རྟའི་བྱ་བ་གཞན་དུ་རྟོགས། །མི་གང་བདག་ཡོད་ཁས་ལེན་ཅིང ། །བྱ་བའང་བདག་གིས་བྱས་ཟིན་པ། །དེ་དག་ལ་ནི་བྱ་བ་དང ། །གཡོ་བ་མེད་པར་བདེ་གཤེགས་བཤད། །རང་བཞིན་སྟོང་སྟེ་སྟོང་པ་ཡང ། །རྟོགས་ཤེས་ང་ཡིས་གང་སྨྲས་པ། །བྱིས་པ་ལོག་པའི་བློ་ཅན་རྣམས། །རང་བཞིན་སྟོང་པར་མི་ཤེས་པ། །དེ་དག་རྣམས་ལ་བསྟན་པའི་ཕྱིར། །རང་བཞིན་སྟོང་ཞེས་བདེ་གཤེགས་སྟོན། །ཀུན་དུ་རྟོག་པའི་རྟོག་པས་བསྐྱེད། །ཡང་དག་མ་ཡིན་རྟོག་པས་བཅིངས། །ཞི་བ་ཡོད་ཅིང་ཆོས་ཀུན་ཀྱང ། །ཞི་བར་མཐོང་ཞེས་སྨྲས་པ་ནི། །མི་ཤེས་རྨོངས་པར་གྱུར་རྣམས་ཀྱིས། །ཀུན་དུ་རྟོག་ལས་སྲེད་པ་སྟེ། །སྐོམ་པས་ཇི་ལྟར་སྨིག་རྒྱུ་ལ། ། 81.61b ཀུན་རྟོག་པས་སྐོམ་པ་སྐྱེ། །མི་མཁས་དེས་ནི་རྟོག་པའི་རྒྱུ། །ཡོད་པ་མིན་ལ་ལོག་པར་བརྟགས། །ཆུ་ཡིན་པར་ནི་མཐོང་གྱུར་ཀྱང ། །སྨིག་རྒྱུ་ལ་ནི་ཆུ་མེད་དོ། །དེ་བཞིན་ཡོངས་སུ་རྟོག་པས་བཀྲུགས། །སྡུག་པ་མིན་ལ་སྡུག་པར་རྟོག་།བྱིས་པ་འདོད་ཆགས་ལྡན་པ་དག་།སྡུག་དང་ལྡན་པ་རང་བཞིན་གྱིས། །སྡུག་མེད་སྨིག་རྒྱུ་ཆུ་བཞིན་ཏེ། །སྨིག་རྒྱུ་ལ་ནི་ཆུ་མེད་དོ། །དེ་བཞིན་གཟུགས་ལ་སྡུག་པ་མེད། །གཟུགས་མེད་སྡུག་པ་མ་ཡིན་ན། །བྱིས་པ་ལོག་པའི་འདུ་ཤེས་ཅན། །སྡུག་པར་རྟོག་པས་བཅིངས་པར་འགྱུར། །ཆོས་རྣམས་ནམ་མཁའ་འདྲ་བ་དང ། །སྤོང་བ་དམྱལ་ལྟུང་ཞེས་སྨྲས་པ། །མེད་པ་མཐོང་བར་མ་གྱུར་པ། །མི་མཁས་རྣམས་ནི་སྐྲག་པར་འགྱུར། །རང་བཞིན་ངོ་བོ་ཉིད་སྟོང་ན། །བདག་ཞེན་དུས་ནི་མི་ཤེས་པ། །དེ་དག་སྟོང་ཞེས་ཐོས་གྱུར་ནས། །བདག་མེད་འགྱུར་ཞེས་སྐྲག་པ་སྐྱེ། །དེ་དག་བདག་ཏུ་མངོན་ཞེན་ཏེ། །ནམ་མཁའ་ལ་ནི་མདུད་བོར་ནས། །སྟོང་པ་གྱ་ནོམ་སྤོང་བྱེད་དེ། །མི་མཁས་སེམས་དམྱལ་ཆེན་པོར་ལྟུང ། །མཐོ་རིས་འཇིག་རྟེན་ངས་བསྟན་དང ། །སྐྱེ་བོའི་འགྲོ་རྒྱུད་གཞན་དག་དང ། །ལས་ཀྱང་ངས་ནི་བསྟན་བྱས་ཏེ། བྱེད་པ་པོ་ནི་རབ་ཏུ་བཀྲག་།ཡང་དག་ཏུ་ནི་འགྲོ་བ་དག་།རྨི་འདྲར་བཤད་པ་ཤེས་པར་གྱིས། །རྨི་ལམ་གང་ལའང་དངོས་པོ་མེད། །ལོག་པའི་བློ་ལྡན་མངོན་པར་ཞེན། །ངས་ནི་ལས་ཀྱི་རྣམ་པ་བསྟན། །བྱེད་པོ་ཕྱོགས་བཅུ་རྣམས་ན་མེད། །ཤིང་རྣམས་རླུང་གིས་བསྒུལ་པ་ལས། །མེ་འབྱུང་འགྱུར་བ་ཇི་བཞིན་ནོ། །བདག་ཅག་མེ་འདི་བསྐྱེད་བྱ་ཞེས། །རླུང་དང་ཤིང་ལ་སེམས་པ་མེད། །ལོན་ཀྱང་མེ་ནི་འབྱུང་བ་ལྟར། །ལག་ཀྱི་བྱེད་པོ་དེ་བཞིན་ནོ། །བསོད་ནམས་ཚོགས་ནི་ཡོད་མིན་ལ། །བྱང་ཆུབ་ཡང་དག་བསྒྲུབ་པ་དང ། །ལེགས་སྤྱད་ཡོད་ཅེས་ཟེར་བ་ནི། །དེ་ཚུལ་ཡང་དག་མཉན་པར་བྱོས། །མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱི། ། 81.62a ལོ་ལ་ཕུང་པོར་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་སྨྲས་པ། །ལས་ཟད་ཅེས་ནི་ངས་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟད་པར་བསྟན། །ཡང་དག་མཐའ་ནི་ངས་བཤད་པ། །ཕྱིན་ཅི་ལོག་དེའང་ཡང་དག་མཐའ། །ལོག་པའི་བློ་ཅན་བྱིས་པ་རྣམས། །ཡང་དག་མཐའ་ནི་མི་ཤེས་སོ། །མཚན་ཉིད་ཐམས་ཅད་གཅིག་ཉིད་དེ། །མཚན་ཉིད་མེད་པར་ཤེས་པ་ཡི། །ཡེ་ཤེས་ལམ་དུ་ཞུགས་རྣམས་ཀྱི། །ངེས་པ་ལྗོན་པ་ཁྱོད་ཉོན་ཅིག་།ཡི་གེ་གཅིག་གིས་འཇུག་པ་ཡི། །བྱང་ཆུབ་བློ་ལྡན་རྣམས་ལ་བསྟན། །ཆོས་རྣམས་ཐམས་ཅད་མ་བྱས་པ། ། ཡི་སྒོ་ཡི་གཟུངས་སུ་བསྟན། །དེ་ལྟར་སྤྱོད་པ་བྱེད་རྣམས་ལ། །མཚན་ཉིད་མཐའ་ཡས་ངས་བསྟན་ཏེ། །འདི་འདྲའི་ཚུལ་ལ་འཇུག་པ་ནི། ། ཡི་སྒོ་ཡི་གཟུངས་སུ་བསྟན། །ཆོས་རྣམས་ཐམས་ཅད་འགག་མེད་པ། ། ཡིས་ཆོས་ལ་འཇུག་པར་བསྟན། ། ཡི་སྒོ་ཡི་གཟུངས་བསྟན་པ། །དེ་ཡང་ལྗོན་པས་ཤེས་པར་གྱིས། །ཆོས་རྣམས་རྣམ་པར་རྟོག་མེད་པ། །དེ་ཡང་ཆོས་ལ་འཇུག་པར་གསུངས། །ཆོས་ཀུན་འགྱུར་བ་མེད་པ་ཡང ། ། ནི་ཆོས་ཀུན་སྒོ་མོར་བསྟན། ། ཡི་སྒོ་ཡི་གཟུངས་འདི་དག་།ལྗོན་པ་འདི་ལྟར་ཤེས་པར་གྱིས། །མི་ཟད་པ་དང་ཟད་སྨྲས་པ། །ཆོས་ཀུན་མི་ཟད་བརྗོད་བྱ་སྟེ། །སྟོབས་བཅུ་མངའ་བ་ཐམས་ཅད་ཀྱིས། །མི་ཟད་སྒོ་ཡི་གཟུངས་སུ་བསྟན། །ཆོས་རྣམས་ཀུན་ལ་སྒོ་མེད་དེ། །དེ་དག་མེད་པས་སྒོ་མི་འབྱུང ། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། ། ལ་བརྟེན་ནས་འཇུག་པར་བྱ། །ཆོས་ཀུན་བསམ་གྱིས་མི་ཁྱབ་ཅེས། །ཡང་དག་ཇི་བཞིན་བདེ་གཤེགས་བསྟན། ། ཡི་སྒོ་ཡི་གཟུངས་བསྟན་པ། །འདི་ཡང་ལྗོན་པས་ཤེས་པར་གྱིས། །ཆོས་ཀུན་ལུས་མེད་བྱང་ཆུབ་ཅེས། །བློ་ལྡན་རྣམས་ལ་ངས་བསྟན་པ། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། ། ལ 81.62b བརྟེན་ནས་འདུག་པར་བྱ། །ཆོས་རྣམས་འོང་བ་མེད་པ་སྟེ། །མེད་པས་དེ་དག་འོང་བའང་མེད། །འདི་ཡང་གཟུགས་ཀྱི་སྒོ་ཡིན་ཏེ། ། ལ་བརྟེན་ནས་འཇུག་པར་བྱ། །ཆོས་རྣམས་གདགས་པ་མེད་པ་སྟེ། །མེད་པས་དེ་དག་གདགས་པ་མེད། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། ། ལ་བརྟེན་ནས་འཇུག་པར་བྱ། །ཆོས་རྣམས་རང་བཞིན་མེད་པ་སྟེ། །མེད་པས་དེ་དག་རང་བཞིན་མེད། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། །བདེ་བར་གཤེགས་པས་གཟུངས་སུ་བསྟན། །གཟུངས་ཀྱི་སྒོ་མོ་ང་ལས་ཉོན། །ཆོན་ཀུན་ཡིད་ལ་བྱ་བ་མེད། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། །བདེ་བར་གཤེགས་པས་གཟུངས་སུ་བསྟན། །མེད་ཕྱིར་ཆོས་ཀུན་སྒྲིབ་མེད་ཅེས། །དེ་བཞིན་གཤེགས་པས་བསྟན་མཛད་པ། །འདི་ཡང་གཟུགས་ཀྱི་སྒོ་ཡིན་ཏེ། ། ལ་བརྟེན་ནས་ཤེས་པར་བྱ། །ཆོས་ཀུན་ཐོགས་པ་མེད་པ་སྟེ། །ཐོགས་པར་བྱ་བ་དེ་མི་དམིགས། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། ། ལ་བརྟེན་ནས་འཇུག་པར་བྱ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པར། །མཁས་པས་མཚན་ཉིད་གཅིག་ཤེས་བྱ། །ཆོས་རྣམས་གང་དག་མ་སྐྱེས་པ། །དེ་དག་མིང་མེད་ཤེས་པར་བྱ། །ཆོས་རྣམས་ཡང་དག་མ་ཡིན་ཏེ། །དེ་དག་མ་ལུས་རང་བཞིན་མེད། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། ། ལ་བརྟེན་ནས་ཤེས་པར་བྱ། །གང་དག་མ་སྐྱེས་མ་བྱུང་བ། །དེ་དག་མཐོང་མེད་བསྟན་པར་བྱ། །ལྟ་བ་པོ་ནི་མེད་པ་དང ། །དེ་དག་རྣམས་ཀྱང་མེད་ཕྱིར་རོ། །ཆོས་ཀུན་མཉམ་མེད་དེ་བས་ན། །མཚན་ཉིད་གཅིག་ཅིང་མཚན་གཞི་མེད། །ནམ་མཁའ་དང་ནི་འདྲ་བ་སྟེ། །ཆོས་ཀུན་ཡོད་པ་མ་ཡིན་ནོ། །དེ་ལྟར་ལྷག་མེད་ཆད་པ་མེད། །མཉམ་བཞག་མེད་ཅིང་གཉིས་སུ་མེད། །གདུང་མེད་བསིལ་མེད་ཚ་བའང་མེད། །བལྟ་བའི་ལམ་མིན་མེད་ཕྱིར་རོ། །དྲང་པོ་མ་ཡིན་ཡོད་པོ་མིན། །མུན་པ་མ་ཡིན་སྣང་བ་མིན། །མཐོང་བ་མེད་ཅིང་ཐོས་མེད་དེ། །མེད་པས་གཟུགས་སུ་ཤེས་པར་གྱིས། །གཡོ་མེད་དྲང་པོའང་མེད་པ་སྟེ། །ཆོས་རྣམས་གསལ་མེད་གཡོ་བ 81.63a མེད། །འཁྲུག་པ་མེད་ཅིང་ཁྲོ་བ་མེད། །ཅི་ཡང་མི་བྱང་ཉེར་ཞི་མེད། །སྒྱེལ་བ་མེད་ཅིང་གནས་ཀྱང་མེད། །འགྲོ་མེད་ལྡོག་མེད་འགྲོ་སེམས་མེད། །ཉལ་བ་མེད་ཅིང་མི་ཉལ་མེད། །སད་པ་མེད་པར་ཤེས་པར་གྱིས། །མིག་ཅན་མ་ཡིན་ལོང་བ་མིན། །ལྟ་བ་མ་ཡིན་མུན་བསྒྲིབས་མིན། །སྦས་པ་མ་ཡིན་བཞག་པ་མིན། །དུལ་བ་མ་ཡིན་མ་དུལ་མིན། །རྒོད་པ་མ་ཡིན་ཞི་བ་མིན། །འཁོར་མིན་མྱ་ངན་འདས་པ་མིན། །བདེན་མིན་བརྫུན་མིན་དེ་ལྟ་བུར། །རྒྱལ་བའི་སྤྱོད་ཡུལ་ཤེས་པར་གྱིས། །འཇིག་རྟེན་གདུལ་བའི་དོན་ཕྱིར་གྱི། །འདི་ལ་ཐེ་ཚོམ་གང་ཡང་མེད། །གང་གཅད་བྱ་བའི་ཐེ་ཚོམ་མེད། །དམ་པའི་དོན་དུ་བྱུང་བ་མེད། །དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པས་བཅོམ་ལྡན་འདས་ལ་ཞུས་པ་ལུང་བསྟན་པ་དང ། །གཟུངས་ངེས་པར་བསྟན་པས་ཡོངས་སུ་ཚིམ་པར་གྱུར་ནས། །བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། ཁང་པ་བརྩེགས་པ་ཤིང་ལ་རྟེན་པ་དང ། པད་མ་ལ་རྟེན་པ་དང ། རི་ལ་རྟེན་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། རིན་པོ་ཆེའི་གདུགས་ཀྱིས་མཛེས་པར་བྱས་པ། གདུགས་ཀྱི་ལྡ་ལྡིས་མཛེས་པར་བྱས་པ། རྒྱལ་མཚན་དང་བ་དན་གྱིས་བརྒྱན་པ། བླ་རེ་དང་ལྡ་ལྡིས་བརྒྱན་པ་བྱེ་བ་ཕྲག་བརྒྱད་མངོན་པར་སྤྲུལ་ཏེ། མི་འམ་ཅིའི་རོལ་མོ་སིལ་སྙན་བྱེ་བ་ཕྲག་བརྒྱད་ཀྱང་མངོན་པར་སྤྲུལ་ནས་རི་སྤོས་ཀྱི་ངད་ལྡང་ལས་སྐྱེས་པ་དང ། ཐང་ལས་སྐྱེས་པ་དང ། ཆུ་ལས་སྐྱེས་པའི་མེ་ཏོག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་མཆོད་ནས། །དེ་མི་འམ་ཅིའི་ཚོགས་དང་ལྷན་ཅིག་ཏུ་ཁང་པ་བརྩེགས་པ་བྱེ་བ་ཕྲག་བརྒྱད་པོ་དེ་དག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཐང་ལས་སྐྱེས་པ་དང ། ཆུ་ལས་སྐྱེས་པའི་མེ་ཏོག་དེ་དག་གིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །དེ་ནས་ཁང་པ་བརྩེགས་པ་དེ་དག་ལས་བབས 81.63b ཏེ་རྐང་པས་དོང་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་རྣམ་པས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱེད་ཅིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་འཁོར་དང་བཅས་པའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། བདེ་གཤེགས་དྲི་བྲལ་སྤྱན་མངའ་བ། །རྒྱུ་མ་མཆིས་པར་འཛུམ་མི་མཛད། །ལྷ་མིས་མཆོད་པ་ཡང་དག་ཏུ། །འཛུམ་མཛད་རྒྱུ་དེ་བཀའ་སྩལ་གསོལ། །ཐམས་ཅད་མཁྱེན་པ་འཛུམ་མཛད་པ། །འཁོར་གྱིས་མཐོང་ནས་ཐེ་ཚོམ་འཚལ། །ཟླ་བ་ཚེས་ལ་མི་བཞིན་དུ། །སྨྲ་བའི་ཟླ་བའི་ཞལ་དུ་ལྟ། །བདེ་གཤེགས་མཛེས་པ་དེང་སུ་ཞིག་།གཉིས་མེད་ཆོས་ལ་ཤེས་མཆོག་སྐྱེས། །བདག་ནི་ཐེ་ཚོམ་འཚལ་བར་འགྱུར། །མི་མཆོག་དམ་པ་ཐེ་ཚོམ་སོལ། །བདེ་གཤེགས་གང་གིས་ཆོས་ཉིད་ལ། །དད་པ་ཐོབ་ནས་བཅོམ་ལྡན་འདས། །ཇི་ལྟར་འཛུམ་པ་མཛད་པར་འགྱུར། །སྨྲ་མཆོག་བདག་གི་ཐེ་ཚོམ་ཁུམ། །ཐམས་ཅད་ལྡན་པའི་འཁོར་འདི་ཡིས། །བཅོམ་ལྡན་བསྟན་ཐོས་ཡིད་དགའ་ཞིང ། །ཐེ་ཚོམ་མ་མཆིས་སོམ་ཉི་ཆད། ། ཇི་ལྟར་བསྟན་བཞིན་གནས་པར་འགྱུར། །དེ་ལྟར་རྐང་གཉིས་རྣམས་ཀྱི་མཆོག་།འགྲོ་ལ་ཐུགས་བརྩེ་མཛད་པ་དང ། །ཐེ་ཚོམ་བཅད་སླད་ལྗོན་པ་དང ། །མི་ཅི་རྣམས་ཀྱི་ལུང་བསྟན་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །སྐྱེ་བོ་ཚོགས་ཆེན་རྣམས་ནང་དུ། །སངས་རྒྱས་ཡོན་ཏན་སྟེན་འགྱུར་བ། ། 81.64a ལྗོན་པའི་ལུང་བསྟན་གང་དྲིས་པ། །རྟ་ཐུལ་ཁྱོད་ཀྱིས་ལེགས་པར་དྲིས། །ཡེ་ཤེས་མཐོང་བ་སྒྲིབ་མེད་པ། །བདེ་གཤེགས་ཡེ་ཤེས་ངོ་མཚར་ཅན། །དེ་ཁྱོད་དང་བའི་ཡིད་བྱོས་ལ། །སྐྱོ་མེད་ཡིད་ཀྱིས་ང་ལ་ཉོན། །འཇིག་རྟེན་ཕན་དང་བདེ་བའི་ཕྱིར། །ལྗོན་པས་ཐེ་ཚོམ་གང་དྲིས་པ། །དེ་ཡི་འབྲས་བུ་བརྗོད་པར་བྱས། །ཐེ་ཚོམ་གཅད་པ་ང་ལས་ཉོན། །ལྗོན་པ་ལ་སོགས་མི་འམ་ཅི། །བྱེ་བ་ཕྲག་བརྒྱད་འདིར་ལྷགས་པ། །དེ་དག་ང་ལ་མཆོད་བྱས་ནས། །འདི་ནས་ཤི་འཕོས་མཐོ་རིས་འདོང ། །བསྐལ་པ་བྱེ་བ་དགུ་བཅུ་དེར། །ལྷ་མིའི་ནང་དུ་འཁོར་བར་འགྱུར། །མངོན་པར་ཤེས་པ་ལྔ་བསྒོམས་ནས། །སེམས་ལ་དབང་སྒྱུར་དབང་ལྡན་འགྱུར། །མི་ཡི་སེང་གེ་དེ་དག་གིས། །སངས་རྒྱས་ཞིང་ཕྲག་ཁྲག་ཁྲིག་ཏུ། །སྤྲུལ་བཀྱེ་རང་ནི་ལྷ་གནས་ན། །བསམ་གཏན་དགའ་བའི་བདེ་བ་མྱོང ། །བསྐལ་པ་བྱེ་བ་དགུ་བཅུར་ཡང ། །དེ་དག་ལྷ་མིར་འཁོར་འཁོར་ནས། །རང་རང་ཞིང་རྣམས་སྣ་ཚོགས་སུ། །བྱང་ཆུབ་རྣམ་པར་འཚང་རྒྱར་འགྱུར། །རྟག་ཏུ་སྣང་བའི་བསྐལ་པ་ལ། །མི་ཡི་སེང་གེ་འཇིག་རྟེན་མགོན། །ཆགས་མེད་ཡེ་ཤེས་མཐོང་དཔག་ཡས། །སྟོབས་བཅུ་གཟི་བརྗིད་མཐའ་ཡས་འགྱུར། །དེ་དག་ཞིང་དུ་སེམས་ཅན་གང ། །ཡོངས་སུ་མ་སྨིན་འགའ་མི་སྐྱེ། །ཉན་ཐོས་ཐེག་པས་གང་བྱུང་བ། །ཀུན་ཀྱང་སྲིད་པ་ཐ་མ་པ། །མི་ཡི་སེང་གེའི་ཞིང་དེར་ནི། །བྱང་ཆུབ་སེམས་དཔའ་གང་སྐྱེ་བ། །དེ་དག་ཚེ་གཅིག་ཐོགས་པ་སྟེ། །མི་མཆོག་བྱང་ཆུབ་ཐོབ་པར་འགྱུར། །གང་དག་གཙོ་བོར་གྱུར་པ་རྣམས། །བདག་ཅག་དཔག་མེད་སངས་རྒྱས་ཞིང ། །ཡོངས་སུ་སྦྱང་བར་བྱའོ་ཞེས། །དེ་འདྲའི་བསམ་པས་རབ་ཏུ་ཞུགས། །སེམས་ཅན་རླབས་ཆེན་དེ་དག་ནི། །སྨོན་ལམ་རྒྱ་ཆེན་ཡུན་རིང་བཏབ། །དེ་དག་འདི་ནས་ཤི་འཕོས་ནས། །བསམ་པས་རང་ཞིང་རྣམ་པར 81.64b སྦྱོང ། །ཉོན་མོངས་འཇོམ་པ་དེ་དག་གི་།ཞིང་གི་བཀོད་པར་འགྱུར་བ་ནི། །དགའ་ལྡན་གནས་ཀྱི་ལོངས་སྤྱོད་རྣམས། །ངན་སོང་ཀུན་ཀྱང་ཡོངས་སུ་དག་།དེ་དག་ཞིང་དུ་རྣམ་ཀུན་དུ། །མི་ཁོམ་གང་ཡང་འབྱུང་མི་འགྱུར། །ཞིང་རྣམས་ཡོངས་སྦྱངས་དེ་དག་ནི། །སེམས་ཅན་རྣམས་ཀྱང་བདེ་བར་འདྲེན། །དེ་ལྟར་འཇིག་རྟེན་མགོན་པོ་ཡིས། །མི་ཅི་རྣམས་ཀྱི་ལུང་བསྟན་བཤད། །ལུང་བསྟན་དེ་ཐོས་འཁོར་གྱི་རྣམས། །ཀུན་ཀྱང་ཡི་ནི་རངས་པར་འགྱུར། །མི་འམ་ཅི་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ལྷ་ཕྲེང་ལྡན་གླང་པོ་ཅན་བརྒྱད་ཁྲིས་ལྷ་མ་ཡིན་རྣམས་ནས་མི་འམ་ཅིའི་བར་དག་གིས་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། །རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་ཤིང་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། དེ་དག་གིས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཀྱི་ཁོར་ཡུག་ཏུ་དཔག་ཚད་དྲུག་བཅུ་ཚུན་ཆད་མེ་ཏོག་མཱན་དཱ་ར་བས་པུས་ནུབ་ཙམ་དུ་གང་བར་བྱས་སོ། །དེ་ནས་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། ཞི་བའི་དབང་པོ་འཛུམ་པའི་ཞལ། །སྲོག་ཆགས་ཀུན་ལ་ཐུགས་བརྩེ་བ། །བདེ་བར་གཤེགས་པ་ཐུགས་རྗེ་ཅན། །འཇིག་རྟེན་བདག་པོ་མི་ཡི་སྟག་།སངས་རྒྱས་ཆོས་ལ་མོས་པ་ཡི། །འཁོར་འདི་ཇི་སྲིད་འདིར་གནས་པར། །ཞབས་མཆོག་མཛེས་ཤིང་དགའ་ལྡན་པ། །ཐུགས་རྗེ་ཅན་ལ་མགོས་ཕྱག་འཚལ། །ཇི་ལྟར་དགུང་ཟླ་ཉ་བའི་ཚེ། །མི་རྣམས་ཟླ་བ་ཕྱག་འཚལ་བ། །དེ་བཞིན་ལྷ་ཚོགས་འདི་རྣམས་ཀྱང ། །བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ། །དཔག་ཏུ་མེད་པའི་དགེ་སྤྱད་པ། །དཔག་ཡས་ཡེ་ཤེས་ཕུང་པོ་ལྡན། །གཟི་བརྗིད་དཔག་ཡས་ཕུང 81.65a པོ་ཅན། །བློ་མཆོག་ཁྱོད་ལ་མགོས་ཕྱག་འཚལ། །སྟོབས་བཅུ་མངའ་ཞིང་དཔལ་སྟུག་པ། །བདེན་བཞི་མི་བསྙེངས་དྲི་གསུམ་སེལ། །རྒྱལ་བའི་བཅཝ་བརྒྱད་ཆོས་དང་ལྡན། །ཐེ་ཚོམ་མི་མངའ་སྨྲ་བའི་མཆོག་།སུམ་ཅུ་རྩ་གཉིས་མཚན་མངའ་ཞིང ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན། །དབང་པོའི་རྒྱལ་མཚན་མཚུངས་མེད་ཐུགས། །བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་སྟོབས་ཀྱི་མཐར་ཕྱིན་པ། །ཏིང་འཛིན་སྟོབས་གནས་མི་བསྐྱོད་པ། །ཡེ་ཤེས་སྟོབས་ཀྱི་མཚོན་ཆ་ཅན། །བདུད་སྟོབས་བཅོམ་ཐུབ་རྒྱལ་བ་ལགས། །ཡེ་ཤེས་སྟོབས་མཆོག་རྒྱས་གྱུར་པ། །སེར་སྣ་མི་མངས་ཉན་ཐོས་བཏུལ། །ཞི་བའི་ཐུགས་ཀྱིས་སྤྱོད་མཛད་ཅིང ། །ལྷ་དང་བཅས་པའི་འཇིག་རྟེན་འདུལ། །སྐྱེས་བུ་སེང་གེ་བདེ་གཤེགས་ཁྱོད། །གཏི་མུག་ཞི་བགྱིད་ཆོས་བརྙེས་པ། །བདག་ཅག་རྣམས་ཀྱང་སྟོབས་བཅུ་ཡི། །ཆོས་རྣམས་འདིར་ནི་ཐོབ་པར་ཤོག་།ཇི་ལྟར་ཐུབ་ཁྱོད་སེམས་ཅན་གྱི། །བསམ་མཁྱེན་དང་མཛད་དེ་བཞིན་དུ། །འཇིག་རྟེན་སྣང་མཛད་བདག་ཅག་ཀྱང ། །ལྷ་མིར་བཅས་པའི་འགྲོ་དང་བགྱི། །དེ་ལྟར་འགྲོ་བའི་དོན་སླད་དུ། །སྙིང་བརྩེར་ཉེ་བར་བཟུང་ནས་ནི། །འགྲོ་བ་འཁོར་བའི་མཚོར་བྱིང་བ། །སྲིད་པའི་རྒྱུད་ལས་བསྒྲལ་བར་བགྱི། །བདག་ཅག་ལྷར་བཅས་འཇིག་རྟེན་གྱི། །འདྲེན་དང་རབ་ཏུ་འདྲེན་གྱུར་ཅིག་།འགྲོ་བ་སྡུག་བསྔལ་བརྒྱས་ཉེན་པ། །སྲིད་པའི་རྒྱུ་ལས་དགྲོལ་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཕྲེང་ལྡན་གླང་པོ་ཅན་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །བདེ་གཤེགས་རྣམ་པར་འདྲེན་པ་པོ། །རྒྱུ་མ་མཆིས་པར་འཛུམ་མི་མཛད། །སྟོབས་བཅུ་ཁྱོད་ནི་འཛུམ་མཛད་པའི། ། 81.65b རྒྱུ་གང་ལགས་པ་བཀའ་སྩལ་གསོལ། །རྒྱལ་བའི་ཞལ་ནས་འཛུམ་མཛད་པ། །འགྲོ་བ་དང་བགྱིས་བྱུང་མཐོང་ནས། །འཁོར་ཀུན་ཐེ་ཚོམ་འཚལ་གྱུར་ཏེ། །འཛུམ་པའི་དོན་ནི་ཉན་པར་འཚལ། །དོན་ཆེན་འཛུམ་པ་མཛད་པའི་དོན། །བཀའ་སྩོལ་བཀའ་སྩོལ་འདྲེན་པའི་མཆོག་།དགེ་སྦྱོང་རྣམས་ཀྱི་རྒྱལ་པོ་ཁྱོད། །ཐེ་ཚོམ་ཆད་འགྱུར་བཀའ་སྩལ་གསོལ། །གང་གིས་རྒྱལ་བ་མཉེས་པར་བགྱིས། །གང་གིས་དེང་མཆོག་བླ་མེད་གྱིས། །སུ་ཞིག་དེ་རིང་གཏིང་ཐོབ་གྱུར། །བདེ་གཤེགས་བདག་གི་ཐེ་ཚོམ་ཁུམ། །དེ་རིང་གང་གིས་བདུད་ཀྱི་གནས། །དཀྲུགས་གཡེངས་ཀུན་དུ་འཁྲུགས་པར་བགྱིས། །དེང་སུས་ལྷ་གནས་ཐམས་ཅད་ཀྱང ། །རབ་ཏུ་དགའ་ཡིད་ལྡན་པར་གྱིས། །རྒྱལ་བ་ཐུབ་པ་དེ་ལུང་སྟོན། །འགྲོ་བའི་ཐེ་ཚོམ་མྱུར་དུ་ཁུམ། །དེ་ཐོས་བདེ་གཤེགས་འཁོར་གྱི་རྣམས། །ཀུན་ཀྱང་རབ་ཏུ་ཡིད་དགའ་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་ཚེ་དང་ལྡན་པ་རྟ་ཐུལ་ལ་སླར་བཀའ་སྩལ་པ། །ཕྲེང་ལྡན་གླང་པོ་ཅན་ལྷ་ཡི། །ལུང་བསྟན་རྟ་ཐུལ་ཁྱོད་དྲིས་པས། །དེས་ན་འགྲོ་བ་མང་པོ་ཡི། །དོན་ཆེན་ཤིན་དུ་དེང་བྱས་འགྱུར། །སྟོབས་བཅུ་རྒྱལ་བ་མ་དྲིས་པར། །སྲས་མཆོག་བྱང་ཆུབ་ལུང་མི་སྟོན། །དེ་ནི་འགྲོ་བ་མང་དོན་དུ། །དེ་རིང་ཁྱོད་ཀྱིས་རྒྱལ་ལ་ཞུས། །ཕྲེང་ལྡན་གླང་པོ་ལྷ་ཚོགས་ཀྱིས། །ང་ལ་སེམས་དང་ང་མཆོད་པས། །བསྐལ་པ་གྲངས་མེད་འདས་འོག་ཏུ། །ཉོན་མོངས་ཕམ་བྱས་རྒྱལ་བར་འགྱུར། །དེ་དག་འདི་ནས་ཤི་འཕོས་ནས། །འཐུན་པར་མི་ཡི་ནང་སྐྱེས་སྟེ། །རྒྱལ་བ་བྱེ་བ་དཔག་མེད་ལ། །མེ་ཏོག་མཆོག་གིས་མཆོད་པར་འགྱུར། །ཀུན་དུ་བདེ་བར་གཤེགས་ཀྱི་སེམས། །སྐྱེ་པར་འགྱུར་ཞིང་འཕེལ་བྱེད་འགྱུར། །རང་བྱུང་མི་ཡི་སེང་གེ་ལ། །ཚིགས་སུ་བཅད་པས་བསྟོད་པར་འགྱུར། །མ་འོངས་དུས་ན་འདི་ཀུན་གྱིས། །རྒྱལ་བ་ཁྲག་ཁྲིག་དཔག་ཡས་མང ། །མེ་ཏོག 81.66a གིས་མཆོད་ཚིགས་བཅད་ཀྱིས། །མི་མཆོག་རྣམས་ལ་བསྟོད་བྱས་ཏེ། །དེ་དག་བདེ་གཤེགས་རྣམས་མཆོད་ཅིང ། །མཐུ་བོ་ཆེ་ཡི་སྐུ་བསྟོད་ནས། །རབ་ཏུ་དགའ་བའི་བསྐལ་པ་ལ། །རྣམ་པར་འདྲེན་པར་འཇིག་རྟེན་འབྱུང ། །གྲགས་པ་མ་སྨད་ནགས་རྒྱུ་བ། །བརྒྱད་ཁྲི་པོ་རྣམས་དེ་དག་ཀུན། །བསྐལ་པ་གཅིག་ལ་བདེ་གཤེགས་འགྱུར། །མེ་ཏོག་རྒྱལ་མཚན་ལྡན་ཞེས་བྱ། །དེ་ན་དམྱལ་དང་དུད་འགྲོ་དང ། །ངན་སོང་གཤིན་རྗེའི་འཇིག་རྟེན་མིང ། །ཞིང་དེ་ན་ནི་ལྷ་མིན་མེད། །མི་ཁོམ་ཐམས་ཅད་རབ་ཏུ་བཅོམ། །ཕྲེང་ལྡན་གླང་པོ་ཅན་ལྷ་ཡི། །ལོངས་སྤྱོད་སུམ་ཅུ་རྩ་གསུམ་གྱི། །ཅི་འདྲ་བ་ནི་དེ་འདྲར་འགྱུར། །འགྲོ་བའི་ཚེ་ཚད་དཔག་ཏུ་མེད། །དེ་ཚི་མི་དགེ་སྒྲ་མི་གྲག་།མི་དགེ་བྱེད་པ་སྨོས་ཅི་དགོས། །དེ་ན་རྣམ་འདྲེན་མཆོག་རྣམས་ཀྱི། །སྐྱེ་བོ་རྣམས་ཀྱི་ཆོས་ཅན་འགྱུར། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་།གང་གཱའི་བྱེ་མ་རབ་མང་སྙེད། །གྲོལ་བར་བྱེད་འགྱུར་སྟོབས་བཅུ་རྣམས། །གནས་པ་མེད་པའི་ཆོས་ཀྱང་སྟོན། །གྲགས་པ་མ་སྨད་དེ་དག་གི་།རིང་སྲེལ་དག་ཀྱང་རྒྱས་པར་འགྱུར། །དེ་དག་རྣམས་ཀྱི་རིང་བསྲེལ་ལ་འང ། །རྒྱལ་བའི་སྐུ་མང་འབྱུང་བར་འགྱུར། །གྲགས་པ་མཐའ་ཡས་ལྡན་རྣམས་ཀྱི། །རང་བསྲེལ་ཆོ་འཕྲུལ་སྐུ་མཐོང་ནས། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་འགྱུར། །ཕྲེང་ལྡན་གླང་པོ་ཅན་རྣམས་ཀྱི། །ལུང་བསྟན་འདྲེན་པས་བཀའ་སྩལ་པ། །ཐོས་ཤིང་ཤེས་ནས་འཁོར་ཀུན་ཀྱང ། །དེ་ཚེ་སེམས་ནི་རབ་ཏུ་དགའ། །ཕྲེང་ལྡན་གླང་པོ་ཅན་ལུང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ་།། དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དགུ་ཁྲིས་ལྷ་མ་ཡིན་རྣམས་ནས་ཕྲེང་ལྡན་གླང་པོ་ཅན་གྱི་ལྷའི་བར་དེ་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས 81.66b ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་མོས་པ་དྲག་པོ་བསྐྱེད་དེ་འདི་ལྟ་སྟེ། དཔེར་ན་ཁམ་པའི་གྲུ་ལ་ཞོན་པའི་མི་ཞིག་ཆུའི་དབུས་སུ་ཕྱིན་ན་གྲུ་ཆག་ཏུ་འོང་ཞེས་ཚུ་རོལ་ནས་ཕ་རོལ་དུ་འགྲོ་བར་བྱ་བའི་ཕྱིར་མོས་པ་དྲག་པོ་སྐྱེས་པ་དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དགུ་ཁྲི་པོ་དེ་དག་ཀྱང་སངས་རྒྱས་ཀྱི་ཆེ་བ་ཉིད་ལ་དད་པ་སྐྱེས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་མོས་པ་དྲག་པོ་སྐྱེས་པར་གྱུར་ནས་དེ་དག་སངས་རྒྱས་ཀྱི་ཆོས་ཚོལ་ཞིང་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། དེ་དག་རྒྱལ་པོ་ཆེན་པོ་བཞི་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བཀྲ་བ་བལྟ་ན་སྡུག་པ་དགུ་ཁྲི་མངོན་པར་སྤྲུལ་ཏོ། །དེ་དག་ཀྱང་ཕལ་ཆེར་མུ་ཏིག་དམར་པོ་དང ། སྐར་མདོག་དང ། བཻ་དཱུརྱ་དང ། གསེར་དང ། རྡོ་རྗེའི་རང་བཞིན་ཅན་ཤ་སྟག་གོ། །ལྷའི་རོལ་མོ་སིལ་སྙན་དགུ་ཁྲི་ཡང་མངོན་པར་སྤྲུལ་ཏེ། དེ་དག་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་བླ་རེ་དགུ་ཁྲི་པོ་དེ་དག་ཐོགས་ནས་རོལ་མོ་སིལ་སྙན་དགུ་ཁྲི་པོ་དེ་དག་བྱེད་ཅིང་སྟེང་གི་བར་སྣང་ལས་དོང་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་མེ་ཏོག་མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དང ། མན་འཛུ་ཤ་ཀ་དང ། མན་འཛུ་ཤཀ་ཆེན་པོ་དང ། པ་རུ་ཤ་ཀ་དང ། པ་རུ་ཤ་ཀ་ཆེན་པོ་དང ། སྤྲུལ་པའི་མེ་ཏོག་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏེ། དེ་དག་གིས་མཆོད་པ་བྱས་ནས་ཡང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། །རྒྱལ་བའི་ཡོན་ཏན་མཐོང་བ་ཡི། །ལྷ་ནི་དགུ་ཁྲི་ཐམ་པ་དག་།འདྲེན་པ་ཁྱོད་ཀྱི་སྤྱན་སྔ་ན། །ཐལ་མོ་རབ་ཏུ་སྦྱར་ནས་མཆིས། །རྒོད་པ་མ་མཆིས་ཞུམ་མ་མཆིས། །འདོད་པ་མ་མཆིས་འགྱོད 81.67a མ་མཆིས། །མི་བླུན་ངོ་མཚར་མ་མཆིས་པ། །རྐང་གཉིས་མཆོད་ལ་ཕྱག་ཀྱང་འཚལ། །ཁྱོད་ནི་སྲིད་པའི་རྒྱུད་རྣམས་བཀུམ། །མི་ཤེས་པ་ནི་རྣམ་པར་སྦྱངས། །སྲེད་པའི་ཕུར་པ་རབ་ཏུ་ཕྱུང ། །ང་རྒྱལ་རྒྱལ་མཚན་ཁྱོད་ཀྱིས་བསྙལ། །ཁྱོད་ནི་ཟུག་རྔུ་ཕྱུང་བ་སྟེ། །རྨ་ལ་གདུག་པ་ཁྱོད་ཀྱིས་སྤངས། །ཁྱོད་ནི་མཁྱེན་བཞིན་སྤྱོད་པ་སྟེ། །འདྲེན་པ་ཁྱོད་ཀྱིས་རྨ་རྣམས་སོས། །ཁྱོད་ཀྱིས་ཉོན་མོངས་ཐམས་ཅད་སྤངས། །འཆིང་བ་དག་ནི་ཐམས་ཅད་བཅད། །སྦྱོར་བ་ཀུན་དང་བྲལ་བ་སྟེ། །ཐུབ་པ་ཆགས་པ་ཀུན་ལས་འདས། །རྒྱལ་བ་ཁྱོད་ཀྱི་སྤྱོད་ཡུལ་ནི། །སྟོང་པ་ཉིད་དང་མཚན་མ་མེད། །བཅོམ་ལྡན་ཁྱོད་ལ་སྨོན་པ་ཡང ། །རྣམ་པ་ཀུན་དུ་མིང་མངའོ། །ཁྱོད་ཀྱིས་སྲེད་པ་དྲུངས་ནས་ཕྱང ། །མ་རིག་པས་ནི་ཐུགས་ཀྱང་ཕྱུང ། །རྣམ་པ་བཞི་པོའི་ཕྱིན་ཅི་ལོག་།རྣམ་པ་ཀུན་དུ་ཡོངས་སུ་སྤངས། །གང་དུ་འཇིག་རྟེན་མི་ཆུད་དེ། །རི་དྭགས་རྔོན་པས་ཇི་བཞིན་དུ། །འཇིགས་ཤིང་སྐྲག་པར་འགྱུར་བ་ཡིན། །ཡང་དག་མཐའ་ནི་ཁྱོས་ཀྱིས་གཟིགས། །སེམས་ཅན་འཇིག་ཚོགས་ལྟར་ལྷུང་སྟེ། །སྟོད་པ་ཉིད་ནི་མ་འཚལ་བས། །མ་རིག་པའི་མུན་པས་གཏིབས། །འཁོར་བའི་བཙོན་རར་དགའ་བར་བགྱིད། །ཁྱོད་ཀྱིས་ཡང་དག་ཇི་བཞིན་དུ། །འགྲོ་དེ་ཆད་པ་སྟོང་འདྲར་གཟིགས། །གང་གིས་རྣམ་དག་མིག་འགྱུར་བའི། །ཡེ་ཤེས་སྣང་བ་རབ་ཏུ་བསྟན། །ཕུང་པོ་སྟོང་པར་རྣམ་པར་བཤིག་།མིང་དང་གཟུགས་ཀྱང་གསོག་འདྲ་ཞིང ། །ཁམས་རྣམས་དང་ནི་སྐྱེ་མཆེད་དག་།བདག་མེད་སྟོང་པར་རྣམ་པར་བཤིག་།ཆོས་གང་དང་ནི་མིང་གང་གིས། །ཆོས་གང་མངོན་པར་བརྗོད་བགྱི་བ། །ཆོས་དེ་ཆོས་དེས་སྟོང་པ་སྟེ། །ཐུབ་པ་ཁྱོད་ཀྱིས་སྟོང་པར་བསྟན། །སྒྱུ་མའི་མཁན་པོས་མེད་པ་ལ། །སྐྱེ་བོའི་ཚོགས་ཆེན 81.67b མངོན་སྤྲུལ་ན། །དེ་ལ་སེམས་ཅན་གདམས་མ་མཆིས། །སྲོག་དང་གང་ཟག་མ་མཆིས་ལྟར། །དེ་བཞིན་ཕུང་པོ་ཁམས་རྣམས་དང ། །དབང་པོ་དག་དང་སྐྱེ་མཆེད་ཀྱང ། །ཡང་དག་མ་ཡིན་སྒྱུ་མ་ཞེས། །སྐྱེས་བུ་དམ་པས་བསྟན་པ་མཛད། །ཇི་ལྟར་རི་མོ་མཁན་ཞིག་གིས། །བུད་མེད་གཟུགས་ནི་རྣམ་བྲིས་ཤིང ། །མཉམ་པ་དང་ནི་མི་མཉམ་དང ། །ལྕི་དང་ཡང་བ་བསྟན་བགྱིས་ཀྱང ། །བྱིས་པའི་མིག་ནི་བསླུས་པ་སྟེ། །དེ་ལ་མི་མཉམ་ཅི་མ་མཆིས། །དེ་བཞིན་ཆོས་དབྱིངས་མཉམ་ལགས་ན། །བྱིས་པ་རྣམས་ནི་དེ་ལ་རྨོངས། །གང་ཤེས་ཁྱོད་ཀྱི་བསླབ་པ་ལ། །ལེགས་བསླབས་རྨོངས་པར་མི་འགྱུར་བ། །ལག་མཐིལ་སྐྱུ་རུ་ར་བཞིན་དུ། །དེ་ནི་ཀུན་མཁྱེན་ཁྱོད་ཀྱིས་བསྟན། །ཤེས་རབ་ཆེན་པོ་ཁྱོད་ཀྱིས་ནི། །ཡེ་ཤེས་སྒྲོན་མ་རབ་བུས་ཏེ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །སེམས་ཅན་རྣམས་ལ་ཆོས་བསྟན་པ། །དེ་ལྟར་བདག་ཅག་མྱུར་དུ་ནི། །བླ་མེད་བྱང་ཆུབ་ཞི་ཐོབ་སྟེ། །ཇི་ལྟར་འདྲེན་པ་ཁྱོད་བཞིན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། །འཁོར་བའི་ལམ་ལོག་འདི་དག་ཏུ། །འཁྱམས་པར་གྱུར་བའི་སེམས་ཅན་ལ། །ཇི་ལྟར་འདྲེན་པས་བསྟན་པ་བཞིན། །བདག་ཅག་གིས་ཀྱང་ཆོས་མྱུར་བསྟན། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །རྒྱུ་མ་མཆིས་པར་རྫོགས་སངས་རྒྱས། །འདྲེན་པ་འཛུམ་པ་མི་མཛད་ན། །འཛུམ་པ་མཛད་པའི་འཛུམ་གྱི་རྒྱུ། །དཔའ་བོ་ཆེན་པོས་ལུང་བསྟན་གསོལ། །སྐྱེས་བུ་དམ་པ་འཁོར་འདི་དག་།བདེ་གཤེགས་དེང་བཞད་མཐོང་ནས་ནི། །ཡིད་གཉིས་ཆེན་པོ་འཚལ་གྱུར་ཏེ། །ཀུན་ཀྱང་ཐེ་ཚོམ་འཚལ་བར་གྱུར། །དེ་རིང་སུ་ཡིས 81.68a བདུད་ཕམ་བགྱིས། །ནེམ་ནུར་གང་གིས་བཅད་པར་གྱུར། །སུ་ཞིག་དེ་རིང་ཆོས་རྟོགས་གྱུར། །སྐྱེས་བུ་མཆོག་གིས་ལུང་བསྟན་གསོལ། །དེ་རིང་ཁྱོད་ལ་སུ་ཡིས་མཆོད། །སྟོན་པ་གང་གིས་བསྙེན་བཀུར་བགྱིས། །འགྲོ་ཀུན་ནེམ་ནུར་འཚལ་གྱུར་ན། །རྣམ་པར་འདྲེན་པས་ལུང་བསྟན་གསོལ། །ཇི་ལྟར་རྐང་གཉིས་མཆོག་ཁྱོད་ཀྱིས། །ལུང་བསྟན་འདི་དག་ཐོས་གྱུར་ན། །འགྲོ་བ་ཐེ་ཚོམ་འཆད་འགྱུར་བ། །འདྲེན་པས་དེ་ལྟར་ལུང་བསྟན་གསོལ། །ཅི་ནས་རྣམ་པ་ཐམས་ཅད་དུ། །ཀུན་མཁྱེན་ལམ་ལ་གནས་པ་རྣམས། །མྱུར་དུ་བྱང་ཆུབ་ཐོབ་འགྱུར་བ། །དེ་ལྟར་འདྲེན་པས་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །རྫོགས་པའི་སངས་རྒྱས་མགོན་པོ་ལ། །འཛུམ་པ་རྒྱུ་རྣམས་དྲི་བྱ་ཞེས། །རྟ་ཐུལ་ཁྱོད་ཀྱིས་དྲིས་པ་ལེགས། །འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར། །བསྟན་པ་ཡིད་དུ་འོང་འགྱུར་ཞིང ། །ཉམས་དགའ་བྱེད་པ་དེ་བཤད་ཀྱིས། །དྲན་པ་མངོན་བྱོས་མཉན་པར་གྱིས། །དགུ་ཁྲི་ཐམ་པའི་ལྷ་རྣམས་ཀྱིས། །མཆོད་པའི་རྣམ་པ་འདི་ལྟ་བུ། །དེ་རིང་དེ་བཞིན་གཤེགས་པ་ལ། །ཤིན་དུ་དང་བའི་ཡིད་ཀྱིས་བྱས། །སངས་རྒྱས་མངོན་པར་བསྟོད་པ་བྱས། །སྟོང་པ་ཉིད་ཀྱང་ཤེས་པར་གྱུར། །ཆོས་རྣམས་ལ་ནི་ངེས་པ་རྙེད། །ང་ཡི་བསྟན་ལ་རབ་ཏུ་གནས། །སྔོན་ཡང་སངས་རྒྱས་བྱེ་བ་ཕྲག་།བརྒྱད་ཅུ་དག་ལ་འདི་དག་མཆོད། །མ་འོངས་དུས་ནའང་སངས་རྒྱས་ནི། །བྱེ་བ་མཐའ་ཡས་མཆོད་པར་འགྱུར། །འདྲེན་པ་དེ་དག་ཇི་སྲིད་དུ། །སངས་རྒྱས་བྱེ་བ་མ་མཆོད་ཅིང ། །བསྙེན་བཀུར་བྱས་པར་མ་གྱུར་པ། །དེ་སྲིད་བྱང་ཆུབ་འཚང་མི་རྒྱ། །དེ་བས་ཤིན་ཏུ་འཕྱི་བ་ན། །ཀུན་ཀྱང་གང་ཟག་མཆོག་ཏུ་འགྱུར། །མཚན་ནི་འོད་ཟེར་འཆང་བ་སྟེ། །འཇིག་རྟེན་ཀུན་མཁྱེན་ཐུབ་པར་འགྱུར། །འཇིག་རྟེན་སྒྲོན་མ་དེ་དག་གི། །ཉན 81.68b ཐོས་འདུས་པར་འགྱུར་བ་ནི། །བློ་ཡི་མཆོག་དང་ལྡན་པ་དག་།འདུས་པ་བརྒྱད་ཅུ་འབྱུང་བར་འགྱུར། །སྒྲིབ་མེད་གཟིགས་པ་དེ་དག་གི་།མི་རྣམས་དེ་ཡི་དུས་ཀྱི་ཚེ། །ལོ་གྲངས་བྱེ་བ་བརྒྱད་ཅུ་ཐམ། །སྲོག་གི་དབང་པོ་གནས་པར་འགྱུར། །ཤེས་རབ་མཐའ་ཡས་དེ་དག་གི། །ཉན་ཐོས་འདོད་ཆགས་བྲལ་བ་རྣམས། །ལུས་ཀྱི་ཐ་མ་འཛིན་པ་དག་བྱེ་བ་ཚད་མེད་འབྱུང་བར་འགྱུར། །སེམས་ཅན་རྣམས་ལ་ཐུགས་བརྩེ་བའི། །འཇིག་རྟེན་མགོན་པོ་དཔལ་ལྡན་རྣམས། །མྱ་ངན་འདས་པའི་རིང་བསྲེལ་ཡང ། །ཤིན་དུ་རྒྱ་ཆེར་འབྱུང་བར་འགྱུར། །མི་དབང་མྱ་ངན་འདས་གྱུར་ནས། །རྣམ་པར་འདྲེན་པ་དཔལ་ལྡན་པ། །རྒྱལ་བའི་མཆོད་རྟེན་རྣམས་ཀྱིས་ནི། །སངས་རྒྱས་ཞིང་རྣམས་ལེགས་བརྒྱན་འགྱུར། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །མཆོད་རྟེན་དེ་དག་ཐམས་ཅད་ལ། །སྲོག་ཆགས་བརྒྱ་དང་སྟོང་རྣམས་དང ། །ཁྲག་ཁྲིག་རྣམས་ཀྱིས་མཆོད་བྱས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །མྱ་ངན་འདས་པ་ཐོབ་པར་འགྱུར། །རང་བྱུང་མྱ་ངན་འདས་ནས་ཀྱང ། །དེ་དག་དམ་ཆོས་གནས་འགྱུར་བ། །ལོ་གྲངས་བྱེ་བ་ཁྲག་ཁྲིག་ཕྲག་།བརྒྱད་ཅུ་ཚང་བར་གནས་པར་འགྱུར། །ཆོས་ཀྱི་རྒྱལ་པོའི་སྲས་རྣམས་ཀྱིས། །བཟུང་ཞིང་ཡོངས་སུ་བསྲུངས་པར་གནས། །འཇིག་རྟེན་ཐུགས་བརྩེ་མཛད་པ་དང ། །ཤཱཀྱ་ཡོངས་སུ་སྨིན་མཛད་ཕྱིར། །རྒྱལ་ཆེན་བཞི་ཡི་རིས་རྣམས་ལ། །འཇིག་རྟེན་སྒྲོན་མས་ལུང་བསྟན་མཛད། །དེ་ཐོས་ནས་ནི་སྐྱེ་བོ་ཀུན། །ཀུན་དུ་དགའ་ཞིང་རབ་དགའ་སྟེ། །སེམས་མགུ་ཡིད་ཀྱང་རངས་གྱུར་ནས། །སྟོན་པ་ལ་ནི་མངོན་པར་བསྟོད། །རྒྱལ་ཆེན་བཞིའི་རིས་ལུང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། བམ་པོ་དྲུག་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་བཅུས་ལྷ་མ་ཡིན་དག་དང ། །ནམ 81.69a མཁའ་ལྡིང་དང ། ཀླུའི་བུ་མོ་དག་དང ། ཀླུ་དག་དང ། གྲུལ་བུམ་དག་དང ། དྲི་ཟ་དག་དང ། གནོད་སྦྱིན་དག་དང ། མིའམ་ཅི་དག་དང ། ཕྲེང་ལྡན་གླང་པོ་ཅན་དག་དང ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཡིད་བྱུང་བ་ཆེན་པོ་སྐྱེས་ཏེ། འདོད་པའི་ཚུལ་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། དེ་དག་གི་རིན་པོ་ཆེའི་ཁང་པ་བཀྲ་བ། བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། མུ་ཏིག་དམར་པོའི་ཕྲེང་བ་དང ། བེེ་དཱུརྱའི་ཕྲེང་བས་བརྒྱན་པ། གསེར་གྱི་ཕྲེང་བ་སྣ་ཚོགས་དང་།[་]ནོར་བུ་རེན་པོ་ཆེ་སྐར་མདོག་གི་ཕྲེང་བས་བརྒྱན་པ། ས་གནས་རིམ་པ་བརྒྱད་དང ། བ་གམ་དང ། ཁང་པ་བརྩེགས་པ་དང ། སྐར་ཁུང་གིས་བརྒྱན་པ། གདུགས་དང ། རྒྱལ་མཚན་དང ། བ་དན་གིས་བརྒྱན་པ། ལྷ་རྫས་ཀྱི་སེང་གེའི་ཁྲིས་བརྒྱན་པ། བླ་རེ་ཆེན་པོ་དང ། དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ། ལྷའི་བུ་མོའི་ཚོགས་ཀྱིས་མཛེས་པར་བྱས་པ། ལྷའི་རོལ་མོ་སིལ་སྙན་སྒྲ་རབ་ཏུ་འབྱུང་བ་བྱེ་བ་ཕྲག་བརྒྱད་ཅུ་མངོན་པར་སྤྲུལ་ཏོ། །རྟ་ཅང་ཤེས་ཀྱིས་དྲད་པའི་ཤིང་རྟ་ལྷ་རྫས་ཀྱི་རྣམ་པས་ལེགས་པར་བརྒྱན་པ། གདུགས་དང ། རྒྱལ་མཚན་དང ། བ་དན་དག་གིས་མཛེས་པར་བྱས་པ་བྱེ་བ་ཕྲག་བརྒྱད་ཅུ་ཡང་མངོན་པར་སྤྲུལ་ཏོ། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་དང་ལྡན་པའི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་མེ་ཏོག་མན་དཱ་ར་བ་དང ། ལྷའི་མཆོད་པ་དེ་དག་གིས་རྒྱས་པར་གང་པར་བྱས་སོ། །གླང་པོ་ཆེ་ས་སྲུང་གི་བུ་བྱེ་བ་ཕྲག་བརྒྱད་ཅུ་ཡང་མངོན་པར་སྤྲུལ་ཏེ། གླང་པོ་ཆེ་ས་སྲུང་གི་བུ་དེ་དག་རེ་རེ་ཞིང་ཡང་མགོ་བྱེ་བ་ཕྲག་བརྒྱད་བཅུ་བརྒྱད་ཅུ། གླང་པོ་ཆེ་ས་སྲུང 81.69b གི་བུའི་མགོ་དེ་དག་རེ་རེ་ཞིང་ཡང་སོ་དྲུག་དྲུག་།སོ་དེ་དག་རེ་རེ་ཞིང་ཡང་རྫིང་བུ་བདུན་བདུན། རྫིང་བུ་དེ་དག་རེ་རེ་ཞིང་ཡང་པད་མ་སྟོང་ཕྲག་བདུན་བདུན། པད་མ་དེ་དག་རེ་རེ་ཞིང་ཡང་མདབ་མ་བརྒྱད་ཁྲི་བརྒྱད་ཁྲི། འདབ་མ་རེ་རེ་ཞིང་ཡང་ལྷའི་བུ་མོ་མདུན་མདུན། ལྷའི་བུ་མོ་དེ་དག་རེ་རེ་ཞིང་ཡང་འཁོར་བདུན་བདུན་ཡོད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤ་སྟག་མངོན་པར་སྤྲུལ་ནས་རིན་པོ་ཆེའི་ཁང་པ་དེ་དག་མདུན་དུ་བྱས་ཏེ། དབུས་སུ་གླང་པོ་ཆེ་ས་སྲུང་གི་བུ་དག་བཙུད་ནས་ཕྱི་བཞིན་ཤིང་རྟ་དེ་ལྟར་བཤམས་པ་དེ་དག་བཀྱེ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ། །རིན་པོ་ཆེའི་ཁང་པ་དེ་དག་ལས་ཀྱང་ལྷའི་ཙན་དན་དང ། ་ག་རུ་དང ། ུད་པ་ལ་དང ། ཏ་མ་ལའི་ལོ་མའི་ཕྱེ་མ་དང ། གསེར་ཕྱེའི་ཆར་མངོན་པར་བབ་པར་གྱུར་ཏོ། །ལྷའི་མེ་ཏོག་མན་དཱ་ར་བ་དང ། མན་དཱ་ར་བ་ཆེན་པོ་དང ། མཉ་ཛུ་ཤ་ཀ་དང ། མཉ་ཛུ་ཤ་ཀ་ཆེན་པོ་དང ། པ་རུ་ཤ་ཀ་དང ། པ་རུ་ཤ་ཀ་ཆེན་པོ་དང ། མདོག་དཀར་དང ། མདོག་དཀར་ཆེན་པོ་དང ། སྤྲུལ་པའི་མེ་ཏོག་གི་ཆར་ཡང་མངོན་པར་བབ་པར་གྱུར་ཏོ། །གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། མུ་ཏིག་དམར་པོ་དང ། སྤུག་དང ། རྡོའི་སྙིང་པོ་དང ། རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གི་ཆར་ཡང་མངོན་པར་བབ་པར་གྱུར་ཏོ། །ལྷའི་བུ་མོ་དེ་དག་ལས་ལ་ལ་ནི་གླུ་ལེན། ལ་ལ་ནི་གར་བྱེད། ལ་ལ་ནི་རོལ་མོ་བྱེད། ལ་ལ་ནི་ལུས་ཀྱི་ཚུལ་སྐྱུར་ཞིང་ལྷ་མ་ཡིན་གྱི་མཆོད་པ་ལྟ་བུ་དང ། གླང་པོ་ཆེ་ས་སྲུང་གི་བུ་དེ་དག་དང ། རིན་པོ་ཆེའི་ཁང་པ་རྣམས་ཀྱིས་མཆོད་པ་བྱས་ནས་དེའི་འོག་ཏུ་རྟ་ཅང་ཤེས་ཀྱིས་དྲང་པའི་ཤིང་རྟ་བྱེ་བ་ཕྲག་བརྒྱད་བཅུ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ལྷའི་ཡོ་བྱད་རྣམ་པ་སྣ་ཚོགས་མང་པོ་ཡང་ཕུལ་བར་གྱུར་ཏོ། །ལྷའི་རོལ་མོ་སིལ་སྙན་བྱེ་བ་ཕྲག་བརྒྱད་བཅུ་ཡང་བར་སྣང་ལས་སྒྲ་འབྱིན་པར་གྱུར་ཏོ། །ཤིང 81.70a རྟ་བྱེ་བ་ཕྲག་བརྒྱད་བཅུ་པོ་དེ་དག་ལ་ཡང་ལྷའི་བུ་མོ་གཞན་བྱེ་བ་ཕྲག་བརྒྱད་བཅུ་མངོན་པར་སྤྲུལ་ཏེ། ལྷའི་བུ་མོ་དེ་དག་ཀྱང་ལ་ལ་གླུ་ལེན། ལ་ལ་ནི་གར་བྱེད། ལ་ལ་ནི་རོལ་མོ་བྱེད། ལ་ལ་ནི་ལུས་ཀྱི་ཚུལ་སྒྱུར་ཞིང་ལྷ་མ་ཡིན་གྱི་མཆོད་པ་ཇི་ལྟ་བ་བཞིན་དུ་བྱས་སོ། །དེ་ནས་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་སྤྲུལ་པའི་ལྷའི་བུ་མོ་འདི་དག་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་ལས་ནི་ཆོས་ཐམས་ཅད་ཀྱང་སྤྲུལ་པ་དང་འདྲ་བ་ཡིན་དུ་ངེས་སོ་སྙམ་ནས་དེ་དག་འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་ནི་ཇི་ལྟར་དེ་བཞིན་གཤེགས་པས་བསྟན་པ་དེ་བཞིན་ཏེ། སྤྲུལ་པ་དང་འདྲ་བ་ཡིན་ནོ་སྙམ་དུ་སེམས་པར་གྱུར་ཅིང་དེ་དག་གིས་ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བར་ཤེས་ནས་ཆོས་ལ་ཐེ་ཚོམ་མེད་པ་ཐོབ་པར་འགྱུར་ཏོ། །དེ་དག་དེ་ལྟར་ཐེ་ཚོམ་མེད་ཅིང་ནེམ་ནུར་མེད་པར་གྱུར་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་དག་ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བར་རྟོག་ཅིང་བདག་ཅག་ཀྱང་སྤྲུལ་བ་དང་འདྲ་བར་མཐོང ། མཆོད་པ་དེ་དག་ཀྱང་སྤྲུལ་པ་དང་འདྲ་བར་མཐོང ། བཅོམ་ལྡན་འདས་ཀྱང་སྤྲུལ་པ་དང་འདྲ་བར་མཐོང་ནས་བཅོམ་ལྡན་འདས་ཀྱིས་ཆོས་གང་བསྟན་པ་དེ་དག་ཀྱང་སྤྲུལ་བ་དང་འདྲ་བར་ཡང་དག་པར་ཤེས་ཏེ། དེ་དག་གིས་ཆོས་ཐམས་ཅད་སྤྲུལ་བ་ལྟ་བུའོ་ཞེས་བྱ་བ་ཤེས་ནས་ཐེ་ཚོམ་མེད་ཅིང་ནེམ་ནུར་མེད་པར་གྱུར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་ངོ ། འགྲོ་བ་ཀུན་གྱིས་མཆོད་པ་གང་བགྱིས་དང ། །སྤྲུལ་པའི་མཆོད་པ་འདི་དག་གང་བགྱིས་དང ། །ལྷ་རྣམས་ཀྱིས་ནི་སངས་རྒྱས་མཆོད་བྱས་པ། །དེ་ལྟར་ཆོས་འདི་ཐམས་ཅད་སྤྲུལ་པ་ཉིད། འདྲེན་པས་ཆོས་ཀུན 81.70b གསུངས་པ་གང་ལགས་དང ། །དེ་བཞིན་གཤེགས་པས་ལུང་བསྟན་མཐའ་དག་ཀྱང ། །འདི་དག་ཐམས་ཅད་སྤྲུལ་པ་འདྲའོ་ཞེས། །དེ་ལྟར་ལྷ་ཚོགས་དེ་དག་བློ་གྲོས་སྐྱེས། །བཅོམ་ལྡན་སྤྲུལ་པ་འདི་དག་ཇི་བཞིན་དུ། །སྟོན་པའང་དེ་བཞིན་སྤྲུལ་དང་འདྲ་བ་སྟེ། །རྒྱལ་བས་ལུང་བསྟན་བདག་ཅག་འཚལ་གྱུར་པས། །འདི་ལ་བདག་ཅག་ཐེ་ཚོམ་མ་མཆིས་སོ། །རྒྱལ་བས་སོ་སོའི་སྐྱེ་བོ་རྣམས་མཁྱེན་ནས། །བྱིས་པའི་ས་ཐོབ་ཐ་སྙད་གང་བཏགས་པ། །དེ་དག་ཀུན་ཀྱང་སྤྲུལ་པ་ཇི་བཞིན་ཏེ། །བདེ་གཤེགས་འགྲོ་བ་ལུང་བསྟན་དེ་བཞིན་ནོ། །སློབ་པ་རྣམས་དང་གང་དག་མི་སློབ་དང ། །བཅོམ་ལྡན་ཉན་ཐོས་དུལ་བའི་ས་ཐོབ་པ། །དེ་དག་ཀུན་ཀྱང་བཅོམ་ལྡན་སྤྲུལ་དང་འདྲ། །བཅོམ་ལྡན་བསྟན་ལ་ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་གང་རྣམས་མི་སྨྲ་ལྷུར་ལེན་ཅིང ། །བསེ་རུ་ལྟ་བུར་གཉིས་མེད་ཉོན་མོངས་སྤངས། །དེ་དག་རྣམས་ཀྱང་སྤྲུལ་འདྲ་བཅོམ་ལྡན་འདས། །བདེ་གཤེགས་བསྟན་ལ་ཐེ་ཚོམ་མ་མཆིས་སོ། །གང་རྣམས་འགྲོ་བ་ཀུན་ལ་བདེ་ཕན་ཕྱིར། །རྒྱལ་བའི་བྱང་ཆུབ་སྤྱད་སྤྱོད་བག་ཡོད་པའི། །བྱང་ཆུབ་སེམས་དཔའ་བདེ་གཤེགས་སྲས་དག་ཀྱང ། །ཁྱད་པར་མ་མཆིས་སྤྲུལ་པ་འདི་དང་འདྲ། །བདེ་གཤེགས་རང་བྱུང་རྣམ་པར་འདྲེན་པ་མཆོག་།སྟོབས་བཅུ་ཤེས་རབ་མཐའ་ཡས་ཐུགས་རྗེ་ཅན། །ཡེ་ཤེས་སྟོབས་འཕགས་འཇིག་རྟེན་གཙོ་བོ་དག་།སྤྲུལ་པ་འདི་འདྲ་དེ་དག་རང་བཞིན་མཚུངས། །འདྲེན་པས་འདི་ལ་ཆོས་རྣམས་གང་གསུངས་པ། །གནས་མེད་ཞི་བསིལ་ཉོན་མོངས་མེད་གྱུར་ཅིང ། །སྡུག་བསྔལ་ཞི་བྱེད་མཐར་ཐུག་གྲངས་མེད་པ། །དེ་ཡང་སྤྲུལ་པ་འདི་དག་ཇི་བཞིན་ནོ། །བཅོམ་ལྡན་འདི་ལ་ཆོས་རྣམས་གང་དག་ཀྱང ། །སྤྲུལ་པའི་རང་བཞིན་མ་ལགས་དེ་མ་མཆིས། །གང་ཚེ་གཽ་ཏ་མའི་བསྟན་པ་འདི། །བདག་ཅག་རྟོགས་ནས 81.71a ཐེ་ཚོམ་ཐམས་ཅད་སྤངས། །སྤྲུལ་པ་འདི་འདྲར་ཆོས་རྣམས་ཀུན་མཐོང་ནས། །བདག་ཅག་རྣམས་ཀྱང་འཇིག་རྟེན་མགོན་པོར་འགྱུར། །བདེ་གཤེགས་སྤྱོད་ཡུལ་འདི་ལ་སྤྱོད་པའི་རྣམས། །ཐེ་ཚོམ་མ་མཆིས་རང་བྱུང་འདྲེན་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷའི་བུ་བྱེ་བ་ཕྲག་བརྒྱད་བཅུ་པོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཙད་དེ་གསོལ་པ། གཞལ་ཡས་གྲགས་མངའ་མཐའ་ཡས་གཟི་བརྗིད་ཅན། །བདེ་གཤེགས་རྣམས་ནི་རྒྱུ་མེད་འཛུམ་མི་མཛད། །རྣམ་པར་འདྲེན་པས་འདིར་ནི་འཛུམ་མཛད་ན། །རྒྱལ་བས་འཛུམ་པའི་ཚིགས་གསུངས་ཐེ་ཚོམ་ཁུམ། །རང་བྱུང་བདེ་གཤེགས་ཞལ་ནས་འཛུམ་པ་འདི། །བྱུང་བར་རིག་ནས་འཇིག་རྟེན་ཐེ་ཚོམ་འཚལ། །འགྲོ་བའི་ཐེ་ཚོམ་ཐུབ་པས་བསལ་དུ་གསོལ། །འགྲོ་བ་འདི་དག་ཐེ་ཚོམ་མ་མཆིས་མཛོད། །ལྷ་ཚོགས་འདི་དག་རབ་ཏུ་ཡིད་དགའ་བས། །རྒྱལ་བ་བསྟོད་དེ་ལྷ་རྫས་རྣམས་ཀྱིས་མཆོད། །བདེ་གཤེགས་དེ་དག་དོན་དུ་འཛུམ་པ་མཛད། །རྒྱལ་བ་འཁོར་འདི་དགའ་མཛད་བཀའ་སྩལ་གསོལ། །ཟླ་ལྟར་དྲི་མེད་འོད་མངའ་མཐའ་ཡས་གཟི། །ཅི་ནས་བདེ་གཤེགས་བཀའ་ནི་འདི་ཐོས་པས། །མགོན་པོ་འགྲོ་བ་ཐམས་ཅད་དགའ་འགྱུར་བར། །རྒྱལ་བ་ལྷ་ཚོགས་མཆོད་མཁྱེན་བཀའ་སྩལ་གསོལ། །བདེ་གཤེགས་ལྷ་ཚོགས་འདི་ཡིས་ཆོས་རྣམས་ཀུན། །སྤྲུལ་པ་ལྟ་བུར་རྣམ་པར་རྟོགས་གྱུར་ནས། །སྟོབས་བཅུ་མངའ་བས་དོན་འདི་བཀའ་སྩོལ་ཏེ། །རབ་རིབ་བྲལ་བ་ལྷ་ཡི་བསླབ་པ་གསུངས། །སྐྱེ་བོ་འདི་དག་ཐེ་ཚོམ་བྲལ་གྱུར་ནས། །ཐུབ་པ་དེ་ལྟར་བྱང་ཆུབ་སྤྱོད་རྩོམ་འགྱུར། །རབ་ཏུ་དཔའ་བ་འཁོར་འདིས་ཐོས་གྱུར་ཏེ། །དགོངས་པ་རིག་ནས་རྒྱ་ཆེན་རྩོམ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ 81.71b སླར་བཀའ་སྩལ་པ། །ལྷ་ཚོགས་འདི་དག་རབ་ཏུ་དགའ་ཤེས་ནས། །རྟ་ཐུལ་ཁྱོད་ཀྱིས་དུས་དང་ལྡན་པའི་ཚིག་།སྨྲས་པ་དེ་ནི་དུས་ལ་བབ་པ་སྟེ། །འཛུམ་པ་དྲིས་པ་དེ་ནི་ལུང་བསྟན་ཏོ། །ལྷ་རྣམས་བསམ་ཤེས་འཛུམ་པ་དེ་དྲིས་པ། །དེས་ནི་ཁྱོད་ཀྱིས་འགྲོ་བའི་དོན་ཆེན་བྱས། །འཛུམ་མཛད་པ་ཡི་རྒྱུ་དེ་ངས་བསྟན་གྱིས། །དགའ་ཞིང་དང་བའི་སེམས་ཀྱིས་ང་ལ་ཉོན། །ལྷ་ཚོགས་རྣམས་ཀྱིས་ཆོས་རྣམས་འདི་དག་ནི། །མ་ལུས་སྤྲུལ་པ་ལྟ་བུར་ཤེས་གྱུར་ནས། །ཆགས་མེད་ཡེ་ཤེས་མཐོང་བ་དཔག་མེད་ཅིང ། །རབ་རིབ་བྲལ་བའི་འཇིག་རྟེན་མགོན་པོར་འགྱུར། །སྲིད་པའི་རྒྱུད་ན་སྔོན་ཡང་འཁོར་བའི་ཚེ། །མི་ཡི་གཙོ་བོ་གང་གཱའི་བྱེ་སྙེད་མཆོད། །སྲིད་རྒྱུན་དེ་ན་འདི་དག་ཐུབ་པ་ལས། །ཆོས་རྣམས་སྤྲུལ་པ་ལྟ་བུར་མ་མཐོང་ངོ ། །འདི་དག་ང་ལ་མཆོད་མཆོག་འདིར་བྱས་པས། །ཆོས་རྣམས་སྤྲུལ་པ་འདྲ་བར་མངོན་དུ་མཐོང ། །བདེ་གཤེགས་བསྟན་པ་འདི་ལ་བྱས་པ་ནི། །ཆུས་ཟོས་མི་འགྱུར་བར་ཆད་ཡོད་མི་འགྱུར། །ལྷ་ཚོགས་འདི་ཡིས་ང་ལ་མཆོད་བྱས་ཏེ། །ཆོས་རྣམས་ཐམས་ཅད་སྤྲུལ་པ་འདྲར་ཤེས་པས། །བསྐལ་པ་པད་མ་ཞེས་བྱ་བྱུང་བའི་ཚེ། །སྨྲ་བའི་ཟླ་བ་མི་ཡི་མཆོག་ཏུ་འགྱུར། །ཁྱུ་མཆོག་ལྡན་པའི་མིང་མཆོག་འགྱུར་བ་ནི། །བདེ་གཤེགས་རབ་མཁས་དབང་པོའི་ཏོག་རྒྱལ་པོ། །ཆོས་རྣམས་ཐམས་ཅད་སྤྲུལ་པ་འདྲར་སྟོན་ཅིང ། །འགྲོ་བ་ཁྲག་ཁྲིག་དཔག་མེད་འགྲེལ་བར་འགྱུར། །བདེ་གཤེགས་དེ་དག་བསྟན་ལ་བག་ཡོད་པ། །ཆོས་རྣམས་འདི་དག་སྤྲུལ་པ་འདྲ་བར་སེམས། །ཞིག་ནས་དེ་ལ་སུ་སྟེན་བག་ཡོད་པ། །མྱུར་དུ་བླ་མེད་བྱང་ཆུབ་མཆོག་ཞི་འཐོབ། །སུམ་བཅུ་རྩ་གསུམ་པ་ལུང་བསྟན་པའི་ལེའུ་སྟེ་བཅཝ་ལྔ་པའོ།། །། དེ་ནས་དེའི་ཚེ་འཐབ་བྲལ་གྱི་ལྷ་བྱེ་བ་ཕྲག་བཞི་བཅུས་ལྷ་མ་ཡིན་རྣམས་ནས་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷའི་བར་དེ་དག་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། 81.72a རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱང་ལུང་བསྟན་པ་ལ་ཐོགས་པ་མི་མངའ་བར་ཤེས་ཤིང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཉམས་དགའ་བ་སྟེ། དེ་དག་ཐོབ་ན་མ་ཤེས་པ་འམ། མ་མཐོང་བ་འམ། མ་རྟོགས་པ་འམ། མངོན་དུ་མ་བྱས་པ་འམ། སྐྱེ་བ་འམ། འགག་པ་འམ། ལས་སམ། ལས་ཀྱི་རྣམ་པར་སྨིན་པ་གང་ཡང་མེད་དོ་ཞེས་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་བསྐྱེད་དོ། །འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་མཛད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། རབ་ཏུ་མ་བསྟན་པ། མ་ཐོས་པ། ཐོས་པར་མ་བྱས་པ། མ་ཤེས་པ། རྣམ་པར་མ་ཤེས་པ། མ་བསྟན་པ། མ་མཐོང་བ། མ་བརྟགས་པ། འཛིན་དུ་མ་བཅུག་པ། རྟོགས་པར་མ་བྱས་པ། ཐོབ་པར་མ་བྱས་པ། མ་ཐོབ་པ། ཉེ་བར་མ་བསྟེན་པ། མ་བོར་བ། མ་བཞག་པ། མ་སྤངས་པ། བྱ་བ་མེད་པ། བྱེད་པ་མེད་པ། རབ་ཏུ་ཞི་བ་མེད་པ། མ་སྨད་པ། མ་བསྟོད་པ། ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བ་མ་ཡིན་པ། སྙན་པ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ། གྲངས་མེད་པ། བགྲང་བ་མེད་པ། འཇིག་རྟེན་མེད་པ། འཇིག་རྟེན་དང་བྲལ་བ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ། རྣམ་པར་བྱང་བ་མེད་པ་འགྲོ་བ་མེད་པ། ལྡོག་པ་མེད་པ། མ་བརྟགས་པ། རྣམ་པར་མ་བརྟགས་པ། མ་གཡོས་པ། མ་བསམས་པ། མ་བསྐྱོད་པ། མངོན་པར་འདུས་མ་བྱས་པ། མ་སྤྲོས་པ། སྤྲོས་པ་དང་བྲལ་བ་སྟེ། འདི་ལྟར 81.72b གཟུགས་ཀྱི་མཚན་མ་མི་དམིགས་པ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་མཚན་མ་མི་དམིགས་པ། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་མཚན་མ་མི་དམིགས་པ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཀྱི་མཚན་མ་མི་དམིགས་པ། མིག་གི་རྣམ་པར་ཤེས་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་མ་མི་དམིགས་པ། མིག་གི་འདུས་ཏེ་རེག་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་མ་མི་དམིགས་པ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་མཚན་མ་མི་དམིགས་པ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་གྱི་མཚན་མ་མི་དམིགས། །གཟུགས་ཀྱི་འདུ་ཤེས་ཀྱི་མཚན་མ་མི་དམིགས་པ། ཆོས་ཀྱི་བར་གྱི་འདུ་ཤེས་ཀྱི་མཚན་མ་མི་དམིགས་པ། གཟུགས་སུ་སེམས་པའི་མཚན་མ་མི་དམིགས་པ། ཆོས་ཀྱི་བར་དུ་སེམས་པའི་མཚན་མ་མི་དམིགས་པ། ཡིད་ལ་བྱ་བའི་མཚན་མ་མི་དམིགས་པ། ས་དང ། ཆུ་དང ། མེ་དང་རླུང་དང ། ནམ་མཁའ་དང ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་མི་དམིགས་པ། འདོད་པ་དང ། གཟུགས་དང ། གཟུགས་མེད་པའི་ཁམས་ཀྱི་མཚན་མ་མི་དམིགས་པ། འདུས་བྱས་དང ། འདུས་མ་བྱས་ཀྱི་མཚན་མ་མི་དམིགས་པ་སྟེ། འདི་ལྟར་ཆོས་གང་དང་གང་བརྗོད་པའི་རང་བཞིན་གང་དང་གང་གིས་བརྗོད་པའི་ཆོས་དེ་དག་དང ། དེ་བརྗོད་པའི་རང་བཞིན་དེ་དང་མི་བརྗོད་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་དེ་ལྟར་ཉམས་དགའ་བ་ཡིན་ན་དེ་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མི་ཤེས་པ་རྣམས་ཀྱིས་ཐོས་ན་འཇིགས་ཤིང་དངང་བ་དང ། སྐྲག་པར་འགྱུར་ཏེ། དེས་འཇིགས་པར་གྱུར་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་ཉམས་པར་འགྱུར་ཏེ། དེ་དག་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མྱ་ངན་དུ་བྱ་བ་སྟེ། འཁོར་བ་ན་ཡོད་པའི་སྡུག་བསྔལ་གྱི་རྒྱུན་ཏོ་ཞེས་ཏེ། དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་བསྐྱེད་ནས་སངས་རྒྱས་ཀྱི 81.73a ཆོས་རྣམས་ཀྱི་དོན་དུ་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏོ། །དེ་དག་གིས་སུམ་བཅུ་རྩ་གསུམ་པའི་མཆོད་པ་ལས་ཁྱད་པར་འཕགས་པས་བཅོམ་ལྡན་འདས་ལ་མཆོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་འཐབ་བྲལ་གྱི་ལྷ་དེ་དག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་བསྟོད་པ། །རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། དབང་པོའི་གྲོང་ནི་མཚན་མས་དབེན་པ་དག་།ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །འཇིག་རྟེན་མཁས་པའི་བདེན་པ་གཉིས་ཡིན་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། །བདེ་བའི་དོན་དུ་དད་པ་སྐྱེད་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དགས་དང ། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་དེ་བཞིན་མཐོ་བའི་རིགས་རྣམས་དང ། །ཕྱུག་པོའི་ཁྱིམ་དང་དབུལ་པོའི་ཁྱིམ་དག་དང ། །བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། །བུད་མེད་ཚོགས་དང་སྐྱེས་པ་མ་ནིང་དང ། །འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང ། །མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། །ཀུན་རྫོབ་བདེན་པར་མཁས་པས་ཐུགས་ཆུད་ནས། །འཇིག་རྟེན་ཕན་པས་མི་ལ་དེ་བསྟན་ཏོ། །དེ་ལ་དགའ་བའི་འགྲོ་བ་འཁོར་བ་ན། །འགྲོ་བའི་ཆོས་བརྒྱད་དེ་ལ་མི་འབྱུང་སྟེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང ། ། 81.73b བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་སྐྱེད། །མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་པར་འགྱུར། །གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། །ནད་རྣམས་བརྒྱད་ཀྱིས་དེ་རྒྱུད་གནོད་པར་འགྱུར། །ཀུན་རྫོབ་དེ་ལ་དོན་དམ་སུ་སྨྲ་བ། །དེ་དག་ནོར་བའི་བློ་ལྡན་ཤེས་པར་བྱ། །མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང ། །བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང ། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང ། །དེ་ལ་དགའ་སྟེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ན། །འཇིགས་ཤིང་ཇི་བཞིན་མི་རྟོགས་སྤོང་བར་འགྱུར། །དེ་དག་བདེ་གཤེགས་གསུང་ནི་སྤངས་གྱུར་པས། །སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟད་མྱོང ། །དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཀྱང ། །སྡུག་བསྔལ་བརྒྱད་དག་བྱིས་པས་མྱོང་བར་འགྱུར། །འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། །མ་ལོག་བློས་ནི་རྣམ་པར་རྟོགས་གྱུར་ན། །སྦྲུལ་གྱི་ལྤགས་པ་རྙིང་ལྟར་རབ་སྤངས་ཏེ། །སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། །ཆོས་འདི་ཐམས་ཅད་རང་བཞིན་དབེན་པ་སྟེ། །སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། །གང་གིས་ཐོས་ནས་དགའ་བ་བསྐྱེད་འགྱུར་བ། །དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཇི་ལྟར་བདེ་བར་གཤེགས་པས་གསུངས་པའི་ཆོས། །དེ་ལ་ལྷ་རྣམས་ཐེ་ཚོམ་མ་མཆིས་ཏེ། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར། །དེ་དག་བླ་ན་མེད་པའི་བྱང་ཆུབ་ཚོལ། །བྱང་ཆུབ་བློ་ཅན་རྣམ་དག་བློ་ཅན་རྣམས། །སྐྱེས་བུ་མཆོག་གིས་དགའ་བ་བསྐྱེད་དུ་གསོལ། །དེ་ཐོས་འགྲོ་བ་ཀུན་ལ་སྨན་སླད་དུ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཐབ་བྲལ་རིས་ཀྱི་ལྷ་བྱེ་བ་ཕྲག་བཞི་བཅུ་པོ་དག་གིས་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་ཕན་པས་འཛུམ་པ་གང་མཛད་དེས། །ཁྱོད་ཀྱི་འཁོར་ནི་ཐེ་ཚོམ་འཚལ་བར་འགྱུར། །མི་མཆོག་འཛུམ 81.74a པའི་རྒྱུ་དེ་བཀའ་སྩལ་གསོལ། །དེས་ནི་འཁོར་འདིར་རབ་ཏུ་དགའ་བར་འགྱུར། །ལྷ་རྣམས་ལུང་བསྟན་དེ་ནི་ཐོས་གྱུར་ན། །འཁོར་འདི་ཤིན་ཏུ་དགའ་ཞིང་མགུ་བར་འགྱུར། །རིགས་པ་ལྡན་པ་བསྟན་པ་འདི་ཉིད་ལ། །བདེ་བར་ནན་ཏན་བགྱིད་ཅིང་རྩོམ་པར་འགྱུར། །རྒྱལ་བ་ཁྱོད་འཁོར་འདི་ནི་མཆོག་ལྡན་ཏེ། །དྲང་སྲོང་ཆེན་པོ་སངས་རྒྱས་ཡོན་ཏན་སྣོད། །འགྲོ་བ་འདི་རྣམས་བསྡུ་བར་མཛད་སླད་དུ། །སྙན་པའི་གསུང་ནི་ལེགས་པར་བརྗོད་དུ་གསོལ། །སངས་རྒྱས་ཡོན་ཏན་མཐུ་དག་ཐོས་གྱུར་ན། །སྐྱེ་དགུ་ཀུན་ལ་རབ་ཏུ་སྨན་པར་འགྱུར། །བདེ་བར་གཤེགས་པས་ལུང་བསྟན་དེ་ཐོས་ན། །མཁས་པ་རྣམས་ནི་ཚུལ་བཞིན་རྩོམ་པར་འགྱུར། །མི་ཡི་དམ་པ་སྨྲ་བའི་མཆོག་གིས་འདིར། །ཐེ་ཚོམ་འཚལ་བའི་ནེམ་ནུར་ལེགས་པར་སོལ། །འཁོར་རྣམས་ཐམས་ཅད་ཐོས་པར་དགའ་ཞིང་སྡོང ། །ལྷ་རྣམས་ལུང་བསྟན་པ་ནི་བཀའ་སྩལ་གསོལ། །ཀུན་ཀྱང་རིམ་གྲོར་གུས་པར་རྣ་བླགས་ཏེ། །ཁྱོད་ཀྱིས་ལུང་བསྟན་རབ་ཏུ་དགའ་བ་ལ། །སྒྲིབ་པ་རབ་ཏུ་སྤངས་ཤིང་དེ་དག་ཉན། །འཇིག་རྟེན་ཕན་ཕྱིར་སྐྱེས་བུ་མཆོག་གིས་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །འཇིག་རྟེན་ཕན་ཕྱིར་མཁས་པས་འཛུམ་མཛད་པ། །རྟ་ཐུལ་ཁྱོད་ཀྱིས་དྲིས་པ་དུས་དང་ལྡན། །སངས་རྒྱས་ཡོན་ཏན་མཐུ་ནི་ཐོས་གྱུར་ན། །སྐྱེ་བོ་ཚོགས་ཆེན་རྣམས་ཀྱི་དོན་དུ་འགྱུར། །སངས་རྒྱས་ཡོན་ཏན་ཚོགས་ལ་བློ་ཞན་ཅིང ། །འདོད་ཆགས་བློ་དང་ཞེ་སྡང་བློ་ལྡན་དང ། །ཚེ་རབས་བརྒྱར་ནི་རྩོད་པའི་བློ་ཅན་དང ། །གཏི་མུག་བློ་ཅན་དགའ་བ་སྐྱེར་མི་འགྱུར། །གང་རྣམས་རྒྱལ་བས་བསྟན་ལ་དགའ་བ་དང ། །གང་གིས་རྒྱལ་བ་རྣམས་ལ་སྡོན་དྲིས་དང ། །གང་རྣམས་སྙིང་རྗེ་ཆེ་དང་ལྡན་པ་དག་།དེ་ཀུན་སངས་རྒྱས་ཡོན་ཏན་ལྡན་པར་འགྱུར། །གང་གིས་འགྲོ་བ་གདོན་ཟིན་མཐོང་གྱུར་ཏེ། །མི་ཡི 81.74b སེང་གེ་སྙིང་རྗེ་སྐྱེད་བྱེད་པ། །དེ་དག་སངས་རྒྱས་ཡོན་ཏན་འདི་ཐོས་ནས། །ུད་པལ་ཕྲེང་བཞིན་མགོ་ལ་ཁྱེར་བར་འགྱུར། །ང་ཡི་འཁོར་འདི་རབ་ཏུ་དགའ་འགྱུར་པ། །སྔོན་གྱི་རྒྱལ་ལ་བསྙེན་བཀུར་སྔོན་བྱས་ཏེ། །དེ་དག་སངས་རྒྱས་ཡོན་ཏན་ཡིད་འོང་འདི། །མེ་ཏོག་ཕྲེང་བཞིན་དེ་དག་ཡང་དག་ལྟ། །འཐབ་བྲལ་ལྷ་རྣམས་སྔོན་གྱི་རྒྱལ་ཀུན་ལ། །བསྙེན་བཀུར་བྱས་ཤིང་ཆགས་པ་སྤངས་པ་སྟེ། །ཉོན་མོངས་དམད་ཅིང་སངས་རྒྱས་བློ་ལྡན་འགྱུར། །སྙིང་རྗེ་ལྡན་ཞིང་ཉོན་མོངས་མེད་བློ་ལྡན། །རྒྱལ་བ་མི་ཡི་སེང་གེ་གང་གཱ་ཡི། །བྱེ་སྙེད་ཀུན་ལ་སྔོན་ཆད་བསྙེན་བཀུར་བྱས། །བྱང་ཆུབ་བླ་ན་མེད་པར་སྨོན་བྱེད་ཅིང ། །དགེ་བ་མཐའ་ཡས་འདི་དག་ཀུན་གྱིས་བྱས། །སེམས་ཅན་ཉོན་མོངས་འདམ་བྱིང་རིག་གྱུར་ནས། །སྡུག་བསྔལ་གྱུར་པ་རྣམས་ལ་སྙིང་རྗེ་སྐྱེད། །དེ་དག་མི་མཆོག་སེམས་ཅན་ཕན་མཛད་ལ། །ཆོས་ཚུལ་མཐའ་ཡས་ཡོངས་སུ་དྲིས་པར་འགྱུར། །གང་ཐོས་ནས་ནི་རྣམ་པར་འདྲེན་འགྱུར་བ། །རྣམ་འདྲེན་ཆོས་ལ་འཇུག་པ་འཆད་པར་འགྱུར། །མི་ཡི་ཉོན་མོངས་སྤྱོད་པ་རབ་མཁྱེན་ནས། །དེ་དག་རྣམས་ལ་རྒྱ་ཆེན་མོས་ཀྱང་འཆད། །རྣམ་འདྲེན་སྐྱེས་བུ་དམ་པའི་མཆོག་དེ་དག་།རང་བཞིན་མེད་པ་སྟོང་པ་ཉིད་ཀྱང་འཆད། །དེ་དག་རྒྱལ་བའི་གསུང་དེ་ཐོས་གྱུར་ནས། །འགྲོ་བ་ཐམས་ཅད་སྟོང་པར་རབ་ཏུ་རྟོགས། །ཅིས་སྟོང་ཞེ་ན་མཚན་མའི་རྣམ་པས་སྟོང ། །རང་བཞིན་མེད་ཅིང་མཚན་མ་མེད་པ་སྨྲ། །རྒྱལ་བའི་ཆོས་རྣམས་དེ་ལྟར་ཤེས་གྱུར་ནས། །ཀུན་ཀྱང་སངས་རྒྱས་ཡོན་ཏན་རྣམས་ལ་གནས། །དེ་དག་ང་ལ་མཆོད་པ་རྒྱ་ཆེན་བྱས། །བདག་གིས་ཆོས་བཞིན་དུ་ནི་ལུང་བསྟན་ནས། །སྐར་ཚོགས་མཉམ་པའི་བསྐལ་པ་དམ་པ་ལ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར ། །བདེ་གཤེགས་མཉམ་པ་མེད་པ་བྱེ་བ་ཕྲག་།ཉི་ཤུ་ཉི་ཤུས་ཡོངས་སུ་གང་བར་འགྱུར། །བློ་གྲོས་དག་ཅེས་བྱ་བའི་གྲངས་སུ་འགྲོ་།སེམས་ཅན་བསམ་ཡས་ཡོངས 81.75a སུ་སྦྱོང་བར་འགྱུར། །འཐབ་བྲལ་འཁོད་པའི་ལྷ་ཡི་བསམ་པ་རྣམས། །རྟ་ཐུལ་གྱིས་ནི་ཡོངས་སུ་ཞུས་བྱས་པ། །རྒྱལ་བ་དགྲ་རྒྱལ་དྲང་སྲོང་ཆེན་པོ་ཡིས། །ལུང་བསྟན་ལྷ་དང་བཅས་པའི་འཇིག་རྟེན་དག་ལ། །འཐབ་བྲལ་བ་ལུང་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་དགའ་ལྡན་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་བཅུས་ལྷ་མ་ཡིན་རྣམས་ནས་འཐབ་བྲལ་གྱི་རིས་ཀྱི་ལྷའི་བར་དེ་དག་གི་མཆོད་པ་ཡང་མཐོང ། །ལུང་བསྟན་པ་ཡང་ཐོས་ནས་འདི་སྙམ་དུ་སེམས་ཏེ། གང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་གང་ཞིག་ཅིག་གཟུགས་སམ། འོན་ཏེ་ཚོར་བ་འམ། འོན་ཏེ་འདུ་ཤེས་སམ། འོན་ཏེ་འདུ་བྱེད་དམ་འོན་ཏེ་རྣམ་པར་ཤེས་པ་ཞིག་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་སྙམ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གཟུགས་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱང་མ་སྐྱེས་པ། བྱང་ཆུབ་ཀྱང་མ་སྐྱེས་པ་ན་ཇི་ལྟར་མ་སྐྱེས་པས་མ་སྐྱེས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ཡང་མ་སྐྱེས་པ། བྱང་ཆུབ་ཀྱང་མ་སྐྱེས་པ་ན་དེ་ལ་ཇི་ལྟར་མ་སྐྱེས་པས་མ་སྐྱེས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། གཟུགས་ཀྱང་འགག་པ་མེད་པ། བྱང་ཆུབ་ཀྱང་འགག་པ་མེད་པ། རྣམ་པར་ཤེས་པའི་བར་ཡང་འགག་པ་མེད་པ། བྱང་ཆུབ་ཀྱང་འགག་པ་མེད་པ། གཟུགས་ཀྱང་སྤྲོས་པ་མེད་པ། བྱང་ཆུབ་ཀྱང་སྤྲོས་པ་མེད་པ། རྣམ་པར་ཤེས་པའི་བར་ཡང་སྤྲོས་པ་མེད་པ། བྱང་ཆུབ་ཀྱང་སྤྲོས་པ་མེད་པ། གཟུགས་ཀྱང་གཉིས་སུ་མེད་པ། བྱང་ཆུབ་ཀྱང་གཉིས་སུ་མེད་པ། རྣམ་པར་ཤེས་པའི་བར་ཡང་གཉིས་སུ་མེད་པ། བྱང་ཆུབ་ཀྱང་གཉིས་སུ་མེད་པ། 81.75b གཟུགས་ཀྱང་གཡོ་བ་མེད་པ། བྱང་ཆུབ་ཀྱང་གཡོ་བ་མེད་པ་རྣམ་པར་ཤེས་པའི་བར་ཡང་གཡོ་བ་མེད་པ། བྱང་ཆུབ་ཀྱང་གཡོ་བ་མེད་པ། གཟུགས་ཀྱང་དམིགས་སུ་མེད་པ། བྱང་ཆུབ་ཀྱང་དམིགས་སུ་མེད་པ་རྣམ་པར་ཤེས་པའི་བར་ཡང་དམིགས་སུ་མེད་པ། བྱང་ཆུབ་ཀྱང་དམིགས་སུ་མེད་པ་ན་ཇི་ལྟར་འགག་པ་མེད་པ་དང ། སྤྲོས་པ་མེད་པ་དང ། གཉིས་སུ་མེད་པ་དང ། གཡོ་བ་མེད་པ་དང་དམིགས་སུ་མེད་པས་འགག་པ་མེད་པ་དང ། དམིགས་སུ་མེད་པའི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། དེ་ལྟར་ཆོས་ཐམས་ཅད་མི་དམིགས་ན་འདི་ལ་སངས་རྒྱས་ནི་གང ། བྱང་ཆུབ་སེམས་དཔའ་ནི་གང ། བྱང་ཆུབ་ནི་གང ། ལུང་བསྟན་པ་ནི་གང ། གཟུགས་ནི་གཟུགས་ཀྱིས་སྟོང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང ། སངས་རྒྱས་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་སྟོང ། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང ། བྱང་ཆུབ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང ། ལུང་བསྟན་པ་ནི་ལུང་བསྟན་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་གཟུགས་ཤེས་བྱ་བ་དང ། རྣམ་པར་ཤེས་པའི་བར་ཞེས་བྱ་བ་དང ། སངས་རྒྱས་ཞེས་བྱ་བ་དང ། ལུང་བསྟན་པའི་བར་ཞེས་བྱ་བ་དེ་དག་ནི་ཐ་སྙད་ཙམ། མིང་ཙམ། བརྡ་ཙམ། ཀུན་རྫོབ་ཙམ། བརྗོད་པ་ཙམ། གདགས་པ་ཙམ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་མི་ཆའོ། །འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་རྩེ་རྩེ་བ་ལས་དེ་ཉལ་བ་ལས་སང་ན། འདོད་པའི་ཡོན་ཏན་དེ་དག་མི་མཐོང་སྟེ། དེ་རྗེས་སུ་དྲན་པར་མི་རྙེད་ཅིང་དེ་ལྟར་མི་རྙེད་པའི་ཕྱིར་སྡུག་བསྔལ་དུ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱང་བྱང་ཆུབ་ཚོལ་ན་དེ་དག་བྱང་ཆུབ་དང་ཕྲད་པར་མི་འགྱུར་ཏེ། བྱང་ཆུབ་མ་རྙེད་ཅིང་རོ 81.76a མ་མྱོང་བས་སྡུག་བསྔལ་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅན་ནི་རྨི་ལམ་ལྟ་བུ་ནོར་བ་སྟེ། ཆོས་དེ་དག་གི་དོན་ནི་རྣམ་པ་གཞན་ལ་སོ་སོའི་སྐྱེ་བོ་དེ་དག་ཀྱང་རྣམ་པ་གཞན་དུ་ཞེན་ཏོ། །ཆོས་དེ་དག་ནི་དེ་ལྟར་ཤེས་པར་བྱ་བ་ཡིན་ན་དེ་ལ་ཆོས་གང་ཞིག་སངས་རྒྱས་ཡིན། གང་ཞིག་བྱང་ཆུབ་སེམས་དཔའ་ཡིན། གང་ཞིག་བྱང་ཆུབ་ཡིན། གང་ཞིག་ལུང་བསྟན་པ་ཡིན། དེ་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་དེ། སོ་སོའི་སྐྱེ་བོ་ཡང་དམིགས་སུ་མེད། སོ་སོའི་སྐྱེ་བོའི་ཆོས་ཀྱང་དམིགས་སུ་མེད། ཉན་ཐོས་ཀྱང་དམིགས་སུ་མེད། ཉན་ཐོས་ཀྱི་ཆོས་ཀྱང་དམིགས་སུ་མེད། རང་སངས་རྒྱས་ཀྱང་དམིགས་སུ་མེད། རང་སངས་རྒྱས་ཀྱི་ཆོས་ཀྱང་དམིགས་སུ་མེད། །བྱང་ཆུབ་སེམས་དཔའ་ཡང་དམིགས་སུ་མེད། བྱང་ཆུབ་སེམས་དཔའི་ཆོས་ཀྱང་དམིགས་སུ་མེད། སངས་རྒྱས་ཀྱང་དམིགས་སུ་མེད། སངས་རྒྱས་ཀྱི་ཆོས་ཀྱང་དམིགས་སུ་མེད། བྱང་ཆུབ་ཀྱང་དམིགས་སུ་མེད། མྱ་ངན་ལས་འདས་པ་ཡང་དམིགས་སུ་མེད་དོ། །བཅོམ་ལྡན་འདས་དེ་ལ་ནི་བདག་ཅག་ཐེ་ཚོམ་མ་མཆིས། ཡིད་གཉིས་མ་མཆིས་སོ་ཞེས་གསོལ་ནས་དགའ་ལྡན་རིས་ཀྱི་ལྷའི་བུ་དེ་དག་ཆོས་དེ་དག་ལ་ཐེ་ཚོམ་མེད་ཅིང་ནེམ་ནུར་མེད་པར་གྱུར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་གྱུར་ནས་དེ་དག་འཐབ་བྲལ་གྱི་མཆོད་པ་ལས་ཁྱད་པར་འཕགས་པས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། གང་དག་སངས་རྒྱས་ཡོན་ཏན་རབ་གནས་པ། །དེ་དག་འཇུག་པ་དེ་བཞིན་གཤེགས་པས་གསུངས། །རྣམ་ཐར་སྒོ་གསུམ་པོ་ནི་རྙེད་གྱུར་པས། །མཚུངས་པ་མེད་པའི་སྤྱོད་ཡུལ 81.76b སྤྱོད་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་མ་མཆིས་ཏེ། །སེམས་དང་བསམ་པ་དེ་བཞིན་མ་མཆིས་པ། །ཆགས་མེད་བློ་མངའ་རྣམས་ཀྱི་སྤྱོད་ཡུལ་ལགས། །མི་ཡི་སེང་གེ་ཕུང་པོ་དབེན་ལ་དགྱེས། །སྐྱེས་བུ་དམ་པ་མཁས་པ་དེ་དག་གི་།བྱང་ཆུབ་སེམས་ཀྱང་ནམ་ཡང་འབྱུང་མ་མཆིས། །ཕུང་པོ་དབེན་པའི་ཡོན་ཏན་མྱོང་གྱུར་ནས། །སངས་རྒྱས་དགོངས་ལ་ནེམ་ནུར་སྤངས་བློ་ལྡན། །དེ་དག་བྱང་ཆུབ་སྨོན་པ་མ་མཆིས་ཤིང ། །བྱང་ཆུབ་སེམས་ལའང་དེ་དག་མི་སྨོད་དེ། །དགའ་དང་ཞུམ་པར་འགྱུར་བ་མ་མཆིས་པར། །བདེ་གཤེགས་སྲས་རྣམས་སྤྱད་པ་སྤྱོད་པ་བགྱིད། །བདེ་གཤེགས་རྣམས་ཀྱིས་ཆོས་རྣམས་མཉམ་པར་གཟིགས། །དེ་ལ་རྒྱལ་སྲས་འཇིགས་དང་བྲལ་བ་རྣམས། །ཡང་དག་ཉིད་དུ་སངས་རྒྱས་ལེགས་སྤྱོད་ཅིང ། །མཁས་པ་དེ་དག་འཇིག་རྟེན་འདི་ན་སྤྱོད། །གཟུགས་ཀྱི་མཚན་མ་རྣམ་པར་གཞིག་བགྱིས་ཤིང ། །མཚན་མའི་རྣམ་པ་ཐམས་ཅད་རབ་སྤངས་ཏེ། །སྲིད་པ་གསུམ་ལ་དེ་དག་ཡོང་མི་སྨོན། །དངོས་པོ་སྟོང་པར་སྨོན་ལམ་དེ་དག་བགྱིད། །ཕུང་པོ་འདི་དག་མ་སྐྱེས་རྟོགས་གྱུར་ཅིང ། །ལུང་བསྟན་བདེ་གཤེགས་ཉིད་ཀྱང་མ་སྐྱེས་ལ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱང་མ་སྐྱེས། །དེ་ལྟར་གང་འཚལ་དེ་ལ་རྨོངས་མ་མཆིས། །སྐྱེ་བོའི་ཆོས་དང་སངས་རྒྱས་ཡོན་ཏན་རྣམས། །དེ་དག་ཀུན་དང་བདེ་གཤེགས་མ་སྐྱེས་ཏེ། །མི་ཡི་སེང་གེ་དེ་ལྟར་གང་འཚལ་བ། །དེ་ནི་ཁྱོད་སྲས་ཁྱོད་ནི་དེ་ཡི་ཡབ། །གང་ཞིག་ཕུང་པོ་འགག་པ་མ་མཆིས་ཤིང ། །ཁམས་དང་སྐྱེ་མཆེད་དེ་བཞིན་རྒྱལ་བའི་ཆོས། །བྱང་ཆུབ་རྒྱལ་བ་དེ་བཞིན་ལུང་བསྟན་པ། །བཅོམ་ལྡན་འདི་ཀུན་འགག་མེད་འཚལ་བ་དང ། །གང་རྣམས་བྱང་ཆུབ་འཚལ་ཞིང་སྤྱོད་བགྱིད་པ། །འཇིག་རྟེན་མཁས་པ་དེ་དག་འགག་མ་མཆིས། །འགྲོ་བ་ཐམས་ཅད་འགག་མེད་བློར་གྱུར་ན། །དེ་འདྲའི་བློ་ལྡན་བྱང་ཆུབ་རྙེད་མི་དཀའ། །ཕུང་པོ་སྐྱེ་མཆེད་དག་དང་ཁམས 81.77a རྣམས་དང ། །བྱང་ཆུབ་རྒྱལ་བ་རྒྱལ་སྲས་མི་གཡོ་བར། །གང་གིས་འཚལ་བ་དེ་དག་རྒྱས་སྲས་ཏེ། །དེ་དག་རྒྱལ་བའི་ཆོས་འདི་འཛིན་པ་ལགས། །ཕུང་པོ་སེམས་མེད་དེ་བཞིན་སྐྱེ་མཆེད་དང ། །ཁམས་དང་བྱང་ཆུབ་རྒྱལ་བ་རྒྱལ་སྲས་དང ། །ལུང་བསྟན་དེ་བཞིན་སེམས་པ་མ་མཆིས་པར། །གང་གིས་འཚལ་བ་དེ་དག་རྒྱལ་བའི་སྲས། །རང་བྱུང་ཕུང་པོ་དངོས་ཉིད་སྟོང་པ་སྟེ། །ཁམས་དང་སྐྱེ་མཆེད་དག་དང་རྒྱལ་བ་དང ། །བྱང་ཆུབ་དང་ནི་ལུང་བསྟན་རྒྱལ་སྲས་རྣམས། །ངོ་བོ་ཉིད་ཀྱིས་སྟོང་པར་གང་སྤྱོད་དང ། །ཕུང་པོ་སྤྲོས་འདྲ་དེ་བཞིན་ཁམས་རྣམས་དང ། །སྐྱེ་མཆེད་རྐང་གཉིས་མཆོག་དང་བྱང་ཆུབ་དང ། །ལུང་བསྟན་སྤྲོས་པ་མེད་པར་གང་སྤྱོད་ཅིང ། །དེ་ལྟར་གང་འཚལ་དེ་དག་རྒྱལ་བའི་སྲས། །གནས་པ་མ་མཆིས་མི་གནས་མ་ལགས་ཏེ། །མཆིས་པ་མ་ལགས་མ་མཆིས་ཡོང་མ་ལགས། །འདུས་བྱས་མ་ལགས་འདུས་མ་བྱས་མ་ལགས། །དེ་ལྟར་གང་འཚལ་དེ་དག་རྒྱལ་བའི་སྲས། །རྒྱལ་དང་འགྲོ་འདི་དེ་ལྟར་ཡོངས་མཐོང་ཞིང ། །སྟོན་པའི་དགོངས་པ་དེ་ལྟར་འཚལ་གྱུར་ལ། །དེ་ལྟར་བགྱིས་ན་གང་ཟག་མཆོག་མཆོད་ཅིང ། །འདྲེན་པ་འཁོར་དང་བཅས་ལ་བསྙེན་བཀུར་ལགས། །རྣམ་པར་འདྲེན་པ་བསྟོད་པའི་བསོད་ནམས་གང ། །ཇི་སྙེད་འཇིག་རྟེན་ཕན་མཛད་མཁྱེན་པ་ཡི། །དགེ་བ་དེ་ཡིས་འགྲོ་བ་རབ་འབྱུང་བ། །རྒྱལ་བ་མཚན་མཆོག་ལྡན་པ་གྲུབ་པར་ཤོག་།དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་ལྡན་རིས་ཀྱི་ལྷ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འདྲེན་པ་རྒྱུ་ཡི་སྟོབས་ནི་གང་ཞིག་གིས། །སྟོབས་བཅུ་བརྙེས་པ་འདི་ལྟར་འཛུམ་མཛད་པ། །འཛུམ་པའི་རྒྱུ་དེ་འདྲེན་པས་བཀའ་སྩལ་གསོལ། །དེས་ནི་འཇིག་རྟེན་འདི་དག་དགའ་བར 81.77b འགྱུར། །ཤཱཀྱ་ཐུབ་པའི་ཞལ་ནས་འཛུམ་མཛད་པ། །འགྲོ་བ་འདིས་མཐོང་ཐེ་ཚོམ་འཚལ་འགྱུར་ཏེ། །ཉན་པར་འཚལ་ཞིག་གཞན་དུ་མི་སེམས་པར། །ཀུན་ཀྱང་འཇིག་རྟེན་ཕན་པའི་ཞལ་དུ་ལྟ། །འདི་ལྟར་དཔེར་ན་ནད་པ་ནད་སྐྱོ་བ། །སྨན་པས་བསྒོ་བ་བཞིན་དུ་འཛིན་བགྱིད་པ། །དེ་བཞིན་འཁོར་འདི་ལུང་བསྟན་ཐོས་འཚལ་ཞིང ། །རྐང་གཉིས་དབང་པོ་དེ་གཤེགས་ཞལ་དུ་ལྟ། །འཁོར་འདི་ཐམས་ཅད་རྒྱ་ཆེན་ལྡན་པ་སྟེ། །སངས་རྒྱས་དགོངས་ལ་ཞེན་པའི་ཡིད་དང་ལྡན། །རྒྱལ་བས་ལུང་བསྟན་དེ་དག་ཐོས་འཚལ་ཏེ། །ཀུན་ཀྱང་བདེ་གཤེགས་ཞལ་དུ་ལྟ་ཞིང་སྡོང ། །དེ་ལ་རྒྱལ་བས་ཐུགས་རྗེ་ཆེ་བསྐྱེད་ཅིང ། །ཅི་ནས་འཁོར་འདི་རབ་ཏུ་དགར་འགྱུར་དང ། །སངས་རྒྱས་དགོངས་ལ་བསམ་པ་གཞོག་འགྱུར་བར། །ཡེ་ཤེས་སྟོབས་ཀྱིས་ཐེ་ཚོམ་གཅད་དུ་གསོལ། །མི་ཡི་ཁྱུ་མཆོག་ལུང་བསྟན་དུས་ལ་བབ། །ཐེ་ཚོམ་འཚལ་བའི་ཐེ་ཚོམ་བསལ་དུ་གསོལ། །སངས་རྒྱས་སླར་སྡོའི་སྒྲ་ནི་མི་མངའ་ན། །རྟོག་གེའི་ཚོགས་ཀྱི་སྡེ་ནི་གཞིག་ཏུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་འཇིག་རྟེན་སྒྲོན་མཛད་ལ། །འཛུམ་པའི་དོན་དྲིས་དེ་ནི་དུས་དང་ལྡན། །དེ་ལྟར་འཇིག་རྟེན་མཁས་ལ་དྲིས་པས་ན། །དེ་རིང་འགྲོ་བ་འདི་ཡི་དོན་ཆེན་བྱས། །འཇིག་རྟེན་ཕན་ཕྱིར་འཛུམ་པ་འདི་མཛད་པ། །གང་གིས་ཆོས་རབ་འདི་དག་ཤེས་གྱུར་ཏེ། དེ་ལ་མཆོད་པ་རྒྱ་ཆེན་འདི་བྱས་པའི། །དགའ་ལྡན་ལྷ་ཡི་བསམ་པ་མཁྱེན་ནས་མཛད། །འགྲོ་བ་ཡང་དག་རྟོགས་པ་བཞིན་དུ་མཐོང ། །རྒྱལ་བའི་དགོངས་པས་ཆོས་ཉིད་བརྙེད་པར་གྱུར། །གང་ལ་འགྲོ་བ་ཐམས་ཅད་རྨོངས་གྱུར་བའི། །རྣམ་པར་ཐར་པའི་སྒོ་གསུམ་རབ་ཏུ་རྟོགས། །སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་བྱ་བྱས། །བསམ་པ་གཅིག་གིས་ཞུ་བ་ལེགས་པར་ཞུས། །དེ་ཉིད་དུ་ནི་སྟོང་ཉིད་ལེགས་པར་བསྒོམས། ། 81.78a སྔོན་ཆད་བྱས་པ་དེ་ནི་འདིར་ཡང་བསྟན། །དེ་དག་དེ་བཞིན་གཤེགས་དང་དེང་ཕྲད་ཅིང ། །སྐྱེས་བུ་མཆོག་དང་འགྲོགས་པ་ཐོབ་གྱུར་ནས། །སྟོང་པ་ཉིད་ཀྱིས་འདྲེན་པ་བསྟོད་བྱས་པ། །དེ་རིང་འགྲོ་བའི་དོན་ཆེན་ཤིན་དུ་བྱས། །འགྲོ་བ་ཐམས་ཅད་སྐྱེ་མེད་ཇི་བཞིན་དུ། །བྱང་ཆུབ་རྒྱལ་བ་དེ་བཞིན་ལུང་བསྟན་དང ། །གང་དག་ཞི་བ་ཐོབ་ནས་སྤྱོད་པ་དང ། །བྱང་ཆུབ་དེ་བཞིན་དེ་དག་སྐྱེ་བ་མེད། །འགྲོ་བ་ཀུན་གྱི་ཆོས་ཉིད་འདི་འདྲ་བ། །དེ་ཤེས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས། །ལྷ་རྣམས་གང་ཡང་དེ་ལ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ཀྱིས་རྟག་པར་དེ་ལྟར་སྤྱོད། །དེ་བཞིན་འགྲོ་བ་འགག་མེད་ཇི་བཞིན་དུ། །ལྷ་ཚོགས་འདི་དག་རྟོགས་པའི་བློ་ལྡན་ཏེ། །མཁས་པ་འདི་དག་ནེམ་ནུར་མེད་པས་ན། །དེ་ཕྱིར་འདི་དག་རྒྱལ་བ་རང་བྱུང་འགྱུར། །གནས་པ་མེད་པ་ལ་ནི་ངེས་གྱུར་ནས། །གཡོ་བ་མེད་པ་དེ་ལ་ནེམ་ནུར་མེད། །འགྲོ་བ་ཀུན་ལ་སེམས་པ་ཡོད་མིན་པ། །དེ་ལ་འང་ལྷ་རྣམས་ཐེ་ཚོམ་ཡོད་མེད་དོ། །ཆོས་རྣམས་ངོ་བོ་ཉིད་ཀྱིས་རང་བཞིན་མེད། །བྱང་ཆུབ་སེམས་དང་དེ་བཞིན་བྱང་ཆུབ་ཀྱང ། །ཐམས་ཅད་ངོ་བོ་ཉིད་ཀྱིས་རང་བཞིན་མེད། །དེ་ལ་འང་ལྷ་རྣམས་ཐེ་ཚོམ་རྣམ་པར་དག་།བློ་མཆོག་ལྡན་པའི་དགའ་ལྡན་ལྷ་འདི་རྣམས ། །ཀུན་ཀྱང་གནས་མེད་དེ་ལ་རབ་གནས་ཏེ། །དེ་ཕྱིར་ལྷ་རྣམས་བྱང་ཆུབ་རྙེད་མི་དཀའ། །རང་འབྱུང་ཉིད་ནི་མྱུར་དུ་ཐོབ་པར་འགྱུར། །འདྲེན་པས་སྐར་མ་འདྲ་བའི་བསྐལ་པ་ལ། །འགྲོ་བ་མཐའ་ཡས་རྣམ་པར་འགྲེལ་པར་འགྱུར། །རྒྱལ་བ་དེ་དག་མཚན་དུ་འགྱུར་བ་ནི། །རང་བྱུང་ཆོས་ལ་རྣམ་ངེས་རྒྱལ་པོའོ། །དེ་ལྟར་རྒྱལ་བས་དགའ་ལྡན་ལྷ་རྣམས་ཀྱི། །བསམ་པ་མཁྱེན་ཏེ་འགྲོ་ལ་བསྟན་མཛད་པ། །དེ་ཐོས་ནས་ནི་ལྷར་བཅས་འཇིག་རྟེན་ཡང ། །ཡི་རངས་གྱུར་ཅིང་སྟོབས་ཀྱང་ཐོབ་པར་འགྱུར། །དགའ་ལྡན་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ་།། དེ་ནས་དེའི་ཚེ 81.78b ཚེ་རབ་འཕྲུལ་ལ་སོགས་པ་འཕྲུལ་དགའ་བ་བྱེ་བ་ཕྲག་བདུན་བཅུས་ལྷ་མ་ཡིན་རྣམས་ནས་དགའ་ལྡན་རིས་ཀྱི་བར་གྱི་ལྷ་དེ་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཡང་དག་པའི་མཐའ་ལ་གནས་ཤིང་དེ་བཞིན་ཉིད་ལ་ཐེ་ཚོམ་མེད་པར་གྱུར་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་ལོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང ། སྒྲིབ་པ་མ་མཆིས་པའི་མཐའ་དང ། མཐའ་ཡས་པའི་མཐའ་དང ། མི་གནས་པའི་མཐའ་དང ། མི་ཟད་པའི་མཐའ་དང ། མི་གཉིས་པའི་མཐའ་སྟེ། མཐའ་མ་མཆིས་པའོ། །བཅོམ་ལྡན་འདས་དེ་ལ་མ་ནོར་བའི་སླད་དུ་ཡང་དག་པའི་མཐའ་ཞེས་བགྱིའོ། །ཚད་མ་མཆིས་པའི་སླད་དུ་མཐའ་ཡས་པའི་མཐའ་ཞེས་བགྱིའོ། །ཆགས་པ་མ་མཆིས་པའི་སླད་དུ་སྒྲིབ་པ་མ་མཆིས་པའི་མཐའ་ཞེས་བགྱིའོ། །ངོ་བོ་ཉིད་མ་མཆིས་པའི་སླད་དུ་མི་གནས་པའི་མཐའ་ཞེས་བགྱིའོ། །འབྱུང་བ་མ་མཆིས་པའི་སླད་དུ་མི་ཟད་པའི་མཐའ་ཞེས་བགྱིའོ། །རོ་གཅིག་པའི་སླད་དུ་མི་གཉིས་པའི་མཐའ་ཞེས་བགྱིའོ། །མ་མཆིས་པའི་སླད་དུ་མཐའ་མ་མཆིས་པ་ཞེས་བགྱིའོ། །བཅོམ་ལྡན་འདས་ཡང་དག་པའི་མཐའ་འདི་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལགས་ཏེ། ཆོས་གང་ཡང་དག་པའི་མཐའ་མ་ལགས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཅེས་བགྱི་བ་འདི་ནི་ཡང་དག་པའི་མཐའ་སྟེ། བྱང་ཆུབ་གང་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་མ་མཆིས་པ་ནི་བྱང་ཆུབ་ལགས་པར་རིག་པར 81.79a བགྱིའོ། །ཐ་ན་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་བོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་རང་བཞིན་མ་མཆིས་པ་སྟེ། མཚམས་མེད་པ་རྣམས་ཀྱང་རང་བཞིན་མ་མཆིས་པ་ལགས་པས་དེའི་སླད་དུ་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ཅེས་བགྱིའོ། །བཅོམ་ལྡན་འདས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་རང་བཞིན་མ་མཆིས་པ་སྟེ། མཚམས་མེད་པ་རྣམས་ཀྱང་དེའི་རང་བཞིན་ནོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། མཚམས་མེད་པ་རྣམས་ཀྱང་དེའི་རང་བཞིན་ནོ། །བཅོམ་ལྡན་འདས་གང་སུ་དག་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་བ་དེ་དག་ནི་གནོད་པར་འགྱུར་བའི་ཆོས་ཅན་ཏེ། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་འཁོར་བར་ཞུགས་པ་ཞིག་མཆིས་ན་ནི་མྱ་ངན་ལས་འདའ་བ་ཡང་བཙལ་བར་འགྱུར་ན། ཡང་དག་པའི་མཐའ་ལ་ནི་འཁོར་བར་ཞུགས་པ་གང་ཡང་མ་མཆིས་ན་ནི་དེ་མྱ་ངན་ལས་འདས་པ་ཅི་ཞིག་ཚོལ་བར་འགྱུར། བཅོམ་ལྡན་འདས་ཡང་དག་པའི་མཐའ་ནི་གཉིས་སུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དེ་ལ་བདག་ཅག་སོམ་ཉི་མ་མཆིས་ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཆོས་འདི་ལ་ནེམ་ནུར་དང་ཐེ་ཚོམ་མ་མཆིས་ན་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འཚལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྷའི་རྒྱལ་པོ་རབ་འཕྲུལ་ལ་སོགས་པ། འཕྲུལ་དགའ་རིས་ཀྱི་ལྷ་བྱེ་བ་ཕྲག་བདུན་བཅུ་པོ་དེ་དག་རང་གིས་རང་ལུང་བསྟན་པ་གསན་ནས་འགྲོ་བ་ཐམས་ཅད་རབ་ཏུ་དགའ་བར་བྱ་བའི་ཕྱིར་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ 81.79b གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་ཕན་པར་བཞེད་པས་འཛུམ་པ་མཛད། །འཛུམ་པའི་རྒྱུ་ནི་ཁྱོད་ཀྱིས་མ་བསྟན་ཏེ། །རང་བྱུང་སྐྱེས་བུ་དམ་པ་གང་དག་ཀྱང ། །རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་པས། །ཁྱོད་ཀྱི་ཞལ་ནས་འཛུམ་པ་དེ་མཛད་པ། །མཐོང་ནས་ལྷར་བཅས་འཇིག་རྟེན་ཐེ་ཚོམ་འཚལ། །འཛུམ་པའི་རྒྱུ་དེ་གང་ལགས་རང་བྱུང་གསུངས། །ཐེ་ཚོམ་འཚལ་བའི་ཐེ་ཚོམ་བསལ་དུ་གསོལ། །ཁྱོད་ཀྱིས་འཛུམ་མཛད་རྒྱུ་དེ་ཐོས་གྱུར་ན། །འཁོར་འདི་ཐམས་ཅད་ངོ་མཚར་ཐོབ་པར་འགྱུར། །བྱང་ཆུབ་མཆོག་ནི་ཡོངས་སུ་བསྒྲུབ་སླད་དུ། །དེ་དག་ལམ་མཆོག་ཤིན་དུ་རྣམ་དག་འགྱུར། །ཐེ་ཚོམ་འཚལ་བ་དག་ནི་ནམ་དུ་ཡང ། །བྱང་ཆུབ་ཡིད་བཞིན་བདེ་བར་མི་འགྲུབ་སྟེ། །ཐེ་ཚོམ་སོམ་ཉི་བསལ་ནས་མཁས་པ་རྣམས། །བྱང་ཆུབ་མཆོག་གི་རྒྱུ་དང་སྐལ་ལྡན་འགྱུར། །རྐང་གཉིས་དབང་པོ་ཁྱོད་ཀྱིས་འཁོར་འདི་དག་།སྡིག་པ་ཡོངས་སྤངས་བྱང་ཆུབ་སེམས་དང་ལྡན། །ལྷ་རྣམས་ལུང་བསྟན་དེ་དག་ཐོས་གྱུར་ན། །རྒྱལ་བའི་གོ་འཕང་རྒྱ་ཆེན་ཐོབ་པར་འགྱུར། །དེ་བས་རྒྱལ་བས་ཐུགས་རྗེ་ཆེ་བསྐྱེད་ཅིང ། །ཐེ་ཚོམ་འཚལ་བ་རྣམས་ལ་ཐུགས་བརྩེ་བས། །ལྷ་ཚོགས་འདི་དག་ཐམས་ཅད་ལུང་བསྟན་ཅིང ། །འགྲོ་བ་འདི་དག་ཐམས་ཅད་དགའ་བར་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །ངས་ནི་འཇིག་རྟེན་ཕན་ཕྱིར་འཛུམ་པ་མཛད། །རྟ་ཐུལ་ཁྱོད་ཀྱིས་ཞུ་བ་དེ་ཞུས་པ། །ལུང་བསྟན་དེ་ནི་ཁྱོད་ལ་མ་ལུས་པར། །བསྟན་པར་ངས་བྱས་དང་བས་ཀུན་ཀྱང་ཉོན། །འཕྲུལ་དགའི་རིས་ཀྱི་ལྷ་ཚོགས་འདི་རྣམས་ཀྱིས། །ཐམས་ཅད་མཁྱེན་པར་བདག་ཅག་ལུང་བསྟན་ཏེ། །མུ་སྟེགས་ཚོགས་ཀྱིས་བསམ་པ་ཟིལ་མནན་ནས། །འཁོར་འདིར་སེང་གེའི་ང་རོ་ཆེན་པོ་བསྒྲགས། །གནམ་དུ་རྡོ་འཕངས་ས་ལ་ལྟུང་བ་ལྟར། ། 81.80a དེ་ལ་ཐེ་ཚོམ་ཟ་བར་མི་འགྱུར་ཏེ། །དེ་ལྟར་ཐེ་ཚོམ་མེད་པའི་ཚུལ་ཐོབ་པ། །བདག་ཅག་ཉིད་ནི་སྟོབས་བཅུར་འགྱུར་བར་ཤེས། །ཉི་མ་ནུབ་གྱུར་ནམ་སྲོས་གྱུར་པའི་ཚེ། །མི་རྣམས་ཟླ་བ་མྱུར་དུ་འཆར་བར་ཤེས། །དེ་བཞིན་རྒྱལ་བའི་སྲས་པོ་ཚུལ་ཐོབ་དག་།བདག་ཅག་ཉིད་ནི་སྟོབས་བཅུར་འགྱུར་བར་ཤེས། །སྐར་ཚོགས་དབུས་ན་ཟླ་བ་གནས་པ་ནི། །སེམས་ཅན་མཚུངས་པར་འདི་ལ་ཐེ་ཚོམ་མེད། །དེ་བཞིན་རྒྱལ་བའི་སྲས་པོ་ཚུལ་ཐོབ་དག་།བདག་ཅག་ཐམས་ཅད་མཁྱེན་དུ་འགྱུར་བར་ཤེས། །ཇི་ལྟར་ཉི་མ་ནུབ་པར་གྱུར་པའི་ཚེ། །ཉི་མ་མི་མཐོང་སེམས་ཅན་དེ་དག་ཤེས། །དེ་བཞིན་བདེ་གཤེགས་སྲས་པོ་ཚུལ་ཤེས་པ། །ཡེ་ཤེས་དམ་པ་ཐོབ་པར་འགྱུར་དུ་ཤེས། །ཆུ་ཀླུང་ཇི་ལྟར་གཞོལ་བར་འབབ་འགྱུར་ཞིང ། །རྒྱ་མཚོར་འབབ་པར་མཁས་པ་རྣམས་ཀྱིས་ཤེས། །དེ་བཞིན་བདེ་གཤེགས་སྲས་པོ་ཚུལ་ཤེས་པ། །བྱང་ཆུབ་རྒྱ་ཆེན་ཐོབ་པར་འགྱུར་བར་ཤེས། །ཇི་ལྟར་གནམ་དུ་བོང་བ་འཕངས་པ་ནི། །ས་ལ་ལྷུང་བར་འགྱུར་དུ་ཐེ་ཚོམ་མེད། །དེ་བཞིན་རྒྱལ་སྲས་མཁས་པ་དེ་དག་ཀྱང ། །འཇིག་རྟེན་མཁས་པར་མྱུར་འགྱུར་ཡེ་ཤེས་འཇུག་།གང་ཐོས་ནས་ནི་ཐེ་ཚོམ་མེད་འགྱུར་ཞིང ། །སངས་རྒྱས་ཡོན་ཏན་གནས་པར་བདག་ཤེས་ལ། །རང་གི་སར་ཉེ་ལག་སྟོང་མ་ཡིན་པར། །མཁས་པ་རྣམས་ཀྱི་ཆོས་ཉིད་རབ་ཏུ་མཐོང ། །གལ་ཏེ་བདུད་ཀྱི་ཚོགས་ནི་བྱེ་བ་དག་།སངས་རྒྱས་གཟུགས་བསྒྱུར་བར་ཆད་སྨྲས་བྱས་ཀྱང ། །ཆོས་ལ་མཁས་པ་ཆོས་ཉིད་རབ་མཐོང་བ། །དེ་དག་བྱང་ཆུབ་ལས་ནི་བཟློག་མི་ནུས། །དེ་ལྟར་སངས་རྒྱས་ཡོན་ཏན་རབ་གནས་ཤིང ། །བདག་གིས་བདག་ཉིད་ལུང་བསྟན་བརྗོད་བྱེད་པ། །དེ་ལ་འདྲེན་པ་ཆོ་ག་ཚུལ་མཁྱེན་པ། །མི་དབང་ལུང་བསྟན་དེ་ལ་ཡི་རང་མཛོད། །དེ་ལྟར་ལྷ་ཚོགས་འདི་དག་ཚུལ་འདི་ལ། །གཞན་གྱི་དྲིང་ལ་མི་འཇོག་མངོན་ཤེས་ཤིང ། །དེ་དག་བདེ་གཤེགས་འགྱུར་ཞེས་རང་སྨྲ་ལ། །འཇིག་རྟེན་མཁས་པ་རྗེས་སུ་ཡི་རང 81.80b མཛད། །རྟ་ཐུལ་དེ་བས་མཁས་པ་གང་གི་རྣམས། །བླ་མེད་བྱང་ཆུབ་ཐོབ་པར་བྱར་སེམས་པ། །དེ་དག་ཚུལ་འདི་ཤེས་པར་གང་གྱུར་པའི། །འཕགས་པའི་སྐྱེ་བོ་མཁས་ལ་བསྟེན་པར་བྱ། །གང་དག་ཚུལ་ལ་འཇུག་པ་རབ་མཐོང་ཞིང ། །མཁས་པ་གང་དག་དགེ་བཤེས་བསྙེན་བཀུར་བ། །དེ་དག་བྱང་ཆུབ་ལགས་མཐིལ་འདྲ་བར་གསལ། །ཚུལ་ཤེས་དེ་དག་རང་གིས་རང་འབྱུང་འགྱུར། །གང་གིས་བསྐལ་པ་སྟོང་དུ་དཀའ་ཐུབ་སྤྱད། །ཤ་ཁྲག་ལྤགས་ལ་མི་ལྟ་བྱས་པ་བས། །གང་གིས་ཚུལ་འདི་སྐད་ཅིག་རྟོགས་གྱུར་ན། །དེ་ནི་ཁྱད་འཕགས་དཀའ་ཐུབ་དེ་ལྟར་མིན། །འདས་པའི་རང་བྱུང་གང་རྣམས་བྱུང་བ་དང ། །མ་འོངས་སེམས་ཅན་ཕན་བཞེད་གང་བྱུང་དང ། །ད་ལྟར་དུས་ན་འདྲེན་པ་གང་བཞུགས་པ། །ཀུན་ཀྱང་ཚུལ་གྱིས་བདེ་བར་གཤེགས་པ་ཐོབ། །རབ་འཕྲུལ་ལྷ་ཚོགས་ཐུབ་པའི་ཚུལ་ཤེས་པ། །འདི་དག་ང་ལ་མཆོད་པ་མཆོག་བྱས་ཤིང ། །འདྲེན་པ་ཐམས་ཅད་བསྙེན་བཀུར་རབ་བྱས་ན། །ཚུལ་གྱིས་སུ་ནི་རང་འབྱུང་ཐོབ་པར་འགྱུར། །འཇིག་རྟེན་མཁས་པའི་ཏིང་འཛིན་གང་ཡིན་པ། །དེ་ཡིས་རྒྱལ་བ་རང་བྱུང་གནས་པའི་རྣམས། །དེ་དག་ཐམས་ཅད་རྒྱལ་བའི་སྤྱོད་ཡུལ་པོ། ཚུལ་ཐོབ་རྣམས་ཀྱིས་མངོན་བསྟེན་མྱུར་དུ་འཐོབ། །དེ་ལ་རྟ་ཐུལ་སངས་རྒྱས་སྲས་རྣམས་ནི། །སངས་རྒྱས་གནས་པ་དེ་ལ་ནེམ་ནུར་མེད། །སངས་རྒྱས་ཚུལ་ལ་སེམས་ཅན་རྣམ་རྩེ་བ། །ཚུལ་ཤེས་པ་དག་སྟོན་པའི་ལམ་ལ་སྤྱོད། །དེ་ལྟས་ཚུལ་ལ་དད་པའི་ཡིད་བྱས་ཏེ། །བརྩམ་པར་བྱ་ཡི་སྡུག་བསྔལ་སྤྱོད་ལ་མིན། །རྟག་ཏུ་དགེ་བཤེས་མཁས་པ་བསྟེན་བྱས་ན། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །བདེ་བར་གཤེགས་པའི་གསུང་མཆོག་ཐོས་ནས་ནི། །འཁོར་ཀུན་རྒྱལ་བའི་བྱང་ཆུབ་ཡི་རངས་ཏེ། །རྗེས་སུ་ཡི་རང་ཐེ་ཚོམ་མེད་གྱུར་ནས། །མཐར་ཕྱིན་བློ་གྲོས་ལ་ནི་ཞུགས་པར་གྱུར། །འཕྲུལ་དགའ་བ་ལུང་བསྟན་པའི་ལེའུ་སྟེ་བཅཝ་བརྒྱད་པའོ།། ་།། བམ་པོ་བདུན་པ། དེ་ནས་དེའི་ཚེ་ལྷའི་རྒྱལ་པོ་དབང་སྒྱུར་ལ་སོགས་པ་གཞན་འཕྲུལ་དབང 81.81a བྱེད་རིས་ཀྱི་ལྷ་ཁྲག་ཁྲིག་ཕྲག་བརྒྱད་བཅུས་ལྷ་མ་ཡིན་རྣམས་ནས་འཕྲུལ་དགའི་ལྷའི་བར་དག་གིས་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་བསྐྱེད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕྲུལ་དགའི་ལྷ་རྣམས་ཀྱིས་ཡང་དག་པའི་མཐའ་ཞེས་གང་སྨྲས་པ་དེ་ལ་བདག་ཅག་གིས་ནི་ཡང་དག་པ་ཡང་མི་དམིགས་ན་དེའི་མཐའ་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་ཡང་དག་པ་དམིགས་ན་ནི་མཐའ་ཡང་དེས་དམིགས་པར་འགྱུར་ཏེ་དེ་ནི་གཉིས་ཀྱིས་སྤྱོད་པའོ། །དེ་ལྟ་བུ་དེ་ནི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་གཉིས་སུ་མ་མཆིས་པའི་ཆོས་རྣམས་ལ་ཆོས་རྣམས་ནི་གཉིས་སུ་མེད་དོ་ཞེས་མི་སྤྱོད་མ་མོས་ན་དེ་འདི་སྙམ་དུ་བདག་གིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་སུ་ལགས་ཀྱང ། དེ་ནི་ལམ་ལོག་པར་ཞུགས་པར་འཚལ་བར་བགྱིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་འདི་བྱང་ཆུབ་ཏུ་སྨོན་པ་དེ་ནི་ལམ་ལོག་པར་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས་གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་ཆོས་འགའ་ཞིག་དམིགས་པར་གྱུར་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཆོས་ནི་འདས་པ་མ་ལགས། མ་འོངས་པ་མ་ལགས། ད་ལྟར་བྱུང་བ་མ་ལགས། འདུས་བྱས་མ་ལགས། འདུས་མ་བྱས་མ་ལགས། དངོས་པོ་མ་ལགས། །དངོས་པོ་མ་མཆིས་པ་མ་ལགས། མངོན་པར་ཤེས་པར་བགྱི་བ་མ་ལགས། ཡོངས་སུ་ཤེས་པར་བགྱི་བ་མ་ལགས། སྤང་བར 81.81b བགྱི་བ་མ་ལགས། བསྒོམ་པར་བགྱི་བ་མ་ལགས། མངོན་དུ་བགྱི་བ་མ་ལགས་སོ་བཅོམ་ལྡན་འདས་བྱང་ཆུབ་ཅེས་བགྱི་བ་དེ་ཡང་ཆོས་གང་གི་གཉེན་པོ་ཡང་མ་ལགས་ལ་ཆོས་གང་ཡང་ཆོས་དེའི་གཉེན་པོ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་དེ་ནི་ཀུན་ནས་ཉོན་མོངས་པ་མ་ལགས། རྣམ་པར་བྱང་བ་མ་ལགས་ཏེ། གང་གིས་ཆོས་གཞན་གྱི་གཉེན་པོར་གྱུར་པའི་ཆོས་དེ་ཡང་རང་བཞིན་གྱིས་མི་དམིགས་ལ་གང་ཆོས་དེའི་གཉེན་པོར་གྱུར་བའི་ཆོས་གཞན་དེ་གང་ཡང་རང་བཞིན་གྱིས་མི་དམིགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཚན་མ་དང་བྲལ་བ་སྟེ། དེ་དག་ནི་མངོན་པར་ཤེས་པར་བགྱི་བ་མ་ལགས། ཡོངས་སུ་ཤེས་པར་བགྱི་བ་མ་ལགས། སྤང་བར་བགྱི་བ་མ་ལགས། བསྒོམ་པར་བགྱི་བ་མ་ལགས། མངོན་དུ་བགྱི་བ་མ་ལགས་ཏེ། བཅོམ་ལྡན་འདས་གཟུགས་ནི་གཟུགས་ཀྱི་མཚན་མ་དང་བྲལ་བའོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་མ་དང་བྲལ་བའོ། །གཟུགས་ཀྱི་སྐྱེ་བའི་མཚན་མ་ནས་རྣམ་པར་ཤེས་པའི་བར་གྱི་སྐྱེ་བ་གང་ལགས་པ་དེ་ཡང་སྐྱེ་བའི་མཚན་མ་དང་བྲལ་བའོ། །གཟུགས་ཀྱི་འགག་པ་ནས་རྣམ་པར་ཤེས་པའི་བར་གྱི་འགག་པ་གང་ལགས་པ་དེ་ཡང་འགག་པའི་མཚན་མ་དང་བྲལ་བའོ། །བཅོམ་ལྡན་འདས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་ཡང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་དང་བྲལ་བའོ། །འདུས་བྱས་ཀྱང་འདུས་བྱས་ཀྱི་མཚན་མ་དང་བྲལ་བའོ། །འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱི་མཚན་མ་དང་བྲལ་བའོ། །བཅོམ་ལྡན་འདས་དེ་ལྟར་ཇི་ཙམ་དུ་ཕུང་པོས་བཟུང་བ་འམ། སྐྱེ་བ་དང ། འགག་པས་བཟུང་བ་འམ། འདས་པས་བཟུང་བ་འམ། མ་འོངས་པས་བཟུང་བ་འམ། ད་ལྟར་བྱུང་བས་བཟུང་བ་འམ། འདུས་བྱས་ཀྱིས་བཟུང་བ་འམ། འདུས་མ་བྱས་ཀྱིས་བཟུང་བ་དེ་དག་ནི་རྣམ་པ་ཐམས་ཅད་དུ་མི་དམིགས་ཏེ། དེ་ལྟར་མི་དམིགས་པ་དེ་ནི་མངོན་པར་ཤེས་པར་བགྱི་བ་མ་ལགས། ཡོངས་སུ་ཤེས་པར་བགྱི་བ་མ་ལགས། སྤང་བར་བགྱི་བ་མ་ལགས། བསྒོམ་པར་བགྱི་བ 81.82a མ་ལགས། མངོན་དུ་བགྱི་བ་མ་ལགས་ཏེ། བཅོམ་ལྡན་འདས་གང་དག་དེ་ལྟར་ཞུགས་པའི་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་བགྱིའོ། །དེ་ནས་གཞན་འཕྲུལ་དབང་བྱེད་རིས་ཀྱི་ལྷ་དེ་དག་གིས་ཇི་ལྟར་ཤེས་པའི་ཆོས་དེ་ལྟར་ལུང་བསྟན་ནས་དེའི་ཚེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བཅོམ་ལྡན་སྲིད་པ་མཐར་འབྱིན་ལེགས་པར་གསུངས། །འདྲེན་པས་སྲིད་པའི་སྙིང་པོ་མ་བརྙེས་ན། །སྐྱེ་བོ་མི་མཁས་དེ་དག་འཇིགས་པ་ཡིས། །འཁོར་བའི་ཕ་རོལ་བགྲོད་ཕྱིར་རབ་ཏུ་ཞུགས། །ཕུང་པོ་རྣམས་ནི་ཀུན་དུ་མི་དམིགས་ཏེ། །ཕུང་པོའི་མཚན་མས་ཕུང་པོ་སྟོང་པ་ཉིད། །ཆོས་གང་གང་གི་གཉེན་པོར་འགྱུར་བ་ནི། །མཚན་མས་སྟོང་སྟེ་གང་ཡང་མ་མཆིས་སོ། །ངོ་བོ་ཉིད་ཀྱིས་སྟོང་ཕྱིར་དངོས་པོ་གང ། །ཡོངས་ཤེས་བྱ་དང་སྤང་བསྒོམས་མངོན་བྱ་བ། །གང་ཡང་མ་མཆིས་གང་དུའང་མི་དམིགས་ཏེ། །དངོས་པོ་རྣམས་ནི་དངོས་མེད་རང་བྱུང་གསུང ། །བྱང་ཆུབ་གང་ཡང་མཚན་མར་མི་དམིགས་ཏེ། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དེ་བཞིན་ནོ། །སངས་རྒྱས་གང་ཡང་མཚན་མར་མི་དམིགས་ཏེ། །བྱང་ཆུབ་སེམས་དཔའ་མཚན་མས་རྟོགས་མི་འགྱུར། །མི་མཁས་གང་དག་མཚན་མར་མངོན་ཞེན་པ། །དེ་དག་བྱང་ཆུབ་འཚང་རྒྱར་སེམས་བསྐྱེད་ཀྱང ། །མཚན་མར་སྤྱོད་ཅིང་སྤྱོད་ཡུལ་ལོག་པ་སྟེ། །བློ་གྲོས་ངན་པས་བྱང་ཆུབ་ལམ་མི་སྤྱོད། །མཚན་མ་སུས་སྤངས་སངས་རྒྱས་སྤྱོད་ཡུལ་ལ། །སྤྱོད་པ་དེ་དག་སངས་རྒྱས་བསྟན་ལ་མཁས། །མཚན་མ་དེ་བཞིན་མཚན་མ་མེད་སྤངས་ཏེ། །སྟོང་དང་མི་སྟོང་དེ་བཞིན་དམིགས་མེད་པ། །མཁས་པ་དེ་དག་བྱང་ཆུབ་ལམ་ལ་སྤྱོད། །དེ་དག་བྱང་ཆུབ་དམ་པ་ཞི་བ་འཐོབ། །ཕས་ཀྱི་རྒོལ་བ་ཀུན་གྱི་སྤྱོད་ཡུལ་མིན། །གནས་དེ་ཉན་ཐོས་རྣམས་ཀྱིས་བགྲོད་བྱ་མིན། །རང་རྒྱལ་རྣམས་ཀྱང་དེ་ལ་མི་འགྲོ་སྟེ། །རྣམ་གྲོལ་སེམས་ལྡན་ཟག་མེད་ཐ་བ་མེད་དགྲ་བཅོམ 81.82b བསྟན་པ་འདི་ལ་གང་བརྩོན་དང ། །དེ་བཞིན་རང་རྒྱལ་སྐྱོབ་པར་གྱུར་པ་དག་།མཁས་པའི་སྤྱོད་ཡུལ་དེ་ལ་སྤྱོད་ཡུལ་མེད། །གོ་འཕང་དེ་ནི་མཚན་མ་སྤྱོད་པ་དང ། །ཉི་ཚེའི་སྟོང་པ་ཉིད་ལ་སྒོམ་པ་དང ། །གང་རྣམས་སྟོང་པས་སྟོང་ཞེས་སྟོང་སྨྲ་དང ། །ཆོས་ཀུན་རང་བཞིན་ཡོད་སྨྲས་འཐོབ་མི་ནུས། །སངས་རྒྱས་མ་སྨད་རྣམས་ཀྱི་བསླབ་པ་ལ། །སློབ་དང་རྣམ་བྲལ་སློབ་པ་སློབ་པའི་རྣམས། །མཁས་དེ་རྟོགས་པ་མེད་པས་བྱང་ཆུབ་རྟོགས། །སྟོན་པས་བསྟན་པ་བཞིན་དུ་དགྱེས་བྱེད་ལགས། །སངས་རྒྱས་རྐང་གཉིས་གཙོ་བོ་སྟོང་བས་ན། །བདག་ཅག་བསོད་ནམས་མི་ཆུང་གང་ཐོབ་དེས། །འགྲོ་བ་བྱང་ཆུབ་དམ་པ་འཚང་རྒྱ་ཞིང ། མི་ཤེས་སྟོན་མཛད་སངས་རྒྱས་འགྲུབ་པར་ཤོག་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྷའི་རྒྱལ་པོ་དབང་སྒྱུར་ལ་སོགས་པ་གཞན་འཕྲུལ་དབང་བྱེད་རིས་ཀྱི་ལྷ་ཁྲག་ཁྲིག་ཕྲག་བརྒྱད་བཅུ་པོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གཞན་འཕྲུལ་དབང་བྱེད་ལྷ་ཡི་བསམ་མཁྱེན་ནས། །རྐང་གཉིས་གཙོ་བོ་ཁྱོད་ཀྱིས་འཛུམ་མཛད་ལ། །ཐུབ་པས་འཛུམ་པའི་རྒྱུ་དེ་མ་གསུངས་ན། །རྒྱལ་བ་འཛུམ་པའི་རྒྱུ་ནི་བསྟན་དུ་གསོལ། །འདྲེན་པ་རྒྱུ་མེད་འཛུམ་པ་མི་མཛད་ཅེས། །རྒྱལ་བ་ཁྱུ་མཆོག་དམ་པས་དེ་སྐད་གསུངས། །འཇིག་རྟེན་དོན་སླད་འཛུམ་པ་མཛད་པའི་རྒྱུ། །འདྲེན་པས་བཀའ་སྩོལ་ཐེ་ཚོམ་བསལ་དུ་གསོལ། །དྲང་སྲོང་ཆེན་པོའི་ཞལ་ནས་འཛུམ་རིག་ནས། །ཐུབ་ཆེན་ཁྱོད་ཀྱི་འཁོར་རྣམས་ཐེ་ཚོམ་འཚལ། །གཽ་ཏམ་རྒྱལ་བ་འདྲེན་པས་དེ་དག་ལ། །འཇིག་རྟེན་སྨན་སླད་འཛུམ་རྒྱུ་ལུང་བསྟན་གསོལ། །འདི་དག་འཁོར་བའི་རྒྱུད་ལས་རྒྱབ་ཕྱོགས་ཏེ། །མྱ་ངན་འདས་པའི་སེམས་ཀྱིས་ཐལ་སྦྱར་སྡོང ། །འཁོར་འདི་ཡངས་པའི་སེམས་ལྡན་ཐེ་ཚོམ་འཚལ། །དོན་ཡོད་གྲགས 81.83a མངའ་སོམ་ཉི་བསལ་དུ་གསོལ། ་་།བདེ་གཤེགས་བསྟན་ལ་ཐེ་ཚོམ་མ་མཆིས་ཏེ། །ཕྱིར་ཞིང་དད་བསྐྱེད་རིམ་གྲོ་ཆེར་བགྱིད་དེ། །ཐེ་ཚོམ་མི་འཚལ་སེམས་ནི་གྲོལ་འགྱུར་བར། །རྒྱལ་བས་སྐྱེ་བོའི་ཐེ་ཚོམ་ལེགས་པར་ཁུམ། །བདེ་གཤེགས་བསྟན་ལ་འདི་དག་བདེར་གནས་ཤིང ། །གང་ལམ་རང་བྱུང་རྒྱལ་བ་གཤེགས་གྱུར་པ། །ལམ་དེ་ནས་ནི་ཐེ་ཚོམ་མ་མཆིས་མཆི། །དེ་བས་སྐྱེ་བོའི་ཐེ་ཚོམ་བཅད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །སྐྱེ་བོ་ཚོགས་ཆེན་དོན་དབང་བརྟེན་བྱས་ནས། །ཚིགས་སུ་བཅད་དེ་དུས་སུ་གང་སྨྲས་ཤིང ། །འཛུམ་པའི་དོན་གྱི་རྒྱུ་ནི་ཡོངས་ཞུས་པ། །ཁྱོད་ཀྱི་ཚིག་ནི་དུས་དང་ལྡན་པ་ཡིན། །རྟ་ཐུལ་དྲི་བ་དེ་ཡི་དོན་དྲིས་པས། །སྐྱེ་བོ་ཚོགས་ཆེན་འདི་ཡི་དོན་བྱས་གྱུར། །ཁྱོད་ཀྱིས་དེ་དྲིས་སྐྱེ་བོ་ཚོགས་ཆེན་དག་།བྱང་ཆུབ་མཆོག་ཏུ་ཡང་དག་ཞུགས་པར་འགྱུར། །གཞན་འཕྲུལ་དབང་བྱེད་བསམ་པ་ངས་མཁྱེན་ཏེ། །རྟ་ཐུལ་འཛུམ་པ་འདི་ནི་ངས་བསྟན་ཏོ། །འཇིག་རྟེན་མཁྱེན་པའི་བསྟན་པའི་ལམ་དེ་ནས། །དོན་དུ་གཉེར་བ་དེ་དག་དེ་བཞིན་འདོང ། །གང་གིས་འགྲོ་བ་འདི་དག་མཚན་མེད་པར། །སྨྱིག་རྒྱུ་ལ་ནི་ཇི་ལྟར་ཆུ་བཞིན་མཐོང ། །བྱིས་པའི་རྨོངས་པ་མཁས་པའི་ཚུལ་བཞིན་ཏེ། །དེ་དག་རྗེས་སུ་བྱང་ཆུབ་འདོད་པས་བསླབ། །མཚན་མའི་འདུ་ཤེས་སྤང་ཕྱིར་མི་རྣམས་གང ། རྟག་ཏུ་མཚན་མ་མངོན་དགའ་འཇིག་འགྱུར་ཞིང ། །མཚན་མའི་འདུ་ཤེས་ལོག་པའི་ལམ་དུ་འདོང ། །མཚན་མ་མེད་པ་བྱང་ཆུབ་མཆོག་ཐོབ་འགྱུར། །མེད་པའི་རྟོག་ལྡན་མཚན་མར་རྣམ་བརྟགས་ནས། །ཇི་ལྟར་བརྟགས་ནས་དེ་ལྟར་འཆིང་བ་ཡིན། །མཚན་མ་སྟོང་པར་རྣམ་མཐོང་མཁས་པ་ཡི། །ཞི་བ་དག་ནི་གྲགས་པ་དམ་པ་ཐོབ། །འདུ་ཤེས་མཚན་ཅན་མི་མཉམ་སེམས་རྒྱུད་ཀྱིས། །སྡིག་པ་བརྒྱ་དག་མི་མཁས་དེ་དག་བྱེད། །འགྲོ་བ་ཀུན་དུ་སྡུག་བསྔལ་མི་ཆུང་མྱོང ། །དེ་ལྟར་མི་མཁས་མཚན་མ་བརྟག་པ་བྱས། །མཚན་མར་འདུ་ཤེས 81.83b པ་ནི་ཕུང་པོ་དང ། །སངས་རྒྱས་བྱང་ཆུབ་བྱང་ཆུབ་སེམས་དཔའ་མཐོང ། །དེ་ལྟར་མཚན་མ་མེད་ཅིང་སྟོང་མཐོང་ན། །བྱང་ཆུབ་གཞལ་མེད་བླ་ན་མེད་པ་འཐོབ། །འདུ་ཤེས་མཚན་མ་ཅན་ལ་ཉོན་མོངས་འཕེལ། །མཚན་མ་མེད་པ་ཀུན་དུ་སྦྱོར་བ་སྤོང ། །མཚན་མ་ལས་ནི་ཀུན་སྦྱོར་གཞན་མེད་དེ། །ཀུན་དུ་སྦྱོར་བ་དེ་ཉིད་མཚན་མེད་ཡིན། །གང་རྣམས་བྱང་ཆུབ་ཐོབ་པར་བྱ་རྟོག་པ། །རྟོག་པ་དེ་ཉིད་མི་མཁས་པར་ཆད་ཡིན། །མཁས་པའི་ལོངས་སྤྱོད་རྣམ་པ་ཐོབ་བྱེད་ན། །ལོངས་སྤྱོད་དེ་ཉིད་མཚན་མ་མེད་པར་འགྱུར། །ཆོས་རྣམས་གང་ཡང་རང་བཞིན་ཉིད་ཀྱིས་མེད། །རྣམ་པར་རྟོག་པས་ཆོས་བྱུང་ཀུན་ཀྱང་སྟོང ། །རྟོག་པ་མེད་པས་མཚན་མ་མེད་པར་འགྱུར། །དེ་ཉིད་བྱང་ཆུབ་གཞན་དུ་མཁས་མེ་སྨྲ། །རྒྱལ་བས་གསུངས་པ་དེ་དག་ཐོས་གྱུར་ནས། །མི་འཇིགས་ལྡན་པའི་འཁོར་ནི་ཐེ་ཚོམ་བསལ། །དཔེར་ན་ཙམ་པའི་ཕྲེང་བ་འཛིན་པ་ལྟར། །མཁས་རྣམས་ཐུབ་པས་གསུངས་ལ་ལེགས་ཤེས་འཛིན། །འཇིགས་པ་མེད་པའི་ལྷ་ཚོགས་འདི་དག་གིས། །མཆོད་པ་འཕགས་པ་བླ་ན་མེད་བྱས་ཤིང ། །རྒྱལ་བའི་སྤྱོད་ཡུལ་ཆོས་རྣམས་ཡོངས་ཤེས་ནས། །འགྲོ་བ་རྣམ་པར་འདྲེན་པ་ཀུན་མཁྱེན་འགྱུར། །གཞན་འཕྲུལ་དབང་བྱེད་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཚངས་རིས་ཀྱི་ལྷ་བྱེ་བ་ཕྲག་དྲུག་བཅུས་ལྷ་མ་ཡིན་རྣམས་ནས་གཞན་འཕྲུལ་དབང་བྱེད་རིས་ཀྱི་ལྷའི་བར་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་སྔོན་དགེ་བའི་རྩ་བ་བསགས་པ་དང ། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་དང ། བསམ་པ་ཡོངས་སུ་དག་པའི་ཕྱིར་འཇིག་རྟེན་པའི་བསམ་གཏན་ལ་མི་འདོད་པ་སྐྱེས་ཤིང་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་ནི་སྣང་བ་ཐོབ་སྟེ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པར་གྱུར་ནས་དེ 81.84a དག་གིས་ཆོས་ཐམས་ཅད་བྱས་པ་ཡང་མ་ཡིན། མ་བྱས་པ་ཡང་མ་ཡིན་ཞེས་བྱ་བར་ཤེས་པར་གྱུར་ཏོ། །དེ་བཞིན་དུ་སྐྱེས་པ་ཡང་མ་ཡིན། མ་སྐྱེས་པ་ཡང་མ་ཡིན། བྱུང་བ་ཡང་མ་ཡིན། མ་བྱུང་བ་ཡང་མ་ཡིན། གྲུབ་པ་ཡང་མ་ཡིན། མ་གྲུབ་པ་ཡང་མ་ཡིན། འགག་པ་ཡང་མ་ཡིན། མ་འགག་པ་ཡང་མ་ཡིན། གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན། ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན། རྗེས་སུ་ཆགས་པ་ཡང་མ་ཡིན། ཁོང་ཁྲོ་བ་ཡང་མ་ཡིན། རྨོངས་པ་ཡང་མ་ཡིན། མ་རྨོངས་པ་ཡང་མ་ཡིན། ཤེས་པ་པོ་ཡང་མ་ཡིན། ཤེས་པ་པོ་མེད་པ་ཡང་མ་ཡིན། མཐོང་བ་པོ་ཡང་མ་ཡིན། མཐོང་བ་པོ་མེད་པ་ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། ཚོར་བ་པོ་མེད་པ་ཡང་མ་ཡིན། སྟོན་པ་པོ་ཡང་མ་ཡིན། སྟོན་པ་པོ་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན། འགྲོ་བ་ཡང་མ་ཡིན། འོང་བ་ཡང་མ་ཡིན། སོང་བ་ཡང་མ་ཡིན། འོང་བ་ཡང་མ་ཡིན། སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན། མཚན་མ་ཡོད་པ་ཡང་མ་ཡིན། མཚན་མ་མེད་པ་ཡང་མ་ཡིན། སྨོན་པ་ཡོད་པ་ཡང་མ་ཡིན། སྨོན་པ་མེད་པ་ཡང་མ་ཡིན། སྨོན་པ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་ཏོ། །དེ་དག་དེ་ལྟར་ཆོས་ཐམས་ཅད་ལ་ཡོང་མི་གནས་པའི་ཡིད་ཀྱིས་དེ་དག་མིང་ལ་ཡང་མི་གནས། ཐ་སྙད་ལ་ཡང་མི་གནས། བརྗོད་པ་ལ་ཡང་མི་གནས། དེ་དག་ནི་བརྗོད་པའི་འདུ་ཤེས་ཅན་ཡང་མ་ཡིན་བརྗོད་དུ་མེད་པའི་འདུ་ཤེས་ཅན་ཡང་མ་ཡིན། བྱ་བའི་འདུ་ཤེས་ཅན་ཡང་མ་ཡིན། བྱ་བ་མེད་པའི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོའི་སྐྱེ་བོའི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོ་སྐྱེ་བོ་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོའི་སྐྱེ་བོ་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས 81.84b མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས་ཀྱི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། མྱ་ངན་ལས་འདས་པའི་འདུ་ཤེས་ཅན་ཡང་མ་ཡིན། མྱ་ངན་ལས་འདས་པ་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། འཁོར་བའི་འདུ་ཤེས་ཅན་ཡང་མ་ཡིན། འཁོར་བ་མེད་པའི་འདུ་ཤེས་ཅན་ཡང་མ་ཡིན་ཏེ། དེ་ལྟར་ཐམས་ཅད་ཀྱི་ཐམས་ཅད་དུ་རྟོག་པ་མེད་པའི་བློ་ཅན་ནམ་མཁའི་བཞིན་དུ་དག་ཅིང་གོས་པ་མེད་པར་གྱུར་ནས་དེ་རྣམས་དག་པ་དང་གོས་པ་མེད་པའི་ཕྱིར་དེའི་ཚེ་དེ་དག་ཞི་བས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། ཞི་ལ་ཞི་བའི་ཐུགས་མངའ་ཞི་བ་སྤྱད་ཅིང་ཞི་བའི་ཕ་རོལ་བྱོན། །ཞི་བ་བསྟེན་པར་མཛད་ཅིང་འགྲོ་ལ་ཞི་བ་བསྟེན་པ་རྗེས་སུ་སྟོན། །ཞི་བའི་སྤྱོད་ཡུལ་དགྱེས་ཤིང་བྱང་ཆུབ་ཞི་ལ་དྲི་བྲལ་འཁྲུགས་མ་མཆིས། །ཁྱོད་ཀྱིས་འཆི་མེད་ཞི་བ་འགྲོ་རྒྱུད་ཐམས་ཅད་ཟད་པ་མྱུར་དུ་བརྙེས། །ཞི་བ་ཐོབ་པར་བགྱིད་པའི་ཞི་བའི་ལམ་མཆོག་ཞི་བ་ཡང་དག་པ་བསྟེན། །ཡན་ལག་བརྒྱད་པས་ཉོན་མོངས་ཀློང་རྣམས་ཞི་མཛད་འགྲོ་བ་ཐམས་ཅད་བཏོན། །སྔོན་གྱི་རྒྱལ་བས་བསྟེན་པའི་བྱང་ཆུབ་གཞལ་ཡས་ཞི་བ་དེ་ལ་འགོད། །དེ་བསྟེན 81.85a སངས་རྒྱས་འཕགས་པས་བསྟེན་པའི་གྲོང་ཁྱེར་ཞི་བར་དེང་ཞེས་གསུང ། །འདྲེན་པ་དེ་ལྟར་འགྲོ་བ་འདི་ལ་རྒྱལ་བས་བསྟེན་པའི་བསླབ་པ་བསྟན། །གལ་ཏེ་བསླབ་པ་དེ་སློབ་འགྲོ་བ་འདི་དག་གཞལ་ཡས་འཐོབ། །བསློབས་ནས་ཞི་ཞིང་ཡིད་ཞི་ཞི་བའི་ལམ་དོང་དབང་པོ་ཞི་བ་དག་།འཇིག་རྟེན་མཁས་པ་འགྲོ་བ་ཞི་བྱེད་མཐུ་ཆེན་ཞི་བ་ཤེས་པར་འགྱུར། །འདྲེན་པ་ཁྱོད་ཀྱི་སྲས་མཆོག་ཞི་བ་བགྱིད་གང་དག་གིས། །འཆི་མེད་ཞི་བ་མཚན་མ་ཐམས་ཅད་ཟད་པ་རྣམ་པར་རྟོག་གྱུར་པ། །དེ་དག་འདྲེན་པ་ཚུལ་ལ་མཁས་པ་མཆོད་པ་མཆོག་གིས་མཆོད་པར་འགྱུར། །ཉོན་མོངས་ཞི་ཞིང་མཚན་མ་ཀུན་སྤངས་ཞི་བ་རྟག་ཏུ་སྟོན་པར་འགྱུར། །འགྲོ་བ་ཐམས་ཅད་ཞི་ཞིང་མཚན་མ་བྲལ་བ་དེ་ཉིད་མྱ་ངན་འདས། །ཐུབ་པ་གང་དག་ཞི་ལས་ཞི་འདོད་སེམས་པ་དེ་དག་ཉོན་མོངས་འགྱུར། །རྒྱལ་བ་ཁྱོད་ཀྱི་བྱང་ཆུབ་དང་ནི་འགྲོ་ཀུན་ཆོས་ཀུན་བསམ་མི་ཁྱབ། །ཐུབ་པ་བློ་ལྡན་འདས་ལས་རྒལ་བ་དེ་ལ་བདག་ཅག་དོགས་མ་མཆིས། །གང་དག་ཕུང་པོ་བོར་ཏེ་བྱང་ཆུབ་ཞི་ཚོལ་དེ་ལ་ཞི་བར་རྟོགས། །ཕུང་པོ་འཇིགས་པ་དེ་དག་ཤཱཀྱ་ཐུབ་པའི་བསྟན་ལ་དགའ་མ་ལགས། །དབེན་པའི་བློ་གྲོས་ལྡན་པ་ཞི་ཚོལ་དེ་དག་བློ་འཁྲུགས་གྱུར་པ་སྟེ། །ཆོས་ཀྱི་མཚན་མ་སྤྱོད་ཡུལ་འདི་དག་བྱིས་པ་ཞེས་ནི་སྟོན་པས་གསུངས། །ཐམས་ཅད་མཁྱེན་པས་ཞི་དང་མཚན་མའི་འཆིང་བ་འདི་དག་གསུངས། །ཐུབ་པ་གང་དག་ཕུང་པོ་རྣམས་ལ་རྣམ་པ་ཀུན་དུ་མཚན་མི་རྙེད། །དེ་དག་ཤཱཀྱ་ཐུབ་པའི་བསྟན་པ་མཛེས་བྱེད་གང་དག་མཚན་མེད་དགའ། །དེ་དག་བྱང་ཆུབ་སྐྱོན་བྲལ་ཞི་བ་མཁས་པའི་སྤྱོད་ཡུལ་ཐོབ་པར་འགྱུར། །བདུད་ཀྱི་རྩོད་ལས་རྒྱལ་ནས་ཉོན་མོངས་ཞི་བའི་ཐམས་ཅད་མཁྱེན་པ་འཐོབ། །རྣམ་འདྲེན་ཞི་བ་མཛད་ལ་བསྟོད་པས་བདག་ཅག་བསོད་ནམས་གང་རྙེད་པ། །ཆགས་མེད་ཐུགས་མངའ་བདེ་བར་གཤེགས་པས་འདི་ཙམ་ཞེས་ནི་མཁྱེན་གྱུར་པ། །དེས་ནི་འགྲོ་བ་ཐམས་ཅད་ལམ་མཆོག་ཐམས་ཅད་མཁྱེན་པས་བསྟེན་གྱུར་པ། །ཞི་བྱེད་ཞི་བ་བསྟན་ནས་མཁས་པས་མཆོད་པའི་རང་འབྱུང་སྡིག་མེད་ཤོག་།དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ཚངས་པ་རྣམས་དང ། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པར་རིག་ནས 81.85b བདག་ཉིད་ཀྱིས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། མི་དབང་ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི། །ལོག་པ་རྨོངས་བྱེད་ཆང་པ་སྟོང་འདྲ་ཞིང ། །སྟོན་གྱི་སྤྲིན་འདྲ་མིག་འཕྲུལ་འདྲ་བར་མཁྱེན། །རྒྱལ་བས་འདོད་པའི་ཡོན་ཏན་མེད་པར་མཁྱེན། །ཇི་ལྟར་མི་ཞིག་རྨི་ལམ་བཀྲེས་གྱུར་པས། །ཁ་ཟས་རོ་བརྒྱ་ཟོས་ཀྱང་མ་འདྲངས་པ། །དེ་ལ་བཀྲེས་མེད་ཟད་མེད་སེམས་ཅན་མེད། །རྨི་ལམ་དེ་འདྲར་ཆོས་རྣམས་ཐམས་ཅད་གཟིགས། །སྐོམ་པའི་མི་ཞིག་ཉལ་བའི་རྨི་ལམ་ན། །ཆུ་བསིལ་དང་ཞིང་རྙོག་མེད་འཐུངས་གྱུར་ཀྱང ། །ངོམས་མེད་ཚ་བ་ཞི་བར་མི་འགྱུར་ཏེ། །དེ་བཞིན་ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་གཟིགས། །འདི་ལ་བྱེད་མེད་ཚོར་མེད་སེམས་ཅན་མེད། །བྱས་པ་དེ་བཞིན་མེད་ཅིང་རྣམ་སྨིན་མེད། །འབྲས་བུ་མྱོང་བར་འགྲུར་བ་དེ་མེད་ཅེས། །འདི་འདྲའི་ཆོས་མཁྱེན་ཐེ་ཚོམ་ཡོད་མི་མངའ། །མི་ཞིག་ཡིད་དུ་འོང་བའི་ཚིག་སྨྲ་ན། །དགའ་བར་འགྱུར་ཡང་ཚིག་ལ་འཕོ་བ་མེད། །ཚིག་ཉིད་མེད་ཅིང་དགར་འགྱུར་དངོས་ཀྱང་མེད། །དེ་མཁྱེན་དེ་ལ་ཐེ་ཚོམ་ཡོད་མི་མངའ། །པི་བང་སྒྲ་སྙན་མཉན་ན་རྣར་སྙན་ཏེ། །སྒྲ་དེ་རང་བཞིན་གང་ཡང་ཡོད་པ་མིན། །དེ་ལྟར་མཁས་པས་ཕུང་པོ་འདི་གཟིགས་ན། །ཕུང་པོའི་རང་བཞིན་གང་ཡང་དམིགས་མི་མངའ། །ནོར་བུ་རིན་ཆེན་རང་བཞིན་གསལ་དག་པ། །གོས་ཀྱི་དྲུང་བཞག་སྣ་ཚོགས་ཚོན་དུ་འགྱུར། །དེ་ལྟར་རང་བཞིན་ཡོངས་དག་ཆོས་རྣམས་ཀྱང ། །ལོག་པའི་རྣམ་པར་རྟོག་པས་དེ་ལྟར་གྱུར། །ཙན་དན་དྲི་མེད་སྐྱོན་དང་བྲལ་བ་ཡང ། །རྐྱེན་དང་སྦྱར་ན་དྲི་ཞིམ་གཞན་དུ་འགྱུར། །དེ་ལྟར་རང་བཞིན་ཡོངས་དག་ཆོས་རྣམས་ཀྱང ། །སོ་སོ་རང་གིས་བརྟགས་པའི་རྣམ་པ་བཞིན། །ཇི་ལྟར་མི་ཡིས་དུང་གི་སྒྲ་ཐོས་ཏེ། །སྒྲ་འདི་ག་ལས་བྱུང་ཞེས་བརྟག་བྱས་ཀྱང ། །རང་བཞིན་གྱིས་སྟོང་དངོས་པོ་དེ་མི་དམིགས། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །ཇི་ལྟར་མི་ཞིག་བསོད་པའི་ཁ་ཟས་ལ། ། 81.86a ཡན་ལག་སྲོག་ཕན་ཇི་ལྟར་འགྱུར་བརྟགས་ན། །དངོས་མེད་ཡན་ལག་སྲོག་ཀྱང་དེ་བཞིན་ཏེ། །དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས། །ཇི་ལྟར་མི་ཞིག་ནམ་མཁའི་འཇའ་མཐོང་ན། །ཡན་ལག་གཞིགས་བརྟགས་རང་བཞིན་མེད་ཅིང་སྟོང ། །ནམ་མཁའི་འཇའ་བཞིན་ཁྱོད་ཀྱི་ཡན་ལག་སྟོང ། །དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས། །གྲོང་ཁྱེར་མཆོག་ཀྱང་ཡན་ལག་རྣམ་གཞིགས་ན། །གྲོང་ཁྱེར་རང་བཞིན་དེ་བཞིན་མིང་མི་དམིགས། གྲོང་ཁྱེར་ཇི་བཞིན་དེ་ལྟར་ཡན་ལག་སྟོང ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུ་དགའ་བར་རྔ་ཞིག་བརྡུངས་བགྱིས་ན། །དགའ་བ་སྐྱེད་ཀྱང་སྒྲ་ཡི་རང་བཞིན་སྟོང ། །ཇི་ལྟར་སྒྲ་བཞིན་དེ་ལྟར་ཡན་ལག་སྟོང ། །མི་དབང་ཁྱོད་གྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །སྒྲ་ནི་ཕྱོགས་སུ་མི་འགྲོ་འབྱུང་བ་མེད། །ཕྱོགས་སུ་དེ་བཞིན་འགག་པར་མི་འགྱུར་ཏེ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །ཐོགས་པ་མེད་ཅིང་སྙན་པའི་རང་བཞིན་ཏེ། །ཁྱོད་ཀྱི་ཡན་ལག་རྔ་སྒྲ་དེ་དང་འདྲ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །སྒྲ་དེ་འཇིག་རྟེན་དགའ་བྱར་རྟོག་པ་མེད། །ཇི་ལྟར་སྒྲ་བཞིན་ཁྱོད་ཀྱི་ཡན་ལག་སྟོང ། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །སྐྱེས་བུ་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །གཡོ་བ་མེད་ཅིང་ཞི་བའི་དངོས་ཀྱང་མེད། །ཇི་ལྟར་རྔ་བཞིན་ཁྱོད་ཀྱི་ཡན་ལག་སྟོང ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། །སྒྲ་དེ་ཡན་ལག་མ་བྱུང་རང་དབང་མིན། །ཇི་ལྟར་སྒྲ་བཞིན་ཁྱོད་ཀྱི་ཡན་ལག་སྟོང ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་རིས་ཀྱི་ལྷ་དེ་དག་དང ། །མི་མཇེད་ཀྱི་བདག་པོ་ཚངས་པ་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ཅིང་ཞི་གནས་དང་ཡེ་ཤེས་མཐོང 81.86b བའི་བསྟོད་པ་དེས་དེ་ལྟར་བསྟོད་པས་འཁོར་དེ་ཡང་དགེ་བའི་རྩ་བ་བསགས་པར་གྱུར་བར་གཟིགས་ནས་དི་འི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་རྟན་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་བ། ཤཱཀྱ་ཐུབ་པའི་ཞལ་ནས་འཛུམ་མཛད་དྲི་མེད་དག་མཐོང་ནས། །ལྷར་བཅས་ཀླུ་དང་གནོད་སྦྱིན་བཅས་པའི་འཇིག་རྟེན་ཀུན་སྐྱོབ་པའི་འཛུམ་མཐོང་ཐམས་ཅད་ལྡན་པའི་བགྲོ་བ་ཐེ་ཚོམ་འཚལ། །བདེ་གཤེགས་ཞལ་བཟངས་དེ་ལ་ལྟ་ཞིང་ཐོས་པར་དགའ་ཏེ་སྡོད། །རྒྱལ་བ་འཛུམ་མཛད་ལེགས་པར་བཀའ་སྕོལ་ཐེ་ཚོམ་དགུམ་དུ་གསོལ། །རྣམ་པར་འདྲེན་པ་ཐུབ་མཆོག་ཀུན་མཁྱེན་སངས་རྒྱས་འདྲེན་པ་རྣམས། །རྒྱུ་མ་མཆིས་པར་འཇིག་གརྟེན་དོན་བྱེད་འཛུམ་མཛད་མ་མཐོང་ན ། བདེ་གཤེགས་ཁྱོད་ཀྱིས་གང་སླད་འཛུམ་མཛད་ཐེ་ཚོམ་རྒྱུ་དེ་གསུངས། །རྒྱལ་བ་འཛུམ་མཛད་རྒྱུ་ཐོས་འགྲོ་བ་རྣམས་ནི་དགའ་བར་འགྱུར། འཁོར་འདི་ཐེ་ཚོམ་འཚལ་ནས་ཐལ་མོ་སྤྱར་ཏེ་ཁྱོད་ལ་སེམས། །བདེ་གཤེགས་ཐུབ་བའི་གསུང་མཆོག་ཐེ་ཚོམ་གཅོད་པ་ཉན་འཚལ་ན། །རྣམ་འདྲེན་ཐུབ་པ་འཛུམ་མཛད་རྒྱུ་དེ་དེ་དེག་རྣམས་ལ་གསུངས། །ཐོས་ནས་འགྲོ་བ་དགའ་ཞིང་ཐེ་ཚོམ་མ་མཆིས་འཕེལ་བར་འགྱུར། །འཁོར་འདི་སྙིང་པོ་ལྡན་ཞིང་རྙོག་མེད་སངས་རྒྱས་ཡོན་ཏན་འཚལ། །སྟོན་པ་ཁྱོད་ཀྱི་ཞལ་མཛེས་ཟླ་བ་མཛེས་པ་འདྲ་ལ་ལྟ། །འདེན་པ་ཆགས་མེད་རྫོགས་པ་ཚངས་པ་འདྲ་བའི་གསུང་བསྒྲགས་གསོལ། །དེ་ཐོས་འཁོར་རྣམས་ཐེ་ཚོམ་ཆད་ཅིང་ཆོས་ལ་གནས་པར་འགྱུར། །ཁྱོད་ཀྱི་ཚངས་པའི་གསུང་མཆོག་དོན་ལྡན་འཇིག་རྟེན་འདས་རིག་ནས། །སྐྱེ་པོ་དགའ་ཞིང་མགུ་བའི་ཡིད་ལྡན་ཐམས་ཅད་མཁྱེན་པས་ཚིམ། །དེ་དག་དོགས་བསལ་སྦྱངས་པའི་ཡིད་ཀྱིས་ཐམས་ཅད་མཁྱེན་དུ་སྒྲུབ། །བརྩོན་འགྲུས་སྟོབས་ཆེན་བསྐྱེད་ནས་འདུན་པ་སྟོབས་ལྡན་རྩོམ་པར་བགྱིད། །དེ་ལྟ་ལགས་པས་འཇིག་རྟེན་འདྲེན་པ་ཕན་མཛད་གསུང་བསྒྲགས་གསོལ། །རྐང་གཉིས་དམ་པའི་གསུང་མཆོག་མི་གཡོ་ཐོས་ནས་དེ་ཡིས་ནི། །དགེ 81.87a བ་ཐོབ་པའི་འཁོར་འདི་ཐམས་ཅད་མཁྱེན་དུ་སེམས་འགྱུར་བར། །སྟོབས་བཅུ་མངའ་བ་འགྲོ་བ་ཀུན་ལ་ཕན་པ་ལེགས་པར་དགོངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །རྟ་ཐུལ་ང་ཡིས་ཕན་བྱེད་འཛུམ་པ་འགྲོ་བ་ཀུན་ལ་གང་བསྟན་པ། །རྩེ་གཅིག་ཡིད་ཀྱིས་སྙན་ཅིང་བསྔགས་པ་མཛེས་པ་དེ་ནི་མཉན་པར་བྱོས། །དེ་ཐོས་འགྲོ་བ་ཡོན་ཏན་བསགས་པ་མྱུར་དུ་འཇིག་རྟེན་དོན་བྱེད་པ། ཕན་དང་ལྡན་པའི་བྱ་བ་སངས་རྒྱས་བཀའ་སྩལ་དེ་ལ་བརྩོན་འགྲུས་རྩོམ། །ཚངས་པ་ཀུན་འཁོར་འདི་དག་དགའ་ཞིང་ཆོས་རྣམས་ལ་ནི་ཐེ་ཚོམ་མེད། །བསྐལ་པ་ཁྲག་ཁྲིག་གང་གཱའི་བྱེ་མ་སྙེད་དུ་དགེ་བ་ལེགས་པར་སྤྱད། །ཀུན་དུ་རྣམ་པར་དག་ལ་མ་ཆགས་ཡིད་གྱུར་འདུ་ཤེས་མཁའ་འདྲ་སྟེ། །དེ་ལྟར་གྱུར་ཀྱང་བདེ་གཤེགས་བྱང་ཆུབ་རྫོགས་པར་འཚང་རྒྱ་སེམས་མ་བསྐྱེད། །འདི་དག་མ་འོངས་དུས་ན་བསྐལ་པ་བྱེ་བ་བརྒྱ་ཕྲག་གཞལ་ཡས་པ། །གང་གཱའི་བྱེ་མ་སྙེད་ན་རྡུལ་བསལ་ཐམས་ཅད་མཁྱེན་པའི་སྟོབས་ལ་གནས། །དེ་དག་ཕྱི་ནས་བདེ་བར་གཤེགས་པ་ཆེ་ལྡན་སངས་རྒྱས་འདྲེན་ཆེ་བ། །སྲིད་པ་སེལ་ཅིང་འགྲོ་བ་སྟོང་པར་སྟོན་པའི་བཅོམ་ལྡན་འདས་སུ་འགྱུར། །སྐྱོབ་པ་དེ་དག་ཇི་ལྟར་སྤྱོད་པ་སྐུ་ཚེའི་ཚད་ཀྱང་དེ་ལྟར་འགྱུར། །བདེ་གཤེགས་མཐའ་ཡས་གྲགས་ལྡན་འཇིག་རྟེན་སྡུག་བསྔལ་འགྲེལ་ཅིང་གནས་པར་འགྱུར། །དེ་དག་རྣམས་ཀྱི་སངས་རྒྱས་ཞིང་ནི་ཞིང་གི་འབྱོར་པ་གཞལ་ཡས་ཏེ། །འདྲེན་པ་ཆེན་པོ་རྣམས་ཀྱིས་བསྐལ་པ་ཁྲག་ཁྲིག་རྣམ་པ་དུ་མར་ནི། །སངས་རྒྱས་མཐའ་ཡས་རྣམས་ཀྱིས་གསུངས་ཀྱང་དེ་དག་བཀོད་པ་ཟད་མི་ནུས། །དེ་ཚེ་དེ་དག་ཡེ་ཤེས་སྟོབས་ལྡན་ཞེས་བྱའི་རྒྱལ་བར་འཐུན་པར་འགྱུར། །གཡོ་བ་མེད་ཅིང་སེམས་མེད་མི་གནས་ཆོས་ནི་འགྲོ་ལ་སྟོན་པར་འགྱུར། །དེ་དག་ཞིང་མཆོག་རྣམས་སུ་སྐྱོབ་པའི་ཐམས་ཅད་མཁྱེན་ལམ་སྦྱངས་པ་ཡི། །སེམས་ཅན་གཅིག་ཀྱང་མི་འབྱུང་སྲིད་པ་དེ་ལ་ཕལ་ཆེར་མྱ་ངན་འདའ། །དེ་དག་ན་ནི་དེ་ཚེ་འགྲོ་བ་དེ་དག་སྡུག་བསྔལ་གཅིག་ཤེས་ཏེ། །མི་རྟག་འདུ་བྱེད་སྡུག་བསྔལ་རབ་ཏུ་འཇིགས 81.87b པ་ཐམས་ཅད་ཡིད་འབྱུང་བའོ། །དེ་ན་འགྱུར་བའི་སྡུག་བསྔལ་དང་ནི་སྡུག་བསྔལ་ཡོད་མི་འགྱུར། །དེ་དག་ཐམས་ཅད་བློ་འཐུན་འགྱུར་ཞིང་སླ་བའི་ལམ་ལ་མྱུར་བར་འགྱུར། །དེ་ན་མི་རྣམས་དག་གི་སྒྲ་སྐད་རང་བཞིན་གཞན་ནི་འབྱུང་མི་འགྱུར། །མི་སྡུག་མི་རྟག་དེ་བཞིན་ཉིད་དང་སྡུག་བསྔལ་དེ་བཞིན་བདག་མེད་དང ། །ཞི་བ་སྟོང་ཉིད་མཚན་མེད་འཆི་མེད་མྱ་ངན་འདས་དང་བྱང་ཆུབ་ཞི། །སྒྲ་སྐད་དེ་དག་ཡང་དང་ཡང་འབྱུང་དེ་དག་རྣ་ལ་གནས་པར་འགྱུར། །སྒྲ་གང་ཐོས་ནས་དེ་དག་འཁོར་བ་གྲོལ་གནས་ཐོབ་པར་མི་འགྱུར་བ། །དེ་འདྲའི་སྒྲ་དེ་ཤིང་ངམ་བརྩིག་པ་དག་དང་གང་ནའང་ཡོད་མི་འགྱུར། །བླ་གབ་མེད་དང་མཁའ་དང་གཙུག་ལག་ཁང་དང་གནས་ཁང་རྣམས་ན་མེད། །དེ་ཚེ་སངས་རྒྱས་མཐུ་ཡིས་ཡན་ལག་བརྒྱད་དང་ལྡན་པའི་སྒྲ་དབྱངས་འབྱུང ། །དེ་ཚེ་འདྲེས་པའི་ཉེས་པ་མེད་ཅིང་འདོད་ཆགས་དང་ནི་ཞེ་སྡང་དང ། །གཏི་མུག་དག་གིས་གཟིར་བ་རྣམས་ཀྱི་རྣར་ནི་དགེ་བའི་སྒྲ་གྲག་འགྱུར། །འགྲོ་བ་ཐམས་ཅད་འཁོར་བ་ལས་ནི་འབྱུང་ཞིང་མྱ་ངན་འདས་འགྲོར་འགྱུར། །དེ་ཚེ་ཞིང་མཆོག་སྟོང་པ་ཐམས་ཅད་དགའ་བའི་སྐྱེ་བོས་གང་བར་འགྱུར། །སྐྱེས་བུ་དམ་པ་དེ་དག་བསྐལ་པ་ཁྲག་ཁྲིག་བྱང་ཆུབ་བརྩོན་བྱས་ནས། །དྲང་སྲོང་ཆེན་པོ་དེ་དག་སྨོན་ལམ་གྱིས་ནི་འབྱོར་པ་འདི་བརྩམས་ཏེ། །ཞིང་མཆོག་དེ་ན་སེམས་ཅན་ཚོགས་གང་ཡོད་པ་དེ་ཀུན་བདེ་གཤེགས་འགྱུར། །ཚངས་པའི་སྨོན་ལམ་ཡངས་པ་རྒྱ་ཆེན་ཞི་བ་འགྲོ་བས་མཐོང་གྱུར་ན། །ཇི་ལྟར་སངས་རྒྱས་བཀའ་སྩལ་བཞིན་དུ་ཚངས་པའི་ཚོགས་ཀྱིས་བསྟེན་གྱུར་པ། །དེ་ལ་བསླབས་ནས་འགྲོ་བ་ཐམས་ཅད་ཐོགས་པ་མེད་པའི་འདྲེན་པར་འགྱུར། །དེ་དག་རྒྱལ་བ་ཐོབ་ནས་འགྲོ་བ་འདི་ཀུན་དངོས་པོ་མེད་ཅེས་སྟོན། །དེ་ལྟ་བས་ན་ཚུལ་ཀུན་འཇུག་ལ་མཁས་པའི་སྤྱོད་པ་བསྟེན་པར་གྱིས། །ཚངས་པ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ་།། དེ་ནས་འོད་གསལ་གྱི་ལྷ་བྱེ་བ་ཕྲག་ལྔ་བཅུ་རྩ་བརྒྱད་ཀྱིས་ལྷ་མ་ཡིན་རྣམས་ནས་ཚངས་པའི་བར་གྱི་ལྷ་དེ་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས 81.88a ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཚུལ་ལ་འཇུག་པའི་སླད་དུ་གང་ལ་བསླབས་ནས་ཆོས་ཐམས་ཅད་སྣང་བར་འགྱུར་བའི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྣང་བ་ཞེས་བགྱི་བ་མཆིས་ཏེ། དེས་ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པ་རྟོགས་པར་བགྱིད་དོ། །དེ་རྟོགས་པས་བསམ་གྱིས་མི་ཁྱབ་པའི་སྤོབས་པ་དང ། ཐོགས་པ་མ་མཆིས་པའི་སྤོབས་པ་དང ། བྱིན་གྱིས་བརླབས་པའི་སྤོབས་པ་དང ། སྣ་ཚོགས་ཀྱི་སྤོབས་པ་དང ། འཇམ་པའི་སྤོབས་པ་དང ། དགེ་བའི་སྤོབས་པ་དང ། རིགས་པའི་སྤོབས་པ་དང ། གྲོལ་བའི་སྤོབས་པ་དང ། ཉེ་བར་གྱུར་པའི་སྤོབས་པ་དང ། ཟབ་པའི་སྤོབས་པ་དང ། ཕྲ་བའི་སྤོབས་པ་དང ། ཐུན་མོང་མ་ཡིན་པའི་སྤོབས་པ་ཅན་དུ་འགྱུར་ཏེ། སངས་རྒྱས་ཀྱི་སྤོབས་པ་ཡང་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་སྣང་བ་ཞེས་བགྱི་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པའི་སླད་དུ་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་ཐམས་ཅད་ཡིད་ལ་མི་བགྱིད་དེ། དེ་འདི་སྙམ་དུ་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་མེད་དེ་རྣམ་པར་རྟོག་པ་ཡོངས་སུ་ཆད་པའོ། །གང་རྣམ་པར་མི་རྟོག་པ་དེ་ནི་ཐམས་ཅད་སོང་བ་སྟེ། ཆོས་གང་ཡང་རྣམ་པར་རྟོག་པར་ནུས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། རང་བཞིན་མ་མཆིས་པའི་སླད་དུ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ལ་ཇི་ལྟར་རྣམ་པར་རྟོག་པར་འགྱུར་ཞེས་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་ཨ་ལ་འཇུག་པའི 81.88b སྤོབས་པ་རབ་ཏུ་ཐོབ་ཅིང ། དེ་དག་ཨའི་སྒོ་ལ་ཞུགས་པས་སྤོབས་པ་མཐའ་ཡས་པར་འགྱུར་ཏེ། ཨ་ཞེས་བགྱི་བ་ནི་མཐའ་ཡས་པ། ཀུན་དུ་མཐའ་ཡས་པ། མ་བགྱིས་པ། མངོན་པར་འདུས་མ་བགྱིས་པ། ཡོངས་སུ་མ་གྲུབ་པ། དངོས་པོ་མ་མཆིས་པ། མི་གནས་པ། མི་གཡོ་བ། འདུ་བ་མ་མཆིས་པ། འཕྲོ་བ་མ་མཆིས་པ། རྟོག་པ་མ་མཆིས་པ། རྣམ་པར་རྟོག་པ་མ་མཆིས་པ། མ་བསྒྲུབས་པ། ཡོངས་སུ་ཐུག་པ་མ་མཆིས་པ། མ་བརྟགས་པ། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། བལྟར་མ་མཆིས་པ། མ་མཐོང་བ་བསམ་དུ་མ་མཆིས་པ། རྣམ་པར་མི་གནས་པ། མ་ཤེས་པ། རྣམ་པར་མ་ཤེས་པ། མ་སྨོས་གམ་བསྟན་པ། བསམ་གྱིས་མི་ཁྱབ་པ། བསམ་དུ་མ་མཆིས་པ། སོང་བ་མ་མཆིས་པ། འོངས་པ་མ་མཆིས་པ། ཉེ་བ་མ་ལགས་པ། རིང་བ་མ་ལགས་པ། མ་བརྟགས་པ། གདགས་པ་མ་མཆིས་པའི་ཆོས་ཅན། མིང་མ་མཆིས་པ། ཐ་སྙད་མ་མཆིས་པ། གཉེན་པོ་མ་མཆིས་པ། སྒྲིབ་པ་མ་མཆིས་པ། འཕོ་བ་མ་མཆིས་པ། འཁྲུག་པ་མ་མཆིས་པ། བརྟག་ཏུ་མ་མཆིས་པ་མི་ཟད་པ། གཉིས་སུ་མ་མཆིས་པ། མ་བྱུང་བ། བརྫུན་པ་མ་ལགས་པ། བདེན་པ་མ་ལགས་པ། ཤོ་བེ་མ་ལགས་པ་མ་སྐྱེས་པ་མ་འགགས་པ། སྦྱངས་པ་མ་ལགས་པ། སྦྱང་བར་འོས་པ་མ་ལགས་པ། གདགས་སུ་མ་མཆིས་པ། མཚན་མས་མ་བསྐྱོད་པ། མ་བཟུང་བ། མ་བོར་བ། འཛིན་པ་མ་མཆིས་པ། ཡོངས་སུ་འཛིན་པ་མ་མཆིས་པ། གཏད་དུ་མ་མཆིས་པ། ཡོངས་སུ་གཏད་དུ་མ་མཆིས་པ་མ་བཏང་བ། ཡོངས་སུ་མ་བཏང་བ་སྟེ། ཨ་ཞེས་བགྱི་བ་ནི་སུས་ཀྱང་མ་བགྱིས་པ། ཆོས་གང་གི་བྱེད་པ་པོ་ཡང་མ་ལགས་སོ། ། ནི་མ་སྐྱེས་པ་སྟེ། ཆོས་གང་ཡང་སྐྱེ་བར་བགྱིད་པ་མ་ལགས་སོ། ། ནི་མ་སྐྱེས་པ་སྟེ། ཆོས་གང་གི་སྐྱེ་བའི་རྒྱུར་འགྱུར་བ་འང་མ་ལགས་སོ། ། ནི་མ་འགགས་པ་སྟེ། ཆོས་གང་གི་འགག་པའི་རྒྱུར་འགྱུར་བའང་མ་ལགས་སོ། ། ནི་མ་འགགས་པ 81.89a ཡང་མ་ལགས་པ་སྟེ། ཆོས་གང་གི་མི་འགག་པའི་རྐྱེན་དུ་འགྱུར་བའང་མ་ལགས་སོ། ། ནི་གནས་པ་ཡང་མ་ལགས་མི་གནས་པ་ཡང་མ་ལགས། ཨ་ནི་བཏགས་པ་ཡང་མ་ལགས། མ་བཏགས་པ་ཡང་མ་ལགས། ཨ་ནི་སྤངས་པ་མ་ལགས། མ་སྤངས་པ་ཡང་མ་ལགས། ཨ་ནི་ཤེས་པ་ཡང་མ་ལགས། མི་ཤེས་པ་ཡང་མ་ལགས། ཨ་ནི་དམིགས་པ་ཡང་མ་ལགས། །མ་དམིགས་པ་ཡང་མ་ལགས། ཨ་ནི་སྟོང་པ་ཡང་མ་ལགས། མི་སྟོང་པ་ཡང་མ་ལགས། ཨ་ནི་དམིགས་སུ་མཆིས་པ་ཡང་མ་ལགས། དམིགས་སུ་མ་མཆིས་པ་ཡང་མ་ལགས། ཨ་ནི་མཚན་མ་ཡང་མ་ལགས། མཚན་མ་མ་མཆིས་པ་ཡང་མ་ལགས། ཨ་ནི་སྨོན་པ་ཡང་མ་ལགས། སྨོན་པ་མ་མཆིས་པ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི་ཨའི་ཚུལ་ལོ། །ཆོས་ཐམས་ཅད་ནི་ཚུལ་གཅིག་པ་སྟེ་ཨའི་ཚུལ་ལོ། །ཆོས་ཐམས་ཅད་ནི་འགྲོ་བ་གཅིག་པ་སྟེ། ཨའི་འགྲོ་བའོ། །ཆོས་ཐམས་ཅད་ནི་འཇུག་པ་གཅིག་པ་སྟེ་ཨ་ལ་འཇུག་པའོ། །ཆོས་ཐམས་ཅད་ནི་གདགས་པ་གཅིག་པ་སྟེ་ཨས་གདགས་པའོ། །ཆོས་ཐམས་ཅད་ནི་ཐ་སྙད་གཅིག་པ་སྟེ་ཨའི་ཐ་སྙད་དོ། །ཆོས་ཐམས་ཅད་ནི་བརྗོད་པ་གཅིག་པ་སྟེ་ཨས་བརྗོད་པའོ། །བཅོམ་ལྡན་འདས་ཆོས་གང་མ་སྐྱེས་པ་དེ་དག་ནི་རྟོགས་པར་བགྱི་བ་མ་ལགས་པའི་ཚུལ་གྱིས་རྟོགས་པར་བགྱིའོ། །ཆོས་གང་མ་བྱུང་བ་དེ་དག་ནི་དངོས་པོ་མ་མཆིས་པའི་ཚུལ་གྱིས་རྟོགས་པར་བགྱིའོ། །ཆོས་གང་མ་གྲུབ་པ་དེ་དག་ནི་མ་གྲུབ་པའི་ཚུལ་གྱིས་རྟོགས་པར་བགྱིའོ། །ཆོས་གང་མ་འགགས་པ་དེ་དག་ནི་འགག་པ་མ་མཆིས་པའི་ཚུལ་གྱིས་རྟོགས་པར་བགྱིའོ། །བཅོམ་ལྡན་འདས་ཆོས་གང་མངོན་པར་འདུས་བགྱིས་པ་དེ་དག་ནི། འདུས་མ་བགྱིས་པའི་ཚུལ་གྱིས་རྟོགས་པར་བགྱི་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་ཚུལ་ལོ། །བཅོམ་ལྡན་འདས་ཆོས་གང་མ་སྐྱེས་པ་དེ་དག་ནི་ཐ་སྙད་ཇི་ལྟར་རྟོགས་པར་བགྱི་ཞེ་ན། འདི་ལྟ་སྟེ། དཔེར་ན་རྨི་ལམ་ན་བྱ་བ་སྣ་ཚོགས 81.89b འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་བལྟ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་བྱ་བ་ནི་མ་སྐྱེས་པ། མ་བྱུང་བ། དངོས་པོ་མ་མཆིས་པ་སྟེ། འོན་ཀྱང་དེ་དག་ལ་གདགས་པར་གསུངས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བྱེད་པ་ཡང་འཚལ་བར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་བྲག་ཅ་ལ་ཐ་སྙད་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཐ་སྙད་ཀྱང་བལྟ་བར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུ་ལ་གདགས་པ་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་གདགས་པར་བལྟའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྨིག་རྒྱུ་ལ་ཆབ་ཏུ་གདགས་པའི་ཐ་སྙད་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཐ་སྙད་བལྟ་བར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་ཀྱི་ཐ་སྙད་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཐ་སྙད་བལྟ་བར་བགྱི་སྟེ། བཅོམ་ལྡན་འདས་བྱིས་པ་རྣམས་དགའ་བར་བགྱི་བའི་སླད་དུ་རྨི་ལམ་གྱི་བྱ་བ་ཐ་སྙད་དུ་བགྱིའི་རྨི་ལམ་གྱི་བྱ་བ་དེ་དག་ནི་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱིས་པ་དགའ་བར་བགྱི་བའི་སླད་དུ་མིག་ཡོར་དང ། སྨིག་རྒྱུ་དང ། བྲག་ཅའི་བྱ་བ་དག་ཀྱང་ཐ་སྙད་དུ་བགྱི་སྟེ། བྲག་ཅ་ལ་བྱ་བ་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལྟར་བདག་ཅག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཐམས་ཅད་སྣང་བ་ཞེས་བགྱི་བའི་ཏིང་ངེ་འཛིན་ཏོ། །དེ་སྐད་ཅེས་གསོལ་ནས་འོད་གསལ་གྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བདེ་གཤེགས་ཁྱོད་ཀྱིས་ཚུལ་གཅིག་མཁྱེན་ཏེ་འོན་ཀྱང་གཞན་དང་གཞན་དུ་གསུངས། །ཐུབ་པ་འཇིག་རྟེན་མཁས་པའི་སྲས་རྣམས་རྣམ་པར་རོལ་པའང་དེ་བཞིན་ནོ། །དེ་ལ་འཇིག་རྟེན་བློ་མེད་བདག་ཏུ་ལྟ་བ་རྣམས་ཀྱིས་ཁོང་མི་ཆུད། །བདག་གི་དོན་དེ་ཕྱོགས་བཅུར་མ་མཆིས་བདག་ཉིད་ཀྱིས 81.90a ནི་འགྲོ་བ་སྟོང ། །སྒྱུ་མ་གསོག་དང་སྨིག་རྒྱུ་ཆུ་མ་མཆིས་ལ་ཆབ་ཀྱི་འདུ་ཤེས་ཅན། །བྱིས་པ་དེ་དག་བློ་ལོག་དེ་བཞིན་འཁྲུལ་ཏེ་བདག་ཏུ་སྦྱོར་བར་བགྱིད། །དེ་དག་ཡང་དག་མ་འཚལ་མི་མཁས་གནས་མིན་དངོས་ལ་རྟེན་ཀྱང་འཚལ། །དེ་བཞིན་བྱིས་པའི་སྐྱེ་བོ་སྨིག་རྒྱུ་འདྲ་བའི་ཕུང་པོ་ཡོང་མ་འཚལ། །འཁོར་བར་དགའ་བ་ཟུག་རྔུས་ཟུག་ཅིང་སྡུག་བསྔལ་དེ་ཡིས་དབང་པོ་བདས། །གང་ལ་མི་མཁས་ངེས་པར་སྡུག་བསྔལ་མྱོང་བ་དེ་ལ་དངོས་མ་མཆིས། །བློ་སྟོར་ཡིད་ནོར་སྡུག་བསྔལ་རྣམས་ལ་བདེ་བར་འདུ་ཤེས་ནོར་བ་ལ། །ཉོན་མོངས་འཇིགས་པ་ཆེ་དང་དུག་གསུམ་རྣམས་ཀྱང་རྗེས་སུ་འགྲོ་ཞིང་འབྲང ། འདོད་ཆགས་ཞེ་སྡང་གཏི་མུག་དུག་ཆེན་ཉོན་མོངས་མཚུངས་མེད་རྗེས་སུ་འབྲང ། །བློ་སྟོང་དེ་དག་སྡུག་བསྔལ་གང་གིས་སྡུག་བསྔལ་གྱུར་བའི་སྡུག་བསྔལ་བ། །དེ་རྣམས་དེ་དག་རྗེས་འབྲང་བྱིས་པ་མི་མཁས་གནོད་པའི་ཁུར་ཡང་ཁྱེར། །དེ་དག་རྒྱལ་བའི་ཚུལ་སྒོ་ཐར་པ་བགྱིད་པ་སྟོང་པ་འདི་ཐོས་ནས། སྐྱེས་བུ་ངན་པ་བློ་ཞན་དེ་དག་བསྟན་དག་བདེ་བ་ཉིད་ཀྱིས་འཇིགས། །བདེ་གཤེགས་ཁྱོད་ཀྱིས་ཨ་ཡིས་ཡི་གེ་ཚུལ་ཆེན་སྒོ་གཅིག་དེ་ལྟར་བསྟན། །དེ་ལ་ཡང་དག་བློ་ཅན་ས་ལས་ཤིང་སྐྱེ་བ་བཞིན་དུ་ཡིད་བསྐྱེད་ཅིང ། །བདུད་རྣམས་བྱེ་བ་དཔུང་དང་བཅས་བཏུལ་བྱང་ཆུབ་ཞི་བ་མངོན་འཚང་རྒྱ། །ཡན་ལག་བརྒྱད་པའི་གྲུ་བཅས་སྐྱེ་བོ་ཉོན་མོངས་རྒྱ་མཚོ་ཆེ་ལས་སྒྲོལ། །བདེ་བར་གཤེགས་པ་ཅང་མཁྱེན་ངེས་པ་རྣམས་ནི་ཚུལ་གྱི་དམ་པ་དེས། །མྱུར་དུ་ཉོན་མོངས་དུག་བསལ་བྱང་ཆུབ་དཔག་ཡས་ཞི་བ་འཐོབ་འགྱུར་ཞིང ། །གྲོལ་ནས་དུག་མེད་གྱུར་པ་སྐྱེ་བོ་གཞན་མཐོང་ངེས་པའི་མཁྱེན་བརྙེས་ནས། །ཕ་རོལ་མྱུར་ཕྱིན་དུག་མེད་བདེ་ཞིང་གདུག་པ་ཐམས་ཅད་འཇོམས་པ་མཛད། །བདེ་གཤེགས་ཐམས་ཅད་སྟོང་ཡང་བདག་ཏུ་རྟོག་རྣམས་ཚུལ་དང་ཚུལ་མིན་རྟོག་།འགྲོ་བ་ཀུན་གྱི་ནང་ནས་མཁས་པ་ཚུལ་དང་ཚུལ་མིན་བསླབས་པ་དག་།གྲོལ་ནས་འགྲོ་བ་ཀུན་ལ་ཆགས་མེད་ཡིད་ཀྱིས་ངོ་བོ་ཉིད་ཀྱི་ཆོས། །དེ་ཡི་ཚུལ 81.90b མཐོང་ཚུལ་ལ་མཁས་པ་དེ་དག་མཐུ་ཆེན་མགོན་པོར་འགྱུར། །འཆིང་དང་བཅིངས་པ་མེད་ཅིང་བདེ་བར་གཤེགས་པ་ཆོས་རྣམས་ཆོས་ཉིད་མེད། །དེ་བཞིན་ཉིད་དང་མ་ནོར་དེ་བཞིན་ཉིད་ཞི་མི་འདག་ཉོན་མི་མོངས། །ཉོན་མོངས་མཚན་མ་མེད་ཅིང་ཞི་བྱེད་མེད་ལ་ཉོན་མོངས་རྣམས་ཀྱང་མེད། །གང་གིས་ཚུལ་ཆེན་དམ་པ་འདི་མཐོང་དེ་དག་ཐམས་ཅད་མཁྱེན་དུ་འགྱུར། །གྲོལ་ཞིང་འགྲོལ་མཛད་ཞི་བའི་ཆོས་ཅན་ཞི་མཛད་ངོ་མཚར་འགྱུར་མི་མངའ། །བཅོམ་ལྡན་ལྷར་བཅས་འཇིག་རྟེན་དཔྱིད་ཀྱི་སྨིག་རྒྱུ་བཞིན་དུ་འཁྲུལ་པ་སྟེ། །ཀུན་རྟོག་བདག་ཉིད་ཟིལ་གནོན་བདག་དང་གཞན་མེད་སྐྱེས་པ་བུད་མེད་རྟོག་།འགྲོ་བ་སྡུག་བསྔལ་དེ་ན་སྣ་ཚོགས་ཀྱིས་བསྐྱེད་སེམས་ཀྱིས་སེམས་ཀྱང་ནི། །ལས་དང་འབྲས་བུ་མེད་ཅིང་དེ་མྱོང་གང་གྱུར་དེ་ཡང་མེད། །བདེ་གཤེགས་དེ་ལྟར་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཚུལ་ནི་བདག་ཅག་འཚལ། །དེས་ན་ད་ལྟར་བདེ་གཤེགས་ཞི་ཐུགས་དབང་པོ་ཞི་ཞིང་ངེས་པ་སྟེ། །དགེ་བའི་བློ་མངའ་དག་གཙང་དྲི་མེད་ཆོས་ཀྱིས་རབ་ཏུ་མཆོད་པར་འགྱུར། །སངས་རྒྱས་འཇིག་རྟེན་འཕགས་པའི་གཙོ་བོ་བསྟོད་པས་བསོད་ནམས་གང་བྱུང་བ། །ཇི་སྙེད་དཔལ་སྟུག་རྐང་གཉིས་གཙོ་བོས་རྣམ་སྨིན་ཡོངས་སུ་མཁྱེན་འགྱུར་པའི། །བདག་ཅག་དགེ་རྩ་དེ་ཡིས་འགྲོ་བ་འདི་ཀུན་ཀུན་མཁྱེན་ཉིད་ཐོབ་ཤོག་།བསོད་ནམས་འདི་ཀུན་འགྲོ་བ་ཀུན་གྱི་དོན་བསྔོ་ཀུན་ཀྱང་རྒྱལ་བར་ཤོག་།དེ་ནས་བཅོམ་ལྡན་འདས་ཀྱིས་འོད་གསལ་གྱི་ལྷ་དེ་དག་གིས་ལྷག་པའི་བསམ་པ་ཡོངས་སུ་དག་པ་དང ། །ཚུལ་གྱི་རྗེས་སུ་འགྲོ་བའི་སྤོབས་པ་ཕུན་སུམ་ཚོགས་པ་ཡང་ཐུགས་སུ་ཆུད་ལ་འཁོར་དེ་དག་གིས་ཀྱང་ཁྱད་པར་ཐོབ་པར་འགྱུར་བར་མཁྱེན་ནས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །འཇིག་རྟེན་དོན་མཛད་རྣམ་པར་འདྲེན་མཆོག་ཀུན་མཁྱེན་ཐམས་ཅད་ཟིལ་གནོན་པ། །བདེ་གཤེགས་ཐུགས་རྗེ་ལྡན་རྣམས་རྒྱུ་མ་མཆིས་པར་བཞད་པ་མི་མཛད་ན། །རྒྱལ་བ་དཔལ་སྟུག་རྐང་གཉིས་མཆོག་གིས་འཇིག་རྟེན་ཐུགས་བརྩེས་བཀའ་སྩལ་གསོལ། །འཇིག་རྟེན་འདས་ཁྱོད་ཅི་སླད 81.91a འཛུམ་མཛད་དེ་རྒྱུ་བདག་ཅག་རྣམས་ལ་གསུངས། །གཙོ་བོ་དེ་ཐོས་འགྲོ་བ་མཐའ་དག་ཡིད་ནི་རབ་ཏུ་དང་འགྱུར་ཞིང ། །རྣམ་པར་འདྲེན་པ་ངེས་འབྱུང་ལས་དང་འབྲས་བུ་གཞལ་ཡས་བགྱིད་པར་འགྱུར། །དེས་ནི་ལྷ་མིར་བཅས་པའི་འཇིག་རྟེན་འཁོར་བར་སྡུག་བསྔལ་ཉམ་ཐག་འདི། །འཕགས་ལམ་ཡན་ལག་བརྒྱད་བསྟན་སྲིད་པའི་རྒྱ་མཚོ་འདི་ནས་སྒྲོལ་བར་འགྱུར། །དྲང་སྲོང་ཆེན་པོ་གསུང་མཆོག་ཡན་ལག་བརྒྱད་ལྡན་བཟང་པོ་འདི་ཐོས་ནས། །འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་འཚལ་དགེ་ལ་བརྩོན་ཞིང་དགའ་བར་འགྱུར། །ཐེ་ཚོམ་བྲལ་གྱུར་རྣམ་དག་ཡིད་ཀྱིས་བརྩོན་འགྲུས་དྲག་པོའི་སྟོབས་བསྐྱེད་ཅིང ། །བདེ་བར་གཤེགས་པའི་བསྟན་པ་བཞིན་བགྱིད་ཁྱོད་དང་འཐུན་བྱུང་སྲས་སུ་འགྱུར། །འཁོར་རྣམས་བརྟེན་པ་གཞན་མ་མཆིས་པར་འདྲེན་པ་ཁྱོད་ཀྱི་ཞལ་དུ་ལྟ། །འགྲོ་བའི་རྩ་ལག་རྟོག་པ་ཡིད་གཉིས་བསལ་ཞིང་བཀའ་ལུང་སྩལ་དུ་གསོལ། །བཅོམ་ལྡན་འཇིག་རྟེན་འདི་དག་ཁྱོད་ཀྱི་ཞབས་འབྲིང་གནས་ཤིང་ཉན་པར་འཚལ། །གསུང་རབ་ལེགས་བརྗོད་བདུད་རྩིའི་ཆར་ཕོབ་གང་དག་སྐོམ་པ་འཚལ་བར་འགྱུར། །འདྲེན་པ་ཆེན་པོ་ཁྱོད་ཀྱི་འཁོར་འདི་དག་ཅིང་སངས་རྒྱས་ཡོན་ཏན་འཚལ། །རིང་དུ་སོང་བའི་མ་ལ་བུ་ལྟ་བཞིན་དུ་ཁྱོད་ཀྱི་ཞལ་དུ་ལྟ། །བདེ་གཤེགས་ལྷ་རྣམས་ལུང་བསྟན་བཀའ་སྩོལ་བཞད་པའི་དོན་ཀྱང་བསྟན་དུ་གསོལ། །སྐྱོབ་པའི་གསུང་མཆོག་ཐོས་ན་འཇིག་རྟེན་དོན་ཆེན་ཤིན་དུ་ཐོབ་པར་འགྱུར། །ཐུབ་པ་དེ་རིང་སུ་ཞིག་དགེ་བ་འཕེལ་ཞིང་གྲགས་པ་དོན་དུ་གཉེར། །སུ་ཞིག་འདྲེན་པའི་ཡོན་ཏན་གཏེར་རྙེད་འགྱུར་བ་བདག་ཅག་དེ་ཉན་འཚལ། །རྒྱལ་བའི་འཁོར་རྣམས་ཁྱོད་ཀྱིས་གསུངས་པ་དེ་དག་ཐོས་ཤིང་དགར་གྱུར་ནས། །ཚུལ་འདི་སྟོན་ཅིང་ཏིང་འཛིན་སྟོབས་ལྡན་ཤེས་རབ་ལ་ཡང་སྒོམ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །རྟ་ཐུལ་ཁྱོད་ཀྱི་སྤོབས་པ་ལེགས་པར་དུས་ལྡན་སྐྱེས་པ་ཤིན་ཏུ་ལགས། །བདེ་གཤེགས་རྣམ་པར་སྤྲུལ་བཞིན་དེ་ལྟར་ཁྱོད་ཀྱི་བློ་གྲོས 81.91b འབྱུང་འགྱུར་ཞིང ། །སྤོབས་པ་ཆེ་འབྱུང་དེ་ཕྱིར་གང་དང་གང་དག་ཁྱོད་ཀྱིས་དྲིས་གྱུར་པ། །དེ་དག་ལུང་བསྟན་ངས་བཤད་ཀུན་ཀྱང་དབང་པོ་ཞི་བས་མཉན་པར་གྱིས། །འོད་གསལ་བ་ཡི་ལྷ་རྣམས་བློ་དག་སྔོན་གྱི་རྒྱལ་བ་མཐོང་བ་སྟེ། །འཇིག་རྟེན་མགོན་མེད་ཡིད་ཅན་འདི་དག་མཐོང་ནས་བྱང་ཆུབ་ཡང་དག་ཞུགས། །བྱང་ཆུབ་ངེས་འབྱུང་ལམ་མཆོག་ཡང་དག་རྒྱལ་བས་སྤྱད་སྤྱད་པ། །བྱང་ཆུབ་འགྲོ་འདོད་གང་ཚེ་སྟོན་མེད་ལམ་སྟོར་རྣམས་ལ་སྟོན་པར་འགྱུར། །ཚུལ་གྱི་དམ་པ་ཤིན་དུ་གསལ་སྒྲ་ཐུན་མོང་མ་ཡིན་འདི་ཐོས་ན། །སངས་རྒྱས་ཡོན་ཏན་དོན་གཉེར་བློ་སྦྱངས་དེ་དག་བྱང་ཆུབ་ཞི་འཐོབ་འགྱུར། །དེ་དག་སྟོབས་སྐྱེས་ཚུལ་དང་ཚུལ་མིན་མཁས་ཤིང་བྱང་ཆུབ་ཡིད་ངེས་གྱུར། །བུ་སྐྱེས་མ་བཞིན་དགའ་བས་བྱང་ཆུབ་མཆོག་ཏུ་དེ་དག་སྨོན་ལམ་བཏབ། །འོད་གསལ་ལྷ་རྣམས་འདི་དག་བྱང་ཆུབ་འདོད་ལ་ཚུལ་གྱི་སྒོ་བསྟན་ཏེ། །བསྐལ་པ་ཁྲག་ཁྲིག་བརྗོད་དུ་མེད་པར་ཕྲ་བའི་ཚུལ་འདི་བསྟན་བྱས་ནས། །སེམས་ཅན་སྐར་མའི་གྲངས་པས་ཆེས་མང་བ་དག་བྱང་ཆུབ་དགའ་བྱས་ཏེ། །དེ་ཡི་འོག་ཏུ་འཇིག་རྟེན་མཁས་པ་རང་བྱུང་སྐྱོན་བྲལ་ཀུན་མཁྱེན་འགྱུར། །དེ་དག་ཞིང་མཆོག་བརྗོད་དུ་མེད་པ་ཞིང་རྣམས་བྱེ་བ་བརྒྱ་འགྲངས་པར། །ཡངས་ཤིང་ཤིན་དུ་དགའ་ལ་མཐའ་དག་བཀོད་པ་རྣམས་ཀྱིས་བརྒྱན་པ་སྟེ། །ཀུན་གྱི་ཞིང་དུ་ངན་སོང་རྣམས་དང་དེ་བཞིན་མི་ཁོམ་ཡོང་མི་འབྱུང ། །བདེ་བར་གཤེགས་རྣམས་ཐུགས་བརྩེས་སེམས་ཅན་ཐམས་ཅད་རང་འབྱུང་མཛད་པར་འགྱུར། །ཞིང་རྣམས་དེ་དག་གང་ནའང་ཉན་ཐོས་ཐེག་པ་སྟོན་པར་མི་འགྱུར་ཏེ། །སེམས་ཅན་ཐམས་ཅད་རང་འབྱུང་ཉིད་དུ་མངོན་ཕྱོགས་འཕྲོགས་པ་མེད་པར་འགྱུར། །དེ་ན་རང་འབྱུང་སངས་རྒྱས་ཉིད་སྟོན་མཛད་པ་འཇིག་རྟེན་ཁམས་རྣམས་ཀྱི། །སྐུ་ཚེའི་ཚད་ནི་བསྐལ་པ་བྱེ་བ་བརྒྱ་འགྲངས་གང་གཱའི་བྱེ་སྙེད་འགྱུར། །རྟ་ཐུལ་འཇིག་རྟེན་ཁྲག་ཁྲིག་ཁམས་ཀྱི་ཉན་ཐོས་མྱ་ངན་བཟླས་པ་བས། །གང་ཡང་སྐྱེས་པ་འམ་བུད་མེད་གཅིག་ཅིག་བྱང་ཆུབ་ཡང་དག་དགའ་བྱས་ན། །བསོད་ནམས་དེ་ལ་སྔ་མས་གྲངས་སམ་དཔེར་ཡང་བྱ་བར་མི་ནུས་སོ། །དེ་བས 81.92a བྱང་ཆུབ་ཞུགས་པའི་སྐྱེས་བུ་དམ་པ་བྱང་ཆུབ་དགའ་བར་གྱིས། །རྟ་ཐུལ་འདི་ལ་འདྲེན་པ་ཐམས་ཅད་མཁྱེན་པ་འབྱུང་བ་རྙེད་སླ་མིན། །དེ་ནི་ཨུ་དུམ་པ་རའི་མེ་ཏོག་འདྲ་ཞེས་སངས་རྒྱས་མཐའ་ཡས་བློ་མངས་གསུངས། །དེ་ཕྱིར་བླ་ན་མེད་པའི་ཞི་བ་བྱང་ཆུབ་མི་གང་འདོད་པ་ཡིས། །ཤིན་དུ་བློ་ཕྲ་བསྟེན་བཟང་མཁྱེན་པ་ཚུལ་མཁས་འདྲེན་ལ་བསྟེན་པར་བྱ། །དེ་བཞིན་གཤེགས་ཀྱི་ཞལ་ནས་དོན་བྱེད་གསུང་དག་དེ་འདྲ་ཐོས་གྱུར་ནས། །འཁོར་རྣམས་ཐམས་ཅད་ཡི་རངས་མཆོག་ཏུ་དགའ་ཞིང་ཡང་དག་དགའ་བར་འགྱུར། །ཁྲག་ཁྲིག་ལྷ་རྣམས་ནམ་མཁར་འཁོད་ནས་གོས་ཀྱི་གཡབ་མོ་འདོར་བར་བྱེད། །དགའ་ནས་སངས་རྒྱས་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སྒྲ་ཡང་ཕྱུང ། །ཞི་བ་ཐུགས་ཞི་སྐྱེ་བོ་ཉོན་མོངས་རྒོད་པས་རྒོད་གྱུར་ཞི་བར་མཛད། །བདུད་རྩི་སྟོན་ཅིང་དུག་གསུམ་ཞི་མཛད་སེམས་ཅན་དུག་ནི་བསྐྱུག་ཏུ་གསོལ། །ཁྱོད་ཀྱི་ཡེ་ཤེས་ཐོས་ནས་སྐྱེས་དགུའི་དུག་མེད་འགྱུར་ཞིང་དགྲ་མེད་འགྱུར། །སྡུག་བསྔལ་རྣམས་ཀྱིས་འདྲེན་ལས་ཚུལ་ཐོས་མི་བཟད་སྲིད་པའི་རྒྱུད་ལས་གྲོལ། །འོད་གསལ་བ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། བམ་པོ་བརྒྱད་པ། དེ་ནས་དགེ་རྒྱས་རིས་ཀྱི་ལྷ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཀྱིས་ལྷ་མ་ཡིན་རྣམས་ནས་འོད་གསལ་བའི་ལྷའི་བར་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བདག་ཅག་ཚུལ་ཕུན་སུམ་ཚོགས་པར་གྱུར་པ་ཡང་བརྗོད་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པའི་དངོས་པོ་ཐམས་ཅད་བདེ་བའི་ཚོར་བ་ཤ་སྟག་མྱོང་བར་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་མི་མྱོང་ལ། སྡུག་བསྔལ་ཡང་མ་ལགས་བདེ་བ་ཡང་མ་ལགས་པ་ཡང་མི་མྱོང་སྟེ། སེམས་ཅན་དམྱལ་བའི་གནོད་པས་གནོད་པར་བགྱིས་ཀྱང་བདེ 81.92b བའི་འདུ་ཤེས་ཉེ་བར་གནས་པ་དང ། མིའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང ། ལག་པ་བཅད་དམ། རྐང་པ་བཅད་དམ། རྐང་ལག་བཅད་དམ། རྣ་བ་འམ། སྣ་འམ། རྣ་བ་དང་སྣ་གཏུབས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང ། སྤ་ལྕག་གིས་གཞུས་སམ། སྤ་ལྕག་ཕྱེད་ཚལ་ལམ ། ལྕག་གིས་གཞུས་ཀྱང་བདེ་བའི་དུ་ཤེས་ཉེ་བར་གནས་པར་འགྱུར་བ་དང ། བཙོན་རར་བཅུག་གམ། ལྕགས་སྒྲོག་དང ། ཤིང་སྒྲོག་ཏུ་བཅུག་གམ། བརྩོན་ཆ་དམ་པོ་ལ་རྒྱས་བཏབ་བམ། བྱིས་པའི་གཙུག་པུད་ལྟར་བཅིངས་སམ། དུགས་ཀྱི་སྣོད་ལྟར་བདུགས་སམ། བུ་རམ་ཤིང་བརྡུངས་པ་ལྟར་བརྡུངས་སམ། འདམ་བུ་གཞོམ་པ་ལྟར་བཅོམ་འམ། འབྲུ་མར་གྱི་མར་མེ་ལྟར་འབར་བས་བྱས་སམ་མར་གྱི་མར་མེ་དང་ཞོ་བསྐོལ་བ་ལྟར་འབར་བར་བྱས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང ། མེའི་ནང་དུ་བོར་རམ། སེང་གེའི་ཁར་བསྟབས་སམ། སྟག་གི་ཁར་བསྟབས་སམ། །སྐམ་རིལ་བྱ་བ་ལྟར་གྲིལ་ཏམ། བྱི་བོའི་ཆད་པ་ལྟ་བུས་བཅད་དམ། ཉེས་བྱུང་བ་བསྒྲགས་པ་ལྟར་བསྒྲགས་སམ། ཀཱ་ར་ཥཱ་པ་ཎ་ཙམ་དུ་གཏུབས་སམ། འབྲས་ཕྱེ་བཙོ་བ་ལྟར་བཙོས་སམ། གླང་པོ་ཆེ་རྣམས་ཀྱིས་བཅོམ་ཡང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང ། མིག་ཕྱུང་ངམ། གསལ་ཤིང་གི་རྩེ་མོ་ལ་བཞག་གམ། གསད་པའི་གནས་སུ་ཁྲིད་དེ་རྣམ་པ་ཐམས་ཅད་དུ་མགོ་གཅོད་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། བདེ་བ་ཡང་མ་ལགས། མི་བདེ་བ་ཡང་མ་ལགས་པའི་འདུ་ཤེས་རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡུན་རིང་པོ་ནས་སྤྱད་པ་སྤྱོད་པའི་ཚེ་སྨོན་ལམ་འདི་ལྟར་བཏབ་སྟེ། གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག་།གང་གིས་བདག་ལ་སྐོམ་བླུད་པ་དང ། གང་གིས་བདག་ལ་རིམ་གྲོ་བྱས་པ་དང ། །བཀུར་སྟི་བྱས་པ་དང ། བསྟི་སྟང་བྱས་པ་དང ། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག 81.93a གང་ཡང་བདག་ལ་གཤེ་བ་དང ། མི་བདེ་བར་བྱེད་པ་དང ། བརྡེག་པ་དང ། མཚོན་གྱིས་འདེབས་པ་དང ། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེ་ཡིད་ལ་བྱ་བ་དེ་དག་དང་ལྡན་ཞིང་དེ་དེ་ལྟ་བུའི་ལས་དང ། དེ་ལྟ་བུའི་སྨོན་ལམ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བདེ་བའི་འདུ་ཤེས་ལ་བསྟེན་ཅིང་སྙེན་ལ་སྒོམ་ཞིང་མང་དུ་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དེའི་ཚེ། བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་མི་འཁྲུགས་པར་འགྱུར་ཏེ། དེའི་ཚེ་དེ་ལྟར་ཚེ་ལ་དབང་བ་དང ། སྐྱེ་བ་ལ་དབང་བ་དང ། ལས་ལ་དབང་བ་དང ། རྣམ་པར་རྟོག་པ་ལ་དབང་བ་དང ། ཡོ་བྱད་ལ་དབང་བ་སྟེ། དབང་ལྔ་ཐོབ་པར་རིག་པར་བགྱིའོ། །དེ་འཚལ་ན་ཚེ་རྗེས་མ་ཐག་ཏུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་འཚལ་ན་བསྐལ་པ་གྲངས་མ་མཆིས་པར་གནས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་བྱང་ཆུབ་སེམས་དཔའ་སྒྲུབ་པ་དང ། བྱང་ཆུབ་སེམས་དཔའ་ཡོངས་སུ་འཛིན་པ་དང ། ངན་འགྲོ་ཐམས་ཅད་རབ་ཏུ་བསལ་བ་དང ། འགྲོ་བ་དྲུག་པོ་ཀུན་དུ་སྐྱེས་པ་དང ། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་བསླབས་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང ། ཐབས་མཁས་པ་དང་ལྡན་པ་དང ། བདུད་ཀྱི་ལས་ལས་རྣམ་པར་རྒྱལ་བ་དང ། ཆོས་ཐམས་ཅད་ཁོང་དུ་ཆུད་པར་རིག་པར་བགྱི་བའི་སླད་དུ་སྟེ། བཅོམ་ལྡན་འདས་གང་གིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ངེས་པའི་རྟོགས་པ་ཐོབ་པར་འགྱུར་བ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུའོ། །དེ་ནས་དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་ཏིང་ངེ་འཛིན་འདི་བརྗོད་ནས་དེའི་ཚེ་ཚིགས་སུ 81.93b བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །དགེ་རྒྱས་ལྷ་ཚོགས་འདི་དག་ཐམས་ཅད་ཆོས་ལ་མཐར་ཐུག་གྱུར་པ་སྟེ། །སྟོན་པ་དབང་པོ་ཞི་ཞིང་ཞི་བ་མཁྱེན་ལ་མགོ་བོས་སྐྱབས་སུ་མཆིས། །དེ་དག་མཁས་པས་མཆོད་པའི་སངས་རྒྱས་དོན་མཁྱེན་འཁོར་བ་རྒལ་འགྱུར་པ། །ཐུབ་པ་མི་ཡི་འདྲེན་པའི་ཚུལ་མཁས་རྒྱལ་བ་འདྲེན་པ་འདྲེན་ལ་བསྟོད། །འདི་ན་རང་བཞིན་ངེས་པའི་ཐུབ་ཆོས་གནས་པ་གང་ན་འང་མ་མཆིས་ཏེ། །སྒྱུ་མའི་མཁན་པོས་སྒྱུ་མ་ཇི་བཞིན་ཁྱོད་ཀྱིས་ཐུབ་པ་ལེགས་པར་མཁྱེན། །ཡན་ལག་སྣ་ཚོགས་སྒྲ་བརྙན་རི་ཁྲོད་འབྱུང་བ་མཁས་པར་རྟོགས་པ་ལྟར། །དེ་བཞིན་བདེ་གཤེགས་དྲང་སྲོང་ཁྱོད་ཀྱིས་ལྷ་མིར་བཅས་པའི་འཇིག་རྟེན་གཟིགས། །འདི་ན་སེམས་ཅན་སྲོག་དང་ཤེད་བུ་གསོ་བ་གང་ཟག་མ་མཆིས་ཏེ། །མི་མཆོག་ཁྱོད་ཀྱིས་འདུ་ཤེས་རྣམ་པར་བཤིག་ཅིང་སྟོང་པར་རྣམ་གཞག་ལ། །རྐང་གཉིས་དམ་པ་སེམས་ཅན་གཙོ་བོ་བྱམས་པ་གཞལ་ཡས་སྒོམ་པའང་མཛད། །རྒྱལ་བ་སངས་རྒྱས་དགོངས་པ་འདི་ནི་འགྲོ་བ་ཀུན་གྱིས་རྟོགས་པར་དཀའ། །བྱམས་པ་དགེ་སྒོམ་སེམས་ཅན་དམིགས་པ་ཡིན་ཞེས་འདྲེན་པས་བཀའ་སྩལ་ལ། །སེམས་ཅན་རྣམ་པར་བཤིག་ཅིང་འགྲོ་བ་ཐམས་ཅད་སེམས་ཅན་མེད་པར་མཁྱེན། །དེ་ལྟར་རྐང་གཉིས་དམ་པ་རྙོག་པ་མི་མངའ་ཐེ་ཚོམ་བྲལ་ཐུགས་ལྡན། །དེས་ན་བདེ་གཤེགས་རྣམ་བརྟགས་བློ་མངའ་མཆོད་འོས་ཁྱོད་ལ་མཆོད་པ་འཚལ། །བདེ་བར་གཤེགས་པ་སྡུག་བསྔལ་ཕྱོགས་བཅུར་གནས་པ་ཀུན་དུ་མི་དམིགས་ཀྱང ། །ལྷ་ཡི་ལྷར་གྱུར་ཁྱོད་ཀྱིས་སེམས་ཅན་རྣམས་ལ་སྙིང་རྗེ་བགྱི་བ་གསུངས། །དེ་ལྟར་རྒྱལ་མཆོག་བདག་ཅག་རྒྱལ་བའི་དགོངས་པ་ཇི་བཞིན་ཀུན་དུ་འཚལ། །དེས་ན་རྐང་གཉིས་གཙོ་བོ་མི་མཆོག་མཆོད་འོས་ཁྱོད་ལ་མཆོད་པ་འཚལ། །ཐུབ་པ་ཁྱོད་ཀྱིས་སེམས་ཅན་དང་ནི་བསལ་བགྱི་སྡུག་བསྔལ་མི་གཟིགས་ལ། །དགྱེས་པ་སྐྱེས་ནས་རབ་ཏུ་དགྱེས་པའི་ཐུགས་ཀྱིས་མི་དགྱེས་རྣམ་པར་བསལ། །དེ་ལྟར་སངས་རྒྱས་ཚུལ་ནི་བསམ་གྱིས་མི་ཁྱབ་ཚུལ་འདི་ཇི་བཞིན་འཚལ། །དེས་ན་མི་མཆོག་ཁྱོད་ལ་མཆོད་ནས 81.94a བརྙེས་པའི་འབྲས་བུ་ཐོབ་པར་བགྱི། །སྐྱོན་བྲལ་ཁྱོད་ཀྱིས་འགྲོ་བ་ཀུན་དུ་སྡུག་བསྔལ་མྱ་ངན་འདས་མ་དམིགས། །འོན་ཀྱང་འཁོར་བར་སེམས་ཅན་གཟིགས་ཤིང་དོན་མཛད་སྟོབས་དང་ལྡན་པ་བསྐྱེད། །སེམས་ཅན་སྡུག་བསྔལ་འགྲོ་དང་ཐུབ་དང་མྱ་ངན་འདས་དང་གནས་མ་མཆིས། །སངས་རྒྱས་ཚུལ་འདི་རྟོགས་ནས་ཐུབ་པ་མཆོད་འོས་ཁྱོད་ལ་མཆོད་པ་འཚལ། །འདྲེན་པ་ཚད་མེད་བཞི་པོ་གཟིགས་ཤིང་དེ་ཡང་གཉིས་སུ་མེད་པར་བསྟན། །གང་ཞིག་དེར་དུལ་མ་གཟིགས་གང་ཡང་ཚད་མེད་གནས་པ་དེ་མ་གཟིགས། །ཐུབ་པས་བག་མེད་གང་ཡང་མ་གཟིགས་བག་ཡོད་མི་ཡང་མ་གཟིགས་ཏེ། །སངས་རྒྱས་ཚུལ་འདི་འཚལ་ནས་ཐུབ་པའི་སྟོན་པ་ཁྱོད་ལ་མཆོད་པ་བགྱིས། །ཐུབ་པ་སྐུ་ནི་རྣམ་པར་སྤངས་པས་སྐུ་བཙལ་མཛད་ན་བརྙེས་གྱུར་ཀྱང ། །དེ་ལྟར་འདྲེན་པ་དྲན་པ་མ་གསུངས་མ་ལགས་བསྙེལ་བ་ཡང་མི་མངའ། །བདེ་བར་གཤེགས་པ་ལུས་ལ་སོང་བའི་བསྒོམ་བསྒོམ་པར་གྱིས་ཤེས་གསུངས། །སངས་རྒྱས་ཚུལ་འདི་རིག་ནས་བདེ་བར་གཤེགས་པ་སྐྱོབ་ལ་མཆོད་པ་བགྱིས། །འདེན་པས་ཚོར་བའི་རང་བཞིན་བཙལ་བ་མཛད་ན་བརྙེས་པར་མ་གྱུར་ལ། །ཚོར་བ་ཚོར་བར་བགྱིད་པའང་ཐུབ་པས་ཡོངས་སུ་བཙལ་ན་མ་བརྙེས་ཏེ། །དེ་ལྟར་གང་ཞིག་དྲན་སྒོམ་དེ་ནི་སངས་རྒྱས་ཀྱིས་ཀྱང་ཡོངས་མ་གཟིགས། །སངས་རྒྱས་ཚུལ་འདི་འཚལ་ནས་སྟོན་པ་ལ་ནི་བདག་ཅག་མཆོད་པ་བགྱིས། །ཐུབ་པས་སེམས་དང་སེམས་ལས་བྱུང་བ་དགོངས་ཏེ་བཙལ་ན་མ་བརྙེས་ལ། །གང་གི་ཉེ་བར་གཞག་པ་དེ་ཡང་དྲན་པ་མེད་པར་རབ་མཁྱེན་ཀྱང ། །ཐར་པ་འདོད་རྣམས་སེམས་འདུས་དྲན་པ་བསྒོམ་པར་གྱིས་ཤེས་གསུངས། །བདེ་བར་གཤེགས་པའི་དགོངས་པ་འདི་འཚལ་ནས་ནི་སྟོན་ལ་མཆོད་པ་བགྱིས། །འཇིག་རྟེན་ཕན་པར་བཞེད་པས་ཆོས་དང་ཆོས་ལ་གང་སྤྱོད་དེ་མ་གཟིགས། །བསྒོམ་པར་གང་གསུངས་དྲན་པ་དེ་ཡང་འདི་ན་རང་བཞིན་མ་མཆིས་ལ། །ཐར་པ་འདོད་པ་རྣམས་ཀྱིས་ཆོས་འདུས་དྲན་པ་བསྒོམ་པར་གྱིས་ཤེས་གསུངས། །སངས་རྒྱས་ཚུལ་བཞི་པོ་འདི་རབ་ཏུ 81.94b འཚལ་ནས་སྐྱོབ་ལ་མཆོད་པར་བགྱིས། །གནས་གཅིག་མཆིས་པ་མ་ལགས་གཉིས་སམ་གསུམ་འམ་བཞི་ལྟ་ག་ལ་མཆིས། །གང་གིས་གནས་སུ་བརྗོད་པའི་དྲན་པ་དེ་ཡང་གང་ནའང་མ་མཆིས་ཏེ། །དེ་བས་གང་གི་བདེ་བའམ་སྡུག་བསྔལ་ཡང་དག་གང་ནའང་དེ་མ་མཆིས། །སྟོན་པའི་ཚུལ་འདི་འཚལ་ནས་དེས་ན་བདག་ཅག་ཁྱོད་ལ་མཆོད་པ་འཚལ། །སྟོན་པའི་ཚུལ་མཆོག་བཞི་པོ་འདི་རྣམས་དགེ་སློང་གང་དག་འཛིན་བགྱིད་ན། །འདི་དག་ཐར་པ་ཉིད་ཀྱི་ལམ་སྟེ་འཁོར་བ་ལས་ནི་འབྱུང་བར་འགྱུར། །དེ་ལྟར་དེ་ནི་ཚུལ་འདིར་མ་བཅིང་མ་གྲོལ་བྱང་ཆུབ་འདྲེན་པ་མིན། །བཅོམ་ལྡན་འདས་ཀྱིས་བརྟགས་པ་མ་བཤིག་དེས་ན་ཁྱོད་ལ་མཆོད་པ་འཚལ། །ཐར་མཛད་སླད་དུ་བཅོམ་ལྡན་འདས་ཀྱིས་ལམ་ཞི་རྫུ་འཕྲུལ་རྐང་པ་གསུངས། །འདི་དག་བསྒོམས་ན་མི་རྣམས་དཔའ་བོ་དུལ་ཞིང་མྱ་ངན་འདའ་བར་འགྱུར། །ཡང་དག་དུ་ན་རྫུ་འཕྲུལ་དང་ནི་རྐང་དང་སྒོམ་པ་མི་དམིགས་ཏེ། །ཆད་པར་མི་འགྱུར་བྱ་བའང་སྟོན་ཅིང་བྱེད་པ་པོ་ཡང་ཡོད་མི་དམིགས། །ཐམས་ཅད་མཁྱེན་གྱི་བསྟན་འདིར་ལྷ་ཚོགས་ཐེ་ཚོམ་གང་ནའང་མ་མཆིས་ཏེ། །དེ་དག་དེ་ལ་ནེམ་ནུར་མ་མཆིས་དེ་བཞིན་སོམ་ཉི་མ་མཆིས་འགྱུར། །འདི་ནི་མཆོད་པ་བཟང་པོ་མཆོག་ཅེས་མཆོད་འོས་སངས་རྒྱས་རྣམས་ཀྱིས་གསུངས། །དེས་ན་བདེ་གཤེགས་དཔེ་མེད་སྤྱོད་མངའ་མཆོད་འོས་ཁྱོད་ལ་མཆོད་པ་འཚལ། །ཐར་པར་མཛད་སླད་འཇིག་རྟེན་མཁས་པས་ངེས་འབྱུང་དབང་པོ་ལྔ་ཡང་གསུངས། །རྟག་ཏུ་བག་ཡོད་བྱོས་ལ་མྱ་ངན་འདས་འགྲོའི་ལམ་འདི་སྒོམ་ཤེས་བསྟན། །ཐུབ་པ་དབང་པོ་དང་ནི་སྒོམ་པ་པོ་དང་ཐར་པའང་མི་དམིགས་ཏེ། །འདི་ལ་ལྷ་འཁོར་ཐེ་ཚོམ་མ་མཆིས་དེ་སླད་ཁྱོད་ལ་མཆོད་པ་འཚལ། །སངས་རྒྱས་རྣམས་ཀྱི་མྱ་ངན་འདས་པར་འགྲོ་བའི་དྲང་ལམ་སྟོབས་ལྔ་པོ། །དེ་དག་ཉོན་མོངས་ཟད་བགྱིད་ཐར་པར་བགྱིད་ཅེས་སྟོན་པ་ཐུབ་པས་གསུངས། །དེ་དག་རང་བཞིན་མ་མཆིས་ཉོན་མོངས་མ 81.95a མཆིས་རྒྱལ་བ་མ་མཆིས་ཏེ། །ཐུབ་པ་བདག་ཅག་གང་ལའང་ཐེ་ཚོམ་མ་མཆིས་དེ་སླད་ཁྱོད་ལ་མཆོད། །བྱང་ཆུབ་ཡན་ལག་བདུན་པོ་འདི་དག་དགེ་བ་ལམ་གྱི་དམ་པ་སྟེ། །སངས་རྒྱས་རྣམས་ཀྱི་མྱ་ངན་འདས་འགྲོ་དྲང་ལམ་མཆོག་ཅེས་ཐུབ་པས་གསུངས། །འཆིང་བ་མཆིས་པ་མ་ལགས་གྲོལ་བ་མཆིས་པ་བཅིངས་པ་མ་མཆིས་ཏེ། །སེམས་ཅན་དཀོན་མཆོག་འདི་ལ་བདག་ཅག་ཐེ་ཚོམ་ཁྱོད་ལ་མཆོད། །རྐང་གཉིས་གཙོ་བོ་ཁྱོད་ཀྱིས་བཞི་ཕྲག་གཉིས་ལམ་སེམས་ཅན་རྣམས་ལ་བསྟན། །བརྩོན་འགྲུས་ལྡན་པར་འཕགས་ལམ་སྡུག་བསྔལ་མཐའ་མར་འབྱིན་པ་སྒོམས་ཤེས་གསུངས། །མི་མཆོག་ལམ་དང་དེ་བཞིན་ཉོན་མོངས་འདི་གཉིས་གཡོ་བ་མ་མཆིས་ཏེ། །འདི་ལ་ལྷ་ཚོགས་ཐེ་ཚོམ་མ་མཆིས་གྱུར་པས་མཆོད་འོས་ཁྱོད་ལ་མཆོད། །འདོད་ཆགས་གཉེན་པོས་ཞི་གནས་བཀའ་སྩལ་ཞེ་སྡང་གཉེན་པོར་བྱམས་པ་གསུངས། །གཏི་མུག་གཉེན་པོར་ལྷག་མཐོང་ཐུབ་པ་མཆོག་གིས་སེམས་ཅན་རྣམས་ལ་བསྟན། །འདི་དག་ཐམས་ཅད་གཡོ་བ་མ་མཆིས་སྐད་ཅིག་དག་མིན་ཉོན་མོངས་མིན། །འདི་ལ་ལྷ་ཚོགས་ཐེ་ཚོམ་མ་མཆིས་ཐུབ་པ་མཆོད་སླད་རྟག་ཏུ་བརྩོན། །སྡུག་བསྔལ་ཞི་བྱ་ཕྱིར་ནི་ཞི་གནས་ལྷག་མཐོང་ལམ་ཡང་སྒོམས་ཤེས་གསུངས། །བཅོམ་ལྡན་གང་གིས་འགྲོ་བ་ཉོན་མོངས་བག་ཆགས་བཅས་དྲི་དེ་དག་ཞི། །ཐུབ་པ་ཞི་གནས་ལྷག་མཐོང་དེ་བཞིན་དྲི་མ་ཐམས་ཅད་སྟོང་པ་སྟེ། །འདི་ལ་ལྷ་ཚོགས་གང་དུའང་ཐེ་ཚོམ་མ་མཆིས་སྐྱོན་བྲལ་ཁྱོད་ལ་མཆོད། །སྟོབས་བཅུ་སེམས་ཅན་རྣམས་ལ་དགེ་བ་བཅུ་ཡི་ལས་ལམ་བསྟན་མཛད་དེ། །གསོད་དང་འཁྲིག་དང་མ་བྱིན་ཕྲ་མ་བརྫུན་དང་ཞེ་གཅོད་ཀྱལ་ཚིག་དང ། །གནོད་སེམས་དང་ནི་མི་རིགས་འདོད་དང་དེ་བཞིན་ལོག་པར་རྟོག་པ་རྣམས། །མི་དགེའི་ལས་ལམ་འདི་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་བསྟན། །སེམས་ཅན་མི་དམིགས་གསོད་པ་ག་ལ་མཆིས་ཏེ་ལྷག་མ་དེ་དང་འདྲ། །གཉེན་པོ་དགེ་བ་མ་མཆིས་དེ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། །བདེ 81.95b གཤེགས་ཐུབ་པ་ཟག་པ་མི་མངའ་རྣམས་ཀྱང་ངོ་བོ་ཉིད་ཀྱིས་སྟོང ། །རྣམ་འདྲེན་ཐེ་ཚོམ་སོམ་ཉི་མ་མཆིས་དེ་སླར་ཁྱོད་ལ་མཆོད་པར་འཚལ། །སངས་རྒྱས་སྲས་པོ་དགེ་བའི་བློ་ཅན་གང་ཞིག་སྤྱོད་པ་འདི་སྟེན་པ། །མཁས་པ་ཀུན་དུ་དགེ་བ་ཉིད་མྱོང་སྡུག་བསྔལ་མྱོང་བར་ཡོང་མི་འགྱུར། །བཅོམ་ལྡན་བདེ་གཤེགས་ཡེ་ཤེས་དེས་ནི་ཚུལ་འདི་བདེ་བར་ཐོབ་པར་བགྱིས། །འདི་ལ་ལྷ་ཚོགས་ཐེ་ཚོམ་མ་མཆིས་མཆོད་འོས་ཁྱོད་ལ་མཆོད་པར་འཚལ། །དེ་ལྟར་དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ཅང་མི་ཟེར་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་རྒྱས་ཀྱི་ལྷ་རྣམས་ཅང་མི་ཟེར་བར་འཁོད་པ་ཡང་མཁྱེན། དེ་དག་གི་ལྷག་པའི་བསམ་པས་སྒྲུབ་པ་ཡང་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་བ། །སྐྱེ་བོ་འདི་ཀུན་བཅོམ་ལྡན་ཁྱོད་ཀྱི་མཁྱེན་པའི་ཟིལ་གྱིས་ཟིལ་མནན་ནས། །བདེ་གཤེགས་རྒྱལ་བ་མཆོག་ཁྱོད་ཀྱིས་ནི་འཛུམ་མཛད་པ་འདི་འཇིག་རྟེན་བསྟན། །རྒྱུ་མ་མཆིས་པར་ཆོས་ཀུན་མཁས་པ་རྣམས་ནི་འཛུམ་པ་མི་མཛད་ན། །འཛུམ་རྒྱུ་དོན་གཉེར་མིག་མེད་རྣམས་ལ་འཇིག་རྟེན་མཁས་པས་བཀའ་སྩལ་གསོལ། །མ་ལུས་འདི་དག་ཐམས་ཅད་གཞན་དུ་མི་སེམས་ཁྱོད་འཛུམ་རེ་ཞིང་འཁོར། །དཔལ་སྟུག་ཁྱོད་ལ་བསྟོད་པ་བགྱིད་ཅིང་ཉན་པར་འཚལ་བའི་ཡིད་ཀྱིས་གནས། །སངས་རྒྱས་གསུང་གི་དབང་ཕྱུག་ཐོས་ནས་ཡིད་ནི་རབ་ཏུ་རངས་གྱུར་ཏེ། །ཆོས་རྣམས་ཀུན་ལ་ངེས་པའི་བློ་དགེ་ལྡན་པའི་སྟོན་པར་སྐྱེ་བར་འགྱུར། །བདེ་གཤེགས་མི་མཆོག་དགེ་བའི་ཐུགས་ཅན་དེ་རིང་སུ་ཞིག་བློ་གྲོས་བསྐྱེད། །དེ་རིང་གང་གིས་འཆི་མེད་ཞི་བ་རྟོགས་ཤིང་ཕྱོགས་རྣམས་སྣང་བར་བགྱིས། །སུ་ཞིག་འཇིག་རྟེན་ཐུགས་བརྩེ་རྒྱལ་བ་འདྲེན་པ་དཔག་ཏུ་མེད་འགྱུར་བ། །དེ་དག་བཀའ་སྩོལ་དྲང་སྲོང་འཁོར་འདི་ལེགས་པར་གསུངས་པས་ཚིམ་པར་མཛོད། །རྒྱལ་བ་ཁྱུ་མཆོག་དགེ་སྦྱོང་དམ་པ་དེང་སུ་བཙུན་ལ་དད་པ་སྐྱེས། །བདུད་ཀྱི་མི 81.96a ཕྲོགས་བློ་ལྡན་གང་ཞིག་ཆོས་ལ་ཡང་དག་ཡོངས་སུ་གནས། །སངས་རྒྱས་སྲས་པོ་ཚུལ་མཁས་གང་ཞིག་དེ་རིང་ངེས་པ་ཐོབ་པར་འགྱུར། །རྐང་གཉིས་གཙོ་བོ་དེ་དག་བཀའ་སྩོལ་འགྲོ་འདི་ཐེ་ཚོམ་མ་མཆིས་མཛོད། །བདེ་གཤེགས་དེང་སུ་འགྲོ་ལ་དད་བསྐྱེད་སྐྱེ་དགུ་རྣམས་ལ་བྱམས་གྱུར་ཅིང ། །བྱང་ཆུབ་མཐར་ཕྱིན་བློ་གྲོས་བརྟན་ཞིང་ཐམས་ཅད་མཁྱེན་པ་ཉིད་ལ་གནས། །གང་ལ་འཛུམ་པ་དེང་བསྟན་བདེ་གཤེགས་བསྟན་པ་འཛིན་པ་དེ་གང་ལགས། །བསོད་ནམས་བརྒྱ་ཡི་མཚན་མངའ་དེ་དག་བཀའ་སྩོལ་བདག་གི་ཐེ་ཚོམ་ཁུམ། །འདྲེན་པ་ཁྱོད་གསུང་ཡན་ལག་བརྒྱད་ལྡན་ལེགས་པར་བཀའ་སྩལ་ཐོས་གྱུར་ན། །བདེ་གཤེགས་གསུང་གིས་ཐོག་མར་བདག་ཅག་འདོང་ཞིང་འགྲོ་བ་གཞན་ཡང་འདྲེན། །དེ་ལྟར་གྱུར་ན་བདེ་གཤེགས་བསྟན་རབ་འདི་ནི་སྲས་ལ་གནས་པར་འགྱུར། །འཇིག་རྟེན་འདི་དག་ཡིད་ནི་མྱུར་དུ་བདེ་གཤེགས་རྣམས་ལ་གནས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །ང་ཡིས་འཇིག་རྟེན་དོན་བྱེད་འཛུམ་མཛད་རྟ་ཐུལ་ཁྱོད་ཀྱིས་མཐོང་གྱུར་ཅིང ། །སྐྱེས་བུ་དམ་པ་ཁྱོད་ཀྱིས་དུས་སུ་དྲིས་ཏེ་འགྲོ་བའི་དོན་བྱས་པ། །ཁྱོད་ཀྱིས་བསོད་ནམས་འཕེལ་བ་བརྗོད་དུ་མེད་དེ་དེ་ནི་ཟད་མི་འགྱུར། །དེ་ནི་ཁྱོད་ལ་བསྟན་གྱིས་ཁྱོད་དང་འགྲོ་བ་འདི་དག་དགའ་བས་ཉོན། །དགེ་རྒྱས་ལྷ་ཚོགས་འདི་དག་ང་ཡི་ཆོས་ཉིད་ལ་ནི་ཐེ་ཚོམ་མེད། །ཀུན་ཀྱང་ཡི་རངས་རབ་ཞི་ཡིད་ཀྱིས་ཚིགས་བཅད་དག་གིས་ང་ལ་བསྔགས། །སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་བགྲངས་མཆོད་འོས་མཆོད་བྱས་ཏེ། །ཐེ་ཚོམ་མེད་པའི་ཡིད་ཀྱིས་ཚུལ་དྲིས་ཀུན་དུ་སོམ་ཉི་མེད་པར་གྱུར། །དེ་ལྟར་སྔོན་གྱི་རྒྱུ་དེས་འདིར་ཡང་ཚིགས་སུ་བཅད་པས་ང་ལ་བསྟོད། །བསྐལ་པ་བཟང་པོའི་རྒྱལ་བ་བསྟོད་འོས་ཀུན་ལའང་འདི་དག་བསྟོད་པར་འགྱུར། །འདི་དག་བསྐལ་པ་ཨུད་པ་ལ་ལ་རྒྱལ་བ་དགྲ་རྒྱལ་མཐུ་ཆེན་འགྱུར། ། 81.96b འདི་དག་སེམས་ཅན་ཁྲག་ཁྲིག་བསམ་ཡས་ཡོངས་སུ་མྱ་ངན་འདའ་བར་བྱེད། །སངས་རྒྱས་དྲང་སྲོང་ཆེན་པོ་དེ་དག་ཡིད་འོང་མཚན་དུ་གང་འགྱུར་པ། །དེ་ཡང་བསྟན་གྱིས་དང་བའི་ཡིད་ཀྱིས་སེམས་ཀྱི་ཐ་བ་སྤོངས་ཏེ་ཉོན། །རྒྱལ་བ་དེ་ཀུན་ཆོས་ཀྱི་རྟོག་ཅེས་བྱ་བ་འདྲེན་པ་གཞལ་ཡས་འགྱུར། །འདི་དག་རེ་རེས་ཀྱང་ནི་ཁྲག་ཁྲིག་བསམ་ཡས་མྱ་ངན་བཟླ་བར་འགྱུར། །དེ་ཡི་ཚེ་ན་བདེ་གཤེགས་ཀུན་གྱི་རིང་བསྲེལ་ཤིན་དུ་རྒྱས་འགྱུར་ཏེ། །དེ་ཚེ་ཞིང་རྣམས་ཀུན་དུ་རྒྱལ་བའི་མཆོད་རྟེན་མེ་ཏོག་རྒྱས་པར་འགྱུར། །ཐུབ་པ་གྲགས་ཆེན་དེ་དག་ཡོངས་སུ་མྱ་ངན་འདས་པར་གྱུར་པ་ན། །ཐུབ་པ་སྐྱོབ་པ་དེ་དག་ཀུན་གྱི་རིང་བསྲེལ་རྒྱས་པས་དོན་ཆེན་འགྱུར། །སེམས་ཅན་ཁྲག་ཁྲིག་བསམ་ཡས་རྣམས་ཀྱིས་དེ་ཚེ་རིང་བསྲེལ་མཆོད་བྱས་ཏེ། །རིང་བསྲེལ་དེ་དག་མཆོད་ནས་མྱ་ངན་འདས་པ་ཞི་བ་འཆི་མེད་འཐོབ། །ཐུབ་པ་རྐང་གཉིས་གཙོ་བོ་དེ་དག་གྲགས་པ་རྒྱུན་འཆད་མི་འགྱུར་ཏེ། །སློབ་པ་ཁྲག་ཁྲིག་བསམ་ཡས་རྣམས་ཀྱང་དེ་ཚེ་རྒྱལ་བའི་དྲུང་དུ་འདུ། །ཇི་ལྟར་བྱེ་བ་བརྒྱ་བགྲངས་ང་ལ་ལེགས་པར་སྤྱད་པ་སྤྱད་ནས་སུ། །བྱམས་པ་བལྟ་ཕྱིར་རྒྱ་ཆེན་ཡིད་ཀྱིས་བྱམས་པའི་འཁོར་དུ་འདོང་འགྱུར་བ། །དེ་ལྟར་རྒྱལ་བའི་ཉན་ཐོས་སློབ་ཚོགས་དེ་དག་རྒྱལ་ནས་རྒྱལ་འཁོར་དུ། །རྐང་གཉིས་གཙོ་བོ་དེ་དག་ཀུན་གྱི་རིང་བསྲེལ་མཆོད་པ་བྱ་ཕྱིར་འདོང ། །བདེ་གཤེགས་གསུང་སྙན་འགྲོ་བ་ཐམས་ཅད་ངོ་མཚར་གྱུར་པ་དེ་ཐོས་ཤིང ། །དགེ་རྒྱས་རིས་ཀྱི་ལྷ་ཡི་བདག་ཉིད་ཆེན་པོ་དེ་ཚེ་ཐོས་གྱུར་ནས། །འཁོར་རྣམས་ཐམས་ཅད་རབ་ཏུ་དགའ་སྟེ་ཕལ་ཆེར་བྱང་ཆུབ་སེམས་ཀྱང་བསྐྱེད། །བདག་ཉིད་ཆེན་པོ་ཤེས་ནས་ཐུབ་པའི་ཞབས་ལ་མགོ་བོས་རབ་ཏུ་གཏུགས། །དགེ་རྒྱས་རིས་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། ་།། དེ་ནས་དེའི་ཚེ་འབྲས་བུ་ཆེ་བའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་བཅུས་ལྷ་མ་ཡིན་རྣམས་ནས་དགེ་རྒྱས་ཀྱི་ལྷའི་བར་དག་གི་མཆོད་པ་ཡང་མཐོང་ལུང་བསྟན་པ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་བ་དང ། མགུ་བ་དང ། ཡིད་བདེ་བ་སྐྱེས་ནས་ཚུལ་གཅིག་ལ་ཞུགས་པ་དང ། ཆོས་རེ་རེ་ལས་ཀྱང 81.97a ཆོས་ཀྱི་སྒོ་མཐའ་ཡས་པ་འབྱུང་བར་ཡང་དག་པར་མཐོང་ཞིང ། ཚུལ་ལ་འཇུག་པ་ཐམས་ཅད་ལས་ཀྱང་མཐའ་ཡས་པའི་སྤོབས་པ་དང ། མི་ཆོད་པའི་སྤོབས་པ་དང ། རིགས་པའི་སྤོབས་པ་དང ། གྲོལ་བའི་སྤོབས་པ་དང ། ཐོགས་པ་མེད་པའི་སྤོབས་པ་དང ། ཉེ་བའི་སྤོབས་པ་དང ། །ཕྲ་བའི་སྤོབས་པ་དང ། ཟབ་པའི་སྤོབས་པ་དང ། སྣ་ཚོགས་ཀྱི་སྤོབས་པ་དང ། འཇམ་པའི་སྤོབས་པ་དང ། འབྲེལ་བའི་སྤོབས་པ་དག་ཀྱང་འབྱུང་བར་ཤེས་ནས་བཅོམ་ལྡན་འདས་ལ་དགའ་བ་སྐྱེས་ཏེ། ཆོས་ཉིད་བརྗོད་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྒོའི་ཚུལ་མཐའ་ཡས་པ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། དེ་ལ་བརྩོན་པར་བགྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་འཐོབ་ཅིང་མི་ཆོད་པའི་སྤོབས་པ་ཐོབ་པར་འགྱུར་བ་དང ། དམིགས་པ་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་རྨོངས་པ་མ་མཆིས་པར་འགྱུར་རོ། །དེ་ལ་དམིགས་པ་གང་ཡང་གཟུགས་ལགས་པར་མ་འཚལ་བའི་ཚུལ་གྱིས་སྒྲིབ་པར་མི་འགྱུར་རོ། །དེ་ནི་ཕུང་པོ་ལ་འཇུག་པས་ཀྱང་སྒོའི་ཚུལ་མཐའ་ཡས་པའི་གཟུངས་ཐོབ་པར་འགྱུར། །ཁམས་ལ་འཇུག་པ་དང ། སྐྱེ་མཆེད་ལ་འཇུག་པ་དང ། དབང་པོ་ལ་འཇུག་པ་དང ། བདེན་པ་ལ་འཇུག་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་དང ། སེམས་ཅན་ལ་འཇུག་པ་དང ། སེམས་ཅན་མ་མཆིས་པ་ལ་འཇུག་པ་དང ། དངོས་པོ་ལ་འཇུག་པ་དང ། དངོས་པོ་མ་མཆིས་པ་ལ་འཇུག་པ་དང ། དམིགས་པ་ལ་འཇུག་པ་དང ། དམིགས་པ་མ་མཆིས་པ་ལ་འཇུག་པ་དང ། བདག་ལ་འཇུག་པ་དང ། སྟོང་པ་ལ་འཇུག་པ་དང ། མཚན་མ་ལ་འཇུག་པ་དང ། མཚན་མ་མ་མཆིས་པ་ལ་འཇུག་པ་དང ། སྨོན་པ་ལ་འཇུག་པ་དང ། སྨོན་པ་མ་མཆིས་པ་ལ་འཇུག་པ་དང ། གནས་པ་ལ་འཇུག་པ་དང ། 81.97b གནས་པ་མ་མཆིས་པ་ལ་འཇུག་པ་དང ། འདུས་བྱས་ལ་འཇུག་པ་དང ། འདུས་མ་བྱས་ལ་འཇུག་པས་ཀྱང་སྒོའི་ཚུལ་མཐའ་ཡས་པའི་གཟུངས་ཐོབ་པར་འགྱུར་ཏེ། ཐམས་ཅད་ལ་ཐོག་པ་མ་མཆིས་པའི་སྤོབས་པ་དང་ལྡན་པར་འགྱུར་རོ། །དེ་ནི་ཕུང་པོ་ལ་འཇུག་པས་ཀྱང་འདི་ལྟ་སྟེ། ཕུང་པོ་ཞེས་བྱ་བའི་ཆོས་འདི་ནི་ཡོངས་སུ་མ་གྲུབ་པའོ་ཞེས་གཟུངས་རབ་ཏུ་འཐོབ་བོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ནི་གང་ཡང་ཡོངས་སུ་གྲུབ་པ་མ་མཆིས་ཏེ། ས་ནི་སར་ཡོངས་སུ་མ་གྲུབ། དེ་བཞིན་དུ་ཆུ་དང ། མེ་དང ། རླུང་ནི་རླུང་དུ་ཡོངས་སུ་མ་གྲུབ་པའོ། །དེ་ཅིའི་སླད་དུ་ཞེ་ན། ས་ནི་རང་བཞིན་མ་མཆིས་པ་སྟེ། ཆོས་གང་ལ་ཡང་རང་བཞིན་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །ཆུ་དང ། མེ་དང ། རླུང་ནི་རང་བཞིན་མ་མཆིས་པ་སྟེ། ཆོས་གང་ལ་ཡང་རང་བཞིན་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །དེ་ལྟར་ཡོངས་སུ་མ་གྲུབ་པའི་གཟུགས་ནི་འདས་པ་ཞེས་གདགས་པར་མི་བགྱི། །མ་འོངས་པ་ཞེས་གདགས་པར་མི་བགྱི། །ད་ལྟར་བྱུང་བ་ཞེས་གདགས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུགས་ནི་དངོས་པོ་མ་མཆིས་པ་སྟེ། དངོས་པོ་མ་མཆིས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ། །གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་ཏེ་གང་མ་སྐྱེས་མ་འགགས་པ་དེ་ནེ་གདགས་སུ་མ་མཆིས་སོ། །དེ་བཞིན་གཤེགས་པས་ཀྱང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་གཟུགས་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོའོ་ཞེས་བཀའ་སྕལ་ཏེ། གཟུགས་ཀྱི་རང་བཞིན་ནི་དམིགས་སུ་མ་མཆིས་ན་འདས་པར་ལྟ་ག་ལ་འགྱུར། མ་འོངས་པར་ཡང་ག་ལ་འགྱུར། ད་ལྟར་བྱུང་བར་ཡང་ག་ལ་འགྱུར་ཏེ། དེ་བས་ན་གཟུགས་ཀྱི་ཕུང་པོ་ནི་གདགས་སུ་མ་མཆིས་པའོ། །ཚོར་བ་དང ། འདུ་ཤེས་དང ། 81.98a འདུ་བྱེད་དང ། རྣམ་པར་ཤེས་པའི་ཕུང་པོ་རྣམས་ཀྱང་དེ་བཞིན་ཏེ། དེའི་སླད་དུ་ཕུང་པོ་རྣམས་ནི་དམིགས་སུ་མ་མཆིས་སོ། །ཕུང་པོ་དམིགས་སུ་མ་མཆིས་པས་གཟུངས་དམིགས་སུ་མ་མཆིས་ཏེ། དེ་ལྟར་ཕུང་པོ་ལ་འཇུག་པས་གཟུངས་ལ་འཇུག་པར་འགྱུར་རོ། །གཟུངས་དེ་ཡང་མིང་ཙམ་དང ། ཐ་སྙད་ཙམ་དང ། བརྡ་ཙམ་དང ། ཀུན་རྫོབ་ཙམ་དང ། རྗོད་པ་ཙམ་དང ། གདགས་པ་ཙམ་མ་གཏོགས་པར་གཟུངས་ལ་འཇུག་པར་མི་དམིགས་ཏེ། འདི་ལ་ཕུང་པོ་ཡང་མི་དམིགས། གཟུངས་ཀྱང་མི་དམིགས། འཇུག་པ་ཡང་མི་དམིགས། གཟུངས་ཀྱང་རང་བཞིན་གྱིས་མི་དམིགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་འདི་ཕུང་པོ་ཞེས་བགྱི་བ་དེ་ནི་མ་བགྱིས་པའི་ཆོས་ཏེ། ཆོས་གང་མ་བགྱིས་པ་དེ་ལ་སྤུངས་པ་ཡང་ག་ལ་མཆིས་ཏེ། ཕུང་པོ་ནི་སྤུངས་པའི་སླད་དུ་ཕུང་པོ་ཞེས་བགྱིའོ། །དཔེར་ན་ཁྱིམ་དང ། ཁང་བཟངས་དང ། བསིལ་ཁང་དང ། ཁང་པ་བརྩེགས་པ་དང ། སྐར་ཁུང་ཁོལ་མ་དང ། བ་གམ་དང ། དྲ་བ་དང ། སྟེགས་བུ་དང ། ཁ་ཁྱེར་དང ། སྐར་ཁུང་དང ། རྟ་བབས་དང ། ར་བ་དང ། ཤིང་ཐགས་དང ། འོབས་དང ། ཆོས་མང་པོ་བསགས་པ་ལ། གྲོང་ཁྱེར་ཞེས་བགྱི་བ་བཞིན་དུ་ཕུང་པོ་ཞེས་བགྱི་བ་ཡང་དེ་བཞིན་ཏེ། གཟུགས་དེ་ཡང་ངོ་བོ་ཉིད་ཀྱིས་མི་དམིགས་ན་དེ་ལ་སྤུངས་པ་ལྟ་ག་ལ་མཆིས། སྤུངས་པ་མ་མཆིས་པས་ན་གཟུགས་ཀྱང་མ་མཆིས། །གཟུགས་ཀྱི་ཕུང་པོ་ཡང་མ་མཆིས་སོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་དམིགས་སུ་མ་མཆིས་ན་དེ་ལ་སྤུངས་པ་ལྟ་ག་ལ་མཆིས་ཏེ། སྤུངས་པ་མ་མཆིས་པའི་སླད་དུ་རྣམ་པར་ཤེས་པ་ཡང་མ་མཆིས། རྣམ་པར་ཤེས་པའི་ཕུང་པོ་ཡང་མ་མཆིས་སོ། །དེ་ལྟར་ཕུང་པོ་ལ་འཇུག་པས་གཟུངས་ཐོབ་པར་འགྱུར། གཟུངས་ཐོབ་པས་སྤོབས་པ་ཐོབ་པར་འགྱུར་རོ། །དེ་ལ་སྐྱེ་མཆེད་ལ་འཇུག་པས་གཟུངས་ཐོབ་པར་འགྱུར་བ་ནི་མིག་གི་སྐྱེ་མཆེད་ཅེས་བགྱི་བ 81.98b ནི་ཅིའི་སྐྱེ་མཆེད་ཅེས་བགྱི་ན། སྡུག་བསྔལ་གྱི་སྐྱེ་མཆེད་དོ། །དེ་ལ་མིག་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དད་པ་སྟེ། སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། དེ་ལ་སའི་ཁམས་དང་བ་ནི་རང་བཞིན་མ་མཆིས་པ་སྟེ། ཆོས་གང་གི་རང་བཞིན་མི་དམིགས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །དེ་བཞིན་དུ་ཆུའི་ཁམས་དང་བ་དང ། མེའི་ཁམས་དང་བ་དང ། རླུང་གི་ཁམས་དང་བ་ནི་རང་བཞིན་མ་མཆིས་པ་སྟེ། ཆོས་གང་གི་རང་བཞིན་མི་དམིགས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །དེ་ལྟར་ཡོངས་སུ་མ་གྲུབ་པའི་མིག་གི་སྐྱེ་མཆེད་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མིག་གི་སྐྱེ་མཆེད་ནི་དངོས་པོ་མ་མཆིས་པ་སྟེ། དངོས་པོ་མ་མཆིས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ། །གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་ཏེ། གང་མ་སྐྱེས་མ་འགགས་པ་དེ་ནི་གདགས་སུ་མ་མཆིས་པའོ། །དེ་ལྟར་མིག་ཀྱང་མ་སྐྱེས་མ་འགགས། སྐྱེ་མཆེད་དང་སྡུག་བསྔལ་ཡང་མ་སྐྱེས་མ་འགགས་པའོ། །གང་མ་སྐྱེས་མ་འགགས་པ་དེ་ནི་མིང་ཙམ་དང ། ཐ་སྙད་ཙམ་དང ། བརྡ་ཙམ་དང ། ཀུན་རྫོབ་ཙམ་དང ། བརྗོད་པ་ཙམ་མ་གཏོགས་པར་གདགས་སུ་མ་མཆིས་པ་སྟེ། མིང་དེ་ཡང་མིང་གིས་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་གང་ལ་མིག་ཅེ་འམ། སྐྱེ་མཆེད་ཅེ་འམ། སྡུག་བསྔལ་ཞེས་གདགས་པར་བགྱི་བའི་ཆོས་དེ་གང་ཡང་དམིགས་སུ་མ་མཆིས་ཏེ། མིང་ཡང་མིང་དུ་བརྗོད་དུ་མ་མཆིས་སོ། །རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དང ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་རྣམས་ཀྱང་དེ་བཞིན་ཏེ། དེའི་སླད་དུ་སྐྱེ་མཆེད་ལ་འཇུག་པས་གཟུངས་འཐོབ། གཟུངས་ལ་འཇུག་པས་སྤོབས་པ་འཐོབ 81.99a བོ། །དེ་ལ་ཁམས་ལ་འཇུག་པས་གཟུངས་འཐོབ་པ་ནི་མིག་ནི་མིག་གིས་མ་མཆིས་པ། ཁམས་ནི་ཁམས་ཀྱིས་མ་མཆིས་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། མིག་ནི་མིག་གི་རང་བཞིན་དང་བྲལ་བ། ཁམས་ནི་ཁམས་ཀྱི་རང་བཞིན་དང་བྲལ་བའི་སླད་དུ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ལ་ནི་སྐྱེ་བ་མ་མཆིས་སོ། །གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་སོ། །གང་མ་སྐྱེས་མ་འགགས་པ་དེ་ནི་མིང་ཙམ་དང ། ཐ་སྙད་ཙམ་དང ། བརྡ་ཙམ་དང ། ཀུན་རྫོབ་ཙམ་དང ། བརྗོད་པ་ཙམ་མ་གཏོགས་པར་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །མིང་དེ་ཡང་མིང་གིས་མ་མཆིས། བརྗོད་པའི་བར་དེ་ཡང་བརྗོད་པས་མ་མཆིས་པ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པ་སྟེ། ཡོངས་སུ་མ་གྲུབ་པའི་སླད་དུ་སྐྱེ་བ་མ་མཆིས་པའོ། །གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་སོ། །གང་མ་སྐྱེས་མ་འགགས་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་དུ་གདགས་པར་བགྱི་བ་མ་ལགས་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་པ། ཐ་སྙད་མ་མཆིས་པ། བརྡ་མ་མཆིས་པ། དངོས་པོ་མ་མཆིས་པ། འདྲིས་པ་མ་མཆིས་པ། བརྗོད་དུ་མ་མཆིས་པ། འོང་བ་མ་མཆིས་པ། འགྲོ་བ་མ་མཆིས་པ། མ་བསྟན་པ། རབ་ཏུ་མ་བསྟན་པ། མངོན་པར་ཤེས་པར་བགྱི་བ་མ་ལགས་པ། ཡོངས་སུ་ཤེས་པར 81.99b བགྱི་བ་མ་ལགས་པ། དཀར་པོ་མ་ལགས་པ། ནག་པོ་མ་ལགས་པ། གནས་མ་ལགས་པ། རྟན་མ་ལགས་པ། ཐོབ་པ་མ་ལགས་པ། ཐོབ་པར་བགྱི་བ་མ་ལགས་པ། རྟོགས་པ་མ་ལགས་པ། རྟོགས་པར་བགྱི་བ་མ་ལགས་པ། མངོན་དུ་བགྱིས་པ་མ་ལགས་པ། མངོན་དུ་བགྱི་བ་མ་ལགས་པ། སོ་སོའི་སྐྱེ་བོའི་ས་མ་ལགས་པ། ཉན་ཐོས་ཀྱི་ས་མ་ལགས་པ། རང་སངས་རྒྱས་ཀྱི་ས་མ་ལགས་པ། བྱང་ཆུབ་སེམས་དཔའི་ས་མ་ལགས་པ། སངས་རྒྱས་ཀྱི་ས་མ་ལགས་པ་སྟེ། ས་ཡང་མ་ལགས། ས་མ་ལགས་པ་ཡང་མ་ལགས་སོ། །དེ་ནི་དེ་བཞིན་ཉིད་དང ། མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ལགས་པ་དེ་བཞིན་ཉིད་དང་ཞི་བ་དང ། མཚན་ཉིད་མ་མཆིས་པ་སྟེ། ཐ་སྙད་ཙམ་དུ་བཏགས་པའོ། །དེས་ཐ་སྙད་དུ་དེ་བཞིན་གཤེགས་པ་ཞེས་བགྱི་སྟེ་དོན་དམ་པར་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ལ་དེ་བཞིན་གཤེགས་པ་ཞེས་བགྱི་བའི་ཆོས་དེ་མི་དམིགས་སོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་དང ། མིག་གི་རྣམ་པར་ཤེས་པའི་ཁམས་དང ། ཡིད་ཀྱི་ཁམས་དང ། ཆོས་ཀྱི་ཁམས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་རྒྱ་ཆེར་ཁམས་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ལ་འཇུག་བར་བགྱིའོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ནི་ཕུང་པོར་བཏགས་ཀྱང་ཆོས་ཀྱི་དབྱིངས་ཉིད་མི་འདོར། །ཁམས་དང ། སྐྱེ་མཆེད་དང ། དབང་པོ་དང ། བདེན་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བར་བཏགས་ཀྱང་ཆོས་ཀྱི་དབྱིངས་ཉིད་མི་འདོར་ཏེ། ཆོས་ཀྱི་དབྱིངས་ཏེ་མིང་གང་དང་གང་གིས་བཏགས་ཀྱང་དེ་དང་དེས་ཆོས་ཀྱི་དབྱིངས་ཉིད་འདོར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སའི་ཁམས་ནི་མིང་གང་དང་གང་གིས་ཐ་སྙད་དུ་བགྱིས་ཀྱང་དེ་དང་དེས་སའི་ཁམས་ཉིད་མི་འདོར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་མིང་གང་དང་གང་གིས་ཐ་སྙད 81.100a དུ་བགྱི་བ་དེ་དང་དེས་ཆོས་ཀྱི་དབྱིངས་ཉིད་མི་འདོར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་ནི་མིང་གང་དང་གང་གིས་ཐ་སྙད་དུ་བགྱི་བ་དེ་དང་དེས་ཆུ་དང ། མེ་དང ། རླུང་དང ། ནམ་མཁའི་ཁམས་ཉིད་མི་འདོར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་མིང་གང་དང་གང་གིས་ཐ་སྙད་དུ་བགྱི་བ་དེ་དང་དེས་ཆོས་ཀྱི་དབྱིངས་ཉིད་མི་འདོར་ཏེ། དེ་ལྟར་ན་ཁམས་ལ་འཇུག་པས་གཟུངས་འཐོབ། གཟུངས་ལ་འཇུག་པས་སྤོབས་པ་འཐོབ་བོ། །བཅོམ་ལྡན་འདས་དེ་ལ་དབང་པོ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་ནི་དབང་པོ་ཉི་ཤུ་གཉིས་ཏེ། འདི་ལྟ་སྟེ། མིག་གི་དབང་པོ་དང ། རྣ་བའི་དབང་པོ་དང ། སྣའི་དབང་པོ་དང ། ལྕེའི་དབང་པོ་དང ། ལུས་ཀྱི་དབང་པོ་དང ། ཡིད་ཀྱི་དབང་པོ་དང ། མོའི་དབང་པོ་དང ། ཕོའི་དབང་པོ་དང ། སྲོག་གི་དབང་པོ་དང ། བདེ་བའི་དབང་པོ་དང ། སྡུག་བསྔལ་གྱི་དབང་པོ་དང ། ཡིད་བདེ་བའི་དབང་པོ་དང ། ཡིད་མི་བདེ་བའི་དབང་པོ་དང ། བཏང་སྙོམས་ཀྱི་དབང་པོ་དང ། དད་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་དབང་པོ་དང ། དྲན་པའི་དབང་པོ་དང ། ཏིང་ངེ་འཛིན་གྱི་དབང་པོ་དང ། ཤེས་རབ་ཀྱི་དབང་པོ་དང ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང ། ཀུན་ཤེས་པའི་དབང་པོ་དང ། ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། དེ་ལ་མིག་ནི་མིག་གིས་མ་མཆིས། དབང་པོ་ནི་དབང་པོས་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། མིག་ནི་མིག་གི་རང་བཞིན་དང་བྲལ་བ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ནི་མི་སྐྱེ་བ། གང་མི་སྐྱེ་བ་ནི་མི་འགག་པ། གང་མ་སྐྱེས་མ་འགགས་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས 81.100b གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིག་མ་ལགས། དབང་པོ་མ་ལགས་སོ། །གང་མིག་མ་ལགས་ཤིང་དབང་པོ་མ་ལགས་པ་དེའི་ཐ་སྙད་ཇི་ལྟར་འཚལ་བར་བགྱི། འདི་ལྟ་སྟེ། དཔེར་ན་ཆད་པ་སྟོང་པ་ནི་བརྫུན་པ། ཡང་དག་པ་མ་ལགས་པ། མ་མཆིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བགྱི། །དོན་དམ་པར་ནི་སྟོང་པ་ཡང་མི་དམིགས། ཆད་པ་ཡང་མི་དམིགས་སོ། །དེ་བཞིན་དུ་མིག་དང་དབང་པོ་ཡང་ཆད་སྟོང་པ་ལྟར་བརྫུན་ཞིང་མ་མཆིས་ལ། ཡང་དག་པ་མ་ལགས་པ་སྟེ། གསོབ། གསོབ། ལོག་པ། སླུ་བའི་ཆོས་ཅན། བྱིས་པ་འདྲིད་པ། གླེན་པ་རྨོངས་པར་བགྱིད་པ་སྟེ། འདི་ལྟར་མིང་དུ་གདགས་པ་རབས་ཀྱི། དོན་དམ་པར་ནི་མིག་ཀྱང་མི་དམིགས་དབང་པོ་ཡང་མི་དམིགས་ན་དེ་ནི་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཇི་ཙམ་དུ་ཕྱིན་ཅི་ལོག་ལ་གནས་པའི་སེམས་ཅན་རྣམས་གཟུང་པའི་སླད་དུ་དབང་པོ་ཞེས་བཏགས་ཀྱི། དོན་དམ་པར་ནི་མ་ལགས་སོ། །དབང་པོ་ནི་རང་བཞིན་དང་བྲལ་ཞིང་དབང་པོའི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་ཆོས་གང་སྟོང་པ་དེ་ལ་དེས་ཐ་སྙད་དུ་བགྱི་བ་ནི་བརྫུན་པ། མ་མཆིས་པ། གསོབ། གསོག་།ལོག་པ། སླུ་བའི་ཆོས་ཅན། བྱིས་པ་འདྲིད་པ། གླེན་པ་རྨོངས་པར་བགྱིད་པ། རང་བཞིན་དང་བྲལ་བ་སྟེ། དེ་ནི་མི་སྐྱེ་མི་འགག་གོ། །གང་མ་སྐྱེས་མ་འགགས་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་དུ་མ་མཆིས་པ་དེ་ནི་མ་མཆིས་པ། མཚན་མ་མ་མཆིས་པ། བརྫུན་པ། མཚན་ཉིད་མ་མཆིས་པ། གདགས་དུ་མ་མཆིས་པ། གདགས་པ་མ་ལགས་པ། མ་ཤེས་པ། ཤེས་པར་བགྱི་བ་མ་ལགས་པ། རྣམ་པར་ཤེས་པ། རྣམ་པར་ཤེས་པར་བགྱི་བ 81.101a མ་ལགས་པ། མ་ཐོས་པ། ཐོས་པར་བགྱི་བ་མ་ལགས་པ། རྣམ་པར་མ་རིག་པ། རྣམ་པར་རིག་པར་བགྱི་བ་མ་ལགས་པ། མ་རྟོགས་པ། རྟོགས་པར་བགྱི་བ་མ་ལགས་པ། མ་ཐོབ་པ། ཐོབ་པར་བགྱི་བ་མ་ལགས་པ། མ་མཐོང་བ། མཐོང་བར་བགྱི་བ་མ་ལགས་པ། མ་རྙེད་པ། རྙེད་པར་བགྱི་བ་མ་ལགས་པའོ། །དེ་ཅིའི་སླད་དུ་ཞེ་ན། མ་མཆིས་ཤིང་མཆིས་པ་མ་ལགས་པའི་སླད་དུའོ། །འདི་ལྟ་སྟེ། དཔེར་ན་མི་ཞིག་རྨི་ལམ་ན་རྒོད་པ་དང ། དགའ་བ་དང ། རྩེས་པ་དང ། དགའ་མགུར་སྤྱད་པ་དག་ཉལ་ཉལ་བ་ལས་སད་དེ་རྗེས་སུ་དྲན་ལ་དེ་དྲན་ཡང་རྙེད་པར་མི་འགྱུར། འཐོབ་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། རྨི་ལམ་ན་ཡང་མི་དེས་རྒོད་པ་དང ། དགའ་བ་དང ། རྩེས་པ་དང ། དགའ་མགུར་སྤྱད་པ་དེ་དག་མ་ཐོབ་མ་རྙེད་ན། ཉལ་བ་ལས་སད་པའི་ཚེ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། ཐོབ་པ་དང ། རྙེད་པར་བགྱི་བ་དེའི་གནས་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་དབང་པོ་རྣམས་ནི་རྨི་ལམ་ལྟ་བུ་སྟེ། ཇི་ལྟར་ན་རྨི་ལམ་ན་རྒོད་པ་དང ། དགའ་བ་དང ། རྩེས་པ་དང ། དགའ་མགུར་སྤྱད་པ་དེ་དག་དམིགས་སུ་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་དམིགས་སུ་མ་མཆིས་པ་སྟེ། དེ་དག་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་དུ་དམིགས་སུ་མ་མཆིས་པ་དེ་དག་ནི་བརྗོད་དུ་མ་མཆིས་པ་ཞེས་བགྱི་སྟེ། དབང་པོ་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་བགྱིའོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་ལ་འཇུག་པས་ཆོས་ཐམས་ཅད་ལ་འཇུག་པར་བགྱི། ཆོས་ཐམས་ཅད་ལ་འཇུག་པས་ཀྱང་ཆོས་ཀྱི་དབྱིངས་ལ་འཇུག་པར་བགྱིའོ། །དེ་ལ་ཇི་ལྟར་ན་བདེན་པ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པར་བགྱི་ཞེ་ན། བཞི་པོ་འདི་དག་ནི་བདེན་པ་སྟེ། 81.101b སྡུག་བསྔལ་དང ། ཀུན་འབྱུང་དང ། འགོག་པ་དང ། ལམ་མོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་སྟོང་པ་སྟེ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། མཚན་མ་མེད་པ། མཚན་ཉིད་མེད་པའོ་ཞེས་བཀའ་སྩལ་ཏེ། དེ་ལ་བདག་ཅག་ཐེ་ཚོམ་མ་མཆིས། །སོམ་ཉི་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལ་སེམས་ཅན་མ་མཆིས་པའི་སླད་དུ་སྡུག་བསྔལ་མ་མཆིས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། གང་ལ་སེམས་ཅན་མ་མཆིས་པ་དེ་ལ་སྡུག་བསྔལ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་སྡུག་བསྔལ་མ་མཆིས་པའི་སླད་དུ་ཀུན་འབྱུང་བ་ཡང་མ་མཆིས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། གང་ལ་འབྲས་བུ་མ་མཆིས་པ་དེ་ནི་རྒྱུ་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀུན་འབྱུང་བ་མ་མཆིས་པའི་སླད་དུ། འགོག་པ་མ་མཆིས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཀུན་འབྱུང་བ་མ་མཆིས་པ་ལ་སྤང་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འགོག་པ་མ་མཆིས་པའི་སླད་དུ་ལམ་མ་མཆིས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། གང་སྤོང་བར་མི་བགྱིད་པ་དེ་ནི་ལམ་མ་ལགས་ཏེ། ལམ་གྱི་འབྲས་བུ་ནི་འགོག་པ་མ་ལགས་ལ། གང་སྤང་བའི་འགོག་པའི་ཉོན་མོངས་པ་དེ་ནི་མི་དམིགས་ཏེ། འགོག་པ་དམིགས་སུ་མ་མཆིས་ན་ལམ་དུ་འཐད་པ་མ་ལགས་ཏེ། འབྲས་བུ་མ་མཆིས་པའི་ལམ་ཡང་མ་མཆིས་པས་དེ་ལྟར་ན་འཕགས་པའི་བདེན་པ་བཞི་པོ་དེ་དག་ནི་བརྟགས་པ་རྣམ་པར་བསྒྲུབས་པ་སྟེ། གང་བརྟགས་ཤིང་རྣམ་པར་བསྒྲུབས་པ་དེ་ནི་མ་མཆིས་པའོ། །གང་མ་མཆིས་པ་དེ་ལ་ནི་འདས་པ་ཞེས་ཐ་སྙད་དུ་བགྱི་བ་མ་མཆིས་སོ། །མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་ཐ་སྙད་དུ་བགྱི་བ་མ་མཆིས་སོ། །གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མ་སྐྱེས་པ་མ་འགགས་པ། མཚན་ཉིད་མ་མཆིས་པ་མཚན་མ་མ་མཆིས་པ། མ་བཏགས་པ་གདགས་པར་མི་བགྱི་བ། མ་བསྟན་པ། རབ་ཏུ་མ་བསྟན་པ། བསྟན་པར་བགྱི་བ་མ་ལགས་པ། 81.102a རབ་ཏུ་བསྟན་པར་བགྱི་བ་མ་ལགས་པ། མ་བརྗོད་པ། བརྗོད་པར་བགྱི་བ་མ་ལགས་པ། མངོན་པར་མ་བརྗོད་པ། མངོན་པར་བརྗོད་པར་བགྱི་བ་མ་ལགས་པ། མ་མཐོང་བ། མཐོང་བར་བགྱི་བ་མ་ལགས་པ། མ་ཤེས་པ། ཤེས་པར་བགྱི་བ་མ་ལགས་པ། ཁོང་དུ་མ་ཆུད་པ། ཁོང་དུ་ཆུད་པར་བགྱི་བ་མ་ལགས་པ། མ་རྟོགས་པ། རྟོགས་པར་བགྱི་བ་མ་ལགས་པ། མ་རྙེད་པ། རྙེད་པར་བགྱི་བ་མ་ལགས་པ། མ་ཐོབ་པ། ཐོབ་པར་བགྱི་བ་མ་ལགས་པ། མ་ཐོས་པ། ཐོས་པར་བགྱི་བ་མ་ལགས་པ། མ་མཐོང་བ། མཐོང་བར་བགྱི་བ་མ་ལགས་པ། མ་བསྒྲུབས་པ། བསྒྲུབས་པར་བགྱི་བ་མ་ལགས་པ། མངོན་དུ་མ་བགྱིས་པ། མངོན་དུ་བགྱི་བ་མ་ལགས་པ། དཀར་པོ་མ་ལགས་པ། ནག་པོ་མ་ལགས། སྣང་བ་མ་ལགས་པ། མུན་པ་མ་ལགས་པ། འགྲོ་བ་མ་ལགས་པ། འོང་བ་མ་ལགས་པ། གསལ་བ་མ་ལགས་པ། ཟབ་པ་མ་ལགས་པ། འཁྲུགས་པ་མ་ལགས་པ། དང་བ་མ་ལགས་པ། འཇིགས་པ་མ་ལགས་པ། བདེ་བ་མ་ལགས་པ། འཆིང་བ་མ་ལགས་པ། གྲོལ་བ་མ་ལགས་པ། རྗེས་སུ་ཆགས་པ་མ་ལགས་པ། ཁོང་ཁྲོ་བ་མ་ལགས་པ། ཀུན་ནས་ཉོན་མོངས་པ་མ་ལགས་པ། རྣམ་པར་བྱང་བ་མ་ལགས་པ། ཡེ་ཤེས་མ་ལགས། རྣམ་པར་ཤེས་པ་མ་ལགས་པ། ལམ་མ་ལགས་པ། ལམ་གོལ་བ་མ་ལགས་པ། འཇིག་པ་མ་ལགས་པ། རྣམ་པར་འཇིག་པ་མ་ལགས་པ། གཟུང་བ་མ་ལགས་པ། མི་གཟུང་བ་མ་ལགས་པ། དོར་བ་མ་ལགས་པ། རབ་ཏུ་དོར་བ་མ་ལགས་པ། དམིགས་པ་མ་ལགས་པ། དམིགས་སུ་མ་མཆིས་པ་མ་ལགས་པ། སེམས་ཅན་མ་ལགས་པ། སེམས་ཅན་མ་མཆིས་པ་མ་ལགས་པ། སྲོག་མ་ལགས་པ། སྲོག་མ་མཆིས་པ་མ་ལགས་པ། གང་ཟག་མ་ལགས་པ། གང་ཟག་མ་མཆིས་པ་མ་ལགས་པ། བདག་མ་ལགས་པ། བདག་མ་མཆིས་པ 81.102b མ་ལགས་པ། དངོས་པོ་མ་ལགས་པ། དངོས་པོ་མ་མཆིས་པ་མ་ལགས་པ། སྟོང་པ་མ་ལགས་པ། མི་སྟོང་པ་མ་ལགས་པ། མཚན་མ་མ་ལགས་པ། མཚན་མ་མ་མཆིས་པ་མ་ལགས་པ། སྨོན་པ་མ་ལགས་པ། སྨོན་པ་མ་མཆིས་པ་མ་ལགས་པ། གནས་མ་ལགས་པ། གནས་མ་མཆིས་པ་མ་ལགས་པ། འདུས་བྱས་མ་ལགས་པ། འདུས་མ་བྱས་མ་ལགས་པ། ཆད་པ་མ་ལགས་པ། རྟག་པ་མ་ལགས་པ། ལོག་པ་མ་ལགས་པ། ཡང་དག་པ་མ་ལགས་པ། བདེན་པ་མ་ལགས་པ། བརྫུན་པ་མ་ལགས་པ། མངོན་པར་ཞེན་པ་མ་ལགས་པ། མངོན་པར་ཞེན་པ་མ་མཆིས་པ་མ་ལགས་པ། རྟེན་མ་ལགས་པ། རྟེན་མ་མཆིས་པ་མ་ལགས་པ། གཞི་མ་ལགས་པ། གཞི་མ་མཆིས་པ་མ་ལགས་པ། མངོན་པར་ཞེན་པར་བགྱི་བ་མ་ལགས་པ། ཡོངས་སུ་ཤེས་པར་བགྱི་བ་མ་ལགས་པ། སྤང་བ་མ་ལགས་པ། བསྒོམ་པ་མ་ལགས་པ། མངོན་དུ་བགྱི་བ་མ་ལགས་པ། རྙེད་པ་མ་ལགས་པ། རྙེད་པར་བགྱི་བ་མ་ལགས་པ། འཁོར་བ་མ་ལགས་པ། མྱ་ངན་ལས་འདས་པ་མ་ལགས་པ། སངས་རྒྱས་མ་ལགས་པ། འཚང་རྒྱ་བར་བགྱི་བ་མ་ལགས་པ། སོ་སོ་སྐྱེ་བོའི་སྤྱོད་ཡུལ་མ་ལགས་པ། འཕགས་པའི་སྤྱོད་ཡུལ་མ་ལགས་པ། ཉན་ཐོས་ཀྱི་སྤྱོད་ཡུལ་མ་ལགས་པ། རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ལགས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ལགས་པ། སངས་རྒྱས་ཀྱི་སྤྱོད་ཡུལ་མ་ལགས་པ། སྤྱོད་ཡུལ་ཡང་མ་ལགས་པ། སྤྱོད་ཡུལ་མ་ལགས་པ་ཡང་མ་ལགས། བགྱིས་པ་མ་ལགས། མ་བགྱིས་པ་མ་ལགས་པ། དམ་པ་མ་ལགས་པ། དག་པར་བགྱི་བ་མ་ལགས་པ་སྟེ། དེ་ལྟར་བདེན་པ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར། ཆོས་ཀྱི་དབྱིངས་ལ་འཇུག་པས་གཟུངས་ཐོབ་པར་འགྱུར། གཟུངས་ཐོབ་པས་སྤོབས་པ་འཐོབ་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཆོས་ཀྱི 81.103a དབྱིངས་ལ་འཇུག་ཅེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནས་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་བགྱི་བའི་བར་དུ་སྟེ། འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །བཅོམ་ལྡན་འདས་དེ་ལ་མ་རིག་པ་ནི་མ་རིག་པས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མ་རིག་པ་ནི་རང་བཞིན་དང་བྲལ་བ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། །གང་ཡོངས་སུ་མ་གྲུབ་པ་དེ་ནི་མི་སྐྱེ་བའོ། །གང་མི་སྐྱེ་བ་དེ་ནི་མི་འགག་པའོ། །གང་མ་སྐྱེས་མ་འགག་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། །གང་དུས་གསུམ་མི་དམིགས་པ་དེ་ནི་མིང་མ་མཆིས་སོ། །མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་པ། གདགས་སུ་མ་མཆིས་པ་སྟེ། གཞན་དུ་ན་མིང་ཙམ་དང ། བརྡ་ཙམ་དང ། ཐ་སྙད་ཙམ་དང ། ཀུན་རྫོབ་པ་ཙམ་དང ། བརྗོད་པ་ཙམ་དང ། གདགས་པ་ཙམ་དུ་སེམས་ཅན་རྣམས་གཟུང་བའི་དོན་དུ་བགྱི་བ་མ་གཏོགས་པར་མ་རིག་པ་དེ་ནི་དོན་དམ་པར་དམིགས་སུ་མ་མཆིས་སོ། །ཆོས་གང་དོན་དམ་པར་དམིགས་སུ་མ་མཆིས་པ་དེ་ནི་གདགས་སུ་མ་མཆིས་པ། ཐ་སྙད་དུ་བགྱིར་མ་མཆིས་པ། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གང་མིང་ཙམ་ཞེས་བགྱི་བ་ནས། གདགས་པ་ཙམ་གྱི་བར་དེ་དག་ཀྱང་ཡང་དག་པ་མ་ལགས་པ། བརྫུན་པ། ལོག་པ། བརྟགས་པ། རྣམ་པར་བསྒྲུབས་པ། ཡོངས་སུ་བརྟགས་པ། རྣམ་པར་བརྟགས་པ། རྣམ་པར་དཔྱད་པ། མ་ཞི་བ་དང ། རབ་ཏུ་སྤྲོས་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བགྱི་བ་ཡང་ཆོས་གང་ངོ་བོ་ཉིད་ཀྱིས་མ་མཆིས་པ་དེ་འདུ་བྱེད་སྐྱེད་པར་ཡང་ཇི་ལྟར་འགྱུར 81.103b ཏེ། དེ་བས་ན་མ་རིག་པ་ནི་མ་རིག་པ་མ་མཆིས་པའོ། །དེ་ལྟར་མ་རིག་པ་མ་མཆིས་པས་འདུ་བྱེད་རྣམས་ཀྱང་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་དག་ནི་རྒ་བར་མི་འགྱུར། ན་པར་མི་འགྱུར། འཆི་བར་མི་འགྱུར། ཤི་འཕོ་བར་མི་འགྱུར། སྐྱེ་བར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་གང་མ་སྐྱེས་པ་དེ་ལ་རྒ་བ་ག་ལ་མཆིས་ཏེ། གང་ལ་རྒ་བ་མ་མཆིས་པ་དེ་ནི་ན་པར་མི་འགྱུར། འཆི་བར་མི་འགྱུར། ཤི་འཕོ་བར་མི་འགྱུར། སྐྱེ་བར་མི་འགྱུར། འདི་ནི་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ་མིང་ཙམ་དུ་བས་ཀྱི། དོན་དམ་པར་ནི་མ་ལགས་སོ། །མ་རིག་པ་གང་ལགས་པ་དེ་ཉིད་བྱང་ཆུབ་བོ། །དེ་བཞིན་དུ་སྲིད་པའི་ཡན་ལག་།ཐམས་ཅད་ཀྱང་ཤེས་པར་བགྱི་སྟེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་མ་སྐྱེས་པ་སྟེ། ཆོས་ཐམས་ཅད་ཀྱང་མ་སྐྱེས་པའོ། །དེ་བས་ན་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་མ་འགགས་པ་སྟེ་ཆོས་ཐམས་ཅད་ཀྱང་མ་འགགས་པའོ། །བཅོམ་ལྡན་འདས་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་པ། དམིགས་སུ་མ་མཆིས་པ། ཀུན་ནས་ཉོན་མོངས་པ་མ་མཆིས་པ། རྣམ་པར་བྱང་བ་མ་མཆིས་པ། རྗེས་སུ་ཆགས་པ་མ་མཆིས་པ། ཁོང་ཁྲོ་བ་མ་མཆིས་པ་སྟེ། ཆོས་ཀྱི་དབྱིངས་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་སྟེ། ཆོས་ཐམས་ཅད་ཀྱང་ཡང་དག་པའི་མཐའོ། །དེའི་སླད་དུ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་སྟེ། བཅོམ་ལྡན་འདས་དེ་ལྟར་ན་ཆོས་གང་དང་གང་དག་གིས་དེ་བཞིན་གཤེགས་པ་མ་མཆིས་པའི་ཆོས་དེ་དག་གིས་ཆོས་ཐམས་ཅད་མ་མཆིས་པ་སྟེ། དེའི་སླད་དུ 81.104a ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་མཆི་ན་དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་གཉིས་སུ་མ་མཆིས་པ་སྟེ། བྱང་ཆུབ་ཀྱང་གཉིས་སུ་མ་མཆིས་པ། ལགས་པས་གཉིས་སུ་མ་མཆིས་པས་ནི་གཉིས་སུ་མ་མཆིས་པ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་མཆི་ན་དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་ཟློག་པ་འམ་སྐོར་བར་མཛད་པ་མ་ལགས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་གི་འདི་སྐད་དུ་དེ་བཞིན་གཤེགས་པས་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་བཟླས་སོ་ཞེས་མཆི་ན་དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སེམས་ཅན་མ་མཆིས་པ་སྟེ། དེ་ལ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་སེམས་ཅན་ཚད་མེད་པའི་དོན་མཛད་དོ་ཞེས་མཆི་ན་དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཆོས་གང་ལ་ཡང་ཕན་པའམ། གནོད་པའི་རྣམ་པར་ཉེ་བར་གནས་པ་མ་ལགས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་ཚེའི་འདུ་བྱེད་བོར་རོ་ཞེས་མཆི་ན་དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། ། 81.104b དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ནི་ཅི་འང་འདོར་བ་འམ། ལེན་པ་མ་མཆིས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མཆི་ན། དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ནི་འཁོར་བ་འམ། ཡོངས་སུ་མྱ་ངན་ལས་འདའ་བ་མ་ལགས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་ལྟ་བུའི་ཆོས་ལ་ངེས་པར་གྱུར་ན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་ནི་མི་འགྱུར་བ་མ་མཆིས་ཀྱང་གདའི། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་མི་གདའོ།། །། བམ་པོ་དགུ་པ། དེ་ནས་འབྲས་བུ་ཆེ་བའི་ལྷ་བྱེ་བ་ཕྲག་བརྒྱད་བཅུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉིད་ལ་ངེས་པར་འགྲོ་བ་བརྗོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བདེ་གཤེགས་མཐུ་ཆེན་འདྲེན་པ་ཚུལ་དང་ཚུལ་མིན་མཁྱེན་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་ཐུགས་བརྩེ་ཐུབ་པ་ཡང་དག་ཇི་བཞིན་སྟོན་མཛད་པ། འདྲེན་པ་ཚུལ་མཁས་ཁྱོད་ཀྱིས་ཚུལ་ནི་ཡང་དག་ཉིད་དུ་ཡང་དག་བསྟན། །མཐའ་ཡས་ཡོན་ཏན་མངའ་ཞིང་ཡེ་ཤེས་མངོན་པར་འཕགས་ལ་མགོས་ཕྱག་འཚལ། །ཁྱོད་ཀྱིས་བྱང་ཆུབ་ངེས་པར་འབྱུང་བའི་དྲང་ལམ་གཅིག་པུ་བགྲོད་པ་བསྟན། །ཁྱོད་ཀྱིས་བྱང་ཆུབ་དམ་པ་གཞལ་ཡས་ཞི་བ་ཤིས་པ་མི་གཡོ་བརྙེས། །སྲོག་ཆགས་བྱེ་བ་ཁྲག 81.105a ཁྲིག་འཁོར་བའི་སྡུག་བསྔལ་ཉམ་ཐག་འགྲོལ་མཛད་པ། །མཐའ་ཡས་ཡོན་ཏན་མངའ་ཞིང་ཡེ་ཤེས་མངོན་པར་འཕགས་ལ་མགོས་ཕྱག་འཚལ། །ཕུང་པོ་རྣམས་ནི་ངོ་བོ་ཉིད་སྟོང་ཤིན་དུ་ཕུང་པོ་རྣམས་དང་བྲལ། །བྱིས་པ་རྨོངས་བྱེད་རྣམས་ནི་རབ་ཏུ་བྲལ་བར་ཁྱོད་ཀྱིས་ཡོངས་སུ་བརྟགས། །ཤེས་པ་མི་ལྡན་སྐྱེ་བོ་ཕལ་ཆེན་འདིར་བཅིངས་རྙོང་ལ་སྤྲེའུ་ཐོགས་པ་བཞིན། །གྲོལ་བ་མཁས་པ་རྣམས་ནི་མཁའ་ལ་རླུང་བཞིན་ཆགས་པ་མེད་པར་འདོང ། །ཁམས་རྣམས་ཁམས་ཀྱིས་རྣམ་པ་ཀུན་དུ་སྟོང་པར་ཐམས་ཅད་མཁྱེན་པས་གསུངས། །དཔེར་ན་བྲག་ཅ་རྣམ་པ་ཀུན་དུ་ཤིན་དུ་སྒྲ་དང་བྲལ་བ་འདྲ། །དེས་ནི་མི་མཁས་སྐྱེ་བོ་ཡང་དག་ཇི་བཞིན་མི་ཤེས་མང་པོ་བཅིངས། །གྲོལ་བ་མཁས་པ་ཡང་དག་རྟོགས་པ་རྣམས་ནི་ཁམས་གསུམ་ཆགས་མ་མཆིས། །སྐྱེ་མཆེད་ངོ་བོ་ཉིད་ཀྱིས་རྟག་ཏུ་སྟོང་ཞེས་ཐམས་ཅད་མཁྱེན་པས་བསྟན། །ཡང་དག་མ་ལགས་བརྫུན་ཞིང་བྱིས་པ་སླུ་བ་ཆད་པ་སྟོང་པ་འདྲ། །མི་མཁས་སྐྱེ་བོ་ལམ་ལ་གཅིག་ཏུ་མ་ངེས་མང་པོ་དེ་ལ་ཆགས། །དཔེར་ན་འགྲོན་པ་རྒྱ་མཚོ་ཆེན་པོར་འཁྱམས་པ་བཞིན་དུ་འཁོར་བར་ལྷུང ། །འདྲེན་པ་དབང་པོ་འདི་དག་དབང་པོ་ཉིད་ཀྱིས་ཤིན་ཏུ་སྟོང་པ་སྟེ། །ཐུབ་པ་མེ་ལོང་ནང་གི་བཞིན་གྱི་དཀྱིལ་འཁོར་ལྟ་བུར་ཤིན་དུ་སྟོང ། །མི་མཁས་སྐྱེ་བོ་ཡང་དག་མ་འཚལ་མང་པོ་དག་ནི་དེ་ལ་ཆགས། །བྱ་དང་མཚོ་ཡི་ཉ་དང་སྲོག་ཆགས་དག་ནི་རྒྱ་ལ་ཐོགས་པ་བཞིན། །སེམས་ཅན་སེམས་ཅན་ཉིད་སྟོང་སེམས་ཅན་བྲལ་ཞིང་ངོ་བོ་ཉིད་ཀྱིས་སྟོང ། །ཐུབ་པ་སེམས་ཅན་རི་མོ་མཁན་གྱིས་གཟུགས་བྲིས་བཞིན་དུ་མ་མཆིས་ན། །མི་མཁས་སྐྱེ་བོ་ཡང་དག་ཇི་བཞིན་མ་འཚལ་མང་པོ་དེ་ལ་ཆགས། །མཁས་པ་ཡང་དག་རྟོགས་རྣམས་སྒོ་དེའི་སྦུབས་ནས་བྱུང་བའི་བྱ་བཞིན་གྲོལ། །རྟེན་ཅིང་ཆོས་རྣམས་དེ་དག་སྐད་ཅིག་པ་སྟེ་སྟོང་ཞིང་དམིགས་མ་མཆིས། །རྨི་ལམ་དགའ་བ་བཞིན་དུ་གཟུང་དུ་མ་མཆིས་བྱིས་པ་རྨོངས 81.105b བགྱིད་པ། །མི་ཤེས་རྟོག་པའི་སླད་དུ་དེས་ཀྱང་མི་མཁས་སྐྱེ་བོ་མང་པོ་བཅིངས། །མཁས་པ་ཡང་དག་རབ་ཏུ་རྟོགས་རྣམས་གཟེབ་ནས་ཐར་བའི་བྱ་བཞིན་གྲོལ། །ཐུབ་པས་ཆོས་ཉིད་བསམ་ཡས་ཇི་བཞིན་ཆོས་རྣམས་ཐམས་ཅད་བསམ་མི་ཁྱབ། །ཐུབ་པ་ཞི་བ་མྱ་ངན་འདས་པ་ཇི་བཞིན་ཆོས་ཀུན་མཚན་ཉིད་བྲལ། །ཐུབ་པ་ཁམས་གསུམ་མི་ཆགས་བཞིན་དུ་ཆོས་ཀུན་གནས་པ་མ་མཆིས་ཏེ། །དེ་སླད་ཚུལ་གཅིག་འདི་འཚལ་གྱུར་ན་འགྲོ་ཀུན་བདེ་བར་གཤེགས་པར་འགྱུར། །ཐུབ་པ་བདག་དང་གཞན་དུ་མི་མཁྱེན་ལྟ་བུར་ཆོས་ཀུན་གཡོ་བ་མེད། །ཐུབ་པའི་ཡེ་ཤེས་རྒྱལ་བའི་བསྟན་པ་ཇི་བཞིན་ཆོས་ཀུན་བསམ་མི་ཁྱབ། །ཐུབ་པ་བྱིས་པའི་སྤྱོད་ཡུལ་མ་ལགས་ཇི་བཞིན་ཆོས་ཀུན་བརྟགས་མ་ལགས། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་འདི་ནི་རབ་གསལ་དེ་བཞིན་ཤེས་པར་བགྱི། །མི་མཁས་གང་དག་རྒྱལ་བས་བྱང་ཆུབ་གཞལ་ཡས་བརྙེས་ཤེས་སྨྲ་བ་དང ། །གང་དག་རྒྱལ་བས་འཁོར་ལོ་དམ་པ་གཞལ་ཡས་མཆོག་བསྐོར་སྨྲ་བ་དང ། །གང་དག་བདེ་གཤེགས་སྐྱོབ་པས་སྲོག་ཆགས་ཁྲག་ཁྲིག་མྱ་ངན་བཟླས་སྨྲ་བ། །དེ་དག་ཐམས་ཅད་ཡང་དག་མ་འཚལ་ལྟ་བ་ཐིབས་པོར་ཡོངས་སུ་དཀྲིས། །གང་དག་བདེ་བར་གཤེགས་པས་ཆེ་ཡི་འདུ་བྱེད་བཏང་བཟུང་སྨྲ་བ་དང ། །གང་དག་སྟོབས་བཅུ་འགྲོ་བའི་དོན་མཛད་ཡོངས་སུ་མྱ་ངན་འདས་སྨྲ་བ། །དེ་དག་ཐམས་ཅད་ལྟ་བར་སོང་ལ་ཡིད་ཆགས་བདུད་ཀྱི་ལག་ཏུ་མཆིས། །ཆོས་ཀྱིས་དེ་བཞིན་ཉིད་མ་འཚལ་ཏེ་འདྲེན་པས་མཁྱེན་བཞིན་འཚལ་བར་བགྱི། །གང་དག་ཚུལ་དང་ཚུལ་མིན་འདི་ལ་མཁས་པ་དེ་དག་འདྲེན་པ་འཚལ། །དེ་དག་རྐང་གཉིས་གཙོ་བོ་དཔལ་སྟུག་འཇིག་རྟེན་ཐུགས་བརྩེ་རྒྱལ་བར་འགྱུར། །དེ་བཞིན་ཉིད་འདི་འགྱུར་བའི་དབང་དང་ལྡན་ཏེ་དེ་ཉིད་ཆོས་ཉིད་ལགས། །དེ་ལྟར་འདི་འཚལ་གྱུར་ནས་ཚུལ་ལ་མཁས་པ་མི་ཡི་མཆོག་ཏུ་འགྱུར། །དེ་ལྟར་འབྲས་བུ་ཆེ་བའི་ལྷ་ཚོགས 81.106a ཆོས་རྣམས་ངེས་པར་རྟོགས་གྱུར་པ། །སྟོན་པའི་སྤྱན་སྔར་བརྗོད་དེ་ལྷག་པའི་བསམ་པ་དེ་ཡང་བསྟན་བྱས་ནས། །ཁ་ཅིག་ཡི་རངས་དོགས་མེད་ཡིད་ཀྱིས་སངས་རྒྱས་ཉིད་དུ་བདག་མཐོང་ནས། །འདྲེན་སྲས་དེ་དག་ཚུལ་འདི་ཉིད་ཀྱིས་བདག་གིས་བདག་ལུང་བསྟན་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་འབྲས་བུ་ཆེ་བའི་ལྷ་དེ་དག་གི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང ། ཆོས་རྣམས་ངེས་པར་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །དཔལ་སྟུག་འདྲེན་པ་རྣམས་ནི་རྒྱུ་ཞིག་གཟིགས་ནས་འཛུམ་པ་མཛད་ལགས་ཏེ། །རྒྱུ་མེད་མི་མཛད་བཀའ་སྩལ་བདག་གིས་བདེ་གཤེགས་མངོན་སུམ་དེ་སྐད་ཐོས། །འདི་ལྟར་འདྲེན་པ་ཁྱོད་ཀྱིས་ཞི་བ་བདེ་བ་བསིལ་བའི་འཛུམ་མཛད་ན། །རྒྱལ་བ་ལྷ་མི་ལྷ་མིན་བླ་མ་འཛུམ་པ་མཛད་པའི་རྒྱུ་དེ་གསུངས། །དེ་རིང་འདི་ལྟར་འདྲེན་པ་ཁྱོད་ཀྱི་ཞལ་ནས་འཛུམ་མཛད་བསིལ་མཐོང་ནས། །འགྲོ་བ་འདི་ཀུན་ཐེ་ཚོམ་འཚལ་ཏེ་བདེ་གཤེགས་ཁྱོད་ཀྱི་ཞལ་དུ་ལྟ། །མི་མཆོག་ཐུགས་རྗེ་ལྡན་པ་ཁྱོད་ཀྱིས་འཛུམ་རྒྱུ་དེ་ནི་མྱུར་དུ་གསུངས། །དེ་ཐོས་གྱུར་ནས་རྒྱལ་མཆོག་འགྲོ་བ་འདི་དག་ཐེ་ཚོམ་མ་མཆིས་འགྱུར། །འདྲེན་པ་དམ་པ་ལྷ་ཚོགས་གང་དག་རང་གིས་རང་ལ་ལུང་བསྟན་པ། དེ་དག་སུ་ཞིག་གང་གིས་ཅི་འཐོབ་མཐའ་བཅས་རྣམ་པར་འཕྲུལ་པ་གསུངས། །མི་མཆོག་ཚངས་པའི་གསུང་དབྱངས་སྒྲོག་ཏེ་ཐེ་ཚོམ་བསལ་དུ་གསོལ། །དེ་ཐོས་རྒྱལ་བའི་འཁོར་འདི་རབ་ཏུ་དགའ་ཞིང་མཆོག་ཏུ་མགུ་བ་འཐོབ། །བདེ་གཤེགས་རྒྱལ་མཚན་མཐོན་པོ་དེ་དག་ཐམས་ཅད་གཞན་དུ་མི་སེམས་པར། །འདྲེན་པའི་སྲས་རྣམས་བྱང་ཆུབ་གཞལ་ཡས་ཞི་བ་དམ་པས་སེམས་ཤིང་མཆིས། །ཐུབ་པ་འདྲེན་མཆོག 81.106b ཐེ་ཚོམ་འཚལ་བ་དེ་དག་རྣམས་ཀྱི་ཐེ་ཚོམ་ཁུམ། །དེས་ནི་ཡེ་ཤེས་སྟོབས་ལྡན་ཚུལ་དང་ཚུལ་མིན་མཁས་ཀུན་རྒྱལ་བར་འགྱུར། །རྐང་གཉིས་གཙོ་བོའི་ཡན་ལག་བརྒྱད་ལྡན་གསུང་ཐོས་གྱུར་ནས་རབ་དགའ་སྟེ། །བདེ་གཤེགས་བསྟན་པ་བཞིན་དུ་བགྱིད་ཅིང་གསུངས་པའི་རྗེས་འཇུག་མཁས་པར་འགྱུར། །དེ་དག་དོན་གྱི་དབང་ལ་བརྟེན་ནས་བདེ་གཤེགས་འདྲེན་པ་བཀའ་སྩལ་གསོལ། །དེས་ནི་ཡི་རངས་གྱུར་ཏེ་འགྲོ་བ་ཆོས་ཀྱི་མཐའ་མར་ཕྱིན་པར་འགྱུར། །འདྲེན་པ་ཆེན་པོ་ལྷ་དེ་དག་གི་སྔོན་གྱི་སྤྱོད་པ་ཐོས་གྱུར་ཅིང ། །རྒྱལ་བའི་གསུང་ཐོས་གྱུར་ནས་བརྣག་པ་ཡོངས་རྫོགས་ཞི་ཞིང་རབ་དགའ་སྟེ། །ཚུལ་ལ་ཞུགས་ཤིང་ཚུལ་ལ་མཁས་རྣམས་མྱུར་དུ་ཐམས་ཅད་མཁྱེན་པར་འགྱུར། །འགྲོ་བ་རབ་ཏུ་འགྲོལ་མཛད་ཇི་བཞིན་ཡང་དག་སྟོན་པར་མཛད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །ལྷ་ཚོགས་རྣམས་ཀྱི་ཆེད་དུ་ང་ཡིས་འཛུམ་པ་འཇིག་རྟེན་བསྟན་མཛད་པ། །རྟ་ཐུལ་ཁྱོད་ཀྱིས་དུས་དང་ཚོད་ཤེས་ང་ལ་དྲིས་པ་ཤིན་ཏུ་ལེགས། །གང་ཕྱིར་ང་ཡིས་འཛུམ་པ་མཛད་པ་འདི་ཡི་ཚུལ་དང་རྒྱུ། །དེ་ཁྱོད་བསྟན་གྱིས་ཁྱོད་དང་འགྲོ་བ་རྩེ་གཅིག་ཡིད་ཀྱིས་ཉོན། །ཐམས་ཅད་མཁྱེན་པ་རྣམས་ནི་རྒྱུ་ཡི་འབྲས་བུ་རྣམ་པ་གསུམ་གཟིགས་ཤིང ། །རྒྱུ་ལས་གཟིགས་ནས་རྐང་གཉིས་དམ་པ་དཔལ་སྟུག་རྣམས་ནི་འཛུམ་པ་མཛད། །ཁ་ཅིག་བློ་ཞན་བདག་ཅག་ཉན་ཐོས་འགྱུར་ཞེས་མྱ་ངན་འདས་ཞུགས་དང ། །ཁ་ཅིག་ཁ་རོག་འདུག་ལ་དགའ་ཞིང་རང་རྒྱལ་བྱང་ཆུབ་འདོད་ཞུགས་དང ། །ཁ་ཅིག་བདག་ཅག་འཇིག་རྟེན་འདྲེན་པ་མཐུ་བོ་ཆེར་ནི་འགྱུར་བྱ་སྟེ། །སྐྱེ་བོ་སྡུག་བསྔལ་ལྷུང་བ་དགྲོལ་ཞེས་ཞུགས་པའི་བསམ་པ་མཁྱེན་གྱུར་ནས། །འཛུམ་པ་ཅུང་མཛད་གང་བྱུང་ཉན་ཐོས་དོན་དུ་མཛད་པར་ཤེས་པར་བྱ། ། 81.107a འཛུམ་པ་འབྲིང་མཛད་གང་བྱུང་རང་རྒྱལ་དོན་དུ་མཛད་པར་རིག་པར་བྱ། །འཛུམ་མཆོག་ངས་གང་མཛད་པ་འདི་ནི་འདྲེན་པའི་དོན་དུ་ཤེས་པར་བྱ། །རབ་འབྲིང་ཐ་མ་རྣམ་པ་འདི་གསུམ་འཛུམ་པ་མཛད་པའི་རྒྱུར་གསུངས་ཏེ། །ཁ་ཅིག་ཐར་པའི་དོན་གཉེར་ལམ་གསུམ་ཞུགས་པའི་འཇིག་རྟེན་འདི་མཁྱེན་ནས། །དེས་ན་འཇིག་རྟེན་མཁས་པ་རྣམ་པར་འདྲེན་པ་དམ་པ་འཛུམ་པ་མཛད། །རྟ་ཐུལ་དེ་ལ་ཉན་ཐོས་དོན་དུ་འཛུམ་མཛད་ཞབས་འོག་ནུབ་པར་འགྱུར། །རང་རྒྱལ་དོན་དུ་འཛུམ་པ་གང་མཛད་སྐུ་ཡི་དབུས་སུ་ནུབ་པར་འགྱུར། །འདྲེན་པ་སྟོབས་བཅུའི་དོན་དུ་འཛུམ་པ་མཛད་པ་གཙུག་ཏུ་ནུབ་པར་འགྱུར། །དེ་ལྟར་རྟ་ཐུལ་ཁྱོད་ཀྱིས་འཛུམ་པའི་རྒྱུ་ནི་རྣམ་གསུམ་ཤེས་པར་གྱིས། །རྒྱལ་བ་མཆོག་རྣམས་དོན་དུ་གང་འཛུམ་དེ་ཀུན་ང་ཡི་གཙུག་ཏུ་ནུབ། །སྡིག་པ་གཞོམ་པའི་ཚུལ་དུ་དེ་ལྟར་འཛུམ་པ་ངས་བསྟན་ཤེས་པར་གྱིས། །འདྲེན་པ་རྣམས་ཀྱིས་འཛུམ་པ་གང་ཡིན་དེ་རྒྱུ་རྣམ་གསུམ་ཡང་བཤད་ཀྱིས། །ཀུན་ཀྱང་རྩེ་གཅིག་ཡིད་བྱོས་དེ་ནི་ང་ལས་ལེགས་པར་མཉན་པར་གྱིས། །དང་པོའི་དོན་དུ་འདྲེན་པ་འཛུམ་པ་ངས་མཛད་མྱུར་དུ་ཐོག་མར་ནུབ། །འབྲིང་གི་དོན་ནི་དུས་ཚོད་ཅུང་ཟད་བསྡད་ཅིང་ཕྱི་ནས་ནུབ་པར་འགྱུར། །བློ་མཆོག་ལྡན་ཕྱིར་འཛུམ་པ་རྒྱལ་བ་ངས་མཛད་ཤིན་དུ་རིང་དུ་གནས། །རྟ་ཐུལ་ཉན་ཐོས་དོན་དུ་གང་གནས་འཛུམ་དེ་ཐེག་པའི་དབང་གིས་མཛད། །གཞན་ཡང་འཛུམ་རྒྱུ་རྣམ་གསུམ་བཤད་ཀྱིས་རྟ་ཐུལ་ཁྱོད་ཀྱིས་མཉན་པར་གྱིས། །གང་དག་རྒྱལ་བ་དྲང་པོ་སྟོབས་བཅུ་པོ་ལ་སྐོར་བ་བྱེད་པ་ནི། །དེ་དག་ང་ལ་སྐྱེན་པར་བསྐོར་ནས་མྱུར་དུ་ཤིན་དུ་མཁས་པར་འགྱུར། །འབྲིང་དོན་ཕྱིར་ནི་སྲབ་ཅིང་ཆེ་ལ་དལ་གྱིས་སྐོར་བ་བྱེད་པར་འགྱུར། །དལ་གྱིས་གཡས་ཕྱོགས་བསྐོར་བ་བྱས་ནས་རྒྱ་ཆེར་འགྱུར་ཞིང་མནན་པར་འགྱུར། །གང་དག་གསེར་རྒྱན་ལྟར་དཀར་སྟེང་བཞག་འདྲེ་བའི་བདེ་གཤེགས་མཐོང་གྱུར་ན། །དེ་ནི་རྐང་གཉིས་དམ་པ་ཐུབ་པའི་སྐུ་ཀུན་ཁྱབ་པར 81.107b གནས་པར་འགྱུར། །ཐམས་ཅད་མཁྱེན་པས་འཛུམ་བསྟན་འདི་ནི་ཞིང་གི་དབང་དུ་ཤེས་པར་བྱ། །གང་ཚེ་གདུགས་འདྲ་མཐའ་ཡས་མིག་ལྡན་པས་ནི་འདྲེན་དེ་འགེབས་པ་དང ། །གང་ཚེ་མེ་ཏོག་འདྲ་ལ་འདྲེན་པའི་སྟེང་གི་མཁའ་ལ་ལྡིང་བ་དང ། །གང་ཚེ་སྒོ་མོ་འདྲ་ཞིང་བདེ་བར་གཤེགས་ལ་ལན་གསུམ་སྐོར་བྱེད་པ། །དེ་ནི་འཇིག་རྟེན་འདས་པ་ཚེ་ཡི་དབང་དུ་འཛུམ་མཛད་ཤེས་པར་བྱ། །བདེ་གཤེགས་རྒྱལ་བ་རྣམས་ཀྱིས་འཛུམ་མཛད་རྒྱུ་ནི་རྣམ་གསུམ་དེ་ཙམ་བསྟན། །རྟ་ཐུལ་ཁྱོད་ཀྱིས་འཛུམ་མཛད་རྒྱུ་རྣམ་གསུམ་པོ་དེ་དག་ཤེས་པར་གྱིས། །དེས་ན་འཇིག་རྟེན་དོན་བསྟན་བཞེད་ནས་འཇིག་རྟེན་རྣམ་འདྲེན་འཛུམ་པ་མཛད། །དེ་ཐོས་གྱུར་ནས་ཐམས་ཅད་མཁྱེན་གྱི་བསྟན་ལ་ཐེ་ཚོམ་མེད་པར་གྱིས། །འབྲས་བུ་ཆེ་རིས་ལྷ་ཚོགས་བྱེ་བ་བརྒྱད་བཅུ་ཐམ་པ་འདི་དག་ནི། །ཞིང་རྣམས་དག་ཏུ་ཆོས་ཚུལ་ཤིན་དུ་རྒྱ་ཆེར་སྨྲ་བའི་རྒྱལ་བར་འགྱུར། །མཁས་པ་དེ་དག་དཔག་མེད་ཚེ་ལྡན་བསྐལ་པ་མང་པོར་གནས་པར་འགྱུར། །དེ་ཕྱིར་བདེ་བར་གཤེགས་པས་འཛུམ་པ་རྒྱ་ཆེན་མཆོག་གི་ཆ་འདི་བསྟན། །དེ་དག་སྔོན་གྱི་བསྐལ་པ་སུམ་བཅུ་དྲུག་གི་རྒྱལ་བ་རྣམས་ཀྱང་མཐོང ། །བསྐལ་པ་སུམ་བཅུ་དྲུག་ཏུ་ཐམས་ཅད་མཁྱེན་པ་བསྙེན་བཀུར་སྤྱད་པ་སྤྱོད། །ད་དུང་ཚུལ་མཁས་འདི་དག་བསྐལ་པ་གྲངས་མེད་སུམ་བཅུ་རྩ་དྲུག་ཏུ། །གང་ཟག་ཆེན་པོ་འདི་དག་རྒྱལ་བ་ཁྱུ་མཆོག་མཆོད་པ་བྱེད་ཅིང་གནས། །ཐམས་ཅད་དུ་ཡང་ཕུན་སུམ་ཚུལ་རྟོགས་རྒྱལ་བའི་མཆོག་ལ་མཆོད་པ་བྱེད། །རྐང་གཉིས་གཙོ་བོ་མཆོད་དེ་བྱང་ཆུབ་ཞི་བ་ཡོངས་སུ་བཙལ་བྱས་ནས། །དེ་དག་དེ་ཡི་འོག་ཏུ་དཔལ་སྟུག་རྐང་གཉིས་དམ་པ་སྐྱེས་བུ་མཆོག་།འདྲེན་པ་མཐུ་ཆེན་ཡོན་ཏན་ལྡན་པར་གསེར་གྱི་རྒྱལ་མཚན་བསྐལ་ལ་འབྱུང ། །རྒྱལ་བ་དེ་དག་སྣ་ཚོགས་ཞིང་ན་གནས་ཤིང་རང་རང་ཞིང་སྦྱངས་ཏེ། །སེམས་ཅན་དམ་པ་དེ་ཀུན་ཉི་མའི་འོད་ཀྱི་དཀྱིལ་འཁོར་དཔལ་ཞེས་བྱ། ། 81.108a དེ་ཚེ་ཡོན་ཏན་ལྡན་པ་དེ་དག་རྣམས་ཀྱི་འདུས་པ་གྲངས་མེད་དེ། །དེ་ཚེ་ཐུབ་པ་རེ་རེའི་ཉན་ཐོས་འདུས་པར་འགྱུར་པ་དེ་དག་ནི། །གལ་ཏེ་བསྐལ་པ་ཁྲག་ཁྲིག་དག་ཏུ་སྟོབས་བཅུས་ཉན་ཐོས་དེ་བགྲངས་ཀྱང ། །ལེགས་མཛད་རྣམས་ཀྱི་ཉན་ཐོས་འདུས་པ་དག་ནི་མཐར་ཕྱིན་བགྲངས་མི་འགྱུར། །འདུས་པ་དེ་དག་ཐམས་ཅད་གྲངས་མེད་འདུས་པ་དེ་ནི་ཅི་འདྲ་བ། །དེ་ལས་ཉིས་གྱུར་དེ་ཚེ་བྱང་ཆུབ་དུ་ནི་ཡང་དག་ཞུགས་པར་འགྱུར། །དེ་ཚེ་རྒྱལ་བ་ཞུགས་ཀྱི་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན། །དེ་དག་ཐམས་ཅད་ཡོངས་དག་ཞིང་དུ་སྤྱད་ནས་ཀུན་ཀྱང་རྒྱལ་བར་འགྱུར། །བདེ་གཤེགས་དེ་དག་སྤྱོད་པ་གང་ཡིན་དེ་དག་རྣམས་ཀྱི་འདི་ཉིད་འགྱུར། །འཇིག་རྟེན་མཁས་པ་དེ་དག་མྱ་ངན་འདས་པར་གྱུར་ནས་དམ་པའི་ཆོས། །དེ་ཚེ་སྲས་ཀྱིས་གཟུངས་ཞིང་བསྐལ་པ་བྱེ་བ་བརྒྱད་བཅུར་གནས་པར་འགྱུར། །དེ་དག་འདས་ནས་སྟོན་པའི་གསུང་རབ་དེ་ལ་བྱང་ཆུབ་སེམས་བསྐྱེད་པ། །གང་གཱའི་ཀླུང་གི་བྱེ་མ་པས་ཀྱང་ཤིན་དུ་མང་བ་འབྱུང་བར་འགྱུར། །དེ་དག་འདས་ནས་སྟོན་པ་སྐྱོབ་པ་རྣམས་ཀྱི་གསུང་རབ་དེ་ལ་ནི། །ཉན་ཐོས་རྒྱ་མཚོ་ཀུན་གྱི་བྱེ་སྙེད་དཔག་ཡས་མྱ་ངན་འདའ་བར་འགྱུར། །དེ་ལྟར་འཇིག་རྟེན་དོན་རྣམས་མཛད་པ་རང་བྱུང་དེ་དག་ཐམས་ཅད་ཀྱི། །བསྟན་པ་གང་ཡིན་དེ་ནི་ཆོས་དང་ཡོངས་སུ་ལེགས་པར་ལྡན་གྱུར་ཅིང ། །ཡང་དག་ཤར་བར་འགྱུར་ཏེ་དེ་ནི་བསྟན་པ་རྣམས་ཀྱི་ཆོས་ཉིད་ཡིན། །མི་མཆོག་དེ་ཡི་གསུང་རབ་དེ་ཐོས་འགྲོ་བ་མ་ལུས་དད་གྱུར་ནས། །རྐང་གཉིས་དམ་པ་གཞལ་ཡས་འཇིག་རྟེན་དོན་བྱེད་བདག་ཅག་འགྱུར་ཞེས་ཏེ། །ཐམས་ཅད་དགའ་ནས་རྒྱལ་བའི་ཞབས་ལ་ཕྱག་འཚལ་སྐྱེ་བོ་རབ་ཏུ་དགའ། །བདེ་བར་གཤེགས་ལ་དགའ་བ་གཞལ་ཡས་བསྐྱེད་ནས་ཆོས་ཀྱིས་བསྙེན་བཀུར་བྱས། །དེ་ལྟ་བས་ན་དགའ་བར་བྱོས་ལ་མགོ་ལ་འབར་བཞིན་སྤྱད་སྤྱོད་དེ། །རྟག་ཏུ་ཤེས་རབ་ཕ་རོལ་ཕྱིན་དང་དགེ་བའི་བཤེས་གཉེན་བསྟེན་བྱོས་ལ། ། 81.108b ཡང་དག་མཐོང་བའི་སྤྱད་པ་དགེ་བ་འདི་ལ་ཀུན་དུ་བསྟེན་བྱོས་ཏེ། །དགེ་སློང་ཁྱེད་ཅག་རྐང་གཉིས་གཙོ་བོ་འཇིག་རྟེན་ཐུགས་བརྩེར་འགྱུར་བར་གྱིས། །འབྲས་བུ་ཆེ་བ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་དེའི་ཚེ་སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་རིག་ཅིང་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐེ་ཚོམ་མེད་པར་གྱུར་པར་རིག་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་སོ་སོ་ནས་མངོན་པར་བསྟོད་དོ། །དེ་ལ་ལྷའི་བུ་སྦྱིན་པ་ལ་མོས་པས་གསོལ་པ། ཁྱོད་ཀྱིས་སྡུག་པའི་སྲས་རྣམས་དང ། །བཙུན་མོ་དང་ནི་སྲོག་ཕངས་བཏང ། །རྒྱལ་སྲིད་བཏང་བར་ཅི་སྨོས་ཏེ། །སྦྱིན་མཐར་ཕྱིན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཚུལ་ཁྲིམས་ལ་མོས་པས་གསོལ་པ། ཁྱོད་ཀྱིས་ཚུལ་ཁྲིམས་རྣམ་སྦྱངས་པ། །རྣམ་པ་ཀུན་དུ་བསྙེངས་མི་མངའ། །ཤིན་དུ་བསླབས་པས་མཐར་ཕྱིན་པ། །ཁྲིམས་མཐར་ཕྱིན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བཟོད་པ་ལ་མོས་པས་གསོལ་པ། །ཁྱོད་ཀྱིས་བཟོད་པ་བསྟེན་མཛད་པས། །ཡན་ལག་གཏུབས་པ་འང་བཟོད་པར་མཛད། །ཟབ་མོར་སྒྱིད་ལུག་མ་ལགས་ཏེ། །བཟོད་མཐར་ཕྱིན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བརྩོན་འགྲུས་ལ་མོས་པས་གསོལ་པ། །བརྩོན་པ་མ་བཏང་བརྩོན་འགྲུས་ཏེ། །སྟོབས་ཆེན་བརྩོན་འགྲུས་ལྡན་གྱུར་པས། །རྫོགས་པའི་བྱང་ཆུབ་མཆོག་བརྙེས་པ། །བརྩོན་མཐར་ཕྱིན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བསམ་གཏན་ལ་མོས་པས་གསོལ་པ། །ཁྱོད་ཀྱིས་བསམ་གཏན་བསྟེན་མཛད་པ། །དེ་ལ་འཇིག་རྟེན་གཏིང་མི་རྙེད། །དུས་གསུམ་མཉམ་པ་ཉིད་བརྙེས་པ། །བསམ་གཏན་མཐར་ཕྱིན་ཕྱག་ཀྱང་འཚལ། །ལྷའི་བུ་གཟི་བརྗིད་དང་ལྡན་པས་གསོལ་པ། ། 81.109a དགའ་བོས་ཤེས་རབ་ཕ་རོལ་ཕྱིན། །ཡང་དང་ཡང་ནི་བསྒོམས་པས་ན། །ཐམས་ཅད་མཁྱེན་པ་ཉིད་བརྙེས་པ། །ཤེས་རབ་མཐར་ཕྱིན་ཕྱག་ཀྱང་འཚལ། །ལྷའི་བུ་ཁམས་ཀྱི་བློ་གྲོས་ཀྱིས་གསོལ་པ། །སྦྱིན་པ་དག་དང་ངག་སྙན་དང ། །དོན་སྤྱད་འཐུན་པའི་དོན་དག་གིས། །འཇིག་རྟེན་འདི་དག་ཁྱོད་ཀྱིས་བཏུལ། །འདྲེན་པ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་དགེ་བའི་བློ་གྲོས་ཀྱིས་གསོལ་པ། །བྱམས་ཆེན་ཐུགས་རྗེ་ཆེན་པོ་དག་།ཡུན་རིང་དུས་ནས་བསྒོམས་མཛད་དེ། །སེམས་ཅན་དཔག་ཡས་ཡོངས་སུ་བསྒྲལ། །གདོས་འཛིན་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་དག་པའི་སེམས་ཀྱིས་གསོལ་པ། །ཉོན་མོངས་མེད་པའི་མཐར་ཕྱིན་ཅིང ། །ཐུབ་ཆེན་དུལ་བའི་སེམས་མངའ་བས། །མ་དུལ་ཐམས་ཅད་དུལ་མཛད་པ། །ཁ་ལོ་སྒྱུར་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བློ་གྲོས་དྲི་མ་མེད་ཀྱིས་གསོལ་པ། །སེམས་དག་མཉེན་པའི་སེམས་མངའ་བ། །སེམས་དུལ་དབང་པོ་ཞི་མངའ་བ། །སེམས་ཅན་ཀུན་གྱི་སེམས་མཁྱེན་པ། །སེམས་མཁྱེན་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བློ་གྲོས་རྣམ་པར་དག་པས་གསོལ་པ། །ཤེས་རབ་ལྡན་པའི་བློ་གྲོས་ཅན། །བློ་གྲོས་མཆོག་ལ་རབ་ཏུ་ཞུགས། །ཐུགས་གསལ་ཕུན་སུམ་ཚོགས་པའི་བློ། །མི་མཁས་རྟོགས་མཛད་ཕྱག་ཀྱང་འཚལ། །ལྷའི་བུ་སེམས་བརྒྱན་གྱིས་གསོལ་པ། །ཁྱོད་ཀྱི་སེམས་ནི་རྣམ་པར་སྦྱངས། །སངས་རྒྱས་ཞིང་ཡང་རྣམ་དག་མཛད། །སེམས་ཅན་བློ་ཡང་རྣམ་སྦྱངས་པ། །ཀུན་དགའ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཕམ་པ་མེད་པས་གསོལ་པ། །དགོངས་པ་ཕམ་པ་མི་མངའ་བ། །ཁྱོད་ཀྱིས་བདུད་ཀྱི་དཔུང་ཡང་བཅོམ། །ཁྱོད་ཀྱིས་ལྷ་ཚོགས་ཐམས་ཅད་ཀྱང ། །རབ་ཏུ་དགའ་བའི་ཡིད་དུ་བསྒྱུར། །ལྷའི་བུ་མྱུར་དུ་བྱེད་པས་གསོལ་པ། །ཁྱོད་ཀྱིས་ཆོས་རྣམས་མྱུར་བར་མཁྱེན། །སེམས་ཅན་མྱུར་བར་རྣམ་པར་སྦྱངས། །ཟབ་ཅིང་བལྟ་དཀའི་ཆོས་དག 81.109b ལ། །མྱུར་དུ་མཛད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བརྩོན་འགྲུས་བརྟན་པས་གསོལ་པ། །བྲལ་གྱུར་ཡོངས་སུ་བྲལ་གྱུར་བ། །ཆུ་བོ་རྒལ་ཏེ་ཟག་པ་སྤངས། །ཕ་རོལ་ཕྱིན་ཅིང་ཐང་ལ་བཞུགས། །བརྩོན་འགྲུས་བརྟན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྤྱོད་ལམ་དང་ལྡན་པས་གསོལ་པ། །འདོད་ཆགས་སྤངས་ཤིང་ཞེ་སྡང་སྤངས། །གཏི་མུག་སྤངས་པ་ཟག་མེད་པ། །སྦྱིན་གནས་བསོད་ནམས་ཞིང་གྱུར་པ། །འཇིག་རྟེན་མཆོད་འོས་ཕྱག་ཀྱང་འཚལ། །ལྷའི་བུ་ཤིན་ཏུ་བརྟན་པས་གསོལ་པ། །ཁྱོད་ཀྱི་དམ་ཆོས་ཤིན་དུ་བརྟན། །འཇིག་རྟེན་གསུམ་དུ་རབ་ཏུ་མཆོད། །གཅིག་པུ་བགྲོད་པས་བདེ་བ་རྙེས། །དེ་ཕྱིར་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་མི་འཁྲུགས་པས་གསོལ་པ། །ལྷུན་སྟུག་གཅིག་ཏུ་གྱུར་པའི་རི། །རླུང་གིས་བསྐྱོད་པར་མི་ནུས་ཏེ། །དེ་བཞིན་བསྟོད་དང་སྨད་པ་ཡིས། །བདེ་གཤེགས་བསྐྱོད་པར་མི་ནུས་སོ། །ལྷའི་བུ་མཉམ་པ་ཉིད་ཐོབ་པས་གསོལ་པ། །དཔའ་བོ་ཆེན་པོ་ཟབ་ཅིང་མཉམ། །མཚན་རབ་སུམ་བཅུ་རྩ་གཉིས་ཅན། །ཤེས་རབ་ཟབ་མོ་བློ་ལྡན་པ། །རྒྱལ་བ་མཛེས་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཟབ་པའི་བློ་གྲོས་ཀྱིས་གསོལ་པ། །སྐུ་ཆེན་ཁྱོད་ལ་སྐུ་མི་མངའ། །དེ་བཞིན་ཉིད་ལ་རབ་ཏུ་བཞུགས། །ཡང་དག་མཐའ་ཡས་རབ་ཏུ་སྟོན། །ཁྱོད་མཚུངས་གང་ཟག་ཡོད་མ་མཆིས། །ལྷའི་བུ་བློ་གྲོས་དང་བས་གསོལ་པ། །གཉིས་སུ་མེད་པས་ཡང་དག་སྟོན། །དཔའ་བོ་དཔའ་བས་རྣམ་པར་གནོན། །གང་དག་ཟབ་ལ་ཞུམ་མ་མཆིས། །དེ་དག་ཁྱོད་ཆོས་ཕ་རོལ་ཕྱིན། །ལྷའི་བུ་རབ་ཏུ་དགའ་བས་གསོལ་པ། །མཆོག་ཏུ་དགའ་ཡིད་བརྟན་པ་དག་།ཁྱོད་ཀྱི་སློབ་ལ་བསླབས་པའི་རྣམས། །སྦྲུལ་རྣམས་ལྤགས་པ་རྙིང་འདོར་བཞིན། །སྲིད་པ་གསུམ་པོ་འདི་དག་འདོར། །ལྷའི་བུ་ཞི་བའི་ཡིད་ཀྱིས་གསོལ་པ། །ཇི་ལྟར་མར་མེ་མར་ཟད་ཅིང ། །སྙིང་པོ་ཟད་པས་ཞིར་འགྱུར་བཞིན། །ཁྱོད་ཀྱིས་བསྟན་པ་མྱུར་ཐོས་ནས། །ཤེས་རབ་ཆེན་པོ་མྱ་ངན་འདའ། །ལྷའི་བུ་ཞི་གནས 81.110a ལ་གནས་པས་གསོལ་བ། །གང་གིས་ཀུན་མཁྱེན་ཁྱོད་མཐོང་བའི། །མི་རྣམས་འདོད་ཆགས་བཅིངས་པ་ཡང ། །ཤེས་རབ་མཚོན་གྱིས་མཁས་པ་དང ། །འདོད་ཆགས་ཞགས་པ་གཅོད་པར་འགྱུར། །ལྷའི་བུ་གནས་མང་གིས་གསོལ་པ། །ཞི་བའི་སེམས་མངའ་ཞི་ལ་སྤྱོད། །ཆོ་ག་སྤྱོད་ཡུལ་རབ་ཏུ་ཞི། །ཉོན་མོངས་ཐམས་ཅད་ཞི་གྱུར་པ། །དགྲ་རྣམས་ཞི་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཞི་གནས་འཇིག་མེད་ཀྱིས་གསོལ་པ། །ཁྱོད་ཀྱི་ཞི་གནས་བསླབས་པ་ཡི། །བྱང་ཆུབ་སེམས་དཔའ་གྲགས་ཆེན་དག་།ཞི་གནས་ཉིད་ཀྱིས་འབྱུང་འགྱུར་ཞིང ། །སེམས་ཞི་དེ་བཞིན་གཤེགས་པར་འགྱུར། །ལྷའི་བུ་ཞི་གནས་ཟས་ཀྱིས་གསོལ་པ། །ཆོས་རྣམས་ཀུན་ཀྱི་ཞི་བ་ནི། །དཔའ་བོ་ཁྱོད་ཀྱིས་རབ་ཏུ་བསྟན། །ཤེས་རབ་ཆེན་པོས་དེ་འཚལ་ན། །དེ་དག་དེ་བཞིན་གཤེགས་པར་འགྱུར། །ལྷའི་བུ་རྟག་ཏུ་རྣམ་པར་ལྟ་བས་གསོལ་པ། །ཁྱོད་ཀྱིས་སེམས་ཅན་རྟག་ཏུ་གཟིགས། །མཁས་པ་ཁྱོད་ལྟར་སློབ་པ་རྣམས། །ཡེ་ཤེས་མཆོག་གིས་མཉམ་བཞག་ཅིང ། །བྱང་ཆུབ་མཆོག་ཀྱང་ཐོབ་པར་འགྱུར། །ལྷའི་བུ་སྣང་འཛིན་གྱིས་གསོལ་པ། །ཤེས་རབ་ཕ་རོལ་ཕྱིན་གྱུར་པ། །ཐུབ་ཆེན་ཁྱོད་ལས་གང་སློབ་པ། །དེ་དག་འཇིག་རྟེན་སྣང་མཛད་ཅིང ། །སྒྲིབ་པ་མེད་པར་གཟིགས་པར་འགྱུར། །ལྷའི་བུ་འོད་བྱེད་ཀྱིས་གསོལ་པ། འཇིག་རྟེན་སྒྲོན་མ་ཁྱོད་ཀྱིས་གསུངས། །ཡེ་ཤེས་རྒྱ་མཚོ་དེ་ཐོས་ནས། །དེ་དག་དྲི་མེད་བདེ་བ་འཐོབ། །བསམ་གྱིས་མི་ཁྱབ་འོད་ཀྱང་འབྱུང ། །ལྷའི་བུ་དྲི་མ་མེད་པའི་འོད་ཀྱིས་གསོལ་པ། །ཆོས་རྣམས་ཐམས་ཅད་རྣམ་མི་རྟོག་། 81.110b ཐབས་ལ་མཁས་པས་དེ་དག་གསུངས། །དེ་འདྲའི་ཡེ་ཤེས་སྟོན་བགྱིད་པ། །དེ་དག་གང་ཟག་མཆོག་ཏུ་འགྱུར། །ལྷའི་བུ་རབ་ཏུ་མི་གནས་ཀྱིས་གསོལ་པ། །གནས་མ་མཆིས་ཤིང་བླང་མ་མཆིས། །ཆོས་རྣམས་ཐམས་ཅད་སེམས་མ་མཆིས། །བདག་དང་གཞན་གྱི་རྣམ་འགྱུར་བ། །དེ་དག་ཁྱོད་ཀྱིས་དེ་བཞིན་མཁྱེན། །ལྷའི་བུ་གནས་མེད་བློ་གྲོས་ཀྱིས་གསོལ་པ། །ཆོས་རྣམས་ཐམས་ཅད་གཞི་མེད་པར། །རྣམ་པར་འདྲེན་པ་ཁྱོར་ཀྱིས་གཟིགས། །དེ་དག་ཁྱོད་ཀྱིས་ལུགས་བཟློག་སྟེ། །སེམས་ཅན་རྣམས་ལ་བསྟན་པ་མཛད། །ལྷའི་བུ་མི་རྟེན་བློ་གྲོས་ཀྱིས་གསོལ་པ། ཆོས་རྣམས་ཐམས་ཅད་རྟེན་མ་མཆིས། །སེམས་ཅན་མ་མཆིས་ཕན་ཚུན་མིན། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །ཡང་དག་ཇི་བཞིན་ཁྱོད་ཀྱིས་བསྟན། །ལྷའི་བུ་བར་སྣང་རྒྱུ་བས་གསོལ་པ། །བདེ་གཤེགས་ཁྱོད་ཀྱིས་ཆོས་ཀྱི་རྣམས། །བར་སྣང་ལྟ་བུར་སྣང་བ་སྟེ། །སྐྱེ་དང་འགོག་པ་མེད་པར་གཟིགས། །དེ་སླད་འཇིག་རྟེན་ཆགས་མི་མངའ། །ལྷའི་བུ་ངར་འཛིན་པ་མེད་པས་གསོལ་པ། །ཁྱོད་ཀྱིས་འགྲོ་བ་འདི་དག་ཀུན། །ལུས་ཀྱི་ངོ་བོ་ཉིད་ཀྱིས་ནི། །གཡོ་བ་མེད་ཅིང་ངར་འཛིན་མེད། །སྤྱོད་མེད་རྩོལ་བ་མེད་པར་གཟིགས། །ལྷའི་བུ་བློ་གྲོས་རྣམ་པར་བསྒོམས་ཀྱིས་གསོལ་པ། །སྒྱུ་མ་སྣ་ཚོགས་ལེགས་བགྱིས་པ། །སྒྱུ་མའི་མཁན་པོས་བསྟན་གྱུར་ན། །དེ་བཞིན་མ་ལགས་དེ་བཞིན་གདའ། །ཐུབ་པ་དེ་ལྟར་མཉམ་མ་མཆིས། །ལྷའི་བུ་རབ་ཏུ་སད་པའི་ངང་ཚུལ་གྱིས་གསོལ་པ། །གཟུགས་བརྙེན་ཇི་ལྟར་མེ་ལོང་ལ། །གདའ་ཡང་དེ་ལྟར་མ་མཆིས་པ། །དེ་བཞིན་ཆོས་རྣམས་ཁྱོད་ཀྱིས་གཟིགས། །དེ་བས་འཇིག་རྟེན་རྨོངས་མི་མངའ། །ལྷའི་བུ་ཡིད་གཉིས་རྣམ་པར་འཇིག་གིས་གསོལ་པ། །སངས་རྒྱས་གཟུགས་བརྙེན་ལྟ་བུ་སྟེ། །དེ་བཞིན་སངས་རྒྱས་ཆོས་ཀྱི་རྣམས། །དེ་བཞིན་ཁྱོད་ཀྱིས་བསྟན་པ་མཛད། ། 81.111a དེ་ལྟར་འགྲོ་བ་ཀུན་ཀྱང་མཁྱེན། །ལྷའི་བུ་སྤོབས་པ་ཐོགས་མེད་ཀྱིས་གསོལ་པ། །ཆོས་ཉིད་ལ་ནི་ཁོར་ཟུག་ཏུ། །སྤོབས་པ་རབ་ཏུ་འབྱུང་འགྱུར་ཞིང ། །ཆོས་ཉིད་དེ་ནི་བརྙེས་པས་ན། །དེ་སྤང་ཁྱོད་ནི་སྤོབས་པ་ལྡན། །ལྷའི་བུ་ཆགས་མེད་བློ་གྲོས་ཀྱིས་གསོལ་པ། །ཁྱོད་ཀྱི་ཆོས་འདི་ཐམས་ཅད་ནི། །རང་བཞིན་མཚན་ཉིད་མ་མཆིས་པར། །ཡང་དག་ཇི་བཞིན་རབ་ཏུ་མཁྱེན། །དེ་བས་ཐུབ་པས་རབ་རིབ་བསལ། །ལྷའི་བུ་མྱ་ངན་བྲལ་གྱིས་གསོལ་པ། །མྱ་ངན་མེད་ཅིང་ཉེར་ལེན་མེད། །སྤྲོས་པ་མེད་མེད་ཅིང་རྙོག་པ་མེད། །ཆོས་རྣམས་ཀུན་དུ་ཉོན་མ་མོངས། །དེ་དག་རང་བཞིན་ཁྱོད་ཀྱིས་མཁྱེན། །ལྷའི་བུ་རྟོགས་པ་ཕུན་སུམ་ཚོགས་པས་གསོལ་པ། །ཆོས་རྣམས་ཡང་དག་མ་ལགས་དེ། །འགྲོ་དང་འོང་བ་མ་མཆིས་པ། །དེ་དག་ཁྱོད་ཀྱིས་ཡང་དག་མཁྱེན། །དེ་བཞིན་རབ་ཏུ་བསྟན་པར་མཛད། །ལྷའི་བུ་བློ་གྲོས་མཆོག་གི་གསོལ་པ། །ལྷུན་གྱིས་གྲུབ་ཅིང་བླང་མེད་པ། །རྨོངས་པ་མེད་ཅིང་ཤེས་པ་མེད། །ཆོས་རྣམས་ཅི་ཡང་མི་བགྱིད་པ། །ཁྱོད་ཀྱིས་རང་བཞིན་ཐུགས་སུ་ཆུད། །ལྷའི་བུ་སྒྲིབ་མེད་ཐོབ་ཀྱིས་གསོལ་པ། །སྣང་བ་མ་མཆིས་མུན་མ་མཆིས། །གཟུགས་མེད་མ་ལགས་གཟུགས་ཅན་མིན། །གཟུང་བ་མ་མཆིས་གྲོལ་མ་མཆིས། །ཁྱོད་ཀྱིས་རང་བཞིན་ཐུགས་སུ་ཆུད། །ལྷའི་བུ་མིག་མི་འཛུམ་པས་གསོལ་པ། ཡུལ་དང་ཕྱོགས་ན་མི་གནས་པ། །ཡོད་དང་མེད་པ་མ་ལགས་པར། །རྨི་ལམ་འདོད་པ་ཇི་བཞིན་དུ། །དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས། །ལྷའི་བུ་མིག་མི་འཛུམ་གྱིས་གསོལ་པ། །བྱིས་པ་རྣམས་ཀྱི་བློ་རྨོངས་པ། །མ་སྐྱེས་པ་དང་མ་འགགས་པ། །བར་ནའང་གནས་པ་མ་མཆིས་པ། །དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས། །ལྷའི་བུ་སྟོང་པ་ཉིད་ལ་གནས་པས་གསོལ་པ། །གང་ཟག་སེམས་ཅན་མ་མཆིས་པ། །མ་མཆིས་ཐ་སྙད་མ་མཆིས་པ། །བསྟན་པའི་སླད་དུ་བརྗོད་བགྱི་བ། །དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས། ། 81.111b ལྷའི་བུ་མཚན་མ་མེད་པ་ལ་གནས་པས་གསོལ་པ། །གང་གིས་ཐ་སྙད་གདགས་པ་ཡི། །མཚན་མ་དེ་དག་མ་མཆིས་ཏེ། །ཆོས་ཀུན་མཚན་མ་མ་མཆིས་པར། །རྣམ་པར་འདྲེན་པ་ཁྱོད་ཀྱིས་གཟིགས། །ལྷའི་བུ་སྨོན་པ་མེད་པ་ལ་གནས་པས་གསོལ་པ། །ཇི་ལྟར་མཚན་མ་སྟོང་གྱུར་ཅིང ། །སྨོན་པ་དམིགས་སུ་མ་མཆིས་དང ། །སུ་ལ་སྨོན་ལམ་མཆིས་གྱུར་པ། །དེ་ཡང་དེ་ལྟའི་ཚུལ་དུ་མཁྱེན། །ལྷའི་བུ་ཏིང་ངེ་འཛིན་ལ་གཞོལ་བས་གསོལ་པ། རྣམ་ཐར་སྒོ་ལ་བརྟེན་བགྱིས་ཤིང ། །གང་ཞིག་གྲོལ་འགྱུར་དེ་མ་མཆིས། །དེ་བཞིན་ཀུན་ནས་ཉོན་མོངས་པ། །དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས། །ལྷའི་བུ་མ་སྨད་པས་གསོལ་པ། །ཁྱོདནི་སྡིག་པ་ཀུན་སྤངས་ཤིང་བསོད་ནམས་ཐམས་ཅད་བསགས་གྱུར་ཏེ། །བདེ་གཤེགས་ཁྱོད་ལ་སྨད་མི་མངའ། །སུ་སྨོད་དེ་དག་མཁས་མ་ལགས། །ལྷའི་བུ་གློག་གི་སྤྲིན་གྱིས་གསོལ་པ། །ཇི་ལྟར་གློག་བཅས་སྤྲིན་གྱིས་ཚོགས། །ཆར་གྱིས་ས་ཆེན་ངོམས་པར་བགྱིད། །དེ་བཞིན་འདྲེན་པས་ཆོས་ཆར་གྱིས། །འཇིག་རྟེན་རྣམས་ནི་ངོམས་པར་མཛད། །ལྷའི་བུ་བསམ་པ་དོན་ཡོད་གྱིས་གསོལ་བ། །ཐུབ་ཁྱོད་གསུང་ནི་དོན་མཆིས་ཏེ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཤིན་དུ་བརྟགས་ཏེ་མཛད་པས་ན། །དེ་ནི་ཐམས་ཅད་མཁྱེན་པའི་མཚན། །ལྷའི་བུ་གློ་གྲོས་ཕུན་སུམ་ཚོགས་པས་གསོལ་པ། །ཆོས་རྣམས་ཐམས་ཅད་དངོས་ཉིད་ཀྱིས། །མ་སྐྱེས་འགགས་པ་མ་ལགས་ཏེ། །དེ་དག་བདེ་གཤེགས་ཁྱོད་ཀྱིས་མཁྱེན། །གཞན་ཡང་དེ་བཞིན་རྟོགས་པར་མཛད། །ལྷའི་བུ་སེང་གེའི་ང་རོས་གསོལ་པ། །ཁྱོད་ཀྱིས་སྟོང་པ་ཉིད་བསྟན་ཏེ། །སེང་གེའི་ང་རོ་བསྒྲགས་མཛད་པས། །མུ་སྟེགས་ཅན་ཀུན་རབ་འཇིགས་པ། སེང་གེས་རི་དྭགས་ཕྲ་མོ་བཞིན། །ལྷའི་བུ་བག་ཡོད་ལས་གྱིས་གསོལ་པ། །བག་ཡོད་སྔོན་དུ་བཏང་མཛད་དེ། །ཁྱོད་ཀྱིས་སྤྱོད་པ་སྤྱད་བགྱིས་པས། །སངས་རྒྱས 81.112a ཆོས་ལ་འདྲེན་པ་ཁྱོད། །བག་ཡོད་པས་ནི་ངེས་པར་འབྱུང ། །ལྷའི་བུ་བག་ཡོད་རབ་གནས་ཀྱིས་གསོལ་པ། །བག་ཡོད་པ་ལ་རབ་གནས་ཏེ། །ཁྱོད་ཀྱིས་ཉིད་ཀྱི་ཆོས་ཀྱང་སྤེལ། །སྟོབས་བཅུ་གཞན་ཡང་སངས་རྒྱས་ཆོས། །བསམ་གྱིས་མི་ཁྱབ་རབ་ཏུ་སྤེལ། །ལྷའི་བུ་བག་ཡོད་སྐྱེས་ཀྱིས་གསོལ་པ། །བག་ཡོད་པ་ལ་བརྩོན་པས་ན། །བྱང་ཆུབ་ཕྱོགས་རྣམས་ཡང་དག་སྐྱེས། །ཐུབ་ཆེན་རང་ཡང་གྲོལ་གྱུར་ནས། །དེ་དག་རྣམས་ནི་འཇིག་རྟེན་འགྲེལ། །ལྷའི་བུ་བག་ཡོད་ངེས་པར་བྱུང་གིས་གསོལ་པ། །བྱང་ཆུབ་སེམས་དཔའ་ཉན་ཐོས་དག་།ཇི་སྙེད་ཐར་ལ་རྟེན་པའི་རྣམས། །ཀུན་ཀྱང་ཁྱོད་ལ་བསླབས་པ་སྟེ། །བག་ཡོད་པས་ནི་ངེས་པར་འབྱུང ། །ལྷའི་བུ་བག་ཡོད་གནས་པས་གསོལ་པ། །བག་ཡོད་ཡོངས་སུ་མ་བཏང་བས། །རྣམ་པར་འདྲེན་པ་ཁྱོད་ཀྱི་སྲས། །འགྲོ་བ་འདི་ལ་མ་ཆགས་པར། །ཐམས་ཅད་མཁྱེན་དུ་ངེས་པར་བྱུང ། །ལྷའི་བུ་བག་ཡོད་བསྲུངས་ཀྱིས་གསོལ་པ། །བྱང་ཆུབ་ལམ་ལ་བསྟེན་མཛད་ཅིང ། །ཁྱོད་ནི་བག་གིས་བསྲུངས་པས་ན། །ཐུགས་རྗེ་ཆེན་པོ་མཁས་པ་ཡིས། །བྱང་ཆུབ་དམ་པ་བརྙེས་པར་གྱུར། །ལྷའི་བུ་བག་ཡོད་བརྩོན་གྱིས་གསོལ་པ། །བག་ཡོད་པ་ལ་རབ་བརྩོན་ཞིང ། །མཚན་ཉིད་གཅིག་པོ་རྟོགས་བགྱིས་པ། །དཔའ་བོ་ཆེན་པོ་ཁྱོད་ཀྱི་སྲས། །ཡབ་ཀྱི་དཀོར་ཡང་ཐོབ་པར་འགྱུར། །ལྷའི་བུ་བག་ཡོད་མངོན་པར་དགའ་བས་གསོལ་པ། །བག་ཡོད་དགའ་བའི་བརྟན་པ་རྣམས། །དེ་དག་སངས་རྒྱས་ཡེ་ཤེས་ཀྱིས། །དཔའ་བོ་ཉོན་མོངས་རི་འཇིག་པས། །ང་རྒྱལ་རི་ཡང་དེ་བཞིན་བསྙིལ། །ལྷའི་བུ་བག་ཡོད་འཛིན་གྱིས་གསོལ་པ། །སངས་རྒྱས་ཡེ་ཤེས་ཚོལ་མཛད་ཚེ། །ཁྱོད་ནི་བག་གིས་བཟུང་བས་ན། །བསྐལ་པ་བྱེ་བ་གྲངས་མེད་དུ། །ཁྱོད་ཀྱི་ཐུགས་ནི་སྐྱོར་མ་གྱུར། །ལྷའི་བུ་ཞི་གནས་བརྩོན་གྱིས་གསོལ་པ། །ཆོས་རྣམས་དེ་དག་རང་བཞིན་ཞི། །དེ་ནི་སངས་རྒྱས་སྤྱོད་ཡུལ་ལགས། ། 81.112b བྱང་ཆུབ་ཡང་དག་གང་ཞུགས་དང ། །ཐམས་ཅད་མཁྱེན་པ་དེར་མི་འཇིགས། །ལྷའི་བུ་ཞི་གནས་ལ་ཡང་དག་པར་གནས་པས་གསོལ་པ། སངས་རྒྱས་ཞི་གནས་བཞུགས་པ་སྟེ། །འོན་ཀྱང་དེ་ལ་ཆགས་མི་མངའ། །སེམས་ཅན་ཉོན་མོངས་ཞི་བར་མཛད། །རྡུལ་འཐུལ་བ་ལ་ཆར་པ་བཞིན། །ལྷའི་བུ་ཞི་གནས་རབ་ཏུ་གནས་ཀྱིས་གསོལ་པ། །སངས་རྒྱས་ཞི་ལ་རབ་ཏུ་བཞུགས། །སུས་ཀྱང་མི་བསྐྱོད་རི་བོ་བཞིན། །ཁྱོད་ལ་གནོད་བགྱིར་མི་ནུས་ཏེ། །སེམས་ཞི་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཞི་གནས་དུལ་གྱིས་གསོལ་པ། །ཁྱོད་ཀྱི་སྲས་རྣམས་མ་སྨད་པ། །ཞི་གནས་ཀྱིས་ནི་ཡོངས་སུ་དུལ། །བདུད་རྣམས་བྱེ་བས་མི་ཚུགས་ཏེ། །འདོད་ཆགས་ཀྱིས་ནི་གནོད་མི་འགྱུར། །ལྷའི་བུ་ཞི་གནས་ངེས་པར་བྱུང་གིས་གསོལ་པ། །ཞི་བའི་ཡིད་མངའ་ཞི་གནས་ལ། །དཔའ་བོ་ཆེན་པོ་བསྒོམ་མཛད་པས། །ཅི་ལ་གནས་ཏེ་བསམ་གཏན་མཛད། །སུས་ཀྱང་ཁྱོད་ཀྱི་ཚུལ་མ་འཚལ། །ལྷའི་བུ་ཞི་གནས་སྔོན་དུ་འགྲོས་གསོལ་པ། །སྟོན་པས་སངས་རྒྱས་ཆོས་རྣམས་ཀྱི། །སྔོན་དུ་ཞི་གནས་འགྲོ་ཞེས་གསུངས། །བདག་གིས་བྱང་ཆུབ་འགྲུབ་འགྱུར་བའི། །ཆོས་གཞན་དེ་ཡི་རྗེས་སུ་འབྲང ། །ལྷའི་བུ་ཞི་གནས་རྗེས་སུ་འབྲང་གིས་གསོལ་པ། །འཇིག་རྟེན་སྒྲོན་མའི་ཞི་གནས་ནི། །སེམས་ཀྱི་རྙོག་པ་འདང་བར་བགྱིད། །ཞི་བའི་སེམས་ལྡན་རྣམས་ཀྱིས་འཆིང ། །དེ་ཁྱོད་མཐའ་ཡས་དབང་དུ་མཛད། །ལྷའི་བུ་ཞི་གནས་སྤྱོད་ཡུལ་གྱིས་གསོལ་པ། །ཆོས་རྣམས་ཀུན་གྱི་སྤྱོད་ཡུལ་ནི། །ཞི་གནས་ཡིན་ཞེས་འདྲེན་པས་གསུངས། །དེ་ལ་ཆགས་མེད་སྤྱོད་པ་ནི། །རྣམ་པར་འདྲེན་པ་སངས་རྒྱས་འགྱུར། །ལྷའི་བུ་ཞི་གནས་བརླན་གྱིས་གསོལ་པ། །བསམ་གཏན་གྱིས་ནི་སྔོན་བརླན་ཏེ། །ཤེས་རབ་ཀྱིས་ནི་སེམས་བསྒོམས་པས། །དེ་ཕྱིར་རྫོགས་པའི་བྱང་ཆུབ་བརྙེས། །དེ་བཞིན་སྐྱེ་བོ་རྣམས་ཀྱང་འདྲེན། ། 81.113a ལྷའི་བུ་ཞི་གནས་ལྷུར་ལེན་གྱིས་གསོལ་པ། །སངས་རྒྱས་ཆོས་རྣམས་གང་ལ་ཡང ། །ལམ་གཞན་བདག་གིས་མ་མཐོང་སྟེ། །ཞི་གནས་ཡེ་ཤེས་ཆེ་ཐོབ་ན། །རང་བྱུང་ཉིད་ཏུ་ངེས་པར་འབྱུང ། །ལྷའི་བུ་ལྷག་མཐོང་མངོན་དགས་གསོལ་བ། །དཔའ་བོ་ཆེན་པོ་ལྷག་མཐོང་ནི། །ཆོས་རྣམས་ཐམས་ཅད་སྟོན་པ་སྟེ། །དེ་ལ་ཁྱོད་ཀྱིས་སྲས་སྤྱོད་ཅིང ། །རང་བྱུང་ཉིད་ནི་ཐོབ་པར་འགྱུར། །ལྷའི་བུ་ལྷག་མཐོང་བྱུང་གིས་གསོལ་པ། །ཤེས་རབ་ཕ་རོལ་ཕྱིན་གནས་ཤིང ། །རྣམ་པར་འདྲེན་པ་འབྱུང་བར་འགྱུར། །སྨན་པའི་རྒྱལ་པོ་སྟོན་པ་སྟེ། །དེ་བས་ལྷག་མཐོང་དགེ་བ་ལགས། །ལྷའི་བུ་ལྷག་མཐོང་རབ་གནས་ཀྱིས་གསོལ་པ། །ཆོས་རྣམས་ཐམས་ཅད་བཙལ་བགྱིས་ཏེ། །ཡང་དག་ཇི་བཞིན་མཐོང་གྱུར་ན། །བརྟན་པ་རྫོགས་པའི་བྱང་ཆུབ་ཐོབ། །བྱང་ཆུབ་ཉིད་ལ་གནས་པར་འདོད། །ལྷའི་བུ་ལྷག་མཐོང་ངེས་འབྱུང་གིས་གསོལ་པ། །གང་ཟག་མཆོག་རྣམས་ཡེ་ཤེས་ཀྱིས། །བྱང་ཆུབ་མཆོག་ཏུ་ངེས་པར་བྱུང ། །རྫོགས་པའི་བྱང་ཆུབ་ཡེ་ཤེས་ཀྱིས། །བརྙེས་པའི་དྲན་པ་སྐྱེ་མི་འགྱུར། །ལྷའི་བུ་ལྷག་མཐོང་མངོན་དགས་གསོལ་པ། །ཡང་དག་ཇི་བཞིན་ཡང་དག་ཏུ། །ཆོས་རྣམས་རྣམ་པར་གཟིགས་པས་ན། །བྱང་ཆུབ་གཞལ་ཡས་བརྙེས་འགྱུར་ཏེ། །དེ་བས་རྣམ་འདྲེན་སངས་རྒྱས་ལགས། །ལྷའི་བུ་ལྷག་མཐོང་ལ་མངོན་པར་བརྩོན་པས་གསོལ་པ། །མཁས་པ་ཡེ་ཤེས་གང་བརྩོན་ཞིང ། །དཀའ་བ་མང་པོ་སྤྱོད་བགྱིད་པ། །དེ་དག་རྒོལ་ཚོགས་ཐམས་ཅད་ཀྱིས། །ཕམ་པར་བགྱི་བར་ཡོང་མི་ནུས། །ལྷའི་བུ་ལྷག་མཐོང་བྱུང་གིས་གསོལ་པ། །ཆོས་རྣམས་རྣམ་མཐོང་བགྱི་སླད་དུ། །རྒྱལ་སྲས་གང་དག་ཞུགས་པའི་རྣམས། །ཆོས་རྣམས་ངོ་བོ་ཉིད་འཚལ་ཅིང ། རང་བྱུང་ཉིད་ནི་ཐོབ་པར་འགྱུར། །ལྷའི་བུ་ལྷག་མཐོང་ལ་བསྟེན་པས་གསོལ་པ། ། 81.113b རྣམ་འདྲེན་ཁྱོད་ཀྱིས་ཡུན་རིང་དུ། །ཡེ་ཤེས་ལ་ནི་བསྟེན་མཛད་པས། །ཐམས་ཅད་མཁྱེན་པ་བརྙེས་ནས་ནི། །སྲོག་ཆགས་བྱེ་བ་གྲོལ་བར་མཛད། །ལྷའི་བུ་ཁྱད་པར་ལྡན་གྱིས་གསོལ་པ། །སངས་རྒྱས་མཁྱེན་པས་ཐམས་ཅད་མཁྱེན། །འདྲེན་པ་དམ་པ་མངོན་པར་འཕགས། །སྲིད་པའི་རྒྱ་མཚོས་ཁྱེར་བ་ཡི། །འཇིག་རྟེན་དེ་ཡིས་སྒྲོལ་བར་མཛད། །ལྷའི་བུ་ལྷག་མཐོང་གནས་ཀྱིས་གསོལ་པ། །ལྷག་མཐོང་ལ་ནི་གནས་མཛད་ཅིང ། །ཆོས་ཀུན་རྣམ་པར་གཟིགས་པས་ན། །སངས་རྒྱས་ཆོས་རྣམས་འཕེལ་འགྱུར་ཏེ། །ས་བཟང་ནྱ་གྲོ་དྷ་སྐྱེས་འདྲ། །ལྷའི་བུ་ལྷག་མཐོང་དང་མ་བྲལ་བས་གསོལ་པ། །རྣམ་པར་འདྲེན་པ་ཁྱོད་ཀྱིས་སྲས། །ཡེ་ཤེས་ཀྱིས་ནི་ཡོངས་བཟུང་སྟེ། །བྱང་ཆུབ་མཆོག་ནི་ཐོབ་བགྱིས་ཤིང ། །སྐྱེ་བོ་མང་པོ་འགྲེལ་པར་བགྱིད། །ལྷའི་བུ་ལྷག་མཐོང་ལ་རྣམ་པར་རྩེ་བས་གསོལ་པ། །སངས་རྒྱས་མཁྱེན་ལ་རྣམ་པར་རོལ། །ཆོས་རྣམས་ཀུན་ལ་འཇིགས་མི་མངའ། །ཞུམ་པ་མ་མཆིས་དང་མི་མངའ། །ཐུབ་པ་འཇིག་རྟེན་ཐམས་ཅད་མཁྱེན། །ལྷའི་བུ་ལྷག་མཐོང་ལ་ཡང་དག་པར་འཇུག་གིས་གསོལ་པ། །དཔའ་བོ་ཆེན་པོ་ཆོས་ཀུན་ནི། །ལྷག་མཐོང་ཉིད་ཏུ་ཡང་དག་འདུ། །རང་བཞིན་མེད་པར་རྣམ་མཐོང་ན། །དེ་ནི་རང་བྱུང་བྱང་ཆུབ་ལགས། །ལྷའི་བུ་ལྷག་མཐོང་སྙིང་པོས་གསོལ་པ། །སངས་རྒྱས་ལྷག་མཐོང་སྙིང་པོ་སྟེ། །ཆོས་རྣམས་ཀུན་ལ་འཇིགས་མི་མངའ། །འཇིག་རྟེན་སྡུག་བསྔལ་འདི་གཟིགས་ཤིང ། །ཐུགས་རྗེ་ཆེན་པོ་ཤིན་དུ་སྐྱེད། །ལྷའི་བུ་ལྷག་མཐོང་འགྲོས་ཀྱིས་གསོལ་པ། །བྱང་ཆུབ་ཕྱིར་ནི་ཤེས་འགྲོ་བའི། །འཇིག་རྟེན་མཁས་པ་ངེས་པར་བྱུང ། །དེ་དག་བྱང་ཆུབ་མཆོག་ཀྱང་འཐོབ། །གྲོལ་ནས་སྐྱེ་དགུ་འདི་དག་འགྲེལ། །ལྷའི་བུ་སྟོང་པ་ཉིད་ལ་བསྟེན་གྱིས་གསོལ་བ། །སྟོང་པ་ཉིད་ཀྱི་ཆོས་སྟེན་པའི། །མཁས་པ་བྱང་ཆུབ་འཚང་རྒྱ་སྟེ། །སེམས་ཅན་བཅིངས་ལས་འགྲོལ་བགྱིད་ཅིང ། ། 81.114a བཅིངས་པ་ཐམས་ཅད་རྣམ་པར་གཅོད། །ལྷའི་བུ་སྟོང་པ་ཉིད་ལ་མོས་ཀྱིས་གསོལ་པ། །སྟོང་པ་ཉིད་ལ་མོས་གྱུར་པ། །འགྲོ་བ་འདི་དག་སྲོག་མེད་གཟིགས། །དམིགས་མེད་ངོ་བོ་ཉིད་མེད་པ། །དེ་ལྟར་སྲོག་ཆགས་རྣམས་ལ་སྟོན། །ལྷའི་བུ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་གྱིས་གསོལ་པ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ནི། །ཆོས་རྣམས་རང་བཞིན་སྟོང་པ་སྟེ། །སྲོག་ཆགས་རྣམས་ལ་ཐུགས་བརྩེ་བས། །དཔའ་བོས་དེ་ལ་སྤྱད་པར་མཛད། །ལྷའི་བུ་སྟོང་པ་ཉིད་ཀྱི་བསམ་པས་གསོལ་བ། །སྐྱོན་དང་བྲལ་ཞིང་བཅིངས་མེད་ལ། །འཇིགས་སྐྲག་ཐམས་ཅད་རབ་ཏུ་སྤངས། །ཆོས་རྣམས་ཀུན་ལ་མི་གནས་ཤིང ། །ནམ་མཁའི་རླུང་བཞིན་སྤྱོད་པ་མཛད། །ལྷའི་བུ་སྟོང་པ་ཉིད་ལ་མངོན་པར་དགའ་བས་གསོལ་པ། །སྟོང་ཉིད་ཆོས་ལ་བསྟེན་བགྱིད་ཅིང ། །སངས་རྒྱས་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་སྟེ། །མཆོད་པ་དེ་ནི་བླ་ན་མེད། །ལྷའི་བུ་སྟོང་པ་ཉིད་ཀྱིས་ཡང་དག་པར་འཕགས་ཀྱི་གསོལ་བ། གང་གིས་འདྲེན་པ་འཕགས་གྱུར་པ། །དེ་ནི་ཡང་དག་འཕགས་ཤེས་གསུངས། །སྟོང་ཉིད་ཆོས་ལ་སྟེན་བགྱིད་པ། །མ་དམད་དེ་དག་སངས་རྒྱས་འགྱུར། །ལྷའི་བུ་སྟོང་པ་ཉིད་ཀྱིས་འདྲེན་གྱིས་གསོལ་པ། དཔའ་བོ་ཆེན་པོ་ཆོས་རྣམས་གང ། །མྱ་ངན་འདས་མིན་སྟོན་མ་མཆིས། །ཀུན་ཀྱང་མྱ་ངན་འདས་པར་འདྲེན། །དྲང་སྲོང་ཆེན་པོའི་བྱང་ཆུབ་ལགས། །ལྷའི་བུ་སྟོང་པ་ཉིད་ཀྱིས་ཡང་དག་ཤར་གྱིས་གསོལ་པ། །སྟོང་ཉིད་ཞི་ལ་བརྟེན་ནས་ནི། །ཁྱོད་ཀྱི་སློབ་མ་ཡང་དག་ཤར། །སྟོང་པ་ཉིད་ལ་གང་སྟེན་པ། །དེ་དག་རིམ་གྲོ་བགྱིད་པ་ལགས། །ལྷའི་བུ་སྟོང་པ་ཉིད་ལ་སྟེན་གྱིས་གསོལ་པ། །གང་རྣམས་སྟོང་པ་ཉིད་སྟེན་པ། །མཁས་པ་དེ་དག་རྨོངས་མི་འགྱུར། །ཉོན་མོངས་མེད་ཅིང་ལྟ་མེད་རྣམས། །བྱང་ཆུབ་རྡུལ་མེད་ཐོབ་པར་འགྱུར། །ལྷའི་བུ་སྟོང་པ་ཉིད་ཕུན་སུམ་ཚོགས་པས་གསོལ་པ། །གང་རྣམས་སྟོང་ཉིད་བསྟེན་བགྱིད་པ། ། 81.114b སངས་རྒྱས་ཆོས་རྣམས་ཕུན་སུམ་ཚོགས། །རང་བྱུང་ཕམ་པ་མེད་པར་འགྱུར། །འཇིག་རྟེན་དོན་ཀྱང་བགྱིད་པར་འགྱུར། །ལྷའི་བུ་སྟོང་པ་ཉིད་ལ་ཡང་དག་པར་ཞུགས་པས་གསོལ་བ། སངས་རྒྱས་ཆོས་ལ་ཞུགས་གྱུར་ཏེ། སྟོང་པ་ཉིད་ལ་གང་སྟེན་པ། །དེ་ལ་བདུད་རྣམས་བྱེ་བ་ཕྲག་།སྟོང་གིས་དཀྲུག་པར་མི་ནུས་སོ། །ལྷའི་བུ་མཚན་མ་མེད་ལ་དགའ་བས་གསོལ་པ། མཚན་མ་མེད་ལ་མངོན་དགྱེས་ཏེ། །དངོས་པོ་ཐམས་ཅད་རྣམ་བཤིག་ནས། །སངས་རྒྱས་འཇིག་རྟེན་རྣམས་ནས་བྱུང ། །མཚན་མ་རྣམས་ལ་ཆགས་མི་མངའ། །ལྷའི་བུ་མཚན་མ་མེད་ལ་གནས་པས་གསོལ་པ། །མཚན་མ་མེད་ལ་སྤྱོད་གྱུར་ཅིང ། །ཞི་བ་ཞི་ལ་སྤྱོད་པ་རྣམས། །མཚན་མ་རྣམ་པར་བཤིག་རྣམས་ཀྱིས། །ཚུལ་ནི་བདུད་ཀྱིས་ཤེས་མི་ནུས། །ལྷའི་བུ་མཚན་མ་མེད་པའི་སྤྱོད་ཡུལ་གྱིས་གསོལ་པ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ལ། །འདྲེན་པ་ཁྱོད་ནི་སྦྱོང་མཛད་དེ། །མཚན་མ་མི་མངའ་རྟོགས་དཀའ་ཞིང ། །ཞི་སྤྱོད་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་མཚན་མ་མེད་པས་སྐོམ་གྱིས་གསོལ་པ། །ཐུབ་པའི་འཁོར་འདི་ཐམས་ཅད་ནི། །མཚན་མ་མེད་པས་སྐོམ་གྱུར་ཏེ། །ཡབ་ཀྱི་དཀོར་ནི་འཚལ་གྱུར་ནས། །དེ་བཞིན་གཤེགས་ལ་བཀུར་སྟི་བགྱིད། །ལྷའི་བུ་མཚན་མ་མེད་པ་ལ་སྤྱོད་པས་གསོལ་པ། །མཚན་མ་མེད་ལ་ཉིན་མཚན་དུ། །གང་ཟག་མཆོག་ནི་སྤྱོད་མཛད་པས། །ལྷ་དང་དྲི་ཟ་མི་དག་ཀྱང ། །ཁྱོད་ཀྱི་ཚུལ་ནི་མ་འཚལ་ཏོ། །ལྷའི་བུ་མཚན་མ་མེད་པས་རྣམ་པར་གྲོལ་གྱིས་གསོལ་པ། །ཆོས་རྣམས་ཐམས་ཅད་རྣམ་པ་ཤིག་ཅིང ། །དཔའ་ཆེན་འཇིག་རྟེན་སྒྲོན་མ་ཁྱོད། །མཚན་མ་མེད་ལ་གནས་པར་མཛད། །དེ་བས་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་མཚན་མ་མེད་པ་ལ་རྣམ་པར་རྩེ་བས་གསོལ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་ཁྱོད། །མཚན་མ་མེད་ལ་རྣམ་པར་རོལ། །མི་རྣམས་ཡོངས་སུ་སྨིན་མཛད་ཅིང ། །སངས་རྒྱས་ཡེ་ཤེས་མཆོག་ལ་ཞུགས། །ལྷའི་བུ་མཚན་མ་མེད་པས་ཡོངས 81.115a སུ་གྲུབ་ཀྱིས་གསོལ་པ། །གང་གིས་མཚན་མ་སྤངས་གྱུར་པ། །དེ་དག་བྱང་ཆུབ་གྲུབ་པ་སྟེ། །ཡབ་ཀྱི་ཆོས་ཀྱི་བརྟུལ་ཞུགས་ཅན། །དེ་དག་རྫོགས་པའི་སངས་རྒྱས་མཆོད། །ལྷའི་བུ་མཚན་མ་མང་བ་ལ་དགའ་བས་གསོལ་པ། །གང་གིས་མཚན་མ་རྣམ་བཤིག་པ། །དེ་དག་སངས་རྒྱས་ཆོས་ལ་དགའ། །བླ་མའི་གནས་ལ་གནས་པ་སྟེ། །སེམས་ཅན་ཀུན་གྱི་མཆོད་རྟེན་ལགས། །ལྷའི་བུ་མཚན་མ་མེད་པ་ལ་རྟེན་པས་གསོལ་པ། །ཞི་ལ་སྤྱོད་ཅིང་རྣམ་གྲོལ་བ། །སངས་རྒྱས་འཇིག་རྟེན་བླ་ན་མེད། །འབྱུང་པོ་ཀུན་གྱི་སྐྱབས་དང་རྟེན། །དཔུང་གཉེན་དེ་བཞིན་གནས་ཀྱང་ལགས། །ལྷའི་བུ་མཚན་མ་མེད་པ་ལ་མོས་པས་གསོལ་པ། །མཚན་མ་མེད་ལ་མོས་གྱུར་ཅིང ། །ཞི་བ་དགྲ་ལས་རྒྱལ་གྱུར་པ། །སངས་རྒྱས་རྒལ་བ་འགྲོ་སྒྲོལ་བ། །དེ་དག་ཚད་ནི་ག་ལ་མཆིས། །ལྷའི་བུ་སྨོན་པ་མེད་པ་རྟོགས་ཀྱིས་གསོལ་པ། །མགོན་པོ་གང་དག་སྨོན་ལམ་ནི། །རྣམ་པ་ཀུན་ཏུ་མི་དམིགས་པ། །དེ་དག་འཇིག་རྟེན་བྲལ་བ་སྟེ། །སངས་རྒྱས་འཇིག་རྟེན་ནང་ནས་བྱུང ། །ལྷའི་བུ་སྨོན་པ་མེད་པ་ལ་སྟོན་པས་གསོལ་པ། །ཞི་བའི་ཐུགས་དང་ལྡན་པ་ཁྱོད། །སྲིད་པ་རྣམས་སུ་སྨོན་མི་མཛད། །སྲེད་པ་ཡོངས་སུ་ཆད་པས་ན། །སངས་རྒྱས་འཇིག་རྟེན་ཡོང་མི་གོས། །ལྷའི་བུ་སྨོན་པ་མེད་པས་སྐྱེས་ཀྱིས་གསོལ་པ། །གང་གིས་སྲིད་པ་ཡོངས་བཅོམ་པ། །དེ་དག་གཟི་མཆོག་སྐྱེས་པ་སྟེ། །དེ་དག་འཇིག་རྟེན་མགོན་པོའི་སྲས། །རང་གི་ཡབ་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྨོན་པ་མེད་པས་བསྐྱེད་ཀྱིས་གསོལ་པ། །ཁྱོད་ཀྱི་སྲས་རྣམས་མ་སྨད་པ། །སྲེད་པ་ཡོངས་སུ་བཅད་པས་ན། །སྲིད་པ་འཇིག་བགྱིད་སྲིད་པ་ལ། །དེ་དག་སྨོན་པ་མི་བགྱིད་དོ། །ལྷའི་བུ་སྨོན་པ་མེད་པས་ཡོངས་སུ་གྲོལ་བས་གསོལ་པ། །གང་དག་སྨོན་པ་མི་བགྱིད་པ། །གཟི་ལྡན་ཁྱོད་ཀྱིས་སྲས་ཀྱི་རྣམས། །རེ་བ་བཏང་ཞིང་བཅིངས་གྲོལ་བ། །དེ་དག་ཡོངས་སུ 81.115b གྲོལ་བར་འགྱུར། །ལྷའི་བུ་སྨོན་པ་མེད་པས་བྱུང་གིས་གསོལ་པ། །གང་གིས་སྲེད་པ་རབ་བཅོམ་པ། །དེ་དག་མྱ་ངན་དགོན་པ་རྒལ། །དེ་དག་མི་སྐོམ་ཟང་ཟིང་མེད། །དཔའ་ཆེན་ཁྱོད་ལ་དེང་ཕྱག་འཚལ། །ལྷའི་བུ་སྨོན་པ་མེད་ལ་ངེས་པས་གསོལ་པ། །གང་གིས་སྲིད་དང་སྡུག་བསྔལ་དང ། །བདེ་བ་དངོས་པོ་མེད་བསྒོམས་པ། །མགོན་ཁྱོད་དེ་དག་རྣམས་ཀྱི་ཡབ། །དེ་དག་ཁྱོད་ཀྱི་སྲས་ཀྱང་ལགས། །ལྷའི་བུ་སྨོན་པ་མེད་པའི་འཁོར་གྱིས་གསོལ་པ། །སྲིད་པའི་སྡུག་བསྔལ་སུས་མཐོང་བ། །དེ་དག་ཁྱོད་ཀྱི་བསྟན་ལ་དུས། །ཁ་ལོ་སྒྱུར་ཞིང་སྲིད་སེལ་བ། །སེམས་དུལ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྨོན་པ་མེད་པས་བྱུང་གིས་གསོལ་པ། །སྲིད་པའི་དགོན་ལས་བྱུང་བ་རྣམས། །བདེ་བ་ཐོབ་ཅིང་ཞི་གནས་ཏེ། །ཉོན་མོངས་དགྲ་རྣམས་ཕམ་མཛད་པ། །འཇིག་རྟེན་མགོན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྨོན་པ་མེད་པས་ཡ་མཚན་དུ་གྱུར་པས་གསོལ་པ། །གཡུལ་ལས་རྒྱལ་བར་གྱུར་པ་སྟེ། །ཁྱོད་ནི་རྣམ་རྒྱལ་ཕམ་མི་མངའ། །བདུད་ཀྱི་དཔུང་རྣམས་ཕམ་མཛད་ཅིང ། །སྲིད་པ་ཀུན་དུ་སྨོན་མི་མཛད། །ལྷའི་བུ་སྨོན་པ་མེད་པ་སྟོབས་ལྡན་གྱིས་གསོལ་པ། །ཐར་པའི་ཆོས་ལ་སྟོབས་ལྡན་པས། །བདུད་ཀྱི་ཞགས་པ་ཡོངས་བཅད་ཅིང ། །ཁྱོད་ཀྱི་སྲས་རྣམས་བདུད་དག་ལ། །བསྐྱབ་པའི་འདུ་ཤེས་མི་བགྱིད་དོ། །ལྷའི་བུ་ལུས་རྣམ་པར་བརྟགས་ཀྱིས་གསོལ་པ། །ལུས་མེད་འཆི་བ་མེད་ཚུལ་དུ། །ལུས་འདི་གང་གིས་མཐོང་གྱུར་པ། །དེ་དག་སངས་རྒྱས་སྤྱོད་ཡུལ་དགའ། །འདྲེན་པ་ཁྱོད་ཀྱི་རྗེས་སུ་ཞུགས། །ལྷའི་བུ་ལུས་ངེས་པར་སེམས་པས་གསོལ་པ། །མི་གཙང་རུལ་བ་རྣག་ཟག་པ། །ལུས་འདི་མི་བཟང་ངེས་བསམས་ཏེ། །ཡང་དག་ཇི་བཞིན་འཚལ་གྱུར་ནས། །རྣམ་འདྲེན་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ལུས་རྟོགས་ཀྱིས་གསོལ་པ། །ལུས་ལ་མི་གཙང་བརྟགས་བགྱིས་ཏེ། ། 81.116a ལུས་ལ་དྲན་པ་རྣམ་དཔྱད་ཅིང ། །ལུས་ཀྱི་སྡུག་བསྔལ་རྣམས་གྲོལ་ནས། །ངེས་པ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ལུས་ཡོངས་སུ་གཏོང་གིས་གསོལ་པ། །སྦྲུལ་གྱི་ལྤག་པ་རྙིང་བཞིན་དུ། །རྣག་ཅན་ལུས་འདི་སྤངས་ནས་ནི། །དེ་བཞིན་གཤེགས་པ་སྐུ་བོ་ཆེ། །སྐུ་མི་མངའ་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ལུས་ལ་སྨོད་པས་གསོལ་པ། །མི་གཙང་དྲི་ང་རྣག་ཟག་ཅིང ། །རུས་པའི་ལུས་ལ་རྟག་སྨད་དེ། །མི་གཙང་གང་བ་རྣམ་སྤངས་ནས། །འདྲེན་པ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ལུས་ཀྱིས་ཡོངས་སུ་སྐྱོ་བས་གསོལ་པ། །གང་དག་རུལ་པའི་ལུས་སྐྱོ་ཞིང ། །རྒྱལ་སྲས་གཙང་བ་འཚལ་བ་རྣམས། །ཆོས་ཀྱི་རབ་ཏུ་བསྐྱེད་པའི་སྲས། །དེ་དག་སངས་རྒྱས་ཕྱག་འཚལ་འགྱུར། །ལྷའི་བུ་ལུས་ཀྱིས་སྐྲག་པས་གསོལ་པ། །འབྱུང་བ་ཆེན་པོ་སྦྲུལ་གདུག་འདྲར། །གང་གིས་ཤིན་ཏུ་རྟོགས་གྱུར་པ། །དེ་དག་ལུས་ལས་འདས་པ་སྟེ། །རྐང་གཉིས་གཙོ་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ལུས་ཀྱི་སྐྱོན་མཐོང་བས་གསོལ་པ། །ལུས་ཀྱི་སྐྱོན་ལ་མངོན་སུམ་སྟེ། །ཡེ་ཤེས་གཟིགས་པའི་སྤྱན་མངའ་བས། །སངས་རྒྱས་མཁྱེན་པས་མཁས་པ་དག་།སྲིད་གསུམ་ཐམས་ཅད་ཡོངས་སུ་གཟིགས། །ལྷའི་བུ་ལུས་ལ་འདོད་ཆགས་དང་བྲལ་བས་གསོལ་པ། །ལུས་ཀྱི་འདུ་ཤེས་འདོད་ཆགས་བྲལ། །ཆོས་ཀྱི་འདུ་ཤེས་མི་གནས་པས། །ཀུན་སྦྱོར་ཀུན་ལས་འདས་པ་སྟེ། །རྣམ་འགྲེལ་སངས་རྒྱས་ཕྱག་ཀྱང་འཚལ། །ལྷའི་བུ་སྲིད་པའི་དགྲའི་བློ་གྲོས་ཀྱིས་གསོལ་པ། །སྲིད་པར་སྲིད་པ་འཇོམས་མཛད་པ། །ཁྱོད་ཀྱིས་དགྲ་ཡི་འདུ་ཤེས་མཁྱེན། །ཁྱོད་ཀྱི་སྲས་རྣམས་སྒོམ་བགྱིད་ཅིང ། །མཁས་པ་བྱང་ཆུབ་མངོན་འཚང་རྒྱ། །ལྷའི་བུ་སྲིད་པ་སེལ་བས་གསོལ་པ། །སྲིད་པ་རྣམས་ཀྱི་ཉེས་དམིགས་མཐོང ། །མྱ་ངན་འདས་པ་འཇིགས་མེད་མཐོང ། །ཁྱོད་ཀྱི་སྲས་རྣམས་འགྲོ་ཕན་ཕྱིར། །བྱང་ཆུབ་སྤྱད་པ་སྤྱོད་པ་བགྱིད། །ལྷའི་བུ་སྲིད་པ་རྣམ་པར་སྤངས་ཀྱིས་གསོལ 81.116b པ། །གང་གིས་སྲིད་པ་རྣམ་སྤངས་ཤིང ། །འཇིག་ལ་མངོན་པར་མི་དགའ་བ། །བྲལ་བར་གྱུར་ཅིང་སེམས་དག་པ། །མཁས་ཁྱོད་ཞབས་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྲིད་པ་བསལ་གྱིས་གསོལ་པ། །མི་ཡི་དམ་པ་ཁྱོད་ཀྱི་སྲས། །སྲིད་པར་ཁྲིད་པ་རབ་བསལ་ཏེ། །ཁྱོད་ཀྱི་བསླབ་ལ་བསླབས་པ་དག་།སྟོང་གསུམ་འདི་ན་རྣམ་པར་མཛེས། །ལྷའི་བུ་སྲིད་པ་ལས་རྒལ་བས་གསོལ་པ། །སྲིད་པའི་མཚོ་ལས་རྒལ་བ་ཡི། །འཇིག་རྟེན་མགོན་མཆོག་སྐྱོབ་རྣམས་ལ། །གྲངས་ཀྱིས་རྒྱུན་ཏུ་བགྲང་བ་ཡི། །གྲངས་ནི་འཇིག་རྟེན་འདི་ན་མེད། །ལྷའི་བུ་སྲིད་པ་འཇོམས་ཀྱིས་གསོལ་པ། སྲིད་པ་ཐམས་ཅད་ཡོངས་བཅོམ་སྟེ། །གང་དག་རྟག་ཏུ་དྲན་སྤྱོད་པ། །དེ་དག་རྫོགས་པའི་སངས་རྒྱས་མཆོད། །སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན། །ལྷའི་བུ་སྲིད་པ་ལས་རབ་ཏུ་གྲོལ་བས་གསོལ་པ། །སྲིད་པའི་རྒྱུན་ལས་རབ་ཏུ་གྲོལ། །རྣམ་པར་འདྲེན་པ་སྲིད་པ་རྒལ། །སྲིད་པ་མཐར་འབྱིན་སངས་རྒྱས་ཏེ། །སྲིད་པ་སིལ་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྲིད་པ་རབ་ཏུ་ཞི་བྱེད་ཀྱིས་གསོལ་པ། །སྲིད་པར་ཁྲིད་པ་རབ་ཞི་ཞིང ། །སྲིད་པ་ཕམ་པར་མཛད་ནས་གཤེགས། །བརྟེན་པ་སྲིད་པ་མཐར་འབྱིན་ན། །ཁྱོད་ལ་དོ་ཟླ་མ་མཆིས་སོ། །ལྷའི་བུ་སྲིད་པའི་མཐར་འགྲོ་བས་གསོལ་པ། །སྲིད་པའ་མཐར་ཕྱིན་རབ་ཞི་བ། །མགོན་པོ་ཁྱོད་ཀྱི་སྲིད་པའི་མཐའ། །སྲིད་པ་ཕྱིར་འབྱིན་ཐམས་ཅད་མཁྱེན། །སངས་རྒྱས་འཇིག་རྟེན་རྟོགས་པར་མཛད། །ལྷའི་བུ་སྲིད་པའི་ཐ་མའི་ལུས་འཛིན་གྱིས་གསོལ་བ། །སྲིད་པའི་རྒྱུ་ནི་རྣམ་སྤངས་ནས། །སྲིད་པ་ཐ་མ་འཛིན་མཛད་པ། །གང་གིས་སྲིད་པ་ལེན་འགྱུར་བའི། །ཁྱོད་ཀྱིས་ཀུན་ཏུ་སྦྱོར་བ་མཐོང ། །ལྷའི་བུ་སྲིད་པ་རབ་ཏུ་ཞི་བ་ཐོབ་ཀྱིས་གསོལ་པ། །ཁྱོད་ཀྱིས་སྲིད་པ་སྟོང་མཁྱེན་ཏེ། །སྲིད་པའི་རྒྱུ་ཡང་དེ་བཞིན་ནོ། །ཞུམ་དང་རབ་ཏུ་ཞུམ་མི་མངའ། །མཉམ་ཉིད་གྱུར་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྲིད་པའི་ཕ་རོལ་ཏུ་འགྲོ་བས་གསོལ་པ། །སྲིད་པའི་ཕ་རོལ་རྒལ་བ་སྟེ། །སྲིད་པར་ཁྲིད་པ་ཡང་དག་བསལ། །རྣམ་པར་འདྲེན་པ་ཐུགས་བརྩེ་བས། །སྐྱེ་བོ་གཞན་ནི་སྒྲོལ་བ་མཛད།། །། བམ་པོ་བཅུ་པ། ལྷའི་བུ་ཚོར་བས་མནར་གྱིས་གསོལ་པ། 81.117a ཚོར་བ་བདག་ཏུ་བགྱི་མ་མཆིས། །སེམས་མ་མཆིས་ཤིང་རྩོལ་མ་མཆིས། །བསམ་གཏན་མཛད་པ་ཆེ་ཁྱོད་ཀྱིས། །ཚོར་བ་ཆུ་བུར་ལྟ་བུར་མཁྱེན། །ལྷའི་བུ་ཚོར་བ་སྟོན་པས་གསོལ་བ། །ངོ་བོ་ཉིད་ཀྱིས་དངོས་མེད་པར། །ཚོར་བ་ཁྱོད་ཀྱིས་རབ་ཏུ་མཁྱེན། །རྨི་ལམ་སྡུག་གི་དགའ་འདྲ་བ། །དེ་ལ་སོ་སོའི་སྐྱེ་བོ་ཆགས། །ལྷའི་བུ་ཚོར་བ་ལ་ཡོངས་སུ་རྟོགས་པས་གསོལ་པ། །ཤེས་རབ་བཅས་པས་ཡོངས་བརྟགས་ན། །ཚོར་བ་འགྲོ་བར་མ་སོང་ཞིང ། །འོང་བ་མེད་ལ་དངོས་མེད་པར། །དེ་ནི་ཐུབ་ཆེན་ཁྱོད་ཀྱིས་གཟིགས། །ལྷའི་བུ་ཚོར་བ་དང་བྲལ་བས་གསོལ་པ། །ཚོར་བ་དང་ནི་ཚོར་བ་པོ། །རང་བཞིན་མེད་པར་ཁྱོད་ཀྱིས་གཟིགས། །ཟབ་མོ་བལྟ་དཀའི་ཚིག་དེ་ཡང ། །ཁྱོད་ཀྱིས་སེམས་ཅན་རྣམས་ལ་བསྟན། །ལྷའི་བུ་ཚོར་བའི་རྒྱུད་ལ་ངེས་པས་གསོལ་བ། །ཚོར་བ་དེ་ནི་ཀུན་རྫོབ་ཙམ། །དོན་དམ་ཉིད་དུ་མི་དམིགས་ཏེ། །ཁྱོད་ཀྱིས་སེམས་ཅན་དེར་བཏུལ་བས། །འགྲོ་བ་ཐེ་ཚོམ་མ་མཆིས་གྱུར། །ལྷའི་བུ་ཚོར་བ་ལ་མཁས་པས་གསོལ་པ། །ཚོར་བའི་ཕུང་པོ་མཁས་པ་པོ། །མཁའ་ལ་རླུང་གི་དཀྱིལ་འཁོར་བཞིན། །བྱིས་པའི་བློ་ཅན་རྨོངས་བགྱིད་པ། །དེ་ནི་ཁྱོད་ཀྱིས་ཡང་དག་གཟིགས། །ལྷའི་བུ་ཚོར་བ་མངོན་པར་ཤེས་པས་གསོལ་པ། །ཚོར་བའི་ཕུང་པོ་མངོན་མཁྱེན་པ། །རིག་ཅིང་རིག་པའི་མཐར་བྱོན་པའི། །མཁས་པ་རྣམས་ཀྱི་མཆོག་ཁྱོད་ཀྱིས། །ཚོར་བ་བདག་མེད་རབ་ཏུ་གཟིགས། །ལྷའི་བུ་ཚོར་བ་ལས་རྒལ་བས་གསོལ་པ། །རྐང་གཉིས་གཙོ་བོ་དམ་པ་ཁྱོད། །རྒལ་དཀའ་ཚོར་བའི་མཚོ་ལས་རྒལ། །འདམ་ལས་རྒལ་ཅིང་སྡིག་མེད་པ། །བྱང་ཆུབ་མཆོག་འདི་སངས་རྒྱས་གྱུར། །ལྷའི་བུ་ཚོར་བ་ལས་བྱུང་གིས་གསོལ་པ། །རྣམ་པར་འདྲེན་པས་འཇིག་རྟེན་དུ། །ཚོར་བ་རྣམས་ནི་འབྱུང་མཁྱེན་ནས། །ཚོར་བའི་ཕུང་པོ་རབ་རྒལ་ཏེ། །སངས་རྒྱས་འཇིག་རྟེན་ཆགས་མི་མངའ། །ལྷའི་བུ་ཚོར་བ་རིག་པས་གསོལ་པ། །མི་རྣམས་དག་ལ་གང་འཆིང་བའི། །ཚོར་བ་ཐམས་ཅད་ཁྱོད་ཀྱིས་མཁྱེན། །ཉོན་མོངས་ཞགས་པ་འཆིང་འགྱུར་བ། །དེ་ཡི 81.117b རང་བཞིན་ཁྱོད་ཀྱིས་གཟིགས། །ལྷའི་བུ་སེམས་ལ་མཁས་པས་གསོལ་པ། །ཁྱོད་ཀྱི་སེམས་ཀྱིས་ཉོན་མོངས་ཕམ། །བདུད་རྣམས་ཀྱང་ནི་དཔའ་བཀོང་སྟེ། །སེམས་དེ་རང་བཞིན་མ་མཆིས་པར། །ཐུབ་པ་ཆེན་པོ་ཁྱོད་ཀྱིས་གཟིགས། །ལྷའི་བུ་སེམས་ཡོངས་སུ་ཤེས་པས་གསོལ་པ། །ཇི་ལྟར་སྒྱུ་མའི་མཁན་པོ་ཡིས། །སྒྱུ་མ་སྣ་ཚོགས་སྤྲུལ་པ་བཞིན། །སེམས་ནི་བདེ་གཤེགས་ཁྱོད་ཀྱིས་མཁྱེན། །དེ་ཕྱིར་ཁྱོད་ལ་འཇིག་རྟེན་མཆོད། །ལྷའི་བུ་སེམས་ལ་ཡང་དག་པར་རྟོགས་པས་གསོལ་པ། །སྒྱུ་མའི་མཁན་ནམ་སློབ་མ་བཞིན། །གང་གིས་འགྲོ་བ་འདི་བཅིངས་པའི། །སེམས་དེ་ཁྱོད་ཀྱིས་ཡང་དག་བརྟགས། །དེ་ནི་ཁྱོད་ཀྱིས་ཇི་བཞིན་མཁྱེན། །ལྷའི་བུ་སེམས་ཀྱི་སྤྱོད་ཡུལ་ལ་སྤྱོད་པས་གསོལ་པ། །སེམས་ཀྱི་སྤྱོད་ཡུལ་ཁྱོད་ཀྱིས་མཁྱེན། །རྣམ་པར་འདྲེན་པ་རྨི་ལམ་ན། །ཇི་ལྟར་ཚོགས་ཀྱི་གྲངས་བཞིན་དུ། །བྱིས་པའི་སེམས་རྨོངས་བགྱིད་པར་གཟིགས། །ལྷའི་བུ་སེམས་ཀྱི་དབང་ཕྱུག་གིས་གསོལ་པ། །དུལ་གྱུར་ལས་སུ་རུང་བ་ཡི། །སེམས་ཀྱི་རང་བཞིན་རྟོག་མེད་པ། །གང་ལ་འཇིག་རྟེན་གཏིང་མི་རྙེད། །མཚན་ཉིད་བརྟན་པ་ཁྱོད་ཀྱིས་གཟིགས། །ལྷའི་བུ་སེམས་ལ་དཔའ་བས་གསོལ་པ། །གང་གིས་སེམས་ལ་སེམས་མེད་ཤེས། །མཁས་པ་སྒྱིད་ལུག་མི་འགྱུར་ཞིང ། །བདུད་སྡེ་རབ་ཏུ་འདུལ་བགྱིད་པ། །དེ་དག་འདིར་ནི་དཔའ་ཞེས་བགྱི། །ལྷའི་བུ་སེམས་ཀྱིས་ཡང་དག་འཕགས་ཀྱིས་གསོལ་པ། །གང་དག་སེམས་ལ་སེམས་མེད་ཤེས། །དེ་དག་སངས་རྒྱས་སྲས་ལགས་ཏེ། །དཔའ་ཆེན་སངས་རྒྱས་ཆོས་རྣམས་ལ། །སྐྱེས་བུ་དེ་དག་ཡང་དག་འཕགས། །ལྷའི་བུ་ཞི་བའི་སེམས་ཀྱིས་གསོལ་པ། །གང་གིས་སེམས་ལ་དབང་བགྱིས་པ། །སེམས་ཅན་དེ་དག་ཞི་བར་ཞི། །བདུད་ཀྱི་ཞགས་ལས་རབ་གྲོལ་བས། །དེ་དག་བདུད་ཀྱི་དབང་མི་མཆི། །ལྷའི་བུ་སེམས་མཉེན་པས་གསོལ་པ། །མི་རྣམས་གང་དག་སེམས་མཉེན་ཞིང ། །བསྙེན་པར་དཀའ་དང་དཔའ་བ་དང ། །ཁྱོད་ཀྱི་བསྟན་ལ་གང་མོས་པས། །དེ་དག་འདོད་པར 81.118a ཞུམ་མི་འགྱུར། །ལྷའི་བུ་སེམས་དག་པས་གསོལ་པ། །སེམས་དག་ལས་རྣམས་གཙང་གྱུར་ཅིང ། །ཡང་དག་རྟོགས་པས་སྤྱོད་བགྱིད་པ། །དེ་དག་རྒྱལ་བའི་བསྟན་ཐོས་ནས། །ཟབ་མོ་རྣམས་ལ་ཞུམ་མི་འགྱུར། །ལྷའི་བུ་ཆོས་ཉིད་ལ་གནས་པས་གསོལ་པ། །གང་གི་ཡིད་ནི་ཆོས་ཉིད་ལ། །རབ་ཏུ་དགའ་ཞིང་ཐོགས་མེད་པ། །དེ་དག་མི་དབང་སྲས་པོ་སྟེ། །ཞི་བའི་སར་ནི་ཕྱིན་པ་ལགས། །ལྷའི་བུ་ཆོས་ལ་སེམས་པས་གསོལ་པ། །ཆོས་རྣམས་ཐམས་ཅད་ཆོས་དབྱིངས་སུ། །འདྲེན་པ་དེ་ལ་བསླབས་པ་རྣམས། །ཆོས་ཉིད་ལ་ནི་གང་སེམས་པ། །དེ་དག་སྤྱོད་ཡུལ་མ་ཡིན་མེད། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་ངེས་པར་བྱུང་གིས་གསོལ་པ། །མི་མཆོག་ཁྱོད་ཀྱི་སྲས་ཀྱི་རྣམས། །ཆོས་ཀྱི་དབྱིངས་ལ་ངེས་བྱུང་སྟེ། །འདྲེན་པ་ཁྱོད་ཀྱི་སྲས་དེ་དག་།མཚན་ཉིད་གཅིག་གིས་ངེས་བྱུང་ལགས། །ལྷའི་བུ་ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་གྱིས་གསོལ་པ། །ཆོས་རྣམས་ཀུན་གྱི་སྤྱོད་ཡུལ་ནི། །ཆོས་ཀྱི་དབྱིངས་ཤེས་རྒྱལ་བས་གསུངས། །དཔའ་བོ་ཁྱོད་ནི་གང་སྤྱོད་པའི། །ཡེ་ཤེས་དེ་ནི་བསམ་མི་ཁྱབ། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་ཞུགས་པས་གསོལ་པ། །ཆོས་ཀྱི་དབྱིངས་ལ་གང་ཞུགས་པ། །དེ་དག་ཡེ་ཤེས་བསམ་ཡས་ཏེ། །སངས་རྒྱས་ཆོས་ལ་ཐེ་ཚོམ་མེད། །སེམས་ཅན་བསམ་ལ་དེ་དག་མཁས། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་བབ་ཀྱིས་གསོལ་པ། །གང་དག་ཆོས་ཀྱི་མཚན་ཉིད་གཅིག་།ཆོས་ཀྱི་དབྱིངས་ལ་བབ་པ་རྣམས། །དེ་དག་སྤོབས་པའི་སྟོབས་བསྐྱེད་པ། །བསམ་གྱིས་མི་ཁྱབ་ཐོབ་པར་འགྱུར། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་འཇིགས་པ་མེད་པས་གསོལ་པ། །གང་དག་དེ་དག་གནས་པ་ཡི། །འཇིགས་པ་མེད་པ་ཐོབ་མེད་པས། །དེ་དག་རྣམས་ཀྱི་སྤོབས་དང་སྟོབས། །དེ་ལ་མཚུངས་པ་མེད་པ་འབྱུང ། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་མཁས་པས་གསོལ་པ། །ཁྱོད་ནི་ཆོས་དབྱིངས་མཁས་པ་སྟེ། །ཆོས་རྣམས་ཀུན་ལ་ཤིན་དུ་མཁས། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །ཆོས་ཀྱི་དབྱིངས་ཀྱང་རྣམ་པར་སྟོན། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་གནས་པས 81.118b གསོལ་པ། །ཆོས་རྣམས་རང་བཞིན་མེད་གཟིགས་པས། །ཁྱོད་ནི་ཆོས་ཀྱི་དབྱིངས་ལ་ཞུགས། །མི་གནས་ཞུམ་པ་མ་མཆིས་ཏེ། །བཟུང་བ་མ་མཆིས་བཏང་མ་མཆིས། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་སྤྱོད་པས་གསོལ་པ། །སངས་རྒྱས་སྤྱོད་ཡུལ་གང་ལགས་པའི། །ཆོས་ཀྱི་དབྱིངས་ལ་ཁྱོད་སྤྱོད་དེ། །བར་སྣང་མཁའ་དང་འདྲ་བ་ཡི། །འཇིག་རྟེན་མགོན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་རྟོན་པས་གསོལ་པ། །གང་དང་གང་གི་སྒོ་དག་ནས། །སྐྱེས་བུ་དམ་པ་སྟོན་མཛད་པ། །དེ་ཡི་སྒོ་ནས་ཆོས་དབྱིངས་སྟོན། །དེ་ཕྱིར་རྟགས་དང་གཟུགས་མ་མཆིས། །ལྷའི་བུ་ཆོས་ཀྱི་དབྱིངས་ལ་བརྩོན་པས་གསོལ་པ། །མངོན་པར་བརྩོན་པས་ཆོས་ཀྱི་དབྱིངས། །སྐྱེས་བུ་དམ་པ་ཁྱོད་ཀྱིས་མཁྱེན། །བརྩོན་པས་རྫོགས་པའི་སངས་རྒྱས་རྣམས། །ཡེ་ཤེས་ཕ་རོལ་ཕྱིན་པར་གྱུར། །ལྷའི་བུ་ཆོས་ཀྱིས་ཚིམ་གྱིས་གསོལ་པ། །དཔའ་བོ་ཁྱོད་ཀྱིས་སྐྱེ་བོ་འདི། །ཆོས་ཀྱིས་རབ་ཏུ་ཚིམ་པར་མཛད། །ཆོས་ཀྱི་དབྱིངས་ནི་རྣམ་མཁྱེན་པས། །འདྲེན་པ་བྱང་ཆུབ་མཆོག་ལ་བཞུགས། །ལྷའི་བུ་ཆོས་ཉིད་ཀྱི་གཏིང་རྙེད་པས་གསོལ་པ། །གཏིང་རྙེད་གྱུར་པའི་འགྲོ་བ་ཀུན། །འདྲེན་པ་ཁྱོད་ཀྱི་ཞལ་དུ་ལྟ། །ཆོས་དབྱིངས་རྣམ་པར་མཁྱེན་པ་ཡི། །འདྲེན་པ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་གནས་ཤེས་པ་ལ་རབ་ཏུ་གནས་པས་གསོལ་པ། །མི་མཆོག་འདྲེན་པ་སངས་རྒྱས་ཀྱི། །ཡེ་ཤེས་གནས་འདི་ཆོས་དབྱིངས་ཏེ། །རྣམ་པར་འདྲེན་པ་སྟོབས་བཅུ་པོ། །གང་ལ་སྤྱོད་པ་དེ་ལགས་སོ། །ལྷའི་བུ་གནས་ལ་གནས་པས་གསོལ་པ། །ཆོས་ཀྱི་དབྱིངས་ནི་གནས་ཆེན་ཏེ། །ཐམས་ཅད་མཁྱེན་པ་བཞུད་པའི་ལམ། །དེ་ནི་ཆོས་རྣམས་ཐམས་ཅད་ཀྱང ། །མཚན་ཉིད་གཅིག་པར་ཤེས་པ་ལགས། །ལྷའི་བུ་གནས་མངོན་པར་ཤེས་པས་གསོལ་པ། །ཁྱོད་ནི་ཆོས་དབྱིངས་མངོན་པར་མཁྱེན། །མཚན་ཉིད་གཅིག་ལ་མཁས་པ་སྟེ། །སེམས་ཅན་ཀུན་གྱི་བསམ་པ་ཡང ། ། 81.119a རྐང་གཉིས་གཙོ་བོ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་གནས་ནས་ངེས་པར་བྱུང་གིས་གསོལ་པ། །རྣམ་པར་འདྲེན་པ་ཁྱོད་ཀྱི་སྲས། །གནས་སུ་བྱ་བ་ཆོས་དབྱིངས་ཤེས། །གསལ་བར་འཚལ་བའི་མཁས་པ་རྣམས། །རང་བྱུང་ཉིད་དུ་ངེས་པར་བྱུང ། །ལྷའི་བུ་གནས་ལ་བསླབས་པས་གསོལ་པ། །ཆོས་ཀྱི་དབྱིངས་ལ་གང་བསླབས་པའི། །སྐྱེས་བུ་དེ་དག་བྱང་ཆུབ་ཞུགས། །རང་བྱུང་ཉིད་དུ་གནས་རྙེད་པས། །དེ་དག་རྐང་གཉིས་མཆོག་ཏུ་འགྱུར། །ལྷའི་བུ་གནས་མེད་པ་ལ་མཁས་པས་གསོལ་པ། །གནས་མེད་པ་ནི་གང་འཚལ་པ། །དེ་དག་བདེ་གཤེགས་དགོངས་ལ་མོས། །བདུད་རྣམས་བྱེ་བ་སྟོང་གིས་ཀྱང ། །དེ་དག་རྨོངས་པར་ཡོད་མི་ནུས། །ལྷའི་བུ་གནས་མེད་པ་མངོན་པར་ཤེས་པས་གསོལ་པ། །གནས་མེད་གང་གིས་རིག་གྱུར་པ། །དེ་དག་བདག་ཅག་བདུད་ཀྱི་ཚོགས། །བྱེ་བས་བྱང་ཆུབ་མི་སྐྱོད་ཅེས། །མཁས་པ་དེ་དག་ཤིན་དུ་དགའ། །ལྷའི་བུ་གནས་མེད་པའི་དགོངས་པ་ལ་མཁས་པས་གསོལ་པ། །གནས་མེད་འདུ་ཤེས་མཁས་པ་ནི། །ཆོས་ཉིད་ལ་ནི་རབ་གནས་ཏེ། །སྡིག་ཅན་བདུད་རྣམས་བཤལ་བ་ནི། །ཇི་ལྟར་རྟ་ཡིས་ཤིང་རྟ་བཞིན། །ལྷའི་བུ་གནས་མེད་པ་ལ་མཁས་པས་གསོལ་པ། །མཚན་ཉིད་གཅིག་ལ་མཁས་པ་པོ། །ཆོས་ཀྱི་དབྱིངས་ལ་བགེགས་བགྱིད་པའི། །བདུད་ཀྱི་ལས་ནི་གནས་མེད་དེ། །གནས་མེད་དོ་ཞེས་རྒྱལ་བས་གསུངས། །ལྷའི་བུ་གནས་དང་གནས་མ་ཡིན་པ་རྟོགས་པས་གསོལ་པ། གནས་དང་དེ་བཞིན་གནས་མིན་པ། །བྱིས་པའི་བློ་ཅན་རྣམས་ལ་བསྟན། །རང་གིས་དེ་ནི་ཐུགས་ཆུད་ནས། །སེམས་ཅན་རྣམས་ལ་ཁྱོད་ཀྱིས་བསྟན། །ལྷའི་བུ་སྦྱིན་པ་ལ་མཁས་པས་གསོལ་བ། སྔོན་ཆད་རྒྱུ་ནི་གང་དག་དང ། །ལས་འདྲ་འབྱུང་བ་མ་འཚལ་བའི། །རྒྱུ་དེ་ཁྱོད་ཀྱིས་ཐུགས་སུ་ཆུད། །ལས་ཀྱི་གནས་ཀྱང་རབ་ཏུ་མཁྱེན། །ལྷའི་བུ་ལས་ལ་མཁས་པས་གསོལ་པ། །ཆགས་དང་ཞེ་སྡང་གཏི་མུག་ནི། །ལས་ཀྱི་རྒྱུ 81.119b ཞེས་ཁྱོད་ཀྱིས་མཁྱེན། །གང་གིས་རྒྱུ་ཡིས་བགྱིས་དེ་ཡང ། །གང་ཟག་མཆོག་གིས་ཐུགས་སུ་ཆུད། །ལྷའི་བུ་མ་འོངས་པ་ལ་མཁས་པས་གསོལ་པ། །མ་འོངས་པ་ཡི་དུས་དག་ན། །མི་རྣམས་ལས་གང་བགྱིད་འགྱུར་བ། །དེ་ཡི་རྒྱུ་དང་ལེན་པ་དང ། །གནས་དང་ལས་ཀྱང་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ད་ལྟར་བྱུང་བ་ལ་ལྟ་བས་གསོལ་པ། །ཕྱོགས་བཅུའི་འཇིག་རྟེན་འདི་དག་གི་།སེམས་ཅན་རྣམས་དང་རྒྱུ་དང་ལས། །གནས་དང་ལས་ཀྱི་ལེན་པ་རྣམས། །ཀུན་ཀྱང་འདྲེན་པ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་སྟོབས་ཀྱི་སྤྱོད་ཡུལ་གྱིས་གསོལ་པ། །མི་དབང་ཁྱོད་ཀྱིས་མ་གཟིགས་པའི། །ལས་དང་རྒྱུ་དང་མ་མཆིས་ཏེ། །གནས་དང་སྐྱེ་བ་འང་མ་མཆིས་སོ། །དེ་བས་ཁྱོད་ནི་གང་ཟག་མཆོག་།ལྷའི་བུ་སྟོབས་ལ་མངོན་པར་དགའ་བས་གསོལ་པ། །ལས་དང་རྒྱུ་དང་དེ་བཞིན་གནས། །དུས་ལ་རྣམ་སྨིན་རྣམ་གསུམ་དང ། །ཇི་ལྟར་དེ་ཡི་ལེན་པ་ཡང ། །ཁྱོད་ཀྱིས་མཁྱེན་པས་དེ་སླད་མཆོད། །ལྷའི་བུ་སྟོབས་ཀྱི་བློ་གྲོས་ཀྱིས་གསོལ་པ། །རྒྱུ་དང་ལས་དང་ལེན་པ་དང ། །རྣམ་པར་སྨིན་དང་རྐྱེན་དང་གནས། །རང་བཞིན་བྲལ་བར་ཁྱོད་ཀྱིས་མཁྱེན། །དེ་ཕྱིར་རྒྱལ་བ་མཉམ་པ་མེད། །ལྷའི་བུ་སྟོབས་ཀྱིས་བྱུང་གིས་གསོལ་པ། །རྒྱུ་དང་ལས་དང་ལེན་པ་དང ། །གནས་དང་རྐྱེན་དང་རྒྱུ་རྣམས་དང ། །རྣམ་སྨིན་སོ་སོ་ཡང་དག་རིག་།ཐམས་ཅད་སྟོང་པར་རབ་ཏུ་མཁྱེན། །ལྷའི་བུ་སྟོབས་ལ་དགའ་བས་གསོལ་པ། །རྒྱུ་དང་ལས་དང་ལེན་པ་དང ། །གནས་དང་རྐྱེན་དང་རྒྱུད་ཀྱི་རྣམས། །ཁྱོད་ཉིད་རང་གིས་མངོན་མཁྱེན་ཏེ། །རང་བཞིན་མེད་པར་བསྟན་པ་མཛད། །ལྷའི་བུ་སྟོབས་ཀྱིས་རྣམ་པར་རྩེ་བས་གསོལ་པ། །རྒྱུ་དང་ལས་དང་ལེན་པ་དང ། །གནས་དང་རྐྱེན་དང་རྒྱུད་ཀྱི་རྣམས། །འཕོ་མེད་དབང་ཕྱུག་མེད་པ་སྟེ། །རྟེན་ཅིང་འབྱུང་བར་ཁྱོད་ཀྱིས་མཁྱེན། །ལྷའི་བུ་སྟོབས་ཀྱིས་འཕགས་ཀྱིས་གསོལ་པ། །རྒྱུ་དང་རྐྱེན་དང་ལས་རྣམས་དང ། །རྣམ་པར་སྨིན་པ་སྟེན་པ་རྣམས། །དེ་ཀུན་རང་བཞིན་སྟོང་ངོ་ཞེས། ། 81.120a སེང་གེའི་ང་རོར་ཁྱོད་ཀྱིས་གསུངས། །ལྷའི་བུ་སྟོབས་ཀྱི་རྗེས་སུ་འབྲང་བས་གསོལ་པ། །འཇིག་རྟེན་ལས་ནི་གང་ཞིག་གིས། །ཁམས་ནི་གང་ཞིག་སྤེལ་གྱུར་པ། །དེ་དག་རྐང་གཉིས་གཙོ་བོས་མཁྱེན། །དེ་བས་ཁྱོད་ནི་དོ་ཟླ་མེད། །ལྷའི་བུ་སྟོབས་དང་ལྡན་གྱིས་གསོལ་པ། །ཁམས་གང་ལ་ནི་བསྟེན་བགྱིས་ཤིང ། །གང་གི་མངོན་པར་ལས་བགྱིས་དང ། །དེ་ཡི་རྣམ་སྨིན་ཅི་འདྲ་བ། །དེ་ཀུན་སྤྱན་དང་ལྡན་པས་མཁྱེན། །ལྷའི་བུ་སྟོབས་ཡང་དག་འཕགས་ཀྱིས་གསོལ་བ། །ཁམས་གང་ལ་ནི་བསྟེན་བགྱིས་ཤིང ། །ཅི་འདྲའི་རང་བཞིན་གྱུར་པ་ཡི། །སེམས་ཅན་ཐམས་ཅད་ཁྱོད་ཀྱིས་མཁྱེན། །ཕྱག་གི་སོར་མོ་ལྔ་དང་འདྲ། །ལྷའི་བུ་སྟོབས་ལ་སྤྱོད་པས་གསོལ་པ། །ཁམས་གང་ལ་ནི་བརྟེན་བགྱིས་ཤིང ། །བཤེས་གཉེན་ཅི་འདྲ་རྙེད་གྱུར་ནས། །འདུ་འཛི་ཅི་འདྲ་བགྱིད་གྱུར་པ། །དེ་དག་བླ་ན་མེད་པས་མཁྱེན། །ལྷའི་བུ་སྟོབས་ཀྱི་བྱིན་གྱིས་བརླབས་པས་གསོལ་པ། །སྟོབས་ཀྱི་བྱིན་གྱི་བརླབས་མཁྱེན་ཅིང ། །འདྲེན་པ་དེ་ནི་ཁམས་དང་ནི། །འདུ་འཛི་བཤེས་གཉེན་ཚོགས་ཀྱི་རྣམས། །དེ་དག་མི་མཆོག་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ཁམས་ངེས་པས་གསོལ་པ། །ཁམས་དེ་དང་ནི་ལེན་པ་དང ། །བཤེས་གཉེན་དེ་དང་དེ་འགྲོགས་པ། །དེ་ལ་ཁྱོད་ཀྱི་མཁྱེན་པ་ངེས། །དེ་ཕྱིར་ཐེ་ཚོམ་ཡོད་མི་མངའ། །ལྷའི་བུ་ཁམས་ལ་བརྟེན་པས་གསོལ་པ། །སེམས་ཅན་གང་ན་གནས་གནས་པའི། །འཁོར་བ་དེ་དང་ཁམས་དེ་དང ། །སྤྱོད་དང་སྐད་དང་འགྲོ་བ་རྣམས། །མི་མཆོག་ཁྱོད་ཀྱིས་རབ་དུ་མཁྱེན། །ལྷའི་བུ་ཁམས་ལ་མཁས་པས་གསོལ་པ། །ཡེ་ཤེས་གང་གིས་ཁམས་དེ་ནི། །འདྲེན་པས་མངོན་པར་མཁྱེན་པ་ཡི། །མཁྱེན་དེ་མཁྱེན་པས་སྟོང་ངོ་ཞེས། །བློ་མཆོག་མངའ་བས་ཡང་དག་བསྟན། །ལྷའི་བུ་ཁམས་ནས་ངེས་པར་འབྱུང་གིས་གསོལ་པ། །ཁམས་གང་ལ་ནི་བསྟན་བགྱིས་ན། །འདུས་བྱས་དག་ལ་ཇི 81.120b སྲིད་གནས། །དེ་ནི་ཁྱོད་ཀྱིས་ཇི་བཞིན་མཁྱེན། །ཁྱོད་ལ་དོ་ཟླ་མ་མཆིས་སོ། །ལྷའི་བུ་ཁམས་ཀྱི་རྗེས་སུ་སོང་བས་གསོལ་པ། །ཁམས་གང་ལ་ནི་བསྟེན་བགྱིས་པས། །ཡོན་ཏན་ཇི་སྙེད་བསྐྱེད་པ་དང ། རྣམ་པར་སྨིན་དང་འབྲས་བུ་དག་།དེ་དག་མ་ལུས་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ཁམས་ལ་ཡང་དག་གཞུགས་པས་གསོལ་པ། །ཁམས་གང་ལ་ནི་བསྟེན་བགྱིད་ཅིང ། །འགྲོ་བ་ཅི་འདྲ་འདོད་བགྱིད་པ། །དེ་ཡང་ཁྱོད་ཀྱིས་ཐོགས་མེད་མཁྱེན། །དེ་ཕྱིར་ཁྱོད་ནི་མཁས་པས་མཆོད། །ལྷའི་བུ་ལམ་མངོན་པར་ཤེས་པས་གསོལ་པ། །ཁམས་གང་ལ་ནི་བསྟེན་བགྱིས་པས། །འགྲོ་བ་ཅི་འདྲ་མཆི་བ་ཡི། །སེམས་ཅན་རྣམས་ཀྱི་ལམ་དག་ཀྱང ། །ཡེ་ཤེས་མཁས་པ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ལམ་ལ་མི་འཇིགས་པས་གསོལ་པ། །སེམས་ཅན་ལོག་པ་ཉིད་ངེས་ཤིང ། །མྱ་ངན་འདས་འགྲོ་སྐལ་མེད་པ། །ཕུང་པོ་གསུམ་པོ་དེ་དག་ལ། །ཁྱོད་ཀྱི་ཡེ་ཤེས་ངེས་པར་འཇུག་།ལྷའི་བུ་ལམ་གྱིས་ངེས་པར་བྱུང་གིས་གསོལ་པ་སེམས་ཅན་ཡང་དག་ཉིད་ངེས་ཏེ། །ངན་འགྲོར་འགྲོ་བའི་སྐལ་མེད་པ། །དེ་ལ་འཇིག་རྟེན་སྒྲོལ་མ་ཁྱོད། །རྟོགས་པ་ཐོགས་པ་མེད་པར་འཇུག་།ལྷའི་བུ་ལམ་ལ་མོས་པས་གསོལ་པ། །མ་ངེས་ཕུང་པོར་གྱུར་པ་ལ། །གང་ཟག་གང་རྣམས་གནས་པ་རྣམས། །དེ་ལ་ངན་སོང་ངན་འགྲོ་དང ། །མྱ་ངན་འདས་པ་འང་ཁྱོད་ཀྱིས་བསྟན། །ལྷའི་བུ་སྟོབས་ཀྱི་བརྡས་གསོལ་པ། །སངས་རྒྱས་བརྡ་ཙམ་ཉིད་ལགས་ཏེ། །དེ་བཞིན་སྟོབས་དང་ཡེ་ཤེས་དང ། །མི་འཇིགས་བཞི་ཡང་དེ་བཞིན་དུ། །ཀུན་རྫོབ་ཅེས་ནི་ཐུབ་པས་གསུངས། །ལྷའི་བུ་ཡང་དག་པ་མཐོང་བས་གསོལ་པ། །སངས་རྒྱས་སངས་རྒྱས་ཆོས་རྣམས་མེད། །ཡེ་ཤེས་གནས་པ་གཞན་ཡང་མེད། །དོན་དམ་ཉིད་དུ་བསྟན་ཏོ་ཞེས། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་སྟོབས་ལ་གནས་ཀྱིས་གསོལ་པ། །སངས་རྒྱས་ཆོས་ལ་སྟོབས་གནས་པས། །དེས་ན་དེ་ལ 81.121a འཇིགས་མེད་དེ། །རྒྱལ་བ་དེ་བཞིན་གཤེགས་ཀྱི་སྲས། །ཇི་ལྟར་འདོད་དགུར་རྣམ་པར་འཕྲུལ། །ལྷའི་བུ་ཆོས་ལ་འཇིགས་མེད་ཀྱིས་གསོལ་པ། །ཀུན་རྫོབ་དང་ནི་དོན་དམ་དང ། །དེ་དག་རབ་ཏུ་བསྟན་མཆིས་ཀྱང ། །ཀུན་རྫོབ་དང་ནི་དོན་དམ་དང ། །བརྡ་ཡང་དམིགས་སུ་མ་མཆིས་སོ། །ལྷའི་བུ་ཡེ་ཤེས་ལྷུར་ལེན་གྱིས་གསོལ་པ། །བརྗོད་པ་ཐམས་ཅད་རྣམ་པ་གཞན། །ཆོས་ཀྱི་མཚན་ཉིད་རྣམ་པ་གཞན། །མཚན་ཉིད་མ་མཆིས་བརྗོད་མ་མཆིས། །ཁྱོད་ཀྱིས་ཆོས་ཀྱི་མཚན་ཉིད་གཟིགས། །ལྷའི་བུ་ལམ་ལ་བརྩོན་པས་གསོལ་པ། །ངེས་པར་གྱུར་པའི་སེམས་ཅན་རྣམས། །གཞན་གྱི་རྒྱུད་མཆིའི་གནས་མ་མཆིས། །ལོག་པར་ངེས་རྣམས་ཀུན་དུ་འགྲོར། །དྲང་སྲོང་ཆེན་པོ་ཁྱོད་ཀྱིས་གཟིགས། །ལྷའི་བུ་མོས་པའི་སྟོབས་ཀྱིས་གསོལ་པ། ཁམས་གང་ལ་ནི་བསྟེན་བགྱིས་ཏེ། གང་རྣམས་ཅི་འདྲར་མོས་འགྱུར་ཞིང ། །འདོད་ཆགས་ཁམས་ལ་སྡུག་བསྔལ་བ། དེ་དག་ཐུབ་ཆེན་ཁྱོད་ཀྱིས་གཟིགས། །ལྷའི་བུ་མི་སྡུག་པ་ལས་ངེས་པར་བྱུང་གིས་གསོལ་པ། །མ་མཆིས་ཡོངས་སུ་བརྟགས་པས་ན། །འདོད་ཆགས་ཁམས་ནི་རབ་ཏུ་བྱུང ། །དེ་ལ་མོས་པ་ངེས་འབྱུང་བ། །དེ་དག་ཁྱོད་ཀྱིས་ཇི་བཞིན་གཟིགས། །ལྷའི་བུ་བྱམས་པས་ངེས་པར་བྱུང་གིས་གསོལ་པ། །མ་མཆིས་ཡོངས་སུ་བརྟགས་པས་ན། །ཞེ་སྡང་ཁམས་ནི་རབ་ཏུ་བྱུང ། །དེ་ལ་མོས་པ་ངེས་འབྱུང་བ། །དེ་དག་ཁྱོད་ཀྱིས་ཇི་བཞིན་གཟིགས། །ལྷའི་བུ་རྐྱེན་འདིས་ངེས་པར་བྱུང་གིས་གསོལ་པ། །མ་མཆིས་ཡོངས་སུ་བརྟགས་པས་ན། །གཏི་མུག་ཁམས་ནི་རབ་ཏུ་བྱུང ། །དེ་ལ་མོས་པ་ངེས་འབྱུང་བ། །དེ་དག་ཁྱོད་ཀྱིས་ཇི་བཞིན་གཟིགས། ལྷའི་བུ་གཏོང་བས་ངེས་པར་བྱུང་གིས་གསོལ་པ། །འཚོ་མེད་འཇིགས་པ་རྙེད་པ་དག་།སེར་སྣ་མངོན་པར་འཕེལ་འགྱུར་ཏེ། །དེ་ལ་མོས་པ་ངེས་འབྱུང་བ། །དེ་དག་ཐུབ་ཆེན་ཁྱོད་ཀྱིས་གཟིགས། །ལྷའི་བུ་དགེ་བའི་བཤེས་གཉེན་གྱིས་ངེས་པར་བྱུང་གིས་གསོལ་པ། ། 81.121b སྡིག་པའི་གྲོགས་དང་འགྲོགས་པས་ན། །འཐུན་པའི་ཁམས་ནི་རབ་ཏུ་འབྱུང ། །དེ་ལ་མོས་པ་འཐོབ་འགྱུར་བ། །དེ་དག་འདྲེན་པས་རྣམ་པར་མཁྱེན། །ལྷའི་བུ་རྣམ་པར་ཤེས་པ་སྙིང་པོར་འཛིན་པས་གསོལ་པ། །འཁོར་བ་ན་ནི་འཁོར་རྣམས་ཀྱིས། །ཅི་འདྲའི་ཁམས་ལ་བསྟེན་པ་དང ། །མོས་པ་དེ་མཐར་ཕྱིན་པ་དག་།ཁྱོད་ཀྱིས་མ་ལུས་རབ་ཏུ་མཁྱེན། །ལྷའི་བུ་ནན་ཏན་སྙིང་པོར་བྱེད་པས་གསོལ་པ། །འཁོར་བ་ན་ནི་འཁོར་རྣམས་ཀྱིས། །གང་གིས་རྒྱུས་བྱུང་ནན་ཏན་དང ། །མོས་པ་དེ་ལས་གྱུར་པ་ཡང ། །སྨད་པ་མེད་པ་ཁྱོད་ཀྱིས་གཟིགས། །ལྷའི་བུ་དབང་པོ་ལ་མོས་པས་གསོལ་པ། །སེམས་ཅན་གང་གིས་ཁམས་གང་ལ། །བསྟེན་ན་ཇི་ལྟར་འགྱུར་བ་ཡི། །རྒྱུ་དེ་ཁྱོད་ཀྱིས་རབ་ཏུ་མཁྱེན། །དེས་ན་ཁྱོད་ནི་དགའ་བར་མཛད། །ལྷའི་བུ་དབང་པོ་ལ་སྤྱོད་པས་གསོལ་པ། །སྦྱོར་བ་གང་གིས་སྐྱེ་བ་དང ། །གང་གིས་རྒྱ་ཆེན་སྐྱེ་བ་དང ། །དམིགས་པ་དང་ནི་ཞིང་རྣམས་དང ། །དབང་པོ་ཁྱོད་ཀྱིས་རབ་ཏུ་མཁྱེན། །ལྷའི་བུ་དབང་པོས་ངེས་པར་བྱུང་གིས་གསོལ་པ། །འདོད་པའི་སྡུག་བསྔལ་གནོད་གྱུར་དང ། །སྲེད་པ་མངོན་པར་འཇུག་པ་དང ། །སྲིད་པ་ཞི་བ་བགྱི་བའི་དོན། །དེ་དག་སྨྲ་བའི་མཆོག་གིས་མཁྱེན། །ལྷའི་བུ་དབང་པོའི་སྤྱོད་ཡུལ་གྱིས་གསོལ་པ། །དབང་པོ་ཉམ་ཆུང་རྣམ་དག་ནི། །གཟུགས་ཀྱི་འདོད་ཆགས་དབེན་པར་འཚལ། །སྲིད་པ་རྣམ་པར་གཞིག་པ་ཡང ། །རྐང་གཉིས་དམ་པས་བསྟན་པ་མཛད། །ལྷའི་བུ་དབང་པོ་རྣམ་པར་རྒྱལ་བས་གསོལ་པ། །དབང་པོ་རྟུལ་པོ་དུར་ཁྲོད་བསྟེན། །རང་གི་འདོད་ཆགས་ཞི་བར་བགྱིད། །རྐང་གཉིས་གཙོ་བོའི་ཞལ་མཐོང་ནས། །སྲེད་དང་བཅས་པ་ཁྱོད་ལ་ལྟ། །ལྷའི་བུ་དབང་པོ་རྟོགས་ཀྱིས་གསོལ་པ། །འདོད་ཆགས་ཅན་དང་འདོད་ཆགས་དང ། །ཞི་དང་ཤེས་དང་མི་ཤེས་དང ། །སྲིད་པ་ཞི་དང་དབང་པོ་རྣམས། །རྣམ་པར་གཟིགས་ན་སྔོན་མ་དམིགས། །ལྷའི་བུ་དབང་པོ་ལ་གནས་པས་གསོལ་པ། །ཞེ་སྡང་གཉེན་པོར 81.122a གྱུར་པ་ཡི། །གནོད་སེམས་མེད་དང་དབེན་པ་དག་།དབང་པོ་རྟུལ་པོ་སྟེན་པའི་ཚེ། །ཁྱོད་ཀྱིས་འགྲོ་བའི་བསམ་པ་གཟིགས། །ལྷའི་བུ་དབང་པོ་ལ་བརྩོན་པས་གསོལ་པ། །ཞེ་སྡང་གཉེན་པོར་བྱམས་པ་གསུང ། །སེམས་ཅན་ཤེས་པ་རྗེས་སུ་སྐྱེ། །ཞེ་སྡང་ཁམས་ནི་ཞི་བར་བགྱིད། །དེ་དག་མི་མཆོག་ཁྱོད་ཀྱིས་མཁྱེན། །ལྷའི་བུ་དབང་པོ་ཚོལ་བས་གསོལ་པ། །གནོད་སེམས་མེད་དང་བྱམས་པ་དང ། །ཞི་བའི་ངོ་བོ་ཉིད་མ་གཟིགས། །དག་དང་ཉོན་མོངས་མ་དམིགས་ཏེ། །དེས་ན་འཇིག་རྟེན་ཁྱད་པར་འཕགས། །ལྷའི་བུ་དབང་པོ་རྗེས་སུ་འབྲང་གིས་གསོལ་པ། །ལོག་པར་རྣམ་པར་རྟོག་པ་དང ། །ལོག་པར་ཉེ་བར་སྟོན་པ་ཡང ། །ཉོན་མོངས་དམ་ཕྱིར་ཀུན་སྦྱོར་ཏེ། །བཟློག་པས་ཐར་པར་འགྱུར་བ་གཟིགས། །ལྷའི་བུ་ཡེ་ཤེས་ཡང་དག་ཤར་གྱིས་གསོལ་པ། །འདོད་ཆགས་ཞེ་སྡང་གཏི་མུག་དང ། །དངོས་ལ་འཛིན་པ་མུན་པ་སྟེ། །བཟློག་པས་སྣང་བ་ཆེན་པོར་འགྱུར། །དེ་ནི་གྲགས་ཆེན་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ཡེ་ཤེས་འདོད་ཆགས་ཆད་པས་གསོལ་པ། འདོད་ཆགས་ཞེ་སྡང་གཏི་མུག་དང ། །མུན་པ་སྣང་བ་དངོས་པོ་རྣམས། །རང་བཞིན་ཉིད་ཀྱིས་མ་མཆིས་ཏེ། །དེ་ནི་རྐང་གཉིས་གཙོ་བོས་གཟིགས། །ལྷའི་བུ་སྣང་བ་འཛིན་གྱིས་གསོལ་པ། །སེམས་ཅན་གང་གི་ཤེས་པ་གང ། །ཇི་ཙམ་ཡོངས་སུ་བསྒྲུབ་བགྱིས་དང ། །སྣོད་ཏུ་གང་རུང་ཇི་སྙེད་པ། །དེ་དག་མི་མཆོག་ཁྱོད་ཀྱིས་མཁྱེན། །ལྷའི་བུ་དབང་པོ་དང་ཞེས་འགྲས་པས་གསོལ་པ། །ཉོན་མོངས་སྤང་ཕྱིར་ཤེས་གང་གིས། །ཤེས་པ་དེ་ལ་རྟོག་བགྱིད་པ། །དེ་ཡང་སྟོན་པ་ཁྱོད་ཀྱིས་མཁྱེན། །དེ་བས་ཁྱོད་ལ་མངོན་པར་དགའ། །ལྷའི་བུ་དབང་པོ་ལ་དགའ་བས་གསོལ་པ། །ཡུལ་དང་དུས་དང་གནས་དག་དང ། །སྤྱོད་པ་རྣམ་པར་བསྒོམ་པ་དང ། །ཉོན་མོངས་སྙོན་རྨོངས་རྣམ་དག་པ། །ཐུབ་པ་ཁྱོད་ཀྱིས་སྟོང་པར་གཟིགས། །ལྷའི་བུ་ཡེ་ཤེས་རྒྱལ་མཚན་གྱིས་གསོལ་པ། །དབང་པོ་རྣོ་རྟུལ་འབྲིང་དག་དང ། ། 81.122b གང་ཟག་དག་གིས་བསམ་པ་དང ། །བཅིངས་དང་ཐར་དང་ཟད་དང་ཤེས། །གཡོ་བ་མེད་པར་ཁྱོད་ཀྱིས་མཁྱེན། །ལྷའི་བུ་དབང་པོའི་རྒྱལ་མཚན་གྱིས་གསོལ་པ། །དབང་པོ་རབ་འབྲིང་རྟུལ་པོ་དང ། །ཉོན་མོངས་ཡེ་ཤེས་ཚོར་བ་དང ། །གདུལ་དང་གདུལ་བར་བགྱིད་པ་དག་།ཁྱོད་ཀྱིས་མཚན་ཉིད་མེད་པར་གསུངས། །ལྷའི་བུ་དབང་པོ་རྣམ་པར་བརྟགས་ཀྱིས་གསོལ་པ། །སེམས་ཅན་རྣམས་ཀྱི་བསམ་གཏན་དང ། །རྣམ་ཐར་ཀུན་ནས་ཉོན་མོངས་དང ། །སྙོམས་འཇུག་ཏིང་འཛིན་ལྡང་བ་དང ། །རྣམ་བྱང་ཐུབ་པ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་སྟོབས་ཀྱི་ཤུགས་ཀྱིས་གསོལ་པ། །ཞི་བའི་ཏིང་ངེ་འཛིན་བསྟེན་ཏེ། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། །རང་བཞིན་མེད་པར་ཁྱོད་ཀྱིས་མཁྱེན། །དེས་ན་ཐམས་ཅད་མཁྱེན་ཅེས་བགྱི། །ལྷའི་བུ་སྟོབས་ཀྱི་གོ་ཆས་གསོལ་པ། །ཆོས་རྣམས་གང་དང་རང་བཞིན་གང ། །ཆོས་གང་གིས་ནི་བརྗོད་བགྱིས་པ། །ཡང་དག་ཇི་བཞིན་ཐུགས་སུ་ཆུད། །དེས་ན་དུས་གསུམ་ཆགས་མི་མངའ། །ལྷའི་བུ་སྟོབས་འདོད་ཀྱིས་གསོལ་པ། །ལོག་པར་བརྟགས་པས་ཀུན་ཉོན་མོངས། །རྣམ་པ་བཞི་ནི་སྐྱེ་བར་འགྱུར། །ལས་ལས་སྐྱེས་པར་དེ་དག་མཁྱེན། །དེས་ན་ཁྱོད་ལ་དོ་ཟླ་མེད། །ལྷའི་བུ་སྟོབས་ཤེས་ཀྱིས་གསོལ་པ། །ཉོན་མོངས་རྣམས་དང་ལས་རྣམས་ཀྱི། །གཉེན་པོ་རྣམ་པར་བྱང་བ་དང ། །བསྟན་པ་འང་ཁྱོད་ཀྱིས་རབ་ཏུ་མཁྱེན། །དེས་ན་ཁྱོད་ལ་དོ་ཟླ་མེད། །ལྷའི་བུ་སྟོབས་ཀྱི་འོད་ཀྱིས་གསོལ་པ། །བསམ་གཏན་རྣམ་ཐར་ལྡང་བ་དང ། །སྙོམས་པར་འཇུག་དང་ཏིང་འཛིན་དང ། །ཀུན་ནས་ཉོན་མོངས་རྣམ་བྱང་དག་།མིང་ཙམ་མོ་ཞེས་ཁྱོད་ཀྱིས་བསྟན། །ལྷའི་བུ་སྟོབས་ལས་བྱུང་གིས་གསོལ་པ། །བསམ་གཏན་རྣམ་ཐར་རྣམ་བྱང་དང ། །སྙོམས་པར་འཇུག་དང་ཏིང་ངེ་འཛིན། །བག་ཡོད་པ་ལས་བྱུང་བ་སྟེ། །དེ་ལ་ཁྱོད་ཀྱིས 81.123a ཡེ་ཤེས་འཇུག་།ལྷའི་བུ་སྟོབས་རྣམ་པར་སྤེལ་གྱིས་གསོལ་པ། །དཔའ་བོ་ཁྱོད་ཀྱི་མཁྱེན་པ་ནི། །བསམ་གཏན་ལ་སོགས་དེ་དག་དང ། །ལྡང་དང་རྣམ་པར་བྱང་ལ་འཇུག་།དེ་ནི་རླུང་ལྟར་ཆགས་པ་མེད། །ལྷའི་བུ་སྔོན་གྱི་མཐའ་ལ་མཁས་པས་གསོལ་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །སྲིད་པ་འདི་ན་སྔོན་བཞུགས་ཚེ། །སྲིད་པའི་སྐྱོན་དང་ཡོད་མ་འདྲེས། །དེས་ན་ཁྱོད་ལ་དོ་ཟླ་མེད། །ལྷའི་བུ་སྔོན་གྱི་མཐའ་ལ་གནས་པས་གསོལ་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །བྱང་ཆུབ་གཞལ་ཡས་ཚོལ་མཛད་ཅིང ། །འདྲེན་པས་ཡོངས་སུ་སྤྱད་པས་ན། །དེས་ན་ཁྱོད་ནི་དཔའ་བོ་ལགས། །ལྷའི་བུ་སྔོན་གྱི་མཐའ་ལ་རྟོགས་པས་གསོལ་པ། །སྔོན་མཐར་སྦྱིན་པ་སྣ་ཚོགས་དག་།བློ་མཆོག་གསུང་ཚེ་གསོལ་པས་ན། །སྤོབས་པ་སྣ་ཚོགས་རབ་མདའ་བར། །རྣམ་པར་འདྲེན་པ་དེས་ངེས་བྱུང ། །ལྷའི་བུ་སྔོན་གྱི་མཐའ་ལ་བྱང་བས་གསོལ་པ། །སྔོན་ཆད་འཁོར་བར་སྤྱོད་པའི་ཚེ། །ཚུལ་རྣམས་ལ་ནི་ཚུལ་མཁས་པ། །འཇིག་རྟེན་སྒྲོན་རྣམས་ཁྱོད་ཀྱིས་གཟིགས། །དེས་ན་ཁྱོད་ནི་ཚུལ་ལ་མཁས། །ལྷའི་བུ་སྔོན་གྱི་མཐའ་ཚར་ཕྱིན་པས་གསོལ་པ། །སྔོན་མཐར་ཆོས་རྒྱལ་མང་པོ་ལ། །དབའ་བོས་སྔན་ཆད་སྤྱོད་མཛད་པས། །ཐམས་ཅད་མཁྱེན་དུ་ངེས་པར་ཡང ། །སེམས་ཅན་མཁས་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྔོན་གྱི་ཚུལ་ཕུན་སུམ་ཚོགས་པས་གསོལ་པ། །བྱང་ཆུབ་མཆོག་ནི་བཙལ་བའི་ཕྱིར། །བསྐལ་པ་བྱེ་བ་གྲངས་མེད་དུ། །སངས་རྒྱས་བྱེ་བ་མཐའ་ཡས་པ། །དེ་ལ་ཁྱོད་ཀྱིས་ས་བོན་བཏབ། །ལྷའི་བུ་སྔོན་གྱི་ཚུལ་ལ་ངེས་པས་གསོལ་པ། །བསྐལ་པ་བྱེ་བར་བརྟག་མཛད་པས། །ཆོས་ཀུན་སེམས་ཅན་མེད་པ་ཞེས། །ཆོས་རྣམས་ཐམས་ཅད་ངེས་པར་མཁྱེན། །འདུ་འཕྲོད་ཙམ་དུ་རྒྱལ་བས་གསུང ། །ལྷའི་བུ 81.123b སྔོན་གྱི་མཐའ་ལ་སེམས་པས་གསོལ་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །གནས་དང་གནས་མིན་རབ་མཁྱེན་པར། །རྣམ་པར་འདྲེན་པ་སྤྱོད་མཛད་པས། །དེས་ན་འཇིག་རྟེན་རྨོངས་མི་མངའ། །ལྷའི་བུ་སྔོན་གྱི་མཐའ་ལ་དཔྱད་པས་གསོལ་པ། །གནས་དང་གནས་མིན་བརྟེན་བགྱིས་ནས། །ལས་དང་རྒྱུ་རྣམས་དཔྱད་པས་ན། །ཁམས་དང་དབང་པོ་མོས་པ་དང ། །བསམ་གཏན་སྔོན་གྱི་མཐའ་ཡང་མཁྱེན། །ལྷའི་བུ་སྔོན་གྱི་མཐའ་ལ་ཡོངས་སུ་རྟོག་པས་གསོལ་པ། །སྟོབས་ཀྱི་ཡེ་ཤེས་རྣམ་བཅུ་པོ། །དཔའ་བོ་ཆེན་པོས་རྣམ་པར་སྤེལ། །དེས་ནི་འཇིག་རྟེན་འདི་ལ་གཟིགས། །ལྷའི་བུ་སྔོན་གྱི་མཐའི་སྤྱོད་ཡུལ་གྱིས་གསོལ་པ། །དཔའ་བོ་སེམས་ཅན་ཐམས་ཅད་ཀྱི། །སྔོན་གྱི་མཐའ་ཡི་སྤྱོད་པ་དང ། །དགེ་དང་མི་དགེའི་རྒྱུ་བ་རྣམས། །མཁྱེན་པས་འཇིག་རྟེན་གསོ་བ་མཛད། །ལྷའི་བུ་སྔོན་གྱི་མཐའ་ཡི་སྤྱོད་པ་ལ་སོ་སོར་རྟོག་པས་གསོལ་པ། །ཐུབ་པས་སྔོན་གྱི་སེམས་ཅན་གྱི། །སྔོན་མཐའི་སྤྱོད་པ་རབ་མཁྱེན་ཅིང ། །ཁམས་དང་མོས་པ་མཁྱེན་པས་ན། །དེ་ཕྱིར་སེམས་ཅན་གསོ་བ་མཛད། །ལྷའི་བུ་མོས་པའི་སྟོབས་ཅན་གྱིས་གསོལ་པ། །བསྐལ་པ་བྱེ་བ་མཐའ་ཡས་སུ། །སྔོན་གྱི་མཐའ་ལ་བརྟག་བགྱིས་ཀྱང ། །ཁྱོད་ཀྱི་དགོངས་པ་ཆགས་མི་མངའ། །དེས་ན་མགོན་ལ་བདག་མོས་ལགས། །ལྷའི་བུ་ཡེ་ཤེས་ལ་མོས་པས་གསོལ་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །སྔོན་མཐའི་སྲིད་པ་བསམ་བགྱིས་ཀྱང ། །རྐང་གཉིས་གཙོ་བོའི་ཡོན་ཏན་གྱི། །ཕ་རོལ་ཕྱིན་ནུས་འགའ་མ་མཆིས། །ལྷའི་བུ་ཕྱི་མའི་མཐའ་ལ་མཁས་པས་གསོལ་པ། །ཕྱོགས་བཅུའི་འཇིག་རྟེན་འདི་དག་གི་།སྐྱེ་དགུ་སྣ་ཚོགས་ལས་ལྡན་པ། །ཤི་འཕོ་སྐྱེ་བར་འགྱུར་བ་དག་།ཁྱོད་ཀྱིས་སངས་རྒྱས 81.124a སྤྱན་གྱིས་གཟིགས། །ལྷའི་བུ་ཕྱི་མའི་མཐའ་ལས་ངེས་པར་བྱུང་གིས་གསོལ་པ། །རྒྱུ་གང་གིས་ནི་ལས་གང་ཞིག་།དགྱེས་ཤིང་རྒྱུད་དྲུག་མཆིར་འགྱུར་བ། །དེ་དག་ཐམས་ཅད་རྒྱལ་བས་མཁྱེན། །དེས་ན་ཐམས་ཅད་མཁྱེན་ཅེས་བགྱི། །ལྷའི་བུ་ཤི་འཕོ་དང་སྐྱེ་བ་མངོན་པར་ཤེས་པས་གསོལ་པ། །ཁམས་གང་གིས་ནི་སེམས་ཅན་གང ། །བསྒོས་པར་གྱུར་ཅིང་ལས་བགྱིད་པའི། །བག་ཆགས་ལས་དང་སེམས་ཅན་དག་།ཁྱོད་ཀྱིས་གཡོ་བ་མེད་པར་མཁྱེན། །ལྷའི་བུ་འཆི་འཕོ་དང་སྐྱེ་བ་རིག་པས་གསོལ་པ། །བཤེས་གཉེན་ཅི་འདྲ་བསྟེན་བགྱི་ཤིང ། །ལས་གང་མངོན་པར་འདུས་བགྱིས་པས། །འགྲོ་བ་གང་དུ་མཆི་འགྱུར་བ། །ཐུབ་པ་ཁྱོད་ཀྱིས་དེ་ཡང་མཁྱེན། །ལྷའི་བུ་དགོས་པ་ལ་མཁས་པས་གསོལ་པ། །ལས་དེ་ཡི་ནི་བགྱི་བ་གང ། །དགོས་པ་ཁྱོད་ཀྱིས་རབ་ཏུ་མཁྱེན། །གང་གིས་སླད་དུ་ལས་བགྱིས་པ། །དེ་ཡང་མ་ལུས་རབ་ཏུ་མཁྱེན། །ལྷའི་བུ་དངོས་པོ་ལ་མཁས་པས་གསོལ་པ། །དངོས་པོ་དེ་དག་དམིགས་པ་ཡང ། །ལས་གང་མངོན་པར་འདུས་བགྱིས་པ། །ཐམས་ཅད་མཁྱེན་པས་དེ་མཁྱེན་ཏེ། །དེ་ནི་སངས་རྒྱས་སྤྱོད་ཡུལ་ལགས། །ལྷའི་བུ་དངོས་པོ་རིག་པས་གསོལ་པ། །སེམས་ཅན་རྣམས་ཀྱིས་བསམ་མཁས་པ། །དངོས་དེ་ཇི་ལྟར་གནས་པ་དང ། །དེ་ནི་ཇི་ལྟར་གྲུབ་པ་ཡི། །ལས་དེ་ཁྱོད་ཀྱིས་མངོན་པར་མཁྱེན། །ལྷའི་བུ་ཤེས་པ་ལ་མཁས་པས་གསོལ་པ། །ཤེས་པ་གང་གིས་དངོས་པོ་དེ། །བརྟགས་པར་གྱུར་བ་རབ་ཏུ་མཁྱེན། །དེ་ལ་ཇི་ལྟར་ཆགས་གྱུར་པ་འང ། །ཐུབ་པ་ཁྱོད་ཀྱིས་ཤིན་དུ་མཁྱེན། །ལྷའི་བུ་མངོན་པར་འདུ་བྱེད་པ་ལ་མཁས་ཀྱིས་གསོལ་པ། །ཆགས་པ་གང་གིས་ལས་དེ་རྣམས། །ཉོན་མོངས་གང་གིས་འདུ་བགྱིས་པའི། །ཉོན་མོངས་དེ་དག་ཡང་དག་མཁྱེན། །དེ་བས་ཁྱོད་ནི་བདག་གི་མགོན། །ལྷའི་བུ་འགྲོ་བ་ལ་མཁས་པས་གསོལ་པ། །འགྲོ་བ་གང་དུ་ལས་གང་གིས། །མཆིས་ཤིང་སྒྲིབ་པ་གང 81.124b རྙེད་ནས། །འབྲས་བུ་ཐོབ་པར་མི་འགྱུར་བ། །དེ་ཀུན་སྤྱན་ལྡན་ཁྱོད་ཀྱིས་མཁྱེན། །ལྷའི་བུ་དམིགས་པ་ལ་མཁས་པས་གསོལ་པ། །འགྲོ་བ་དག་ཏུ་སྐྱེས་རྣམས་ཀྱི། །གང་གིས་ལས་རྣམས་སྨིན་འགྱུར་བའི། །དམིགས་པ་ཁྱོད་ཀྱིས་རབ་མཁྱེན་ཏེ། །དེ་ལ་ཁྱོད་ཀྱི་བློ་གྲོས་འཇུག་།ལྷའི་བུ་བག་ཆགས་ལ་མཁས་ཀྱིས་གསོལ་པ། །འགྲོ་དང་འགྲོ་བར་མི་རྣམས་ཀྱིས། །སྔོན་ཆད་བགྱིས་པའི་སྡིག་ལས་དང ། །དེ་བཞིན་དགེ་བའི་ལས་རྣམས་ཀྱི། །བག་ཆགས་ཁྱོད་ཀྱི་རབ་ཏུ་མཁྱེན། །ལྷའི་བུ་ལས་ལ་མཁས་ཀྱིས་གསོལ་པ། །འགྲོ་བ་འབྱུང་པོ་ཐམས་ཅད་ཀྱི། །རྙིང་དང་གསར་དང་སླད་མ་དང ། །ལས་རྣམས་གསུམ་པོ་ཁྱོད་ཀྱིས་མཁྱེན། །དེ་ལ་སོ་སོའི་སྐྱེ་བོ་འཁྲུལ། །ལྷའི་བུ་རྣམ་པར་སྨིན་པ་ལ་མཁས་ཀྱིས་གསོལ་པ། །ཆུང་ཞིང་རྣམ་སྨིན་ཆེ་བ་དང ། །ཆེ་ཞིང་རྣམ་སྨིན་ཆུང་བ་དང ། །ཆུང་ངམ་ཆེའམ་མཉམ་པ་འང་རུང ། །དེ་ལ་མུ་སྟེགས་ཅན་རྣམས་རྨོངས། །ལྷའི་བུ་ལས་ལ་མཁས་ཀྱིས་གསོལ་པ། །ཚེ་འདིའི་ལས་རྣམས་གང་ལགས་དང ། །སྐྱེ་བོའི་ལས་རྣམས་གང་ལགས་དང ། །ལན་གྲངས་གཞན་གྱི་གང་ལགས་པ། །དེ་དག་སྤྱན་ལྡན་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ཚེ་འདི་ལ་མྱོང་བར་འགྱུར་བ་ལ་མཁས་ཀྱིས་གསོལ་པ། །ཚེ་འདི་ལ་ནི་བགྱིས་པ་ཡི། །ལས་ཀྱི་རྣམ་སྨིན་མི་གང་དག་།མྱོང་བར་འགྱུར་བ་གང་དག་ལ། །སོ་སོའི་སྐྱེ་བོ་རྨོངས་པ་མཁྱེན། །ལྷའི་བུ་སྐྱེས་ནས་མྱོང་བར་འགྱུར་བ་ལ་མཁས་ཀྱིས་གསོལ་པ། །གང་གིས་ལས་གང་བསགས་གྱུར་ཏེ། །སྐྱེས་ནས་རྣམ་པར་སྨིན་གྱུར་པ། །གང་ལ་འཇིག་རྟེན་གཏིང་མི་རྙེད། །ཤེས་རབ་ཆེན་པོས་དེ་ཉིད་མཁྱེན། །ལྷའི་བུ་ལན་གྲངས་གཞན་ན་མྱོང་བར་འགྱུར་བ་ལ་མཁས་ཀྱིས་གསོལ་པ། །ལས་གང་བསྐལ་པ་བྱེ་བ་ཡི། །ཕྱི་དུས་རྣམ་པར་སྨིན་འགྱུར་ཞིང ། །དུས་གཞན་དག་ན་ཡང་འབྱུང་བ། ། 81.125a དེ་དག་ཡང་དག་ཉིད་དུ་མཁྱེན། །ལྷའི་བུ་ཡོངས་སུ་མ་སྨིན་པ་མྱོང་བར་འགྱུར་བ་ལ་མཁས་ཀྱིས་གསོལ་པ། །ལས་རྣམས་གང་ཞིག་བགྱིས་གྱུར་པ། །ཡོངས་སུ་སྨིན་པར་མ་གྱུར་ན། །དེ་སྲིད་འབྲས་བུ་མི་འབྱིན་པ། །རྐང་གཉིས་མཆོག་གིས་དེ་ཡང་མཁྱེན། །ལྷའི་བུ་ཡོངས་སུ་མ་སྨིན་པ་མྱོང་བར་འགྱུར་བ་ལ་རྟོག་པས་གསོལ་པ། །ལས་གང་དང་ནི་ལྡན་པས་ན། །སེམས་ཅན་འདི་ནི་སྐྱེར་འགྱུར་བ། །ཕམ་པ་མེད་པས་དེ་མཁྱེན་ཏེ། །ཡོངས་སུ་བརྟགས་ནས་རབ་ཏུ་མཁྱེན། །ལྷའི་བུ་ཡོངས་སུ་སྨིན་པ་མྱོང་བར་འགྱུར་བ་ལ་མཁས་པས་གསོལ་པ། །ལས་ནི་ཇི་ལྟར་ཡོངས་སྨིན་ན། །འབྲས་བུ་དཀར་བར་འགྱུར་བ་མཁྱེན། །དེ་ལ་ཁྱོད་ཀྱི་ཡེ་ཤེས་འཇུག་།དེ་དག་སྟོང་པར་རྣམ་པར་མཁྱེན། །ལྷའི་བུ་ཡོངས་སུ་སྨིན་པ་མྱོང་བར་འགྱུར་བ་ལ་ངེས་པས་གསོལ་པ། །ཐམས་ཅད་མཁྱེན་པས་ལས་ཀྱི་རྣམས། །ལྕི་དང་ཡང་བ་རབ་ཏུ་མཁྱེན། །སེམས་ཅན་བསམ་པ་ཐུགས་སུ་ཆུད། །དེ་སླད་བཅོམ་ལྡན་བདག་གི་བླ། །ལྷའི་བུ་སེམས་ཅན་གྱི་སྤྱོད་པ་ལ་མཁས་ཀྱིས་གསོལ་པ། །ལས་གང་གིས་ནི་སེམས་ཅན་རྣམས། །ངན་སོང་མཆི་བར་འགྱུར་བ་དང ། །ལྕི་བ་དང་ནི་ཡང་བ་གཟིགས། །དེ་ཤེས་མཁྱེན་པས་རབ་ཏུ་མཁྱེན། །ལྷའི་བུ་སེམས་ཅན་གྱི་སྤྱོད་པ་ལ་མཁས་ཀྱིས་གསོལ་པ། །སེམས་ཅན་སྤྱོད་པ་ཉེར་བཟུང་ཞིང ། །ལས་ཀྱི་ལྕི་དང་ཡང་བ་དག་།དཔའ་བོ་ཁྱོད་ཀྱིས་རབ་ཏུ་མཁྱེན། །མུ་སྟེགས་ཅན་རྣམས་དེ་ལ་རྨོངས། །ལྷའི་བུ་སེམས་ཅན་གྱི་སྤྱོད་པ་ལ་དཔྱོད་པས་གསོལ་བ། སེམས་ཅན་སྤྱོད་པ་དཔྱད་མཛད་ཅིང ། །ལས་ཀྱི་རྣམ་པར་སྨིན་པ་བསྟན། །ཕོར་བུའི་ཆུ་དང་གང་གཱའི་ཆུ། །ལན་ཚཝས་རྣམ་པར་བསྟན་པ་བཞིན། །ལྷའི་བུ་ལས་ལ་མཁས་ཀྱིས་གསོལ་པ། །སློབ་དང་མི་སློབ་རྣམ་པར་སྨིན། །རྐང་གཉིས་དམ་པ་སྔོན་མཛད་ཅིང ། ། 81.125b ཀུན་ནས་ཉོན་མོངས་ལས་མྱོང་ནས། །ལས་ནི་ཟད་པར་འགྱུར་བ་བསྟན། །ལྷའི་བུ་སངས་རྒྱས་ཡེ་ཤེས་ལ་རེག་པར་བྱེད་པས་གསོལ་པ། །སངས་རྒྱས་སྤྱན་གྱིས་ཁམས་གསུམ་ན། །ལས་ཀྱི་འབྲས་བུ་རྟེན་པ་ཡི། །བྱིས་པ་དག་དང་མཁས་པ་གཟིགས། །ཕྲ་གཟིགས་ཁྱོད་ལ་ཕྱག་འཚལ་ལོ། །ལྷའི་བུ་ལས་ཟད་པར་བྱེད་པས་གསོལ་པ། །འཇིག་རྟེན་དག་ན་རྣམ་འདྲེན་ཁྱོད། །སེམས་ཅན་རྣམས་ཀྱི་ཤི་འཕོ་དང ། །སྐྱེ་བ་ཀུན་ལ་ཡེ་ཤེས་འཇུག་།མཁྱེན་པས་འཇིགས་མེད་ཕྱག་ཀྱང་འཚལ། །ལྷའི་བུ་དམིགས་པ་མེད་པ་ལ་སྦྱོར་པས་གསོལ་པ། །འཆི་འཕོ་བ་དང་སྐྱེ་དང་ལས། །འགྲོ་དང་དེ་བཞིན་སེམས་ཅན་དང ། །རྣམ་སྨིན་རྨི་ལམ་འདྲར་བསྟན་པ། །འདྲེན་པ་རྐང་གཉིས་མཆོག་གིས་མཁྱེན། །ལྷའི་བུ་ཉོན་མོངས་པ་ལ་རྟོག་པས་གསོལ་པ། །ཇི་ལྟར་རྨི་ལམ་སྐོམ་པ་ཞིག་།ཤིན་དུ་བསིལ་བའི་ཆུ་འཐུངས་བཞིན། །རྐང་གཉིས་མཆོག་ཁྱོད་འདོད་ཆགས་དང ། །ཞེ་སྡང་གཏི་མུག་རྣམས་ཀྱང་ཟད། །ལྷའི་བུ་ཡོངས་སུ་རྟོག་པ་དང་བྲལ་བས་གསོལ་པ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཡོངས་སུ་རྟོག་ལས་སྐྱེས་པ་སྟེ། །རྨི་ལམ་དགའ་བར་རྩེ་བ་བཞིན། །སྨྲ་མཆོག་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཡོངས་སུ་རྟོག་པ་ཞི་བར་བྱེད་པས་གསོལ་པ། །ཡོངས་སུ་རྟོག་པ་རབ་ཞི་བས། །ཉོན་མོངས་ཟད་པར་རབ་བསྟན་ཏེ། །རྨི་ལམ་ན་ནི་སྤྲིན་མེད་ལྟར། །མི་མཆོག་ཁྱོད་ཀྱིས་རབ་ཏུ་མཁྱེན། །ལྷའི་བུ་ཟག་པ་ལ་རྟོག་པས་གསོལ་པ། །རྨི་ལམ་ཆར་ཆེན་འབབ་པ་ལྟར། །དེ་བཞིན་ཟག་པ་རྣམས་འབྱུང་བར། །ཟག་པ་འབྱུང་ལ་མཁས་པ་པོ། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན། །ལྷའི་བུ་རྨི་ལམ་རྟོག་གིས་གསོལ་པ། །རྨི་ལམ་ཆར་ཆེན་འབབ་པ་ལྟར། །དེ་བཞིན་ཟག་པ་རྣམས་འབྱུང་སྟེ། །ནོར་པ་རྣམས་ལ་ཟག་འབྱུང་བར། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན། །ལྷའི་བུ་ཇི་ལྟ་བ་བཞིན་དུ་རྟོག་པས་གསོལ་པ། །ཇི་ལྟར་བུ་མོའི་རྨི་ལམ་ན་བུ་ཞིག་བྱུང་ལ་ཤི་འཕོས་ན། །དགའ་དང་སྡུག་བསྔལ 81.126a ཚོར་འགྱུར་བ། །དེ་བཞིན་འགྲོ་བ་ཁྱོད་ཀྱིས་གཟིགས། །ལྷའི་བུ་རྨི་ལམ་རྟོགས་པས་གསོལ་པ། །རྨི་ལམ་དག་ན་མགོ་བཅད་བཞིན། །ཁྱོད་ཀྱིས་ཟག་པ་ཟད་པ་གཟིགས། །དེ་ནི་མཁས་པ་རྣམས་ལ་བསྟན། །ཐམས་ཅད་གཟིགས་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བློ་གྲོས་ངེས་པར་བརྟགས་ཀྱིས་གསོལ་པ། །ཆོས་ཀུན་མཁྱེན་པ་ཁྱོད་ཀྱིས་ནི། །ཇི་ལྟར་རྨི་ལམ་མཛའ་ཕྲད་དང ། །བྲལ་བ་ཡང་དག་མ་མཆིས་གཟིགས། །འགྲོ་བ་ཇི་བཞིན་ཚིམ་པར་མཛད། །ལྷའི་བུ་ཡེ་ཤེས་ཡིད་ཀྱིས་གསོལ་པ། །ཁྱོད་ཀྱི་དམ་པའི་ཆོས་སྟོང་པ། །ཐོས་ན་ཡིད་ནི་དགར་འགྱུར་ཏེ། །རྨི་ལམ་དག་ན་རྨི་བསྟན་བཞིན། །དེ་ལྟར་རྒྱལ་བས་བསྟན་པ་མཛད། །ལྷའི་བུ་ཡོངས་སུ་དགའ་བའི་ཡིད་ཀྱིས་གསོལ་པ། །མེ་ལོང་གཟུགས་བརྙན་སྣང་བ་བཞིན། །འགྲོ་བ་མཐའ་དག་གཟིགས་པས་ན། །བསམ་གཏན་མངའ་བ་ཁྱོད་ལ་ནི། །ལྷར་བཅས་འཇིག་རྟེན་ཡིད་ཀྱང་དགའ། །ལྷའི་བུ་བློ་གྲོས་ངེས་པས་གསོལ་པ། །ཐུབ་པ་པི་བང་སྒྲ་འདྲ་བའི། །ཁྱོད་ཀྱི་དམ་ཆོས་ཐོས་གྱུར་ན། །ལྷ་བུ་རྣམས་ཀྱང་ཐེ་ཚོམ་བོར། །རྒྱལ་བ་མཆོག་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྒྱུ་མས་ཚིམ་གྱིས་གསོལ་པ། །སྒྱུ་མའི་མཁན་པོས་སྒྱུ་མ་དག་།བྱིས་པ་རྨོངས་བྱེད་ཡོངས་བསྟན་ན། །མི་མཁས་དེ་ལ་རྨོངས་པར་འགྱུར། །སྒྱུ་མ་བཞིན་དུ་ཁྱོད་ཀྱིས་བསྟན། །ལྷའི་བུ་སྤྲུལ་པ་ལ་སེམས་པས་གསོལ་པ། །ཇི་ལྟར་རྨི་ལམ་སྒྱུ་མཐོང་བ། །དེ་ལྟར་ཁྱོད་ཀྱིས་འགྲོ་བ་གཟིགས། །མགོན་པོའི་བསྟན་པ་དེ་ཐོས་ན། །བདག་ཅག་ཐེ་ཚོམ་མ་མཆིས་སོ། །ལྷའི་བུ་སྒྱུ་མ་ལས་ངེས་པར་བྱུང་གིས་གསོལ་པ། །སྒྱུ་མའི་མཁན་པོས་སྒྱུ་སྤྲུལ་ཀྱང ། །སྒྱུ་མ་ལགས་པར་འཚལ་པས་ན། །དེ་ལ་རྨོངས་པར་འགྱུར་མ་མཆིས། །དེ་བཞིན་ཁྱོད་ཀྱིས་འགྲོ་བ་གཟིགས། །ལྷའི་བུ་རྟོག་པའི་རྗེས་སུ་རྟོག་པས་གསོལ་པ། །ཇི་ལྟར་བརྩོན་པས་རྨི་ལམ་ན། །སངས་རྒྱས་སྐུ་གཟུགས་བརྟགས་པ 81.126b བཞིན། །དེ་ལྟར་རྟོག་པས་འཇིག་རྟེན་བསྐྱེད། །རྣམ་པར་འདྲེན་པ་ཁྱོད་ཀྱིས་གཟིགས། །ལྷའི་བུ་ཀུན་དུ་རྟོག་པ་འཇོམས་ཀྱིས་གསོལ་པ། །ཀུན་རྟོག་འདོད་ཆགས་རྒྱུ་ལགས་ཏེ། །འདོད་ཆགས་དངོས་པོས་བསྐྱེད་མ་ལགས། །རྟོག་པ་ངན་པས་འདོད་ཆགས་བྱུང ། །དེ་ནི་རྣམ་འདྲེན་ཁྱོད་ཀྱིས་གཟིགས། །ལྷའི་བུ་ཡོངས་སུ་ཤེས་པ་དང་ལྡན་པས་གསོལ་པ། །རི་སུལ་དག་ན་སྒྲ་བྱུང་བ། །བྲག་ཆ་སེམས་ཅན་སྒྲ་མ་ལགས། །དེ་བཞིན་འཇིག་རྟེན་ཁྱོད་ཀྱིས་གཟིགས། །དེ་སླད་འཇིག་རྟེན་ཆགས་མི་མངའ། །ལྷའི་བུ་སྟོན་པ་ལ་མཁས་པས་གསོལ་པ། །སྒྲ་ནི་གང་ཡང་མ་མཆིས་ཏེ། །སྒྲ་ནི་བྲག་ཆ་འདྲ་བ་ལགས། །འོན་ཀྱང་མི་དབང་ཁྱོད་ཀྱིས་བསྟན། །བྱིས་པ་མང་པོ་རབ་ཏུ་བཙུད། །ལྷའི་བུ་ནན་ཏན་ལ་མཁས་པས་གསོལ་པ། །ཆོས་རྣམས་དོན་ནི་གཞན་ལགས་ཀྱང ། །བྱིས་པ་རྣམས་ཀྱིས་གཞན་དུ་བརྟགས། །ནན་ཏན་ཆོས་ལས་ཤེས་པར་བགྱི། །དེ་ལ་བདག་ནི་ཐེ་ཚོམ་ཆད། །ལྷའི་བུ་དོན་གྱི་རྗེས་སུ་འབྲང་བས་གསོལ་པ། །ཆོས་དོན་ཡང་དག་གང་ལགས་པ། །དེ་ནི་སུས་ཀྱང་མ་རྟོགས་ཤིང ། །སུས་ཀྱང་མ་བསྟན་འཚལ་མ་གྱུར། །དེ་སྐད་ཐུབ་པའི་མཆོག་གིས་གསུངས། །ལྷའི་བུ་ཆོས་ཀྱི་བརྡ་རྟོགས་པས་གསོལ་པ། །ཟག་དང་དྲི་མ་ཉོན་མོངས་དང ། །བག་ཆགས་དང་ནི་རྟོག་དང་རྟོག་།ཀུན་ནས་ཉོན་མོངས་རྣམ་དག་པ། །ཐུབ་པ་བརྡ་ཡི་ཚིག་ཀྱང་ལགས། །ལྷའི་བུ་ཀུན་དུ་རྟོག་པ་ལ་མཁས་པས་གསོལ་པ། །ཀུན་ནས་ཉོན་མོངས་རྣམ་དག་དང ། །ཟག་པ་དག་དང་ཉོན་མོངས་དང ། །དག་དང་བཤད་དང་ཉེ་དུ་དང ། །སྟོན་པ་འདི་ཀུན་མིང་ཙམ་ལགས། །ལྷའི་བུ་མི་གནས་པའི་བློ་གྲོས་ཀྱིས་གསོལ་པ། །ཁམས་གསུམ་རྣམས་ལ་མ་ཆགས་ཏེ། །ནམ་མཁའ་འདྲ་བའི་ཐུགས་མངའ་བ། །བྲལ་བར་གྱུར་ཅིང་སྦྱིན་པའི་གནས། །ཞི་བའི་སེམས་ལ་ཕྱག་ཀྱང་འཚལ། །ལྷའི་བུ་མ་གོས་པས་གསོལ། 81.127a ཐུབ་པ་ཁྱོད་ཀྱི་ཐུགས་ཡིད་ནི། །གཟུགས་དང་གཟུགས་མེད་མི་གནས་ཤིང ། །འདོད་དང་མྱ་ངན་འདས་པ་ལ། །གནས་པ་མ་མཆིས་པར་སྣང་འདྲ། །ལྷའི་བུ་རེ་བ་མེད་པས་གསོལ་པ། འདོད་པའི་ཁམས་ལ་རེ་བ་སྤངས། །གཟུགས་དང་གཟུགས་མེད་གཉི་གར་མིན། །འདུ་འཛི་དག་དང་བྲལ་གྱུར་པ། །སྲེད་ཟད་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྲེད་པ་ཕྱུང་པས་གསོལ་པ། འབྱུང་བ་དག་དང་འཇིག་པ་ལ། །ཁྱོད་ཀྱི་སྲེད་པ་ཡང་དག་ཆད། །ཁམས་གསུམ་ཀུན་ལ་ཆགས་མི་མངའ། །རྣམ་པར་འདྲེན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྲེད་པ་འཇིག་རྟེན་འདི་དག་གཟིལ་མནན་ནས། ཁྱུ་མཆོག་དམ་པ་སྤྱོད་མཛད་ཅིང ། །སེམས་ཅན་འཇིག་རྟེན་སྒྲོལ་མཛད་པ། །ཐུགས་བརྩེ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་སྲེད་པ་དང་བྲལ་བས་གསོལ་པ། ཀུན་དུ་སྦྱོར་དང་བྲལ་བ་སྟེ། །ཡང་སྲིད་པས་པས་ཞི་གྱུར་པ། །དག་པའི་བདག་ཉིད་དག་པའི་སེམས། །དུས་དང་བྲལ་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཇི་ལྟ་བ་བཞིན་དུ་རིག་པས་གསོལ་པ། ཆོས་རྣམས་ཐམས་ཅད་དངོས་མེད་པ། །ཇི་བཞིན་དཔའ་བོ་ཁྱོད་ཀྱིས་མཁྱེན། །བཅིངས་པ་མ་མཆིས་གྲོལ་མ་མཆིས། །ཡང་དག་གཟིགས་ལ་ཕྱག་ཀྱང་འཚལ། །ལྷའི་བུ་འདམ་ལས་རྒལ་བས་གསོལ་པ། འདོད་པའི་འདམ་ལས་རྒལ་བ་སྟེ། །སྲིད་པའི་འདམ་ལས་དེ་བཞིན་བརྒལ། །གཟིགས་པ་མི་མངའ་ལེན་མི་མངའ། །ཡང་སྲིད་ཟད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་བཟང་ཟིང་སྤངས་ཀྱིས་གསོལ་པ། ཟང་ཟིང་སྤངས་ཤིང་དྲི་མ་སྤངས། །རེ་བ་སྤངས་ཤིང་སྡིག་པ་འང་སྤངས། །སངས་རྒྱས་སྒྲིབ་པ་རྣམ་སྤངས་པ། །དོན་རྟོགས་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་རེ་བ་སྤངས་པས་གསོལ་པ། དོན་དང་དོན་མ་ལགས་པ་སྤངས། །ཆགས་པ་མི་མངའ་ངེས་རྟོགས་པ། །བདུད་ཀྱི་ཞགས་ལས་རྣམ་འདས་པ། །ལེན་མེད་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཕན་པར 81.127b འདོད་པས་གསོལ་པ། བདག་ཉིད་དང་ནི་གཞན་རྣམས་ཀྱི། །ལམ་གང་ཉོན་མོངས་རིམས་མེད་པ། །སྒྲིབ་པ་མེད་པར་གཟིགས་པ་པོ། །དཔའ་ཆེན་ཁྱོད་ཀྱིས་དེ་ཡང་གཟིགས། །ལྷའི་བུ་གྲགས་པ་ཐོབ་པས་གསོལ་པ། འདྲེན་པ་འཇིག་རྟེན་རྣམ་གྲགས་པ། །ཁྱོད་ཀྱི་མཁྱེན་ལ་བརྩོན་པ་རྣམས། །ཇི་སྐད་བསྟན་བཞིན་རབ་རྟོག་ན། །ཉོན་མོངས་རྣམས་ནི་ནུབ་པར་འགྱུར། །ལྷའི་བུ་འཇིགས་པ་མེད་པས་གསོལ་པ། ཆོས་རྣམས་ཀུན་ལ་ངེས་པས་ན། །སྔོ་བ་གང་ཡང་ཡོང་མ་གཟིགས། །ཡེ་ཤེས་རྒྱ་མཚོ་མི་བསྙེངས་པར། །སེང་གེའི་སྒྲ་ནི་སྒྲོག་པ་མཛད། །ལྷའི་བུ་གང་ནས་ཀྱང་འཇིགས་པ་མེད་པས་གསོལ་པ། འཇིགས་པ་ཀུན་ལས་ཡང་དག་རྒལ། །ཟུག་རྔུ་ཐམས་ཅད་ཀུན་དུ་བཏོན། །བསྙེངས་པ་མི་མངའ་ཞུམ་མི་མངའ། །ཐམས་ཅད་ཟིལ་གནོན་ཕྱག་ཀྱང་འཚལ། །ལྷའི་བུ་གནས་མེད་ཀྱིས་གསོལ་པ། ལྷ་རྣམས་དང་ནི་དྲི་ཟ་དང ། །བདུད་དང་ཚངས་པར་བཅས་པ་ཡིས། །ཁྱོད་ཀྱིས་ཆོས་ལ་རྒལ་མི་ནུས། །དེ་བས་ཁྱོད་ལ་བསྙེངས་མི་མངའ། །ལྷའི་བུ་སེང་གེའི་རྩལ་གྱིས་གསོལ་པ། ཆོས་རྣམས་ཐམས་ཅད་ཡོངས་མཁྱེན་པས། །སངས་རྒྱས་གྱུར་ལ་འཇིགས་མི་མངའ། །བདག་ལ་ཆོས་ཀྱིས་སུ་རྒོལ་ཞེས། །བདེ་གཤེགས་ཁྱོད་ལ་དོགས་མི་མངའ། །ལྷའི་བུ་སྐྲག་མེད་ཀྱིས་གསོལ་པ། སེང་གེ་རི་སུལ་གནས་པ་ནི། །འཇིགས་པ་མ་མཆིས་སྐྲག་མ་མཆིས། །རི་དགས་ཕྲ་མོ་ཡོངས་བཏུལ་ཏེ། །དཔའ་བཀོང་ནགས་ན་ང་རོ་སྒྲོག་།དེ་བཞིན་ཐམས་ཅད་མཁྱེན་པ་ཡང ། །མུ་སྟེགས་ཅན་རྣམས་ཡོངས་སྐྲག་ཏེ། །ལྷ་ཀླུ་དྲི་ཟའི་འཇིག་རྟེན་ན། །མཚུངས་མེད་གཟིགས་ནས་གསུང་ཡང་སྒྲོག་།ལྷའི་བུ་ཐམས་ཅད་ཟིལ་གནོན་གྱིས་གསོལ་པ། འཇིག་རྟེན་རྣམ་འདྲེན་འཇིག་རྟེན་ན། །སངས་རྒྱས་ཉིད་ལ་སྔོ་བགྱིད་པ། །འཇིག་རྟེན་གསུམ་ན་མ་མཆིས་ཏེ། །དེས་ན་རྒྱལ་བ་བདག་གི་སྐྱབས། །ལྷའི་བུ་སེང་གེ་བློ་གྲོས་ཀྱིས་གསོལ་པ། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །ཆོས་རྣམས་ཀུན་ལ 81.128a འཇིགས་མི་མངའ། །ཁྱོད་འདྲ་འཇིག་རྟེན་མ་མཆིས་ཏེ། །ཅིས་མི་བསྙེངས་ལ་ཕྱག་ཀྱང་འཚལ། །ལྷའི་བུ་རྗེས་སུ་འཐུན་པར་སྐྱེས་ཀྱིས་གསོལ་པ། །སངས་རྒྱས་ཉིད་དུ་དམ་བཅས་ན། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །འཇིག་རྟེན་འདྲེན་པ་ཆོས་ཀྱིས་ནི། །ཁྱོད་ལ་གང་རྒོལ་དེ་མ་མཆིས། །ལྷའི་བུ་མཛོད་འཛིན་གྱིས་གསོལ་པ། །སེང་གེའི་ང་རོ་གསུང་བསྒྲགས་ཏེ། །ཁྱོད་ཀྱི་ཆོས་ཀྱི་མཛོད་བཟུང་བས། །སྲོག་ཆགས་བྱེ་བ་སྟོང་དག་གིས། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །ལྷའི་བུ་བརྟུལ་ཞུགས་རྗེས་སུ་འཐུན་གྱིས་གསོལ་པ། །སངས་རྒྱས་རྗེས་འཐུན་བརྟུལ་ཞུགས་ཅན། །དཔའ་ཆེན་དེ་དག་ཐོབ་ཆེན་ཐོབ། །བྱང་ཆུབ་མཆོག་ཏུ་སེམས་བདུད་ཅིང ། །གང་ཟག་མཆོག་ཏུ་དེ་དག་འགྱུར། །ལྷའི་བུ་རྗེས་སུ་འཐུན་པའི་ཆོས་ལ་དགའ་བས་གསོལ་པ། །ཁྱོད་ཀྱི་བསྟན་པ་སུས་ཐོས་ཏེ། །བྱང་ཆུབ་མཆོག་ཏུ་སེམས་བདུད་པ། །དེ་དག་འཇིག་རྟེན་སེམས་ཅན་ཆེ། །གང་ཟག་མཆོག་ཏུ་དེ་དག་འགྱུར། །ལྷའི་བུ་སེམས་དག་པས་གསོལ་པ། །འཇིག་རྟེན་དག་ན་རྒོལ་མེད་པའི། །རྫོགས་པའི་སངས་རྒྱས་གསུང་ཐོས་ནས། །སྲོག་ཆགས་བྱེ་བ་སྟོང་དག་གིས། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །ལྷའི་བུ་སེམས་རྒྱུད་ཡོངས་སུ་དག་པས་གསོལ་པ། །ཡུན་རིང་དུས་ནས་མི་དབང་གིས། །སངས་རྒྱས་བསླབ་ལ་ལེགས་བསླབས་པས། །དེ་སླད་ཁྱོད་ནི་ཐུགས་རྒྱུད་དག་།མཚན་རབ་སུམ་བཅུ་གཉིས་དང་ལྡན། །ལྷའི་བུ་ཟག་པ་མེད་པའི་ཡིད་ཀྱིས་གསོལ་པ། །ཟག་པ་ཟད་པའི་སངས་རྒྱས་ཀྱིས། །སེང་གེའི་ང་རོ་བསྒྲགས་མཛད་དེ། །དམ་བཅས་པ་ལ་མངོན་བཞུགས་ན། །རྒོལ་བ་འདི་ནི་ཡོད་མ་མཆིས། །ལྷའི་བུ་དེ་ཁོ་ནའི་རྗེས་སུ་སོང་བས་གསོལ་པ། །ཁྱོད་ཀྱི་གསུང་ལ་སྨྲ་འགྱུར་བའི། །ལྷ་དང་ལྷ་བུ་མི་དག་ནི། །འཇིག་རྟེན་གསུམ་ན་མ་མཆིས་ཏེ། །དེས་ན་ཐུབ་པ་སྟོབས་དང་ལྡན། །ལྷའི་བུ་ཟག་པ་ཟད་པ་ལ་མཁས་པས་གསོལ་བ། །དགེ་སྦྱོང་དམ་པའི་ཟག་པ་ནི། །མ་ལུས་ཡོངས་སུ་བས་པ་སྟེ། ། 81.128b འདི་ན་ཁྱོད་ལ་རྒོལ་མ་མཆིས། །དེས་ན་སངས་རྒྱས་བདག་གི་ཕ། །ལྷའི་བུ་རྟག་ཏུ་བརྩོན་པས་གསོལ་པ། ཁྱོད་ལ་ཉོན་མོངས་ལུས་སོ་ཞེས། །མི་དབང་ཁྱོད་ལ་གང་རྒོལ་བ། །རྣམ་པ་ཀུན་དུ་མི་དམིགས་ཏེ། །དེས་ན་སངས་རྒྱས་བསྙེངས་མི་མངའ། །ལྷའི་བུ་སེམས་ཞི་བས་གསོལ་པ། །འདོད་ཆགས་ཞེ་སྡང་ཞི་བ་སྟེ། །གཏི་མུག་བག་ཆགས་བཅས་པ་ཞི། །ཉེས་སྤྱོད་ལས་ཀྱང་ཞི་བས་ན། །སེམས་ཞི་ཁྱོད་ལ་ཕྱག་འཚལ་ལོ། །ལྷའི་བུ་རྣལ་འབྱོར་སྤྱོད་པས་གསོལ་པ། །རྣལ་འབྱོར་གང་གིས་ཉོན་མོངས་གང ། །བས་པར་འགྱུར་བར་ལྟ་བའི་ཚེ། །དེ་ལ་ཁྱོད་ཀྱི་མཁྱེན་ཀུན་འཇུག་།དེས་ན་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་རྣལ་འབྱོར་ལ་མཁས་པས་གསོལ་པ། །འདྲེན་པ་གང་ལ་བསླབས་པ་ཡི། །རྣལ་འབྱོར་ཚོགས་ནི་མཐའ་ཡས་ཏེ། །ཐམས་ཅད་མཁྱེན་པ་དེ་སླད་དུ། །ཉོན་མོངས་ཐམས་ཅད་མ་ལུས་པས། །ལྷའི་བུ་རྣལ་འབྱོར་བློ་གྲོས་ཀྱིས་གསོལ་པ། །འཇིག་རྟེན་སྒྲོན་མ་ཁྱོད་ཀྱི་བློ། །རྣལ་འབྱོར་ལས་ནི་ཉམས་མ་མཆིས། །དེས་ན་ཁྱོད་ཀྱི་ཉོན་མོངས་ཀུན། །བག་ཆགས་བཅས་པར་ཡོངས་སུ་བསལ། །ལྷའི་བུ་ཞི་བ་རིག་པས་གསོལ་པ། །ཉོན་མོངས་ཐམས་ཅད་ཞི་གྱུར་ནས། །བག་ཆགས་མ་ལུས་ཡོངས་སུ་བསལ། །བསྙེངས་པ་མི་མངའ་རྒྱལ་སྲས་དང ། །ཅིས་ཀྱང་མི་བསྙེངས་སྤྱོད་པ་མཛད། །ལྷའི་བུ་ཟད་པ་ལ་རྟོག་པས་གསོལ་པ། །ཐུབ་པ་ཐམས་ཅད་མཁྱེན་པ་ཁྱོད། །ཉོན་མོངས་བག་ཆགས་བཅས་པར་བས། །འཇིག་རྟེན་སྒྲོན་མ་ཁྱོད་ལ་ནི། །མཚུངས་པ་གང་ཡང་མི་དམིགས་སོ། །ལྷའི་བུ་བག་ལ་ཉལ་ཕྱུང་གིས་གསོལ་པ། །ཁྱོད་ཀྱིས་བག་ཆགས་མ་ལུས་བསལ། །ཁྱོད་ལ་སྐྱོན་དྲི་ཡོད་མ་མཆིས། །དེ་སླད་སངས་རྒྱས་ཐམས་ཅད་མཁྱེན། །ལྷ་རྣམས་ཀུན་གྱི་ཐུབ་པའི་ཐུབ། །ལྷའི་བུ་མཐའ་ན་གནས་པས་གསོལ་པ། །ཟག་པ་རྣམས་ནི་སྤངས་པས་ན། །སྐྱེ་བ་འང་སྐྱེ་བ་མ་ལགས་ཏེ། །ཐུབ་པ་ཁྱོད་སྐྱེ་ཐ་མ་པ། །དེས་ན་མགོན་པོ་བསྙེངས་མི་མངའ། །ལྷའི་བུ་ཚད་སྲུང་གིས་གསོལ་པ། ། 81.129a དཔའ་བོ་ཁྱོད་ཀྱིས་ས་བོན་སྤངས། །སྡུག་བསྔལ་མྱུ་གུ་ཚིག་པར་གྱུར། །མྱ་ངན་འཁྲི་ཤིང་རྣམ་པར་བསྐམས། །གདུང་བ་མེད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཤིང་བཏགས་བཏོན་གྱིས་གསོལ་པ། །ཐུབ་པ་ཐམས་ཅད་མཁྱེན་པ་ཁྱོད། །མ་རིག་ཤིང་བཏགས་རྣམས་ཀྱང་བསལ། །སངས་རྒྱས་སྤྱོད་པ་རྣམ་པར་སྦྱངས། །དེ་བས་སྟོན་པ་བསྙེངས་མི་མངའ། །ལྷའི་བུ་སྲིད་པའི་ཕ་རོལ་དུ་སོང་བས་གསོལ་པ། །སྲིད་པའི་མཚོ་ལས་ཡང་དག་རྒལ། །རྣམ་པར་འདྲེན་པ་བྱ་བ་བྱས། །ཁྱོད་ཀྱིས་སྣང་བ་ཡང་དག་ཕྱུང ། །འཇིགས་མེད་ཁྱོད་ནི་དོན་ཀྱང་གྲུབ། །ལྷའི་བུ་མྱ་ངན་ལས་འདའ་བར་འགྲོ་བས་གསོལ་པ། །ཐམས་ཅད་མཁྱེན་པ་ཞིར་གྱུར་པ། །ཉོན་མོངས་ཐམས་ཅད་རབ་ཏུ་བཤིག་།བག་ཆགས་རྡུལ་ཙམ་ཡོང་མི་མངའ། །མགོན་པོ་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཆོས་ཀྱི་རྒྱལ་མཚན་གྱིས་གསོལ་པ། ཁྱོད་ཀྱིས་ཆོས་ཀྱི་རྒྱལ་མཚན་བསྒྲེང ། །ང་རྒྱལ་རྒྱལ་མཚན་རབ་ཏུ་སྙལ། །ཆོས་ཀྱི་ལམ་སྲང་མཐའ་ཡས་པ། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན། །ལྷའི་བུ་ཆོས་ཀྱི་འབྱུང་གནས་ཀྱིས་གསོལ་པ། །སངས་རྒྱས་ཆོས་ཀྱི་འབྱུང་གནས་སོ། །ཐུབ་པ་ཆོས་རྣམས་ཀུན་མཁྱེན་པ། །སེམས་ཅན་ཀུན་གྱི་དགེ་བཤེས་གཉེན། །ཡེ་ཤེས་འཚོ་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཆོས་ཀྱི་གོས་ཅན་གྱིས་གསོལ་པ། །ཁྱོད་ཀྱི་སྲས་པོ་འཇིགས་མེད་པ། །སེང་གེ་ང་རོ་རྣམ་སྒྲོག་ཀྱང ། །རྒྱལ་སྲས་དེ་དག་ཆོག་མེད་ཅིང ། །སངས་རྒྱས་ཆོས་ཀྱི་དོན་གྱིས་སྐོམ། །ལྷའི་བུ་ཆོས་དོན་དུ་གཉེར་བས་གསོལ་པ། །སངས་རྒྱས་ཆོས་རྣམས་དོན་གཉེར་བར། །ཁྱོད་ཀྱི་སྲས་རྣམས་སེམས་བསྐྱེད་ཅིང ། །ཁྱོད་ཀྱི་མི་འཇིགས་ཐོབ་གྱུར་ནས། །མཁས་པ་དེ་དག་བྱང་ཆུབ་ཚོལ། །ལྷའི་བུ་ཆོས་ཀྱི་སྐོམ་གྱིས་གསོལ་པ། །ཁྱོད་ཀྱིས་མི་འཇིགས་ཐོས་གྱུར་ནས། །སངས་རྒྱས་ཆོས་རྣམས་བཙལ་བའི་ཕྱིར། །སྲོག་ཆགས་བྱེ་བ་སྐོམ་གྱུར་ཏེ། །བརྩོན་འགྲུས་བརྟན་པ་རབ་ཏུ་རྩོམ།། །། བམ་པོ་བཅུ་གཅིག་པ། 81.129b ལྷའི་བུ་ཆོས་ཀྱིས་འཕགས་ཀྱིས་གསོལ་པ། །སངས་རྒྱས་ཆོས་ཀྱིས་མངོན་འཕགས་ཤིང ། །འཇིགས་པ་མེད་པར་འདུལ་མཛད་པའི། །གསུང་པའི་མཆོག་གྱུར་ཁྱོད་མཐོང་ནས། །བརྟུལ་ཞུགས་མཆོག་ཅན་བྱང་ཆུབ་ཚོལ། །ལྷའི་བུ་ཆོས་འཛིན་གྱིས་གསོལ་པ། །ཐུབ་པ་ཟབ་ཅིང་བལྟ་དཀའ་བའི། །ཆོས་ནི་ཁྱོད་ཀྱིས་རབ་བསྟན་པ། །ཁྱོད་ཀྱི་སྲས་ཀྱིས་ཐོས་གྱུར་ནས། །དེ་དག་བླ་མེད་བྱང་ཆུབ་ཚོལ། །ལྷའི་བུ་ལྟ་བ་མེད་པས་གསོལ་པ། །ཁྱོད་ཀྱི་སེང་གེའི་གསུང་ཐོས་ནས། །ཁྱོད་ཀྱི་སྲས་པོ་དཔའ་ངེས་པ། །ལུས་དང་སྲོག་ལ་མི་ལྟ་བར། །བྱང་ཆུབ་དོན་དུ་གཉེར་བ་བགྱིད། །ལྷའི་བུ་གཞན་དུ་མི་སེམས་པའི་བློ་གྲོས་ཀྱིས་གསོལ་པ། །ཐུབ་པ་བསྙེངས་པ་མི་མངའ་བ། །ཁྱོད་ཀྱི་དམ་ཆོས་འདི་ཐོས་ནས། །གཞན་དུ་སེམས་པ་མ་མཆིས་པར། །བརྟུལ་ཞུགས་མཆོག་ཅན་བྱང་ཆུབ་ཚོལ། །ལྷའི་བུ་གཞན་དུ་མི་འགྲོ་བས་གསོལ་པ། །མི་དབང་ཁྱོད་ཀྱི་གསུང་ཐོས་ནས། །ཐེག་པ་གཉིས་པོ་སྤང་བགྱིས་ཤིང ། །ལམ་གཞན་དུ་ནི་མི་མཆི་བར། །བླ་ན་མེད་པའི་བྱང་ཆུབ་ཚོལ། །ལྷའི་བུ་ཉེ་བར་གནས་ཀྱིས་གསོལ་པ། །སེང་གེའི་ང་རོ་འདི་བསྒྲགས་པ། །རྒྱལ་བའི་སྲས་ཀྱིས་ཐོས་གྱུར་ན། །བྱང་ཆུབ་མཆོག་ལ་ཉེར་གྱུར་ཅིང ། །དེ་དག་རྐང་གཉིས་དམ་པར་འགྱུར། །ལྷའི་བུ་སྤོབས་པ་ཉེ་བར་གྱུར་པས་གསོལ་བ། །གྲགས་ཆེན་ཁྱོད་ཀྱིས་གསུང་བརྗོད་པའི། །སྤོབས་པ་དེ་ནི་ཐོས་གྱུར་ནས། །སངས་རྒྱས་ཆོས་ལ་ཁྱོད་ཀྱི་སྲས། །ཀུན་ཀྱང་དགའ་བ་རབ་ཏུ་བསྐྱེད། །ལྷའི་བུ་སྤོབས་པ་ཐོབ་པས་གསོལ་པ། །འཇིགས་མེད་ཁྱོད་ཀྱིས་གསུང་བསྒྲགས་པ། །མ་སྨད་སྲས་ཀྱིས་ཐོས་གྱུར་ན། །དེ་དག་སྤོབས་པ་ནམ་དུ་ཡང ། །སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་།ལྷའི་བུ་རྟག་ཏུ་རབ་དགས་གསོལ་པ། །འཇིགས་མེད་ཁྱོད་ཀྱིས་གསུང་བསྒྲགས་པས། ། 81.130a སྟོབས་ཆེན་ཁྱོད་ཀྱིས་སྲས་ཀྱི་རྣམས། །རྟག་ཏུ་རབ་ཏུ་དགའ་འགྱུར་ཅིང ། །མ་སྨད་དེ་དག་བྱང་ཆུབ་ཚོལ། །ལྷའི་བུ་ཡིད་ཞུམ་པ་མེད་པས་གསོལ་པ། །ཁྱོད་ཀྱིས་གསུང་བསྒྲགས་ཐོས་གྱུར་ནས། །རྐང་གཉིས་དམ་པ་ཁྱོད་ཀྱིས་སྲས། །དགའ་ཞིང་ཞུམ་པ་མ་མཆིས་པར། །བྱང་ཆུབ་མཆོག་ནི་ཚོལ་བར་བགྱིད། །ལྷའི་བུ་ཐོགས་མེད་ཡིད་ཀྱིས་གསོལ་པ། །ཁྱོད་ཀྱིས་གསུང་བསྒྲགས་ཐོས་པས་ན། །སེམས་རངས་གྱུར་ཅིང་ཡིད་དགའ་སྟེ། །དེ་དག་ཡིད་ནི་ནམ་དུ་ཡང ། །བྱང་ཆུབ་ཉིད་དུ་ཐོགས་མ་མཆིས། །ལྷའི་བུ་ཆོས་ལ་བར་ཆད་མེད་ལ་མཁས་པས་གསོལ་པ། །ཆོས་རྣམས་གང་ལ་བསྟེན་བགྱིས་ཀྱང ། །དཀར་པོའི་ཕྱོགས་དག་མི་འགྲིབ་ཅིང ། །དེ་ཡི་བར་ཆད་མི་འགྱུར་བའི། །གནས་ནི་ཐུབ་པ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ཆོས་ངེས་པར་བསྟན་པ་ལ་མཁས་པས་གསོལ་པ། །དཀར་པོའི་ཕྱོགས་ལ་སྤྱོད་པ་ལ། །བར་ཆད་འབྱུང་བར་མི་འགྱུར་ཞིང ། །གནས་ཀྱང་མེད་པས་ཐུབ་པས་མཁྱེན། །དེས་ན་སྟོན་པ་བསྙེངས་མི་མངའ། །ལྷའི་བུ་ཆོས་ཀྱི་ངོ་བོ་ཉིད་ལ་མཁས་པས་གསོལ་པ། །དགེ་བ་ཀུན་ནས་ཉོན་མོངས་པ། །ནག་པོའི་ཕྱོགས་ཀྱི་རང་བཞིན་ཏེ། །ཁྱོད་ཀྱི་ཐུགས་ནི་དེས་མི་གོས། །གནས་ཀྱང་མེད་པར་ཐུབ་པས་མཁྱེན། །ལྷའི་བུ་རིག་པ་ལ་མཁས་པས་གསོལ་པ། །ནག་པོའི་ཆོས་ནི་ནམ་དུ་ཡང ། །དཀར་པོའི་ཆོས་དང་མི་འགྲོགས་པར། །རིགས་པར་བཅོམ་ལྡན་ཁྱོད་ཀྱིས་གསུངས། །དེས་ན་བཅོམ་ལྡན་བདག་གི་བླ། །ལྷའི་བུ་དགེ་བ་དང་མི་དགེ་བ་རིག་པས་གསོལ་པ། ཆོས་རྣམས་ཐམས་ཅད་མ་འདྲེས་པར། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་མཁྱེན། །ཀུན་ནས་ཉོན་མོངས་བརྟགས་པས་ན། །དཀར་པོའི་ཕྱོགས་ལས་འགྲིབ་པར་འགྱུར། །ལྷའི་བུ་ལམ་ལ་མཁས་པས་གསོལ་པ། །ཀུན་ནས་ཉོན་མོངས་སྤྱོད་པ་ལ། །དཀར་པོའི་ཕྱོགས་ནི་མི་འབྱུང་སྟེ། །དེ་ལྟར་འཚལ་བར་མ་གྱུར་ལ། །བར་ཆད་དུ་ནི་འགྱུར་བར་གསུངས། །ལྷའི་བུ་ཐར་པ་འདོད་ཀྱིས་གསོལ་པ། ། 81.130b ནག་པོའི་ཕྱོགས་ལ་བསྟེན་བགྱིད་ན། །ཐར་པར་འདོད་པ་མང་པོ་ཡི། །བར་དུ་གཅོད་པར་འགྱུར་ཞེས་གསུངས། །དེས་ན་རྒྱལ་ཁྱོད་ཐམས་ཅད་མཁྱེན། །ལྷའི་བུ་དག་པའི་སེམས་ཀྱིས་གསོལ་པ། །སེམས་གྲོལ་བགྱི་བར་གང་འཚལ་བས། །ཀུན་ནས་ཉོན་མོངས་ཤེས་བྱ་ཞེས། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་གསུངས། །དེ་ཁྱོད་འཇིག་རྟེན་མཆོད་རྟེན་ལགས། །ལྷའི་བུ་ཉོན་མོངས་མཐོང་གིས་གསོལ་པ། །ཀུན་ནས་ཉོན་མོངས་སྤྱོད་བགྱིད་ཅིང ། །ཀུན་ནས་ཉོན་མོངས་མ་འཚལ་ན། །དམ་པའི་ཆོས་ནི་ཤེས་མི་ནུས། །དེ་སྐད་བདེ་བར་གཤེགས་པས་གསུངས། །ལྷའི་བུ་སྡིག་མཐོང་གིས་གསོལ་པ། །སྡིག་པ་རྣམས་ལ་བསྟེན་བྱས་ཀྱང ། །དགེ་བ་མི་འགྲིབ་གང་སྨྲ་བ། །དེ་ནི་ཐར་ཆོས་སྐལ་མེད་ཅེས། །རྐང་གཉིས་དམ་པ་ཁྱོད་ཀྱིས་གསུངས། །ལྷའི་བུ་གདུལ་བར་བྱ་བས་གསོལ་པ། །ཆགས་པ་གདུལ་བར་གང་འདོད་དང ། །ཞེ་སྡང་གཏི་མུག་འདུལ་འདོད་པས། །ཐུབ་པའི་སྤོབས་པ་ཅི་འདྲ་བ། །དེ་ལྟ་བུར་ནི་ནན་ཏན་བགྱི། །ལྷའི་བུ་ཀུན་ནས་ཉོན་མོངས་པ་དག་པས་གསོལ་པ། །དག་དང་ཀུན་ནས་ཉོན་མོངས་པ། །མི་མཁས་གང་རྣམས་མི་ཤེས་པ། །དེ་དག་སྟོན་པ་སངས་རྒྱས་མིན། །དེ་སྐད་དྲང་སྲོང་མཆོག་གིས་གསུངས། །ལྷའི་བུ་ཐར་པ་ལ་བརྩོན་གྱིས་གསོལ་པ། །ཉོན་མོངས་འགྲིབ་པར་འགྱུར་བའི་ཆོས། །རྒྱལ་བ་ཡིས་ནི་གང་བསྟེན་པ། །དེ་བསྟན་ཉོན་མོངས་མི་ཟད་ཅེས། །ཁྱོད་ལ་རྒོལ་བ་ཡོང་མ་མཆིས། །ལྷའི་བུ་ཐར་པ་ལ་མངོན་པར་ཕྱོགས་པས་གསོལ་པ། །ཆོས་གང་ཉོན་མོངས་གང་གི་རྣམས། །ཟད་འགྱུར་ཐུབ་པས་བསྟན་པ་ལ། །ཡང་དག་བརྩོན་བྱས་མི་ཟད་ཅེས། །རྒོལ་བ་འདི་ནི་ཡོད་མི་དམིགས། །ལྷའི་བུ་རྣལ་འབྱོར་ལ་མངོན་པར་བརྩོན་པས་གསོལ་པ། །རྒྱལ་བ་ཁྱོད་ཀྱིས་ཉན་ཐོས་ལ། །གང་གི་དོན་དུ་ཆོས་བསྟན་པ། །དེ་བརྩོན་བགྱིས་པས་མི་འཐོབ་ཅེས། །འདི་ན་ཁྱོད་ལ་རྒོལ་མ 81.131a མཆིས། །ལྷའི་བུ་མི་འཇིགས་དཔལ་གྱིས་གསོལ་པ། །འདོད་ཆགས་སྤང་ཕྱིར་མི་སྡུག་པ། །བསྟན་ལ་ཡང་དག་བརྩོན་བགྱིས་ན། །འདོད་ཆགས་ཟད་པར་མི་འགྱུར་ཞེས། །ཁྱོད་ལ་རྒོལ་བ་ཡོང་མ་མཆིས། །ལྷའི་བུ་འགྲོ་བ་མེད་པ་རབ་ཏུ་ཤེས་ཀྱིས་གསོལ་པ། །ཤིན་དུ་བསྙེངས་པ་མི་མངའ་བས། །ཞེ་སྡང་སྤང་ཕྱིར་བྱམས་གསུངས་པ། །དེ་བསྒྲུབས་སེལ་བར་མི་འགྱུར་ཞེས། །དགྲ་འཇོམས་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་མིག་རྣམ་པར་དག་གིས་གསོལ་པ། །ཤེས་རབ་གཏི་མུག་སྤང་བའི་ཕྱིར། །གསུངས་པ་དེ་ལ་བསྟེན་བགྱིས་ཀྱང ། །གཏི་མུག་སེལ་བར་མི་འགྱུར་ཞེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་རྣམ་པར་རྟོག་པ་འཇོམས་ཀྱིས་གསོལ་པ། །རྣམ་པར་རྟོག་པའི་གཉེན་པོར་ནི། །དབུགས་དབྱུང་རྔུབ་པ་དྲན་གསུངས་པ། །དེ་ལ་བརྩོན་བགྱིས་མི་ཞི་ཞེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་མཚན་མ་མེད་པ་ལྷུར་ལེན་པས་གསོལ་པ། །ངའོ་སྙམ་པ་སྤང་སླད་དུ། །སྟོང་ཉིད་ཁྱོད་ཀྱིས་བཀའ་སྩལ་ཏེ། །དེས་ནི་དེ་ཞི་མི་འགྱུར་ཞེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་ངའོ་སྙམ་པའི་ང་རྒྱལ་སྤངས་ཀྱིས་གསོལ་པ། །ང་སྙམ་ང་རྒྱལ་སྤང་སླད་དུ། །མཚན་མ་མེད་པ་ཁྱོད་ཀྱིས་གསུངས། །བསྟེན་ཀྱང་ཞི་བར་མི་འགྱུར་ཞེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་སེམས་རྣམ་པར་དག་པས་གསོལ་པ། །ལྷག་པའི་བསམ་པས་དག་པ་ཡི། །ཉོན་མོངས་ཐམས་ཅད་འཇིག་པར་འགྱུར། །དེས་ནི་ཉོན་མོངས་མི་ཟད་ཅེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་འདུ་ཤེས་རྣམ་པར་བཤིག་གིས་གསོལ་པ། །ཕྱོགས་གང་གཉེན་པོའི་རྣམ་པ་དང ། །ཉོན་མོངས་ལམ་དང་ལམ་འཇུག་ལ། །འཇིགས་པ་མེད་པར་རྒོལ་བ་ནི། །ཐུབ་པ་ཆེན་པོ་མ་མཐོང་ངོ ། །ལྷའི་བུ་ཐ་སྙད་ཤིན་དུ་ཤེས་པས་གསོལ་པ། །བཅོམ་ལྡན་ཕྱོགས་དང་ཕྱོགས་མིན་དང ། །ཟད་དང་མ་ཟད་ཐ་སྙད་ཙམ། །འཇིགས་པ་མ་མཆིས་རྒོད་བགྱིད་པ། །ཐུབ་པ་དེ་ནི་མིང་ཙམ་མོ། ། 81.131b ལྷའི་བུ་ལུས་ཀྱི་ལས་དུལ་བས་གསོལ་པ། །མཁྱེན་པས་ཡོངས་སུ་མཁྱེན་གྱུར་ནས། །ཁྱོད་ཀྱི་སྐུའི་ཕྲིན་ལས་འཇུག་།ཐམས་ཅད་མ་ལུས་མཁྱེན་པས་ན། །དེས་ན་འདྲེན་པ་ཐམས་ཅད་མཁྱེན། །ལྷའི་བུ་ལུས་ཀྱི་ལས་ཡོངས་སུ་ཤེས་པས་གསོལ་པ། །སེམས་ཅན་རྣམས་ལ་ཐུགས་བརྩེ་བས། །དཔའ་བོ་ཁྱོད་སྐུའི་ཕྲིན་ལས་ནི། །མཐའ་དག་ཤིན་དུ་ངེས་པ་ལགས། །འཇིག་རྟེན་མགོན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ལུས་ཀྱི་ལས་ཤིན་དུ་ངེས་པས་གསོལ་པ། །སྐུའི་ཕྲིན་ལས་རབ་ངེས་པར། །ལུས་ཅན་ཀུན་ལ་སྨན་སླད་དུ། །འཇིག་རྟེན་སྒྲོན་མ་ཁྱོད་མཛད་དེ། །དེས་ན་ཁྱོད་ནི་གང་ཟག་མཆོག་།ལྷའི་བུ་ལུས་ཀྱི་ལས་ཀྱི་མཐའ་ཤིན་དུ་མཐོང་བས་གསོལ་པ། །སེམས་ཅན་ཀུན་ལ་སྨན་སླད་དུ། །འདྲེན་པ་ཐམས་ཅད་མཁྱེན་པ་ནི། །སྐུའི་ཕྲིན་ལས་དག་པ་དང ། །ལེགས་པར་ཡོངས་སུ་བརྟགས་དང་ལྡན། །ལྷའི་བུ་ལུས་ཀྱི་ལས་ཀྱི་མཐའ་ཤིན་དུ་མཉམ་པར་བཞག་པས་གསོལ་པ། །ཤིན་ཏུ་མཉམ་པར་བཞག་སྐུ་དང ། །སྐུ་ཡི་ཕྲིན་ལས་རྣམ་དག་དང ། །ལྡན་པར་སེམས་ཅན་བདེ་དོན་དུ། །གང་ཟག་མཆོག་ནི་སྤྱོད་པར་མཛད། །ལྷའི་བུ་ཚིག་གྲུབ་ཀྱིས་གསོལ་པ། །སྙན་ཅིང་ཡོན་ཏན་ལྡན་པ་དང ། །རྩུབ་པ་ཡོངས་སུ་སྤངས་པའི་གསུངས། །མཁྱེན་པས་ཤིན་དུ་ཡོངས་བརྟགས་ཤིང ། །མགོན་པོ་ཁྱོད་ནི་གསུང་བ་མཛད། །ལྷའི་བུ་དུས་སུ་སྨྲས་པས་གསོལ་པ། །དུས་སུ་དོན་དང་ལྡན་པ་དང ། །དོན་མེད་ཡོངས་སུ་སྤངས་པའི་གསུང ། །གསུང་བར་འོས་དང་བླང་འོས་པ། །འདྲེན་པ་ཁྱོད་ནི་གསུང་བ་མཛད། །ལྷའི་བུ་སྡུམ་སྲ་བྱེད་བློ་གྲོས་ཀྱིས་གསོལ་པ། །དབྱེན་དུ་འགྱུར་བ་ཡོངས་སྤངས་ཏེ། །འདུམ་པར་འགྱུར་དང་ཡིད་འོང་བ། །དབྱེན་མེད་འབྲས་བུ་རྣམ་པར་སྨིན། །སྔོན་ཆད་ཁྱོད་ཀྱིས་གསུང་དུ་བརྗོད། །ལྷའི་བུ་མི་སླུ་བས་གསོལ་པ། །སྲོག་གི་དོན་དུ་འང་ཁྱོད་ཀྱིས་ནི། །སྲིད་པ་རྣམས་སུ་བརྫུན་མ་གསུངས། །དེ་བས་ཁྱོད་ཀྱི་གྲགས་པ་ཀུན། ། 81.132a འཇིག་རྟེན་དག་ན་ཐོགས་མ་མཆིས། །ལྷའི་བུ་ཡང་དག་པར་སྨྲ་བས་གསོལ་པ། །འདི་ལྟར་འགྲོ་བ་ཐམས་ཅད་ཀྱང ། །སངས་རྒྱས་ཆོས་རྣམས་བཙལ་སླད་དུ། །ཐུབ་པའི་གསུང་ལ་བསྟོད་པ་ནི། །ཡང་དག་གསུངས་པའི་རྒྱུ་འཐུན་ལགས། །ལྷའི་བུ་ཡང་དག་པའི་མཐའ་ལས་ངེས་པར་བྱུང་གིས་གསོལ་པ། །མི་མཆོག་ཁྱོད་ཀྱིས་བདེན་པ་ཡིས། །རྫོགས་པའི་བྱང་ཆུབ་འདི་བསྒྲུབས་ཏེ། །ཆོས་ཀྱི་ཡང་དག་རང་བཞིན་ཡང ། །རྐང་གཉིས་དམ་པ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ཡང་དག་པ་རྟུལ་པས་གསོལ་པ། །འདུས་བྱས་དག་གི་ཆོས་ཀྱི་རྣམས། །ཡང་དག་ཇི་བཞིན་བལྟ་བ་དང ། །ཆོས་རྣམས་ཡང་དག་མཚན་ཉིད་ཀྱང ། །མི་ཡི་དབང་པོས་རབ་ཏུ་མཁྱེན། །ལྷའི་བུ་ལས་ལ་རྟོག་པས་གསོལ་པ། །ཡེ་ཤེས་ཡོངས་སུ་དག་པ་ཡིས། །བདག་ཉིད་དང་ནི་གཞན་དག་གི་།ཚིག་གི་ལས་ཀྱང་རབ་ཏུ་མཁྱེན། །དེས་ན་རྒྱལ་བ་མཉམ་མ་མཆིས། །ལྷའི་བུ་ཡིད་ལ་རྟོག་པས་གསོལ་པ། །མི་ཡི་དབང་པོའི་ཐུགས་ཀྱི་ལས། །ཇི་སྙེད་གང་དག་འཇུག་པ་ནི། །དེ་དག་འགྲོ་ལ་ཐུགས་རྗེས་འཇུག་།འགྲོ་ཕན་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཡིད་ཀྱི་རྣམ་པར་རྟོག་པ་ལ་མཁས་པས་གསོལ་པ། །འགྲོ་ལ་ཐུགས་རྗེ་སྐྱེད་ནས་ནི། །གང་ལ་ཁྱོད་ནི་སྤྱོད་མཛད་པ། །དེ་ལ་ཐུགས་ནི་དུལ་བར་འགྱུར། །འགྲོ་ཕན་ཁྱོད་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ཐབས་ལ་མཁས་པས་གསོལ་པ། །འགྲོ་བའི་བསམ་པ་རྣམ་དཔྱད་ནས། །རྣམ་འདྲེན་ཐུགས་ཀྱི་ཕྲིན་ལས་འཇུག་།ཐུབ་པ་ཡེ་ཤེས་སྣ་ཚོགས་ནི། །མཁྱེན་བཞིན་ཀུན་དུ་རབ་ཏུ་འཇུག་།ལྷའི་བུ་ཡིད་རྣམ་པར་བཤིག་གིས་གསོལ་པ། །སངས་རྒྱས་ས་དང་ཡིད་ཀྱི་ལས། །སེམས་ཅན་ཐུགས་རྗེས་གཟིགས་པས་འབྱུང ། །སངས་རྒྱས་ཉིད་ལ་ཡེ་ཤེས་ཐབས། །རང་བཞིན་མེད་པར་རབ་ཏུ་མཁྱེན། །ལྷའི་བུ་འདས་པ་ལ་མཁས་པས་གསོལ་པ། །སྦྱིན 81.132b དང་ཚུལ་ཁྲིམས་བཟོད་པ་དང ། །བརྩོན་འགྲུས་བསམ་གཏན་དག་ལ་ཡང ། །གང་གིས་གང་ལ་སྔོན་སྤྱད་པ། །སྔོན་གྱི་དུས་ཀྱང་རབ་ཏུ་མཁྱེན། །ལྷའི་བུ་འདས་པ་ལ་རྟོག་པས་གསོལ་པ། །བྱང་ཆུབ་མཆོག་ནི་ཚོལ་མཛད་ཅིང ། །གང་དུ་ཁྱོད་ཀྱིས་སྔོན་སྤྱད་པ། །སྔོན་གྱི་སྤྱོད་པ་ཡོངས་བརྟགས་ནས། །སངས་རྒྱས་བྱེ་བ་རབ་ཏུ་མཁྱེན། །ལྷའི་བུ་སྔོན་གྱི་ཚུལ་ཕུན་སུམ་ཚོགས་པས་གསོལ་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །གང་དུ་ཁྱོད་ཀྱིས་སྔོན་སྤྱད་པ། །སྔོན་གྱི་ཚུལ་ནི་དགོངས་མཛད་ཀྱང ། །ཁྱོད་ཀྱི་ཐུགས་ཡིད་ཐོགས་མི་མངའ། །ལྷའི་བུ་སྔོན་གྱི་ཚུལ་ལ་ཡོངས་སུ་རྟོག་པས་གསོལ་པ། །སངས་རྒྱས་མང་ལས་བྱུང་བ་ཡི། །ཏིང་འཛིན་མངོན་པར་བསྒྲུབ་བྱ་བ། །སངས་རྒྱས་བྱེ་བ་གྲངས་མེད་ལ། །རྣམ་པར་འདྲེན་པ་ཁྱོད་ཀྱིས་ཞུས། །ལྷའི་བུ་སྔོན་གྱི་སྦྱོར་བ་ལས་ངེས་པར་བྱུང་གིས་གསོལ་པ། །སྔོན་གྱི་སངས་རྒྱས་དྲུང་དག་ཏུ། །གྲངས་མེད་དཔག་ཏུ་མེད་པ་ཡི། །ཏིང་འཛིན་སྒོ་དག་འདྲེན་པ་ཡིས། །ཞུས་ཤིང་བསྒོམ་པ་མཛད་པར་འགྱུར། །ལྷའི་བུ་སྔོན་གྱི་གནས་ལ་རྟོག་པས་གསོལ་པ། །འཁོར་བའི་ཉེས་པ་རབ་མང་དང ། བཀུར་སྟི་རྣམ་པ་སྣ་ཚོགས་དག་།གཟིགས་པས་སེམས་ཅན་རྣམས་ལ་སྟོན། །སེམས་ཅན་ལོང་བ་རྣམས་ཀྱང་འགྲེལ། །ལྷའི་བུ་སྔོན་གྱི་དུས་ན་འཕྲུལ་བས་གསོལ་པ། །གཞན་དང་གཞན་དག་ཟོས་ཤིང་འཚལ། །རྩེ་ཞིང་རབ་ཏུ་དགའ་བ་བགྱིས། །གནོད་པ་མི་བཟད་བགྱིས་པ་དག་།གཞན་དང་གཞན་ཡང་ཁྱོད་ཀྱིས་གཟིགས། །ལྷའི་བུ་སྔོན་གྱི་སྤྱོད་པས་ཡང་དག་པར་བྱུང་བས་གསོལ་པ། །ཐམས་ཅད་མཁྱེན་པ་འགྲོ་རྟོགས་པ། །ཁྱོད་ཀྱི་ཡེ་ཤེས་འདས་དུས་ཀྱི། །ལས་དང་བསམ་གཏན་སྙོམས་འཇུག་དང ། །འགྲོ་བ་རྣམས་ལ་ཐོགས་མ་མཆིས། །ལྷའི་བུ་ཕྱི་མའི་མཐའ་ལ་མཁས་པས་གསོལ་པ། །འདྲེན་པ་ཁྱོད་ཀྱི་མཁྱེན་པ་ནི། །མ་འོངས་དུས་ཀྱི་འཆི་འཕོ་དང ། །སྐྱེ་དང་ལས་ཀྱི 81.133a རྣམ་སྨིན་ལ། །ཐོགས་པར་འགྱུར་བ་མ་མཆིས་སོ། །ལྷའི་བུ་མ་འོངས་པའི་སྤྱོད་ཡུལ་གྱིས་གསོལ་པ། །བརྟེན་པ་འགྲོ་བ་མཁས་ཁྱོད་ཀྱི། །མཁྱེན་པ་ཕྱི་དུས་སེམས་ཅན་གྱི། །བསམ་དང་ལས་ཀྱི་འབྲས་བུ་དང ། །འགྲོ་བ་རྣམས་ལ་ཐོགས་མ་མཆིས། །ལྷའི་བུ་སྲིད་པ་ལས་བསྐྱོད་ཀྱིས་གསོལ་པ། །ཁམས་རྣམས་གསུམ་པོ་འདི་དག་དང ། །དུས་གསུམ་ཀུན་ལ་མཁས་ཁྱོད་ཀྱི། །ཡེ་ཤེས་མཆོག་ནི་མི་ཆགས་ཏེ། །སྲིད་པའི་སྤྱོད་ཡུལ་ཁྱོད་ཀྱིས་མཁྱེན། །ལྷའི་བུ་ཐ་སྙད་ལ་སྤྱོད་པས་གསོལ་པ། །ལས་དང་སེམས་ཅན་འགྲོ་བ་དང ། །རྣམ་པར་སྨིན་པ་མྱོང་བ་དག་།དེ་དག་ཐམས་ཅད་མིང་ཙམ་དུ། །རྐང་གཉིས་དམ་པ་བསྟན་པ་མཛད། །ལྷའི་བུ་ད་ལྟར་བྱུང་བ་ལ་ཡང་དག་པར་རྟོག་པས་གསོལ་པ། །དཔའ་བོ་ཁྱོད་ཀྱི་མཁྱེན་པ་ནི། །ད་ལྟ་བྱུང་ལ་ཐོགས་མ་མཆིས། །གྲངས་མེད་སངས་རྒྱས་ཞིང་རྣམས་ནི། །འཇིག་རྟེན་མགོན་པོས་རབ་ཏུ་མཁྱེན། །ལྷའི་བུ་ད་ལྟར་བྱུང་བ་ལ་རྣམ་པར་དཔྱོད་པས་གསོལ་པ། །མི་ཡི་དབང་པོས་རྣམ་དཔྱད་ནས། །བྱིས་པའི་བློ་གྲོས་རྨོངས་བགྱིད་པ། །དུས་གསུམ་དངོས་པོ་མ་མཆིས་པར། །ངེས་པར་མཉམ་པ་ཉིད་དུ་གཟིགས། །ལྷའི་བུ་མི་གནས་པའི་བློ་གྲོས་ཀྱི་གསོལ་པ། །དུས་གསུམ་གནས་པ་མ་མཆིས་ཤིང ། །ངོ་བོ་ཉིད་ལ་མི་གནས་ཏེ། །དངོས་པོ་ཐམས་ཅད་དངོས་མེད་པར། །རྣམས་པར་འདྲེན་པ་ཁྱོད་ཀྱིས་གཟིགས། །ལྷའི་བུ་དུས་གསུམ་མངོན་པར་བསྐུལ་བས་གསོལ་པ། །འདས་པ་དག་དང་མ་འོངས་དང ། །ད་ལྟར་བྱུང་བའི་ཕུང་པོ་རྣམས། །མ་མཆིས་དངོས་པོ་མ་མཆིས་པར། །སྐྱེས་བུ་དམ་པས་བསྟན་པ་མཛད། །ལྷའི་བུ་ཆགས་མེད་ཡིད་ཀྱིས་གསོལ་པ། །དུས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་པོ་མཆིས་པར་མ་བསྟན་ཏེ། །སྒྱུ་མ་སྨིག་སྒྱུ་མིག་གཡོར་དང ། །བྲག་ཅ་ལྟ་བུར་ཁྱོད་ཀྱིས་བསྟན། །ལྷའི་བུ་དུས་གསུམ་དཔོག་གིས་གསོལ་པ། །འདྲེན་པ་ཁྱོད་ཀྱི་མཁྱེན་པ་ནི། །དུས་གསུམ་པོ་དག་ཀུན་དུ་ཡང ། །སྒྱུ་མ་ལྟ་བུར་མཁྱེན་པས་ན། །ཁྱོད་ཀྱི་དབང་པོ་ཆགས་མི་མངའ། །ལྷའི་བུ་མོས་པ 81.133b ཡོངས་སུ་རིག་པར་བྱེད་ཀྱིས་གསོལ་པ། །གང་གི་ནུབ་མོ་དཔའ་ཁྱོད་ཀྱི། །བྱང་ཆུབ་མངོན་དུ་བགྱིས་གྱུར་པ། །དེ་དུས་ཚུན་ཆད་མོས་པ་ལ། །བྲི་བར་གྱུར་པར་ཡོང་མི་གདའ། །ལྷའི་བུ་མོས་པ་ཡང་དག་ཐོབ་ཀྱིས་གསོལ་པ། །འཇིག་རྟེན་སྒྲོན་མའི་མོས་པ་ནི། །བར་དུ་རྒྱུན་ཆད་མི་འགྱུར་ཏེ། །རྟག་པར་ཁྱོད་ཀྱི་མོས་པ་དེས། །ཁྱོད་ཀྱི་སྲས་རྣམས་མོས་པ་ཆེ། །ལྷའི་བུ་མོས་པས་མངོན་འཕགས་ཀྱིས་གསོལ་པ། །ཆབ་ལས་པད་མ་ཇི་བཞིན་དུ། །ཁྱོད་ནི་མོས་པས་མངོན་དུ་འཕགས། །འཇིག་རྟེན་དག་གིས་མི་གོས་ཏེ། །པད་མ་ཆབ་ཀྱིས་ཇི་བཞིན་ནོ། །ལྷའི་བུ་མོས་པས་ཡོངས་སུ་གྲོལ་གྱིས་གསོལ་པ། །འཇིག་རྟེན་མགོན་དང་མོས་པ་ནི། །ཆོས་ཀྱི་དབྱིངས་ཤེས་བརྗོད་པ་སྟེ། །གཉིས་མེད་གཉིས་སུ་བགྱིད་མ་མཆིས། །སྨད་པ་མེད་པ་ཁྱོད་ཀྱིས་གཟིགས། །ལྷའི་བུ་བརྩོན་འགྲུས་ཡང་དག་ཐོབ་ཀྱིས་གསོལ་པ། །གཟི་བརྗིད་ཆེན་པོ་བརྩོན་འགྲུས་ཀྱིས། །བྱང་ཆུབ་ཡང་དག་བརྙེས་པར་གྱུར། །མཛད་པ་མཛད་ཀྱང་མགོན་པོ་ཁྱོད། །བརྩོན་འགྲུས་བཏང་བ་ཡོང་མ་མཛད། །ལྷའི་བུ་དྲན་པ་ཕུན་སུམ་ཚོགས་པས་གསོལ་པ། །དཔའ་བོ་ཆེན་པོའི་དགོངས་པ་ནི། །ཐམས་ཅད་ཀུན་ཀྱི་རྗེས་སུ་འཇུག་།མཛད་པ་མཛད་ཀྱང་མགོན་པོ་ཁྱོད། །དགོངས་པ་བྲི་བ་ཡོད་མ་མཆིས། །ལྷའི་བུ་སེམས་མཉམ་པར་བཞག་པས་གསོལ་པ། །མགོན་པོ་རྟག་ཏུ་མཉམ་བཞག་སྟེ། །སེམས་ཅན་རྣམས་ཀྱི་སྤྱོད་པ་མཁྱེན། །འདྲེན་པ་སྤྱོད་པའི་དབང་གིས་ནི། །སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན། །ལྷའི་བུ་ཤེས་རབ་ལྷུར་ལེན་གྱིས་གསོལ་པ། །འཇིག་རྟེན་སྒྲོན་མར་གྱུར་ཁྱོད་ཀྱི། །ཡེ་ཤེས་རྒྱ་མཚོའི་མཐའ་མ་ནི། །བསྐལ་པ་བྱེ་བར་བརྗོད་བགྱིས་ཀྱང ། །སངས་རྒྱས་རྣམས་ཀྱིས་བཤད་མི་སྤྱོད། །ལྷའི་བུ་རྣམ་པར་གྲོལ་བ་ལ་མཁས་པས་གསོལ་པ། །རྣམ་པར་གྲོལ་དང་མ་གྲོལ་བ། །གང་སླད་ཁྱོད་ཀྱིས་མ་བརྙེས་པས། །མཚུངས་པ་མེད་པ་ཁྱོད་ལ་ནི། །རྣམ་གྲོལ་ཡོངས་སུ་ཉམས་མི་མངའ། །ལྷའི་བུ་རྣམ་པར་གྲོལ་བའི་ཡེ་ཤེས་ལ་བརྩོན་པས་གསོལ་པ། །ཐུབ་པ་ཁྱོད་ནི་རྣམ་གྲོལ་ནས། ། 81.134a ངོ་བོ་ཉིད་མེད་མཁྱེན་པས་ན། །རྣམ་གྲོལ་ཡེ་ཤེས་གཟིགས་པ་ནི། །ཡང་དག་མཁྱེན་པ་ཉམས་མི་མངའ། །ལྷའི་བུ་སྔོན་གྱི་སྲིད་པ་རྣམ་པར་དཔྱོད་ཀྱིས་གསོལ་པ། །མར་མེ་མཛད་པ་ཚུན་ཆད་དུ། །དཔའ་བོ་ཡང་དག་གཟིགས་ཁྱོད་ཀྱི། །སྤྱོད་ལ་འཁྲུལ་པ་མི་མངའ་སྟེ། །དེས་ན་སངས་རྒྱས་ལགས་ཤེས་བསྟོད། །ལྷའི་བུ་ཟབ་མོ་ལ་སྤྱོད་པས་གསོལ་པ། །སྲོག་ཆགས་གཞན་དག་ཇི་བཞིན་དུ། །བདེ་གཤེགས་ཁྱོད་ལ་ཆགས་མི་མངའ། །ཆོས་ཀྱི་རང་བཞིན་མཁྱེན་པས་ན། །རང་བཞིན་དེ་ལ་རྨོངས་མི་མངའ། །ལྷའི་བུ་བློ་གྲོས་ཡངས་པས་གསོལ་པ། །ཐམས་ཅད་མཁྱེན་པ་ཁྱོད་ལ་ནི། །རྣམ་པ་ཀུན་དུ་བསྙེལ་མི་མངའ། །མགོན་པོའི་དགོངས་པ་ཉེར་བཞག་པས། །ཐུབ་པ་འབྲུ་མར་སྣོད་དང་འདྲ། །ལྷའི་བུ་སེམས་གཡེང་བ་མེད་ཀྱིས་གསོལ་པ། །འཇིག་རྟེན་སྒྲོན་མ་ཁྱོད་ལ་ནི། །མཉམ་པར་མ་བཞག་སེམས་མི་མངའ། །མ་འདྲེས་སངས་རྒྱས་ཆོས་ཀྱི་རྣམས། །སྲོག་ཆགས་ཀུན་གྱིས་ཤེས་པར་དཀའ། །ལྷའི་བུ་ཡེ་ཤེས་ལ་རབ་ཏུ་གནས་ཀྱིས་གསོལ་པ། །བདེ་བར་གཤེགས་པ་ཁྱོད་ལ་ནི། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །མི་ཡི་དབང་པོའི་སངས་རྒྱས་ཆོས། །མ་འདྲེས་པ་ནི་བསམ་མི་ཁྱབ། །ལྷའི་བུ་ཐམས་ཅད་ཟིལ་གནོན་གྱིས་གསོལ་པ། །སྐྱེས་བུ་ཁྱུ་མཆོག་ཁྱོད་ལ་ནི། །འཇིག་རྟེན་གསུམ་ན་མཚུངས་མ་མཆིས། །ཐམས་ཅད་མཁྱེན་པ་མ་ཕམ་པ། །ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་མཁྱེན། །ལྷའི་བུ་སྙིང་པོ་བླངས་པས་གསོལ་པ། །སེམས་ཅན་སྙིང་པོ་བླ་ན་མེད། །ཆོས་རྣམས་ཀུན་ལ་འཇིགས་མི་མངའ། །སངས་རྒྱས་ཀུན་དང་མཉམ་བརྙེས་པ། །སངས་རྒྱས་བྱང་ཆུབ་ཕྱག་འཚལ་ལོ། །གནས་གཙང་མའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་དེའི་ཚེ་གཞན་མུ་སྟེགས་ཅན་སྤྱོད་པ་ཅན་དང ། ཀུན་དུ་རྒྱུ་དྲུག་ཁྲིས་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། ཀླུའི་བུ་མོ་དང ། ཀླུ་དང ། གྲུལ་བུམ་དང ། དྲི་ཟ་དང ། གནོད་སྦྱིན་དང ། མིའམ་ཅི་དང ། ཕྲེང་ལྡན་གླང་པོ་ཅན་དང ། རྒྱལ་ཆེན་བཞིའི་རིས་དང ། 81.134b སུམ་བཅུ་རྩ་གསུམ་དང ། །འཐབ་བྲལ་དང ། །དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དང ། ཚངས་པ་དང ། འོད་གསལ་དང ། དགེ་རྒྱས་དང ། འབྲས་བུ་ཆེ་བའི་ལྷ་དག་གི་མཆོད་པ་ཡང་མཐོང ། ལུང་བསྟན་པ་ཡང་ཐོས། གནས་གཙང་མའི་རིས་ཀྱི་ལྷ་དག་གིས་བསྟོད་པ་བརྗོད་པ་ཡང་ཐོས་ནས་ངོ་མཚར་ཐོབ་པར་འགྱུར་ཏེ་ཆོས་ཀྱི་ཚུལ་ལ་འཇུག་པ་འདི་ཐོས་ནས་འདི་ལྟར་སྔན་ཆད་མ་ཐོས་པའི་ཆོས་ཀྱི་ཚུལ་ཐོས་པས་ཡིད་གཉིས་སུ་གྱུར། ནེམ་ནུར་དང ། ཐེ་ཚོམ་ཟ་བར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་སྔན་ཆད་མ་ཐོས་པའི་ཆོས་བསྟན་པ་འདི་ཐོས་ནས་བདག་ཅག་ནི་ཀུན་དུ་རྒྱུའི་གནས་ཀྱང་མི་འཚལ། །ཁྱིམ་གྱི་གནས་ཀྱང་མི་འཚལ་བར་གྱུར་ཅིང་འདི་ལྟར་སྔོན་ཆད་མ་ཐོས་པའི་ཆོས་ཀྱི་ཚུལ་འདི་ཐོས་ནས་ཆོས་འདི་ལ་ནེམ་ནུར་དང་ཐེ་ཚོམ་དུ་གྱུར་ཏེ། སེམས་དང་བར་ཡང་མ་གྱུར་མོད་ཀྱི། འོན་ཀྱང་དགེ་སྦྱོང་གཽ་ཏ་མ་ཁྱོད་ལ་བདག་ཅག་ཡིད་ཆེས་པ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དགེ་སྦྱོང་གཽ་ཏ་མ་ཁྱོད་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མངོན་པར་མཛད་དེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་མཛད་པས་བདག་ཅག་གིས་ལྷའི་འཁོར་རྒྱ་ཆེན་པོ་འདི་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་ཕལ་ཆེར་གཽ་ཏམ་མ་ཁྱོད་ཀྱི་ལེགས་པར་གསུངས་པ་འཚལ་ཞིང་ཡི་རངས་པར་གྱུར་བ་མཐོང་སྟེ། དེས་བདག་ཅག་དགེ་སྦྱོང་གཽ་ཏ་མ་ཁྱོད་ལ་དད་པ་མཆིས་པར་གྱུར་ཏོ། །ཀྱེ་གཽ་ཏ་མ་གང་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ་ཞེས་སྨྲས་པ་དེ་ལ་ཇི་ལྟར་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་སྙམ་དུ་བདག་ཅག་ཐེ་ཚོམ་ཆེར་འཚལ་ལོ། །དགེ་སྦྱོང་གཽ་ཏ་མ་ཁྱོད་ནི་ཅི་ནས་བདག་ཅག་ལེགས་པར་བཤད་པའི་དོན་དེ་རྟོགས་ནས་མུན་པ་མེད་པར་གྱུར་ཏེ། སྟན་འདི་ལས་ལྡང་བར་འགྱུར་བ་དེ་ལྟར་བདག་ཅག་ལ་ཆོས་སྟོན་སྤྱོད་དོ་སྙམ་སྟེ། །བདག་ཅག་དགེ་སྦྱོང་གཽ་ཏ་མ་ཁྱོད་ལ་དེ་ལྟར་མངོན་པར་དད་པར་གྱུར་ཏོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན 81.135a སྤྱོད་པ་ཅན་དང ། ཀུན་དུ་རྒྱུ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དུ་རྒྱུ་དག་དེའི་ཕྱིར་ཁྱེད་ཉིད་ལ་དྲིས། །ཁྱེད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཤིག་།དགེ་སྦྱོང་གཽ་ཏ་མ་ལེགས་སོ་ཞེས་གསོལ་ཏེ། །ཀུན་དུ་རྒྱུ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དུ་རྒྱུ་དག་ཁྱེད་ཀྱིས་ཇི་ལྟར་མངལ་དུ་འཇུག་པ་ཤེས་སམ། །དེ་དག་གིས་གསོལ་པ། ཀྱེ་གཽ་ཏ་མ་བདག་ཅག་གིས་བསྟན་བཅོས་ལས་ཐོས་ན་གསུམ་འདུས་ནས་མངལ་དུ་འཇུག་པར་འགྱུར་ཏེ། གང་འདི་ཕ་དང་མ་གཉིས་ཀྱང་ཚོགས་པ་དང ། ཆགས་པར་ཡང་གྱུར་པ་དང ། ཆགས་ནས་ཀྱང་འདོད་པའི་རྣམ་པར་རྟོག་པ་རྣམས་ཀྱིས་རྣམ་པར་བརྟགས་པས་འདོད་ཆགས་ཀྱང་བྱུང་བ་དེའི་ཚེ་མངལ་དུ་འཇུག་པར་འགྱུར་རོ་ཞེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀུན་དུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། །ཕ་དང་མ་གཉིས་རྣམ་པར་རྟོག་པའི་ཚེ་འདོད་ཆགས་དེ་མའི་སེམས་ལས་བྱུང་ངམ་གསོལ་པ། ཀྱེ་གཽ་ཏ་མ་མ་ལགས་སོ། །མའི་རྣམ་པར་རྟོག་པ་ལས་བྱུང་ངམ། ཀྱེ་གཽ་ཏ་མ་མ་ལགས་སོ། །དེ་ཕའི་སེམས་ལས་བྱུང་ངམ། །ཀྱེ་གཽ་ཏ་མ་མ་ལགས་སོ། །ཕའི་རྣམ་པར་རྟོག་པས་ལས་བྱུང་ངམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཀུན་དུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། ཕའི་འདོད་ཆགས་གང་ཡིན་པ་དེ་མའི་མངལ་དུ་ཞུགས་སམ། ཀྱེ་གཽ་ཏ་མ་དེ་ནི་མ་ལགས་སོ། །ཀུན་དུ་རྒྱུ་དག་འདི་ཇི་སྙམ་དུ་སེམས། ཕའི་སེམས་གང་ཡིན་པ་དེ་མའི་མངལ་དུ་ཞུགས་སམ། ཀྱེ་གཽ་ཏ་མ་དེ་ནི་མ་ལགས་སོ། །ཀུན་དུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། ཕའི་ཀུན་དུ་རྟོག་པ་དེ་མའི་མངལ་དུ་ཞུགས་སམ། ཀྱེ་གཽ་ཏ་མ་དེ་ནི་མ་ལགས་སོ། །ཀུན་དུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། མངལ་ན་གནས་པ་དེ་ལྷ་ལས་ཤི་འཕོས་ཏེ་མའི་མངལ་དུ་ཞུགས་སམ། ཀྱེ་གཽ་ཏ་མ་མ་འཚལ་ཏོ། །ཀུན་དུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། མངལ་ན་གནས་པ་དེ་མི་དང ། ལྷ་མ་ཡིན་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། 81.135b གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་ཏེ་མའི་མངལ་དུ་ཞུགས་སམ། ཀྱེ་གཽ་ཏ་མ་མ་འཚལ་ཏོ། །ཀུན་དུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། །མངལ་ན་གནས་པ་དེ་གཟུགས་ཡོད་པ་འམ། གཟུགས་མེད་པ་ཞིག་མའི་མངལ་དུ་ཞུགས་སམ། ཀྱེ་གཽ་ཏ་མ་མ་འཚལ་ཏོ། །ཀུན་དུ་རྒྱུ་འདི་ལ་ཇི་སྙམ་དུ་སེམས། །གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་སམ། ཀྱེ་གཽ་ཏ་མ་མ་འཚལ་ཏོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དུ་རྒྱུ་དག་ཆོས་འདི་ནི་ཟབ་ཅིང་ཕྲ་སྟེ། མཁས་པ་ཤེས་པ་བློ་དང་ལྡན་པས་རིས་པར་བྱ་བ་ཡིན་ཏེ། བརྟག་ཏུ་མེད་ཅིང་བརྟག་པའི་ཡུལ་མ་ཡིན་ལ། བལྟ་དཀའ་ཞིང་ཤེས་པར་དཀའ་བས་དེ་ནི་ཁྱེད་ཡུན་རིང་པོར་གཞན་དུ་བལྟས་པ། གཞན་དུ་མོས་པ། གཞན་དུ་དད་པ། གཞན་དུ་བརྩོན་པ། གཞན་དུ་ལྟ་བའི་གནས་ལ་གནས་པ་རྣམས་ཀྱིས་ཤེས་པར་མི་ནུས་མོད་ཀྱི། ཀུན་དུ་རྒྱུ་དག་འོན་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཚུལ་དང་འདྲ་བའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཆོས་ཟབ་མོ་རྣམས་ལ་མིག་སྐྱེ་བར་འགྱུར་ཏེ། ཀུན་དུ་རྒྱུ་དག་འདི་ལྟ་སྟེ། དཔེར་ན་མི་མིག་གི་དབང་པོ་ཉམས་པ་ནི་དེའི་ཚུལ་དང་འདྲ་བའི་གསོ་བ་བྱེད་པ་དགེ་བའི་བཤེས་གཉེན་ལ་བརྟེན་ན་ཚེ་འདི་ཉིད་ལ་མིག་ཡོངས་སུ་དག་པར་འགྱུར་ཏེ། མིག་དེས་ཀྱང་ཚེ་འདི་ཉིད་ལ་གཟུགས་རྣམས་མཐོང་བར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་མིག་ཉམས་པར་གྱུར་པས་ཚུལ་དང་འདྲ་བའི་དགེ་བའི་བཤེས་གཉེན་ལ་བརྟེན་ན་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་ཏེ། དེས་ཀྱང་ཆོས་ཟབ་མོ་རྣམས་མཐོང་བར་འགྱུར་རོ། །ཀུན་དུ་རྒྱུ་ཁྱེད་ཀྱང་ཡུན་རིང་པོ་ནས་གཞན་དུ་བལྟས་པ། སྔོན་ལོག་པའི་གདམས་ངག་གིས་བསླུས་པ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ། ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས 81.136a པ་འབྱུང་བ་མ་ཡིན་པ་ལ་འབྱུང་བར་འདུ་ཤེས་པ། ཆུད་ཟོས་པ་རྣམས་ཀྱིས་ཆུད་གཟན་པ་ཡིན་ཏེ། ཀུན་དུ་རྒྱུ་དག་འདི་ལྟ་སྟེ། དཔེར་ན་ལོང་བའི་དམིགས་བུ་ལོང་བས་བྱས་ན། གང་འདི་བཀྲི་བ་དང ། ཁྲིད་པ་དེ་གཉིས་ག་ཡང་ཚུལ་མ་ཡིན་པར་སྡུག་བསྔལ་ཐོབ་པར་འགྱུར་བར་ཤེས་པར་བྱའོ། །ཀུན་དུ་རྒྱུ་དག་དེ་བཞིན་དུ་དགེ་སྦྱོང་ངམ། །བྲམ་ཟེ་གང་ལ་ལ་སྟོན་པ་མ་ཡིན་པར་བདག་ཅག་ནི་སྟོན་པ་ཡིན་ནོ་ཞེས་ཁས་འཆེ་བ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་བདག་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཁས་འཆེ་བ་དང ། འབྱུང་བ་ལ་མཁས་པ་མ་ཡིན་པར་བདག་ཅག་ནི་འབྱུང་བ་ལ་མཁས་པའོ་ཞེས་ཁས་འཆེ་བ་དང ། འབྱུང་བ་མཐོང་བ་མ་ཡིན་པར་བདག་ཅག་ནི་འབྱུང་བ་མཐོང་བ་ཡིན་ནོ་ཞེས་ཁས་འཆེ་བ་དང ། མུ་སྟེགས་བྱེད་པ་མ་ཡིན་པར་བདག་ཅག་ནི་མུ་སྟེགས་བྱེད་པ་ཡིན་ནོ་ཞེས་ཁས་འཆེ་བ་ཡིན་ཏེ། དེ་དག་སྟོན་པ་མ་ཡིན་པར་སྟོན་པའོ། །ཞེས་ཁས་འཆེ་ཞིང་གང་རྗེས་སུ་སྟོན་པ་དེ་ནི་ལོག་པར་རྗེས་སུ་སྟོན་པར་འགྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་གང་ཁོང་དུ་ཆུད་པར་བྱེད་པ་དེ་ནི་ལོག་པར་ཁོང་དུ་ཆུད་པར་བྱེད་པར་འགྱུར། གང་འབྱུང་བ་ལ་མཁས་པ་མ་ཡིན་པར་གང་འབྱིན་པ་དེ་ནི་ལོག་པར་འབྱིན་པར་འགྱུར། འབྱུང་བ་མཐོང་བ་མ་ཡིན་པར་གང་འབྱུང་བ་སྟོན་པ་དེ་ནི་ལོག་པར་སྟོན་པར་འགྱུར། མུ་སྟེགས་བྱེད་པ་མ་ཡིན་པར་གང་སྒྲོལ་བར་ནི་ལོག་པར་སྒྲོལ་བར་འགྱུར་ཏེ། དེ་དག་ནི་ཚུལ་མ་ཡིན་པར་སྡུག་བསྔལ་ཐོབ་པར་འགྱུར་རོ། །ཀུན་དུ་རྒྱུ་དག་འདི་ལྟ་སྟེ། དཔེར་ན་པ་ལང་རྫི་རབ་ཀ་ལ་མཁས་པ་མ་ཡིན་པས་རབ་ཀ་མ་ཡིན་པར་བ་ལང་བསྒྲལ་ན། དེའི་བ་ལང་དེ་དག་གིས་ཕ་རོལ་དང་ཚུ་རོལ་གྱི་འགྲམ་མ་རྙེད་ནས་འཁྱིལ་ཏེ། དེ་ཉིད་དུ་ཚུལ་མ་ཡིན་པར་སྡུག་བསྔལ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བ་ལང་རྫི་དེ་རབ་ཀ་ལ་མི 81.136b མཁས་པའི་ཕྱིར་རོ། །ཀུན་དུ་རྒྱུ་དག་དེ་བཞིན་དུ་གང་ལ་ལ་མུ་སྟེགས་བྱེད་པ་མ་ཡིན་པར་མུ་སྟེགས་བྱེད་པར་ཁས་འཆེ་ཞིང་གང་སྒྲོལ་བ་དེ་ནི་ཚུལ་མ་ཡིན་པར་སྡུག་བསྔལ་ཐོབ་པར་འགྱུར་རོ། །ཀུན་དུ་རྒྱུ་དག་ང་ནི་སྟོན་པ་ཉིད་ཡིན་ལ་སྟོན་པར་ཁས་འཆེ་བས་ངག་རྗེས་སུ་སྟོན་པ་དེ་ཡང་དག་པར་རྗེས་སུ་སྟོན་པ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཡིན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ། ཁས་འཆེ་བས། ང་གང་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་ཡིན། འབྱུང་བ་ལ་མཁས་པ་ཉིད་ཡིན་ལ་འབྱུང་བ་ལ་མཁས་པར་ཁས་འཆེ་བས་ང་གང་འབྱིན་པ་དེ་དག་ཡང་དག་པར་འབྱིན་པ་ཡིན། འབྱུང་བ་མཐོང་བ་ཉིད་ཡིན་ལ་འབྱུང་བ་སྟོན་པར་ཁས་འཆེ་བས་ང་གང་འབྱུང་བ་སྟོན་པ་དེ་ཡང་དག་པར་སྟོན་པ་ཡིན། མུ་སྟེགས་བྱེད་པ་ཡིན་ལ་མུ་སྟེགས་བྱེད་པར་ཁས་འཆེ་བས་ང་གང་སྒྲོལ་བ་དེ་ཡང་དག་པར་སྒྲོལ་བ་ཡིན་ཏེ། སྟོན་པའི་ཆོས་རབ་ཏུ་ཤེས་ནས་ནི་རྗེས་སུ་སྟོན། སངས་རྒྱས་ཀྱི་ཆོས་རབ་ཏུ་ཤེས་ནས་ནི་ཁོང་དུ་ཆུད་པར་བྱེད། འབྱུང་བ་རབ་ཏུ་ཤེས་ནས་ནི་འབྱིན། ཡང་དག་པར་མཐོང་ནས་ནི་སྟོན། མུ་སྟེགས་རབ་ཏུ་ཤེས་ནས་ནི་སྒྲོལ་ཏེ། གང་སྒྲོལ་བ་དེ་ཡང་མུ་སྟེགས་བདེ་བ་རབ་ཏུ་སྒྲོལ་བ་ཡིན་ནོ། །འདི་ལྟ་སྟེ། ཀུན་དུ་རྒྱུ་དག་ཁྱེད་ཀྱང་ཐར་པར་འདོད་པ་ཡིན་ལ། ང་ཡང་སྟོན་པ་མངོན་དུ་བཞུགས་པ་ཡིན་ཏེ། ཡང་དག་པར་སྟོན་པ། ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། འབྱུང་བ་ཕུན་སུམ་ཚོགས་པ་འབྱུང་བ་མཐོང་བ། ཡང་དག་པའི་མུ་སྟེགས་བྱེད་པ་ཡིན་གྱིས་དེའི་ཕྱིར་རྣ་བ་ལྷོགས་ཏེ་མོས་པ་སྐྱེད་ལ་དྲན་པ་ཉེ་བར་ཞོག་སྟེ། ཡིད་འདུན་པར་གྱིས་ལ་མ་ཐོབ་པའི་ཆོས་རྣམས་ཐོབ་པར་བྱ་བ་དང ། སྔོན་མ་ཕྱིན་པའི་མལ་དུ་འགྲོ་བར་བྱ་བ་དང ། སྔོན་མ་སོང་བའི་ཕྱོགས་སུ་འགྲོ་བར་བྱ་བ་དང ། སྔོན་མ་འགྲོགས་པའི་ལམ 81.137a གྲོགས་དང་འགྲོགས་པར་བྱ་བ་དང ། སྔོན་མ་བཙལ་བའི་ལམ་བཙལ་བར་བྱ་བ་དང ། སྔོན་མ་ཐོབ་པའི་ཆོས་ཀྱི་མཛོད་ཐོབ་པར་བྱ་བའི་ཕྱིར། །བརྩོན་འགྲུས་ཡང་དག་པར་རྩོམས་ཤིག་།ཀུན་དུ་རྒྱུ་དག་ཆོས་གསུམ་མངོན་དུ་གྱུར་པས་མངལ་དུ་འཇུག་ཅེས་གང་སྨྲས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ། མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཁྱེད་ལ་ངས་བཤད་དོ། །ཀུན་དུ་རྒྱུ་དག་དེ་ལ་མ་ཞེས་གང་སྨྲས་པ་དེ་ནི་སྔོན་གྱི་ལས་བསགས་པའི་རྐྱེན་དུ་གསུངས་སོ། །ཕ་ཞེས་བྱ་བ་དེ་ནི་སྔོན་གྱི་ལས་བསགས་པའི་རྒྱུར་གསུངས་སོ། །དྲི་ཟ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལས་ཀྱིས་འཕངས་པའི་ཚིག་བླ་དགས་སོ། །མེར་མེར་པོ་ཞེས་བྱ་བ་དེ་ནི་ལས་ཀྱིས་འཕངས་པའི་རྣམ་པར་ཤེས་པའི་གནས་དང་གཞིའོ། །མའི་མངལ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལས་ཀྱིས་འཕངས་པའི་གཞི་སྟེ། འདི་ལྟར་མའི་མངལ་ན་གནས་པའི་རྣམ་པར་ཤེས་པ་ནི་སྐྱེ་བ་དང ། འཕེལ་བ་དང ། རྒྱས་པར་འགྱུར་རོ། །ཀུན་དུ་རྒྱུ་དག་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ལ་གནས་ན་རྩཝ་དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་དག་སྐྱེ་ཞིང་འཕེལ་བ་དང་རྒྱས་པར་འགྱུར་རོ། །དེ་བཞིན་དུ་མའི་མངལ་ན་གནས་པའི་རྣམ་པར་ཤེས་པ་ཡང་སྐྱེ་བ་དང ། འཕེལ་བ་དང ། རྒྱས་པར་འགྱུར་ཏེ། འཕེལ་ནས་སྐྱེ་བར་འགྱུར་རོ། །བཙས་ནས་རྣམ་པར་འཕེལ་ལོ། །འཕེལ་ནས་སྤྱོད་པ་སྣང་བར་འགྱུར་ཏེ། འགྲོ་བ་གང་དང་གང་ནས་ཤི་འཕོས་ནས་དེ་དང་དེར་སྐྱེས་ནས་དེ་དང་འདྲ་བའི་སྤྱོད་པ་དེ་དག་དེ་སྤྱོད་པར་འགྱུར་ཏེ། དེ་དག་ཀྱང་མཁས་པས་ཤེས་པར་བྱ་བ་ཡིན་གྱི། གླེན་པས་ནི་མ་ཡིན་ནོ། །ཡུན་རིང་པོ་ནས་འགྲོགས་འགྲོགས་པས་ཤེས་པར་བྱ་བ་ཡིན་གྱིས་ཡུན་ཐུང་དུས་མ་ཡིན་ནོ། ། 81.137b ཡང་དག་པར་སེམས་པས་ཤེས་པར་བྱ་བ་ཡིན་གྱི། མི་བརྩོན་པས་མ་ཡིན་ནོ། །ཀུན་དུ་རྒྱུ་དག་དེ་ལ་སེམས་ཅན་དམྱལ་བ་ནས་ཤི་འཕོས་པའི་གང་ཟག་གི་རྟགས་མཁས་པས་ཤེས་པར་བྱ་བ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། སྐད་ཤ་ཤ་པོ་ཡིན། སྐད་གྱོ་དུམ་གྱི་སྒྲ་ལྟ་བུ་ཡིན། སྐད་བརྟག་དགོས་པ་ཡིན། སྐད་ཆེ་བ་ཡིན། སྐད་ལྷང་ལྷང་པོ་ཡིན། རྟག་ཏུ་དངངས་པ་ཡིན། རྟག་ཏུ་འདར་བ་ཡིན། རྟག་ཏུ་སྤུ་ཟིང་ཞེས་བྱེད་པ་ཡིན། རྨི་ལམ་ན་མེའི་ཕུང་པོ་འབར་བ་མཐོང་བ་ཡིན། །རི་རྒྱུག་པར་མཐོང་བ་ཡིན། མེ་མདག་འབར་བར་མཐོང་བ་ཡིན། ལྕགས་ཟངས་ཀྱི་ནང་དུ་བཙོ་བ་མཐོང་བ་ཡིན་ལག་ན་དབྱུག་པ་ཐོགས་པའི་མི་དག་མཐོང་བ་ཡིན། སྲིན་པོ་དག་གིས་བདག་འཕང་བར་མཐོང་བ་ཡིན། བདག་ཉིད་གསོན་པོར་གསལ་ཤིང་གིས་གཟུགས་པར་མཐོང་བ་ཡིན། ཁྱི་དག་གིས་བདག་དབང་པར་མཐོང་བ་ཡིན། ཁྱི་དག་གིས་བདག་གིས་བདག་བསྐོར་བར་མཐོང་བ་ཡིན། བདག་ཉིད་གླང་པོ་ཆེ་དང་སྦྲུལ་གྱིས་གཙེས་པར་མཐོང་བ་ཡིན། ཕྱོགས་བཞིར་བྲོས་ནས་ཕྱོགས་མི་ཤེས་པ་ཡིན། སེམས་ཅན་ཀུན་ལ་ཡིད་མི་སྟོན་པ་ཡིན་ཏེ། ཀུན་དུ་རྒྱུ་དག་རྣམ་པ་ཉི་ཤུ་པོ་དེ་དག་གིས་སེམས་ཅན་དམྱལ་བ་ནས་ཤི་འཕོས་པའི་གང་ཟག་ཏུ་རིག་པར་བྱའོ། །ཀུན་དུ་རྒྱུ་དག་དེ་ལ་དུད་འགྲོའི་སྐྱེས་གནས་ནས་ཤི་འཕོས་པའི་གང་ཟག་གི་མཚན་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། རྨུགས་ཤིང་གཉིད་ཆེ་བ་ཡིན ། ལེ་ལོ་ཆེ་བ་ཡིན། མང་དུ་ཟ་བ་ཡིན། ས་ལ་འདྲུད་པ་ཡིན། མི་འཇིགས་པ་མེད་པ་ཡིན། །མི་གསལ་བར་སྨྲ་བ་ཡིན། གླེན་པ་ལ་དགའ་བ་ཡིན། མུན་པ་ལ་དགའ་བ་ཡིན། འདམ་རྫབ་ལ་དགའ་བ་ཡིན། ཡང་དང་ཡང་སོས་རྩཝ་གཅོད་པ་ཡིན། རྒྱུན་དུ་རྐང་པའི 81.138a མཐེ་བོས་ས་རྐོ་བ་ཡིན། ཡང་དང་ཡང་མགོ་ལ་སྦྲང་མ་འདུ་བ་ཡིན། ཡང་དང་ཡང་ནམ་མཁའ་ལ་སོས་འདེབས་པ་ཡིན། ཀུན་དུ་བསྐུམས་ཏེ་ཉལ་བ་ཡིན། ས་ལ་ཉལ་བ་ཡིན། མི་གཙང་བས་མི་འདོག་པ་ཡིན། ཡང་དང་ཡང་ནམ་མཁའ་ལ་མནོམ་པ་ཡིན། ཡང་དང་ཡང་མ་སྨིན་པར་ཟ་བ་ཡིན། གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ་གཡོ་བྱེད་པ་ཡིན། བབ་བབ་ཏུ་སྤྱོད་པ་ཡིན། རྨི་ལམ་ན་བདག་རྫབ་ཀྱིས་གོས་པར་རྨི་ལམ་ན་བདག་ནགས་སུ་སོང་སྟེ་རྩཝ་ཟ་བར་རྨི་བ་ཡིན། སྦྲུལ་གདུག་པས་བདག་བསྐོར་པར་མཐོང་བ་ཡིན། བདག་ཉིད་རི་ཁྲོད་དུ་ཞུགས་པར་མཐོང་བ་ཡིན་ཏེ། ཀུན་དུ་རྒྱུ་དག་དེ་དག་ལ་སོགས་པ་དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་གང་ཟག་གི་མཚན་མ་རྣམ་པ་དུ་མར་ཤེས་པར་བྱ་སྟེ། དེ་དག་ནི་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བརྗོད་ཀྱང་ཟད་པར་མི་ནུས་སོ། །ཀུན་དུ་རྒྱུ་དག་དེ་ལ་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གི་མཚན་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། སྐྲ་སེར་བ་ཡིན། མིག་ཝའི་མིག་ལྟ་བུ་ཡིན། རྟག་པར་བཀྲེས་པ་ཡིན། རྟག་ཏུ་སྐོམ་པ་ཡིན། སེར་སྣ་ཆེ་བ་ཡིན། འདོད་ཆེན་ཆེ་བ་དང ། འཐོབ་པ་མི་རྙེད་པ་ཡིན། གཞན་གྱི་ལ་རེ་བ་ཡིན། ཁྲོ་བ་ཡིན། མིག་དམར་བ་ཡིན། བཟའ་བ་ཐམས་ཅད་ལ་སྲེད་པ་ཡིན། བདོག་པ་ཐམས་ཅད་ལ་ཆགས་པ་ཡིན། སྦྱིན་པའི་གནས་དག་མཐོང་བར་མི་འདོད་པ་ཡིན། དངོས་པོ་ཀུན་ལ་ཡང་དེ་བརྐུ་བའི་སེམས་ཡོད་པ་ཡིན། དངོས་པོར་ངན་པ་རྣམས་ལ་ཡང་དགའ་བ་ཡིན། འཐོབ་པ་ལ་མོས་པ་ཡིན། ཟས་སྐོམ་མི་གཙང་བ་ལ་དགའ་བ་ཡིན། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་བྱེད་པ་ཡིན། གཞན་གྱི་ལོངས་སྤྱོད་ལ་སྲེད་པ་སྐྱེད་པ་ཡིན། གཞན་གྱི་ལོངས་སྤྱོད་གང་ཡིན་པ་དེ་དག་ལ་བདག་གི་སྙམ་དུ་སེམས 81.138b པ་ཡིན། ཟས་གཏོར་ན་སེམས་མི་དགའ་བ་ཡིན། ཚོང་འདུས་ཀྱི་སྲང་དག་ནས་ཀྱང་ཤིང་ཐོག་ལེན་པ་ཡིན་ཏེ། ཀུན་དུ་རྒྱུ་དག་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གི་རྟགས་ཀྱི་བྱེ་བྲག་ནི་དེ་དག་ལ་སོགས་པ་མཐའ་ཡས་པར་ཤེས་པར་བྱའོ། །ཀུན་དུ་རྒྱུ་དག་དེ་ལ་ལྷ་མ་ཡིན་ལས་ཤི་འཕོས་པའི་གང་ཟག་གི་མཚན་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཁེངས་པ་ཡིན། འཐབ་ཀྲོལ་ཆེ་བ་ཡིན་འཁོན་དུ་འཛིན་པ་ཡིན། ང་རྒྱལ་ཆེ་བ་ཡིན། ལུས་ཆེ་བ་ཡིན། མིག་ཆེ་བ་ཡིན། མིག་དཀར་བ་ཡིན། མཆེ་བ་སྣང་བ་ཡིན། མཐུ་དང་ལྡན་པ་ཡིན། ཐབ་མོའི་བློ་ཅན་ཡིན། དབྱེན་ལ་དགའ་བ་ཡིན། བྱ་བ་ཐམས་ཅད་ལ་ང་རྒྱལ་ཆེ་བ་ཡིན། སོ་སྣང་བ་ཡིན། འཇིག་རྟེན་ཐམས་ཅད་ལ་བརྙས་པའི་འདུ་ཤེས་ཅན་ཡིན། མཚོན་ཆ་རྣོ་བ་ཡིན། ཚིག་ན་པ་ཡིན། བདག་གཟེང་སྟོད་པ་ཅན་ཡིན། མི་ཤེས་པའི་སྟོབས་ཅན་ཡིན། ཉོན་མོངས་པའི་སྟོབས་ཅན་ཡིན་ཏེ། ཀུན་དུ་རྒྱུ་དག་དེ་དག་ལ་སོགས་པ་ནི་ལྷ་མ་ཡིན་ལས་ཤི་འཕོས་པའི་གང་ཟག་གི་མཚན་མར་ཤེས་པར་བྱའོ། །ཀུན་དུ་རྒྱུ་དག་དེ་ལ་མི་ལས་ཤི་འཕོས་པའི་གང་ཟག་གི་མཚན་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ངོ་མཚར་དུ་འཛིན་པ་ཅན་ཡིན། འཕགས་པ་དང་སྟེན་པ་ཡིན། འཕགས་པ་མ་ཡིན་པ་ལ་སྨོད་པ་ཡིན། དགེ་བ་བྱེད་པ་ཡིན། མངོན་རྟགས་འདོད་པ་ཡིན། གྲགས་པ་འདོད་པ་ཡིན། སྙན་པ་འདོད་པ་ཡིན། བཟོ་ལ་དགའ་བ་ཡིན། ཤེས་པ་ལ་དགའ་བ་ཡིན། ཉོན་མོངས་པ་ཆུང་བ་ཡིན། ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ་ཡིན། རིགས་ཀྱི་བུའི་ཚུལ་ཕུན་སུམ་ཚོགས་པ་ཡིན། བྱས་པ་གཟོ་བ་ཡིན། མཛའ་བོ་ལ་གདུ་བ་ཡིན། ཡོངས་སུ་གཏོད་པ་དང་ལྡན་པ་ཡིན། བྱེ་བྲག་གཤེགས་པ་ཡིན། བྱས་པ་དང་མ་བྱས་པ་ལ་རྟོག་པ་ཡིན། ཚིག་གི་མཐུ་ཡོད་པ་ཡིན། གྲོས་གཟུང་བར་བྱ་བའི་མཐུ་ཡོད་པ་ཡིན། འདུམ་པར་བྱ་བ་དང ། འཐབ་མོ་བྱ་བ 81.139a ལ་མངོན་པར་མཁས་པ་ཡིན། ཕོ་ཉ་ནུས་པ་ཡིན། སྐད་ཐམས་ཅད་འཛིན་པའི་མཐུ་ཡོད་པ་ཡིན། གནས་དང་གནས་མ་ཡིན་པ་མངོན་པར་ཤེས་པ་ཡིན་ཏེ། ཀུན་དུ་རྒྱུ་དེ་དག་ལ་སོགས་པ་ནི་མི་ལས་ཤི་འཕོས་པའི་གང་ཟག་གི་རྟགས་ཡིན་ནོ། །ཀུན་དུ་རྒྱུ་དག་དེ་ལ་ལྷ་ལས་ཤི་འཕོས་པའི་གང་ཟག་གི་རྟགས་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། མཛེས་པ་ཡིན། གཙང་སྦྲ་ཆེ་བ་ཡིན། ཕྲེང་བ་ལ་དགའ་བ་ཡིན། སྤོས་ལ་དགའ་བ་ཡིན། བདུག་པ་ལ་དགའ་བ་ཡིན། གླུ་ལེན་པའི་ངང་ཚུལ་ཅན་ཡིན། བྱུག་པ་ལ་དགའ་བ་ཡིན། འདོད་པའི་ཡོན་ཏན་མངོན་གྱིས་མི་མགུ་ཞིང་རྒྱ་ཆེན་པོ་ལ་དགའ་བ་ཡིན། རོལ་མོའི་སྒྲ་ཐམས་ཅད་ལ་དགའ་བ་ཡིན། གླུ་ཐམས་ཅད་ལ་དགའ་བ་ཡིན། སྐྱེ་བོ་རྒྱ་ཆེན་པོ་དང་འགྲོགས་པར་དགའ་བ་ཡིན། ཁང་པ་དང ། ཁང་པ་བརྩེགས་པ་དང ། ཁྱིམ་དང ། ལོངས་སྤྱོད་རྒྱ་ཆེན་པོ་ལ་དགའ་བ་ཡིན། དེའི་སེམས་བྱམས་པ་སྔོན་དུ་འགྲོ་བ་ཡིན། རྒོད་པའི་ངང་ཚུལ་ཅན་ཡིན། འཇམ་པར་སྨྲ་བ་ཡིན། དགའ་བ་ལ་མཁས་པ་ཡིན། རྒྱུན་ལ་དགའ་བ་ཡིན། ཆ་བའི་ངང་ཚུལ་ཅན་ཡིན། འགྲོ་བའི་ངང་ཚུལ་ཅན་ཡིན། ལུས་ཀྱི་ཤུགས་འབྱིན་པའི་ངང་ཚུལ་ཅན་ཡིན། ཆགས་པའི་མཚན་མ་དང་མི་ཆགས་པའི་མཚན་མ་ཤེས་པ་ཡིན། ཕན་པར་བྱ་བ་ལ་མཁས་པ་ཡིན་ཏེ། ཀུན་ཏུ་རྒྱུ་དག་མཚན་མ་དེ་དག་ལ་སོགས་པས། མཐོ་རིས་ནས་ཤི་འཕོས་པའི་གང་ཟག་ཏུ་ཤེས་པར་བྱའོ། །ཀུན་དུ་རྒྱུ་དག་དེ་ལ་མཚན་མ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་གིས་དགེ་བའི་བཤེས་གཉེན་གང་དག་མཚན་མ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་པར་བྱེད་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་རྣམས་བསྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བར་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ནས་ཤི་འཕོས་པའི་གང་ཟག་གིས་ནི་སྔོན་མིར་གྱུར་པའི་ཚེ་ཞེ་སྡང་ལ་ཡོངས་སུ་བསྟེན་པས་དེས་ཞེ་སྡང་ལས་བྱུང་བའི་ལས་མངོན་པར་འདུ་བྱས་པས་དེ་ལས་དེས་སེམས་ཅན་དམྱལ་བར་སྐྱེས་ཏེ། དེའི་ཕྱིར་སེམས་ཅན་དམྱལ་བར་གནས་པ་རྙེད་ནས 81.139b སེམས་ཅན་དམྱལ་བའི་སྤྱོད་པ་ཅན་དུ་གྱུར་པས་དེ་མིའི་ནང་དུ་སྐྱེས་ཏེ། སྤྱོད་པའི་རྟགས་འདི་དག་ཐོས་ནས་བདག་ནི་སེམས་ཅན་དམྱལ་བ་ནས་ཤི་འཕོས་པའོ་ཞེས་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང ། དེས་སེམས་ཅན་དམྱལ་བའི་ལས་ཀྱི་རྒྱུ་སྤང་བའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དག་ཞེ་སྡང་གི་གཉེན་པོར་བྱམས་པ་སྟོན་ཏོ། །བྱམས་པ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང ། བྱམས་པ་དང་ལྡན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །དེས་ཀྱང་དེའི་ཞེ་སྡང་གི་བག་ལ་ཉལ་སྤོང་བར་འགྱུར་ཏེ། དེ་བྱམས་པ་ཆེན་པོ་བསྒོམས་པས་ཕ་རོལ་དུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་གང་ཟག་གིས་ནི་སྔོན་མིར་གྱུར་པའི་ཚེ། གཏི་མུག་ལ་ཡོངས་སུ་བསྟེན་པས་དེས་གཏི་མུག་ལས་བྱུང་བའི་ལས་མངོན་པར་འདུ་བྱས་པས། དེ་ལས་དེས་དུད་འགྲོའི་སྐྱེས་གནས་སུ་སྐྱེས་ཏེ། དེའི་ཕྱིར་དེ་དུད་འགྲོའི་སྐྱེ་གནས་ན་གནས་བརྙེད་ནས་དུད་འགྲོའི་སྐྱེ་གནས་ཀྱི་སྤྱོད་པ་ཅན་དུ་གྱུར་པས་དེ་དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་ཏེ། མིའི་ནང་དུ་སྐྱེ་ཀྱང་དུད་འགྲོའི་སྐྱེ་གནས་ཀྱི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེས་སྤྱོད་པ་དེ་དག་གིས་བདག་ནི་དུད་འགྲོའི་གནས་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་སོ་ཞེས་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང ། དེས་དུད་འགྲོའི་སྐྱེ་གནས་ཀྱི་ལས་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དག་གཏི་མུག་སྤང་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་ཏོ། །དེས་ཀྱང་དེའི་གཏི་མུག་གི་བག་ལ་ཉལ་སྤང་བར་འགྱུར་རོ། །ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དུས་གསུམ་མཉམ་པ་ཉིད་སྟོན་ཏེ། དེ་གཏི་མུག་དེ་ནི་རང་བཞིན་མེད་པའོ་ཞེས་བྱ་བར་ཤེས་པ་སྐྱོ་བར་འགྱུར་རོ། །ཡང་ན་དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་སྟོན་ཏེ་དེས་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་ཤིང་ཐམས་ཅད་མཁྱེན་པ 81.140a ཉིད་ཐོབ་པར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གིས་ནི་སྔོན་མིར་འགྱུར་བའི་ཚེ་སེར་སྣ་ལ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དེས་དེར་སེར་སྣ་དང་ལྡན་པ་ཆགས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱས་པས་དེ་ལས་བྱས་པ་དང ། བསགས་པ་དང ། ཟིན་པར་བྱས་པ་དང ། རྫོགས་པར་བྱ་བ་དང ། བླངས་པ་དེས་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ཏེ། དེ་གཤིན་རྗེའི་འཇིག་རྟེན་ན་གནས་པ་དེས་གཤིན་རྗེའི་འཇིག་རྟེན་པའི་སྤྱོད་པ་ཅན་དུ་གྱུར་བས་དེ་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ཀྱང་གཤིན་རྗེའི་འཇིག་རྟེན་པའི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེས་སྤྱོད་པ་དེ་དག་གིས་བདག་ནི་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའོ་ཞེས་བྱ་བར་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང ། དེས་སྤྱོད་པ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལས་དགེ་བའི་བཤེས་གཉེན་དེ་དག་སེར་སྣ་སྤང་བའི་ཕྱིར་གཏོང་བ་སྟོན་ཏོ། །དེས་ཀྱང་དེའི་སེར་སྣའི་བག་ལ་ཉལ་སྤོང་བར་འགྱུར་རོ། །ཡང་ན་དེ་ལ་གཏོང་བ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྟོན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟོན་ཏེ། དེ་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་ལྷ་མ་ཡིན་ལས་ཤི་འཕོས་པའི་གང་ཟག་གིས་སྔོན་མིར་གྱུར་པའི་ཚེ་དགེ་བའི་རྩ་བ་རྒྱ་ཆེན་པོ་དག་ཀྱང་མངོན་པར་འདུ་བྱས་ལ་ང་རྒྱལ་ལ་ཡང་ཡོངས་སུ་བསྟེན་པས་དེ་ང་རྒྱལ་དང་ལྡན་པའི་ལས་བྱས་པ་དང ། བསགས་པ་དང ། ཟིན་པར་བྱས་པ་དང ། རྫོགས་པར་བྱས་པ་དང ། བླངས་པ་དེས་ལྷ་མ་ཡིན་དུ་སྐྱེས་ཏེ། ལྷ་མ་ཡིན་གྱི་ནང་ན་གནས་པ་དེས་ལྷ་མ་ཡིན་གྱི་སྤྱོད་པ་ཅན་དུ་གྱུར་པས་དེ་ལྷ་མ་ཡིན་ནས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ཀྱང་ལྷ་མ་ཡིན་གྱི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེས་སྤྱོད་པ་དེ་དག་གིས་བདག་ནི་ལྷ་མ་ཡིན་ལས་ཤི་འཕོས་པའོ་ཞེས་བྱ་བར་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང ། དེས་སྤྱོད་པ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན 81.140b དེ་དག་ང་རྒྱལ་སྤང་བ་དང ། ངའོ་སྙམ་པའི་ང་རྒྱལ་གཞོམ་པའི་ཕྱིར་སྐྱེ་མཆེད་རྣམས་སྟོན་ཏེ། དེས་ཀྱང་དེའི་ང་རྒྱལ་སྤོང་བར་འགྱུར་རོ། །ཡང་ན་དེ་ལ་ཆོས་རྣམས་ཀྱི་སྟོང་པ་ཉིད་སྟོན་པ་དེས་དེའི་ང་རྒྱལ་གྱི་བག་ལ་ཉལ་སྤོང་བ་དང ། བདག་རྣམ་པར་འཇིག་པར་འགྱུར་རོ། །ཡང་ན་ཇི་ལྟར་བྱ་བ་སྒྱུར་བ་རྣམས་ཚོགས་པ་ལས་བྱུང་བའི་ཚུལ་སྟོན་ཏེ། དེས་དེའི་ང་རྒྱལ་གྱི་བག་ལ་ཉལ་སྤོང་བར་འགྱུར་རོ། །ཡང་ན་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་གཅིག་པ་སྟོན་ཏེ། དེས་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་དེ་བསྒོམས་པས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་མི་ལས་ཤི་འཕོས་པའི་གང་ཟག་གིས་ནི་སྔོན་མིར་གྱུར་པའི་ཚེ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དེ་ལས་དེ་བྱས་པ་དང ། བསགས་པ་དང ། ཟིན་པར་བྱས་པ་དང ། རྫོགས་པར་བྱས་པ་དང ། བླངས་པས་མིར་སྐྱེས་ཏེ། དེ་མིའི་ནང་ན་གནས་པ་དེས་མིའི་སྤྱོད་པ་ཅན་དུ་གྱུར་པས་དེ་མིའི་ནང་ནས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ཀྱང་མིའི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེ་སྤྱོད་པ་དེ་དག་གིས་བདག་ནི་མིའི་ནང་ནས་ཤི་འཕོས་པའོ་ཞེས་བྱ་བར་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང་དེས་མིའི་སྤྱོད་པ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་པར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དག་མི་རྟག་པའི་འདུ་ཤེས་སྟོན་ཏོ། །དེས་ཀྱང་དེའི་སྤྱོད་པ་བག་ལ་ཉལ་དང་བཅས་པར་སྤྱོད་པར་འགྱུར་རོ། །ཡང་ན་དེ་ལ་འཁོར་བའི་མི་བསྔགས་པ་དང ། མྱ་ངན་ལས་འདས་པའི་བསྔགས་པ་སྟོན་ཏེ། དེས་དེ་འཁོར་བ་ལ་མི་དགའ་ཞིང་མྱ་ངན་ལས་འདས་པ་དོན་དུ་གཉེར་བར་འགྱུར་རོ། །ཡང་ན་དེ་ལ་ཕ་རོལ་དུ་ཕྱིན་པ་དྲུག་སྟོན་ཏེ། དེ་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །དེ་ལ་ཐབས་མཁས་པ་ཡང་སྟོན་ཏོ། །དེས་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཤིན་ཏུ་བཟུང་བ་དང ། ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་མཐོ་རིས་ནས་ཤི་འཕོས་པའི་གང་ཟག 81.141a གིས་ནི་སྔོན་མིར་གྱུར་བའི་ཚེ་ཚངས་པར་སྤྱོད་པ་མཆོག་ཏུ་བཟུང་སྟེ་སྤྱད་པ་དང ། སྦྱིན་པ་མཆོག་ཏུ་བཟུང་སྟེ་བྱིན་པ་དང ། ཚུལ་ཁྲིམས་མཆོག་ཏུ་བཟུང་སྟེ་བསྲུངས་པས་དེ་ལས་དེ་བྱས་པ་དང ། བསགས་པ་དང ། ཟིན་པར་བྱས་པ་དང ། རྫོགས་པར་བྱ་བ་དང ། བླངས་པས་ལྷའི་ནང་དུ་སྐྱེས་ཏེ། དེ་ལྷའི་ནང་ན་གནས་པ་དེ་ལྷའི་སྤྱོད་པ་ཅན་དུ་གྱུར་པས་དེ་ལྷ་ལས་ཤི་འཕོས་ཏེ། མིའི་ནང་དུ་སྐྱེས་ཀྱང་ལྷའི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེས་སྤྱོད་པ་དེ་དག་གིས་བདག་ནི་ལྷའི་ནང་ནས་ཤི་འཕོས་པའོ་ཞེས་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང་དེས་སྤྱོད་པ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དག་ཚངས་པར་སྤྱོད་པ་མཆོག་ཏུ་འཛིན་པའི་ཉེས་པ་སྟོན་ཅིང་མི་གནས་པའི་ཚངས་པར་སྤྱོད་པའི་ཡོན་ཏན་བརྗོད་དོ། །མཆོག་ཏུ་འཛིན་པའི་སྦྱིན་པ་སྨོད་ཅིང་མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་བསྔགས་པར་འགྱུར་རོ། །མཆོག་ཏུ་འཛིན་པའི་ཚུལ་ཁྲིམས་དམོད་ཅིང་མཆོག་ཏུ་འཛིན་པ་མེད་པའི་ཚུལ་ཁྲིམས་བསྔགས་པར་འགྱུར་རོ། །དེས་དེའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བག་ལ་ཉལ་དང་བཅས་པར་སྤོང་བར་འགྱུར་རོ། །ཡང་ན་དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། དེ་བསྒོམས་པས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་ཐབས་ལ་མཁས་པ་ཡང་སྟོན་ཏོ། །དེ་དང་ལྡན་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་སེམས་ཅན་དམྱལ་བ་ནས་ཤི་འཕོས་པའི་གང་ཟག་གིས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། དུས་གསུམ་མཉམ་པ་ཉིད་མཉན་པར་བྱའོ། །ཐོས་ནས་ཀྱང་ཤས་ཆེར་གནས་པར་བྱ་སྟེ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དག་ན་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། འཁོར་བཞི་པོ་ཡོད་པ་དག་ཏུ་གནས་པར་བྱ་ཞིང་དེ་དག་དང་འགྲོགས་པར་བྱའོ། །དེས་འགྲོ 81.141b བ་བྱས་ཏེ་གོམས་པའི་རྗེས་སུ་འགྲོ་བས་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་དུས་གསུམ་མཉམ་པ་ཉིད་མངོན་དུ་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་གང་ཟག་གིས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། གཏི་མུག་གི་གཉེན་པོར་བསྟན་བཅོས་ལ་མཁས་པའི་སྐྱེ་བོ་དང་ལྷན་ཅིག་དགའ་བར་གནས་པར་བྱའོ། །དེས་དེའི་གཏི་མུག་སྤོང་བར་འགྱུར་ཏེ། དེས་བསྟན་བཅོས་ཤེས་པ་དེ་དག་རང་བཞིན་གྱིས་ཡང་དག་པར་བརྟག་པར་བྱའོ། །དེའི་ཕྱིར་དེ་ལ་བསྟན་བཅོས་དང་བསྟན་བཅོས་ཤེས་པ་རྣམས་ཀྱང་རང་བཞིན་མེད་དོ་ཞེས་བྱ་བར་སྣང་བར་གྱུར་ཏེ། དེས་དེ་ལ་དུས་གསུམ་མཉམ་པ་ཉིད་མངོན་དུ་འགྱུར་ཞིང་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཀུན་དུ་རྒྱུ་དག་དེ་ལ་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གིས་ནི་གང་ལ་རྟེན་ན་དེའི་སྦྱིན་པའི་བློ་སྐྱེ་བར་འགྱུར་བ་དང ། གང་གིས་དེ་ལ་དུས་གསུམ་མཉམ་པ་ཉིད་དང ། གང་འདི་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་མངོན་དུ་འགྱུར་བ་དང ། དེ་བསྒོམས་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་བའི་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ། ཡོན་ཏན་ལ་བརྟེན་པར་བྱའོ།། །།བམ་པོ་བཅུ་གཉིས་པ། ཀུན་དུ་རྒྱུ་དག་དེ་ལ་ལྷ་མ་ཡིན་ལས་ཤི་འཕོས་པའི་གང་ཟག་གིས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། ཉོན་མོངས་པའི་བདུད་དང་འཐབ་པར་བྱའོ། །འདི་ལྟ་སྟེ། ང་རྒྱལ་ཞེས་བྱ་བའི་ཆོས་དེ་ནི་གང་ཞིག་།དེ་ནི་ཅི་ཞིག་གིས་ཡོངས་སུ་བཟུང ། དེ་ནི་སུ་ལ་ཀུན་ནས་ལངས། སུ་ཞིག་དེ་སྤོང་བར་བྱེད་ཅེས་ཡང་དག་པར་བཙལ་ན་ང་རྒྱལ་དེ་མི་དམིགས་སོ། །གང་གིས་དེ་ཡོངས་སུ་བཟུང་བ་དང ། གང་ལ་དེ་ཀུན་ནས་ལངས་པ་དང ། གང་དེ་སྤང་བའི་ཕྱིར་རྩོལ་བ་དེ་ཡང་མི་དམིགས་ཏེ། དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བཟུང་བས་བདག་དང་འཇིག་རྟེན་བསླུས་པར་ཡང་དག་པར་རྗེས་སུ་མཐོང་ངོ ། །དེས་ཆོས་ཐམས་ཅད་རང 81.142a བཞིན་མེད་པར་ཡང་དག་པར་རྗེས་སུ་མཐོང་ཞིང་ཆོས་གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དངོས་པོ་མེད་པས་ཡོངས་སུ་མ་གྲུབ་བོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཡོངས་སུ་མ་གྲུབ་པས་མི་སྐྱེ་བ་སྟེ། གང་མི་སྐྱེ་བ་དེ་ནི་མི་འགག་གོ། །གང་མི་སྐྱེ་མི་འགག་པ་དེ་ནི་གདགས་སུ་མེད་པའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །གང་གདགས་སུ་མེད་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་དུས་གསུམ་དུ་མི་དམིགས་པ་དེ་ནི་ཐོབ་པ་ཡང་མ་ཡིན། ཆུད་ཟོས་པ་ཡང་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཀུན་ཏུ་རྒྱུ་དག་དེ་ལྟར་ན་དེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །ཆོས་ཉིད་གང་གིས་ཆོས་ཐམས་ཅད་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པ་ཡང་དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་པས་དེའི་ཕྱིར་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ། །ཀུན་དུ་རྒྱུ་དག་ངས་ནི་སྔོན་ཆད་དང་ད་ལྟར་ཡང་འཇིག་རྟེན་བཏགས་པ་ནི་ང་རྒྱལ་གྱི་རང་བཞིན་ནོ་ཞེས་བཤད་དོ། །ང་རྒྱལ་གྱིས་ནི་མི་ལས་ཤི་འཕོས་པ་གདགས་པར་འགྱུར་རོ། །ང་རྒྱལ་གྱིས་ནི་མཐོ་རིས་ནས་ཤི་འཕོས་པ་གདགས་པར་འགྱུར་རོ། །ང་རྒྱལ་གྱིས་ནི་སེམས་ཅན་དམྱལ་བའི་བར་དུ་ཤི་འཕོས་པ་གདགས་པར་འགྱུར་རོ། །ང་རྒྱལ་མེད་ན་གདགས་པ་མེད་དོ། །ཀུན་དུ་རྒྱུ་དག་དེ་ནི་ང་རྒྱལ་མེད་པའི་ཡེ་ཤེས་ཤེས་བྱའོ། །དེ་ཡང་ཐབས་མཁས་པ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་ཤེས་པར་ནུས་སོ། །དེ་ནས་ཀུན་དུ་རྒྱུ་དྲུག་ཁྲི་བོ་དེ་དག་གིས་བསྟན་པ་འདི་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ་ཕྱོགས 81.142b གཅིག་ཏུ་འཁོད་ནས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། མགོན་པོ་ཡེ་ཤེས་སྟོབས་ཀྱིས་ཡང་དག་འཕགས། །འགྲོ་བ་ཀུན་ལ་གཞན་གྱི་དྲིང་མི་འཇོག་།འགྲོ་བ་ཀུན་ན་སྤྱོད་པ་རྣམ་གཟིགས་ཏེ། །ལག་པའི་མཐིལ་དུ་སྐྱུ་རུ་ར་བཞག་བཞིན། །འཇིག་རྟེན་ལྟ་བའི་རྣམ་པས་ཀུན་དུ་དཀྲུགས། །སྤྲིན་སྟུག་དག་གིས་ནམ་མཁའ་ཡོག་པ་བཞིན། །དེ་དག་གིས་ནི་བྱིས་པ་རྨོངས་ནས་སྤྱོད། །ལོང་བའི་ཚོགས་རྣམས་རབ་ཏུ་ལམ་སྟོར་བཞིན། །འཇིག་རྟེན་རྟག་དང་འཇིག་རྟེན་མི་རྟག་དང ། །རྟག་ཀྱང་རྟག་ལ་མི་རྟག་ཁ་ཅིག་མཆི། །རྟག་པ་མ་ཡིན་མི་རྟག་མིན་ཞེས་ཏེ། གླང་པོའི་དབང་པོ་ཁྱིམ་དུ་བཏགས་ལྟར་བརླག་།འཇིག་རྟེན་མཐའ་ཡོད་འཇིག་རྟེན་མཐའ་མེད་དང ། །མཐའ་ཡང་ཡོད་ལ་མཐའ་མེད་ཁ་ཅིག་འཆི། །མཐའ་ཡོད་མ་ཡིན་མཐའ་མེད་ཡིན་ཞེས་ཏེ། །དཔེར་ན་བྱ་ནི་གཟེབ་ཏུ་བཅུག་པ་བཞིན། །ལ་ལ་དག་ནི་ལུས་འདི་བདག་ཅེས་མཆི། །ལ་ལ་དག་ནི་ལུས་འདི་གཞན་ཞེས་མཆི། །རྟོག་པས་ཡོངས་སུ་དཀྲིས་ནས་ཉལ་བགྱིད་དེ། །བྱ་ནི་བྱ་རྒྱར་ཆུད་ནས་ཐོགས་པ་བཞིན། །ལ་ལ་དག་ནི་དབང་ཕྱུག་སྤྲུལ་ཅེས་མཆི། །ལ་ལ་རྒྱུ་མེད་བྱུང་ཞེས་འདོགས་པར་བགྱིད། །ལྟ་བའི་རྣམ་པ་དག་གིས་ཀུན་ནས་དཀྲིས། །མཁའ་ལ་གནས་པའི་ཟླ་ལྟར་རྒྱལ་བས་གཟིགས། །ཇི་ལྟར་གཟེབ་ཏུ་བཅུག་པའི་བྱ་རྨོངས་པ། བུ་ག་བུ་གར་ཐར་པར་རེ་བ་ལྟར། །མི་མཁས་ལྟ་བའི་རྣམ་པས་བཏགས་པར་གྱུར། །ཐར་པ་མི་འཐོབ་རྐང་གཉིས་བཏགས་པ་བཞིན། །ཚངས་དང་སྐྱེ་དགུའི་བདག་དང་སྐེམ་བྱེད་དང ། །གཞན་ཡང་འཁོར་ལོ་འཛིན་དང་རྣམ་ཐོས་བུ། །ཕྱོགས་དང་རྒྱ་མཚོ་ཀུན་ལ་ཕྱག་འཚལ་ཏེ། །རྒྱལ་པོས་མཚན་མོ་རྐུན་པོ་བཟུང་བ་བཞིན། །དབུལ་པོ་བུ་ལོན་ཆགས་པ་བུ་ལོན་པས། །བཟུང་ན་གཉར་སྦྲོན་གསོལ་བ་འདེབས་པ་བཞིན། །ལྟ་བའི་རྣམ་པར་གནས་པའི་བྱིན་པ་རྣམས། །དབང་ཕྱུག་ལས་ནི་བདེ་བ་ཚོལ་བགྱིད་དེ། །རྐུན་པོའི་ཚོགས་རྣམས་བཙོན་རར་བསྩལ་པ་བཞིན། །འགྲོ་བ་རྣམས་སུ་སྡུག་བསྔལ་བརྒྱ་མྱོང་བ། །དེ་དག་དེ་བཞིན་གཤེགས་པ་ཁྱོད་ཀྱིས 81.143a གཟིགས། །ཕྱག་གི་མཐིལ་ན་སོར་མོ་ལྔ་དང་མཚུངས། །དེ་ལ་མི་དབང་ཐུགས་རྗེ་བསྐྱེད་ནས་ནི། །འགྲོ་བ་མཁྱེན་པ་འགྲོ་བར་སྤྱོད་མཛད་དེ། །བློ་མཆོག་ཚེ་རབས་འགྲོ་བ་བཀྲོལ་བ་ནི། །དཔེར་ན་རྒྱལ་པོས་བཙོན་རྣམས་བཀྱེ་བ་བཞིན། །འཇིག་རྟེན་སྨན་སླད་བསྐལ་པ་བསམ་ཡས་སུ། །དཀའ་བ་མཛད་ནས་བྱང་ཆུབ་མཆོག་བརྙེས་ཏེ། །ལྟ་བའི་རྣམ་པར་སེམས་ཅན་འཁྱམས་མཁྱེན་ནས། །དེ་དག་བཅིངས་ལས་ཁྱོད་ཀྱིས་གྲོལ་བར་མཛད། །བདེ་གཤེགས་མི་ཡི་སེང་གེ་རྐང་གཉིས་གཙོ། །ཆོས་ཚོགས་གང་ལ་མངའ་དབང་ཁྱོད་མཛད་པ། །ལྟ་བའི་རྣམ་པ་སྒྱུ་འདྲར་རྨོངས་མི་མངའ། །བདེ་གཤེགས་ཁྱོད་ནི་དེ་འདྲར་བདག་ཅག་འཚལ། །སྟོབས་རྣམས་གང་གིས་རྒྱལ་བ་སྟོབས་བརྙེས་ཤིང ། །མི་འཇིགས་གང་གིས་སྔོ་བའི་དགྲ་བསལ་ཏེ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ། །ཁྱུ་མཆོག་དེ་ནི་བདག་ཅག་ཐོབ་པར་ཤོག་།གང་གིས་རྒྱལ་བ་འཇིག་རྟེན་གསུམ་བསྐྱོད་དང ། །གང་གིས་མཐའ་ཡས་འོད་ནི་འགྱེད་པ་དང ། །གང་གིས་མི་མཆོག་སེམས་ཅན་ལུང་སྟོན་པ། །དེ་རིང་ཡུད་ཀྱིས་བདག་ཅག་དེ་ཐོབ་ཤོག་།དེ་ནས་དེའི་ཚེ་བཅོམ་ལྡན་ཀྱིས་ཀུན་དུ་རྒྱུ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱི། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། །འཇིག་རྟེན་ཕན་བཞེད་འཛུམ་པ་གང་མཛད་པ། །མུ་སྟེགས་ཚོགས་འདི་ཤིན་དུ་འཕགས་གྱུར་ཏམ། །མི་མཆོག་རང་བྱུང་ཅི་སླད་མཛུམ་མཛད་པ། །འཛུམ་རྒྱུ་དེ་ནི་ཁྱོད་ཀྱིས་བཀའ་སྩལ་གསོལ། །བདེ་བར་གཤེགས་པས་འཛུམ་པ་མཛད་མཐོང་ནས། །འཇིག་རྟེན་ཕན་བཞེད་འགྲོ་འདི་ཐེ་ཚོམ་འཚལ། །ཟླ་བ་ཉ་ལ་འགྲོ་བ་ལྟ་བ་བཞིན། །ལྟ་ཞིང་མཆིས་ན་རྒྱལ་བ་འཛུམ་རྒྱུ་གསུངས། །སུ་ཞིག་རྒྱལ་ལ་མཆོད་པ་དམ་པ་བགྱིས། །གང་གིས་དེ་རིང་ཡབ་ནི་མཉེས་པར་བགྱིས། །རྒྱལ་བའི་ཡོན་ཏན་དེ་རིང་གང་གིས་མཐོང ། །མཁས་པ་མྱུར་དུ་ལེགས་པར་བཀའ་སྩལ་གསོལ། །མུ་སྟེགས་ཅན་རྣམས་ལུང་བསྟན་དེ་ཐོས་ནས། ། 81.143b འཇིག་རྟེན་ཐམས་ཅད་རབ་ཏུ་དགའ་བར་འགྱུར། །འདི་ལྟར་འདི་དག་བདེ་བར་གཤེགས་པས་བཏུལ། །དེས་ན་འགྲོ་བ་ཀུན་གྱི་རྣམ་འདྲེན་ལགས། །རྒྱལ་བས་ཐེ་ཚོམ་ལེགས་པར་བསལ་དུ་གསོལ། །སོམ་ཉི་འཚལ་བའི་སོམ་ཉི་དགུམ་དུ་གསོལ། །དེས་ནི་འཁོར་རྣམས་འདི་དག་ཡི་རངས་ཤིང ། །སངས་རྒྱས་ཁྱོད་ཀྱི་དགོངས་ལ་དད་པར་མཆི། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །རྟ་ཐུལ་ཁྱོད་ཀྱིས་དུས་འདི་ཤེས་འགྱུར་ནས། །རྒྱལ་བ་དགྲ་ལས་རྒྱལ་ལ་དྲིས་པ་ལེགས། །འདྲེན་པ་རང་བྱུང་ཉིད་ལ་དེ་དྲིས་པས། །འཇིག་རྟེན་ཕན་པའི་ཚིག་ཀྱང་བརྗོ་པར་གྱུར། །འཛུམ་པ་འདི་ནི་ཇི་ལྟར་ངས་མཛད་པ། །འཛུམ་རྒྱུ་ངས་དེ་ཁྱོད་ལ་བསྟན་པར་བྱས། །ཡང་དག་ཇི་བཞིན་ང་ཡིས་བསྟན་པ་ལ། །དགའ་བའི་ཡིད་དུ་བྱོས་ཏེ་དེར་ཉོན་ཅིག་།མུ་སྟེགས་ཚོགས་འདིར་རབ་ཏུ་དུལ་གྱུར་དེ། །ལྟ་བའི་རྣམ་སྤངས་ལྟ་བ་བཟང་པོར་འགྱུར། །ལྟ་བའི་རྣམ་པར་འཇིག་རྟེན་འཁྱམས་མཐོང་ནས། སྙིང་རྗེ་ཅན་གྱུར་བྱང་ཆུབ་རབ་ཏུ་ཞུགས། །ལྟ་བའི་རྣམ་པ་དག་ནི་རབ་སྤངས་ཏེ། །ལྟ་བ་དྲང་པོ་རྙོག་མེད་རྟོགས་གྱུར་ཅིང ། །ང་ཡིས་ལུང་བསྟན་ཐོགས་མེད་ཐོས་གྱུར་ནས། །དེ་དག་ཀུན་གྱིས་ཐམས་ཅད་མཁྱེན་སེམས་བསྐྱེད། །སྔོན་གྱི་རྒྱལ་བ་དག་ལ་དད་བསྐྱེད་དེ། །ཐུགས་རྗེ་ལྡན་པ་རྐང་གཉིས་དམ་པ་པོ། །རྒྱལ་བ་བྱེ་བ་ཉི་ཤུར་ཚང་བ་ལ། །བླ་མེད་བྱང་ཆུབ་ཚོལ་ཞིང་བསྙེན་བཀུར་བྱས། །རྒྱལ་བ་རྣམས་ལ་སྦྱིན་པ་མི་ཉུལ་ཐུལ། །ཁྲིམས་དང་ཞི་བའི་ཏིང་འཛིན་རྣམ་པར་སྦྱངས། །ཤེས་རབ་བརྩོན་འགྲུས་སྟོབས་ཀྱང་འབར་བར་བྱས། །ཐུགས་རྗེ་ལྡན་རྣམས་དྲུང་དུ་བཟོད་པ་བསྟེན། །བྱང་ཆུབ་དམ་པ་བཅལ་ནས་ཡུན་རིང་དུ། །ཕ་རོལ་ཕྱིན་པ་དྲུག་ལ་བློ་ཡང་ཞུགས། །རྒྱལ་བ་དགྲ་ལས་རྒྱལ་བ་ཞུ་བ་ཞུས། །སངས་རྒྱས་བརྒྱ་འགྲངས་དག་ལ་ཡིད་དགའ་བྱས། །དེ་དག་སྡིག་པའི་གྲོགས་ཀྱི་དབང་གིས་ནི། །ལྟ་བའི་རྣམ་པ་སྡུག་ལ་གནས་གྱུར་པ། །དེ་དག་བདེ་གཤེགས་རང་བྱུང་མཐོང་གྱུར་ནས། །ཆགས་པ་མེད་པས་ལྟ་བའི་རྣམ་པ་སྤངས། །སྟོན་པའི་དགོངས 81.144a པ་ཡང་དག་རྣམ་པར་རྟོགས། །སྟོན་པའི་དགོངས་པ་རྣམས་ལ་དད་པ་གནས། །མ་འོངས་དུས་ན་བྱང་ཆུབ་ཚོལ་བྱེད་ཅིང ། །རྒྱལ་བ་བྱེ་བ་བསྙེན་བཀུར་བྱེད་པར་འགྱུར། །མ་འོངས་བསྐལ་པ་སྐར་མ་འདྲ་བ་ལ། །རྒྱལ་བ་ང་རྒྱལ་བཅོམ་པར་མཚན་འཐུན་པར། །གྲགས་པ་ཆེན་པོར་ཕྱོགས་སུ་རྣམ་པར་གྲགས། །འཇིག་རྟེན་མཁས་པ་འགྲོ་བ་འགྲེལ་པར་འགྱུར། །དེ་དག་སངས་རྒྱས་ཞིང་ཡང་དག་འགྱུར་ཏེ། །དེ་དག་བཀོད་པ་སྣ་ཚོགས་མཚུངས་པ་མེད། །སངས་རྒྱས་ཞིང་དེར་སྡིག་པའི་བློ་ཅན་མེད། །བློ་གྲོས་དག་པར་འཐུན་པ་ཤ་སྟག་གནས། །དེ་ནི་ངན་སོང་ཐམས་ཅད་རྣམ་པར་སྦྱངས། །མི་ཁོམ་བསལ་ཏེ་དུས་དེའི་ཐ་མ་ལ། །རྒྱལ་བ་དེ་དག་སྐུ་ཚེའི་སྟོབས་ལྡན་ཏེ། །ལོ་ནི་སྟོང་ཕྲག་བརྒྱད་བཅུ་ཐུབ་པར་འགྱུར། །མི་དེ་དག་གིས་བྱང་ཆུབ་འདི་ཐོས་ནས། །ཚེ་དེ་མི་མཉེས་པར་ནི་བྱེད་མི་འགྱུར། །ཆགས་མེད་བློ་མངའ་རྣམས་ཀྱི་མཆན་ཐོས་ན། །བུད་མེད་རྣམས་ཀྱང་སྐྱེས་པའི་ལུས་ཐོབ་འགྱུར། །དེ་ལྟར་ང་བཅོམ་རྒྱལ་བ་དྲང་སྲོང་ཆེ། །སྟོན་པས་མུ་སྟེགས་ལུང་བསྟན་བཀའ་སྩལ་པ། །དེ་ཐོས་གྱུར་ནས་ལྷར་བཅས་འཇིག་རྟེན་རྣམས། །ཡི་རངས་གྱུར་ཅིང་སྟོབས་ཀྱང་བསྐྱེད་པར་འགྱུར། །མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། ་།། དེ་ནས་རྒྱལ་པོ་ཟས་གཙང་མ་འཁོར་དང་བཅས་པས་ལྷ་མ་ཡིན་རྣམས་དང ། །ནམ་མཁའ་ལྡིང་རྣམས་ནས་ཀུན་དུ་རྒྱུ་རྣམས་ཀྱི་བར་གྱི་ལུང་བསྟན་པ་ཐོས་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱས་པ་ནི་ངོ་མཚར་སྙམ་ནས་དེ་ཡང་བུ་ལ་ཆགས་པས་ཀུན་དུ་བཀྲིས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མའི་སེམས་ཐུགས་སུ་ཆུད་ནས་རྒྱལ་པོ་ཟས་གཙང་མ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ལ་ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། །དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། 81.144b ཡོངས་སུ་བྱང་བའི་ཆོས་འདི་ལྟ་སྟེ། ཁམས་དྲུག་རྣམ་པར་དབྱེ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། རྒྱལ་པོ་ཟས་གཙང་མ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། དེ་ལ་བཅོམ་ལྡན་འདས་ཀྱི་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁམས་དྲུག་རྣམ་པར་དབྱེ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེ་ན། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པ། རེག་པའི་སྐྱེ་མཆེད་དྲུག་པ། །ཡིད་ཀྱི་ཉེ་བར་སྤྱོད་པ་བཅཝ་བརྒྱད་པ་སྟེ། སྐྱེས་བུ་འདི་ནི་ཁམས་དྲུག་པ་ཞེས་གང་སྨྲས་པ་དེའི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་རྣམས་སོ། །རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་ནི་ཁམས་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་སྨྲས་པ་དེ་ཅི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད་དྲུག་ནི་འདི་དག་སྟེ། དྲུག་གང་ཞེ་ན། གཟུགས་རྣམས་ལ་ལྟ་བའི་ཕྱིར་མིག་རེག་པའི་སྐྱེ་མཆེད་དང ། སྒྲ་རྣམས་ལ་ཉན་པའི་ཕྱིར་རྣ་བ་རེག་པའི་སྐྱེ་མཆེད་དང ། དྲི་རྣམས་ལ་མ་ནོམ་པའི་ཕྱིར་སྣ་རེག་པའི་སྐྱེ་མཆེད་དང ། རོ་རྣམས་ལ་མྱང་བའི་ཕྱིར་ལྕེ་རེག་པའི་སྐྱེ་མཆེད་དང ། རེག་བྱ་རྣམས་ལ་རེག་པའི་ཕྱིར་ལུས་རེག་པའི་སྐྱེ་མཆེད་དང ། ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་རེག་པའི་སྐྱེ་མཆེད་དོ། །རྒྱལ་པོ་ཆེན་པོ་དེ་དག་ནི་རེག་པའི་སྐྱེ་མཆེད་དྲུག་སྟེ། སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅཝ་བརྒྱད་པའོ་ཞེས་གང་སྨྲས་པ་དེ་ཅི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཡིད་ཀྱི་ཉེ་བར་སྤྱོད་པ་བཅཝ་བརྒྱད་ནི་འདི་དག་སྟེ། བཅཝ་བརྒྱད་གང་ཞེ་ན། འདི་ལ་མིས་མིག་གིས་གཟུགས་མཐོང་ན་ཡིད་བདེ་བ་དང ། ཡིད་མི་བདེ་བ་དང ། 81.145a བཏང་སྙོམས་སུ་འགྱུར་བར་གཟུགས་ལ་ཉེ་བར་སྤྱོད་དོ། །རྣ་བས་སྒྲ་ཐོས་ན་ཡིད་བདེ་བ་དང ། ཡིད་མི་བདེ་བ་དང ། བཏང་སྙོམས་སུ་འགྱུར་བར་སྒྲ་ལ་ཉེ་བར་སྤྱོད་དོ། །སྣས་དྲི་ཚོར་ན་ཡིད་བདེ་བ་དང ། ཡིད་མི་བདེ་བ་དང ། བཏང་སྙོམས་སུ་འགྱུར་བར་དྲི་ལ་ཉེ་བར་སྤྱོད་དོ། །ལྕེས་རོ་མྱོང་ན་ཡིད་བདེ་བ་དང ། ཡིད་མི་བདེ་བ་དང ། བཏང་སྙོམས་སུ་འགྱུར་བར་རོ་ལ་ཉེ་བར་སྤྱོད་དོ། །ལུས་ཀྱིས་རེག་བྱ་ལ་རེག་ན་ཡིད་བདེ་བ་དང ། ཡིད་མི་བདེ་བ་དང ། བཏང་སྙོམས་སུ་འགྱུར་བར་རེག་བྱ་ལ་ཉེ་བར་སྤྱོད་དོ། །ཡིད་ཀྱིས་ཆོས་རེག་ན་ཡིད་བདེ་བ་དང ། ཡིད་མི་བདེ་བ་དང ། བཏང་སྙོམས་སུ་འགྱུར་བར་ཆོས་ལ་ཉེ་བར་སྤྱོད་དོ། །རྒྱལ་པོ་ཆེན་པོ་དེ་ལ་གང་དག་ཡིད་བདེ་བར་ཉེ་བར་སྤྱོད་པ་དྲུག་དང ། གང་དག་ཡིད་མི་བདེ་བར་ཉེ་བར་སྤྱོད་པ་དྲུག་དང ། གང་དག་བཏང་སྙོམས་སུ་འགྱུར་བར་ཉེ་བར་སྤྱོད་པ་དྲུག་པོ་དེ་དག་གཅིག་ཏུ་བསྡུས་ན་ཡིད་ཀྱི་ཉེ་བར་སྤྱོད་པ་བཅཝ་བརྒྱད་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་བཅཝ་བརྒྱད་པོ་དེ་དག་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་སྟེ། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅཝ་བརྒྱད་པའོ་ཞེས་གང་དག་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །རྒྱལ་པོ་ཆེན་པོ་དེ་ལ་སའི་ཁམས་ནི་རྣམ་པ་གཉིས་ཏེ་ནང་གི་ཡང་ཡོད། ཕྱི་རོལ་གྱི་ཡང་ཡོད་དོ། །རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང ། མཁྲང་བའི་རྣམ་པ་དང ། ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ་སྐྲ་དང ། སྤུ་དང ། སེན་མོ་དང ། སོ་དང ། རྔུལ་དང ། དྲི་མ་དང ། ལྤགས་པ་དང ། ཤ་དང ། རྩ་དང ། ཆུ་རྒྱུས་དང ། རུས་པ་དང ། རྐང་དང ། སྙིང་དང ། མཆིན་པ་དང ། གློ་བ་དང ། མཁལ་མ་དང ། སུལ་མངས་དང ། མཆིན་དྲི་དང ། རྒྱུ་མ་དང ། གཉེ་མ་དང ། ལྒང་པ་དང ། མཚེར་པ་དང ། ཕྱི་ས་དང ། གཞང་དང ། ཀླད་པ་དང ། ཀླད་རྒྱས་དང ། གཞན་གང་ཡང་ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང ། མཁྲང་བའི་རྣམ་པ་དང ། ལུས་སུ་གཏོགས་པར་གྱུར་བ་དང ། ཟིན་པ་འདི་ནི་ནང་གི་སའི་ཁམས་ཤེས་བྱའོ། །རྒྱལ་པོ་ཆེན 81.145b པོ་ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ཕྱི་རོལ་གྱི་སྲ་བ་དང ། མཁྲང་བའི་རྣམ་པ་དང ། ལུས་སུ་མ་གཏོགས་པ་དང ། མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཤེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ནང་གི་སའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་སོགས་པར་མི་འགྲོའོ། །རྒྱལ་པོ་ཆེན་པོ་བུད་མེད་ནང་དུ་བདག་ནི་བུད་མེད་དོ་ཞེས་རྟོག་ཅིང་དེ་ནང་དུ་བུད་མེད་ཅེས་བརྟགས་ནས། ཕྱི་རོལ་དུ་སྐྱེས་པ་ལ་སྐྱེས་པའོ་ཞེས་རྟོག་གོ། །དེ་ཕྱི་རོལ་དུ་སྐྱེས་པ་ལ་སྐྱེས་པ་ཞེས་བརྟགས་ནས་ཆགས་པར་གྱུར་ཏེ། ཕྱི་རོལ་གྱི་སྐྱེས་པ་དང་ཕྲད་པར་འདོད་དོ། །སྐྱེས་པ་དེ་ཡང་ནང་དུ་བདག་སྐྱེས་པ་ཞེས་རྟོག་སྟེ། ནང་དུ་བདག་ནི་སྐྱེས་པ་ཞེས་བརྟགས་ནས་ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་རྟོག་གོ། །ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་བརྟགས་ནས་ཆགས་པར་གྱུར་ཏེ། ཕྱི་རོལ་གྱི་བུད་མེད་དང་ཕྲད་པར་འདོད་དོ། །ཕྲད་པར་འདོད་པས་བྲང་པར་འགྱུར་རོ། །ཕྲད་པའི་རྐྱེན་གྱིས་མེར་མེར་པོ་སྐྱེ་བར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་ལ་ཀུན་དུ་བརྟག་པ་དང ། གང་ཀུན་དུ་རྟོག་དེ་གཉིས་ཀ་ཡང་མེད་དོ། །བུད་མེད་ལ་ནི་བུད་མེད་མེད་དོ། །སྐྱེས་པ་ལ་ནི་སྐྱེས་པ་མེད་དོ། །དེ་ལྟར་མེད་ཅིང་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པ་སྐྱེས་ཏེ། ཀུན་དུ་རྟོག་པ་དེ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །ཀུན་དུ་རྟོག་པ་ཇི་ལྟ་བ་དེ་བཞིན་དུ་ཕྲད་པ་དང ། མེར་མེར་པོ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །གང་ངོ་བོ་ཉིད་མེད་པ་ཇི་ལྟར་སྲ་བ་སྐྱེད་པར་འགྱུར། རྒྱལ་པོ་ཆེན་པོ་དེ་ལྟར་ཀུན་དུ་རྟོག་པ་ཤེས་པར་བྱས་ནས་སྲ་བ་ཉིད་རྟོགས་པར་བྱ་སྟེ། ཅི་ནས་སྲ་བ་ནི་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བར་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི་མཐར་འགྱུར་བའི་དུས་དེ་ཡོད་དེ། དེའི་སྲ་བ་དེ་འཇིག་ཅིང་འགག་པར་འགྱུར་བའི་ཚེ་ཤར་ཕྱོགས་སུ་མི་འགྲོ། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། སྟེང་དང་འོག་དང ། ཕྱོགས་མཚམས་རྣམས་སུ་ཡང་མི་འགྲོ་སྟེ། རྒྱལ་པོ་ཆེན་པོ་ནང་གི 81.146a སའི་ཁམས་ནི་དེ་ལྟར་བལྟའོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ནམ་མཁར་གྱུར་པ་ལ་ཚངས་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་གནས་པའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་བྱུང་ཡང ། རྒྱལ་པོ་ཆེན་པོ་དེའི་སྲ་བ་རེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ ། །ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ་སྲ་ཞིང་བརྟན་ལ་ལྷུན་སྟུག་པ་རྣམས་གནས་པར་གྱུར་ཀྱང་དེ་དག་གི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ ། །རིའི་རྒྱལ་པོ་རི་རབ་དག་དང ། གཉའ་ཤིང་འཛིན་དག་དང ། མུ་ཁྱུད་འཛིན་དག་དང ། གཤོལ་མདའ་འཛིན་དག་དང ། རྡོ་རྗེ་འཛིན་དག་དང ། སེང་ལྡེང་ཅན་དག་དང ། རྣམ་པར་འདུད་དག་དང ། རི་རྟ་རྣ་ངག་དང ། བལྟ་ན་སྡུག་དང ། བལྟ་ན་སྡུག་ཆེན་པོ་དག་དང ། ཐེར་སྒྲེ་དག་དང ། སྤོས་ཀྱི་ངད་ལྡང་དག་དང ། གངས་རི་དག་དང ། དེ་མ་ཡིན་པའི་རི་ནག་པོ་དག་གནས་པ་དང ། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པ་དང ། རྔམས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ། རྒྱར་དཔག་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང ། རྒྱལ་པོ་ཆེན་པོ་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འདོད། རྒྱལ་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཚེ་ས་ཆེན་པོ་འདི་མེས་ཚིག་པ་འམ། ཆུས་བཤིག་པ་འམ། རླུང་གིས་གཏོར་བར་འགྱུར་པའི་དུས་དེ་ཡོད་དེ། དེ་མེས་ཚིག་ན་ནི་དུ་བ་ཡང་མི་མངོན། ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་མར་རམ། འབྲུ་མར་གྱི་མེས་བསྲེགས་ན་དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེས་ཚིག་པའི་ཚེ་དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །ཆུས་བཤིག་པའི་ཚེ་ཡང་ལྷག 81.146b མ་ཅི་ཡང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་ལན་ཚཝ་ཆུའི་ནང་དུ་ཞུ་བ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆུས་བཤིག་པའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རླུང་གིས་གཏོར་བའི་ཚེ་ཡང་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་རྣམ་པར་འཐོར་རླུང་གིས་འདས་པའི་བྱེའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རླུང་གིས་གཏོར་བའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བ་ཡང་སྟོང ། སའི་ཁམས་འཇིག་པ་དང་འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ ། །རྒྱལ་པོ་ཆེན་པོ་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་ཁམས་ཉིད་དུ་མི་དམིགས་ཏེ། ཐ་སྙད་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། རྒྱལ་པོ་ཆེན་པོ་དེ་ལྟར་དེ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་རྟོགས་ཤིག་།རྒྱལ་པོ་ཆེན་པོ་དེ་ལ་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང ། ཕྱི་རོལ་བགྱིའོ། །ནང་གི་ཆུའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཆུ་དང ། ཆུའི་རྣམ་པ་དང ། ཆུ་ཉིད་དང ། བརླན་པ་དང ། བརླན་པའི་རྣམ་པ་དང ། བརླན་པ་ཉིད་དང ། གཤེར་བ་ཉིད་དང ། ལུས་སུ་གཏོགས་པ་དང ། ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང ། རྔུལ་དང ། མཆིལ་མ་དང ། ངར་སྣབས་དང ། ཆུ་སེར་དང ། ཚིལ་དང ། མཁྲིས་པ་དང ། ངར་སྣབས་དང ། རྣག་དང ། ཁྲག་དང ། འོ་མ་དང ། གཅིན་དང ། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ཆུ་དང ། ཆུའི་རྣམ་པ་དང ། ཆུ་ཉིད་དང ། བརླན་པ་དང ། བརླན་པའི་རྣམ་པ་དང ། བརླན་པ་ཉིད་དང ། གཤེར་བ་ཉིད་དང ། ལུས་སུ་གཏོགས་པ་དང ། ཟིན་པ་འདི་ནི་ནང་གི་ཆུའི་ཁམས་ཤེས་བྱའོ། །ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་ཆུ་དང ། ཆུའི་རྣམ་པ་དང ། ཆུ་ཉིད་དང ། བརླན་པ་དང ། བརླན་པའི་རྣམ་པ་དང ། བརླན་པ་ཉིད་དང ། གཤེར་བ་ཉིད་དང ། ལུས་སུ་མ་གཏོགས་པ་དང ། 81.147a མ་ཟིན་པ་འདི་ནི་ཕྱི་རོལ་གྱི་ཆུའི་ཁམས་ཤེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ནང་གི་ཆུའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ ། །རྒྱལ་པོ་ཆེན་པོ་སྡུག་པ་མཐོང་ན་མཆི་མ་འབྱུང་བ་དང ། སྡུག་བསྔལ་གྱི་ཉེན་པ་དང ། ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱུང་བ་དང ། རླུང་གིས་བཏབ་བམ། རྣམ་པ་གཞན་དག་གིས་ཀྱང་མཆི་མ་འབྱུང་སྟེ། དཔྱད་བྱས་པས་ཀྱང་ནང་གི་ཆུའི་ཁམས་དེ་འཕེལ་བར་འགྱུར་བའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ ། །རྒྱལ་པོ་ཆེན་པོ་གང་ནང་གི་ཆུའི་ཁམས་ཡོངས་སུ་སྐམ་པར་འགྱུར་བའི་དུས་དེ་ཡོད་དེ། དེ་ཡོངས་སུ་སྐམ་ཞིང་འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་གང་ནང་གི་མེའི་ཁམས་ཤས་ཆེ་བར་གྱུར་ན་དེས་ཆུའི་ཁམས་ཡོངས་སུ་གདུང་བར་འགྱུར་བའི་དུས་དེ་ཡོད་དེ། གདུངས་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་ནང་གི་ཆུའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང ། འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་འཆགས་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འདི་འཆགས་པར་འགྱུར་བའི་ཚེ་ནམ་མཁའ་འདི་ལ་ཀུན་དུ་སྤྲིན་ཤིན་དུ་སྟུག་པོའི་ཚོགས་སུམ་བཅུ་རྩ་གཉིས་འཁྲིགས་པར་འགྱུར་ཏེ། དེ་དག་འཁྲིགས་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཡོག་པར་འགྱུར་ཏེ། དེ་ལ་བསྐལ་པའི་བར་མ་ལྔའི་བར་དུ་གཤོལ་མདའ་ཙམ་གྱི་ཆར་གྱི་རྒྱུན་འབབ་པོ། །བསྐལ་པ་བར་མ་ལྔའི་བར་དུ་གླང་པོ་ཆེའི་ཕོ་མཚན་ཙམ་གྱི་ཆར་འབབ་བོ། །བསྐལ་པ་བར་མ་ལྔའི་བར་དུ་རྒྱུན་མི་འཆད་པའི་ཆར་འབབ་བོ། །བསྐལ་པ་བར་མ་ལྔའི་བར་དུ་ཐིགས་པ་ཆེན་པོའི་ཆར་འབབ་བོ། དེས་ས་ཆེན་པོ་འདི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་ཁྱབ་པར་གང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆུའི་ཕུང་པོ་ཆེན་པོ་དེ་འབྱུང་བའི་ཚེ་འང་གང་ནས་ཀྱང་མི་འོང་ངོ ། །རྒྱལ་པོ་ཆེན་པོ་གང་འཇིག་རྟེན 81.147b འདི་འཇིག་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འདི་འཇིག་པར་འགྱུར་བའི་ཚེ་ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཉི་མ་གཉིས་འཇིག་རྟེན་དུ་བྱུང་བས་ཆུ་མིག་དང ། ཆུ་བྲན་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་གསུམ་འཇིག་རྟེན་དུ་བྱུང་བས་ཆུ་མིག་ཆེན་པོ་དང ། ཆུ་ཀླུང་ཆེན་པོ་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་འཇིག་རྟེན་དུ་བྱུང་བས་གང་ན་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་འབབ་པའི་མཚོ་ཆེན་པོ་མ་དྲོས་པ་དེ་ཡང་ཡོངས་སུ་སྐམ་པར་འགྱུར། ཐིམ་པར་འགྱུར་ཏེ་མེད་པར་འགྱུར་རོ། །དེ་ནས་ཉི་མ་ལྔ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་གཅིག་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། །དཔག་ཚད་གཉིས་དང ། གསུམ་དང ། བཞི་དང ། ལྔ་དང ། བཅུ་དང ། ཉི་ཤུ་དང ། སུམ་བཅུ་དང ། བཞི་བཅུ་དང ། དཔག་ཚད་ལྔ་བཅུ་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། །དཔག་ཚད་བརྒྱ་དང ། ཉིས་བརྒྱ་དང ། སུམ་བརྒྱ་དང ། བཞི་བརྒྱ་དང ། དཔག་ཚད་ལྔ་བརྒྱ་དང ། དཔག་ཚད་སྟོང་དང ། ཉིས་སྟོང་དང ། སུམ་སྟོང་དང ། དཔག་ཚད་བཞི་སྟོང་ཙམ་དུ་རྒྱ་མཚོ་ཆེན་པོ་ལས་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་རྒྱ་མཚོ་ཆེན་པོ་ལ་དཔག་ཚད་བཞི་ཁྲིའི་ཆུ་ལས་པར་འགྱུར་བ་དང ། དཔག་ཚད་སུམ་ཁྲི་དང ། ཉི་ཁྲི་དང ། དགུ་སྟོང་དང ། བརྒྱད་སྟོང་དང ། བདུན་སྟོང་དང ། དྲུག་སྟོང་དང ། ལྔ་སྟོང་དང ། བཞི་སྟོང་དང ། སུམ་སྟོང་དང ། ཉིས་སྟོང་དང ། སྟོང་གི་ཆུ་ལས་པར་འགྱུར་བ་དང ། དཔག་ཚད་དགུ་བརྒྱའི་ཆུ་ལས་པར་འགྱུར་བ་དང ། དཔག་ཚད་བརྒྱད་བརྒྱ་དང ། བདུན་བརྒྱ་དང ། དྲུག་བརྒྱ་དང ། ལྔ་བརྒྱ་དང ། བཞི་བརྒྱ་དང ། སུམ་བརྒྱ་དང ། ཉིས་བརྒྱ་དང ། བརྒྱའི་ཆུ་ལས་པར་འགྱུར་བ་དང ། དཔག་ཚད་ལྔ་བཅུ་དང ། བཞི་བཅུ་དང ། སུམ་བཅུ་དང ། ཉི་ཤུ་དང ། བཅུ་དང ། དགུ་དང ། བརྒྱད་དང ། 81.148a བདུན་དང ། དྲུག་དང ། ལྔ་དང ། བཞི་དང ། གསུམ་དང ། གཉིས་དང ། དཔག་ཚད་གཅིག་གི་ཆུ་ལས་པར་འགྱུར་བ་དང ། ཤིང་ཏ་ལ་བཅུ་དང ། དགུ་དང ། བརྒྱད་དང ། བདུན་དང ། དྲུག་དང ། ལྔ་དང ། བཞི་དང ། གསུམ་དང ། ཤིང་ཏ་ལ་གཉིས་ཙམ་གྱི་ཆུ་ལས་པར་འགྱུར་བ་དང ། མི་འགྲེང་བཅུ་དང ། དགུ་དང ། བརྒྱད་དང ། བདུན་དང ། དྲུག་དང ། ལྔ་དང ། བཞི་དང ། གསུམ་དང ། མིའི་འགྲེང་གཉིས་ཙམ་གྱི་ཆུ་ལས་པར་འགྱུར་བ་དང ། ལྐོག་མ་ནུབ་ཙམ་དང ། མཆན་ཁུང་ནུབ་ཙམ་དང ། ལྟེ་བ་ནུབ་ཙམ་དང ། པུས་མོ་ནུབ་ཙམ་གྱི་ཆུ་ལས་པར་འགྱུར་བ་ནས། བ་ལང་གི་རྨིག་རྗེས་ཀྱི་ཆུ་ཙམ་གྱི་བར་དུ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་ལས་ཟིལ་བ་ཕྲམ་ཕྲུམ་ཙམ་ལས་པར་འགྱུར་བའི་དུས་དེ་ཡོད་དེ། འདི་ལྟ་སྟེ། དཔེར་ན་ཆར་བའི་ཐིགས་པ་ཆེན་པོ་བབ་ན་ས་ཆེན་པོ་ལ་ཐོག་མར་ཟིལ་བ་ཕྲམ་ཕྲུམ་ཙམ་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒྱ་མཚོ་ཆེན་པོ་དེ་ཡང་ཟིལ་པ་ཕྲམ་ཕྲུམ་ཙམ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་འཛུབ་མོ་སྨྱུགས་པ་ཙམ་གྱི་ཆུ་ཡང་མ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་ཙམ་དུ་ཆུའི་ཁམས་དེ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། ཤར་ཕྱོགས་དང ། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། སྟེང་དང ། འོག་དང ། ཕྱོགས་མཚམས་རྣམས་སུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་སྐྱེ་བ་ཡང་སྟོང ། འཇིག་པ་ཡང་སྟོང ། གནས་པའི་ཚེ་ཡང་ཆུའི་ཁམས་དེ་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་ཐ་སྙད་ཙམ་མ་གཏོགས་པར་ཆུའི་ཁམས་ཀྱིས་སྟོང་ཞིང་མི་དམིགས་ཏེ། ཐ་སྙད་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་ནོ། །དེ་ལྟར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག་།རྒྱལ་པོ་ཆེན་པོ་དེ་ལ་མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང ། ཕྱི་རོལ་གྱིའོ། །ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་མེ་དང ། མེའི 81.148b རྣམ་པ་དང ། དྲོ་བ་དང ། དྲོ་བའི་རྣམ་པ་དང ། ལུས་སུ་གཏོགས་པ་དང ། ཟིན་པའོ། །དེ་ཡང་གང་ཞེ་ན། གང་གིས་ལུས་འདི་གདུང་བ་དང ། ཀུན་དུ་གདུང་བ་དང ། ཡོངས་སུ་གདུང་བ་དང ། གང་གིས་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང ། གང་གི་ཤས་ཆེ་ན་རིམས་སོ་རིམས་སོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང ། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་མེ་དང ། མེའི་རྣམ་པ་དང ། དྲོ་བ་དང ། དྲོ་བའི་རྣམ་པ་དང ། ལུས་སུ་གཏོགས་པ་དང ། ཟིན་པ་འདི་ནི་ནང་གི་མེའི་ཁམས་ཤེས་བྱའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་མེ་དང ། མེའི་རྣམ་པ་དང ། དྲོ་བ་དང ། དྲོ་བའི་རྣམ་པ་དང ། ལུས་སུ་གཏོགས་པ་དང ། མ་ཟིན་པ་སྟེ། དེ་ནི་མི་དག་གཙུབ་ཤིང་དང་ལྡན་པ་འམ། རྩཝ་དང་ལྡན་པ་འམ། བ་ལང་གི་ལྕི་བའི་བུ་རམ་འམ། ཤིང་བལ་གྱི་སྒོ་དང་ལྡན་པར་བྱས་ཤིང་མེ་འབྱིན་ཏེ། དེ་བྱུང་ནས་གྲོང་ཡངཚིག་།གྲོང་གི་ཕྱོགས་ཀྱང་ཚིག་།གྲོང་ཁྱེར་རམ། གྲོང་ཁྱེར་གྱི་ཕྱོགས་སམ། ཡུལ་ལམ། ཡུལ་གྱི་ཕྱོགས་སམ། གླིང་ངམ། རྩཝའི་གཏོས་སམ། ནགས་སམ། ཤིང་ངམ། རྩཝ་འམ། བ་ལང་གི་ལྕི་བ་དག་སྲེག་ཅིང་འགྲོ་བ་དང ། གཞན་ཡང་གང་ཚུལ་འདི་དང་འདྲ་བ་འདི་ནི་ཕྱི་རོལ་གྱི་མེའི་ཁམས་ཤེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ཕྱི་རོལ་གྱི་མེའི་ཁམས་ནི་འབྱུང་བའི་ཚེ་ཡང་གང་ནས་ཀྱང་མི་འོང་ངོ ། །འགག་པའི་ཚེ་ཡང་གང་དུ་ཡང་སོགས་པར་མི་འགྲོ་སྟེ། དེ་ནི་རང་བཞིན་དང་བྲལ་བའི་ཕྱིར་མེད་པ་ལས་ཡོད་པར་འགྱུར་ཞིང ། ཡོད་པར་གྱུར་ནས་ཀྱང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རླུང་གི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང ། ཕྱི་རོལ་གྱིའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང ། རླུང་གི་རྣམ་པ་དང ། ཡང་བ་ཉིད་དང ། གཡོ་བ་ཉིད་དང ། ལུས་སུ་གཏོགས་པ་དང ། 81.149a ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང་མཐུར་དུ་འགྲོ་བ་དང ། ཐད་ཀར་འགྲོ་བ་དང ། རྒྱབ་ཏུ་འགྲོ་བ་དང ། རྒྱབ་ན་གནས་པ་དང ། ལྟོ་ན་གནས་པ་དང ། འཆད་པར་བྱེད་པ་དང ། འགས་པར་བྱེད་པ་དང ། གཟེར་བ་དང ། འདར་བུ་དང ། སྣ་སྐང་དང ། རླུང་སྐྲན་དང ། དབུག་འབྱུང་བ་དང་རྔུབ་པ་དང་ལྡན་པ་དང ། ཡན་ལག་དང་ཉིང་ལག་ལ་གནས་པའི་རླུང་དག་དང ། གཞན་ཡང་གང་དག་ལུས་འདི་ལ་ནང་གི་ཁོང་ན་རླུང་དང ། རླུང་གི་རྣམ་པ་དང ། ཡང་པ་ཉིད་དང ། གཡོ་བ་ཉིད་དང ། ལུས་སུ་གཏོགས་པ་དང ། ཟིན་པ་འདི་ནི་ནང་གི་རླུང་གི་ཁམས་ཤེས་བྱའོ། །ཕྱི་རོལ་གྱི་རླུང་གི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་རླུང་དང ། རླུང་གི་རྣམ་པ་དང ། ཡང་བ་ཉིད་དང ། གཡོ་བ་ཉིད་དང ། ལུས་སུ་མ་གཏོགས་པ་དང ། མ་ཟིན་པ་དག་སྟེ། ཕྱི་རོལ་གྱི་རླུང་དེ་ཡང་ཤར་ཕྱོགས་ཀྱི་རླུང་ཡོད་དོ། །ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་ཀྱི་རླུང་ཡོད་དོ། །རྡུལ་དང་བཅས་པ་དང ། རྡུལ་མེད་པ་དང ། ཆུང་བ་དང ། ཆེ་བའི་རླུང་ཡོད་དོ། །ཀུན་ཏུ་ཁྱབ་པའི་རླུང་དང ། རྣམ་པར་འཐོར་བའི་རླུང་དང ། ཚུབ་མའི་རླུང་དག་ཀྱང་ཡོད་དོ། །རྒྱལ་པོ་ཆེན་པོ་རླུང་གི་ཕུང་པོ་ཆེན་པོ་ལངས་ན་ཤིང་དག་ཀྱང་གཅོག་།རྩིག་པའི་ཁ་དག་དང ། རིའི་རྩེ་མོ་དག་ཀྱང་སྙིལ་ཞིང་བསྙིལ་ནས་རྨེག་མེད་པར་འགྱུར་བ་དག་དང ། ཡང་སེམས་ཅན་དག་གོས་ཀྱི་མཐའ་མ་འམ། སྦུད་པ་འམ། རླུང་ཡབ་དག་གིས་རླུང་གཡོབ་པའི་དུས་དེ་ཡོད་དེ་གཞན་ཡང་གང་ཚུལ་འདི་དང་འདྲ་བ་དེ་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཤེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ནང་དང་ཕྱིའི་རླུང་གི་ཁམས་ནི་འབྱུང་བའི་ཚེ་ཡང་གང་ནས་ཀྱང་མི་འོང་ངོ ། །འགག་པའི་ཚེ་ཡང་གང་དུ་ཡང་སོགས་པར་མི་འགྲོ་སྟེ། རང་བཞིན་དང་བྲལ་བའི་ཕྱིར་མེད་པ་ལས་ཡོད་པར་འགྱུར་ཞིང ། ཡོད་པར་གྱུར་ནས་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་ནམ་མཁའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང ། ཕྱི་རོལ་གྱིའོ། ། 81.149b ནང་གི་ནམ་མཁའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ནས་ལུས་ལ་ཡོད་པ་དང ། ཟིན་པ་དང ། ནམ་མཁའ་དང ། ནམ་མཁའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ། མ་གང་བ་དང ། ལྤགས་པ་དང ། ཤ་དང་ཁྲག་གིས་དགང་བར་བྱ་བ་མ་ཡིན་པའོ། །དེ་ཡང་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེ་འམ། རྣ་བ། སྣའི་ནང་ཞེ་འམ། ཁ་ཞེའམ། ཁའི་སྒོ་ཞེ་འམ། ལྐོག་མ་ཞེ་འམ། མིད་པ་ཞེ་འམ། གང་ན་མིད་པ་དང་གང་དུ་གནས་པ་དང ། བདག་གིས་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་མཐུར་དུ་རྒྱུ་བར་བྱེད་པ་དང ། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ལུས་ལ་ཡོད་པ་དང ། ཟིན་པ་ཕུང་པོར་གྱུར་པ་འམ། ཁམས་སུ་གྱུར་བ་འམ། སྐྱེ་མཆེད་དུ་གྱུར་པ་དག་གི་ནམ་མཁའ་དང ། ནམ་མཁའི་རྣམ་པ་དང ། མ་གང་བ་དང ། ལྤགས་པ་དང ། ཤ་དང ། ཁྲག་གིས་དགང་བར་བྱ་བ་མ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང ། བུ་ག་ཞེས་བྱ་བ་དག་སྟེ། དེ་ནི་ནང་གི་ནམ་མཁའི་ཁམས་སོ། །ཕྱི་རོལ་གྱི་ནམ་མཁའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ཕྱི་རོལ་གྱི་ནམ་མཁའ་དང ། ནམ་མཁའི་རྣམ་པ་དང ། མ་གང་བ་དང ། གཟུགས་སུ་གྱུར་པས་དགང་བར་བྱ་བ་མ་ཡིན་པ་མ་འདྲེས་པ་ཁོང་སྟོང་དང ། བུ་གར་གྱུར་བ་འདི་ནི་ཕྱི་རོལ་གྱི་ནམ་མཁའི་ཁམས་ཤེས་བྱའོ། །རྒྱལ་པོ་ཆེན་པ་གང་ལས་ཀྱི་རྐྱེན་གྱི་སྐྱེ་མཆེད་རྣམས་འབྱུང་བའི་དུས་དེ་ཡོད་དེ། དེ་དག་ནམ་མཁའི་ཁམས་ལ་སྒྲིབ་པར་འགྱུར་ཏེ། དེ་ནང་གི་ནམ་མཁའི་ཁམས་ཤེས་བྱ་བའི་གྲངས་སུ་འགྲོ་ཡང་དེ་ནི་ག་ལས་ཀྱང་མ་འོངས་སོ། །རྒྱལ་པོ་ཆེན་པོ་གཟུགས་ཞིག་ན་ཐམས་ཅད་ནམ་མཁར་འགྱུར་བའི་དུས་དེ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ཟད་མི་ཤེས་པའི་ཕྱིར་རོ། །དེ་ནི་ནང་གི་ནམ་མཁའི་ཁམས་ཤེས་བྱ་བར་ཤེས་པར་བྱ་སྟེ། གནས་ཤིང་མི་གཡོ་བའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་འདུས་མ་བྱེད་ནི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེ་བཞིན་དུ་ནམ་མཁའི་ཁམས 81.150a ཀྱང་ཐམས་ཅད་དུ་སོང་བར་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་ཐང་ལ་ཁྲོན་པ་འམ། རྫིང་བུ་འམ། ཁྲོན་རིངས་སམ། རྫིང་ཞིག་བརྐོས་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། དེའི་ནམ་མཁའ་འདེག་ལས་འོངས། གསོལ་པ། བཅོམ་ལྡན་འདས་དེ་ནི་ག་ལས་ཀྱང་མ་མཆིས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་དེས་ཁྲོན་པ་ནས་རྫིང་གི་བར་དེ་དག་ཕྱིར་བཀང་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། དེའི་ནམ་མཁའ་འདི་གང་དུ་སོང ། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་དུ་ཡང་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། ནམ་མཁའི་ཁམས་ནི་འགྲོ་བ་འམ་འོང་བར་ཉེ་བར་གནས་པ་མ་ལགས། བུད་མེད་ཀྱི་དངོས་པོ་དང ། སྐྱེས་པའི་དངོས་པོར་ཉེ་བར་གནས་པ་མ་ལགས་པའི་སླད་དུའོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཕྱི་རོལ་གྱི་ནམ་མཁའི་ཁམས་ནི་མིག་གཡོ་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་ཞིང ། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་དང་བྲལ་བ་སྟེ། ནམ་མཁའི་ཁམས་ནི་བུད་མེད་ཀྱི་དངོས་པོར་ཉེ་བར་མི་གནས། སྐྱེས་པའི་དངོས་པོར་ཉེ་བར་མི་གནས་ཀྱིས། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག་།རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་དབང་པོ་ནི་བདག་པོ། གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པ་འམ། སེར་པོ་དང ། དམར་པོ་དང ། ཁྲ་བོ་རྣམ་པར་རིག་པ་འམ། རིང་པོ་དང ། ཐུང་ངུ་དང ། སྦོམ་པོ་དང ། ཕྲ་མོ་རྣམས་པར་རིག་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་གང་ཅི་ཡང་རུང ། ཁ་དོག་དང ། དབྱིབས་རྣམ་པར་རིག་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་བྱའོ། །དེ་བཞིན་དུ་གང་ཅི་ཡང་རུང་རྣ་བའི་དབང་པོ་ནི་བདག་པོ་ནས 81.150b ཡིད་ཀྱི་དབང་པོ་ནི་བདག་པོ། ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པ་འམ། དྲི་རྣམ་པར་རིག་པ་འམ། རོ་རྣམ་པར་རིག་པ་འམ། རེག་རྣམ་པར་རིག་པ་འམ། ཆོས་རྣམ་པར་རིག་པ་འདི་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། ཡུལ་དྲུག་ནི་དམིགས་པ་ཡིན་ལ། ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཤེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པའི་ཁམས་དེ་ནི་དབང་པོ་ལ་མི་རྟེན། ཡུལ་རྣམས་ལས་མ་འོངས། བར་གྱི་དབུས་ན་མི་གནས་ཏེ། དེ་ནི་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན། གཉིས་མེད་པ་ལ་ཡང་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་དེ་ནི་དངོས་པོ་སོ་སོར་རྣམ་པར་རིག་ནས་འགག་སྟེ། དེ་འབྱུང་བའི་ཚེ་གང་ནས་ཀྱང་མ་འོངས། འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་སྟོང ། འཇིག་པ་ཡང་སྟོང་སྟེ། རྣམ་པར་ཤེས་པའི་ཁམས་དེ་བྱུང་ཡང་རང་བཞིན་གྱིས་སྟོང་ངོ ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཐ་སྙད་མ་གཏོགས་པར་རྣམ་པར་ཤེས་པའི་ཁམས་དེ་ནི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་སྟོང་སྟེ། ཐ་སྙད་དེ་ཡང་སྐྱེས་པ་མ་ཡིན། བུད་མེད་མ་ཡིན་གྱིས། དེ་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག་།རྒྱལ་པོ་ཆེན་པོ་དེ་ལ་མིག་གི་སྐྱེ་མཆེད་གང་ཞེ་ན། དེ་ནི་འབྱུང་བ་ཆེན་པོ་བཞི་དང་བ་སྟེ། འདི་ལྟར་སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་དང་བ་ནི་མིག་གི་སྐྱེ་མཆེད་མ་ཡིན་ནོ། །ཆུའི་ཁམས་དང་བ་ཡང་མ་ཡིན་ནོ། །མེའི་ཁམས་དང་བ་ཡང་མ་ཡིན་ནོ། །རླུང་གི་ཁམས་དང་བ་ཡང་མིག་གི་སྐྱེ་མཆེད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་ཆོས་གང་ལ་ཡང་སྐྱེ་མཆེད་དམ། སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ། །དེ་བཞིན་དུ་རླུང་གི་བར་གྱི་ཁམས་དང་བ་ནི་ཆོས 81.151a གང་ལ་ཡང་སྐྱེ་མཆེད་དམ། སྐྱེ་མཆེད་ཐོབ་པར་བྱ་བ་ཉེ་བར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་སེམས་པ་མེད་ཅིང་བྱེད་པ་མེད་ལ་ཅི་ཡང་མི་ནུས་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་རེ་རེ་ནས་བཙལ་ན་ཐ་སྙད་ཙམ་མ་གཏོགས་པར་མིག་གི་སྐྱེ་མཆེད་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་སའི་ཁམས་དང་བས་སྟོང ། རླུང་གི་ཁམས་དང་བའི་བར་ནི་རླུང་གི་ཁམས་དང་བས་སྟོང་སྟེ། ཆོས་གང་དག་རང་བཞིན་གྱིས་སྟོང་པ་དེ་དག་ལ་དང་བ་འམ། འཁྲུགས་པར་འགྱུར་བ་ཡང་ག་ལ་ཡོད་དེ། གང་ལ་དང་བ་འམ། འཁྲུགས་པ་མི་དམིགས་པ་དེ་དག་ཇི་ལྟར་གཟུགས་ལ་ལྟ་བར་འགྱུར། དེ་ལྟར་མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱི་ཤིན་དུ་སྟོང་སྟེ། དེ་ནི་འོང་བ་དང ། འགྲོ་བ་མེད་པའི་ཕྱིར་སྔོན་གྱི་མཐར་ཡང་མི་དམིགས་སོ། །ཕྱི་མའི་མཐའ་ཡང་མི་དམིགས་སོ། །རང་བཞིན་མེད་པའི་ཕྱིར་དེ་ལ་གནས་པ་ཡང་མི་དམིགས་སོ། །གང་རང་བཞིན་གྱིས་མེད་པ་དེ་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་ནོ། །གང་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་པ་ནི་དེས་རློམ་སེམས་སུ་ག་ལ་འགྱུར་ཏེ། རྒྱལ་པོ་ཆེན་པོ་རློམ་སེམས་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །རློམ་སེམས་མེད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རློམ་སེམས་དང་བྲལ་བའོ། །རྒྱལ་པོ་ཆེན་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ན་མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱིས་སྟོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་འདི་ལ་ནི་མཚན་མ་མེད་དེ། དེའི་ཕྱིར་མིག་གི་སྐྱེ་མཆེད་ཀྱི་མཚན་མ་འདི་ནི་མིག་གི་སྐྱེ་མཆེད་ཀྱིས་སྟོང་སྟེ། འདི་ནི་སྟོང་པ་ཉིད་དོ། །མིག་གི་སྐྱེ་མཆེད་ནི་མཚན་མ་དང་བྲལ་བ་སྟེ། འདི་ནི་མཚན་མ་མེད་པའོ། །དེ་ནི་སྨོན་པར་མི་བྱེད་པས་འདི་ནི་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་མིག་གི་སྐྱེ་མཆེད་ནི་རྣམ་པར་ཐར 81.151b པའི་སྒོ་གསུམ་སྟེ། མིག་གི་སྐྱེ་མཆེད་ནི་རྣམ་པར་ཐར་པ་ལ་མངོན་པར་ཕྱོགས་པའོ། །རྒྱལ་པོ་ཆེན་པོ་དེ་ལ་རྣ་བའི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་དང་བའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་བར་ནི་རྣམ་པར་ཐར་པ་ལ་མངོན་པར་ཕྱོགས་པ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་ཀླས་པ། གདགས་སུ་མེད་པ། ཐ་སྙད་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ་གང་ལ་དབང་པོ་རྣམས་ཐོགས་པར་འགྱུར་བ་དེ་ནི་ཡུལ་རྣམས་ཤེས་བྱ་སྟེ། མིག་ནི་གཟུགས་རྣམས་ལ་ཐོགས་པར་འགྱུར་བས་དེའི་ཕྱིར་གཟུགས་རྣམས་ནི་མིག་གི་ཡུལ་ཞེ་བྱའོ། །དེ་བཞིན་དུ་རྣ་བ་ནི་སྒྲ་རྣམས་ལ། སྣ་ནི་དྲི་རྣམས་ལ། ལྕེ་ནི་རོ་རྣམས་ལ། ལུས་ནི་རེག་བྱ་རྣམས་ལ། ཡིད་ནི་ཆོས་རྣམས་ལ་ཐོགས་པར་འགྱུར་བས་དེའི་ཕྱིར་ཆོས་རྣམས་ནི་ཡིད་ཀྱི་ཡུལ་ཞེས་བྱའོ། །དེ་ལ་མིག་གཟུགས་རྣམས་ལ་ཐོགས་སོ་ཞེས་བྱ་བ་འདི་ནི་འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ། འདི་ལྟར་མིག་ནི་གཟུགས་རྣམས་ལ་རྣམ་པ་གསུམ་དུ་འབབ་སྟེ། འཐུན་པ་རྣམས་ལ་སྡུག་པའི་འདུ་ཤེས་ཀྱིས་འབབ་པ་དང ། མི་མཐུན་པ་རྣམས་ལ་ཁོང་ཁྲོད་པའི་འདུ་ཤེས་ཀྱིས་འབབ་པ་དང ། འཐུན་པ་ཡང་མ་ཡིན་མི་འཐུན་པ་ཡང་མ་ཡིན་པ་རྣམས་ལ་བཏང་སྙོམས་ཀྱི་འདུ་ཤེས་ཀྱིས་འབབ་པའོ། །དེ་བཞིན་དུ་ཡིད་ནི་ཆོས་རྣམས་ལ་ཐོགས་པར་འགྱུར་རོ། །ཞེས་བྱ་བ་འདི་ནི་འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ། འདི་ལྟར་ཡིད་ནི་ཆོས་རྣམས་ལ་རྣམ་པ་གསུམ་དུ་འབབ་སྟེ། འཐུན་པ་རྣམས་ལ་རྗེས་སུ་ཆགས་པས་འབབ་པ་དང ། མི་མཐུན་པ་རྣམས་ལ་ཁོང་ཁྲོ་བས་འབབ་པ་དང ། འཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་རྨོངས་པས་འབབ་པའི་ཡུལ་དེ་དག་ནི་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱ་སྟེ། དེ་ལ་ཡིད་སྤྱོད་ཅིང་རྣམ་པར་སྤྱོད་པས་དེའི་ཕྱིར་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་ཡིད་དེ་འཐུན་པའི 81.152a གཟུགས་རྣམས་རྗེས་སུ་ཆགས་པར་སྤྱོད་པ་དེས་ནི་དེའི་འདོད་ཆགས་སྐྱེ་བར་འགྱུར། མི་མཐུན་པའི་གཟུགས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ནི་དེའི་ཞེ་སྡང་སྐྱེ་བར་འགྱུར། འཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་རྨོངས་པར་སྤྱོད་པ་དེས་ནི་དེའི་གཏི་མུག་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་རྣམས་ལ་ཡང་ཆོས་རྣམ་པ་གསུམ་ལ་དམིགས་པ་མྱོང་བར་འགྱུར་ཏེ། རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་དང ། རྨོངས་པར་འགྱུར་བའོ། །ཡིད་ཀྱི་ཤེས་བྱ་འཐུན་པའི་ཆོས་རྣམས་ལ་རྗེས་སུ་ཆགས་པར་སྤྱོད་པ་དེས་ནི་དེའི་འདོད་ཆགས་སྐྱེ་བར་འགྱུར། མི་མཐུན་པའི་ཆོས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ན་དེའི་ཞེ་སྡང་སྐྱེ་བར་འགྱུར། འཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པའི་ཆོས་རྣམས་ལ་རྨོངས་པར་སྤྱོད་པ་དེས་ནི་དེའི་གཏི་མུག་སྐྱེ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ། ཡུལ་རྣམས་ནི་རྨི་ལམ་ལྟ་བུར་ཤེས་པར་བྱ་སྟེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་རྨིས་ལ། དེ་ཉལ་བ་ལས་སད་ན་བུད་མེད་ཡུལ་གྱི་བཟང་མོ་དེ་རྗེས་སུ་དྲན་པར་གྱུར་ན་རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། སྐྱེས་བུ་གང་རྨི་ལམ་ན་ཡུལ་གྱི་བཟང་མོ་རྨི་བའི་བུད་མེད་དེ་དང་ལྷན་ཅིག་རྩེ་བ་དང ། དགའ་བ་དང ། མངོན་པར་ཞེན་པར་འགྱུར་བ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་དེ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ 81.152b འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་འཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་རྣམས་སུ་བརྟེན་དེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ། ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དག་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། ཡང་ན་ནི་སེམས་ཅན་དམྱལ་བར། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ། ཡང་ན་ནི་ལྷ་མ་ཡིན་གྱི་རིས་སུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷའི་ནང་དུ་འབྱུང་བར་འགྱུར་ཏེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འང་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར 81.153a ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ན་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང ། ལས་ནི་ལས་ཀྱིས་སྟོང ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང ། འཆི་འཕོ་ནི་འཆི་འཕོས་སྟོང ། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་དགྲ་དང་འཐབ་པ་ཞིག་རྨིས་པ། ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་དུ་རྨིས་པའི་དགྲ་དེ་འམ། དགྲ་དེ་དང་འཐབ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་སྐྱེས་བུ་གང་རྨི་ལམ་གྱི་དགྲ་ལ་མངོན་པར་ཞེན་པ་འམ། དགྲ་དང་འཐབ་པར་གྱུར་པ་དེ་མཁས་པའི་རང་བཞིན་ཅན་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་དགྲ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེ་དང་འཐབ་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ན་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་ཡིད་མི་བདེ་བར་འགྱུར་བ་རྣམས་ལ་ཡང 81.153b མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་པར་གྱུར་ནས་ཁོང་ཁྲོ་བར་འགྱུར། ཁོང་ཁྲོ་པར་གྱུར་ནས་ཞེ་སྡང་བར་འགྱུར། ཞེ་སྡང་བར་གྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་ཏེ། དུས་གཞན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དག་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་དགྲ་དང་འཐབ་པ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པ་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ་སྐྱེས་སོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ལ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ་འཆི་འཕོ་དང་སྐྱེ་བར་མངོན་པར་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དེ་དང ། སྐྱེ་བ་དེ་དང ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། 81.154a འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐམས་ཅད་སྟོང ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང ། ལས་ནི་ལས་ཀྱིས་སྟོང ། འཆི་འཕོ་ནི་འཆི་འཕོས་སྟོང ། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ་དེ་ལ་མིང་གི་བརྡར་བྱ་བ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། །།བམ་པོ་བཅུ་གསུམ་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་འདྲེས་ནོན་པ་རྨིས་ཏེ། འཇིགས་པས་ཤིན་དུ་རྨོངས་པར་གྱུར་ལ། ཉལ་བ་ལས་སད་ནས་འདྲེ་དེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་འདྲེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་དེ་ལྟར་རྨི་ལམ་ན་མཐོང་བའི་འདྲེ་ལ་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པར་གྱུར་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་འདྲེ་ནི་ཤིན་དུ་མ་མཆིས་ན་ཤིན་དུ་རྨོངས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་པས་ཤིན་དུ་རྨོངས་པར་འགྱུར་རོ། །ཤིན་དུ་རྨོངས་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱི་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་པ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར 81.154b གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་འདྲེ་དང་ཤིན་དུ་རྨོངས་པ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང ། ལས་ནི་ལས་ཀྱིས་སྟོང ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང ། འཆི་འཕོ་ནི་འཆི་འཕོས་སྟོང ། སྐྱེ་བ་ནི་སྐྱེ་བས་སྟོང ། ལས་འབྲས་བུ་མེད་པར་མི་འགྱུར་བར་ཡང་མངོན་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང 81.155a གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་གླུ་ལེན་པའི་གླུ་སྙན་པ་དང ། པི་བང་ལེན་པའི་སྒྲ་སྙན་པ་ཉན་ཅིང ། དེ་གླུ་དང་རོལ་མོའི་སྒྲ་དེ་ཡོངས་སུ་སྦྱོང་བ་རྨིས་ལ། ཉལ་བ་ལས་སད་ནས་གླུ་དང་རོལ་མོ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དང ། གླུ་དང ། རོལ་མོའི་སྒྲ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་དེ་ལྟར་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུ་མེད་བཟང་མོ་དང ། གླུ་དང ། རོལ་མོའི་སྒྲ་ལ་མངོན་པར་ཞེན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དེ་ནི་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེའི་གླུ་དང་རོལ་མོའི་སྒྲ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་རྣ་བས་སྒྲ་ཐོས་ན་ཡིད་དུ་འོང་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་དེ་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང 81.155b ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་ཏེ། དུས་གཞན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ། ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོའི་གླུ་དང་རོལ་མོའི་སྒྲ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པའི་འགགས་མ་ཐག་ཏུ་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང ། ལས་ནི་ལས་ཀྱིས་སྟོང ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང ། འཆི་འཕོ་བ་ནི་འཆི་འཕོས་སྟོང ། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། ། 81.156a རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་མ་ཤི་བ་འམ། ཕ་ཤི་བ་འམ། སྡུག་པ་གང་ཡང་རུང་བ་དག་དང་བྲལ་ཏེ། སྡུག་པ་དང་བྲལ་བས་མྱ་ངན་དུ་གྱུར་ནས་ཉམ་ཐག་པར་ངུ་བ་ཞིག་རྨིས་ལ། དེ་ཉལ་བ་ལས་སད་ནས་སྡུག་པ་དང་བྲལ་བ་དེ་དང ། སྡུག་བསྔལ་ཞིང་ངུ་ངུ་བ་དེ་དྲན་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་གྱི་སྡུག་པ་དང་བྲལ་བ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེ་བུ་གང་རྨི་ལམ་གྱི་སྡུག་པ་དང་བྲལ་བ་དང ། སྡུག་བསྔལ་བར་ངུ་བ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་སྡུག་པ་ཉིད་ཀྱང་ཤིན་དུ་མ་མཆིས་ན། དེ་དང་བྲལ་བ་དང ། མྱ་ངན་བགྱིས་པ་དང ། ངུས་པ་དང ། སྨྲེ་སྔགས་བཏོན་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་རྨི་ལམ་ན་མཐོང་བའི་སྡུག་པ་དང་བྲལ་བ་དང ། སྡུག་བསྔལ་དང ། ངུས་པ་ལས་མངོན་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་རྣ་བས་སྒྲ་ཐོས་ན་ཡིད་དུ་མི་འོང་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར། ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར། ཞེ་སྡང་བར་གྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱི་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་པ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན། དུས་གཞན་ན 81.156b འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་སྡུག་པ་དང་བྲལ་བ་དང ། སྡུག་བསྔལ་བར་ངུ་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱིས་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པར་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོངས། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང ། ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོའི་རང་བཞིན་གྱིས་སྟོང ། འཆི་འཕོ་ནི་འཆི་འཕོའི་རང་བཞིན་གྱིས་སྟོང ། སྐྱེ་བ་ནི་སྐྱེ་བའི་རང་བཞིན་གྱིས་སྟོང ། འཁོར་བ་ཡང་འཁོར་བའི་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། ། 81.157a གང་ལ་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཚིག་གི་དོན་མཤེས་པའི་སྒྲ་ཞིག་ཐོས་ལ། ཉལ་བ་ལས་སད་ནས་སྒྲ་དེ་དྲན་པར་གྱུར་ན་རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་ཐོས་པའི་སྒྲ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་དོན་མ་ཤེས་པའི་སྒྲ་ཐོས་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་ཐོས་པའི་སྒྲ་དེ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན། ཚིག་དེའི་དོན་ཤེས་པ་འམ། ཚིག་གི་དོན་མ་ཤེས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་རྣ་བས་སྒྲ་ཐོས་ན་བཏང་སྙོམས་སུ་གྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་དུ་རྨོངས་པར་འགྱུར་རོ། །ཤིན་དུ་རྨོངས་པས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས 81.157b མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེག་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཚིག་གི་དོན་མ་ཤེས་པའི་སྒྲ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ་འཆི་འཕོ་དང་སྐྱེ་བར་མངོན་པར་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འོང ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང ། ལས་ནི་ལས་ཀྱི་རང་བཞིན་གྱིས་སྟོང ། རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པའི་རང་བཞིན་གྱིས་སྟོང ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོའི་རང་བཞིན་གྱིས་སྟོང ། འཆི་འཕོ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བའི་རང་བཞིན་གྱིས་སྟོང ། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་ལ། 81.158a ལས་རྣམས་ཆུད་མ་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གཞན་གང་ཡང་རུང་བས་བདག་གི་ལུས་བསྐུས་པར་རྨིས་ལ། ཉལ་བ་ལས་སད་ནས་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གཞན་གང་ཡང་རུང་བ་དེ་དག་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གཞན་གང་ཡང་རུང་བ་དེ་དག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་དེ་ལྟར་ན་རྨི་ལམ་ན་མཐོང་བའི་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གང་ཡང་རུང་བ་དེ་དག་ལ་མངོན་པར་ཞེན་ཅིང་དེས་བདག་གི་ལུས་སྐུད་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གང་ཡང་རུང་བ་དེ་དག་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེས་སྐུད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་སྣས་དྲི་ཚོར་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་འཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། 81.158b ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གང་ཡང་རུང་བ་དེ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང་རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་དེ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང 81.159a བཞིན་གྱིས་སྟོང ། ལས་ནི་ལས་ཀྱི་རང་བཞིན་གྱིས་སྟོང ། རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པའི་རང་བཞིན་གྱིས་སྟོང ། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོའི་རང་བཞིན་གྱིས་སྟོང ། འཆི་འཕོ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བའི་རང་བཞིན་གྱིས་སྟོང ། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་ལ། ལས་རྣམས་ཆུད་མི་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིག་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཁྱི་རོ་འམ། མི་རོ་འམ། སྦྲུལ་གྱི་རོ་མགུལ་དུ་བཏགས་པ་ཞིག་རྨིས་ལ། དེ་ཉལ་པ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན་རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཁྱི་རོ་དང ། མི་རོ་དང ། སྦྲུལ་གྱི་རོ་དེ་དག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་ཁྱི་རོ་དང ། མི་རོ་དང ། སྦྲུལ་གྱི་རོ་མགུལ་དུ་བཏགས་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཁྱི་རོ་འམ། མི་རོ་འམ། སྦྲུལ་གྱི་རོ་དེ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན། དེ་མགུལ་དུ་བཏགས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་སྣས་དྲི་ཚོར་བ་ན་ཡིད་དུ་མི་འོང་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། །ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར་རོ། །ཞེ་སྡང་བར་གྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་རྣམ་པ་བཞི། ཡིད་ཀྱིས་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར 81.159b པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ། ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཁྱི་རོ་དང ། མི་རོ་དང ། སྦྲུལ་གྱི་རོ་ལྟར་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང་པ་ནས་འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །གང་རང་བཞིན་གྱིས་སྟོང་ཞིང་མེད་པ་དེ་ནི་མཚན་མ་མེད་པའོ། །གང་མཚན་མ་མེད་པ་དེ་ནི་སྨོན 81.160a པ་མེད་པའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨིས་ལམ་ན་བདག་ཉིད་སྣའི་དབང་པོ་ཉམས་པར་རྨིས་ལ་ཉལ་བ་ལས་སད་ནས་སྣའི་དབང་པོ་ཉམས་པར་གྱུར་པ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་སྣའི་དབང་པོ་ཉམས་པ་དེ་ཡོད་དམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་བོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་དེ་ལྟར་རྨི་ལམ་ན་སྣའི་དབང་པོ་ཉམས་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་སྣའི་དབང་པོ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མིང་དམིགས་ན་དེའི་ཉམས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་སྣས་དྲི་ཚོར་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་དུ་རྨོངས་པར་འགྱུར་རོ། །ཤིན་དུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱེད་པ་དེ་ཡང་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ་དུས་གཞན་ན་འཆི་བའི་དུས་དང་ཚོད 81.160b ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་སྣའི་དབང་པོ་ཉམས་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ།[་]རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། །འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་པ་ནས་འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། ལས་རྣམས་ཆུད་མི་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བཀྲེས་པ་ལས་རོ་སྣ་བརྒྱ་དང་ལྡན་པའི་ཁ་ཟས་ལ་ཚིམ་ཚིམ་དུ་ཟོས་པ་ཞིག་རྨིས་ལ། ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཁ་ཟས་རོ་བརྒྱ་དང་ལྡན་པ་དེ་ཡོད་དམ། 81.161a གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་མཐོང་བའི་ཁ་ཟས་རོ་བརྒྱ་དང་ལྡན་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཁ་ཟས་རོ་སྣ་བརྒྱད་དང་ལྡན་པ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་དེས་དོན་དེ་ལ་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ལྕེས་རོ་མྱོང་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་ཏེ། དེ་ལ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། དེ་ནི་ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས་འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་སྲོག་གི་དབང་པོ་འགགས་ཏེ། ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགགས་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཁ་ཟས་རོ་སྣ་བརྒྱ་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར 81.161b གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགག་མ་ཐག་ཏུ་བར་མ་ཆད་པར་གང་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་ལ་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པར་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་ཡང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང་པ་ནས་འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། ལས་རྣམས་ཆུད་མི་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡོད་དེ། དེ་ལ་ཀུན་རྫོབ་ཀྱི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཤིན་དུ་བཀྲེས་པར་གྱུར་ཏེ། སྐུ་བ་ཁ་བོའི་ས་བོན་ནམ། ཀོ་ཤཏ་ཀའི་ས་བོན་ནམ། པི་ཙུ་མར་དའི་ས་བོན་ཞིག་ཟོས་པར་རྨིས་ལ། ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་འགྱུར། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་གྱི་སྐུ་བ་ཁ་བོ་དང ། པི་ཙུ་མར་དའི་ས་བོན་གྱི་བར་དུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་སྐུ་བ་ཁ་བོ་དང ། པི་ཙུ་མར་དའི་ས་བོན་གྱི་བར་དུ་ཟོས་པ་དེ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས 81.162a རྨི་ལམ་ན་མཐོང་བའི་སྐུ་བ་ཁ་བོ་དང ། པི་ཙུ་མར་དའི་ས་བོན་གྱི་བར་དུ་དེ་དག་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེ་དག་ཟ་བ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ལྕེས་རོ་མྱོང་ན་ཡིད་དུ་མི་འོང་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། །ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར་རོ། །ཞེ་སྡང་བར་འགྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུས་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས་འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་སྐུ་བ་ཁ་བོ་དང ། པི་ཙུ་མར་དའི་ས་བོན་གྱི་བར་དུ་ཟ་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱིས་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ་འཆི་འཕོ 81.162b དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང་པ་ནས་འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །གང་ལ་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པ་དེ་ལྟར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བདག་ཉིད་ལྕེའི་དབང་པོ་ཉམས་པར་རྨིས་ལ། ཉལ་བ་ལས་སད་ནས་ལྕེའི་དབང་པོ་ཉམས་པ་གྱུར་བ་དེ་ཉིད་དྲན་པར་གྱུར་ན་རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ལྕེའི་དབང་པོ་ཉམས་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་ལྕེའི་དབང་པོ་ཉམས་པར་གྱུར་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ལྕེའི་དབང་པོ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེའི་ཉམས་པ་ལྟ་མཆིས་པར་ག་ལ་འགྱུར་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། ། 81.163a བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ལྕེས་རོ་མྱོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་དུ་རྨོངས་པར་འགྱུར་རོ། །ཤིན་དུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས་འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ལྕེའི་དབང་པོ་ཉམས་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ་འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནས་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེས་པའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་པ་ནས་འཁོར་བ་ནི་འཁོར་བའི་རང 81.163b བཞིན་གྱིས་སྟོང་པའི་བར་དུ་སྟེ། ལས་རྣམས་ཆུད་མི་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་ཀུན་རྫོབ་ཀྱི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བཟང་མོ་ཞིག་པང་དུ་འཁྱུད་པ་རྨིས་ལ། དེ་དང་རེག་པ་ཉམས་སུ་མྱོང་ནས་ཉལ་བ་ལས་སད་དེ་ཡུལ་གྱི་བཟང་མོ་དེ་ཉིད་དྲན་པར་འགྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དང་རེག་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་དང་རེག་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཡུལ་གྱི་བཟང་མོ་དེ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེ་དང་རེག་པ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ལུས་ཀྱིས་རེག་བྱ་རྣམས་ལ་རེག་ན། ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས་འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས 81.164a རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོ་ལ་རེག་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནས་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། ལས་རྣམས་ཆུད་མི་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་ཀུན་རྫོབ་ཀྱི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཟངས་ཀྱི་སྤང་ལེབ་ཤིན་དུ་འབར་བ་ཞིག་པང་དུ་འཁྱུད་པ་རྨིས་ལ། དེ་ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཟངས་ཀྱི་སྤང་ལེབ་ཤིན་དུ་འབར་བ་ལ་རེག་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་ཟངས་ཀྱི་སྤང་ལེབ་ཤིན་དུ་འབར་བ་པང་དུ་འཁྱུད་པ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། 81.164b དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཟངས་ཀྱི་སྤང་ལེབ་ཤིན་དུ་འབར་བ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེ་ལ་རེག་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ལུས་ཀྱིས་རེག་བྱ་རྣམས་ལ་རེག་ན་ཡིད་དུ་མི་འོང་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། །ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར་རོ། །ཞེ་སྡང་བར་གྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཟངས་ཀྱི་སྤང་ལེབ་ཤིན་དུ་འབར་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ། 81.165a ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྣམ་པར་ཤེས་པ་ཐ་མ་ནས་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང་པ་ནས་འཁོར་བ་ཡང་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །གང་ལ་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བདག་ཉིད་ལུས་ཀྱི་དབང་པོ་ཉམས་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ལུས་ཀྱི་དབང་པོ་ཉམས་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ལུས་ཀྱི་དབང་པོ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེ་ཉམས་པ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ལུས་ཀྱིས་རེག་བྱ་རྣམས་ལ་རེག་ན 81.165b བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་དུ་རྨོངས་པར་འགྱུར་རོ། །ཤིན་དུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པ་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས་འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་ཅུང་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ལུས་ཀྱི་དབང་པོ་ཉམས་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་པ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་ནས་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་པ་ནས། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། ལས་རྣམས་ཆུད་མི་ཟ་ཞིང 81.166a རྣམ་པར་སྨིན་པ་མྱོང་བར་མངོན་པ་ཡང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། །། བམ་པོ་བཅུ་བཞི་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་སྒྱུ་མ་མཁན་པོས་སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཏེ། ཤིན་དུ་ཚིམ་པར་ཡོངས་སུ་སྤྱོད་པ་ཞིག་རྨིས་ལ། ཉལ་བ་ལས་སད་ནས་འདོད་པའི་ཡོན་ཏན་དེ་དག་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་འདོད་པའི་ཡོན་ཏན་ལྔ་སྒྱུ་མའི་མཁན་པོས་སྤྲུལ་པ་དེ་དག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་མཐོང་བའི་འདོད་པའི་ཡོན་ཏན་ལྔ་པོ་སྒྱུ་མའི་མཁན་པོས་སྤྲུལ་པ་དེ་དག་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་སྒྱུ་མའི་མཁན་པོ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན། སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་དང ། དེ་དག་ལ་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས་འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ 81.166b བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་དུ་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དག་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་འདོད་པའི་ཡོན་ཏན་ལྔ་པོ་སྒྱུ་མ་མཁན་གྱི་སྤྲུལ་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་སེམས་ཅན་དམྱལ་བ་རྣམས་སུ། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ། ཡང་ན་ནི་ལྷ་མ་ཡིན་གྱི་རིས་སུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷའི་ནང་དུ་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་ཀྱང་དམིགས་ཤིང་རྣམ་པར་སྨིན་པ་ཡང་དམིགས་ལ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་ཚོར་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་ད་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་ནས་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་པ་ནས་འཁོར་བའི་བར་དུ་འཁོར་བའི་རང་བཞིན་གྱིས་སྟོང ། མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སྟོང ། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད 81.167a ཀྱི་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་མཚན་མ་མེད་པའོ། །གང་ལ་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དེ། འདི་ནི་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པའི་ངོ་བོ་ཉིད། སྨོན་པ་དང་བྲལ་བ། མྱ་ངན་ལས་འདས་པ་ལ་གཞོལ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བདག་ཉིད་གཡོག་འཁོར་དང་བཅས་ཏེ་ཆུ་བོ་ཆེན་པོས་ཁྱེར་ནས་དེ་དེ་ན་སེམས་ལས་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་མ་མྱོང་བར་རྨིས་ལ། དེ་ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན་རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཆུ་ཆེན་པོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་སྐྱེས་བུ་གང་རྨི་ལམ་ན་བདག་ཉིད་ཆུ་ཆེན་པོས་ཁྱེར་ཞིང་སྡུག་བསྔལ་དང་ཡིད་མི་བདེ་བ་མཐོང་བ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་ཆུ་གང་གིས་མི་དེ་ཁྱེར་བའི་ཆུ་ཆེན་པོ་དེ་ཉིད་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་དེའི་སྡུག་བསྔལ་དང་ཡིད་མི་བདེ་བ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ན་ཡིད་མི་བདེ་བར་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། །ཁོང་ཁྲོ་བར་གྱུར་ནས་གནོད་སེམས་སུ་འགྱུར་རོ། །གནོད་སེམས་སུ་གྱུར་ནས་ཞེ་སྡང་བར་འགྱུར་རོ། །ཞེ་སྡང་བར་གྱུར་ནས 81.167b ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཆུ་ཆེན་པོས་ཁྱེར་ཞིང་ཡིད་མི་བདེ་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་ཀྱང་དམིགས་ལ། བྱེད་པ་པོ་ཡང་གང་ཡང་མེད། རྣམ་པར་སྨིན་པ་ཡང་དམིགས་ལ། མིང་གི་བརྡ་ཙམ་མ་གཏོགས་པར་འདི་ལ་ཚོར་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བའི་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲགས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང་པ་ནས། འཁོར་བའི་བར་དུ་ནི 81.168a འཁོར་བའི་རང་བཞིན་གྱིས་སྟོང ། མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སྟོང ། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་སྟོང་སྟེ། འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །གང་ལ་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པའི་ངོ་བོ་ཉིད། སྨོན་པ་དང་བྲལ་བ། མྱ་ངན་ལས་འདས་པ་ལ་གཞོལ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱིས་མཐས་གཏུགས་པའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཆང་གིས་ར་རོ་ཏེ་བདག་ཉིད་ཤིན་དུ་གཏི་མུག་པར་གྱུར་ནས་དེ་དེ་ན་དགེ་བ་ཡང་མི་ཤེས། མི་དགེ་བ་ཡང་མི་ཤེས། ཁ་ན་མ་ཐོ་བ་དང་བཅས་པ་ཡང་མི་ཤེས། ཁ་ན་མ་ཐོ་བ་མེད་པ་ཡང་མི་ཤེས། ཕན་པ་ཡང་མི་ཤེས། གནོད་པ་ཡང་མི་ཤེས། ཡོན་ཏན་དང་ཉེས་པ་ཡང་རྣམ་པ་ཐམས་ཅད་དུ་མི་ཤེས་པར་གྱུར་པ་ཞིག་རྨིས་ལ། དེ་ཉལ་བ་ལས་སད་ནས་ཆང་གིས་ར་རོ་བའི་གཏི་མུག་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཆང་གིས་ར་རོ་ཞིང་གཏི་མུག་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་གྱི་ཆང་གིས་ར་རོ་བ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཆང་ཞིང་ཀྱང་ཤིན་དུ་མ་མཆིས་ཤིང་མི་དམིགས་ན་གཏི་མུག་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན 81.168b པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་དུ་རྨོངས་པར་འགྱུར་རོ། །ཤིན་དུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོ་ན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་སྲོག་གི་དབང་པོ་འགགས་ཏེ་ཚེ་ཡང་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཆང་གིས་ར་རོ་སྟེ་གཏི་མུག་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང ། ལས་དམིགས་པ་དེ་དང ། རྐྱེན་གཉིས་ཀྱིས་རྣམ་པར་ཤེས་པ་དང་པོ་འགྲོ་བ་རྣམས་སུ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་པ་འདྲ་བ་འབྱུང་ངོ ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་ཀྱང་དམིགས་ལ། བྱེད་པ་པོ་ཡང་གང་ཡང་མེད། རྣམ་པར་སྨིན་པ་ཡང་དམིགས་ལ། མིང་གི་བརྡ་ཙམ་མ་གཏོགས་པར་འདི་ལ་ཚོར་བ་པོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར་རོ། །གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ། འཆི་འཕོ་དང་སྐྱེ་བར 81.169a མངོན་པ་ཡང་ཡོད་དོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །ལས་དང ། རྣམ་པར་སྨིན་པ་དང ། འཆི་འཕོ་དང ། སྐྱེ་བ་དང ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང ། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མའི་རང་བཞིན་གྱིས་སྟོང ། སྐྱེ་བ་དང ། འཇིག་པ་དང ། ལས་དང ། རྣམ་པར་སྨིན་པ་དང ། རྣམ་པར་ཤེས་པ་དང་པོ་དང ། འཆི་འཕོ་དང ། སྐྱེ་བ་དང ། འཁོར་བ་དང ། མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སྟོང ། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་སྟེ། འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །གང་ལ་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པའི་ངོ་བོ་ཉིད། སྨོན་ལམ་དང་བྲལ་བ། མྱ་ངན་ལས་འདས་པ་ལ་གཞོལ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་འདི་ལ་སེམས་ངེས་པར་བཞག་པ་དང ། སེམས་ངེས་པར་བཞག་པ་ལ་བརྩོན་པར་བྱའོ། །གཞན་གྱི་དྲིང་ལ་མི་འཇོག་ཅིང་བདག་ཉིད་ཀྱིས་ཤེས་པར་བྱ་སྟེ། འདི་ནི་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དབང་ཕྱུག་ལ་མངོན་པར་ཞེན་པ་ཐམས་ཅད་རབ་ཏུ་འཇོམས་པ། སྲེད་པ་ཐམས་ཅད་ཡོངས་སུ་སྐེམས་པ། །ང་རྒྱལ་ཐམས་ཅད་སྙིལ་བ། ལྟ་བའི་རྣམ་པ་དང ། ཐེ་ཚོམ་ཐམས་ཅད་ཡང་དག་པར་གཅོད་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་ཡིན་པ། ཉན 81.169b ཐོས་རྣམས་ཀྱིས་མནོན་པ། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐུགས་ཆུ་ཆུད་པ་ཡིན་གྱིས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་ན་བདག་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་དང ། སྒྲོན་མ་དང ། མར་མེ་དང ། སྣང་བ་དང ། གྲུ་དང ། ངོགས་དང ། འབབ་སྟེགས་དང ། འདྲེན་པ་དང ། ཡོངས་སུ་འདྲེན་པ་དང ། སྟོན་པ་དང ། དེད་དཔོན་དང ། སྔོན་དུ་འགྲོ་བར་འགྱུར་སྙམ་པ་དང ། བདག་གྲོལ་ནས་དགྲོལ་བར་བྱའོ། །རྒལ་ནས་བསྒྲལ་བར་བྱའོ། །དབུགས་ཕྱིན་ནས་དབུགས་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་ཡིད་ལ་གཞག་པར་བྱའོ། །རྒྱལ་པོ་ཆེན་པོ་དབང་ཕྱུག་ལྟ་ཞིག་ནི་སྔོན་མྱོང་བར་གྱུར་བའི་མངའ་ཡང་མི་མངོན་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་སྟེ། ཆོག་མི་ཤེས་པའོ། །ཚིམ་པར་མི་རུང་བའོ། །ཡུལ་རྣམས་ནི་རྨི་ལམ་ལྟ་བུ་སྟེ། ཚིམ་པར་མི་ནུས་པ། ངོམས་པར་མ་གྱུར་པའོ། །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་གྲགས་པ་མཐའ་ཡས་ཤེས་བྱ་བ་བྱུང་སྟེ། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་དེ་ནི་ཁྱོགས་དང ། དཔུང་དང ། བཞོན་པ་མཐའ་ཡས་ཤིང་འཁོར་ལོ་ཐོགས་པ་མེད་པས་སྒྱུར་བ། མི་འཁྲུགས་པའི་ཐེག་པ་དང ། ཚུལ་ཕུན་སུམ་ཚོགས་པ་དང་ལྡན་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། ཡིད་བཞིན་དུ་འགྱུར་བའི་སྟོབས་དང་ལྡན་པ་སྟེ། དེ་གང་ཅི་སེམས་ཀྱང་རུང ། དེའི་དེ་ཐམས་ཅད་འགྲུབ་ཅིང་དེའི་བསམས་པ་དོན་མེད་པར་འགྱུར་བ་གང་ཡང་མེད་དོ། །འདི་ལྟར་རྒྱལ་པོ་དེ་ནི་རང་གི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས་བསམ་པ་ཡིད་བཞིན་དུ་དོན་མེད་པ་མ་ཡིན་པར་གྱུར་ཏོ། །རྒྱལ་པ་ཆེན་པོ་དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེའི་སྙམ་དུ་བདག་གི་བསོད་ནམས་ཀྱི་སྟོབས་ཉམས་པ་མེད་པ་ལ་བརྟག་པར་བྱའོ་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། 81.170a ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་ཤིང་ལྗོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འབྲས་བུ་ཆགས་པར་གྱུར་ཅིག་སྙམ་པ་དང ། རྒྱལ་པོ་གྲགས་པ་མཐའ་ཡས་དེའི་སེམས་སྐྱེད་མ་ཐག་ཏུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་ཤིང་ལྗོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འབྲས་བུ་ཆགས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་དེས་ཡང་བདག་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ལ་བརྟག་པར་འདོད་ནས་འདི་སྙམ་དུ་བསམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་འཁོད་པ་འདི་དག་ཐམས་ཅད་གནོད་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། ཡིད་ལ་བསམ་པ་དོན་ཡོད་པར་གྱུར་ཅིག་སྙམ་པ་དང ། རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་གནོད་པ་ཐམས་ཅད་རྒྱུན་ཆད་དེ་ཡིད་ལ་བསམ་པ་ཐམས་ཅད་དོན་ཡོད་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་བདག་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ལ་བརྟག་པར་འདོད་ནས་འདི་སྙམ་དུ་བསམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་སྤོས་ཆུའི་ཆར་རབ་ཏུ་འབབ་པར་གྱུར་ཅིག་སྙམ་པ་དང ། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤོས་ཆུའི་ཆར་རབ་ཏུ་བབ་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་ནས་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་བདག་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ལ་རྒྱ་ཆེར་བརྟག་པར་འདོད་ནས་འདི་སྙམ་དུ་བསམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་མེ་ཏོག་གི་ཆར་རབ་ཏུ་འབབ་པར་གྱུར་ཅིག་སྙམ་པ་དང ། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་གླིང་ཆེན 81.170b པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མེ་ཏོག་གི་ཆར་རབ་ཏུ་བབ་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་འདི་སྙམ་དུ་བསམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ལྷའི་གོས་ཀྱི་ཆར་དང ། དབྱིག་གི་ཆར་དང ། གསེར་གྱི་ཆར་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དང ། ཡོ་བྱད་ཐམས་ཅད་ཀྱི་ཆར་རབ་ཏུ་འབབ་པར་གྱུར་ཅིག་སྙམ་པ་དང ། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་འདི་ལྟར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསགས་པའི་དགེ་བའི་རྩ་བ་ཡངས་པ་དང་ལྡན་པའི་རྒྱུས་ལྷའི་གོས་ཀྱི་ཆར་དང ། དབྱིག་གི་ཆར་དང ། གསེར་གྱི་ཆར་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དང ། ཡོ་བྱད་ཐམས་ཅད་ཀྱི་ཆར་རབ་ཏུ་བབ་པོ། །རྒྱལ་པོ་ཆེན་པོ་དེའི་ཚེ་འཛམ་བུའི་གླིང་འདི་ནི་རྒྱར་དཔག་ཚད་ཁྲི་བརྒྱད་སྟོང་ཡོད་པར་གྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་དེ་ན་གྲོང་ཁྱེར་བྱེ་བ་ཕྲག་དྲུག་བཅུ་ཡོད་པར་གྱུར་ནས་འཛམ་བུའི་གླིང་དེའི་དབུས་ན་རིན་པོ་ཆེས་རབ་ཏུ་བརྒྱན་པ་ཞེས་བྱ་བའི་གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་དུ་གྱུར་པ་ཆུ་ཞེང་དུ་དཔག་ཚད་བཅུ་གཉིས་བཅུ་གཉིས་ཡོད་པ། གྲུ་བཞི་ལྷམ་པ། དྲི་མ་མེད་པ་ཤིན་དུ་འབྲེལ་བར་བྲེས་པ་ཞིག་ཡོད་པར་གྱུར་ཏེ། རྒྱལ་པོ་ཆེན་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ནི་ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་བ་སྟེ། ཏ་ལ་དེ་དག་ཀྱང་རིན་པོ་ཆེ་སྣ་བཞིའི་རྒྱུ་ལས་བྱུང་བ་སྟེ། གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་གྱི་ཏ་ལ་ཤ་སྟག་གོ། །དེ་ལ་གསེར་གྱི་ཏ་ལ་རྣམས་ནི་དངུལ་གྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང་ལྡན་པར་གྱུར་ཏོ། །དངུལ་གྱི་ཏ་ལ་རྣམས་ནི་གསེར་གྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང་ལྡན་པར་གྱུར་ཏོ། །བཻ་དཱུརྱའི་ཏ་ལ་རྣམས་ནི་ཤེལ་གྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང་ལྡན་པར་གྱུར་ཏོ། །ཤེལ་གྱི་ཏ་ལ་རྣམས་ནི་བཻ་དཱུརྱའི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང་ལྡན་པར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་རིན་པོ 81.171a ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཀའི་དྲ་བ་བཀྲ་བ། ་བལྟ་ན་སྡུག་པ་རིམ་པ་བདུན་སྟེང་དུ་བྲེས་པ་འགྱུར་རོ། །རིན་པོ་ཆེའི་དྲ་བ་ཆེན་པོའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། མུ་ཏིག་དམར་པོ་དང ། སྤུག་དང ། རྡོའི་སྙིང་པོ་དང ། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ཀུན་ནས་འོབས་ཟབ་པ། ཆུ་འབྱུང་བ། ཟབས་སུ་དཔག་ཚད་ཕྱེད་ཡོད་པ། ཁ་ཚོན་དུ་དཔག་ཚད་གཅིག་ཡོད་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་བྱ་རོག་གིས་བཏུང་དུ་རུང་བ་ཙམ་དུ་ཁ་ད་ཆད་དུ་ཡོངས་སུ་གང་བ། མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོས་ཀུན་དུ་གང་བ། གསེར་གྱི་བྱེ་མ་བརྡལ་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བར་གྱུར་ཏེ། འོབས་དེ་དག་གི་ཁོར་ཡུག་ནས་འདི་ལྟ་སྟེ། གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། རིན་པོ་ཆེ་དེ་བཞི་ལས་བྱས་པའི་ཐེམ་སྐས་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཀོད་པར་གྱུར་ཏོ། །དེ་ལ་གསེར་གྱི་གཞི་ལ་ནི་དངུལ་གྱི་ཐེམ་པ་བཀྱེ། དངུལ་གྱི་གཞི་ལ་ནི་གསེར་གྱི་ཐེམ་པ་བཀྱེ། བཻ་དཱུརྱའི་གཞི་ལ་ནི་ཤེལ་གྱི་ཐེམ་པ་བཀྱེ། ཤེལ་གྱི་གཞི་ལ་ནི་བཻ་དཱུརྱའི་ཐེམ་པ་བཀྱེ་བ་ཤ་སྟག་སྟེ། ཐེམ་སྐས་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཁ་ཁྱེར་བཀྲ་བ། བལྟ་ན་སྡུག་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་བར་གྱུར་ཏོ། །རིན་པོ་ཆེའི་ཐེམ་སྐས་དེ་དག་གི་སྟེང་སྟེང་དུ་རིན་པོ་ཆེ་སྣ་བདུན་རྟ་བབས་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏོ། །ཐེམ་སྐས་དེ་དག་སོ་སོའི་ཁར་འཛམ་བུ་ཆུ་བོའི་གསེར་གྱི་ཆུ་ཤིང་ལྗོན་པ་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏེ། འོབས་ཀྱི་ཆུ་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱི་གྲུ་བཀྲ་བ་བལྟ་ན་སྡུག་པ་ཤ་སྟག་བཅས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་བསོད་ནམས་ཀྱི་གཟི་བརྗིད་ཀྱིས་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པའི་ཁོར་ཡུག་ཏུ་བསྐྱེད་མོས་ཚལ་བཀྲ་བ་བལྟ་ན་སྡུག་པ། བདག་གིར་བྱ་བ་མེད་པ། ཡོངས་སུ་བཟུང་བ་མེད་པ། བརྒྱད 81.171b ཁྲི་བྱས་པར་གྱུར་ཏོ། །དེ་དག་ཀྱང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སྐྱེ་བོ་ཐམས་ཅད་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་བྱིན་ཏེ། མི་དེ་དག་བསྐྱེད་མོས་ཚལ་དེ་དག་ཏུ་དོང་ནས་ཕུན་སུམ་ཚོགས་པའི་བདེ་བ་མཆོག་གིས་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་གྱུར་ཏོ། །བསྐྱེད་མོས་ཚལ་དེ་དག་རེ་རེ་ཞིང་ཡང་རྫིང་བུ་བརྒྱད་བརྒྱད་བཤམས་པར་གྱུར་ཏེ། རྫིང་བུ་དེ་དག་ཀུན་ཀྱང་རྒྱར་རྒྱང་གྲགས་ཕྱེད་ཕྱེད་ཡོད་པ་ཤ་སྟག་གོ། །རྫིང་བུ་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བཞི་འདི་ལྟ་སྟེ། གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་གྱི་ཐེམ་སྐས་བཀྲ་བ། བལྟ་ན་སྡུག་པ་བརྒྱད་བརྒྱད་དང་ལྡན་པར་གྱུར་ཏོ། །ཐེམ་སྐས་དེ་དག་གི་སྟེང་སྟེང་དུ་ཡང་རིན་པོ་ཆེ་སྣ་བདུན་གྱི་རྟ་བབས་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏོ། །ཐེམ་སྐས་དེ་དག་རི་རེའི་ཁར་ཡང་འཛམ་བུ་ཆུ་བོའི་གསེར་གྱི་ཆུ་ཤིང་ལྗོན་པ་བཀྲ་བ་བལྟ་ན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏོ། །རྫིང་བུ་དེ་དག་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པས་བྱ་རོག་གིས་བཏུང་དུ་རུང་བ་ཙམ་དུ་ཁ་ད་ཆད་དུ་ཡོངས་སུ་གང་བར་གྱུར་ཏོ། །རྫིང་བུ་དེ་དག་ཏུ་མེ་ཏོག་ཆུ་ལས་སྐྱེས་པ་འདི་ལྟ་བུ་དག་བསྐྱེད་པར་གྱུར་ཏོ། །འདི་ལྟར་མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོ་དང ། དྲི་ཞིམ་ལྡན་རྣམས་སོ། །ཁོར་ཡུག་ཏུ་ཡང་ཐང་ལས་སྐྱེས་པའི་མེ་ཏོག་འདི་ལྟ་བུ་དག་བསྐྱེད་པར་གྱུར་ཏེ། འདི་ལྟར་ཨ་ཏི་མུག་ཏ་ཀ་དང ། ཙམ་པ་ཀ་དང ། བར་ཤ་ཀ་དང་སྣ་མའི་མེ་ཏོག་དང ། མ་ཡུ་ཀ་དང ། ད་ནུ་སྐ་རི་དང ། དེ་མ་ཡིན་པའི་མེ་ཏོག་ཐང་ལས་སྐྱེས་པ་མང་པོ་དག་ཀྱང་བསྐྱེད་པར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེའི་སྟེང་གི་བར་སྣང་ལ་དྲིལ་བུ་གཡེར་ཀའི་དྲ་བ་ཆེན་པོ་བྲེས་པ་དང ། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པའི་ཤིང་ཏ་ལ་དེ་དག་དང ། རིན་པོ་ཆེའི་དྲ་བ་དེ་དག་དང ། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་རླུང་གིས་བསྐྱོད་པ་ལས་འདི་ལྟ་བུའི་སྒྲ་སྙན་ཅིང་ཡིད་དུ་འོང་ལ་མཉན་ན་བདེ་བ་འདི་ལྟ་སྟེ་དཔེར་ན་ཡན་ལག་ལྔ་དང་ལྡན་པའི་རོལ 81.172a མོ་སིལ་སྙན་མཁས་པས་ལེགས་པར་བླངས་པའི་སྒྲ་ལྟ་བུ་བྱུང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ན་མི་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྒྲ་དེས་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ནི་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང ། མིས་ཡོངས་སུ་གང་བ། མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འདི་སྙམ་དུ་སེམས་ཏེ། འོ་ན་བདག་ནི་ཤར་གྱི་ལུས་འཕགས་གླིང་དུ་འགྲོའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས། ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཤར་གྱི་ལུས་འཕགས་གླིང་ག་ལ་བ་དེར་སོང་སྟེ། དེས་དེར་ལོ་བརྒྱ་ཕྲག་མང་པོ་དང ། ལོ་སྟོང་ཕྲག་མང་པོར་རྒྱལ་པོ་བྱས་སོ། །དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འདི་སྙམ་དུ་སེམས་ཏེ། འོ་ན་བདག་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་འགྲོའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་ནུབ་ཀྱི་བ་ལང་སྤྱོད་ག་ལ་བ་དེར་སོང་སྟེ། དེས་དེར་ལོ་བརྒྱ་ཕྲག་མང་པོ་དང ། ལོ་སྟོང་ཕྲག་མང་པོར་རྒྱལ་པོ་བྱས་སོ། །དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འདི་སྙམ་དུ་སེམས་ཏེ། འོ་ན་བདག་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་འགྲོའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོ་ག་ལ་བ་དེར་སོང་སྟེ། དེས་དེར་ལོ་བརྒྱ་ཕྲག་མང་པོ་དང ། ལོ་སྟོང་ཕྲག་མང་པོར་རང་གི་དཔུང་གི་ཚོགས་ལ་རྗེས་སུ་བསྟན་ཏོ། །དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་ཡུན་རིང་པོ་འདས་པའི་དུས་ཤིག་ན་འདི་སྙམ་དུ་སེམས་ཏེ། 81.172b སུམ་བཅུ་རྩ་གསུམ་ཞེས་བྱ་བའི་ལྷ་རི་རབ་ཀྱི་ཟོམ་ལ་གནས་པ་དག་ཡོད་ན། བདག་ནི་སུམ་བཅུ་རྩ་གསུམ་པའི་ལྷ་ག་ལ་བ་དེར་འགྲོའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་གླང་པོ་རིན་པོ་ཆེའི་བྱ་ལ་ཁར་ཞོན་ཏེ་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་སོང་ངོ ། །དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་གླིང་ཆེན་པོ་བཞི་དང ། རིའི་རྒྱལ་པོ་རི་རབ་དང ། རྒྱ་མཚོ་ཆེན་པོ་ཇི་ལྟར་མཐོང ། ཁ་ལོ་སྒྱུར་བས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་རྫ་མཁན་གྱི་འཁོར་ལོ་དབྱིག་པས་འཕངས་ན་ཡོངས་སུ་འཁོར་བ་དེ་བཞིན་དུ་གླིང་ཆེན་པོ་བཞི་དང ། རིའི་རྒྱལ་པོ་རི་རབ་དང ། རྒྱ་མཚོ་ཆེན་པོ་འདི་ཡང་ཡོངས་སུ་འཁོར་བར་མཐོང་ངོ ། །རྒྱལ་པོས་སྨྲས་པ། ཁ་ལོ་སྒྱུར་བ་འོ་ན་ད་དུང་གླང་པོ་རིན་པོ་ཆེས་འགྲོས་མ་ཕྱུང་ངོ ། །ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་གླིང་ཆེན་པོ་བཞི་དང ། རིའི་རྒྱལ་པོ་རི་རབ་དང ། རྒྱ་མཚོ་ཆེན་པོ་འདི་ཇི་ལྟར་མཐོང ། ཁ་ལོ་སྒྱུར་བས་སྨྲས་པ། རྒྱལ་པོ་ཆེན་པོ་གླིང་ཆེན་པོ་བཞི་དང ། རིའི་རྒྱལ་པོ་རི་རབ་དང ། རྒྱ་མཚོ་ཆེན་པོ་དག་དེ་ནི་འགུལ་ཞིང་རབ་ཏུ་འགུལ་བ་དང ། ཀུན་དུ་རབ་ཏུ་འགུལ་བར་མཐོང་ངོ ། །རྒྱལ་པོས་སྨྲས་པ། ཁ་ལོ་སྒྱུར་བ་འོ་ན་ད་དུང་གླང་པོ་རིན་པོ་ཆེས་འགྲོས་མ་ཕྱུང་ངོ ། །ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་གླིང་ཆེན་པོ་བཞི་དང ། རིའི་རྒྱལ་པོ་རི་རབ་དང ། རྒྱ་མཚོ་ཆེན་པོ་འདི་ད་ཇི་ལྟར་མཐོང ། ཁ་ལོ་སྒྱུར་བས་སྨྲས་པ། རྒྱལ་པོ་ཆེན་པོ་ད་ནི་གླིང་ཆེན་པོ་བཞི་དང ། རིའི་རྒྱལ་པོ་རི་རབ་དང ། རྒྱ་མཚོ་ཆེན་པོ་དག་ཀྱང་གཡོ་པ་འམ་འགུལ་བ་དང ། ལྡེག་པ་མ་མཆིས་པར་གནས་པར་མཐོང་ངོ ། །རྒྱལ་པོས་སྨྲས་པ། ཁ་ལོ་སྒྱུར་བ་ད་ནི་གླང་པོའི་རྒྱལ་པོས་འགྲོས་བསླང་པ་ལྟས་རིང་པོ་མི་ཐོགས་པར་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོར་ཕྱིན་པར་འགྱུར་རོ། །དེ་ནས 81.173a རྒྱལ་པོ་གྲགས་པ་མཐའ་ཡས་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་རིང་པོ་མི་ཐོགས་པར་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོར་ཕྱིན་པ་དང་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་གྲགས་པ་མཐའ་ཡས་རྒྱང་རིང་པོ་ནས། འོང་བ་མཐོང་ངོ ། །མཐོང་ནས་སྟན་གྱི་ཕྱེད་ལ་བདར་ཏེ་རྒྱལ་པོ་ཆེན་པོ་ཚུར་སྤྱོན། རྒྱལ་པོ་ཆེན་པོ་བྱོན་པ་ལེགས་སོ། །རྒྱལ་པོ་ཆེན་པོ་སྟན་གྱི་ཕྱེད་ལ་བཞུགས་ཤིག་ཅེས་སྨྲས་པ་དང ། རྒྱལ་པོ་གྲགས་པ་མཐའ་ཡས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་གྱི་ཕྱེད་ལ་འདུག་སྟེ། དེས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་སུམ་བཅུ་རྩ་གསུམ་པའི་ལྷའི་རྒྱལ་སྲིད་ཕྱེད་ཀྱི་དབང་ཕྱུག་ལ་དབང་བྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་ཡུན་རིང་པོ་འདས་པའི་དུས་ཤིག་ན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གིས་བརྒྱ་བྱིན་གྱི་སྟན་ཐམས་ཅད་ལ་འདུག་པར་བྱའོ་སྙམ་པ་དང ། དེས་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་སྟན་ཕྱེད་པོ་དེ་ལས་ཉམས་ནས་འཛམ་བུའི་གླིང་དུ་གནས་པར་གྱུར་ཏེ། རྒྱལ་པོ་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པའི་སྐྱེད་མོས་ཚལ་གྱི་ར་བ་ན་འཁོད་པའི་མི་རྣམས་ཀྱིས་རྒྱལ་པོ་གྲགས་པ་མཐའ་ཡས་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པའི་རིན་པོ་ཆེའི་བསྐྱེད་མོས་ཚལ་དུ་འོངས་ཤིང་དེ་ན་འདུག་པ་མཐོང་ནས་མཐོང་མ་ཐག་ཏུ་མྱུར་བ་མྱུར་བར་རིངས་པའི་གཟུགས་ཀྱིས་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ན་རྒྱལ་པོ་དགའ་བྱེད་ཅེས་བྱ་བ་རྒྱལ་པོ་བྱེད་ཅིང་འདུག་པ་ལ་སྦྲན་ཏོ། །རྒྱལ་པོ་དགའ་བྱེད་དེས་རིན་པོ་ཆེའི་ཟ་མ་ཏོག་གི་བསྐྱེད་མོས་ཚལ་ན་ལྷའི་མི་ཞིག་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་གནས་ཤེས་ཐོས་ནས་མྱུར་བ་མྱུར་བར་རིངས་པའི་གཟུགས་སུ་བཞོན་པའི་མཆོག་ལ་ཞོན་ཏེ། ཡན་ལག་བཞི་པའི་དཔུང་གི་ཚོགས་དང་ལྷན་ཅིག་ཏུ་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་ནས་བྱང་ནས་རིན་པོ་ཆེའི་ཟ་མ་ཏོག་གི་བསྐྱེད་མོས་ཚལ་ག་ལ་བ་དེར་སོང་ངོ ། །རྒྱལ་པོའི་ཕོ་བྲང་འཁོར་རིན་པོ 81.173b ཆེས་རབ་ཏུ་བརྒྱན་པ་ན་འཁོད་པ་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས་རྒྱུག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དགའ་བྱེད་བཞོན་པ་ལས་བབས་ཏེ། རྒྱལ་པོ་གྲགས་པ་མཐའ་ཡས་ག་ལ་བ་དེར་དོང་ནས། དེས་སྤོས་དང ། མེ་ཏོག་དང ། ཕྲེང་བ་དང ། བྱུག་པ་དང ། བདུག་སྤོས་ཕུལ་ཏེ། གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་རྒྱལ་པོ་གྲགས་པ་མཐའ་ཡས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་རྒྱལ་པོ་གྲགས་པ་མཐའ་ཡས་ལ་ཁྱོད་སུ་ཞིག་ལགས་ཤེས་དྲིས་སོ། །རྒྱལ་པོས་དེ་ལ་སྨྲས་པ། རྒྱལ་པོ་གྲགས་པ་མཐའ་ཡས་ཤེས་བྱ་བ་ཞིག་བྱུང་བ་དེ་ཁྱོད་ཀྱིས་ཐོས་སམ། རྒྱལ་པོ་དགའ་བྱེད་ཀྱིས་སྨྲས་པ། བདག་གིས་རབ་ཏུ་འང་ཐོས་ཏེ། རྒན་རབས་དག་མཆི་ན་རྒྱལ་པོ་གྲགས་པ་མཐའ་ཡས་ཤེས་བགྱི་བ་འཁོར་ལོས་སྒྱུར་བ་ཁྱོགས་དང་དཔུང་དང་བཞོན་པ་དང་བཅས་ཏེ་མཐོ་རིས་སུ་བཞུད་དོ་ཞེས་ཐོས་སོ། །སྨྲས་པ། ང་ནི་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བྱ་བ་དེ་ཡིན་ནོ། །དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་མིའི་གཟི་བརྗིད་ཀྱིས་མིག་མ་གང་ལྟེ། མིའི་ལོངས་སྤྱོད་མི་བཟོད་པར་གྱུར་ནས་བྱིང་ཞིང་མི་གནས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་མར་གྱི་གོང་བུ་འམ། མར་སར་གྱི་གོང་བུ་བྱེ་མ་ཚ་ལ་བ་ལ་བཞག་པ་ནི་འཇུ་ཞིང་མི་གནས་སོ། །དེ་བཞིན་དུ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱང་བྱིང་ཞིང་མི་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དགའ་བྱེད་ཀྱི་རྒྱལ་པོ་གྲགས་པ་མཐའ་ཡས་དེ་ལྟར་བྱིང་བ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་ལེགས་པར་བརྗོད་པ་ཇི་སྐད་གསུངས་ཤེས་མཆི་ན། བདག་གིས་འཇིག་རྟེན་རྣམས་ལ་ཇི་སྐད་ཅིག་ལུང་བསྟན་པར་བགྱི། དེས་སྨྲས་པ། རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་ནི་གླིང་ཆེན་པོ་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཤིང་བསམ་པ་ཡིད་བཞིན་དུ་གྲུབ་ལ་དོན་མེད་པར་མ་གྱུར་བ་ཡང་མྱོང ། ཤིང་ཐམས་ཅད་ཡིད་བཞིན་དུ་འབྲས་བུ་ཆགས་པ་དང ། གནོད་པ་ཐམས་ཅད་རྒྱུན་ཆད་པ་དང ། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་བསམས་པ་དོན་ཡོད་པ་དང ། སྤོས་ཆུའི་ཆར་འབབ 81.174a པ་དང ། ལྷའི་ཡིད་བཞིན་གྱི་གོས་ཀྱི་ཆར་འབབ་པ་དང ། དབྱིག་གི་ཆར་འབབ་པ་དང ། གསེར་གྱི་ཆར་འབབ་པ་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབབ་པ་དང ། ཡོ་བྱད་ཐམས་ཅད་ཀྱི་ཆར་འབབ་པ་ཡང་མྱོང་བར་གྱུར་ནས་གླིང་ཆེན་པོ་བཞི་དག་ཏུ་གནས་ཏེ། གླིང་ཆེན་པོ་བཞིའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས་བརྒྱ་བྱིན་གྱི་སྟན་ཕྱེད་མནན་པ་ལས་འདོད་པ་ཆེན་པོས་མ་བཏང་སྟེ། འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་སོ་ཞེས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལུང་སྟོན་ཅིག་།དེ་སྐད་ཅེས་སྨྲས་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འཆི་བའི་དུས་བྱས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་ཤེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དགོས་ཤིང་ཐེ་ཚོམ་ཟ་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དེ་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་ཤེས་བྱ་བར་གྱུར་ཏོ། །དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ། ཡུལ་རྣམས་ནི་རྨི་ལམ་ལྟ་བུའོ་ཞེས་དེ་ལྟར་རིག་པར་བྱས་ནས་སེམས་ངེས་པར་བཞག་པར་བྱ་སྟེ། གཞན་གྱི་དྲིང་མི་འཇོག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འདོད་པའི་དབང་ཕྱུག་རྣམ་པ་ལས། །སེམས་ནི་མཁས་པས་བསྐྱོད་བྱས་ཏེ། །ཆོས་ཀྱི་དབང་ཕྱུག་དགའ་བ་ལ། །སེམས་ནི་ཡང་དག་ཉིད་དུ་གཏང ། །འདོད་པའི་དབང་ཕྱུག་སྤང་བྱས་ཤིང ། །ཆོས་ཀྱི་དབང་ལ་ཡིད་བཞག་སྟེ། །སེམས་གདུལ་བ་ལ་རབ་བརྟེན་ན། །ཉོན་མོངས་རབ་ཏུ་ཚར་ཆོད་འགྱུར། །ཉོན་མོངས་ཚར་བཅད་བརྟེན་ནས་ནི། །ལས་ཀྱི་ལམ་ཡང་ཆད་པར་འགྱུར། །ལས་ཀྱི་ལམ་ནི་ཆད་གྱུར་ན། །འཇིག་རྟེན་གྱི་ནི་མཆོད་རྟེན་འགྱུར། །འདོད་ལ་ཀུན་ནས་ཉོན་མ་མོངས། །འདོད་པའི་ཉེས་པ་རབ་བསྟན་ཏེ། །སེམས་ཅན་རྣམས་ལ་ཕན་སེམས་པས། །དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ། །འདོད་པའི་ཉེས་པ་ཐོས་གྱུར་ན། ། 81.174b མི་ནི་འདོད་པའི་འདོད་ཆགས་ལས། །སེམས་སྦྱོང་བྱེད་པ་ཐམས་ཅད་མཁྱེན། །དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ། །སེམས་ཅན་རྣམས་ཀྱི་སྡང་སྤང་པ། །གང་ཟག་མཆོག་གིས་རབ་ཏུ་མཁྱེན། །སྡང་ལས་སེམས་ནི་གྲོལ་མཛད་པས། །དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ། །སེམས་ཅན་རྣམས་ཀྱི་རྨོངས་སྤངས་པ། །ཤཱཀྱའི་ཁྱུ་མཆོག་རབ་མཁྱེན་ཏེ། །རྨོངས་ལས་སེམས་ནི་སྦྱོང་མཛད་པས། །དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ། །སེམས་ཅན་ང་རྒྱལ་སྤང་པ་ཡང ། །སེམས་ཅན་ཁ་ལོ་སྒྱུར་བས་མཁྱེན། །ང་རྒྱལ་དག་ལས་སེམས་སྦྱོང་བས། །དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ། །བཅོམ་ལྡན་འདས་ཀྱིས་གཞན་ཡང་རྒྱལ་པོ་ཟས་གཙང་མ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་སའི་ལྷ་ཞེས་བྱ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བྱུང་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་དག་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བློན་པོ་རིན་པོ་ཆེ་དང་བདུན་ནོ། །རྒྱལ་པོས་སའི་ལྷ་དེའི་ཕ་ནི་རྒྱལ་པོས་འབྱུང་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་ས་འབྱུང་དེའི་བུ་ཐུ་བོ་ནི་གཞོན་ནུ་སའི་ལྷ་སྟེ། དེ་ནས་རྒྱལ་པོ་ས་འབྱུང་འཆི་བའི་དུས་བྱེད་པའི་ཚེ་རྒྱལ་བུ་གཞོན་ནུ་སའི་ལྷ་རྒྱལ་སྲིད་ལ་དབང་བསྐུར་རོ། །དེ་ནས་རྒྱལ་པོས་སའི་ལྷ་དེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སའི་ལྷ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་གསོ་སྦྱོང་གི་ཉི་མ་ཟླ་བ་ཉ་བའི་ཚེ་སྐྲ་བཀྲུས་ཏེ་རས་བཅོས་བུ་སར་པ་བགོས། སྐྲ་དང་ཁ་སྤུ་བཅོས། ཕྲེང་བ་དང་རྒྱན་བཏགས། ནོར་བུ་དང་རྣ་ཆ་གདུབ་ཀོར་བཏགས་ནས་ཁང་སྟེང་ན་བུད་མེད་ཀྱི་འཁོར་གྱིས་བསྐོར་ཅིང་མདུན་དུ་བདར་ཏེ་འདུག་འདུག་པ་དང ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ། ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། འོད 81.175a ཟེར་དང་ལྡན་པ། འོད་གསལ་བ། འཕང་དུ་ཁྲུ་བདུན་ཡོད་པ། ཐམས་ཅད་གསེར་ལས་བྱས་པ་བྱུང་བར་གྱུར་ཏོ། །རྒྱལ་པོས་སའི་ལྷ་དེས་སྔོན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གང་གསོ་སྦྱོང་གི་ཉི་མ་ཟླ་བ་ཉ་བའི་ཚེ་ཞེས་བྱ་བ་ནས་བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཅིང་མདུན་དུ་བདར་བའི་བར་དུ་སྔ་མ་བཞིན་ཏེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ཞེས་བྱ་བ་ནས་ཐམས་ཅད་གསེར་ལས་བྱས་པའི་བར་དང་ལྡན་པ་བྱུང་བར་གྱུར་བ་དང ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་པས་དེ་འདི་སྙམ་དུ་སེམས་ཏེ། བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་ཡིན་ནམ་དེ་ལ་བདག་གིས་སད་པར་བྱའོ་སྙམ་ནས་རྒྱལ་པོ་སའི་ལྷ་སྟན་ལས་ལངས་ཏེ། གོས་ཕྱོགས་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་འཁོར་ལོ་རིན་པོ་ཆེ་བོ་བས་ཏེ་ས་ལ་གནོས་ཤིག་ཅེས་བྱས་པ་དང ། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་ནམ་མཁའ་ལས་བབས་ཏེ་ས་ལ་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་སའི་ལྷ་དེས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་གོས་ཁྱེའུ་གཙང་གིས་ཕྱིས་ཏེ་ལག་པ་གཡས་པས་བསྐུལ་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་འཁོར་ལོ་རིན་པོ་ཆེ་ཤར་ཕྱོགས་ལས་རྣམ་པར་རྒྱལ་བར་གྱིས་ཤིག་།དེ་ནས་འཁོར་ལོ་རིན་པོ་ཆེ་དེ་ཤར་ཕྱོགས་ལོགས་སུ་གྱུར་པ་དང ། ཤར་ཕྱོགས་ཀྱི་གནས་རྣམས་སུ་དེ་ཉིད་ཀྱི་ཚེ་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་ལམ་མཉམ་ཞིང་ཤིན་དུ་བདེ་བ། ཉམས་དགའ་བ། རིན་པོ་ཆེ་བདུན་གྱི་རྒྱུ་ལས་གྲུབ་པ། མེ་ཏོག་སིལ་མ་སྣ་ཚོགས་ཀྱིས་གང་བ་བྱུང་བར་གྱུར་ཏེ། དེའི་གཤོང་དུ་གྱུར་པའི་ཕྱོགས་རྣམས་ནི་མཐོ་བར་གྱུར་ཏོ། །སྒང་དུ་གྱུར་པ་རྣམས་ནི་དམར་བར་གྱུར་ཏོ། །དེའི་ཁྲོན་པ་དང ། འབབ་ཆུའི 81.175b དོང་དང ། མཚོ་དང ། མཚེའུ་དང ། ཆུ་ཀླུང་སྐམས་པ་རྣམས་སུ་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། བསིལ་བ་དང ། ཞིམ་པ་དང ། ཡང་བ་དང ། འཇམ་པ་དང ། དང་བ་དང ། དྲི་ང་བ་མེད་པ་དང ། འཐུངས་ན་ལྐོག་མར་མི་གནོད་པ་དང ། འཐུངས་ན་ལྟོ་བདེ་བས་ཡོངས་སུ་གང་བར་གྱུར་ཏོ། །མེ་ཏོག་གི་ཤིང་ལྗོན་པ་རྣམས་ལ་ཡང་མེ་ཏོག་ཆགས་པར་གྱུར་ཏོ། །འབྲས་བུའི་ཤིང་ལྗོན་པ་རྣམས་ལ་ཡང་འབྲས་བུ་ཆགས་པར་གྱུར་ཏོ། །མེ་ཏོག་རྒྱས་པའི་ཤིང་རྣམས་ཀྱང་རྟག་ཏུ་མེ་ཏོག་རྒྱས་པར་གྱུར་ཏོ། །འབྲས་བུ་ཆགས་པའི་ཤིང་རྣམས་ཀྱང་རྟག་ཏུ་འབྲས་བུ་ཆགས་པར་གྱུར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་སོང་སྟེ། ས་ཕྱོགས་གང་དུ་འཁོར་ལོ་རིན་པོ་ཆེ་དེ་འདུག་པར་གྱུར་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འདུག་པར་གྱུར་ཏོ། །དེའི་ཚེ་ཤར་ཕྱོགས་ཀྱི་རྒྱལ་པོ་འམ། ཁམས་ཀྱི་རྒྱལ་པོ་འམ། གྲོང་རྡལ་གྱི་མི་འམ། ཞིང་པ་དེ་དག་ཐམས་ཅད་གསེར་གྱི་གཞོང་པ་དངུལ་སིལ་མས་བཀང་བ་དང ། དངུལ་གྱི་གཞོང་པ་གསེར་ཕྱེས་བཀང་བ་དག་ཐོགས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་བསུ་ཞིང་ལྷ་ཚུར་གཤེགས། ལྷ་གཤེགས་པ་ལེགས་སོ། །ལྷའི་ཆགས་འོག་ཏུ་མདའ་བ་འདི་དག་ནི་འབྱོར་ཅིང་རྒྱས་ལ་ལོ་ལེགས་ཤིང་སྐྱེ་བོ་མང་པོ་དང་མིས་གང་བ་སྟེ། འདི་དག་དང་བདག་ཅག་ལ་ལྷ་མངའ་མཛད་དུ་གསོལ། །དེ་སྐད་ཅེས་སྨྲས་པ་དང ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ང་ལ་ལོངས་སྤྱོད་འདི་དག་མི་དགོས་ཀྱིས། འདི་དག་ཁྱེད་ཀྱི་ལོངས་སྤྱོད་དུ་གྱུར་ཏེ་ཉེ་བར་འཚོ་བར་གྱིས་ཤིག་།ཁྱེད་འདི་ལྟར་ངའི་རྗེས་སུ་འབྲང་བར་གྱིས་ཤིག་།གལ་ཏེ་ཁྱེད་ཀྱིས་སྲོག་གཅོད་པ་སྤངས་ཏེ། མ་བྱིན་པར་ལེན་པ་སྤངས་ཤིང་ལོག་པར་ལྟ་བའི་བར་དུ་སྤངས་ན་ང་ཡང་བདག་གིས་ནི་ཡུལ་འདི་དག་ལས་རྒྱལ་ཏེ། མི་གང་དག་མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་སྦྱོང་དུ་འཛིན 81.176a པ་དང ། བྲམ་ཟེར་འཛིན་པ་དང ། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་དེ་དག་ནི་ངའི་རྗེས་སུ་འབྲང་བ་ཡིན་ནོ་སྙམ་དུ་སེམས་སོ། །ད་ཕན་ཆད་ཁྱེད་ཡུལ་འཁོར་དུ་ཆོས་མ་ཡིན་པའི་སྤྱོད་པ་དང ། མི་རིགས་པའི་སྤྱོད་པ་འདོད་པར་མ་བྱེད་ཅིག་།དེ་ལྟར་བྱས་ན་ང་ཡང་ཡུལ་འདི་རྣམས་ལས་རྒྱལ་ཞིང་དེ་དག་ཀྱང་ངའི་རྗེས་སུ་འབྲང་བ་ཡིན་པར་སེམས་སོ། །དེ་དག་གིས་དེ་ལ་ལེགས་སོ་ཞེས་ནས་དེ་བཞིན་དུ་ནན་ཏན་བྱེད་དོ། །དེའི་ལྷའི་འཁོར་ལོ་རིན་པོ་ཆེ་དེས་ཤར་ཕྱོགས་སུ་རྣམ་པར་རྒྱལ་བར་བྱས་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ལས་རྒལ་ནས་མདུན་དུ་ཤིང་རྟའི་སྲོག་ཤིང་བཙུགས་པ་ལྟར་འདུག་པར་གྱུར་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་ཡང་རྒྱ་ཆེར་རྣམ་པར་རྒྱལ་བར་བྱས་ནས། བྱང་ཕྱོགས་སུ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོའི་བར་ལས་རྣམ་པར་རྒྱལ་བར་བྱས་ཏེ། བྱང་ཕྱོགས་ཀྱི་རྒྱ་མཚོ་ལས་རྒལ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕོ་བྲང་གི་སྒོའི་སྟེང་དུ། ཤིང་རྟའི་སྲོག་ཤིང་བཙུགས་པ་བཞིན་དུ་འདུག་པར་གྱུར་ཏོ། །རྒྱལ་པོ་སའི་ལྷས་འཁོར་ལོ་རིན་པོ་ཆེ་བསྐོར་མ་ཐག་ཏུ་དེ་ནས་དེའི་མོད་ལ་གླིང་ཆེན་པོ་བཞི་པ་ཐམས་ཅད་རིན་པོ་ཆེའི་རང་བཞིན་བཀྲ་བ་བལྟ་ན་སྡུག་པར་གནས་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། གསེར་དང ། དངུལ་དང ། བཻ་དཱུརྱ་དང ། ཤེལ་དང ། མུ་ཏིག་དམར་པོ་དང ། སྤུག་དང ། རྡོའི་སྙིང་པོ་དང་བདུན་ནོ། །རྒྱལ་པོ་སའི་ལྷས་འཁོར་ལོ་རིན་པོ་ཆེ་དེ་བསྐོར་མ་ཐག་ཏུ་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་གྱུར། དུད་འགྲོའི་སྐྱེ་གནས་ཐམས་ཅད་དང ། གཤིན་རྗེའི་འཇིག་རྟེན་ཐམས་ཅད་དང ། ལྷ་མ་ཡིན་གྱིས་རིས་ཐམས་ཅད་དང ། མི་ཁོམ་པ་ཐམས་ཅད་ཀྱང་རྒྱུན་ཆད་པར་གྱུར་ཏོ། །མི་དགེ་བའི་སྒྲ་རྣམས་ཀྱང་ཡོངས་སུ་ནུབ་པར་གྱུར་ཏོ། །འདི་ལྟར་རྒྱལ་པོ་སའི་ལྷའི་སྔོན་གྱི་སྨོན་ལམ་གྱིས་གླིང་ཆེན་པོ་བཞི་པོ་ཐམས་ཅད་དུ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཡང་བྱུང་བར་གྱུར། དཔག་བསམས་ཀྱི་ཤིང 81.176b རྣམ་པ་སྣ་ཚོགས་ཀྱང་བྱུང་བར་གྱུར་ཏོ། །སེམས་ཅན་དེ་དག་གི་ནད་ཀྱི་རྣམ་པ་ཡང་འདི་ལྟ་སྟེ། འདོད་པ་དང ། ཁ་ཟས་མི་ཟ་བ་དང ། རྒ་བ་གསུམ་མ་གཏོགས་པར་ཐམས་ཅད་རྒྱུན་ཆད་པར་གྱུར་ཏོ། །སེམས་ཅན་དེ་དག་གི་ཚེའི་ཚད་ནི་ལོ་བྱེ་བ་ཚང་བར་གྱུར་ཏོ། །སེམས་ཅན་དེ་དག་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཡང་ཐམས་ཅད་དུ་མི་མངོན་ཞིང་མི་གནོད་པར་གྱུར་ཏེ། དེའི་ཚེ་འདི་དག་དང་གཞན་ཡང་ངོ་མཚར་རྨད་དུ་བྱུང་བ་མཐའ་ཡས་བྱུང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་སའི་ལྷ་དེ་འདི་སྙམ་དུ་སེམས་ཏེ། མིའི་འཇིག་རྟེན་ན་ལོངས་སྤྱོད་འདི་ལྟ་བུ་ཡོད་ན་ལོངས་སྤྱོད་འདི་བས་རྒྱ་ཆེ་བ་དང ། འདི་ལས་ཁྱད་པར་འཕགས་པའི་ལོངས་སྤྱོད་གཞན་འགའ་ཞིག་ཡོད་དམ་མེད་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སུམ་བཅུ་རྩ་གསུམ་པའི་ལྷ་ཞེས་བྱ་བ་རི་རབ་ཀྱི་རྩེ་མོ་ལ་གནས་པ་དག་ཅིག་ཡོད་ཅེས་ཐོས་ན་དེ་དག་གི་ལོངས་སྤྱོད་དེ་ཅི་འདྲ་བ་ཞིག་ཡོད་སྙམ་མོ། །དེ་ནས་རྒྱལ་པོ་སའི་ལྷ་དེ་འདོད་པ་དེ་མ་སྤངས་པའི་ཕྱིར་མིའི་ལོངས་སྤྱོད་ལ་ནི་སྨོད། ལྷའི་ལོངས་སྤྱོད་ལ་ནི་སྨོན་ཅིང་འདི་སྙམ་དུ་འོ་ན་བདག་སུམ་བཅུ་རྩ་གསུམ་པའི་གནས་སུ་འགྲོ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་སའི་ལྷ་དེས་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ལ་ཕྱིན་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་སའི་ལྷ་རྒྱང་རིང་པོ་ནས་འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་ཏེ། རྒྱལ་པོ་ཆེན་པོ་ཚུར་སྤྱོན། རྒྱལ་པོ་ཆེན་པོ་བྱོན་པ་ལེགས་སོ་ཞེས་སྟན་གྱི་ཕྱེད་ལ་བདར་ཏེ། རྒྱལ་པོ་ཆེན་པོ་གང་གི་དུས་ལ་དབབ་པར་མཁྱེན་ན་སྟན་འདི་ལ་བཞུགས་ཤིག་ཅེས་སྨྲས་པ་དང ། རྒྱལ་པོ་སའི་ལྷ་ཡང་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་སྟེ། དེས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ཕྱེད་ལ་དབང་བྱས་སོ། །དེ་ཡུན་རིང་པོ་འདས་པའི་དུས་ཤིག་ན་འདོད་པ་ཆེན་པོའོ། ། 81.177a དབང་གིས་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་བདག་གིས་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བྱའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལས་ཉམས་ནས་ཕྱིར་འཛམ་བུའི་གླིང་གི་གྲོང་ཁྱེར་བདེ་བའི་ཁྱིམ་ཞེས་བྱ་བར་གནས་པར་གྱུར་ཏོ། །དེ་ལྟའི་གཟི་བརྗིད་དང་ལྡན་པ་ལས་འཛམ་བུའི་གླིང་དུ་གནས་པར་གྱུར་བས་མིའི་གཟི་བརྗིད་མི་བཟོད་པར་གྱུར་ནས་དེ་བྱིང་ཞིང་མི་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་སའི་ལྷ་ས་ལ་འབྱིང་བ་ན་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་སྲིད་དབང་ཕྱུག་རྒྱ་ཆེན་གྱིས། །འདོད་ལ་སྲེད་པ་ཞི་མི་འགྱུར། །མེ་ལ་རྩཝ་ཤིང་ཇི་བཞིན་ཏེ། །དེ་བས་འདོད་པ་རྣམ་པར་སྤང ། །ཡུན་རིང་རྒྱུད་ཀྱི་འདོད་པ་ལ། །བསྟེན་ན་ངོམས་པར་མི་འགྱུར་ཏེ། །སྐོམ་པས་ཉེན་པ་ཚཝ་ཆུ་ལ། །རབ་ཏུ་འཐུངས་ཀྱང་ཡོངས་གདུང་བཞིན། །ཆུ་བོ་རྣམས་ཀྱིས་ནམ་དུ་ཡང ། །རྒྱ་མཚོ་ངོམས་པར་མི་འགྱུར་ཏེ། །དེ་བཞིན་འདོད་པ་བསྟེན་བྱས་ན། །གཞན་ཡང་ངོམས་པར་མི་འགྱུར་རོ། །ཤིང་དང་རྩཝ་དག་རབ་བསྲེགས་ཀྱང ། །མེ་ནི་ངོམས་པར་མི་འགྱུར་རོ། །དེ་བཞིན་འདོད་པ་བསྟེན་བྱས་ན། །འདོད་པའི་ལོངས་སྤྱོད་ངོམས་མི་མྱོང ། །མེ་ལོང་ཇི་ལྟར་གཟུགས་བརྙན་གྱིས། །ནམ་ཡང་ངོམས་པར་མི་འགྱུར་བ། །དེ་བཞིན་གཟུགས་རྣམས་བསྟེན་བྱས་ན། །འདོད་པའི་ལོངས་སྤྱོད་ངོམས་མི་མྱོང ། །བྲག་ཅ་ཇི་ལྟར་སྒྲ་རྣམས་ཀྱིས། །ནམ་ཡང་ངོམས་པར་མི་འགྱུར་བ། །དེ་བཞིན་སྒྲ་རྣམས་བསྟེན་བྱས་ན། །འདོད་པའི་ལོངས་སྤྱོད་ངོམས་མི་མྱོང ། །ཇི་ལྟར་སྤོས་སྣོད་སྤོས་རྣམས་ཀྱིས། །ནམ་ཡང་ངོམས་པར་མི་འགྱུར་བ། །དེ་བཞིན་དྲི་རྣམས་བསྟེན་བྱས་ཀྱང ། །སྣ་ནི་དྲི་ཡིས་ངོམས་མི་མྱོང ། །ཇི་ལྟར་གཟར་བུ་རོ་མཆོག་གིས། །ནམ་ཡང་ངོམས་པར་མི་འགྱུར་བ། །དེ་བཞིན་ལྕེ་ནི་རོ་མཆོག་གིས། །ནམ་ཡང་ངོམས་པར་མི་འགྱུར་རོ། །ཇི་ལྟར་ནམ་མཁའ་རླུང་རྣམས་ཀྱིས། །ནམ་ཡང་ངོམས་པར་མི་འགྱུར་བ། །དེ་བཞིན་ལུས་ནི་རེག་རྣམས་ཀྱིས། ། 81.177b ནམ་ཡང་ངོམས་པར་མི་འགྱུར་རོ། །དཔེར་ན་རྨི་ལམ་རྨིས་པ་ཡི། །ཆུ་འཐུངས་ངོམས་པར་མི་འགྱུར་བ། །དེ་བཞིན་ཆོས་ལ་ཆགས་པ་ཡི། །ཡིད་ཀྱང་ངོམས་པར་འགྱུར་བ་མེད། །སེམས་ཅན་འདོད་ལ་སྟེན་པ་ནི། །ཕྱིར་ཞིང་སྲེད་པ་འཕེལ་འགྱུར་ཏེ། །ཡུལ་ལ་ཉེ་བར་བསྟེན་བྱས་ན། །འདོད་པས་ནམ་ཡང་ངོམས་པ་མེད། །སྐོམ་དང་མེ་འདྲའི་འདོད་པ་ལས། །སྡུག་བསྔལ་འབྱུང་བར་སུས་མཐོང་བ། །དེ་དག་སྲེད་པ་ཞིར་འགྱུར་ཏེ། །མེ་ལ་ཆུས་ནི་བླུགས་པ་བཞིན། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སའི་ལྷ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་དོགས་ཤིང་ཐེ་ཚོམ་ཟ་འམ་ཡིད་གཉིས་སུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དེ་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སའི་ལྷ་ཞེས་བྱ་བར་གྱུར་ཏོ། །དེ་ཙམ་དུ་ཆེ་ཞིང་ཙམ་དུ་ཡངས་པའི་དབང་ཕྱུག་ལ་དབང་བྱས་ཀྱང་དབང་ཕྱུག་གིས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དབང་པོ་རྣམས་ནི་མ་ངོམས་ཤིང་ངོམས་པར་མི་རུང་བ། ཡུལ་རྣམས་ནི་ངོམས་པར་མི་བྱེད་པ་སྟེ། དབང་པོ་རྣམས་ནི་མེ་ལོང་དང་འདྲ། ཡུལ་རྣམས་ནི་གཟུགས་བརྙན་དང་འདྲ། དབང་པོ་རྣམས་ནི་བྲག་ཅ་དང་འདྲ། ཡུལ་རྣམས་ནི་སྒྲ་དང་འདྲ། དབང་པོ་རྣམས་ནི་སྒྱུ་མ་དང་འདྲ། ཡུལ་རྣམས་ནི་རྨི་ལམ་དང་འདྲ་བ་ཡིན་གྱིས། རྒྱལ་པོ་ཆེན་པོ་ཁྱོད་དེ་ལ་ཡིད་གཞག་ཅིང་གཞན་གྱི་དྲིང་མི་འཇོག་པར་གྱིས་ཤིག ། །།བམ་པོ་བཅཝ་ལྔ་པ་སྟེ་ཐ་མ། རྒྱལ་པོ་ཆེན་པོ་གཞན་ཡང་སྔོན་གྱི་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་ལ་དབང་ཆེ་བར་གྲགས་པ། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ནས་བྱུང་བ། སྔོན་དགེ་བའི་རྩ་བ་བསགས་པ། སངས་རྒྱས་དཔག་ཏུ་མེད་པ་མཐོང་བ། དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་ཆོས་དཀར་པོ་ཡོངས་སུ་བསྒྲུབས་པ་ཞིག་བྱུང་སྟེ། དེས 81.178a གླིང་ཆེན་པོ་བཞིར་དབང་ཕྱུག་ལ་དབང་བྱས་སོ། །དེ་འཛམ་བུའི་གླིང་ན་གནས་པ་དེའི་ཚེ་འདོད་པའི་ཁམས་ཀྱི་སེམས་ཅན་མི་དང་ལྷ་ཇི་སྙེད་ཅིག་འདོད་པ་ལ་སྤྱོད་པར་གྱུར་པ་དེ་དག་གི་ནང་ན་རྒྱལ་པོ་ང་ལས་ནུ་དེ་འདི་ལྟར་འདོད་པ་ལ་ལོངས་སྤྱོད་པས་མཆོག་ཏུ་བརྗོད་དོ། །དེའི་ཚེ་འཛམ་བུའི་གླིང་ནི་འབྱོར་ཅིང་རྒྱས་ལ་བདེ་ཞིང་ལོ་ལེགས་པ་དང ། སྐྱེ་བོ་མང་པོ་དང་མིས་གང་བ་དང ། གྲོང་དང ། གྲོང་ཁྱེར་དང ། གྲོལ་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་བ་ཡང་མད་པ་ཉེ་བར་གྱུར། གྲོང་རྣམས་ཀྱང་བྱ་གག་གི་འཕུར་སྟབས་ཀྱིས་སོན་པ་ཙམ་དུ་ཉེ་བར་གྱུར་ཏོ། །འདི་ལྟར་ཆོས་ཀྱིས་གནས་པར་གྱུར་པས་ས་ཆེན་པོ་འདི་ཡང་གསེག་མ་དང ། གྱོ་མོ་མེད་ཅིང་གསེར་དངུལ་མང་པོ་དང ། ཀུན་དགའ་ར་བ་དང ། བསྐྱེད་མོས་ཚལ་དང ། རྫིང་བུ་དང ། མཚེའུ་དག་གིས་མཛེས་པར་བྱས་པར་གྱུར་ཏོ། །རྒྱལ་པོ་ང་ལས་ནུའི་རྒྱལ་པོའི་ཕོ་བྲང་འཁོར་ནི་གྲོང་ཁྱེར་མི་ཚུགས་པ་ཞེས་བྱ་བར་གྱུར་ཏེ། ཤར་ནུབ་ཏུ་ཆུར་ནི་དཔག་ཚད་བཅུ་གཉིས། ལྷོ་བྱང་གི་ཞེང་དུ་ནི་དཔག་ཚད་བདུན་ཡོད་པར་གྱུར་ཏོ། །དེ་ནི་བསྐལ་པའི་དང་པོ་ལ་བྱུང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིགས་ཆེན་པོར་གྲགས་པས་སྐྱེས་པའི་རྒྱལ་པོ་རྣམས་ཀྱི་དང་པོའི་གྲོང་ཁྱེར་དུ་གྱུར་པ་སྟེ། འདི་ལྟ་སྟེ་དཔེར་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་ཅེས་བྱ་བ་ནི་སྟེང་གི་ཕྱོགས་ནས་དྲིལ་བུ་གཡེར་ཀའི་དྲ་བ་བྲེས་པའི་བར་དུ་རྒྱ་ཆེར་ཏེ། དེ་བཞིན་དུ་རྒྱལ་པོ་ང་ལས་ནུའི་དཔྱིད་གནས་པ་ནི་ཟླ་བ་འཆར་བ་ཞེས་བྱ་བའི་ཁང་བཟངས་བཤམས་པར་གྱུར་ཏོ། །དབྱར་གནས་པ་ནི་བཻ་དཱུརྱའི་སྙིང་པོ་ཞེས་བྱ་བའི་ཁང་པ་ཟངས་བཤམས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི་ཁང་བཟངས་ལྟ་བུའོ། །རྒྱལ་པོ་ང་ལས་ནུའི་དགུན་གནས་པ་ནི་ཉི་མའི་འོད་ཟེར་ཡང་དག་འཕགས་ཤེས་བྱ་བའི་ཁང་བཟངས་བཤམས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི 81.178b ཁང་བཟངས་ལྟ་བུའོ། །རྒྱལ་པོ་ང་ལས་ནུ་ཁང་བཟངས་ཟླ་བ་འཆར་བར་གནས་པའི་ཚེ་ནི་བཙུན་མོ་དང་བཅས་པར་འདི་ལྟ་སྟེ་དཔེར་ན་ཙན་དན་གྱིས་བསྐུས་པ་བཞིན་དུ་ལུས་བསིལ་བར་གྱུར་ཏོ། །ཁང་བཟངས་བཻ་དཱུརྱའི་སྙིང་པོར་གནས་པའི་ཚེ་འདི་ལྟ་སྟེ་དཔེར་ན་ཏ་མ་ལའི་ལོ་མས་བསྐུས་པ་བཞིན་དུ་ལུས་དུས་དང་ལྡན་པར་བདེ་བར་གྱུར་ཏོ། །ཁང་བཟངས་ཉི་མའི་འོད་ཟེར་ཡང་དག་འཕགས་སུ་གནས་པའི་ཚེ་ནི་འདི་ལྟ་སྟེ་དཔེར་ན་ཨ་ག་རུས་བསྐུས་པ་བཞིན་དུ་ལུས་དྲོ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུའི་བསམ་པའི་དབང་གིས་ཁང་བཟངས་དེ་དག་ཀྱང་ཉམས་སུ་བདེ་བའི་རེག་པ་འབྱིན་པར་གྱུར་ཏོ། །བསམ་པའི་དབང་གིས་རླུང་ལྡང་བར་འགྱུར། ཆར་འབབ་པར་འགྱུར། རོལ་མོ་མོའི་སྒྲ་འབྱུང་བར་འགྱུར་རོ། །བསམ་པའི་དབང་གིས་སྐྱིད་པ་དང ། ལོངས་སྤྱོད་དང ། ཡོངས་སུ་སྤྱད་པའི་རྣམ་པ་འབྱུང་ངོ ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་ཕོ་བྲང་དུ་ཞག་བདུན་དུ་དབྱིག་གི་ཆར་འབབ་པར་གྱུར་ཅིག་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུའི་ཕོ་བྲང་དུ་ཞག་བདུན་དུ་དབྱིག་གི་ཆར་བབ་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུས་ཞག་བདུན་པོ་དེ་འདས་ནས་དབྱིག་གི་ཆར་བབ་པ་དེ་ལ་འདི་སྙམ་དུ་སེམས་ཏེ། ཇི་ཙམ་དུ་ཡོངས་སུ་དག་པའི་ལས་ཀྱི་རྣམ་པར་སྨིན་པས་བསམ་པ་ཡིད་བཞིན་དུ་ཡོངས་སུ་རྫོགས་པ་དམིགས་ཤིང་བསོད་ནམས་དག་ཀྱང་མི་སླུ་བ་འདི་ནི་ངོ་མཚར་རྨད་དུ་བྱུང་ངོ་སྙམ་ནས་དེ་ཡང་འདི་སྙམ་དུ་སེམས་སྟེ། བདག་གིས་གླིང་ཆེན་པོ་འཛམ་བུའི་གླིང་འབྱོར་ཅིང་རྒྱས་ལ། བདེ་ཞིང་ལོ་ལེགས་པ་དང ། སྐྱེ་བོ་མང་པོ་དང་མིས་གང་བ་ལ་ཡང་དབང་བྱས། བདག་གི་ཁྱིམ་དུ་ནི་ཞག་བདུན་དུ་དབྱིག་གི་ཆར་བབ་ན་ད་ནི་བདག་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་འགྲོའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན 81.179a ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། འཛམ་བུའི་གླིང་ནས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་ཕྱིན་ནས། དེས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་མིའི་ལས་འདས་ཤིང་ལྷ་རྫས་སུ་མ་གྱུར་བའི་ལོངས་སྤྱོད་དང་ལྡན་པའི་རྒྱལ་པོ་བྱས་སོ། །དེ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆེན་པོ་དེ་ན་གནས་པའི་ཚེ་ཡང་སེམས་བསྐྱེད་མ་ཐག་ཏུ་འཛམ་བུའི་གླིང་དུ་བབ་པ་བཞིན་དུ་ཞག་བདུན་གྱི་བར་དུ་དབྱིག་གི་ཆར་བབ་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུ་དེ་འདི་སྙམ་དུ་སེམས་ཏེ། བདག་གི་འཛམ་བུའི་གླིང་འབྱོར་ཅིང་རྒྱས་པ་ནས་སྐྱེ་བོ་མང་པོ་དང་མིས་གང་བའི་བར་ལ་ནི་དབང་བྱས། བདག་གི་ཁྱིམ་དུ་ཞག་བདུན་དུ་དབྱིག་གི་ཆར་ནི་བབ། བདག་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆེན་པོ་ལ་ཡང་དབང་བྱས་ཏེ། བདག་གི་ཁྱིམ་འདིར་ཡང་ཞག་བདུན་དུ་དབྱིག་གི་ཆར་བབ་ན་ཤར་གྱི་ལུས་འཕགས་ཤེས་བྱ་བའི་གླིང་ཆེན་པོ་ཡོད་ཀྱིས། བདག་ནི་གླིང་ཆེན་པོ་ཤར་གྱི་ལུས་འཕགས་པོ་ག་ལ་བ་དེར་འགྲོའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དེ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཤར་གྱི་ལུས་འཕགས་པོའི་གླིང་ཆེན་པོར་ཕྱིན་པར་གྱུར་ཏེ། དེས་དེར་ཡང་ལོ་བརྒྱ་སྟོང་ཕྲག་མང་པོར་མིའི་ལས་འདས་ཤིང་ལྷ་རྫས་སུ་མ་གྱུར་བའི་ལོངས་སྤྱོད་པ་དང་ལྡན་པར་རྒྱལ་པོ་བྱས་སོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུས་དེར་ཡང་འདི་སྙམ་དུ་བསམས་ཏེ། བདག་གིས་འཛམ་བུའི་གླིང་དང ། ནུབ་ཀྱི་བ་ལང་སྤྱོད་དང ། ཤར་གྱི་ལུས་འཕགས་པོ་ལ་ནི་དབང་བྱས་ན་ད་ནི་བདག་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོར་འགྲོའོ། །དེའི་མི་རྣམས་ནི་ང་ཡིར་བྱ་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་མོད་ཀྱི། འོན་ཀྱང་དེར་སོང་སྟེ་རང་གི་དཔུང་གི་ཚོགས་ལ་རྗེས་སུ་བསྟན་པར་བྱའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུ་དེ་དཔུང་གི་ཚོགས་ཡན་ལག 81.179b བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཤར་གྱི་ལུས་འཕགས་པོའི་གླིང་ཆེན་པོ་ནས་བྱུང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོར་ཕྱིན་པར་གྱུར་ཏེ། དེས་དེར་ཡང་མི་རྣམས་ང་ཡིར་བྱ་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ནང་དུ་ལོ་བརྒྱ་སྟོང་ཕྲག་དུ་མར་བདག་གི་དཔུང་གི་ཚོགས་རྣམས་ལ་རྗེས་སུ་བསྟན་ཏོ། །རྒྱལ་པོ་ཆེན་པོ་དེ་ནས་ལོ་སྟོང་མང་པོ་འདས་པ་ཞིག་ན་རྒྱལ་པོ་ང་ལས་ནུ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འཛམ་བུའི་གླིང་ལ་ནི་དབང་བྱས། ཞག་བདུན་དུ་ནི་ཁྱིམ་དུ་དབྱིག་གི་ཆར་བབ། བདག་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆེན་པོ་ལ་ཡང་དབང་བྱས། བདག་གིས་ཤར་གྱི་ལུས་འཕགས་ཀྱི་གླིང་ཆེན་པོ་ལ་ཡང་དབང་བྱས། བདག་གིས་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོ་ལ་ཡང་དབང་བྱས་ན། ད་ནི་སུམ་བཅུ་རྩ་གསུམ་པ་ཞེས་བྱ་བའི་ལྷ་རི་རབ་ཀྱི་རྩེ་མོ་ལ་འཁོད་པ་ཞིག་ཡོད་ཅེས་གྲག་གིས་སུམ་བཅུ་རྩ་གྱི་གནས་སུ་འགྲོའོ་སྙམ་དུ་བསམས་སོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུས་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་རི་རབ་ཀྱི་རྩེ་མོ་ལ་ཕྱིན་པར་གྱུར་ཏོ། །དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཆོས་བཟང་ལྷའི་མདུན་ས་ཞེས་བྱ་བ་ན་འདུས་ཤིང་འཁོད་འཁོད་པ་ལས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ང་ལས་ནུ་རྒྱང་རིང་པོ་ནས་འོང་བ་མཐོང་སྟེ། མཐོང་ནས་སྟན་གྱི་ཕྱེད་ལ་བདར་ཏེ་རྒྱལ་པོ་ཆེན་པོ་ཆུར་སྤྱོན། རྒྱལ་པོ་ཆེན་པོ་བྱོན་པ་ལེགས་སོ། །གང་གི་དུས་ལ་དབབ་པར་ཤེས་ན་སྟན་གྱི་ཕྱེད་ལ་བཞུགས་ཤིག་ཅེས་སྨྲས་པ་དང ། རྒྱལ་པོ་ང་ལས་ནུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་གྱི་ཕྱེད་ལ་འདུག་གོ། །རྒྱལ་པོ་ང་ལས་ནུ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་མ་ཐག་ཏུ་སུམ་བཅུ་རྩ་གསུམ་པའི་ལྷ་ཐམས་ཅད་ལྷའི་གནས་བཅུས་ཟིལ་གྱི་གནན་ཏོ། །བཅུ་གང་ཞེ་ན། ལྷའི་ཚེ་དང ། ལྷའི་གྲགས་པ་དང ། ལྷའི་ཁ་དོག་དང ། ལྷའི་བདེ་བ་དང ། ལྷའི་དབང་ཕྱུག་ལ་དབང་བ་དང ། ལྷའི་གཟུགས་དང ། ལྷའི་སྒྲ་དང ། ལྷའི་དྲི་དང ། ལྷའི་རོ་དང ། ལྷའི་རེག་དང ། 81.180a རྣམ་པ་བཅུ་སྟེ། དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་མ་གཏོགས་པ་ཐམས་ཅད་ཟིལ་གྱིས་མནན་ཏོ། །དེ་ཅིའི་ཕྱིར་ཞེ་ན། མིག་འཛུམས་པ་དང ། མིག་མི་འཛུམས་པ་ཙམ་ལས་ལྷ་རྣམས་ཀྱིས་འདི་ནི་རྒྱལ་པོ་ང་ལས་ནུའོ། །འདི་ནི་ལྷའི་དབང་པོ་བརྒྱ་བྱིན་ནོ་ཞེས་བྱ་བར་ཤེས་པ་མ་གཏོགས་པར་རྒྱལ་པོ་ང་ལས་ནུ་དེ་དང ། ལྷའི་དབང་པོ་བརྒྱ་བྱིན་གཉིས་ཀྱང་གཟུགས་མཉམ་པར་གྱུར། ་སྤྱོད་པ་མཉམ་པར་གྱུར། ལོངས་སྤྱོད་མཉམ་པར་གྱུར་ཏེ། རྒྱལ་པོ་ཆེན་པོ་མིར་གྱུར་པ་དང ། ལྷར་གྱུར་པ་གཉིས་ལུས་མཉམ་པར་གྲུབ་པ་དེ་ནི་ངོ་མཚར་ཆེའོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ཕྱེད་ལ་དབང་བྱས་སོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུས་གླིང་ཆེན་པོ་བཞི་བའི་དབང་ཕྱུག་དབང་བྱས། སུམ་བཅུ་རྩ་གསུམ་པའི་ལྷའི་རྒྱལ་སྲིད་ཕྱེད་ལ་དབང་བྱས་ཀྱང་དབང་ཕྱུག་གིས་མ་ངོམས་ནས་འདི་སྙམ་དུ་སེམས་བསྐྱེད་དེ། ཀྱེ་མ་བདག་གིས་སུམ་བཅུ་རྩ་གསུམ་པའི་ལྷའི་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བྱའོ་སྙམ་པ་དང ། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་སུམ་བཅུ་རྩ་གསུམ་གྱི་གནས་ནས་ཉམས་ཏེ། འཛམ་བུའི་གླིང་དུ་རྒྱལ་པོའི་སྐྱེད་མོས་ཚལ་མཆོག་ཏུ་ཕྱིན་པར་གྱུར་ཏོ། །དེ་འཛམ་བུའི་གླིང་དུ་གནས་པར་གྱུར་བའི་ཚེ་ཕྱོགས་ཐམས་ཅད་ཀྱང་སྣང་བར་གྱུར་ཏེ། ཉི་མའི་འོད་ཀྱང་ཟིལ་གྱིས་མནན་ནས་འདི་ལྟ་སྟེ་དཔེར་ཟླ་བའི་འོད་ཉི་མས་ཟིལ་གྱིས་མནན་པ་ལྟ་བུའོ། །ཉི་མ་ནམ་མཁའ་ལ་འདུག་པ་ཡང་ལྷམ་མེ་མ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་སྟེང་གི་བར་སྣང་ལ་འདུག་པ་ཉི་མས་ཟིལ་གྱིས་ནོན་ན་མི་སྣང་བ་བཞིན་ནོ། །དེ་ནས་གྲོང་ཁྱེར་མི་ཚུགས་པའི་ཕོ་བྲང་དམ་པ་ན་མི་འཁོད་པ་རྣམས་ཀྱིས་རྒྱལ་པོ་དེ་བསྐྱེད་མོས་ཚལ་དེར་ཕྱིན་པ་མཐོང་བར་གྱུར་ཏོ། །མཐོང་ནས་ཀྱང་ངོ་མཚར་དུ་གྱུར་ཏེ། དེ་དག་གྲོང་དུ་དོང་ནས་ཀྱེ་གྲོགས་པོ 81.180b དག་འདི་ལྟར་ལྷའི་བུ་ཞིག་བར་སྣང་ལས་བབས་ཏེ། རྒྱལ་པོའི་སྐྱེད་མོས་ཚལ་འདིར་ཕྱིན་ཏོ་ཞེས་ཚིག་ཏུ་བརྗོད། སྒྲ་བསྒྲགས་སོ། །རྒྱལ་པོ་ཆེན་པོ་དེ་ནས་ཡུལ་འཁོར་གྱི་མི་དང་རྒྱལ་པོར་བཅས་པས་དེ་སྐད་ཐོས་ནས་མྱུར་བ་མྱུར་བར་རིངས་པའི་གཟུགས་སུ་གླུ་དང ། རོལ་མོ་དང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བདུག་སྤོས་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། བླ་རེ་དག་ཐོགས་ནས་གཙང་སྦྲའི་སྤྱོད་པས་གྲོང་ཁྱེར་དེ་ནས་བྱུང་སྟེ་བསྐྱེད་མོས་ཚལ་དེ་ག་ལ་བ་དེར་དོང་ངོ ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དེ་བསྐྱེད་མོས་ཚལ་དེར་འདུག་མ་ཐག་ཏུ་ས་ཆེན་པོ་འདི་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་ནས་ཡུལ་འཁོར་གྱི་མི་དང་རྒྱལ་པོར་བཅས་པ་མིའི་དྲི་ཁྱད་པར་དུ་འཕགས་པས་རྒྱལ་པོ་ང་ལས་ནུའི་དྲུང་དུ་དོང་བ་དང ། །རྒྱལ་པོ་ང་ལས་ནུ་ལྷའི་ལོངས་སྤྱོད་ལ་གོམས་པས་མིའི་ལོངས་སྤྱོད་མི་བཟོད་པར་གྱུར་ནས་ས་ལ་བྱིང་ཞིང་མི་གནས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་མར་གྱི་གོང་བུ་འམ། མར་སར་གྱི་གོང་བུ་བྱེ་མ་ཚ་བ་ལ་བཞག་ན་ཞུ་ཞིང་མི་གནས་པ་དེ་བཞིན་དུ་ཡུལ་འཁོར་གྱི་མི་དང་རྒྱལ་པོར་བཅས་པས་དེ་བྱིང་བར་གྱུར་པ་མཐོང་ནས་ཁྱོད་སུ་ཞིག་ལགས་ཤེས་དྲིས་སོ། །དེ་ནས་རྒྱལ་པོ་ང་ལས་ནུས་རྒྱལ་པོ་དང ། ཡུལ་འཁོར་གྱི་མིར་བཅས་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱིས་རྒྱལ་པོ་ང་ལས་ནུས་ཞེས་བྱ་བ་ཞིག་བྱུང་བ་དེ་ཐོས་སམ། དེ་དག་གིས་སྨྲས་པ། བདག་ཅག་གིས་རྒན་རབས་དག་ལས་རྒྱལ་པོ་ང་ལས་ནུ་ཞེས་བགྱི་བ་ཞིག་ལུས་དེ་ཉིད་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཐོ་རིས་སུ་བཞུད་དོ་ཞེས་ཐོས་སོ། །རྒྱལ་པོ་ང་ལས་ནུས་དེ་དག་ལ་སྨྲས་པ། གྲོགས་པོ་དག་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་དེ་ནི་ཁོ་བོ་ཡིན་ཏེ། མཐོ་རིས་ནས་ཉམས་ནས་ལྷུང་བར་གྱུར་ཏོ་ཞེས་སྨྲས་ནས། རྒྱལ་པོ་དང་ཡུལ་འཁོར་གྱི་མིར་བཅས་པ་དེ་དག་གིས་གླུའི་དབྱངས་ཀྱི་ཚིགས་སུ་བཅས་པས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་རྣམས་ཀྱིས་རྒན་རབས་ལས། །མི་ཡི་བདག་པོ་རྫུ་འཕྲུལ་ཆེ། ། 81.181a མྱ་ངན་བྲལ་ཞིང་གྲགས་ཆེན་ལྡན། །ང་ལས་ནུས་ཞེས་བྱ་བ་བྱུང ། །དེ་ནི་ཁྱོགས་དཔུང་བཞོན་དང་བཅས། །གཡོག་བཅས་མཐོ་རིས་འཇིག་རྟེན་བཞུད། །མི་དབང་གཙོ་བོ་ལྷ་གནས་བཞུགས། །ཆོས་ཀྱི་ས་ཡང་སྐྱོང་ཞེས་ཐོས། །དེ་སྨྲས་མི་ཡི་བདག་པོ་དེ། །མི་རྟག་ཉེན་ཏེ་ཕོངས་པར་གྱུར། །བདེ་བ་སྟོར་ཏེ་སྡུག་བསྔལ་ཐོབ། །རྒྱལ་པོ་དེ་ནི་ཁོ་བོ་ཡིན། །ང་སྨྲས་སྐྱེ་བོ་ཐམས་ཅད་ཀྱིས། །ཐལ་མོ་སྦྱར་ཏེ་རྐང་བར་གཏུགས། །རྒྱལ་པོ་བདག་ཅག་ཅི་བརྗོད་པ། །ཡ་མཚན་ངོ་མཚར་བཀའ་སྩལ་གསོལ། །དེ་སྨྲས་རྒྱལ་པོ་ལྷ་ལས་ཉམས། །སྡུག་བསྔལ་རྙེད་པའི་ངོ་མཚར་ཉོན། །ཡུན་རིང་བདེ་བར་འདོད་པ་ཡི། །མིས་ནི་རྟག་ཏུ་བག་ཡོད་བྱ། །ང་ལས་ནུ་བ་རྒྱལ་པོའི་མཆོག་།རྒྱལ་པོས་གླིང་བཞིར་རབ་བསྟན་ནས། །འདོད་པའི་ལོངས་སྤྱོད་མཆོག་ལྡན་ཏེ། །འདོད་པས་མ་ངོམས་དེ་འདས་སོ། །དེ་ཡི་ཁྱིམ་དུ་བཞག་བདུན་དུ། །དབྱིག་གི་དྲ་བའི་ཆར་པ་བབ། །གླིང་བཞི་པ་ལ་རབ་བསྟན་ནས། །འདོད་པས་མ་ངོམས་དེ་བྱིང་ངོ ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱི། །སྟན་ཕྱེད་ལ་ནི་རྒྱལ་པོ་འདུག་།ཀུན་དུ་རྟོག་པའི་རྟོག་པས་བརླག་།བདག་འདོད་ང་རྒྱལ་བཅོམ་ནས་རྒུད། །མི་མཁས་འཁོར་བའི་རྒྱ་མཚོ་འདིར། །འགྲོ་བ་དག་ཏུ་ཡང་ནུབ་སྟེ། །འདོད་པ་རབ་ཏུ་བསྟེན་བྱས་ན། །རྒྱལ་བས་བསྔགས་པའི་ངོམས་མི་རྙེད། །རྨི་ལམ་རྨིས་པའི་ཆུ་ལྟ་བུར། །འཐུངས་ཀྱང་ངོམས་པར་མི་འགྱུར་བ། །དེ་ལྟར་འདོད་པའི་ལོངས་སྤྱོད་རྣམས། །བསྟེན་ན་ངོམས་པར་མི་འགྱུར་རོ། །བློ་གྲོགས་ལྡན་པ་གང་དག་གིས། །ཤེས་པས་མུན་པ་རྣམས་བསལ་ཏེ། །ངོམས་པར་བྱ་ཕྱིར་བཅོམ་ལྡན་གྱི། །འཕགས་པའི་ཤེས་རབ་ཡང་དག་རྟོག་།སྲིད་པ་རྣམ་བཤིག་བློ་གྲོས་ཅན། །རྒ་དང་ཤི་དང་སྐྱེ་ལ་རྟོག་།སྲེད་པ་རབ་ཏུ་སྤངས་ནས་སུ། །སྲིད་པ་སྤངས་ཏེ་ལེན་མི་བྱེད། །ཚོར་བའི་རྣམ་པ་མེ་འདྲར་རིག་།རེག་པའང་མི་འདྲར་རིག་ནས་ནི། །ཚོར་བ་འཕགས་པ་མ་ཡིན་དང ། །རེག་པ་དེ་ལ་སྲེད་མི་བྱེད། །རོལ་མོའི་སིལ་སྙན་བརྡུངས་པ་ལྟར། །ཡུལ་དང་དབང་པོ་མི་བྱེད་དེ།། 81.181b རྒྱལ་བསྟན་བྱེད་པ་དབང་པོ་རྟོགས། །རང་བཞིན་མཐོང་བ་དབང་པོ་འདོར། །སྐྱེ་མཆེད་དྲུག་པོ་ཡོད་མིན་ཡང ། །གཟུགས་དང་འབྲེལ་བར་ཡིད་བསྐྱོད་དོ། །རྣམ་པར་ཤེས་པར་བརྟགས་པའི་ཕྱིར། །ཚོར་བ་ཀུན་དུ་རྟོག་ཅེས་བརྗོད། །དེ་ལྟར་རིག་ནས་འཕགས་པ་རྣམས། །སྲིད་པའི་རྒྱུད་ལ་ཡིད་མི་རྟོན། །ཤེས་རབ་འཕགས་པས་ངོམས་གྱུར་ཏེ། །ཤིང་མེད་མེ་བཞིན་ཞི་བར་འགྱུར། །སྲེད་པ་མི་རྟག་བསྟན་བྱས་ཏེ། །རྒྱལ་པོ་ཡུལ་འཁོར་མིར་བཅས་ལ། །ང་ནུས་དེ་སྐད་ལུང་བསྟན་ནས། །མི་ཡི་བདག་པོ་ནུབ་པར་གྱུར། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་དོགས་ཤིང་ཐེ་ཚོམ་ཟ་འམ། ནེམ་ནུར་དུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏེ། རྒྱལ་སྲིད་ཀྱི་དབང་ཕྱུག་རྒྱ་ཆེན་པོ་ལ་དབང་བྱས་ཀྱང་འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་དེ་ལྟར་རིག་པར་བྱས་ལ་དབང་ཕྱུག་གི་དྲེགས་པ་སྤངས་ཏེ་བག་ཡོད་བྱའོ། །བག་ཡོད་པ་ལ་གནས་ཏེ་ཁྱོད་ཀྱི་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབས་པར་བྱའོ། །རྒྱལ་པོ་ཆེན་པོ་བག་ཡོད་པ་ལ་མངོན་པར་དགའ་བ་ནི་དོན་གྲུབ་པར་འགྱུར་གྱིས་རྒྱལ་པོ་ཆེན་པོ་བག་ཡོད་པར་ཁམས་མཉམ་པ་ཉིད་ཡང་དག་པར་བསྒྲུབ་པར་བྱ་སྟེ། རྒྱལ་པོ་ཆེན་པོ་འདུས་བྱས་ཀྱི་ཁམས་དང ། འདུས་མ་བྱས་ཀྱི་ཁམས་ནི་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་གྱིས། རྒྱལ་པོ་ཆེན་པོ་འདི་ལ་ཁྱོད་ཀྱིས་སེམས་ངེས་པར་གཞག་ཅིང་གཞན་གྱི་དྲིང་མི་འཇོག་པར་བྱའོ། །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ 81.182a བག་ཡོད་པ་ལྷུར་ལེན་པ་ཞིག་བྱུང་སྟེ། དེ་བྱ་བ་གང་དང་གང་རྩོམ་ཡང་དེ་དང་དེ་ཐམས་ཅད་ལ་བག་ཡོད་པར་སྤྱོད་ཅིང་བྱེད་དོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་མུ་ཁྱུད་དེ་ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱི་མཉམ་པ་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ། །མ་འོངས་པ་དང ། ད་ལྟར་བྱུང་བའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ་ཞེས་དུས་གསུམ་མཉམ་པ་ཉིད་ལ་བརྩོན་པར་གྱུར་ཏོ། །དེས་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་མཐོང་བས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་གྱུར་ཏེ། དེས་སེམས་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དག་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་སེམས་ཅན་འདི་དག་ནི་ཆོས་ཐམས་ཅད་སྟོང་པར་མ་མཐོང་བས། །ཀྱེ་མ་ཀྱི་ཧུད་འཇིག་རྟེན་གནས་པ་འདི་ནི་ཕུང་ངོ ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་རྣམ་པར་ཕུང་ངོ་སྙམ་ནས་འདི་སྙམ་དུ་བསམ་ཏེ། བདག་གིས་སེམས་ཅན་འདི་དག་བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱའོ། །བདག་གིས་དེ་དག་བསྡུ་བའི་དངོས་པོ་བཞིས་བསྡུས་ན་ཆོས་ལ་སྦྱར་བ་ལ་དབང་དུ་འགྱུར་རོ་སྙམ་མོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ཐབས་མཁས་པ་སྔོན་དུ་བཏང་སྟེ་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུས་ནས་དུས་གསུམ་མཉམ་པ་ཉིད་དུ་གདམས་ངག་གིས་བསྟན་ཏེ། ཀྱེ་སེམས་ཅན་དག་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། ཀྱེ་སེམས་ཅན་དག་ཆོས་གང་ལ་རང་བཞིན་མེད་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཕྱིར་ཏེ། འདས་པ་ཞེས་གདགས་པར 81.182b བྱ་བ་མ་ཡིན་མ་འོངས་པ་དང ། ད་ལྟར་བྱུང་བ་ཞེས་གདགས་པར་བྱ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ནས་སེམས་ཅན་དེ་དག་རྒྱལ་པོ་མུ་ཁྱུད་དེས་དེ་ལྟར་དུས་གསུམ་མཉམ་པ་ཉིད་ལ་བསྐུལ་བས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཆོས་བཟང་ལྷའི་མདུན་ས་ན་འདུས་ཤིང་འཁོད་པའི་ནང་དུ་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། འདི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཐབས་མཁས་པས་ཕྱིན་ཅི་ལོག་མེད་པ་ཡང་དག་པར་སྟོན་པ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཐབས་མཁས་པ་དང་ལྡན་པ་མུ་ཁྱུད་འདི་སུ་དག་གི་རྒྱལ་པོ་ཡིན་པའི་མི་རྣམས་ནི་ཀྱེ་མའོ་རྙེད་པ་དང་ལྡན་པ་སྟེ། ཀྱེ་མ་མི་རྣམས་ནི་རྙེད་པར་ལེགས་པར་རྙེད་པའོ་ཞེས་ཟེར་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཆོས་བཟང་ལྷའི་མདུན་ས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རང་གི་སྟན་ལ་འདུག་སྟེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ཁྱེད་ད་ལྟར་འདི་ན་འཁོད་པ་རྣམས་གཏམ་ཅི་ཞིག་བྱེད་བྱེད། དེ་སྐད་ཅེས་སྨྲས་པ་དང ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བདག་ཅག་ཆོས་བཟང་ལྷའི་མདུན་ས་འདི་ན་མཆིས་པའི་ཚེ་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། འདི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཐབས་མཁས་པས་གང་འདི་ཆོས་ཐམས་ཅད་རང་བཞིན་མེད་པའོ་ཞེས་ཕྱིན་ཅི་མ་ལོག་པར་སྟོན་པ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཐབས་མཁས་པ་དང་ལྡན་པ་མུ་ཁྱུད་འདི་སུ་དག་གི་རྒྱལ་པོ་ཡིན་པའི་མི་རྣམས་ནི་ཀྱེ་མ་འོ་རྙེད་པ་དང་ལྡན་པ་སྟེ། ཀྱེ་མའོ་མི་རྣམས་ནི་རྙེད་པ་ལེགས་པར་རྙེད་པའོ་ཞེས་བགྱིས་སོ། །དེ་སྐད་ཅེས་སྨྲས་པ་དང ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་བཅུ་རྩ་གསུམ་པའི་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོགས་པོ་དག་རྒྱལ 81.183a པོ་མུ་ཁྱུད་ཅེས་བྱ་བ་དེ་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ན་རྒྱལ་པོ་མུ་ཁྱུད་དེ་འདིར་འོངས་ནས་མཐོང་བར་ཁྱེད་འདོད་དམ་མི་འདོད། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་སྨྲས་པ། ལྷའི་དབང་པོ་རྒྱལ་པོ་མུ་ཁྱུད་དེ་འདིར་མཆིས་ཏེ་མཐོང་བར་བདག་ཅག་ཀྱང་འཚལ་ལོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་སྨྲས་པ། མ་ཏ་ལི་ཚུར་ཤོག་།ཁྱོད་ལྷའི་ཤིང་རྟ་ཅང་ཤེས་རྩིབས་སྟོང་དང་ལྡན་པ་ཁྲིད་ལ་རྒྱལ་པོ་མུ་ཁྱུད་ག་ལ་བ་དེར་སོང་སྟེ་རྒྱལ་པོ་མུ་ཁྱུད་ལ་འདི་སྐད་གྱིས་ཤིག་།རྒྱལ་པོ་ཆེན་པོ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིག་རྟ་ཅང་ཤེས་རྩིབས་སྟོང་དང་ལྡན་པ་འདི་བཀྲི་སྟེ་མཆིས་ན་རྒྱལ་པོ་ཆེན་པོ་ཐགས་ཐོགས་མ་མཆིས་པར་འདི་ལ་བཅིབས་སུ་གསོལ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཁྱོད་མཐོང་བར་དགའོ་ཞེས་གྱིས་ལ་ཤིང་རྟ་ལ་ཞོན་པ་དང་འདི་སྐད་ཅེས་གྱིས་ཤིག་།རྒྱལ་པོ་ཆེན་པོ་ལམ་གང་ནས་གཤེགས་པར་བགྱི། གང་གིས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིན་ཅི་ལོག་གིས་ནས་བཞུད་དམ། ཕྱིན་ཅི་ལོག་མ་མཆིས་པ་རྣམས་ཀྱི་ཕྱིན་ཅི་ལོག་མ་མཆིས་པའི་ས་ནས་བཞུད་ཅེས་བགྱིས་ཤིག་།ལེགས་སོ་ཞེས་སྨྲས་ནས། ཁ་ལོ་སྒྱུར་བ་མ་ཏ་ལིས་ལྷའི་དབང་པོ་བརྒྱ་བྱིན་གྱི་ལྟར་མཉེན་ནས་བབས་ཏེ་ཇི་སྐད་བསྒོ་བ་བཞིན་རྒྱལ་པོ་མུ་ཁྱུད་ལ་དེ་སྐད་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང ། རྒྱལ་པོ་མུ་ཁྱུད་ཀྱིས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་འདི་སྐད་ཅེས་སྨྲས་སོ། །མ་ཏ་ལི་དེ་ལྟ་བས་ན་ལམ་དེ་གཉིས་གནས་འདོང་ངོ་ཞེས་བྱས་པ་དང ། ཁ་ལོ་སྒྱུར་བ་མ་ཏ་ལིས་རྒྱལ་པོ་མུ་ཁྱུད་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་ཕྱིན་ཅི་ལོག་གིས་དང ། ཕྱིན་ཅི་ལོག་མེད་པ་རྣམས་ཀྱི་ཕྱིན་ཅི་ལོག་མེད་པའི་ས་དེ་གཉིས་གནས་དྲངས་ཏེ་དོང་ངོ ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་སྨྲས་པ། མ་ཏ་ལི་དེ་བས་ན་ཕྱིན་ཅི་ལོག་ཏུ་གྱུར་པའི་ས་བལྟས་ཡུད་ཙམ་ཞིག་ཤིང་རྟ་སྡོད་དུ་ཆུག་ཤིག་།དེ་ནས་ཁ་ལོ་སྒྱུར་བ་མ་ཏ་ལིས་ཤིང་རྟ་སྡོད་དུ་འཇུག་པའི 81.183b ཡུན་ཇི་སྲིད་པ་དེ་ཉིད་ཀྱི་བར་སྐབས་སུ་རྒྱལ་པོ་མུ་ཁྱུད་ཀྱིས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བཅུ་དེ་ཁོ་ན་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལ་བཀོད་པར་གྱུར་ཏེ། འདི་ལྟར་བག་ཡོད་པ་དང ། མངོན་པར་ཤེས་པས་རྣམ་པར་རྩེ་བའི་ཕྱིར་རོ། །དེ་དག་གིས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཁ་ལོས་སྒྱུར་བ་མ་ཏ་ལིས་ནི་རྒྱལ་པོ་མུ་ཁྱུད་ཀྱིས་ལས་ཅི་བྱས་པ་ཤེས་པར་མ་གྱུར་ཏོ། །དེ་ནས་ཁ་ལོ་སྒྱུ་བ་མ་ཏ་ལིས་དེ་བཞིན་དུ་དེངས་ཏེ། རྒྱལ་པོ་མུ་ཁྱུད་དང་རི་རབ་ཀྱི་རྩེ་མོ་ལ་ཕྱིན་ཏོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་རྒྱང་རིང་པོ་ནས་ནགས་ཚལ་སྟུག་པོ་རྣམ་པ་ཐམས་ཅད་དུ་སྔོ་བ་མཐོང་སྟེ་མཐོང་ནས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་འདི་སྐད་ཅེས་སྨྲས་སོ། །མ་ཏ་ལི་ནགས་ཚལ་སྟུག་པོ་འདི་ནི་ཐེ་ཚོམ་མེད་པར་ཕྱིན་ཅི་ལོག་མེད་པའི་སེམས་ཅན་རྣམས་ཀྱི་གནས་ཡིན་ནོ། །མ་ཏ་ལིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཆོས་བཟང་ལྷའི་འདུན་ས་ལགས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་འདིར་འདུས་ཀྱིས་རྒྱལ་པོ་ཆེན་པོ་ཐགས་ཐོགས་མ་མཆིས་པར་བཞུད་ཅིག་།སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཁྱོད་མཐོང་བར་འཚལ་ལོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་དེ་ཐགས་ཐོགས་མེད་པར་ནང་དུ་སོང་བ་དང ། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་རྒྱང་རིང་པོ་ནས་འོང་བ་མཐོང་ངོ ། །མཐོང་ནས་སྟན་གྱི་ཕྱེད་ལ་བདར་ཏོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱང་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་གོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་སྟན་ལ་འདུག་པར་ཤེས་ནས་ལེགས་པར་ཤིན་དུ་དགའ་བར་བྱས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་འཇིག་རྟེན་དུ་བཞག་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་།རྒྱལ་པོ་མུ་ཁྱུད་འདི་ནི་ཐབས་མཁས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། འདི་ལྟར་སྐད་ཅིག་ཙམ་ལ་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བཅུ་སངས་རྒྱས་ཀྱི་ཆོས་ལ་བཏུལ་བར་གྱུར་ཏོ། ། 81.184a དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བདག་ནི་ཕྱིར་འཛམ་བུའི་གླིང་དུ་འགྲོ་བར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་དེར་སོང་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་གཟུང་བར་བྱའོ། །བརྒྱ་བྱིན་གྱིས་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་གང་གི་དུས་ལ་དབབ་པར་མཁྱེན་ན་བཞུད་ཅིག་དེ་ནས་རྒྱལ་པོ་མུ་ཁྱུད་དེ་ཕྱིར་འཛམ་བུའི་གླིང་དུ་ཕྱིན་ནས་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཐབས་མཁས་པ་ལ་ཤིན་དུ་བསླབས་པས་སེམས་ཅན་བྱེ་བ་ཕྲག་དཔག་ཏུ་མེད་པ་དག་སངས་རྒྱས་ཀྱི་བསྟན་པ་ལ་བཏུལ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཐེ་ཚོམ་འམ། ནེམ་ནུར་ཟ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དེ་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བར་གྱུར་ཏོ། །རྒྱལ་པོ་དེ་ལྟར་རྒྱལ་པོ་མུ་ཁྱུད་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་དགའ་བ་མེད་པས་མུ་ཁྱུད་ཀྱི་བག་ཡོད་པའི་སྟོབས་བསྐྱེད་པ་ལ་ལྟོས། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་བག་ཡོད་པར་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱའོ། །རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་གང་ཞེ་ན་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། རྒྱལ་པོ་ཟས་གཙང་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་སླད་དུ་གལ་ཏེ་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལགས་ན་དེ་ལྟ་ན་ནི་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་དག་ཕྱིན་ཅི་མ་ལོག་པ་དེ་དག་ནི་སངས་རྒྱས་སོ། །རྒྱལ་པོ་ཆེན་པོ་སངས་རྒྱས་ཤེས་བྱ་བ་དེ་ནི་དེ་ཁོ་ན་མཐོང་བའི་ཚིགས་བླ་དགས་སོ། །དེ་ཁོ་ན་མཐོང་བ་ཞེས་བྱ་བ་དེ་ནི་ཡང་དག་པའི་མཐའི་ཚིག་བླ་དྭགས་སོ། །ཡང་དག་པའི་མཐའ་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ། །རྒྱལ་པོ་ཆེན་པོ 81.184b པོ་ཆོས་ཀྱི་དབྱིངས་ཤེས་བྱ་བ་དེ་ནི་གཞན་དུ་ན་མིང་ཙམ་འམ། བརྡ་ཙམ་འམ། ཐ་སྙད་ཙམ་འམ། ཀུན་རྫོབ་པ་ཙམ་འམ། བརྗོད་པ་ཙམ་འམ། གདགས་པ་ཙམ་མ་གཏོགས་པར་བསྟན་པར་མི་ནུས་སོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་ནི་གཟུགས་ཀྱི་སྒོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཆོས་ཐམས་ཅད་མི་གཡོ་མི་འགུལ་ཞིང་རློམ་སེམས་མེད་པས་དེའི་ཕྱིར་དེ་ནི་གཟུངས་ཀྱི་སྒོའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འགག་པ་མེད་པ་དེ་ནི་གཟུངས་ཀྱི་སྒོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཆོས་ཐམས་ཅད་མི་གཡོ་མི་འགུལ་ཞིང་རློམ་སེམས་མེད་པས་དེའི་ཕྱིར་དེ་ནི་གཟུངས་ཀྱི་སྒོའོ། །དེ་བཞིན་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང ། མཚན་མ་མེད་པ་དང ། མ་སྐྱེས་པ་དང ། རང་བཞིན་མེད་པ་དང ། རྣམ་པར་རིག་པ་མེད་པ་དང ། མ་བྱས་པ་དང ། མངོན་པར་འདུས་མ་བྱས་པ་དང ། འོང་བ་མེད་པ་དང ། འགྲོ་བ་མེད་པ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གསོ་བ་མེད་པ་དང ། གང་ཟག་མེད་པ་དང ། སྤྲོས་པ་མེད་པ་དང ། མཚན་མ་མེད་པ་དང ། བཏགས་པ་མེད་པ་དང ། ཀུན་ནས་དཀྲིས་པ་མེད་པ་དང ། བག་ལ་ཉལ་མེད་པ་དང ། ཀུན་ནས་ཉོན་མོངས་པར་གྱུར་པ་མེད་པ་དང ། རྣམ་པར་བྱང་བ་མེད་པ་དང ། རྗེས་སུ་ཆགས་པ་མེད་པ་དང ། ཁོང་ཁྲོ་བ་མེད་པ་དང ། བཅིངས་པ་མེད་པ་དང ། གྲོལ་བ་མེད་པ་དང ། འགྲོ་བ་མེད་པ་དང ། རྒྱུག་པ་མེད་པ་དང ། ལྡོག་པ་མེད་པ་དང ། དམའ་བ་མེད་པ་དང ། གནས་པ་མེད་པ་དང ། འདུག་པ་མེད་པ་དང ། མཉམ་པར་བཞག་པ་མེད་པ་དང ། ནོར་བ་མེད་པ་དང ། ཤེས་པ་པོ་མེད་པ་དང ། རྣམ་པར་ཤེས་པ་པོ་མེད་པ་དང ། མཐོང་བ་པོ་མེད་པ་དང ། མི་མཐོང་བ་མེད་པ་དང ། ཚུལ་ཁྲིམས་མེད་པ་དང ། ཚུལ་ཁྲིམས་མ་ཡིན་པ་མེད་པ་དང ། འགྱོད་པ་མེད་པ་དང ། མི་འགྱོད་པ་མེད་པ་དང ། མཆོག་ཏུ་དགའ་བ་མེད་པ་དང ། མཆོག་ཏུ་མི་དགའ་བ་མེད་པ་དང ། དགའ་བ་མེད་པ་དང ། མི་དགའ་བ་མེད་པ་དང ། ཤིན་དུ་སྦྱངས་པ་མེད་པ་དང ། ཤིན་དུ་མ་སྦྱངས་པ་མེད་པ་དང ། བདེ་བ 81.185a མེད་པ་དང ། མི་བདེ་བ་མེད་པ་དང ། ཏིང་ངེ་འཛིན་མེད་པ་དང ། ཏིང་ངེ་འཛིན་མ་ཡིན་པ་མེད་པ་དང ། ཡང་དག་པ་ཇི་ལྟ་བ་བཞིན་མེད་པ་དང ། ལོག་པ་མེད་པ་དང ། ཡིད་བྱུང་བ་མེད་པ་དང ། ཡིད་མ་བྱུང་བ་མེད་པ་དང ། འདོད་ཆགས་དང་བྲལ་བ་མེད་པ་དང ། འདོད་ཆགས་དང་མ་བྲལ་བ་མེད་པ་དང ། ལྟ་བ་མེད་པ་དང ། ལྟ་བ་མ་ཡིན་པ་མེད་པ་དང ། རྣམ་པར་གྲོལ་བ་མེད་པ་དང ། རྣམ་པར་མ་གྲོལ་བ་མེད་པ་དང ། ཤེས་པ་མེད་པ་དང ། མི་ཤེས་པ་མེད་པ་དང ། མཐོང་བ་མེད་པ་དང ། མ་མཐོང་བ་མེད་པ་དང ། ལས་མེད་པ་དང ། རྣམ་པར་སྨིན་པ་མེད་པ་དང ། ཚུལ་བཞིན་མེད་པ་དང ། ཚུལ་བཞིན་མ་ཡིན་པ་མེད་པ་དང ། རྣམ་པའི་སྒོ་བདུན་བཅུ་པོ་དེ་དག་གིས་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ལ་འཇུག་པར་བྱའོ། །རྒྱལ་པོ་ཆེན་པོ་གཟུགས་ཀྱི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་གཟུགས་བརྙེན་གྱི་གཟུགས་ཀྱི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་གཟུགས་ཀྱི་རང་བཞིན་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་རང་བཞིན་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་བྲག་ཅའི་སྒྲའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་སྨིག་རྒྱུའི་ཆུའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་དབུ་བ་རྡོས་པ་ནི་སྙིང་པོ་མེད་དེ། མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། ། 81.185b དེ་བཞིན་དུ་གཟུགས་ཀྱི་རང་བཞིན་ནས་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་རྨི་ལམ་གྱི་ཡུལ་གྱི་བཟང་མོ་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་ཀྱི་རང་བཞིན་ནས་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་མི་བྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་རྨི་ལམ་གྱི་མོ་ཤམ་གྱི་བུའི་སྐྱེ་བ་ནི་མ་བྱུང་མི་བྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་ཀྱི་རང་བཞིན་ནས་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་གནས་མེད་དོ། །དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་གནས་མེད་དོ། །རྒྱལ་པོ་ཆེན་པོ་གཟུགས་ལ་ནི་སྐྱེ་བ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྐྱེ་བ་མེད་དོ། ། རྒྱལ་པོ་ཆེན་པོ་གཟུགས་ལ་ནི་འགག་པ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་འགག་པ་མེད་དོ། །རྒྱལ་པོ་ཆེན་པོའི་འདི་ལྟ་སྟེ་དཔེར་ན་མྱ་ངན་ལས་འདས་པའི་དབྱིངས་ལ་སྐྱེ་བ་འམ་འགག་བ་མེད་དོ། །དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྐྱེ་བ་འམ་འགག་པ་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཆོས་ཀྱི་དབྱིངས་ལ་སྐྱེ་བ་འམ་འགག་པ་མེད་དེ། དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྐྱེ་བ་འམ་འགག་པ་མེད་དོ། །རྒྱལ་པོ་ཆེན་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལོ། །བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སྤྱོད་ཡུལ་ཏེ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན། ཕྲི་བ་མ་ཡིན། བསྣན་པ་མ་ཡིན། ཐོབ་པ་མ་ཡིན། སྟོར་བ་མ་ཡིན། མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན། མངོན་པར་རྫོགས་པར་སངས་མ་རྒྱས་པ་མ་ཡིན། མངོན་པར་ཤེས་པ་མ་ཡིན། མངོན་པར་མ་ཤེས་པ་མ་ཡིན། ཡོངས་སུ 81.186a ཤེས་པ་མ་ཡིན། ཡོངས་སུ་ཤེས་པ་མ་ཡིན། སྤངས་པ་མ་ཡིན། མ་སྤངས་པ་མ་ཡིན། བསྒོམས་པ་མ་ཡིན། མ་བསྒོམས་པ་མ་ཡིན། མངོན་དུ་བྱས་པ་མ་ཡིན། མངོན་དུ་མ་བྱས་པ་མ་ཡིན། བསྟན་པ་མ་ཡིན། མ་བསྟན་པ་མ་ཡིན། རབ་ཏུ་བསྟན་པ་མ་ཡིན། རབ་ཏུ་མ་བསྟན་པ་མ་ཡིན། བསྒྲགས་པ་མ་ཡིན། མ་བསྒྲགས་པ་མ་ཡིན། ཐོས་པ་བྱས་པ་མ་ཡིན། ཐོས་པར་མ་བྱས་པ་མ་ཡིན། ཐོས་པ་མ་ཡིན། མ་ཐོས་པ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གང་བསྣན་པར་བྱ་བ་འམ། དབྲི་བར་བྱ་བའི་ཆོས་དེ་མི་དམིགས་ཏེ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མེད་པ་ཡིན་གྱིས། རྒྱལ་པོ་ཆེན་པོ་འདི་ལ་ཡིད་ཡོངས་སུ་དགའ་བར་བྱ་ཞིང་གཞན་གྱི་དྲིང་མི་འཇོག་པར་བྱའོ། །དེ་ནས་རྒྱལ་པོ་ཟས་གཙང་མས་འདི་སྙམ་དུ་སེམས་ཏེ། འདི་ལ་ནི་གང་རྟོགས་པས་སངས་རྒྱས་ཤེས་བྱ་བའི་ཆོས་དེ་གང་ཡང་མི་དམིགས་མོད་ཀྱི། འོན་ཀྱང་དམིགས་སུ་མེད་པའི་ཆོས་རྣམས་ལ་དེ་བཞིན་གཤེགས་པས་གདགས་པ་བསྟན་ཏོ་སྙམ་ནས་དེའི་ཚེ་རྒྱལ་པོ་ཟས་གཙང་མ་ལ་སོགས་པ་ཤཱཀྱ་བདུན་ཁྲི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་སྣ་ཚོགས་ཅན། ཁ་དོག་དུ་མ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་རྒྱས་པར་བཀང་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཕྱིར་ལོག་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ 81.186b སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་ཞུས་པ། ་འཇིག་རྟེན་རྣམ་པར་འདྲེན་པ་པོ། །དཔའ་ཆེན་ཁྱོད་ཀྱིས་འཛུམ་མཛད་པ། །འཇིག་རྟེན་སྣང་བ་མཛད་པ་པོ། །འཛུམ་པའི་འཛུམ་རྒྱུ་བཀའ་སྩལ་གསོལ། །ཐམས་ཅད་མཁྱེན་པ་འདྲེན་པ་པོ། །རྒྱུ་གང་གིས་ནི་འཛུམ་བསྟན་པ། །ཁྱོད་ཀྱིས་འགྲོ་བ་རྣམས་ལ་སྟོན། །བདག་གི་ཐེ་ཚོམ་མྱུར་དུ་ཁུམ། །ཤཱཀྱའི་ཚོགས་ཀྱི་དོན་སླད་དུ། །གོའུ་ཏ་མས་ནི་འཛུམ་པ་མཛད། །དཔའ་བོ་འགྲོ་བ་དགའ་མཛད་པ། །འགྲོ་བའི་ཐེ་ཚོམ་བསལ་དུ་སོལ། བསམ་གཏན་ཆེན་པོ་ཁྱོད་ཀྱི་གསུང ། །ཐོས་ན་འགྲོ་བའི་ཐེ་ཚོམ་འཆད། །མཆོག་ཏུ་དགའ་བའི་ཡིད་གྱུར་ཏེ། །ཀུན་ཀྱང་ཁྱོད་ཀྱི་བསྟན་པ་འཐོབ། །རྒྱལ་བའི་འཛུམ་གྱི་ཕྲིན་ལས་འདི། །ཁྱོད་ཀྱི་སྲས་རྣམས་འཚལ་གྱུར་ན། །ནན་ཏན་གྱིས་ནི་རབ་ངེས་ཤིང ། །ཤེས་པས་རྗེས་སུ་མཆི་བར་འགྱུར། །རྒྱལ་བའི་ཁྱུ་མཆོག་ཁྱོད་ཀྱིས་ནི། །འགྲོ་བའི་ཐེ་ཚོམ་འདི་བསལ་གསོལ། །འཇིག་རྟེན་ཐེ་ཚོམ་ཆད་གྱུར་ན། །བདེ་བ་རྒྱ་ཆེན་ཐོབ་པར་འགྱུར། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། །ངས་ནི་འཛུམ་ཞིང་གང་མཛད་པ། །རྟ་ཐུལ་དེ་ནི་ང་ལས་ཉོན། །ཤཱཀྱ་རྣམས་ཀྱི་བློ་ངེས་པ། །ཡང་དག་ཇི་བཞིན་ལུང་བསྟན་ཏོ། །ཆོས་རྣམས་དམིགས་སུ་མེད་པར་ནི། །ཤཱཀྱ་རྣམས་ཀྱིས་ཡང་དག་ཤེས། །དེ་ཕྱིར་སངས་རྒྱས་ཆོས་རྣམས་ལ། །འདི་དག་ཡིད་ནི་ངེས་པར་བཞག་།དམིགས་སུ་མེད་ལ་བརྟེན་ནས་ནི། །ཤཱཀྱ་གྲགས་པ་ཆེན་པོ་པ། །ཆོས་རྣམས་ཀུན་ལ་ངེས་གྱུར་ནས། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཤཱཀྱ་ངེས་པ་འདི་དག་ནི། །མི་ཡི་ནང་ནས་ཤི་འཕོས་ནས། །བདེ་བ་ཅན་གྱི་འཇིག་རྟེན་དུ། །འོད་དཔག་མེད་ཀྱི་དྲུང་དུ་འགྲོ། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །བདེ་བ་ཅན་ན་གནས་པའི་ཚེ། །སངས་རྒྱས་བྱེ་བ་གྲངས་མེད་ལ། །ཕྱོགས་བཅུ་དག་ཏུ་མཆོད་བྱེད་འགྱུར། །མཁས་པ་རྣམས་ནི་ཁམས་གཅིག་ན། །སངས་རྒྱས་བཞུགས་རྣམས་བསྙེན་བཀུར་བྱེད། །སེམས་ཅན་ཀུན་ལ་ཕན་ཚོལ་ཞིང ། །བྱང་ཆུབ 81.187a མཆོག་ཏུ་སྨོན་ལམ་འདེབས། །དེ་བཞིན་གཤེགས་རྣམས་མཆོད་བྱེད་ཅིང ། །ཞིང་ནས་ཞིང་དུ་རྣམ་པར་འགྱུར། །གང་དུ་སངས་རྒྱས་འབྱུང་བར་ཡང ། །རྫུ་འཕྲུལ་སྟོབས་ཀྱིས་འདོད་པར་འགྱུར། །བསྐལ་པ་བྱེ་བ་གྲངས་མེད་དུ། །མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས། །དེ་བཞིན་གཤེགས་པ་རྣམས་མཆོད་ནས། །དེ་ཡི་འོག་ཏུ་འདྲེན་པར་འགྱུར། །དེ་ཚེ་སངས་རྒྱས་རེ་རེ་ཞིང ། །སེམས་ཅན་ཁྲག་ཁྲིག་མང་པོ་དག་།བྱང་ཆུབ་ཕྱིར་ནི་སངས་རྒྱས་ཀྱིས། །སངས་རྒྱས་དགོངས་ལ་འགྲོ་བ་འདུལ། །སངས་རྒྱས་ཀུན་གྱི་ཞིང་རྣམས་ན། །བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན། །དེ་ན་སངས་རྒྱས་གང་ཡང་ནི། །ཉན་ཐོས་འདུལ་བར་ཡོང་མི་འགྱུར། །སངས་རྒྱས་དེ་དག་རེ་རེ་ཞིང ། །དེ་ནི་ཚེ་ཚད་འགྱུར་བ་ནི། །བྱེ་བ་གྲངས་མེད་ལོ་རྣམས་སུ། །ཆོས་སྟོན་པ་དག་གནས་པར་འགྱུར། །དེ་དག་མྱ་ངན་ཡོངས་འདས་ནས། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །རྒྱལ་བའི་སྲས་དག་ལོ་གྲངས་ནི། །བྱེ་བ་སྟོང་དུ་དམ་ཆོས་འཛིན། །མི་དབང་སྲས་པོ་དེ་དག་ཀྱང ། །སྟོང་པ་ཉིད་ཀྱི་ཆོས་བསྟན་པས། །སེམས་ཅན་བྱེ་བ་བསམ་ཡས་དག་།བྱང་ཆུབ་ལ་ནི་འདུལ་བར་འགྱུར། །བག་ཡོད་པ་ཡི་མི་རྣམས་ནི། །བག་ཡོད་པ་ལ་གནས་བཅས་ཏེ། །སྟོང་པ་ཉིད་ཀྱི་ཆོས་བསྟེན་ནས། །ཐམས་ཅད་མཁྱེན་དུ་ངེས་པར་འབྱུང ། །རྫོགས་སངས་རྒྱས་ཀྱིས་ཤཱཀྱ་ཡི། །བུ་ཡི་འགྲོ་བསྟན་འདི་ཐོས་ནས། །ལྷར་བཅས་འཇིག་རྟེན་དགར་གྱུར་ཏེ། །བྱང་ཆུབ་ཕྱིར་ནི་ཡིད་ཀྱང་བཏང ། །ཤཱཀྱ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་བྱང་ཆུབ་སེམས་དཔའ་མཐར་ཕྱིན་པ་རྣམས་ལ་བསྒྲགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་ཏིང་ངེ་འཛིན་འདི་ནི་གང་ཟག་མེད་པ་སྟེ། དེ་ལ་དེ་བཞིན་གཤེགས་པས་ཆོས་གང་ཡང་མ་དམིགས་སོ། །གང་མ་དམིགས་པ་དེ་ནི་མངོན་པར་རྫོགས་པར 81.187b སངས་མ་རྒྱས་སོ། །གང་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་ནི་མ་བསྟན་པའོ། །གང་མ་བསྟན་པ་དེ་ནི་མ་ཤེས་སོ། །གང་མ་ཤེས་པ་དེ་ནི་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་རྣམས་ཀྱི་བསྟན་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་རྔ་ཆེན་པོ་ཡིན་གྱིས། ཅི་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་གཟུང་བ་དང་བཀླག་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བ་དེ་ཤ་རིའི་བུ་ཁྱོད་ལ་ཡོངས་སུ་གཏོད་དོ། །ཤ་རིའི་བུ་བྱང་ཆུབ་སེམས་དཔའ་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་བསྐལ་པ་བཅུའི་བར་དུ་ཕ་རོལ་དུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་སྤྱད་པ་བས། ཤ་རིའི་བུ་གང་གིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཐ་ན་ཐོས་པར་གྱུར་ཀྱང་དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཤ་རིའི་བུ་གང་གིས་བསྐལ་པ་བཅུའི་བར་དུ་མཉན་པ་བས་གང་གིས་སེམས་ཅན་གཅིག་ཅིག་ལ་འདི་བསྟན་ན་དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །གང་གིས་བསྐལ་པ་བཅུའི་བར་དུ་མཉན་ཏེ་གཞན་ལ་བསྙད་པ་བས་གང་གིས་སེ་གོལ་གཏོགས་པ་ཙམ་དུ་འདི་བསྒོམས་ན་དེ་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་བས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་རྣམས་ནན་ཏན་ཐམས་ཅད་ཀྱིས་གདམས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་བསྒོམས་པས་ནི་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའི་ཚོགས་འདི་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ལ་རབ་ཏུ་གནས་པ་ཤ་སྟག་གོ། ། 81.188a བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། དགེ་སློང་དེ་དག་དང ། རྒྱལ་པོ་ཟས་གཙང་མ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་དེ་ཁོ་ན་ངེས་པར་བསྟན་པ་ཡབ་དང་སྲས་མཇལ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང ། ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བདུན་པ་སྟེ་གང་པོས་ཞུས་པ། བམ་པོ་དང་པོ། |