rKTs


J27

(e-text produced by ADARSHA)

see text in transliteration
39.175a
༄#། །རྒྱ་གར་སྐད་དུ། ཛཱ་ཏ་ཀ་ནི་དཱ་ནཾ། ་བོད་སྐད་དུ། སྐྱེས་པ་རབས་ཀྱི་གླེང་གཞི། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།[་]།བཅོམ་ལྡན་འདས་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། གནས་བརྟན་ཆེན་པོ་དོན་མཐོང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས། ཕྱག་བྱས་ཏེ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ།[་]བཅོམ་ལྡན་འདས་ཀྱི་ཐད་དུ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཆོས་ཐོས་པར་འཚལ་ལོ། །བཀའ་སྩལ་པ། དོན་མཐོང་ཡིད་ལ་ཟུང་ཤིག་དང་ངས་བཤད་པར་བྱའོ་ཞེས་འབྱུང་ངོ ། །དེ་ཡང་འདིར་སྡུད་པར་བྱེད་པ་པོ་རབ་ཏུ་རྟོག་པའི་ཤེས་རབ་དང་ཞི་བའི་དགྲ་བཅོམ་པ་རྣམས་ཀྱི་སྐྱེས་པ་རབས་ཀྱི་གླེང་གཞིའི་དོན་གྱི་བསྔགས་པ་བརྗོད་དོ།[་]།རིང་བའི་གླེང་གཞི་དང་བར་པའི་གླེང་གཞི་དང ། ཉེ་བའི་གླེང་གཞི་སྟེ།[་]།གླེང་གཞི་གསུམ་པོ་འདི་གཟིགས་ནས་བསྔགས་པ་གང་ཞིག་ཉན་པའོ། །དེ་ལ་དང་པོ་རེ་ཤིག་དེ་རྣམས་ཀྱི་གླེང་གཞི་ཡོངས་སུ་བཅད་པ་རྣམས་རིག་པར་བྱའོ། །མར་མེ་མཛད་ཀྱི་ཞབས་ཀྱི་དྲུང་འདིར་སེམས་པ་ཆེན་པོས་སྨོན་ལམ་བཏབ་བོ།[་]། ཇི་སྲིད་ཐམས་ཅད་སྒྲོལ་གྱི་ལུས་སྤངས་པའི་བར་དང་དགའ་ལྡན་གྱི་གནས་སུ་འཁྲུངས་པའི་ཆོས་ཀྱི་གཏམ་གྱི་བར་གྱི་ལམ་ནི་རིང་པོའི་གླེང་གཞི་ཞེས་བྱའོ། །ཇི་སྲིད་དགའ་ལྡན་གྱི་གནས་ནས་འཕོས་ནས་བྱང་ཆུབ་ཀྱི་སྙིང་པོར་ཐམས་ཅད་མཁྱེན་པ་ཐོབ་ནས་ཆོས་ཀྱི་གཏམ་གྱི་བར་ནི་གླེང་གཞི་བར་པ་ཞེས་བྱ་བའོ། །གང་དང་གང་དུ་ཞུགས་ནས། དེ་དང་དེ་ཐོབ་པ་རྣམས་ནི་ཉེ་བའི་གླེང་གཞི་ཞེས་བྱ་བའོ།[་]།དེ་ལ་འདིར་རིང་པོའི་གླེང་གཞི་ཞེས་བྱ་བ་ནི་འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་བསྐལ་པ་འབུམ་ཕྲག་གཅིག་ལྷག་པ་ནས་མགོ་བརྩམས་ནས་གྲོང་ཁྱེར་འཇིགས་མེད་ལྡན་ཞེས་བྱ་བ་བྱུང་ངོ ། །དེར་ཡང་བྲམ་ཟེ་བློ་གྲོས་བཟང་པོ་ཞེས་བྱ་བ་གནས་སོ། །
39.175b
ཕ་དང་མ་གཉིས་ཀའང་རིགས་བཟང་བའི་མངལ་དུ་ཞུགས་ཏེ་རིགས་བདུན་རྒྱུད་ཀྱི་བར་དུ་གཞན་གྱིས་རྩོད་པ་དང་དཔྱ་བ་དང་སྨོད་པ་མེད་ཅིང་རྣམ་པར་དག་གོ། །གཟུགས་བཟང་བ་བལྟ་ན་སྡུག་པ་རབ་ཏུ་མཛེས་པ་མཆོག་གི་ཁ་དོག་དང་ལྡན་པའི་སྐྱེས་བུ་ཅན་ནོ། །དེ་ཡང་ལས་གཞན་མི་བྱེད་པར་བྲམ་ཟེའི་ལས་འབའ་ཞིག་སློབ་བོ། །དེ་ཡང་ཁྱེའུ་གཞོན་ནུའི་དུས་སུ་ཕ་དང་མ་གཉིས་ཀ་དུས་ལས་འདས་སོ། །དེ་ནས་དེའི་ལོངས་སྤྱོད་སྤེལ་བའི་བློན་པོས་ནོར་གྱི་ཡི་གེ་བླངས་ཏེ་གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་ལ་སོགས་པས་གང་བ་རྣམས་སྒོར་བཏོན་ཏེ་གཞོན་ནུ་འདི་རྣམས་མའི་ནོར་ཡིན་ནོ། །འདི་རྣམས་ཕའི་ནོར་ཡིན་ནོ། །འདི་དག་ནི་མེས་པོ་དང་ཡང་མེས་ཀྱི་ནོར་ཡིན་ནོ། །རིགས་བདུན་རྒྱུད་ཀྱི་བར་གྱི་ནོར་ཡིན་ནོ་ཞེས་སྨྲས་སོ། །འདི་རྣམས་སོ་སོར་བསྐྱང་བའི་ཕྱིར་སྨྲས་པ་ཡིན་ནོ། །མཁས་པ་བློ་གྲོས་བཟང་པོས་བསམས་པ།[་]འདིའི་ནོར་རྣམས་བཟུང་ནས་བདག་གི་ཕ་དང་མེས་པོ་ལ་སོགས་པས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་ན་གསེར་སེ་བ་གཅིག་ཀྱང་ཁྱེར་ནས་མ་སོང་གིས་བདག་ཉིད་ཀྱིས་ཁྱེར་ནས་འགྲོ་བར་རིག་པར་བྱའོ་ཞེས་རྒྱལ་པོ་ལ་སྨྲས་ནས། གྲོང་ཁྱེར་དུ་རོལ་མོ་བསྒྲགས་ཏེ། སྐྱེ་བོ་ཐམས་ཅད་ལ་སྦྱིན་པར་བྱིན་ནས། དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་ངོ ། །འདིའི་ཡང་དོན་གསལ་བར་བྱ་བའི་ཕྱིར་གནས་འདིར་བློ་གྲོས་བཟང་པོས་གཏམ་བྱས་སོ། །དེ་ཡང་འདི་ཙམ་འབའ་ཞིག་མ་ཡིན་ཏེ། སངས་རྒྱས་ཀྱི་རྒྱུར་རྒྱུན་མི་འཆད་པར་གསུངས་ལ་སླར་ཡང་ཚིགས་སུ་བཅད་པས་བཅིངས་ཏེ་བཤད་ཀྱང་གོ་དཀའ་བས་དེ་དང་དེའི་བར་བར་དུ་ཚིགས་སུ་བཅད་པའི་ཚིག་གིས་གསལ་བ་དང་བཅས་པ་བཤད་པར་བྱའོ། །བསྐལ་པ་གྲངས་མེད་པ་བཞི་དང་བསྐལ་པ་འབུམ་ཕྲག་གཅིག་ལྷག་པ་ནས་མགོ་བརྩམས་ནས་སྒྲ་བཅུ་རྒྱུན་ཆད་མེད་པར་འཇིགས་མེད་ལྡན་གྲོང་ཁྱེར་དེར་བྱུང་ངོ ། །དེའི་སངས་རྒྱས་ཀྱིས་རྒྱུད་བཤད
39.176a
དོ། །བསྐལ་པ་གྲངས་མེད་བཞི་དང་ནི། །འབུམ་ཕྲག་གཅིག་ནི་ལྷག་པ་ན། །གྲོང་ཁྱེར་འཇིགས་མེད་ལྡན་ཞེས་པ། །མཐོང་བ་ཡིས་ནི་དགའ་བར་བྱེད། །རྒྱུན་མི་འཆད་པ་སྒྲ་བཅུ་བཞིན། །བཟའ་དང་བཏུང་བ་ཡང་དག་ལྡན། །དེ་ལ་སྒྲ་བཅུ་རྒྱུན་མི་འཆད་པ་ནི། གླང་པོ་ཆེའི་སྒྲ་དང་རྟའི་སྒྲ་དང་ཤིང་རྟའི་སྒྲ་དང་རོལ་མོའི་སྒྲ་དང་རོལ་མོ་མྲི་དཾ་གའི་སྒྲ་དང་པི་ཝང་གི་སྒྲ་དང་གླུའི་སྒྲ་དང་རོལ་མོ་སམ་མའི་སྒྲ་དང་ཆ་ལང་གི་སྒྲ་དང་རྒོད་པ་དང་འཐུང་བ་དང་ཟ་བའི་སྒྲ་སྟེ། སྒྲ་བཅུ་པོ་འདི་རྣམས་ནི་རྒྱུན་མི་འཆད་པ་ཡིན་ནོ། །སྒྲ་དེ་རྣམས་ཕྱོགས་གཅིག་ཏུ་བྱ་སྟེ། གླང་པོའི་སྒྲ་དང་རྟ་ཡི་སྒྲ། །རོལ་མོ་དུང་དང་ཤིང་རྟའི་སྒྲ། །ཟ་དང་འཐུང་བ་དེ་ཉིད་དང ། །བཟའ་དང་བཏུང་བའི་སྒྲ་དང་ནི། །སངས་རྒྱས་རྒྱུད་དུ་ཚིགས་སུ་བཅད་པ་འདི་གསུངས་ནས། གྲོང་ཁྱེར་ཡན་ལག་ཉིང་ལག་ལྡན། །འདོད་པ་ཐམས་ཅད་ཉེ་རབ་གནས། །རིན་ཆེན་བདུན་པོ་ཡང་དག་ལྡན། །སྐྱེ་བོ་སྣ་ཚོགས་ཡང་དག་གང ། །ལྷ་ཡི་གྲོང་ཁྱེར་ཕུན་ཚོགས་བཞིན། །བསོད་ནམས་ཅན་ནི་གནས་པའོ། །འཇིག་མེད་ལྡན་པའི་གྲོང་ཁྱེར་དུ། །བྲམ་ཟེ་བློ་བཟངས་ཞེས་བྱ་བས།[་]།ལོངས་སྤྱོད་བྱ་བ་དུ་མ་བསགས། །ནོར་དང་འབྲུ་ནི་མང་པོ་ཡི། །ནང་གི་གསང་སྔགས་འཛིན་པ་དང ། །རིག་བྱེད་གསུམ་གྱི་ཕ་རོལ་སོན། །མཚན་ཉིད་ཨི་ཐི་ཧ་ས་དང ། །དམ་པའི་ཆོས་ཀྱི་ཕ་རོལ་སོན། །དེ་ནས་དེ་ཉིད་ཉི་མ་གཅིག་ལ་མཁས་པ་བློ་གྲོས་བཟང་པོ་དེ་ཁང་བཟང་མཆོག་གི་སྟེང་དུ་གཅིག་པུར་སྐྱིལ་མོ་དཀྲུང་བཅས་ནས་དབེན་པར་བཞུགས་ཏེ་བསམས་པ། མཁས་པ་སྐྱེ་བ་གཞན་དུ་མའི་མངལ་བཟུང་ན་སྡུག
39.176b
བསྔལ་ལོ། །དེ་བཞིན་དུ་སྐྱེ་བའི་གནས་སུ་ལུས་འཇིག་གོ། །བདག་སྐྱེ་བའི་ཆོས་ཅན་དང་རྒ་བའི་ཆོས་ཅན་དང་ན་བའི་ཆོས་ཅན་དང་འཆི་བའི་ཆོས་ཅན་ནོ། །དེ་ལྟ་བུར་གྱུར་པས་བདག་ནི་སྐྱེ་བ་མེད་པ་དང ། རྒས་པ་མེད་པ་དང་ན་བ་མེད་པ་དང་སྡུག་བསྔལ་མེད་པའི་བདེ་བ་དང་བསིལ་བ་དང་བདུད་རྩི་ལྟ་བུའི་མྱ་ངན་ལས་འདས་པ་ཆེན་པོ་ཚོལ་བར་རིགས་སོ།[་]།ངེས་པར་སྲིད་པ་ལས་གྲོལ་བའི་མྱ་ངན་ལས། འདས་པར་འགྲོ་བའི་ལམ་གཅིག་པོ་ཡིན་པ་ལྟ་བུའོ། །དེའི་ཕྱིར་གསུངས་པ། དབེན་པར་གཅིག་པུར་གནས་ནས་ནི། །དེ་ཚེ་བདག་གིས་འདི་ལྟར་བསམས། །སྲིད་པར་སྐྱེ་བ་སྡུག་བསྔལ་ཞིང་།[་]།ལུས་ནི་ཡོངས་སུ་ཞིག་པ་ན། །སྐྱེ་བའི་ཆོས་དང་རྒས་པའི་ཆོས། །ན་བའི་ཆོས་དང་དེ་ཚེ་བདག་།སྐྱེ་བ་མེད་དང་འཆི་མེད་བདེ། །མྱ་ངན་འདས་པ་ཡོངས་སུ་བཙལ། །གང་ཚེ་དྲི་ངན་ལུས་འདི་ནི། །སྣ་ཚོགས་མི་གཙང་གིས་གང་ཞིང ། །དོན་མེད་ལྟོས་པ་མེད་པ་ཡི། །དོར་ནས་འགྲོ་བར་བྱ་བ་ཡིན། །དེ་ཡི་ལམ་ནི་ཡོད་དམ་སྙམ། །འབད་པ་མེད་པར་ལམ་མི་ཐོབ། །དེ་ཡི་ལམ་ནི་བཙལ་བར་བྱ། །སྲིད་པ་རྣམས་ལས་གྲོལ་གྱུར་སྙམ། །དེ་ནས་ལྷག་པར་ཡང་བསམས་པ། ཇི་ལྟར་འཇིག་རྟེན་པས་སྡུག་བསྔལ་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་བདེ་བ་ཞེས་བྱ་བ་ཡོད་དོ། །དེ་ལྟར་མི་མཐུན་ཕྱོགས་སྲིད་པ་ཡོད་ན་མྱ་ངན་ལས་འདའ་བར་འགྱུར་རོ་སྙམ། དེ་ལྟར་ཡང་གདུང་བ་ཡོད་ན་དེ་ཞི་བར་བྱེད་པའི་བསིལ་བ་ཡོད་དོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་མེ་ཞི་བར་བྱེད་པའི་མྱ་ངན་ལས་འདས་པ་ཡོད་པར་འགྱུར་རོ་སྙམ་མོ། །ཇི་ལྟར་ཡང་སྡིག་པ་དང་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཁ་ན་མ་ཐོ་བ་མེད་པའི་དགེ་བའི་ཆོས་ཡོད་པར
39.177a
འགྱུར་སྙམ་པ་ཉིད་དོ། །དེ་དང་དེ་ལྟ་བུ་ཉིད་ཀྱིས་སྡིག་པ་ཅན་ལ་སོགས་པའི་སྐྱེ་བ་ཡོད་ན། སྐྱེ་བ་ཐམས་ཅད་ཟད་པར་བྱེད་པའི་སྐྱེ་བ་མེད་པར་གྲགས་པའི་མྱ་ངན་ལས་འདས་པའང་ཡོད་པར་འགྱུར་སྙམ་པ་ཉིད་དོ། །དེའི་ཕྱིར་གསུངས་པ། ཇི་ལྟར་སྡུག་བསྔལ་ཡོད་པ་ན། །བདེ་བ་ཞེས་པའང་ཡོད་པ་ཡིན། །དེ་ལྟར་སྲེད་པ་ཡོད་པ་ན། །སྲིད་པ་མེད་པའང་ཡོད་པ་ཡིན། །ཇི་ལྟར་ཚ་བ་ཡོད་གྱུར་ན། །གྲང་བ་ཡང་ནི་ཡོད་པ་ཡིན། །དེ་ལྟར་མེ་གསུམ་ཡོད་གྱུར་ན། །མྱ་ངན་འདས་པའང་ཡོད་པ་ཡིན། །ཇི་ལྟར་སྡིག་པ་ཡོད་གྱུར་ན། །དགེ་བ་ཡང་ནི་ཡོད་པ་ཡིན། །དེ་ལྟར་སྐྱེ་བ་ཡོད་གྱུར་ན། །སྐྱེ་བ་མེད་པའང་ཡོད་པར་འདོད། །གཞན་ཡང་བསམས་པ། ཇི་ལྟར་བཤད་པའི་ཕུང་པོར་སྐྱེས་བུ་འགྱེལ་བར་གྱུར་པ་ཞིག་ཐག་རིང་པོ་ནས་ཁ་དོག་ལྔ་དང་ལྡན་པའི་པད་མ་དང་མཚོ་ཆེན་པོ་མཐོང་ན་ལམ་གང་ནས་འགྲོ་བར་བྱས་ནས་མཚོ་དེར་འཇུག་པར་རིགས་སོ། །དེའི་ལམ་དུ་མི་འགྲོ་ན་མཚོ་ཆེན་པོའི་སྐྱོན་མ་ཡིན་ནོ། །དེ་ལྟར་ཉོན་མོངས་པའི་དྲི་མ་འཁྲུད་པ་ན་འཆི་བ་མེད་པའི་མྱ་ངན་ལས་འདའ་བའི་མཚོ་ཆེན་པོ་ཡོད་པ་ན་དེར་མི་འཇུག་ན། འཆི་བ་མེད་པའི་མྱ་ངན་ལས་འདའ་བའི་མཚོ་ཆེན་པོའི་སྐྱོན་ནི་མ་ཡིན་ནོ། །ཇི་ལྟར་ཡང་ཆོམ་རྐུན་པས་ཡོངས་སུ་བསྐོར་བའི་སྐྱེས་བུ་འབྲོས་པའི་ལམ་ཡོད་པ་ལ་མྱུར་དུ་མི་འབྲོས་ན་ལམ་གྱི་སྐྱོན་མ་ཡིན་ཏེ་སྐྱེས་བུའི་སྐྱོན་ཡིན་ནོ། །དེ་ལྟར་ཉོན་མོངས་པས་ཡོངས་སུ་བསྐོར་ནས་བཟུང་བའི་སྐྱེས་བུ་ལ་ཞི་བ་མྱ་ངན་ལས་འདའ་བའི་ལམ་ཡོད་པར་གྱུར་པ་ན་ལམ་མི་ཚོལ་བ་ནི་ལམ་གྱི་སྐྱོན་མ་ཡིན་ཏེ་གང་ཟག་གི་སྐྱོན་ཡིན་ནོ། །ཇི་ལྟར་ནད་ཀྱིས་གཟིར་བའི་སྐྱེས་བུ་ལ་ནད་གསོ་བའི་སྨན་པ་ཡོད་པར་གྱུར་ན་གལ་ཏེ་དེའི་གནས་སུ་ནད་གསོ་བའི་སྨན་པ་མི་ཚོལ་ན་སྨན་པའི་སྐྱོན་མ་ཡིན་ཏེ་ནད་པའི་སྐྱོན
39.177b
ཡིན་ནོ། །དེ་ལྟར་ཉོན་མོངས་པའི་ནད་ཀྱིས་གཟིར་བའི་སྐྱེས་བུ་ལ་ཉོན་མོངས་པ་ཞི་བར་བྱེད་པའི་མཆོག་ཏུ་མཁས་པ་ཡོད་པར་གྱུར་ན། སློབ་དཔོན་ཚོལ་བར་མི་བྱེད་ན་དེ་ནི་སྐྱེས་བུའི་སྐྱོན་ཡིན་ཏེ་ཉོན་མོངས་པ་འཇོམས་པར་བྱེད་པའི་སློབ་དཔོན་གྱི་སྐྱོན་ནི་མ་ཡིན་ནོ། །དེའི་ཕྱིར་གསུངས་པ། ཇི་ལྟར་མི་གཙང་གོས་པའི་མི། །གང་བའི་མཚོ་ནི་མཐོང་བཞིན་དུ། །མཚོ་དེར་འཇུག་པར་མི་བྱེད་ན། །དེ་ནི་མཚོ་ཡི་སྐྱོན་མིན་ནོ། །དེ་ལྟར་ཉོན་མོངས་དྲི་འཁྲུད་པ། །བདུད་རྩིའི་མཚོ་ནི་ཡོད་པ་ཡི། །མཚོ་དེ་ལ་ནི་མི་འཇུག་ན། །བདུད་རྩི་མཚོ་ཡི་སྐྱོན་མིན་ནོ། །ཇི་ལྟར་ཆོམ་རྐུན་གྱིས་བསྐོར་བ། །འགྲོ་བའི་ལམ་ནི་ཡོད་པ་ལ། །སྐྱེས་བུ་འབྲོས་པར་མི་བྱེད་ན། །དེ་ནི་ལམ་གྱི་སྐྱོན་མ་ཡིན། །ཇི་ལྟར་ཉོན་མོངས་ཀྱིས་བསྐོར་ན། །ཞི་བའི་ལམ་ནི་ཡོད་པ་ལ། །དེ་ཡི་ལམ་དུ་མི་འཇུག་ན། །ཞི་བའི་ལམ་གྱི་སྐྱོན་མ་ཡིན། །ཇི་ལྟར་ནད་ཀྱིས་གཟིར་བའི་མི།[་]།གསོ་སྤྱད་བྱེད་པ་ཡོད་གྱུར་པ། །ནད་ནི་ཞི་བར་མི་བྱེད་ན། །དེ་ནི་སྨན་པའི་སྐྱོན་མ་ཡིན། །དེ་ལྟར་ཉོན་མོངས་པ་ཡི་ནད། །གཟིར་ཅིང་སྡུག་བསྔལ་གྱུར་པའི་ཚེ། །སློབ་དཔོན་ཚོལ་བར་མི་བྱེད་ན། །སློབ་དཔོན་གྱི་ནི་སྐྱོན་མ་ཡིན། །གཞན་ཡང་བསམས་པ། ཇི་ལྟར་རྒྱན་གྱིས་བརྒྱན་པའི་སྐྱེས་བུའི་མགྲིན་པ་ལ་མི་གཙང་བ་བཅིངས་ན་དེ་དེ་ནས་བདེ་བར་འགྲོ་བ་བཞིན་དུ། དེ་ལྟར་བདག་ཀྱང་མི་གཙང་བའི་ལུས་སྤངས་ཏེ་ལྟོས་པ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ། །གཞན་ཡང་ཇི་ལྟར་སྐྱེས་པ་དང་བུད་མེད་ཀྱིས་བཤང་བའི་གནས་སུ་བཤང་བ་དོར་བར་བྱས་ནས་སྣོད་དུ་བླུགས་ཏེ་ཁུར་ནས་འགྲོ་བར་བྱེད་པ་མ་ཡིན་གྱི། ལྟོས་པ་མེད་པར་སྐྱུག་བྲོ་བས་དོར་ནས་འགྲོའོ། །དེ་ལྟར་བདག་ཀྱང་མི
39.178a
གཙང་བའི་ལུས་ལ་སོགས་པ་ལ་ལྟོས་པ་མེད་པར་དོར་ནས་འཆི་བ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ། །གཞན་ཡང་ཇི་ལྟར་གྲུ་མཁན་རྣམས་ནི་གྲུ་རྡོལ་བ་རྣམས་ལ་ལྟོས་པ་མེད་པར་དོར་ནས་འགྲོ་བ་དེ་བཞིན་དུ་བདག་ཀྱང་སྒོ་དགུའི་རྨ་འདི་རྣམས་ཀྱི་ནང་ནས་འབབ་པའི་ལུས་འདི་དོར་ནས་ལྟོས་པ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ། །གཞན་ཡང་ཇི་ལྟར་སྐྱེས་བུ་སྣ་ཚོགས་པའི་རིན་པོ་ཆེ་བླངས་ནས་ཆོམ་རྐུན་པ་དང་འགྲོགས་ཏེ། ལམ་དུ་འགྲོ་ན་རང་གི་རིན་པོ་ཆེ་བརླག་པར་དོགས་པའི་འཇིགས་པས་དེ་རྣམས་དོར་ནས་ལམ་བཟང་པོར་འཇུག་པ་བཞིན་ནོ། །དེ་ལྟར་བདག་ཀྱང་ལུས་མི་གཙང་བ་དུ་མ་ཅན་རིན་པོ་ཆེ་འཕྲོག་པའི་ཆོམ་རྐུན་བཞིན་དུ་གལ་ཏེ་སྲེད་པ་འདི་བྱེད་ན་འཕགས་པའི་ལམ་གྱི་དགེ་བའི་ཆོས་ཀྱི་རིན་པོ་ཆེ་བདག་གིས་བརླག་པར་དོགས་སོ། །དེའི་ཕྱིར་བདག་གིས་ཆོམ་རྐུན་ལྟ་བུའི་ལུས་འདི་དོར་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་རིགས་སོ། །དེའི་ཕྱིར་གསུངས་པ། ཇི་ལྟར་མི་ཡིས་དྲི་ང་བ། །མགུལ་ལ་བཅིངས་ན་སྐྱུག་བྲོ་སྟེ། །དེ་དག་སྤངས་ནས་འགྲོ་བྱེད་ན། །སྐྱུག་མི་བྲོ་ཞིང་བདེ་བར་འགྲོ། །དེ་བཞིན་དུ་ནི་དྲི་ང་ལུས། །སྣ་ཚོགས་པ་ཡིས་གང་གྱུར་པ། །སྤངས་ནས་འགྲོ་བར་བྱེད་པ་ནི། །དོན་མེད་ལྟོས་པ་མེད་པའོ། །ཇི་ལྟར་བཤང་བའི་གནས་སུ་ནི། །སྐྱེས་པ་བུད་མེད་ཀྱིས་བཤངས་ནས། །དོར་ནས་འགྲོ་བར་བྱེད་པ་ནི། །དོན་མེད་ལྟོས་པ་མེད་པ་ཡིན། །དེ་ལྟར་བདག་གི་ལུས་འདི་ཡང་།[་]།མི་གཙང་སྣ་ཚོགས་ཀྱིས
39.178b
གང་བ། །དོར་ནས་བདག་ཀྱང་འགྲོ་བར་བྱ། །ཇི་ལྟར་བཤང་བའི་གནས་བཞིན་ནོ། །ཇི་ལྟར་གྲུ་ནི་རྡོལ་གྱུར་ན། །ཆུ་ནི་ནང་དུ་འབྱུང་བར་འགྱུར། །དེ་ནི་གྲུ་མཁན་གྱིས་དོར་ནས། །དོན་མེད་ལྟོས་པ་མེད་པ་ཡིན། །དེ་ལྟར་བདག་གི་ལུས་འདི་ཡང ། །བུ་ག་དགུ་ཡང་མི་རྟག་པས། །དོར་ནས་འགྲོ་བར་བྱེད་པ་ན། །གྲུ་མཁན་གྲུ་ནི་དོར་བ་བཞིན། །ཇི་ལྟར་ཆོམ་རྐུན་ལྷན་ཅིག་མི། །ནོར་ནི་ཁྱེར་ནས་འགྲོ་བ་ན། །ནོར་ཁྱེར་འཇིགས་པ་མཐོང་བ་ན། །འཇིགས་གནས་དོར་ནས་འགྲོ་བྱེད་བཞིན། །དེ་བཞིན་དུ་ནི་ལུས་འདི་ནི། །ཆོམ་རྐུན་ཆེན་པོ་དང་མཚུངས་ཞིང ། །འདིར་ནི་དོར་ནས་འགྲོ་བ་ན། །དགེ་བ་སྤྱོད་པ་འཇིགས་མེད་དོ། །དེ་བཞིན་དུ་མཁས་པ་བློ་གྲོས་བཟང་པོས་སྣ་ཚོགས་པའི་དཔེ་འདི་ཡིས་ཕན་ཡོན་གྱི་དོན་ལ་རྣམ་པར་བསམས་ཤིང་རང་གི་ཁྱིམ་དུ་དཔག་ཏུ་མེད་པའི་ལོངས་སྤྱོད་ཀྱི་ཕུང་པོ་སྔར་ཇི་ལྟར་བརྗོད་པ་བཞིན་དུ་བཀྲེན་པ་ལ་སོགས་པ་རྣམས་ལ་སྦྱིན་པ་ཆེན་པོ་བྱིན་ཏེ། ནོར་གྱི་འདོད་པ་དང་ཉོན་མོངས་པའི་འདོད་པ་སྤངས་ནས། གྲོང་ཁྱེར་འཇིགས་མེད་ལྡན་གྱི་ཕྱི་རོལ་དུ་སོང་སྟེ། གཅིག་པུར་གངས་ཅན་ཆོས་ཀྱི་རི་ཞེས་བྱ་བ་ལ་བརྟེན་ནས། དེར་ལོ་མའི་ཁང་པར་འཆག་པར་བྱེད་ཅིང་སྐྱོན་ལྔ་པོ་མ་བཟློག་ལ་མ་སྤངས་བཞིན་དུ་དེ་ལྟར་སེམས་མཉམ་པར་བཞག་པ་དང་པོ་དང་བྱེད་པ་བརྒྱད་དང་ལྡན་པའི་མངོན་པར་ཤེས་པས་སྨྲས་པ་དང་སྟོབས་ལེན་པ་དང་དེ་རུ་གནས་ཏེ་སྐྱོན་དགུ་དང་ལྡན་པ་གྱོན་པའི་གོས་སྤངས་ནས། ཡོན་ཏན་བཅུ་གཉིས་དང་ལྡན་པའི་ཤིང་ཤུན་གྱི་དུམ་བུའི་གོས
39.179a
གྱོན་ནས། དྲང་སྲོང་གི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་སྟེ་དེ་ལྟར་རབ་ཏུ་བྱུང་ནས་སྐྱོན་བརྒྱད་དང་ལྡན་པའི་ལོ་མའི་ཁང་པ་དེ་སྤངས་ནས་ཡོན་ཏན་བཅུ་དང་ལྡན་པའི་ཤིང་གི་དྲུང་དུ་ཉེ་བར་གནས་སོ། །འབྱོར་པ་ཐམས་ཅད་སྤངས་ནས་ཤིང་གི་འབྲས་བུ་མཆོག་ཟ་ཞིང་འདུག་པའོ། །གནས་སུ་འཆག་པར་བྱེད་པའི་དཀའ་ཐུབ་བྱེད་དོ། །ཞག་བདུན་གྱི་ནང་དེ་ཉིད་དུ་བརྒྱད་ལ་སྙོམས་པར་འཇུག་ཅིང་མངོན་པར་ཤེས་པ་ལྔ་པོ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་དེས་དོན་དུ་གཉེར་བས་མངོན་པར་ཤེས་པའི་སྟོབས་ཐོབ་པར་གྱུར་ཏོ། །དེའི་ཕྱིར་གསུངས་པ། དེ་ལྟར་བདག་གིས་བསམས་གྱུར་པ། །སྣ་ཚོགས་བྱེ་བ་བརྒྱ་ཡི་ནོར། །མགོན་དང་མགོན་མེད་རྣམས་ལ་སྦྱིན། །གངས་ཅན་ལ་ནི་ཉེ་བར་སོང ། །གངས་ཅན་དང་ནི་མི་རིང་བར། །ཆོས་ཀྱི་རི་ཞེས་བྱ་བ་ལ། །བདག་གིས་དེ་ལ་མཆོག་ཏུ་བརྟེན། །ལོ་མའི་ཁང་པ་ལེགས་བྱས་སོ། །དེ་རུ་འཆག་པར་བྱེད་པ་དང ། །སྐྱོན་ནི་ལྔ་པོ་རྣམ་པར་སྤངས། །ཡོན་ཏན་བརྒྱད་དང་ཡང་དག་ལྡན། །མངོན་པར་ཤེས་པའི་སྟོབས་ལྡན་ནོ། །སྐྱོན་དགུ་དང་ནི་ལྡན་པ་ཡི། །དེར་ནི་དེ་ཉིད་དོར་གྱུར་ནས། །ཤིང་ཤུན་དུམ་བུའི་གོས་གྱོན་ཏེ། །ཡོན་ཏན་བཅུ་གཉིས་ལྡན་པའོ། །སྐྱོན་ནི་བརྒྱད་དང་ལྡན་པ་ཡི། །ལོ་མའི་ཁང་པ་སྤངས་གྱུར་ནས། །ཤིང་གི་དྲུང་དུ་ཉེ་བར་འདུག་།ཡོན་ཏན་བཅུ་དང་ལྡན་པ་ཡི། །རྨོངས་དང་བསྐྲུན་པའི་འབྲུ་རྣམས་ནི། །ལྷག་མ་མེད་པར་དོར་བྱས་ནས། །ཡོན་ཏན་མ་ལུས་ལྡན་པ་ཡི། །ཤིང་ཏོག་མཆོག་ནི་དང་པོར་ཟོས། །དེ་རུ་དཀའ
39.179b
ཐུབ་བྱས་ནས་ནི། །འདུག་དང་འཆག་པའི་གནས་རྣམས་སུ། །ཞག་བདུན་གྱི་ནི་ནང་ཉིད་དུ། །མངོན་པར་ཤེས་པའི་སྟོབས་ཐོབ་བོ། །འདིར་ཡང་གླེང་གཞི་ནི་མཁས་པ་བློ་གྲོས་བཟང་པོས་བརྟེན་པའི་ལོ་མའི་ཁང་པ་དང་འཆག་པ་ནི་རང་གི་ལག་གིས་བྱས་པ་ལྟར་བརྗོད་དོ། །འདིར་ཡང་དོན་ནི་སེམས་པ་ཆེན་པོ་གངས་ཅན་གྱི་ནང་ནས་འོངས་པ་དང་དི་རིང་ཆོས་ཀྱི་རིར་ཡོང་བ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལས་སྣ་ཚོགས་པའི་ལྷའི་བུ་ལ་མཁས་པ་བློ་གྲོས་བཟང་པོ་འདི་ནི་རབ་ཏུ་འབྱུང་བར་འདོད་པས་སོང་སྟེ། འདིའི་གནས་རྣམས་ཀྱིས་ཅིག་དེའི་ཚིག་ཐོས་ནས་དགའ་བའི་གནས་ཕུག་ལེགས་པའི་ལོ་མའི་ཁང་པར་འཆག་པའི་གནས་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཡང་དེའི་ཚེ་བདག་གིས་བསམས་ནས་གོམས་པར་བྱས་པ་རྫོགས་པ་ལས་དེའི་དུས་སུ་དེའི་རྒྱུ་མཚན་གྱིས་ཤཱ་རིའི་བུ་དེ་ཆོས་ཀྱི་རི་དེར། གནས་བཟང་པོ་ནི་བདག་གིས་བྱས། །ལོ་མའི་ཁང་པ་བཟང་པོར་ལྡན། །དེར་ནི་འཆག་ཅིང་གནས་ནས་ནི། །སྐྱོན་ལྔ་པོ་ནི་རྣམ་པར་སྤངས་ཞེས་གསུངས་སོ། །འཆག་པའི་སྐྱོན་ལྔ་པོ་གང་ཞེ་ན། སྲ་ཞིང་མི་སྙོམས་པ་དང་།[་]ནང་ན་ཤིང་རད་རོད་ཅན་དང ། ནགས་ཐིབས་པོ་དང་ཤིན་དུ་དོག་པ་དང་།[་]ཤིན་དུ་ཡངས་པའོ། །སྲ་ཞིང་མི་སྙོམས་པའི་སའི་ཆར་འཆག་ཅིང་འཆག་པ་ན།[་]རྐང་པ་ལ་འབྲུམ་བུ་འབྱུང་བ་དང ། སེམས་རྩེ་གཅིག་ཏུ་མི་གནས་པ་དང་།[་]ལས་བྱེད་པའི་གནས་མི་འགྲུབ་ལ། སའི་སྟེང་མཉམ་ཞིང་འཇམ་པར་འཆག་པ་ནི་བདེ་ཞིང་ལས་བྱེད་པའི་གནས་རྫོགས་པ་དེའི་ཕྱིར་ཚ་བ་དང་མི་སྙོམས
39.180a
པའི་སའི་ཆ་ནི་སྐྱོན་གཅིག་ཏུ་རིག་པར་བྱའོ། །འཆག་པའི་བར་དང་ནང་དང་ཐ་མར་ཤིང་ཡོད་པ་ན་བག་མེད་པར་འོང་ཞིང་འཆག་པ་ན་དཔྲལ་བ་དང་མགོ་ལ་གནོད་པ་བྱེད་པ་ནི་ནང་གི་ཤིང་གི་གནོད་པ་གཉིས་པའོ། །རྩ་དང་འཁྲི་ཤིང་ལ་སོགས་པ་ནགས་ཚལ་ཐིབས་པོའི་འཆག་སར་བྱེད་པ་ན་མུན་པ་ནག་པོའི་དུས་སུ་སྦྲུལ་ལ་སོགས་པའི་སྲོག་ཆགས་རྐང་པས་བརྫིས་ནས་འཆི་བ་འམ། དེས་མཆེ་བས་རྨུགས་ནས་གནོད་པ་སྐྱེལ་བ་ནི་ནགས་ཐིབས་པོའི་སྐྱོན་གསུམ་པའོ། །ཤིན་དུ་དོག་སའི་འཆག་སའི་མཆུ་རུ་ཁྲུ་གཅིག་པ་འམ་ཁྲུ་ཕྱེད་པའི་འཆག་ས་བྱེད་ན་ནང་དུ་གཅོད་པ་དང་སེན་མོ་འམ་སོར་མོ་འཆད་པར་འགྱུར་བ་ནི་ཤིན་དུ་དོག་པའི་སྐྱོན་བཞི་པའོ། །ཤིན་དུ་ཡངས་པའི་འཆག་སར་འཆག་པ་ན་སེམས་གཡེངས་པར་གྱུར་པ་དང ། སེམས་རྩེ་གཅིག་ཏུ་གནས་པ་མི་ཐོབ་པ་ནི་ཤིན་དུ་ཡངས་པའི་སྐྱོན་ལྔ་པའོ། །འཆག་སའི་མཐོ་ཚད་ཀྱི་སྟུགས་སུ་ཁྲུ་ཕྱེད་དང་དོ་ངོས་གཉིས་སུ་ཁྲུ་གཅིག་ཙམ་དཀྱུས་སུ་ཁྲུ་དྲུག་བཅུ་པ་སའི་མཐིལ་འཇམ་པ་དང་མཚུངས་ཞིང་ཡངས་པ་བྱེ་མ་དང་བཅས་པའི་འཆག་ས་ནི་རིགས་སོ། །མཆོད་རྟེན་གྱི་རིགས་མར་མེ་ལྟར་གསལ་བ་གནས་བརྟན་ཆེན་པོ་དབང་ཆེན་གྱི་འཆག་ས་ལྟ་བུ་བྱ་བར་རིགས་སོ། །དེའི་ཕྱིར་གསུངས་པ། དེ་རུ་འཆག་ས་བྱས་ལ་སྐྱོན་ལྔ་པོ་སྤང་བར་བྱའོ། །ཡོན་ཏན་བརྒྱད་དང་ལྡན་པའི་དགེ་སྦྱོང་གི་བདེ་བ་བརྒྱད་དང་ལྡན་པའོ། །དགེ་སྦྱོང་གི་བདེ་བ་བརྒྱད་དང་ལྡན་པ་ཞེས་བྱ་བ་ནི་གང་ཞེ་ན། ནོར་དང་འབྲུ་ཡོངས་སུ་འཛིན་པའི་འདོད་པ་མེད་པ་དང ། ཁ་ན་མ་ཐོ་བ
39.180b
མེད་པའི་བསོད་སྙོམས་ལས་འདོད་པ་མེད་པ་དང ། བཟའ་བ་བཙལ་བའི་འདོད་པ་མེད་པ་དང ། ནོར་གཅེས་པའི་ཡུལ་མི་སྡུག་པར་བྱེད་པ་འམ་མགོ་རེ་རེའི་ཁྲལ་ལ་སོགས་པ་ལེན་ན་རྒྱལ་པོའི་རིགས་ཀྱིས་ཡུལ་འཁོར་གྱི་མི་སྡུག་བསྔལ་བ་མི་འདོད་པ་དང ། ཉེ་བར་མཁོ་བ་ཐམས་ཅད་ལ་འདོད་པ་མེད་པ་དང་།[་]ཆོམ་རྐུན་གྱིས་འཕྲོག་པའི་འཇིགས་པ་མེད་པ་དང ། རྒྱལ་པོ་དང་རྒྱལ་ཚབ་དང་བློན་པོའི་ཉེ་བར་འཚེ་བ་མེད་པ་དང ། ཕྱོགས་བཞིར་འགྲོ་བ་ན་འཚེ་བ་མེད་པ་སྟེ། དེ་ལྟར་དེར་གནས་ན་བདེ་བ་བརྒྱད་པོ་ཉམས་སུ་མྱོང་བར་ནུས་སོ། །དེ་ལྟར་ཡོན་ཏན་བརྒྱད་དང་ལྡན་པ་འདིར་གནས་པར་བྱས་ནས་མངོན་པར་ཤེས་པའི་སྟོབས་ཐོབ་པར་འགྱུར་ཞིང ། དེ་ནས་དེར་གནས་ཏེ། ཟད་པར་གྱི་ལས་རྣམས་བྱས་ནས་མངོན་པར་ཤེས་པ་དང་སྙོམས་པར་འཇུག་པ་རྣམས་བསྐྱེད་པའི་ཕྱིར་ཏེ། མི་རྟག་པ་དང་སྡུག་བསྔལ་བ་དང་ལྷག་མཐོང་བརྩམས་ནས་གནས་ཐོབ་པར་བྱེད་དོ། །ལྷག་མཐོང་གི་སྟོབས་བླངས་ནས་ཇི་ལྟར་གནས་ན་དེའི་སྟོབས་བླང་བར་ནུས་སོ། །དེ་ལྟར་དེར་གནས་ནས་དེའི་མངོན་པར་ཤེས་པའི་ཕྱིར་ལྷག་མཐོང་གི་སྟོབས་འཐུན་པར་བྱས་པ་ནི་ཁང་པ་བྱས་པའི་དོན་ཡིན་ནོ། །དེར་སྐྱོན་དགུ་དང་ལྡན་པའི་གོས་དོར་བ་ནི་འདིར་སྔར་རིམ་པ་བཞིན་དུ་བརྗོད་པ་དེ་རྣམས་དེའི་ཚེ་ཁང་མིག་ཆུང་བ་དང་ཁང་མིག་ཆེ་བ་དང་འཆག་ས་ལ་སོགས་པ་སོ་སོར་བརྒྱན་ནས་མེ་ཏོག་དང་འབྲས་བུ་དང་ཤིང་ལྗོན་པའི་ཚོགས་ཡིད་དགའ་བ་དང་བསམ་པ་ཆུ་ལྟར་ཡིད་དུ་འོང་བ་གདུག་པ་ཅན་གྱི་རི་དགས་མེད་པ་དང་གནོད་པར་བྱེད་པའི་བྱའི་ཚོགས་མེད་པ་ཤིན་དུ་དབེན་པར་གནས་པར་བྱའོ། །
39.181a
འཆག་ས་བརྒྱན་པའི་ཕྱོགས་གཉིས་དང་དབུས་སུ་རྒྱབ་ཀྱི་རྟེན་གྱི་གཞི་ལ་བརྟེན་ནས་བཞུགས་པའི་ཆེད་དུ་འཆག་སའི་ནང་དུ་ས་གཞི་མཉམ་པ་ཁ་དོག་སེར་པོ་རྡོ་དང་བསྲེས་པ་ལོ་མའི་ཁང་པའི་ནང་དུ་རལ་པའི་ཁོར་ཡུག་དང་ཤིང་ཤུན་གྱི་དུམ་བུའི་ཆོས་གོས་དང་དབྱུ་གུ་གསུམ་དང་བུམ་པ་ལ་སོགས་པ་དཀའ་ཐུབ་པའི་ཡོ་བྱད་དང་ལྡན་པ་བསྟི་གནས་ཀྱི་ནང་དུ་ཆུ་དང་བུམ་པ་ཆེན་པོར་ཆུ་དང་དུང་ཆོས་ཀྱི་ཆུ་དང་ཁམ་ཕོར་དང་མེ་ཁང་དང་སྣོད་སོལ་བ་ཅན་དང་ཤིང་ལ་སོགས་པ་དེ་ལྟར་གང་དང་གང་དུ་རབ་ཏུ་འབྱུང་བ་ལ་རིགས་སོ། །དེ་ཐམས་ཅད་བྱས་ནས་ལོ་མའི་ཁང་པའི་ལོགས་ལ་གང་ཞིག་རབ་ཏུ་འབྱུང་བར་འདོད་པ་ན་འདིའི་ཡོ་བྱད་རྣམས་བླངས་ནས་རབ་ཏུ་བྱུང་བར་གྱིས་ཤིག་ཅེས་ཡི་གེར་བྲིས་ནས། ལས་སྣ་ཚོགས་པའི་ལྷའི་བུ་ལྷའི་འཇིག་རྟེན་དུ་སོང་ངོ ། །མཁས་པ་བློ་གྲོས་བཟང་པོས་གངས་ཅན་གྱི་རིའི་འགྲམ་ན་ཆུ་ཀླུང་རྗེས་སུ་འབྲང་བ་དང་བདག་ཉིད་ཀྱི་གནས་དང་འཐུན་པའི་གནས་སུ་བལྟ་ཞིང་ཆུ་ཀླུང་བཟློག་པའི་ལས་སྣ་ཚོགས་ལས་སྤྲུལ་ཞིང་བརྒྱ་བྱིན་གྱིས་བྱིན་པའི་གནས་ཡིད་ལ་དགའ་བ་མཐོང་ངོ ། །འཆག་སའི་དཀྱུས་ཀྱི་ཕྱོགས་གཅིག་ཏུ་འགྲོ་ཞིང་རྐང་པའི་རྗེས་མི་མཐོང་བར་རབ་ཏུ་བྱུང་བ་རྣམས་ཀྱིས་ཐག་རིང་པོའི་གྲོང་ནས་བསོད་སྙོམས་བཙལ་བས་ངལ་ཞིང་འོངས་ནས་ལོ་མའི་ཁང་པར་ཞུགས་ནས་གནས་སོ་སྙམ་དུ་བསམས་སོ། །དེ་མ་ཐག་ཏུ་མ་སླེབ་པར་དུས་རིང་པོར་མ་སླེབ་པར་སོ་སོར་ཤེས་དགོས་སོ། །ཤིང་གི་ཁང་པའི་ཁང་མིག་གི་སྒོར་ཞུགས་ཏེ་ནང་དུ་ཕྱིན་ནོ། །དེ་དང་དེ་བལྟས་པས་རྩིག་པ་ཆེན་པོ་ལ་ཡི་གེ་བྲིས་པ་བླགས་ནས་འདི་རྣམས་ཐམས་ཅད
39.181b
བདག་གི་ཡོ་བྱད་དུ་བརྟག་པར་བྱའོ། །དེ་རྣམས་བླངས་ན་རབ་ཏུ་འབྱུང་ངོ་ཞེས་བསམས་སོ། །བདག་ཉིད་ཀྱི་སྟོད་གོས་དང་སྨད་གོས་ཟུང་དག་དོར་རོ། །དེའི་ཕྱིར་གསུངས་པ། དེར་གོས་དོར་རོ། །དེ་ལྟར་བཞུགས་ནས་ཤཱ་རིའི་བུ་བདག་དེའི་ལོ་མའི་ཁང་པ་དང་སྐྱོན་དགུ་དང་བཅས་པའི་གོས་དོར་རོ། །དེ་ཡང་སྐྱོན་དགུ་གསལ་བར་མཐོང་སྟེ། དཀའ་ཐུབ་པའི་རབ་ཏུ་བྱུང་བ་རྣམས་ལ་གོས་སྐྱོན་དགུ་དང་ལྡན་པ་ནི་རྙེད་དཀའ་བའི་སྐྱོན་དང ། གཞན་འདོད་པ་སྐྱེ་བའི་སྐྱོན་དང ། ལོངས་སྤྱོད་པ་ན་མྱུར་དུ་དྲི་མ་དང་ལྡན་པའི་སྐྱོན་དང ། དྲི་མ་ཅན་དུ་གྱུར་ན་འཁྲུད་པ་དང་ཚོས་བྱ་དགོས་པ་དང ། ལོངས་སྤྱོད་པ་ན་འདྲལ་བའི་སྐྱོན་དང ། རྙིངས་ན་འཚེམ་པ་དང་ལྷན་པ་འདེབས་དགོས་པ་དང་སླར་ཡང་ཚོལ་བ་ན་རྙེད་དཀའ་བའི་སྐྱོན་དང ། དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་མི་རིགས་པའི་སྐྱོན་དང ། དགྲ་ལ་སོགས་པས་འཕྲོག་པར་འགྱུར་བའི་སྐྱོན་དང་།[་]ཇི་ལྟར་ཡང་གོས་ནི་དགྲ་ལ་སོགས་པས་མི་ལེན་པ་དེའི་ཕྱིར་དེ་བཞིན་དུ་སྦེད་དགོས་པ་དང ། གྱོན་པ་ན་རྒྱན་དུ་འགྱུར་བའི་སྐྱོན་དང ། ཁྱེར་ནས་འགྲོ་བ་ན་ལུས་ཀྱི་ཁུར་པོ་ཆེན་པོར་འགྲོ་བའི་སྐྱོན་ནོ། །ཤིང་ཤུན་གྱི་གོས་ཤེས་པ་ནི་དེའི་ཚེ་ཤཱ་རིའི་བུ་བདག་འདིའི་སྐྱོན་དགུ་མཐོང་ནས་གོས་དོར་རོ། །ཤིང་ཤུན་ལ་རྩཝ་མུན་ཛ་དུམ་བུ་དུམ་བུར་བྱས་ནས་སྦྱོར་ཞིང་སྒྲོག་པ་ནི་ཤིང་ཤུན་ལ་སྨད་གོས་དང་སྟོད་གོས་དོན་དུ་གཉེར་བའི་ཕྱིར་རོ། །ཡོན་ཏན་བཅུ་གཉིས་དང་ལྡན་པ་ཞེས་པ་ནི་ཕན་ཡོན་བཅུ་གཉིས་དང་ལྡན་པའི་ཤིང་ཤུན་གྱི་གོས་ཀྱི་ཕན་ཡོན་བཅུ་གཉིས་དང་ལྡན་པའི་རིན་ཆུང་བ་དང ། བལྟ་ན་མཛེས་པ་དང ། རུང་བ་དང་འདི་རྣམས་ནི
39.182a
ཕན་ཡོན་གཅིག་དང ། རང་གི་ལག་གིས་བྱ་བར་ནུས་པ་ནི་གཉིས་པ་དང ། ལོངས་སྤྱོད་པ་ནི་དྲི་མ་ཅན་དུ་གྱུར་ཀྱང་མྱུར་དུ་བཀྲུ་བར་ནུས་པ་ནི་གསུམ་པ་དང ། ལོངས་སྤྱོད་པ་ན་རྙིངས་པར་གྱུར་ཀྱང་བཙེམ་པར་ནུས་པ་ནི་བཞི་པ་དང ། སླར་ཡང་ཚོལ་བ་ན་བདེ་བར་བྱེད་ནུས་པ་ནི་ལྔ་པ་དང ། དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རིགས་པ་ནི་དྲུག་པ་དང ། ཆོམ་རྐུན་པ་ལ་མི་མཁོ་བ་ནི་བདུན་པ་དང ། གྱོན་པ་ན་དཀའ་ཐུབ་པའི་རྒྱན་དུ་འགྱུར་བ་ནི་བརྒྱད་པ་དང ། གྱོན་པ་ན་ཡང་བར་འགྱུར་བ་ནི་དགུ་པ་དང་།[་]ཆོས་གོས་སོ་སོ་ལ་འདོད་པ་ཆུང་བ་ནི་བཅུ་པ་དང ། སློང་བ་ན་ཆོས་པ་ལ་ཁ་ན་མ་ཐོ་བ་མེད་པ་ནི་བཅུ་གཅིག་པ་དང ། ཤིང་ཤུན་གྱི་གོས་སྟོར་ན་ཡང་ལྟོས་པ་མེད་པ་ནི་བཅུ་གཉིས་པའོ། །སྐྱོན་བརྒྱད་དང་ལྡན་པའི་ལོ་མའི་ཁང་པ་དོར་ཞེས་པ་ནི་ཇི་ལྟར་དོར། དེའི་གོས་མཆོག་གཉིས་ཀྱི་རིགས་སུ་གྱུར་པ་ཨ་ཎའོ་ཛའི་མེ་ཏོག་གི་ཕྲེང་བ་ལྟ་བུའི་གོས་དམར་པོ་བླངས་ནས་སྨད་དུ་གྱོན་ཏེ་སྟེང་དུ་གཞན་ཡང་ཁ་དོག་སེར་པོའི་ཤིང་ཤུན་གྱི་གོས་གྱོན་ནས། པུན་ནཱ་གའི་མེ་ཏོག་གི་སྟན་དང་འདྲ་བའི་རྐང་པ་དང་བཅས་པའི་གཟིག་གི་ལྤགས་པའི་གཡང་གཞི་གྱོན་ཏེ་རལ་པའི་ཁོར་ཡུག་མགོ་བོ་ལ་བཅིངས་ནས་གཙུག་ཕུད་བསྟན་པར་བྱ་བའི་ཕྱིར་དུ་འཁྲེགས་པའི་སྤྱི་ཁབ་བཙུགས་སོ། །མུ་ཏིག་གི་དྲ་བ་བཞིན་དུ་འཐེན་ཐག་བྱི་རུའི་ཁ་དོག་ལྟ་བུའི་བུམ་པ་ནང་དུ་བཅུག་སྟེ་གནས་གསུམ་གྱི་ཀྱོག་པོའི་ཤིང་དེ་བླངས་ནས་ཁུར་ཤིང་དེའི་ཕྱོགས་གཅིག་ལ་བུམ་པ་དང་ཕྱོགས་གཉིས་ལ་ལྕགས་ཀྱུ་དང་སྨྱུག་འཁུར་དང་དབྱུག་གུ་གསུམ་པ་ལ་སོགས་པ་བཟུང་ཞིང་ཁྱེར་ནས་ཕྲག་པའི་ཁུར་དུ་ཁྱེར་ཏེ་ལག་པ་གཡས་སུ་མཁར་བ་བཟུང་ནས་ལོ་མའི་ཁང་པ་ནས་བྱུང་སྟེ་ཁྲུ་དྲུག་བཅུ་པའི་འཆག་ས་ཆེན་པོར་ཕན་ཚུན་དུ་འཆག་པར་བྱེད་ཅིང་རང་གི་ཆ་ལུགས་ལ་བལྟས་ནས། བདག་གི་འདོད་པ་ཡོངས་སུ་རྫོགས་པར་ཐོབ་བོ།[་]།བདག་ཉིད་མཛེས་པར་རབ་ཏུ་བྱུང
39.182b
ནས་སངས་རྒྱས་དང་རང་སངས་རྒྱས་ལ་སོགས་པའི་སྐྱེས་བུ་དཔའ་བོས་བསྔགས་པ་དང་བསྟོད་ཅིང ། རབ་ཏུ་བྱུང་བ་ཞེས་བྱ་བ་འདི་ནི་ཁྱིམ་གྱི་འཆིང་བ་སྤངས་ནས་བདག་གིས་ངེས་པར་བྱུང་ཞིང་རབ་ཏུ་བྱུང་བ་མཆོག་བདག་གིས་ཐོས་པས་དགེ་སྦྱོང་གི་ཆོས་བདག་གིས་བྱས་སོ། །བདེ་བའི་འབྲས་བུ་བདག་གིས་ཐོབ་ནས་སྤྲོ་བ་སྐྱེས་སོ། །ཁུར་དལ་བུས་ས་ལ་བཞག་ནས་འཆག་སའི་དབུས་སུ་ཁ་དོག་སེར་པོའི་རྡོའི་སྟེང་དུ་གསེར་གྱི་གཟུགས་བརྙན་ལྟ་བུ་བཞུགས་ཏེ་ཉིན་མོའི་ཆ་སོང་ནས་སྲོད་ཀྱི་དུས་སུ་ལོ་མའི་ཁང་པའི་ནང་དུ་བཞུགས་ནས། ཁྲི་ཤིང་ལེགས་པོའི་གཞོག་གི་སྟེང་དུ་ཉལ་ལོ། །ལུས་ལ་སེར་བུས་གོས་པར་བྱེད་ཅིང་ནམ་གྱི་ཆ་སྨད་ལ་ལངས་ཏེ་བདག་ཡོངས་པའི་དོན་ལ་རྟོག་ཅིང་བདག་གིས་ཁྱིམ་གྱི་གནས་ཀྱི་སྐྱོན་མཐོང་ནས་བདུད་རྩི་ལ་ལོངས་སྤྱོད་པ་དང་གྲགས་པ་མཐའ་ཡས་པ་སྤངས་ནས་དགོན་པར་གནས་ཏེ་ངེས་པར་འབྱུང་བ་བཙལ་བའི་ཕྱིར་རབ་ཏུ་བྱུང་ངོ ། །དེ་ནས་བཟུང་ནས་བག་མེད་པའི་སྤྱོད་པའི་རྟོགས་པ་དང་རབ་ཏུ་དབེན་པ་སྤངས་ནས་འགྲོ་བ་ལོག་པའི་སྦྲང་མས་ཟ་བས་ད་ནི་བདག་གི་རབ་ཏུ་དབེན་པ་དོར་བར་རིགས་སོ། །བདག་གིས་ཀྱང་ཁྱིམ་པའི་གནས་ཟང་ཟིང་དང་བཅས་པར་མཐོང་སྟེ་ཕྱིན་ནས་ལོ་མའི་ཁང་པ་ཡིད་དུ་འོང་བ་འདི་ཡང་ཁ་དོག་སེར་པོས་ས་གཞི་ལ་ཞལ་བ་ལེགས་པར་བྱས་ནས། དངུལ་གྱི་ཁ་དོག་ལྟར་དཀར་བའི་རྩིག་པ་རྣམས་དང་ཐོག་ཕུག་རོན་གྱི་རྐང་པའི་ཁ་དོག་ལྟར་དམར་བའི་ལོ་མའི་བླ་གབ་ཅན་ནོ། །སྣ་ཚོགས་པའི་ཁ་དོག་ཅན་གྱི་ཤིང་ཁྲིའི་སྟན་ལ་ཉལ་བ་དང་འདུག་པ་ན་བདེ་བར་བལྟ་བ་དེ་རྣམས་ནི་ཆེས་ཆེར་ལྷག་པར་ཁྱིམ་པའི་ཕུན་སུམ་ཚོགས་པ་དང་འདྲ་བར་མཐོང་ངོ ། །ལོ་མའི་ཁང་པའི་སྐྱོན་བལྟས་པས་སྐྱོན་བརྒྱད་མཐོང་སྟེ། ལོ་མའི་ཁང་པ་ལ་ལོངས་སྤྱོད་པ་ན་སྐྱོན་བརྒྱད་པོ་ནི། ཤིང་མང་པོ་ལ་ནོར་མང་པོ་དགོས་པ་དང་བསྡུས་ནས་ཁང་པ་བྱེད་ཅིང་ཚོལ་བ་ནི་སྐྱོན་གཅིག་པ་དང ། རྩ་དང་ས་འཛད་པ་དང་ཡང་དང་ཡང་ཟད་པས་ན་བཅོས་དགོས་པ་རྒྱུན་མི
39.183a
འཆད་པ་ནི་སྐྱོན་གཉིས་པ་དང ། ཉལ་བའི་གནས་ཞེས་བྱ་བ་ནི་ཆེན་པོ་ལ་རིགས་ཏེ། དུས་མ་ཡིན་པར་སློང་དགོས་པས་སེམས་གཅིག་ཏུ་མི་གནས་པ་དང་འགྲོ་དགོས་པ་ནི་སྐྱོན་གསུམ་པ་དང ། གྲང་བ་དང་དྲོ་བ་དང་འཇམ་པ་དང་ལུས་བདེ་བར་བྱེད་པ་ནི་སྐྱོན་བཞི་པ་དང ། ཁང་པའི་ནང་དུ་ཞུགས་ནས་སྡིག་པ་བྱེད་པར་ནུས་པ་དང ། ངོ་ཚ་བ་བཟློག་པ་ནི་སྐྱོན་ལྔ་པ་དང་བདག་གི་ཡིན་ནོ་ཞེས་བསྲུང་བ་ནི་སྐྱོན་དྲུག་པ་དང ། ཁྱིམ་པ་ཡོང་ཞེས་པ་གཉིས་པའི་སྐྱོན་བདུན་པ་དང ། ཤིག་དང་འདྲེ་ཤིག་དང་ཁྱི་ཤིག་ལ་སོགས་པའི་སྲོག་ཆགས་དུ་མ་གནས་པར་འགྱུར་བ་ནི་སྐྱོན་བརྒྱད་པའོ། །འདི་རྣམས་ཀྱི་སྐྱོན་བརྒྱད་པོ་རྣམས་མཐོང་ནས་སེམས་པ་ཆེན་པོས་ལོ་མའི་ཁང་པ་སྤངས་སོ། །དེའི་ཕྱིར་གསུངས་པ། སྐྱོན་བརྒྱད་དང་ནི་ལྡན་པ་ཡི། །ལོ་མའི་ཁང་པ་སྤངས་ཞེས་པ། །ཤིང་གི་དྲུང་དུ་གནས་གྱུར་ན། །ཡོན་ཏན་བཅུ་དང་ལྡན་པ་ཡིན། །ཡིབ་པའི་གནས་རྣམས་སྤངས་པ་དང ། །ཡོན་ཏན་བཅུ་དང་ལྡན་པ་ཡི། །ཤིང་གི་དྲུང་དུ་གནས་པའོ་ཞེས་བརྗོད་པ་ནི་དེ་ལ་ཡོན་ཏན་བཅུ་པོ་འདི་བསྩག་མི་དགོས་པ་ནི་ཡོན་ཏན་གཅིག་དང ། ཉལ་བར་གནས་པ་ཙམ་གྱིས་བསྲུང་མི་དགོས་པར་རྙེད་པ་ནི་གཉིས་པ་དང ། དེར་བྱི་དོར་བྱེད་པ་མེད་པར་ལོངས་སྤྱོད་པ་དང་བདེ་བར་གནས་པ་དང་སློང་བ་མེད་པ་ནི་གསུམ་པ་དང ། ངོ་ཚ་བ་ན་ཡིབ་པ་མེད་ཅིང་དེར་སྡིག་པ་བྱེད་པ་མེད་ལ་སྦེད་པ་མེད་པ་ནི་བཞི་པ་དང ། བླ་གབ་མེད་པའི་གནས་བཞིན་དུ་ལུས་རྟག་ཏུ་སྡོད་པ་མེད་པ་ནི་ལྔ་པ་དང ། ཡོངས་སུ་འཛིན་པར་མི་འདོད་པ་ནི་དྲུག་པ་དང ། ཁྱིམ་གྱི་འདོད་པ་སྤངས་པ་ནི་བདུན་པ་དང་།[་]མང་པོ་དགོས་པའི་འཛིན་པ་མེད་པ་དང་ཡོངས་སུ་བསྲུང་བ་མེད་པ་དང་འགྲོ་བ་ན་འདོད་པ་མེད་པ་ནི་བརྒྱད་པ་དང ། སྡོད་པ་ན་དགའ་བ་དང་བཅས་པ་མེད་པ་ནི་དགུ་པ་དང ། ཤིང་དྲུང་གི་གནས་ནི་སོང་ཞིང་སོང་བ་ན་རྙེད་སླ་བ་དང་ལྟོས་པ་མེད་པ་ནི་བཅུ་པའོ། །ཡོན་ཏན་བཅུ་པོ་འདི་མཐོང་སྟེ་ཤིང་གི་འགྲམ་དུ་གནས་ཞེས་བརྗོད་པ་དང ། འདི་ལྟ་བུ་དེ་རྣམས་ནི་བྱེད་པར་བསམས་པའོ། །སེམས་པ་ཆེན་པོ་སང་གི་ཉི་མ་ལ་བསོད་སྙོམས་ལ་གཤེགས་པས་དེ་མ་ཐག་ཏུ
39.183b
གྲོང་དུ་སླེབ་སྟེ་མི་རྣམས་སྤྲོ་བ་ཆེན་པོ་སྐྱེས་ནས་བསོད་སྙོམས་བྱིན་ནོ། །དེའི་གདུགས་ཚོད་ཐོན་ནས་གནས་སུ་བྱོན་ཏེ་སླེབ་ཅིང་བཞུགས་ནས་བསམས་པ། བདག་གིས་བསོད་སྙོམས་ཐོབ་པའི་ཕྱིར་རབ་ཏུ་བྱུང་བ་ནི་མ་ཡིན་ནོ། །ཟས་ཞིམ་པ་ཞེས་བྱ་བ་འདིས་ང་རྒྱལ་གྱི་རྒྱགས་པ་དང ། སྐྱེས་བུ་འདོད་པའི་རྒྱགས་པ་འཕེལ་བ་དང ། བཟའ་བའི་གཞི་ལ་བརྟེན་ནས་སྡུག་བསྔལ་མཐའ་མེད་དོ། །བདག་གིས་སླར་ཡང་བཏབ་པ་དང་བསྐྲུན་པ་ལས་སྐྱེས་པའི་འབྲུའི་བཟའ་བ་སྤངས་ནས། འབྲས་བུ་མཆོག་གི་བཟའ་བ་ལ་བརྟེན་པར་བྱའོ། །དེས་དེ་ནས་དེ་བླངས་ཏེ།[་]དེ་ལྟར་བྱས་ནས་ལུས་སྡུག་བསྔལ་དུ་འབད་པ་བྱས་པ་དང་ཞག་བདུན་གྱི་ནང་དུ་སྙོམས་པར་འཇུག་པ་བརྒྱད་པོ་རྣམས་དང་མངོན་པར་ཤེས་པ་ལྔ་སྐྱེད་ཏེ་དེའི་ཕྱིར་གསུངས་པ། བཏབ་དང་བསྐྲུན་པའི་འབྲུ་རྣམས་ནི། །ལྷག་མ་མེད་པར་སྤངས་པ་དང ། །ཡོན་ཏན་དུ་མ་དང་ལྡན་པའི། །འབྲས་བུ་སྩོགས་ལ་འཇུག་པའོ། །དེར་ནི་དཀའ་ཐུབ་ཀྱིས་གནས་དང ། །སྡོད་དང་འཆག་པའི་གནས་རྣམས་སུ། །ཞག་བདུན་གྱི་ནི་ནང་ཉིད་དུ། །མངོན་པར་ཤེས་པའི་སྟོབས་ཐོབ་བོ། །དེ་ལྟར་མངོན་པར་ཤེས་པ་ཐོབ་ནས། བློ་གྲོས་བཟང་པོ་དཀའ་ཐུབ་པས་བདེ་བའི་སྙོམས་པར་འཇུག་པ་ལ་གནས་སོ། །དེའི་ཚེ་མར་མེ་མཛད་ཅེས་བྱ་བའི་སྟོན་པ་འཇིག་རྟེན་དུ་བྱོན་པར་གྱུར་ཏོ། །དེ་མངལ་དུ་ཞུགས་ནས་བལྟམ་པ་དང་བྱང་ཆུབ་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་པོ་ཐམས་ཅད་གཡོས་སོ་རབ་ཏུ་གཡོས་སོ་སྒྲ་སྒྲོགས་སོ། །སྒྲ་ཆེར་སྒྲོགས་སོ། །སྔོན་གྱི་མཚན་མར་གྱུར་པ་སུམ་བཅུ་རྩ་གཉིས་དང ། བློ་གྲོས་བཟང་པོ་དཀའ་ཐུབ་པས་སྙོམས་པར་འཇུག་པའི་བདེ་བ་ལ་གནས་པས་དེ་རྣམས་ཀྱི་སྒྲ་མ་ཐོས་པ་དང་དེ་རྣམས་ཀྱི་སྔོན་གྱི་མཚན་མ་མ་མཐོང་ངོ ། །དེའི་ཕྱིར་གསུངས་པ། སྟན་གཅིག་ལ་ནི་བསྟེན་ནས་སུ། །བདག་གིས་དེ་ལྟར་གྲུབ་པ་ཐོབ། །རྒྱལ་བ་མར་མེ་མཛད་ཅེས་པ། །འཇིག་རྟེན་འདྲེན་པ་བྱོན་པར་གྱུར། །མངལ་དུ་ཞུགས་ནས་སྐྱེས་གྱུར་པ། །སངས་རྒྱས་ནས་ནི་ཆོས་བསྟན་པ། །མཚན་མ་བཞི་པོ་མཐོང་མ་གྱུར། །
39.184a
བསམ་གཏན་བདེ་བས་མ་ཐོས་སོ། །དེའི་ཚེ་སྟོབས་བཅུ་ལྡན་པའི་མར་མེ་མཛད་ཟག་པ་ཟད་པ་འབུམ་ཕྲག་བཞིའི་འཁོར་དང་བཅས་པ་གོ་རིམས་བཞིན་དུ་སེམས་ཅན་ལ་ཕན་པའི་ཕྱིར་འཆག་ཅིང་དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་དུ་བྱོན་ཏེ། བལྟ་ན་སྡུག་ཅེས་བྱ་བའི་གཙུག་ལག་ཁང་ཆེན་པོར་བཞུགས་སོ། །དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་ན་གནས་པའི་མར་མེ་མཛད་དགེ་སྦྱོང་གི་དབང་ཕྱུག་དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཆོག་ཐོབ་ནས་མཆོག་གི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ལྟར་རིམ་གྱིས་སེམས་ཅན་ལ་ཕན་པའི་དོན་དུ་འཆག་ཅིང་དགའ་བ་ཅན་གྱི་གྲོང་ཁྱེར་དུ་བྱོན་ཏེ་།[་]བལྟ་ན་སྡུག་གི་གཙུག་ལག་ཁང་ཆེན་པོར་བཞུགས་པ་དེ་དེ་ན་གནས་པ་རྣམས་ཀྱིས་ཐོས་ནས་མར་གསར་དང་ཞུན་མར་ལ་སོགས་པ་དང་སྨན་དང་གོས་དང་མལ་ཆ་ལ་སོགས་པ་དང་དྲིའི་ཕྲེང་བ་ལ་སོགས་པ་ལག་ཏུ་ཐོགས་ཏེ། གང་གིས་སངས་རྒྱས་དང་གང་གིས་ཆོས་དང་གང་གིས་དགེ་འདུན་གང་དེ་རྣམས་ལ་འདུད་ཅིང་དེ་ལ་དགའ་བ་དང་དེ་ལ་ཤིན་དུ་གུས་པ་དང་བཅས་པས་སྟོན་པའི་དྲུང་དུ་སོང་སྟེ། ཕྱག་བྱས་ནས་དྲི་ལ་སོགས་པའི་མཆོད་པ་བྱས་སྟེ་ཕྱོགས་གཅིག་ཏུ་འཁོད་ཅིང་ཆོས་བསྟན་པ་མཉན་ནས་སང་མགྲོན་དུ་གཉེར་ཏེ་རང་གི་ས་ནས་སོང་ངོ ། །དེ་རྣམས་བྱས་ནས་སང་སྦྱིན་པ་ཆེན་པོ་སྟ་གོན་བྱ་སྟེ་གྲོང་ཁྱེར་བརྒྱན། སྟོབས་བཅུ་པ་བྱོན་པའི་ལམ་བརྒྱན་ཏེ་ཆུ་ཡིས་ས་གཞི་མི་མཉམ་པའི་གནས་རྣམས་སུ་ས་བླུག་ནས་ས་གཞི་མཉམ་པར་བྱས་སོ། །དངུལ་གྱི་མདོག་ལྟ་བུའི་བྱེ་མས་སྤྲས་སོ། །མེ་ཏོག་གི་ཕྲེང་བ་ཉིད་དང་མེ་ཏོག་སིལ་མ་དགྲམ་པར་བྱས་སོ། །ཁ་དོག་སྣ་ཚོགས་པའི་གོས་ཀྱི་རྒྱལ་མཚན་དང་བ་དན་ལ་སོགས་པ་བསྒྲེང་བར་བྱས་སོ། །ཆུ་ཤིང་གི་ཤིང་དང་བུམ་པ་གང་བ་རྣམས་བསྒྲིགས་ནས་གཞག་པར་བྱས་སོ། །དེའི་ཚེ་བློ་གྲོས་བཟང་པོ་དཀའ་ཐུབ་པས་རང་གི་གནས་ནས་སྟེང་དུ་འཕགས་ཏེ་མི་དེ་རྣམས་ཀྱིས་སྟེང་གི་ཆའི་མཁའ་ལ་འགྲོ་བ་དེ་ལ་མི་རྣམས་དགའ་ཞིང་ཚིམ་པས་མཐོང་སྟེ་ནམ་མཁའ་ནས་ས་ལ་ཕྱོགས་གཅིག་ཏུ་འཁོད་པ་ལ་མི་རྣམས་ཀྱིས་དྲིས་སོ། །བསོད་ནམས་དང་ལྡན་པ་རྣམས་ལམ་འདི་རྣམས་སུ་ཞིག་གིས་བརྒྱན་པར
39.184b
བྱས། དེའི་ཕྱིར་གསུངས་པ།[་]ཡུལ་དང་ཕྱོགས་ཀྱི་མཐར་གནས་པའི། །དེ་བཞིན་གཤེགས་པ་མགྲོན་དུ་གཉེར།[་]།དེ་ཉིད་བྱིན་ནས་ལམ་འདི་ནི། །སེམས་ནི་དགའ་བས་ལམ་ཕྱོགས་གཅིག་།བདག་ནི་དེ་ཚེ་དེ་ཡི་དུས། །རང་གི་གནས་ནི་བྱེད་པ་དང ། །ཤིང་ཤུན་གོས་ནི་རླུང་གིས་གཡོ། །དེ་ཚེ་བདག་ནི་མཁའ་ལ་འགྲོ། །དགའ་དང་ཚིམ་དང་བདེ་བ་ཡིས། །སྐྱེ་བོ་ལམ་འཕྱག་བྱེད་པ་མཐོང ། །ནམ་མཁའ་ལས་ནི་བྱོན་ནས་སུ། །དེ་མ་ཐག་པར་མི་ལ་དྲིས། །དགའ་དང་ཚིམ་ལ་བདེ་བ་ཡི། །མཁས་ཤིང་རིག་པའི་སྐྱེ་བོ་ཆེ། །ལམ་ནི་སྙོམ་པར་བྱེད་པ་ན། །སུ་ཞིག་ཕྱིར་དུ་ལམ་འདི་འཆོས། །མི་རྣམས་ཀྱིས་སྨྲས་པ། བཙུན་པ་དཀའ་ཐུབ་པ་བློ་གྲོས་བཟང་པོ་ཉིད་ཀྱིས་མི་མཁྱེན་ནམ། སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་རོ། །སེམས་ཅན་རྣམས་ལ་ཕན་པའི་དོན་དུ་འཆག་ཅིང ། བདག་ཅག་གི་གྲོང་ཁྱེར་དུ་བྱོན་ནས་བལྟ་ན་སྡུག་གི་གཙུག་ལག་ཁང་ཆེན་པོར་བཞུགས་ལ་བདག་ཅག་གིས་བཅོམ་ལྡན་འདས་དེ་མགྲོན་དུ་གཉེར་ཏོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་བྱོན་པའི་ལམ་བརྒྱན་པར་བྱའོ། །དཀའ་ཐུབ་པ་བློ་གྲོས་བཟང་པོས་བསམས་པ།[་]སངས་རྒྱས་ཞེས་བྱ་བའི་སྒྲ་ཙམ་ཡང་འཇིག་རྟེན་དུ་རྙེད་པར་དཀའ་འོ། །དེ་ལྟར་སངས་རྒྱས་བྱོན་པ་ལ་བདག་མི་འདི་རྣམས་དང་བཅས་པས་སྟོབས་བཅུ་པའི་ལམ་བརྒྱན་པར་བྱེད་པར་རིགས་སོ། །དེས་མི་རྣམས་ལ་གསུངས་པ། གལ་ཏེ་ཁྱོད་རྣམས་ཀྱིས་ལམ་འདི་རྣམས་སངས་རྒྱས་ཀྱི་ཆེད་དུ་བརྒྱན་པར་གྱིས་ཅིག་།བདག་ལ་ཡང་གནས་གཅིག་སྦྱིན་པར་གྱིས་ཅིག་།བདག་གིས་ཀྱང་ཁྱེད་རྣམས་དང་འགྲོགས་ནས་ལམ་བརྒྱན་པར་བྱའོ། །དེ་རྣམས་ཀྱིས་ལེགས་སོ་ཞེས་བསམས་ནས་དཀའ་ཐུབ་པ་བློ་གྲོས་བཟང་པོ་རྫུ་འཕྲུལ་དང་ལྡན་པར་ཤེས་ནས་ཆུ་ཡིས་གནོད་པར་བྱས་པའི་གནས་ཕན་ཚུན་དུ་བསམས་ནས་དེ་ལ་གནས་བརྒྱན་པར་གྱིས་ཤིག་ཅེས་བྱིན་ནོ། །བློ་གྲོས་བཟང་པོ་སངས་རྒྱས་ལ་དགའ་ནས་བསམས་སོ། །བདག་གིས
39.185a
གནས་འདིར་རྫུ་འཕྲུལ་གྱིས་བརྒྱན་པར་ནུས་སོ། །ཇི་ལྟར་བརྒྱན་པར་བྱས་ཀྱང་བདག་གི་ཡིད་ཚིམ་པ་མེད་དོ། །བདག་གིས་དེ་རིང་ལུས་དུབ་པར་བྱས་སོ། །ས་རྣམས་བླངས་ནས་གནས་དེར་བླུག་གོ། །དེ་དེའི་ཕྱོགས་དེ་བརྒྱན་པ་མ་གྲུབ་པར་སྟོབས་བཅུ་ལྡན་པའི་མར་མེ་མཛད་ཐུབ་པ་ཆེན་པོ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཟག་པ་ཟད་པ་འབུམ་ཕྲག་བཞིའི་འཁོར་དང་བཅས་པ་རྣམས་ལ་ལྷ་རྣམས་ཀྱིས་ལྷའི་དྲི་བཟང་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཆོད་པར་བྱེད་ཅིང་ལྷའི་གླུ་དབྱངས་དང་བཅས་པ་སྒྲོགས་སོ། །མི་རྣམས་ཀྱིས་མིའི་དྲི་བཟང་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཆོད་པར་བྱེད་ཅིང་མཐའ་ཡས་པའི་སངས་རྒྱས་ཀྱི་རོལ་པའི་རི་མ་ནོ་ཤི་ལའི་སྟེང་དུ་སེང་གེ་སྒྲ་སྒྲོགས་པ་བཞིན་དུ། ལྷའི་ལམ་བརྒྱན་པར་བྱས་ནས་ལམ་དུ་བྱོན།[་]བློ་གྲོས་བཟང་པོ་དཀའ་ཐུབ་པས་མིག་གིས་བལྟས་ནས་ལམ་བརྒྱན་པ་ལ་སྟོབས་བཅུ་བྱོན་ནོ། །སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་ཉེ་བར་གསལ་བ། འོད་འདོམ་གང་གིས་ཡོངས་སུ་བསྐོར་བ་དང་ནོར་བུའི་ཁ་དོག་ལྟ་བུ་ནམ་མཁའི་མཐིལ་ལ་སྣ་ཚོགས་པའི་རྣམ་པ་ཀློག་གི་འོད་ལྟ་བུ་དུས་དང་དུས་མ་ཡིན་པར་འབྱུང་བ་ཉིད་ཟུང་དང་ཟུང་དུ་གྱུར་པ་དང་ཁ་དོག་དྲུག་དང་ལྡན་པའི་ཚོགས་སངས་རྒྱས་ཀྱི་འོད་ཟེར་འཕྲོ་ཞིང་གཟུགས་མཆོག་ཐོབ་པའི་བདག་ཉིད་བལྟས་ནས་དེ་རིང་བདག་གིས་སྟོབས་བཅུ་པ་ལ་སྲོག་ཡོངས་སུ་གཏོང་བར་རིགས་སོ། །བཅོམ་ལྡན་འདས་འཇིམ་པའི་སྟེང་དུ་འགྲོ་བར་མི་རིགས་སོ། །ནོར་བུའི་སྤང་ལེབ་ཀྱི་ཟམ་པ་ལ་ཞབས་གནོན་ཅིང་གཤེགས་པ་ལྟ་བུར་ཟག་པ་ཟད་པ་འབུམ་ཕྲག་བཞི་དང་ལྷན་ཅིག་བདག་གི་རྒྱབ་གནོན་ཅིང་གཤེགས་སུ་གསོལ། དེ་ནི་བདག་ལ་ཡུན་རིང་པོར་ཕན་པ་དང་བདེ་བར་འགྱུར་རོ། །སྐྲ་བཀྲོལ་ཏེ་གཟིག་གི་ལྤགས་པ་དང་ཤིང་ཤུན་གྱི་གོས་དང ། འཇིམ་པ་ནག་པོའི་སྟེང་ནོར་བུའི་སྤང་ལེབ་ཀྱི་ཟམ་པ་ལྟ་བུའི་འཇིམ་པའི་སྟེང་དུ་ཉལ་ལོ། །དེའི་ཕྱིར་གསུངས་པ། བདག་གི་དེ་ལ་དྲི་ལུང་བསྟན། །
39.185b
འཇིག་རྟེན་འདས་པའི་སངས་རྒྱས་ནི། །རྒྱལ་བ་མར་མེ་མཛད་ཅེས་པ། །འཇིག་རྟེན་འདྲེན་པ་བྱོན་པ་ཡི། །མི་མཉམ་ལམ་ནི་འཆོས་པ་དང ། །དེ་ཡི་ལམ་ནི་བྱི་དོར་བྱེད། །སངས་རྒྱས་ཞེས་པ་བདག་གིས་ཐོས། །དེ་མ་ཐག་ཏུ་དགའ་བ་སྐྱེས། །སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །ཡིད་བདེ་དགའ་བ་སྐྱེས་པར་གྱུར། །ཚིམ་ཞིང་དགའ་བ་སྐྱེས་པའི་སེམས། །དེ་རུ་འཁོར་ཏེ་རྣམ་པར་བསམ། །འདིར་ནི་ས་བོན་བསྐྲུན་བྱས་ནས། །དེ་མ་ཐག་ཏུ་བདག་ལ་སྐྱེ། །གལ་ཏེ་སངས་རྒྱས་ཆེད་བྱི་དོར། །མ་བཅོས་གནས་གཅིག་བདག་ལ་བྱིན། །བདག་ཀྱང་བྱི་དོར་བྱེད་པ་ཡིན། །མི་མཉམ་པ་ནི་འཆོས་པའོ། །དེ་ཚེ་ལམ་ནི་བྱི་དོར་བྱ། །བདག་ལ་མ་བཅོས་གནས་གཅིག་བྱིན། །སངས་རྒྱས་སངས་རྒྱས་ཞེས་བསམ་ཞིང ། །དེ་ཚེ་བདག་ནི་ལམ་འདི་འཆོས། །བདག་གི་གནས་ནི་མ་གྲུབ་པར། །ཐུབ་པ་ཆེན་པོ་མར་མེ་མཛད། །མངོན་ཤེས་དྲུག་པོ་མཚུངས་ལྡན་པར། །འབུམ་ཕྲག་བཞི་པོ་རྣམས་ལ་ནི། །དྲི་མ་མེད་ཅིང་ཟག་པ་ཟད། །རྒྱལ་བ་ལམ་དུ་བྱོན་པར་གྱུར། །བསུ་བ་བྱེད་པ་པོ་རྣམས་ནི། །རོལ་མོ་རྣམས་ནི་དཀྲོལ་བ་དང ། །ལྷ་དང་མི་རྣམས་ཡི་རང་བྱེད། །ལེགས་སོ་ཞེས་པའི་ཚིག་བྱིན་ནོ། །ལྷ་ཡིས་མི་རྣམས་མཐོང་བ་དང ། །མི་རྣམས་ཀྱིས་ཀྱང་ལྷ་རྣམས་མཐོང ། །དེ་གཉིས་ཀྱིས་ནི་ཐལ་མོ་སྦྱོར། །དེ་བཞིན་གཤེགས་དང་ཐབས་གཅིག་འགྲོ། །ལྷ་དང་ལྷ་ཡི་རོལ་མོ་དང ། །མི་དང་མི་ཡི་རོལ་མོ་དང ། །གཉིས་ཀ་ཡང་ནི་རོལ་མོ་དཀྲོལ། །དེ་བཞིན་གཤེགས་དང་ཐབས་ཅིག་འགྲོ། །ལྷ་མི་མེ་ཏོག་མན་དཱ་ར། །པད་མ་པ་རི་ཚད་ཏྲ་ཀ་།ཕྱོགས་དང་མཚམས་སུ་མེ་ཏོག་འཐོར། །ལྷ་རྣམས་མཁའ་ལ་གནས་ནས་སོ། །ཙམ་པ་ཀཾ་ཤཱ་ལ་ལཾ་ནི་པཾ། །ནཱ་གཱ་པུནྣཱ་གཱ་ཀེ་ཏ་ཀཾ་།།སྟེང་གི་ཕྱོགས་དང་མཚམས་སུ་འཐོར། །ས་སྟེང་འགྲོ་བ་མི་རྣམས་སོ། །དེར་ནི་བདག་གི་སྐྲ་བཀྲོལ་ནས། །ཤིང་ཤུན་ཆོས་གོས་གཟིག་ལྤགས་ནི། །འཇིམ་པའི་སྟེང་དུ་བསྟིང་ནས་སུ། །
39.186a
ཁ་བུབ་དུ་ནི་བདག་གིས་ཉལ། །འཇིམ་པའི་སྟེང་ནས་མི་གཤེགས་པར། །བདག་ནི་གནོན་ཅིང་སངས་རྒྱས་རྣམས། །སློབ་མ་འཁོར་བཅས་གཤེགས་སུ་གསོལ། །བདག་ལ་ཕན་པར་འགྱུར་བ་ཡིན། །དེ་འཇིམ་པའི་སྟེང་དུ་ཉལ་ནས་སླར་ཡང་མིག་གིས་བལྟ་ཞིང་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་སངས་རྒྱས་ཀྱི་འབྱོར་པ་ཡང་དག་པར་བལྟས་ནས་དེ་ལྟར་བསམས་སོ། །གལ་ཏེ་བདག་གི་ཉོན་མོངས་པ་ཐམས་ཅད་གཞོམ་པར་འདོད་པ་དང ། དགེ་འདུན་རྣམས་ཀྱི་གཞོན་ནུར་འགྱུར་བར་བྱ་བ་དང ། དགའ་བ་ཅན་གྱི་གྲོང་ཁྱེར་དུ་འཇུག་པར་འདོད་དོ། །གཞན་གྱི་ཆ་ལུགས་ཀྱིས་ཀྱང་ཉོན་མོངས་པ་འདི་གཞོམ་པར་བྱས་ནས་མྱ་ངན་ལས་འདས་པ་ཐོབ་པ་ལ་དོན་མེད་དོ། །སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་བདག་གིས་ཇི་ལྟ་བ་བཞིན་དུ་བྱའོ། །མཆོག་གི་བྱང་ཆུབ་ཐོབ་ནས་སྐྱེ་བོ་མང་པོ་འཁོར་བའི་རྒྱ་མཚོ་ལ་གྲུར་ཞུགས་ནས་ཕ་རོལ་དུ་སྒྲལ་བར་བྱས་ནས། ཕྱི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་འདི་ནི་བདག་གིས་རིགས་པའོ། །དེ་ནས་ཆོས་བརྒྱད་པོ་གཅིག་ཏུ་བསྡུ་སྟེ་སངས་རྒྱས་འདོད་པར་སྨོན་པས་སེམས་ལ་བལྟ་ཞིང་ཉལ་ལོ། །དེའི་ཕྱིར་གསུངས་པ། ས་གཞི་ལ་ནི་ཉལ་ནས་ནི། །བདག་གིས་དེ་ལྟར་བསམས་པ་ནས། །བདག་ནི་དེ་རིང་འདོད་པ་ཡི། །བདག་གིས་ཉོན་མོངས་གཞོམ་པ་འོ། །བདག་ནི་ཆ་ལུགས་གཞན་གྱིས་ཀྱང ། །འདིར་ནི་ཆོས་འདི་མངོན་དུ་བྱ། །ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས། །ལྷ་དང་བཅས་པ་སངས་རྒྱས་འགྱུར། །བདག་ཉིད་གཅིག་པུ་གྲོལ་ནས་ཅི། །སྐྱེས་བུ་མཐུ་ལྡན་མཐོང་བ་དང ། །ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས། །ལྷ་དང་མི་རྣམས་ཡང་དག་བསྒྲལ། །བདག་གི་འདི་ཡི་གཞི་ཡིས་ནི། །མཐུ་དང་ལྡན་པ་མཐོང་བ་དང ། །ཐམས་ཅད་མཁྱེན་པ་ཐོབ་ནས་ནི། །སྐྱེ་བོ་མང་པོ་བདག་གིས་བསྒྲལ། །འཁོར་བའི་མདུད་པ་བཅད་ནས་ནི། །སྲིད་གསུམ་པོ་ནི་ཟད་བྱས་ལ། །ཆོས་ཀྱི་གྲུ་ཡི་ནང་ཞུགས་ནས། །ལྷ་དང་མི་རྣམས་ཡང་དག་བསྒྲལ། །གང་ཞིག་སླར་ཡང་སངས་རྒྱས་དོན་དུ་གཉེར་བའི་ཕྱིར་རོ། །མི་ཡི་ལུས་ནི་མཚན་མར་ལྡན། །སྟོན་པའི་ལྟ་བའི་རྒྱུ་དང་ནི། །
39.186b
རབ་བྱུང་ཡོན་ཏན་ལྡན་པ་དང ། །རིགས་པ་དང་ནི་འདུན་པ་དང ། །ཆོས་བརྒྱད་པོ་ནི་བསྡུས་ནས་སུ། །སྨོན་ལམ་མངོན་པར་འཕེལ་བའོ། །མིའི་ལུས་ལ་གནས་ཤིང་སངས་རྒྱས་ཉིད་དོན་དུ་གཉེར་བ་ནི་དོན་དུ་གཉེར་བ་ཕུན་སུམ་ཚོགས་པ་འགྲུབ་བོ།[་]།ཀླུའམ་མཁའ་ལྡིང་ངམ་ལྷ་རྣམས་ཀྱིས་དེ་དོན་དུ་གཉེར་ཡང་མི་འགྲུབ་བོ།[་]།མིའི་ལུས་སུ་གྱུར་ཅིང་སྐྱེས་བུའི་མཚན་གནས་པས་ནི་དེ་དོན་དུ་གཉེར་བ་འགྲུབ་བོ། །བུད་མེད་དམ་ཟ་མའམ་མ་ནིང་ངམ་མཚན་གཉིས་པས་ནི་འགྲུབ་པ་མ་ཡིན་ནོ། །སྐྱེས་བུར་གྱུར་ནས་དེའི་ལུས་སུ་འདོད་པ་དང་དགྲ་བཅོམ་པ་ཐོབ་པར་བྱ་བའི་ཕྱིར་དུ་ཡོངས་སུ་རྫོགས་པར་འགྲུབ་བོ། །གཞན་གྱིས་ནི་མ་ཡིན་ནོ། །སྒྱུ་དང་ལྡན་ཞིང་གལ་ཏེ་འཚོ་བ་དང་ལྡན་པའི་སངས་རྒྱས་ཀྱི་དྲུང་དུ་གཉེར་ན་དོན་དུ་འགྲུབ་བོ། །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་རྟེན་གྱི་དྲུང་དུའམ་བྱང་ཆུབ་ཤིང་གི་དྲུང་དུ་དོན་དུ་གཉེར་བས་ནི་མི་འགྲུབ་བོ། །སངས་རྒྱས་ཀྱི་དྲུང་དུ་དོན་དུ་གཉེར་ཀྱང་རབ་ཏུ་བྱུང་བའི་མཚན་མ་དང་ལྡན་པས་འགྲུབ་ཀྱི།[་]ཁྱིམ་པའི་མཚན་མ་དང་ལྡན་པས་ནི་མ་ཡིན་ནོ། །རབ་ཏུ་བྱུང་ཡང་མངོན་པར་ཤེས་པ་ལྔ་དང་སྙོམས་པར་འཇུག་པ་བརྒྱད་ཐོབ་པས་འདོད་པར་འགྲུབ་ཀྱི། ཡོན་ཏན་འདི་རྣམས་དང་བྲལ་བས་ནི་མ་ཡིན་ནོ། །ཡོན་ཏན་དང་ལྡན་ཡང་གང་ཞིག་འཚོ་བ་དང་ལྡན་པའི་ལུས་སངས་རྒྱས་ལ་ཡོངས་སུ་བཏང་ན་འགྲུབ་ཀྱི། གཞན་དུ་ནི་མ་ཡིན་ནོ། །དེའི་གཞི་འདིས་གཞི་ཡོངས་སུ་རྫོགས་ནས་འགྲུབ་བོ། །གཞན་གྱིས་ནི་མ་ཡིན་ནོ། །གཞི་དང་ལྡན་ཡང་གང་ཞིག་སངས་རྒྱས་ཀྱི་ཆོས་ཀྱི་ཕྱིར་དུ་འདུན་པ་ཆེན་པོ་དང ། སྤྲོ་བ་ཆེན་པོ་དང ། རྩོལ་བ་ཆེན་པོ་དང ། ཡོངས་སུ་འབད་པ་རྣམས་ཀྱིས་འགྲུབ་བོ། །གཞན་གྱིས་ནི་མ་ཡིན་ནོ། །དེ་ལ་འདིར་འདུན་པ་ཆེན་པོའི་དཔེ་ནི་གལ་ཏེ་འདི་ལྟར་གང་ཞིག་འཇིག་རྟེན་ཐམས་ཅད་ཀྱི་ཁོར་ཡུག་གི་ནང་ཆུ་ཡིས་གང་བར་གྱུར་པ་ལ་བདག་གི་ལག་པས་བརྐྱལ་ཏེ་ཕ་རོལ་དུ་འགྲོ་བར་ནུས་ན་དེས་སངས་རྒྱས་ཐོབ་པར་འགྱུར་རོ། །ཡང་ན་གང་དུ་གང་ཞིག་སླར་ཡང་ཐམས་ཅད་ཀྱི་ཁོར་ཡུག་གི་ནང་དུ་འོད་མ་མང་པོས་བཀང་སྟེ་རྐང་པས་ཉེད་ཅིང་རྡུལ་དུ་བྱེད་པས་ཕ་རོལ་དུ་འགྲོ་བར་ནུས་ན་དེ་ཡིས་སངས་རྒྱས་ཐོབ་པར་ནུས་སོ། །ཡང་ན་གང་ཞིག་སླར་ཡང་ཐམས་ཅད
39.187a
ཀྱི་ཁོར་ཡུག་གི་ནང་དུ་མཚོན་ཆ་རྣམས་ཁ་གྱེན་ལ་བསྟན་པའི་མཚོན་རྩེ་མོ་བར་མེད་པས་ཡོངས་སུ་གང་བ་ལ་རྐང་པས་རྫི་ཞིང་ཕ་རོལ་དུ་འགྲོ་བར་ནུས་ན་དེས་སངས་རྒྱས་ཐོབ་པར་འགྱུར་རོ། །ཡང་ན་གང་ཞིག་གིས་སླར་ཡང་འཇིག་རྟེན་ཁོར་ཡུག་གི་ནང་དུ་སོལ་བ་འབར་བས་ཡོངས་སུ་གང་བར་བྱས་ནས་རྐང་པས་རྫི་ཞིང་ཕ་རོལ་དུ་འགྲོ་བར་ནུས་ན་དེ་ཡིས་སངས་རྒྱས་ཐོབ་པར་འགྱུར་རོ། གང་ཞིག་དེ་རྣམས་ལས་གང་ཞིག་ལ་སྡུག་བསྔལ་བར་མི་སེམས་པར་བདག་གིས་འདི་རྣམས་ཀྱང་ཕ་རོལ་དུ་བསྒྲལ་བ་འམ་འགྲོ་བའམ་ཕ་རོལ་དུ་འགྲོ་བར་བྱའོ་ཞེས་ཤེས་སོ། །དེ་དེ་ལྟར་འདུན་པ་ཆེན་པོ་དང ། སྤྲོ་བ་དང ། རྩོལ་བ་དང ། འབད་པ་རྣམས་དང་ཡང་དག་པར་ལྡན་ན་དེའི་དོན་དུ་གཉེར་བ་འགྲུབ་བོ། །གཞན་གྱིས་ནི་མ་ཡིན་ནོ། །བློ་གྲོས་བཟང་པོ་དཀའ་ཐུབ་པ་སླར་ཡང་ཆོས་བརྒྱད་པོ་འདི་རྣམས་བསྡུས་ནས་སངས་རྒྱས་འདོད་པའི་སྨོན་ལམ་བཏབ་ནས་ཉལ་ལོ། །བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ཀྱང་བྱོན་ནས་བློ་གྲོས་བཟང་པོ་དཀའ་ཐུབ་པའི་མགོའི་གམ་དུ་བཞུགས་ཏེ་ནོར་བུ་སེང་གེའི་ཁང་པའི་གཟེབ་ཀྱི་སྒོར་སྟོན་པ་བཞིན་དུ་ཁ་དོག་ལྔ་པ་རབ་ཏུ་དངས་པ་དང་ལྡན་པའི་སྤྱན་གྱིས་གཟིགས་ནས་འཇིམ་པའི་སྟེང་ན་ཉལ་བའི་བློ་གྲོས་བཟང་པོ་དཀའ་ཐུབ་པ་གཟིགས་སོ། །དཀའ་ཐུབ་པ་འདི་སངས་རྒྱས་ཐོབ་པའི་ཕྱིར་དུ་སྨོན་ལམ་འདེབས་ཤིང་ཉལ་ལོ། །འདིའི་དོན་དུ་གཉེར་བ་འགྲུབ་བམ་མི་འགྲུབ་སྙམ་དུ་དགོངས་ནས་མ་འོངས་པའི་ཡེ་ཤེས་ཀྱིས་རྟོག་ཅིང་དཔྱོད་དོ། །འདི་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་ནས་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་ཞེས་རྟོགས་ནས་འཁོར་གྱི་ནང་དུ་ལུང་སྟོན་པས་བཀའ་སྩལ་པ། མཆོག་གི་དཀའ་ཐུབ་ཀྱི་དཀའ་ཐུབ་པ་འདི་འཇིམ་པའི་སྟེང་ན་ཉལ་བ་ཁྱེད་རྣམས་ཀྱིས་མཐོང་ངམ། གསོལ་པ། བཙུན་པ་དེ་བཞིན་དུ་མཐོང་ངོ ། །བཀའ་སྩལ་པ། འདིས་སངས་རྒྱས་ཐོབ་པར་བསམས་ནས་ཉལ་ཏོ། །གསོལ་པ། འདིའི་དོན་དུ་གཉེར་བ་འགྲུབ་པར་འགྱུར་ལགས་སམ། །བཀའ་སྩལ་པ། འདི་ནས་བསྐལ་པ་གྲངས
39.187b
མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་འདས་ནས་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ། །དེ་ལ་སླར་ཡང་གྲོང་ཁྱེར་སེར་སྐྱའི་གནས་སུ་འཁྲུང་པར་འགྱུར་རོ། །ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོ་ཞེས་བྱ་བ་ནི་ཡུམ་མོ། །རྒྱལ་པོ་ཟས་གཙང་མ་ཞེས་བྱ་བ་ནི་ཡབ་པོ།[་]།ཉན་ཐོས་ཀྱི་མཆོག་ནི་གནས་བརྟན་ཉེ་རྒྱལ་དང་ཉན་ཐོས་གཉིས་པ་ནི་གནས་བརྟན་པང་ནས་སྐྱེས་སོ། །སངས་རྒྱས་ཀྱི་ཉེ་གནས་ནི་ཀུན་དགའ་བོ་ཞེས་བྱ་བའོ། །ཉན་ཐོས་མའི་མཆོག་ནི་གནས་བརྟན་མ་དགེ་མ་ཞེས་བྱ་བ་དང་ཉན་ཐོས་མ་གཉིས་པ་ནི་གནས་བརྟན་མ་ཨུད་པ་ལའི་མདོག་ཅན་ཞེས་བྱ་བར་འགྱུར་རོ། །ཡེ་ཤེས་ཡོངས་སུ་སྨིན་པར་གྱུར་ཏེ། ངེས་པར་འབྱུང་བ་ཆེན་པོ་བྱས་ནས་དཀའ་ཐུབ་ཆེན་པོ་རྫོགས་པར་བྱ་སྟེ། ནྱ་གྲོ་དྷའི་ཤིང་དྲུང་དུ་འོ་ཐུག་བླངས་ནས་ཆུ་ཀླུང་ནཻ་ར་ཛ་རའི་འགྲམ་དུ་གསོལ་ལོ། །བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ་ཨ་ཤཱདྠའི་ཤིང་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེའི་ཕྱིར་གསུངས་པ། མར་མེ་མཛད་པ་འཇིག་རྟེན་མཁྱེན། །སེམས་ཅན་ཕན་ཕྱིར་འཇིག་རྟེན་བྱུང ། །བདག་གི་མགོ་བོའི་གམ་འདུག་སྟེ། །འདི་ལྟ་བུ་ཡི་ཚིག་གསུངས་སོ། །དཀའ་ཐུབ་པ་འདི་ལྟོས་ཤིག་དང ། །དཀའ་བ་མཆོག་གི་རལ་པ་འཛིན། །འདི་ནི་བསྐལ་པ་མང་འདས་ནས། །འཇིག་རྟེན་དུ་ནི་སངས་རྒྱས་འགྱུར། །སེར་སྐྱ་དགའ་བའི་གྲོང་དུ་འཁྲུངས། །དེ་བཞིན་གཤེགས་པ་ངེས་པར་འབྱུང ། །དཀའ་ཐུབ་གནས་སུ་གནས་ནས་ནི། །ཤིན་དུ་དཀའ་བའི་དཀའ་ཐུབ་སྤྱད། ། ཙ་པཱ་ལའི་ཤིང་དྲུང་དུ། །དེ་བཞིན་གཤེགས་པ་བཞུགས་ནས་སུ། །དེར་ནི་འོ་ཐུག་བླངས་ནས་ནི། །ནཻ་ར་ཛ་རའི་འགྲམ་གནས་ནས། །ནཻ་ར་ཛཱ་རའི་འགྲམ་དུ་ནི། །འོ་ཐུག་རྒྱལ་བས་ལོངས་སྤྱོད་དོ། །ལམ་གྱི་མཆོག་གི་ཆེད་དུ་ནི། །བྱང་ཆུབ་གཞི་ནི་བྱོན་འགྱུར་རོ། །བླ་མེད་བྱང་ཆུབ་སྙིང་པོ་ལ། །དེ་ནས་བསྐོར་བ་བྱས་ནས་ནི། ། ཤཱདྠ་ཡི་དྲུང་དུ་ནི། །གྲགས་ཆེན་ཞེས་པ་སངས་རྒྱས་འགྱུར། །འདི་ཡི་སྐྱེ་བའི་ཡུམ་གྱུར་པ། །སྒྱུ་མ་ཞེས་པར་འགྱུར་བ་ཡིན། །ཡབ་ནི་ཟས་གཙང
39.188a
ཞེས་བྱའོ། །འདི་ནི་གཽ་ཏམ་ཞེས་པར་འགྱུར། །ཟག་པ་ཟད་ཅིང་འདོད་ཆགས་བྲལ། །ཞི་བའི་སེམས་དང་མཚུངས་པར་ལྡན། །པང་ནས་སྐྱེས་དང་ཉེ་རྒྱལ་ནི། །ཉན་ཐོས་རྣམས་ཀྱི་མཆོག་ཡིན་ནོ། །ཉེ་གནས་ཀུན་དགའ་བོ་ཞེས་པས། །རྒྱལ་བ་དེ་ལ་ཞབས་ཏོག་བྱེད། །དགེ་མ་དང་ནི་ཨུད་པལ་མདོག་།ཉན་ཐོས་མ་ཡི་མཆོག་ཡིན་ནོ། །ཟག་པ་མེད་ཅིང་འདོད་ཆགས་བྲལ། །ཞི་བའི་སེམས་དང་མཚུངས་པར་ལྡན། །དེ་ཡི་བཅོམ་ལྡན་བྱང་ཆུབ་ཤིང ། ། ཤཝདྠ་ཞེས་བརྗོད་པའོ། །དེ་ཐོས་ནས་བློ་གྲོས་བཟང་པོ་དཀའ་ཐུབ་པ་བདག་གིས་དོན་དུ་གཉེར་བ་གྲུབ་པར་འགྱུར་བས་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །སྐྱེ་བོ་མང་པོས་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱི་གསུང་ཐོས་ནས། བློ་གྲོས་བཟང་པོ་དཀའ་ཐུབ་པ་སངས་རྒྱས་ཀྱི་ས་བོན་གྱི་མྱུ་གུར་གྱུར་པས་དགའ་བ་དང་བདེ་བ་སྐྱེས་སོ། །དེ་ལྟ་བུར་གྱུར་པའི་སེམས་ཀྱིས། ཇི་ལྟར་སྐྱེས་བུ་ཆུ་ཀླུང་གི་ཕ་རོལ་དུ་འགྲོ་བ་ན་མུ་འགྲམ་དྲང་པོ་ནས་ཕ་རོལ་དུ་འགྲོ་བར་མི་ནུས་ན་འོག་གི་ཆའི་མུ་གནས་ནས་ཕ་རོལ་དུ་འགྲོའོ། །དེ་ལྟར་འདི་ལྟར་བདག་གིས་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱི་བསྟན་པ་ལ་ལམ་གྱི་འབྲས་བུ་མ་ཐོབ་པར་གྱུར་ན། གང་གི་ཚེ་ཁྱོད་མ་འོངས་པ་ན་སངས་རྒྱ་བར་འགྱུར་རོ་ཞེས་སོ། །དེའི་ཚེ་ཁྱོད་ཀྱིས་མངོན་སུམ་དུ་ལམ་འབྲས་བུ་མངོན་དུ་བྱེད་པ་བདག་གིས་ནུས་སོ། །དོན་དུ་གཉེར་བར་བྱས་ནས་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་ཅིང་མེ་ཏོག་སྙིམ་པ་བརྒྱད་ཀྱིས་གཏོར་ནས་བསྐོར་བ་བྱས་ཏེ་གཤེགས་སོ། །འབུམ་ཕྲག་བཞི་པོ་ཟག་པ་ཟད་པ་དེ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ལ་དྲི་བཟང་དང་མེ་ཏོག་གིས་མཆོད་ནས་བསྐོར་བ་བྱས་ཏེ་གཤེགས་སོ། །ལྷ་དང་མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཆོད་ནས་ཕྱག་བཙལ་ཏེ་སོང་ངོ ། །བྱང་ཆུབ་སེམས་དཔས་ཐམས་ཅད་སོང་བའི་དུས་སུ་ཉལ་བའི་གནས་ནས་ལངས་ཏེ་ཕ་རོལ་དུ་ཕྱིན་པ་བསམ་པའི་ཕྱིར་མེ་ཏོག་གི་ཕུང་པོའི་སྟེང་དུ་དཀྱིལ་དཀྲུང་བཅས་ནས་བཞུགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བཞུགས་ནས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུའི་ཁོར
39.188b
ཡུག་གི་ལྷ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །འཕགས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་སྔར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྐྱིལ་དཀྲུང་བཅས་ཏེ་ཕ་རོལ་དུ་ཕྱིན་པ་སེམས་ཤིང་སྔོན་གྱི་དུས་ན་བཞུགས་བཞིན་དུ་སྡུག་བསྔལ་གྱི་མཚན་མ་མཐོང་ནས་དེ་རྣམས་ཀྱི་མཚན་མ་རྣམས་ཀྱང་དེ་རིང་སྐྱེས་པར་གྱུར་ཏོ། །ཐེ་ཚོམ་མེད་པར་ཁྱོད་སངས་རྒྱས་སུ་འགྱུར་རོ་ཞེས་བདག་གིས་དེ་རྣམས་ཤེས་སོ། །གང་གིས་འདི་རྣམས་ཀྱི་མཚན་མ་མཐོང་བར་གྱུར་པས་དེ་ངེས་པར་སངས་རྒྱས་སུ་འགྱུར་རོ། །དེ་ལ་ཁྱོད་བདག་ཉིད་བརྩོན་འགྲུས་བརྟན་པོ་མཆོག་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་སྣ་ཚོགས་པའི་བསྟོད་པ་བྱས་སོ། །དེའི་ཕྱིར་གསུངས་པ། འདི་ཡི་ཚིག་ནི་ཐོས་ནས་ནི། །མཚུངས་མེད་དྲང་སྲོང་ཆེན་པོ་ལ། །ལྷ་དང་མི་ནི་རྗེས་ཡིད་རང ། །སངས་རྒྱས་ས་བོན་མྱུ་གུ་འདི། །སྒྲ་ནི་ཆེན་པོ་སྒྲོགས་བྱེད་ཅིང ། །གསལ་བར་བཞད་པར་བྱེད་པ་དང ། །ཐལ་མོ་སྦྱར་ནས་ཕྱག་བྱེད་པ། །སྟོང་ཕྲག་བཅུ་ཡི་ལྷ་དང་བཅས། །བསྟན་པ་འདི་ལ་འབྲས་མ་ཐོབ། །གལ་ཏེ་འཇིག་རྟེན་མགོན་པོ་འདི། །མ་འོངས་པ་རྣམས་འདས་གྱུར་ནས། །འདི་ནི་སྔོན་དུ་འགྱུར་བའོ། །ཇི་ལྟར་ཆུ་ཀླུང་ཕ་རོལ་མི། །འགྲོ་བ་པོ་ཡི་མུ་གནས་ལ། །འོག་གི་མུ་ནས་བཟུང་ནས་ནི། །ཆུ་ཀླུང་ཆེན་པོའི་ཕ་རོལ་འགྲོ། །དེ་ལྟར་འདི་ལྟར་བདག་གིས་ནི། །རྒྱལ་བ་འདི་ནི་གལ་ཏེ་ན། །མ་འོངས་པ་ནི་མང་སོང་ནས། །འདི་ནི་མངོན་སུམ་གྱུར་པ་ཡིན། །མར་མེ་མཛད་ནི་འཇིག་རྟེན་མཁྱེན། །འདི་ལྟར་འགྱུར་ཞེས་གསུངས་པ་ཡིན། །བདག་གི་ལས་རྣམས་བསལ་བྱས་ནས། །རྐང་པ་གཡས་པ་བཏེག་བྱས་སོ། །གང་ཞིག་དེ་ལ་རྒྱལ་སྲས་ནི། །བདག་ལ་ཀུན་གྱིས་བསྐོར་བ་བྱས། །མི་དང་ཀླུ་དང་དྲི་ཟ་རྣམས། །ཕྱག་བྱས་ནས་ནི་གཤེགས་པར་གྱུར། །དགེ་འདུན་བཅས་པ་འཇིག་རྟེན་འདྲེན། །བདག་གིས་གཤེགས་པ་མཐོང་བ་ན། །དགའ་ཞིང་ཚིམ་པའི་སེམས་ཀྱིས་ནི། །དེ་ཚེ་བདག་གིས་སྟན་ལས་ལངས། །བདག་ནི་བདེ་ཞིང་བདེ་བར་འགྱུར། །དགའ་ཞིང་དགའ་བར་གྱུར་པ་སྟེ། །དགའ་དང་ལྡན་པར་སྐྱེ་བ་དང ། །དེ་ཡི་ཚེ་ན་སྐྱིལ་དཀྲུང་བཅས། །སྐྱིལ
39.189a
དཀྲུང་ལ་ནི་གནས་ནས་སུ། །དེ་ལ་བདག་གིས་འདི་ལྟར་བསམས། །བདག་གི་བསམ་གཏན་དབང་དུ་གྱུར། །ཡེ་ཤེས་ཀྱི་ནི་ཕ་རོལ་ཕྱིན། །སྟོང་ཕྲག་གི་ནི་འཇིག་རྟེན་ན། །ང་དང་མཚུངས་པའི་དྲང་སྲོང་མེད། །རྫུ་འཕྲུལ་ཆོས་ནི་བདག་མི་མཚུངས། །འདི་འདྲ་ཅི་བདེ་གཞན་མ་ཐོབ། །བདག་གིས་དཀྱིལ་དཀྲུང་བཅས་ནས་བདག་།སྟོང་ཕྲག་བཅུ་ལྷག་གནས་ནས་སུ།[་]།སྒྲ་ཆེན་པོ་ནི་སྒྲོགས་པར་བྱེད། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །གང་ཞིག་བྱང་སེམས་སྔོན་མ་རྣམས། །སྐྱིལ་དཀྲུང་དུ་ནི་བཞུགས་ནས་སུ། །མཚན་མ་རྣམས་ནི་མཐོང་བ་ནི། །དེ་རྣམས་དེ་རིང་མཐོང་བ་ཡིན། །གྲང་བ་རྣམས་ནི་མེད་པར་གྱུར། །དྲོ་བ་རྣམས་ནི་ཉེ་བར་ཞི། །དེ་རྣམས་དེ་རིང་སོ་སོར་མཐོང་།[་]།ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །སྟོང་ཕྲག་བཅུ་ཡི་འཇིག་རྟེན་ཁམས། །ཕན་ཚུན་དུ་ནི་འཇིགས་མེད་གྱུར། །དེ་རྣམས་དེ་རིང་སོ་སོར་མཐོང ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །རླུང་ཆེན་པོ་ནི་མི་ལྡང་ཞིང ། །ཆུ་རྣམས་རྒྱུན་ལས་ལོག་པ་དང ། །དེ་རྣམས་དེ་རིང་སོ་སོར་མཐོང ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་རྣམས། །ཐམས་ཅད་དུ་ནི་མེ་ཏོག་བྱེ། །དེ་རྣམས་དེ་རིང་མེ་ཏོག་བྱེ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །འཁྲི་ཤིང་ཡང་ན་ཤིང་གྱུར་པ། །དེ་མ་ཐག་ཏུ་འབྲས་བུར་གྱུར། །དེ་རྣམས་དེ་ཀུན་འབྲས་གྱུར་པ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །ནམ་མཁའ་དང་ནི་ས་གཞི་ལ། །རིན་ཆེན་དེ་དག་འོད་འགྱེད་དོ། །དེ་རྣམས་དེ་རིང་འོད་འགྱེད་པས། །ངེས་པར་ཁྱོད་ནི་སངས་འརྒྱས་འགྲོ། །ལྷ་རྣམས་དང་ནི་མི་རྣམས་ནི། །དེ་དག་རོལ་མོའི་སྒྲ་སྒྲོགས་སོ། །དེ་རྣམས་དེ་རིང་སྒྲ་འབྱིན་པས། །ཁྱོད་ནི་ངེས་པར་སངས་རྒྱས་འགྱུར། །མེ་ཏོག་སྣ་ཚོགས་པ་ཡི་ཚོགས། །དེ་མ་ཐག་ཏུ་ཆར་པ་འབེབས། །དེ་རྣམས་དེ་རིང་ཆར་འབེབས་པས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །རྒྱ་མཚོ་ཆེན་པོ་མ་གཡོ་ཞིང ། །འཇིག་རྟེན་སྟོང་ཕྲག་བཅུ་པོ་གཡོ། །དེ་རྣམས་དེ་རིང་གྱུར་པས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །
39.189b
སྟོང་ཕྲག་བཅུ་ཡི་དམྱལ་བ་རྣམས། །དེ་མ་ཐག་ཏུ་བསྲེག་དང་བྲལ། །དེ་རྣམས་དི་རིང་ཞི་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །ཉི་མ་དྲི་མ་མེད་པ་དང ། །རྒྱུ་སྐར་ཐམས་ཅད་མཐོང་བ་དང ། །དེ་རྣམས་དི་རིང་མཐོང་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །ཆར་པ་འབབ་པར་མ་གྱུར་ཀྱང ། །ས་ནི་སྣུམ་བག་བཅས་པ་དང ། །དེ་རྣམས་དི་རིང་ས་ལ་གྱུར། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །རྒྱུ་སྐར་ཚོགས་ནི་རྣམ་པར་གསལ། །ནམ་མཁའི་དབྱིངས་སུ་རྒྱུ་སྐར་རྣམས། །ཟླ་བ་དང་ནི་འགྲོགས་པ་བཞིན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །ས་ཁུང་རི་ཁུང་སྲོག་ཆགས་རྣམས། །སེམས་གཅིག་པས་ནི་ཕ་རོལ་མཐོང ། །དི་རིང་དེ་རྣམས་སེམས་དགའ་བས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །སེམས་ཅན་རྣམས་ནི་མི་དགའ་མེད། །དེ་མ་ཐག་ཏུ་དགའ་བར་འགྱུར། །དི་རིང་དེ་རྣམས་དགའ་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །དེ་ཚེ་ནད་རྣམས་ཉེ་བར་ཞི། །འདོད་པའི་ནད་ནི་མེད་པའོ། །དི་རིང་དེ་རྣམས་མཐོང་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །དེ་ཚེ་ཆགས་པ་བསྲབས་པ་དང ། །སྐྱོན་དང་རྨོངས་པ་རྣམ་པར་ཞིག[་]།དེ་རིང་དེ་ཀུན་དོར་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །དེ་ཡི་ཚེ་ན་འཇིགས་མེད་པ། །དི་རིང་དེ་རྣམས་མཐོང་བས་ན། །བདག་གི་རྟགས་དེ་ཀུན་གྱིས་ཤེས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །སྟེང་འོག་རྡུལ་ནི་གོ་བཟློག་འགྲོ། །དི་རིང་ཡང་ནི་དེ་རྣམས་མཐོང ། །བདག་གི་རྟགས་དེ་ཀུན་གྱིས་ཤེས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །དྲི་རྣམས་ངན་པ་སོང་བ་དང ། །ལྷ་ཡི་དྲི་ནི་འོང་བ་དང ། །དི་རིང་དེ་རྣམས་དྲི་ལྡང་བས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །ལྷ་རྣམས་ཐམས་ཅད་མཐོང་བ་དང ། །གཟུགས་མེད་པ་རྣམས་སྤངས་པ་ནི། །དི་རིང་དེ་ཀུན་མཐོང་བས་ན། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །དམྱལ་བ་རྣམས་ནི་ཇི་སྲིད་པ། །དེ་ཡི་ཚེ་ན་ཐམས་ཅད་མཐོང ། །དེ་རྣམས་དི་རིང་ཀུན་མཐོང་བས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །སྒོ་ཆུང་དང་ནི་རི་ཡི་རྣམས། །དེ་ཡི་ཚེ་ན་མི་མཐོང་མེད། །དི་རིང་ནམ
39.190a
མཁའ་བཞིན་དུ་མཐོང ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །རུམ་དུ་གནས་དང་འཐོན་པ་ནི། །སྐད་ཅིག་ཙམ་གྱིས་མ་ཡིན་ནོ། །དི་རིང་དེ་རྣམས་སོ་སོར་མཐོང ། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །བརྩོན་འགྲུས་བརྟན་པར་བྱས་ནས་ནི། །ངེས་པར་འབྱུང་བ་ལྡོག་མི་བྱ། །བདག་གིས་འདི་རྣམས་ལེགས་ཤེས་པས། །ངེས་པར་ཁྱོད་ནི་སངས་རྒྱས་འགྱུར། །བྱང་ཆུབ་སེམས་དཔས་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་དང་སྟོང་ཕྲག་བཅུའི་ཁོར་ཡུག་གི་ལྷ་རྣམས་ཀྱི་གསུང་ཐོས་ནས། ཡིད་བདེ་བ་ཆེར་སྐྱེས་ཏེ་བདག་ཉིད་སྤྲོ་བར་གྱུར་ནས་བསམས་པ། སངས་རྒྱས་རྣམས་ཀྱི་དོན་ཡོད་པའི་གསུང་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་གསུང་ལས་གཞན་དུ་མི་འགྱུར་བ་ཡིན་ནོ། །ཇི་ལྟར་ཡང་ནམ་མཁའ་ལ་རྡོ་འཕངས་ན་ལྷུང་བར་འགྱུར་བ་དང་།[་]སྐྱེས་ནས་འཆི་བར་འགྱུར་བ་དང ། སྐྱ་རེང་ཤར་ན་ཉི་མ་འཆར་བར་འགྱུར་བ་དང ། གནས་ནས་སེང་གེ་ལངས་ནས་སྒྲ་ཕྱུང་སྟེ་འགྲོ་བ་དང ། སྦྲུམ་མ་ཡོངས་སུ་སྨིན་ནས་སྐྱེ་བར་འགྱུར་བར་ངེས་སོ། །ངེས་པར་དེ་བཞིན་དུ་འདི་ལྟར་སངས་རྒྱས་རྣམས་ཀྱི་གསུང་ནི་ངེས་ཤིང་དོན་ཡོད་པར་འདོད་དོ། །ངེས་པར་བདག་ནི་སངས་རྒྱས་སུ་འགྱུར་རོ། །དེའི་ཕྱིར་གསུངས་པ། སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །སྟོང་ཕྲག་བཅུ་དང་གཉིས་ཀ་ཡི། །ཚིམ་ཞིང་དགྱེས་ལ་རབ་ཏུ་དགའ། །བདག་གིས་དེ་ཚེ་འདི་ལྟར་བསམས། །གཉིས་ནི་མི་གསུང་སངས་རྒྱས་ནི། །རྒྱལ་བ་དོན་ཡོད་པ་ཡི་གསུང ། །སངས་རྒྱས་རྣམས་ནི་གཞན་མི་གསུང ། །བདག་ནི་ངེས་པར་སངས་རྒྱས་འགྱུར། །ཇི་ལྟར་མཁའ་ལ་རྡོ་འཕངས་པ། །ངེས་པར་ས་ལ་ལྷུང་བར་འགྱུར། །དེ་བཞིན་དུ་ནི་སངས་རྒྱས་ཀྱི།[་]།གསུང་ནི་ངེས་པར་འགྱུར་བ་བཞིན། །ཇི་ལྟར་སེམས་ཅན་ཐམས་ཅད་ནི། །ངེས་པར་འཆི་བར་འགྱུར་བའོ། །དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །ཇི་ལྟར་ནམ་ནི་ཟད་པ་ན། །ངེས་པར་ཉི་མ་འཆར་བར་འགྱུར། །དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །ཇི་ལྟར་སེང་གེའི་གནས་ནས་ནི། །སེང་གེའི་སྒྲ་ནི་ངེས་པའོ། །དེ་བཞིན་དུ་ནི་སངས་རྒྱས་ཀྱི། །
39.190b
གསུང་ནི་ངེས་པར་འགྱུར་བ་བཞིན། །ཇི་ལྟར་སྦྲུམ་མ་སྨིན་གྱུར་ན། །མངལ་ནས་ངེས་པར་སྐྱེ་བར་འགྱུར། །དེ་བཞིན་དུ་ནི་སངས་རྒྱས་ཀྱི། །གསུང་ནི་ངེས་པར་འགྱུར་བ་བཞིན། །ལེགས་སོ་བདག་ནི་སངས་རྒྱས་སུ་འགྱུར་རོ། །དེ་ལྟར་ངེས་པར་བྱས་ནས་སངས་རྒྱས་སུ་བྱེད་པའི་ཆོས་ཚོལ་བས་སངས་རྒྱས་སུ་འགྱུར་བའི་ཆོས་གང་ཞིག་ན་ཡོད། གལ་ཏེ་སྟེང་ན་ཡོད་དམ་འོག་ནའམ་ཕྱོགས་སམ་མཚམས་རྣམས་ན་ཡོད་དམ་ཅི། གོ་རིམས་བཞིན་ཏུ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་བརྩམས་ནས་སྔར་གྱི་བྱང་ཆུབ་སེམས་དཔས་ཀྱང་བསྙེན་པ་དང་ངེས་པར་བརྟེན་པར་བྱ་བའི་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟིགས་སོ། །དེ་ལྟར་བདག་གིས་ཀྱང་བདག་ལ་གདམས་པ།[་]མཁས་པ་བློ་གྲོས་བཟང་པོ་ཁྱོད་ཀྱིས་ཀྱང་འདི་ནས་བཟུང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱའོ། །ཇི་ལྟར་ན་ཆུའི་བུམ་པར་ཁ་ཕུབ་ན་བུམ་པར་ཆུ་རྣམས་མི་གནས་པར་ས་ལ་བོ་བ་ཉིད་སླར་ཡང་བུམ་པ་ལ་མི་གནས་སོ། །དེ་ལྟར་འདི་ལྟར་ནོར་རམ་གྲགས་པའམ་བུ་དང་ཆུང་མ་འམ་ཡན་ལག་དང་ཉིང་ལག་རྣམས་ལྟོས་པ་མེད་པར་སློང་བ་རྣམས་ཀྱི་དོན་དུ་ཐམས་ཅད་གང་དང་གང་འདོད་པ་ལ་ལྷག་མ་མེད་པར་བྱས་ནས་སྦྱིན་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་སངས་རྒྱས་ཐོབ་བོ། །དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་བྱའོ། །དེའི་ཕྱིར་གསུངས་པ། བདག་གིས་སངས་རྒྱས་བྱེད་པའི་ཆོས། །གང་དང་དེ་རུ་བཙལ་བྱས་པ། །སྟེང་དང་འོག་དང་ཕྱོགས་བཅུ་དང ། །ཆོས་ཀྱི་དབྱིངས་ཀྱི་བར་དུའོ། །དེ་ཚེ་བཙལ་བ་ན་ནི་མཐོང ། །དང་པོར་སྦྱིན་པའི་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡི། །ལམ་ནི་ཕ་རོལ་རྗེས་སུ་འགྲོ། །འདི་ནི་རེ་ཞིག་ཁྱོད་ཀྱིས་ཀྱང ། །བརྟན་པོར་བྱས་ནས་གཟུང་བར་གྱིས། །གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །སྦྱིན་པའི་ཕ་རོལ་ཕྱིན་པར་གྱིས། །ཇི་ལྟར་བུམ་པ་གང་གྱུར་པ། །གང་གང་ཁ་ནི་བུབ་པ་ན། །ཆུ་ནི་ལྷག་མ་མེད་པར་འབོ། །བུམ་པའི་ནང་དུ་མི་གནས་སོ། །དེ་བཞིན་དུ་ནི་སློང་བ་མཐོང ། །མཆོག་དམན་འབྲིང་པོ་གང་ཡིན་པ། །མ་ལུས
39.191a
པར་ནི་སྦྱིན་པར་བྱ། །ཁ་ཕུབ་བུམ་པ་དེ་བཞིན་ནོ། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ནི་གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱའོ། །དཔེར་ན་གཞན་ཡང་རྒོད་གཡག་ཞེས་བྱ་བ་སྲོག་ལ་མི་ལྟ་བར་རང་གི་མཇུག་མའི་རྔ་མ་ཉིད་བསྲུང་བ་དེ་བཞིན་དུ། ཁྱོད་ཀྱིས་ཀྱང་འདི་ནས་བཟུང་ནས་སྲོག་ལ་མི་ལྟ་བར་ཚུལ་ཁྲིམས་བསྲུངས་ན་ཁྱོད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ཏེ་གནས་པར་བྱའོ། །དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །གཞན་ལ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །གཉིས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཞིག་གཉིས་པ་འདི་ཡིས་ནི། །བརྟན་པོར་བྱས་ནས་གཟུང་བར་བྱ། །གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གྱིས།[་]།ཇི་ལྟར་རྒོད་གཡག་སྔ་མ་ནི། །གང་དང་གང་གིས་བཟུང་བ་ན། །ལྟོས་པ་མེད་པར་སྲོག་འདོར་རོ། །རྔ་མ་ལ་དགའ་ཁྲོ་བ་མེད། །དེ་བཞིན་དུ་ནི་ས་གཞི་རུ། །ཚུལ་ཁྲིམས་ཡོངས་སུ་རྫོགས་པ་དང ། །རྟག་ཏུ་ཚུལ་ཁྲིམས་ཀུན་སྲུང་བྱེད། །རྒོད་གཡག་རྔ་མ་བསྲུང་བ་བཞིན། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ན་གསུམ་པ་ངེས་འབྱུང་གི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་ངེས་པར་འབྱུང་བའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། །ཇི་ལྟར་བཙོན་རར་ཡུན་རིང་པོར་བཅིངས་ནས་བཞག་པའི་མི་དེ་ལ་འདོད་པར་མི་བྱེད་དོ། །གཞན་ཡང་ཤིན་དུ་སྡུག་བསྔལ
39.191b
བའི་སེམས་དེ་ལ་དེ་བཞིན་དུ་གནས་པར་འདོད་པ་མེད་དོ། །དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་སྐྱེ་བ་ཐམས་ཅད་དུ་བཙོན་རར་བཅིངས་པ་བཞིན་བྱས་ནས་སྐྱེ་བ་ཐམས་ཅད་དུ་ཤིན་དུ་སྡུག་བསྔལ་བའི་སེམས་ཀྱིས་གྲོལ་བར་འདོད་པའི་སེམས་ཀྱིས་ངེས་པར་འབྱུང་བ་མངོན་སུམ་དུ་འགྱུར་རོ། །དེ་ལྟར་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ། །ངེས་པར་འབྱུང་བའི་ཕ་རོལ་དུ་ཕྱིན་པ་ལ་བརྟན་པར་བྱས་ཏེ་གནས་སོ། །དེའི་ཕྱིར་གསུངས་པ།[་]འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །གསུམ་པ་ངེས་འབྱུང་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས།[་]།བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཞིག་གསུམ་པ་འདི་ཡིས་ནི། །བརྟན་པོར་བྱས་ཏེ་གཟུང་བར་བྱ། །གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །ངེས་འབྱུང་ཕ་རོལ་ཕྱིན་པར་གྱིས། །ཇི་ལྟར་སྐྱེས་བུ་བཙོན་རར་བཅིངས། །ཡུན་རིང་གནས་ཤིང་སྡུག་བསྔལ་བ། །དེ་ལ་དགའ་བར་མི་བྱེད་པར། །མྱུར་དུ་འགྲོལ་བར་འདོད་པར་སེམས། །དེ་བཞིན་ཁྱོད་ནི་སྐྱེ་ཀུན་དུ། །བཙོན་ར་བཞིན་དུ་བལྟ་བར་གྱིས། །ངེས་པར་འབྱུང་བ་སྔོན་དུ་ན། །སྐྱེ་བ་ལས་ནི་གྲོལ་བར་འགྱུར། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ན་བཞི་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། །དམན་པ་དང་འབྲིང་པོ་དང་ཆེན་པོ་རྣམས་སུ་མི་སེམས་པར་དེ་རྣམས་ཀྱི་གནས་སུ་སོང་སྟེ་མཁས་པ་རྣམས་འདྲི་བར་བྱའོ། །ཇི་ལྟར་ན་བསོད་སྙོམས་ལ་འགྲོ་བའི་དགེ་སློང་དམན་པ་ལ་སོགས་པའི་གནས་སུ་སོང་སྟེ། རིགས་ཀྱི་དབྱེ་བ་མ་སྤངས་པར་གོ་རིམས་བཞིན་དུ་བསོད་སྙོམས་ལ་འགྲོ་བ་མྱུར་དུ་རང་གི་བཟའ་བའི་ཚད་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཁྱོད་ཀྱིས་ཀྱང་མཁས་པ་ཐམས་ཅད་ཀྱི་དྲུང་དུ་སོང་སྟེ་དྲི་བར་བྱས་ན་སངས་རྒྱས་ཐོབ་པོ།[་]།བཞི་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ
39.192a
ལ་བརྟན་པར་བྱ་སྟེ་གནས་པར་གྱིས་ཤིག་།དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །བཞི་པ་ཤེས་རབ་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡི། །བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཞིག་བཞི་པ་འདི་ཡིས་ནི། །བརྟན་པོར་བྱ་སྟེ་གཟུང་བར་བྱ། །གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །ཤེས་རབ་ཕ་རོལ་ཕྱིན་པར་གྱིས། །ཇི་ལྟར་དགེ་སློང་བསོད་སྙོམས་པ། །དམན་དང་འབྲིང་དང་ཆེན་པོ་ཡི། །རིགས་རྣམས་དཔྱོད་པར་མི་བྱེད་པར། །དེ་ལྟར་བཟའ་བའི་ཟས་ཐོབ་བོ།[་]།དེ་བཞིན་ཁྱོད་ཀྱིས་དུས་ཀུན་དུ། །སྐྱེ་བོ་མཁས་ལ་ཡོངས་སུ་དྲིས། །ཤེས་རབ་ཕ་རོལ་ཕྱིན་སོང་བས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་ནི་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་བཙལ་ན་ལྔ་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཐོབ་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། །ཇི་ལྟར་རི་དགས་ཀྱི་རྒྱལ་པོ་སེང་གེ་དུས་ཐམས་ཅད་དུ་བརྩོན་འགྲུས་བརྟན་པོ་དང་ལྡན་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སྐྱེ་བ་ཐམས་ཅད་དུ་བརྩོན་འགྲུས་བརྟན་པར་བྱའོ། །ཞུམ་པ་མེད་པའི་བརྩོན་འགྲུས་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ། །ལྔ་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཅིག་།དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །ལྔ་པ་བརྩོན་འགྲུས་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཞིག་ལྔ་པོ་འདི་ཡིས་ནི། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །བརྩོན་འགྲུས་ཕ་རོལ་ཕྱིན་པར་གྱིས། །བརྟན་པོར་བྱས་ཏེ་གཟུང་བར་བྱ། །ཇི་ལྟར་རི་དགས་རྒྱལ་པོ་ནི། །སྡོད་དང་འགྲོ་བའི་གནས་རྣམས་སུ། །ཞུམ་པ་མེད
39.192b
པའི་བརྩོན་འགྲུས་ཀྱིས། །ཡིད་ནི་རྟག་ཏུ་བརྟན་པ་ཡིན། །དེ་བཞིན་ཁྱོད་ཀྱིས་དུས་ཀུན་དུ། །བརྩོན་འགྲུས་བརྟན་པོར་གྱིས་ལ་ཟུང ། །བརྩོན་འགྲུས་ཕ་རོལ་ཕྱིན་གྱུར་ནས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ན་དྲུག་པ་བཟོད་པའི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། །བཟང་པོ་དང་ངན་པར་བྱས་པ་ལ་བཟོད་པར་བྱའོ། །ཇི་ལྟར་སའི་སྟེང་དུ་གཙང་བ་དང་མི་གཙང་བ་གོས་པར་བྱས་ན་ས་གཞི་ཁྲོ་བར་མི་བྱེད་པ་བཞིན་དུ་བཟོད་ཅིང་སྲན་པ་དང་ལྷག་པར་གནས་པ་དེ་བཞིན་དུའོ། །དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་གནོད་པ་དང་ཕན་པར་བྱས་ཀྱང་བཟོད་ཅིང་སྲན་པར་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ། །དྲུག་པ་བཟོད་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཤིག་།དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་པ། །གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །དྲུག་པ་བཟོད་པའི་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཞིག་དྲུག་པ་འདི་ཡིས་ནི། །དེ་ལ་ཞེ་སྡང་མ་བྱས་ན། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །ཇི་ལྟར་ཡང་ནི་ས་གཞི་ལ། །གཙང་དང་མི་གཙང་བྱུགས་པ་ན། །ཐམས་ཅད་བླུགས་ཀྱང་བཟོད་པར་བྱེད། །སྐྱུག་བྲོ་བ་ནི་བྱེད་པ་མེད། །དེ་བཞིན་ཁྱོད་ཀྱིས་ཐམས་ཅད་ལ། །ཕན་དང་གནོད་པ་བྱེད་པ་ན། །བཟོད་པའི་ཕ་རོལ་ཕྱིན་གྱུར་ནས། །བྱང་ཆུབ་ཡང་དག་ཐོབ་པར་འགྱུར། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ན་བདུན་པ་བདེན་པའི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བདེན་པའི
39.193a
ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། །ཐོག་མགོ་ལ་ལྷུང་བར་གྱུར་ན་ཡང་ནོར་ལ་སོགས་པའི་ཕྱིར་དུ་འདུན་པ་ལ་སོགས་པའི་དབང་གིས་ཤེས་ནས་བརྫུན་མི་སྨྲའོ། །ཇི་ལྟར་ན་ཐ་སྐར་ལ་སོགས་པའི་རྒྱུ་སྐར་དུས་ཐམས་ཅད་དུ་རང་རང་འགྲོ་བའི་ལམ་དོར་ནས་ལམ་གཞན་ནས་མི་འགྲོ་བར་རང་གི་ལམ་ཉིད་ནས་འགྲོ་བའོ། །དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་བདེན་པ་གཟུང་ནས་བརྫུན་མི་བྱེད་པས་ནི་སངས་རྒྱས་ཐོབ་པར་འགྱུར་རོ། །བདུན་པ་བདེན་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཤིག་།དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །བདུན་པ་བདེན་པའི་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཞིག་བདུན་པ་འདི་ཡིས་ནི། །བརྟན་པར་བྱས་ནས་གནས་པར་གྱིས། །དེ་ལ་བརྫུན་ནི་མི་སྨྲ་བས། །ཡང་དག་བྱང་ཆུབ་ཐོབ་པར་གྱིས། །ཇི་ལྟར་ཐ་སྐར་ཞེས་བྱ་བ། །ལྷ་དང་མི་རྣམས་མཚུངས་པར་ནི། །དུས་ཀྱི་ལོ་ཡི་དུས་སུ་ནི། །ལམ་གཞན་དུ་ནི་མི་འགྲོའོ། །ཁྱོད་ཀྱིས་ཀྱང་ནི་དེ་བཞིན་བདེན། །བདེན་པ་བཟུང་ནས་མི་འགྲོ་བ། །བདེན་པའི་ཕ་རོལ་ཕྱིན་གྱུར་པས། །བྱང་ཆུབ་ཡང་དག་ཐོབ་པར་འགྱུར། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ན་བརྒྱད་པ་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། །གང་ཞིག་ལྷག་པར་གནས་པར་གྱིས་ལ་དེ་ལ་ལྷག་པར་གནས་ན་གཡོ་བ་མེད་པར་འགྱུར་རོ། །ཇི་ལྟར་ན་རི་བོ་ནི་ཕྱོགས་ཐམས་ཅད་ནས་རླུང་གིས་བསྐྱོད་ཀྱང་གཡོ་བར་མི་འགྱུར་ཞིང་བསྐྱོད་པར་མི་འགྱུར་ཅིང ། རང་གི་གནས་ཞིག་ཏུ་གནས་སོ། །དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་བདག་ཉིད་ལྷག་པར་གནས་པ་རྣམས་མི་གཡོ་བར་གྱུར་ན་སངས
39.193b
རྒྱས་ཐོབ་པར་འགྱུར་རོ། །བརྒྱད་པ་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ནས་གནས་པར་གྱིས་ཅིག་།དེའི་ཕྱིར་གསུངས་པ།[་]འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །བརྒྱད་པ་ལྷག་གནས་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཤིག་བརྒྱད་པ་འདི་ཡིས་ནི། །བརྟན་པར་བྱ་སྟེ་གནས་པར་གྱིས། །དེ་ལ་ཁྱོད་ནི་གཡོ་མེད་པས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །ཇི་ལྟར་རི་བོའི་བྲག་ཆེན་པོ། །གཡོ་བ་མེད་ཅིང་ལེགས་པར་གནས། །རླུང་ཆེན་པོས་ནི་གཡོ་བ་མེད། །རང་གི་གནས་སུ་གནས་པ་ཉིད། །དེ་བཞིན་ཁྱོད་ཀྱིས་ལྷག་གནས་པར། །ཐམས་ཅད་དུ་ནི་མི་གཡོ་བར། །ལྷག་གནས་ཕ་རོལ་ཕྱིན་གྱུར་པས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ན་དགུ་པ་བྱམས་པའི་ཕ་རོལ་དུ་ཕྱིན་པ་མཐོང་བས་དེ་ལྟ་བུའི་ཁམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བྱམས་པའི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ།[་]།ཕན་པ་དང་མི་ཕན་པར་གྱུར་ཀྱང་སེམས་གཅིག་ཏུ་བྱའོ། །ཇི་ལྟར་ཆུ་ནི་སྡིག་པ་ཅན་གྱི་སྐྱེ་བོ་དང་དགེ་བའི་སྐྱེ་བོས་ཀྱང་བསིལ་བར་གྱུར་ཅིང་གཅིག་ཏུ་མཚུངས་པར་བྱས་ནས་རེག་གོ། །དེ་ལྟར་ན་འདི་ལྟར་ཁྱོད་ཀྱིས་ཀྱང་སེམས་ཅན་ལ་བྱམས་པའི་སེམས་གཅིག་ཏུ་གྱུར་ནས་སངས་རྒྱས་ཐོབ་པར་འགྱུར་རོ། །དགུ་པ་བྱམས་པའི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ཏེ་གནས་པར་གྱིས་ཤིག་།དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །གཞན་པ་ཡང་ནི་བཙལ་བར་བྱ། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །དགུ་པ་བྱམས་པའི་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡི། །བསྙེན་དང་བརྟེན་པར་བྱས་པའོ། །རེ་ཤིག་དགུ་པ་འདི་ཡིས་ནི། །བྱམས་པར་བྱས་ཏེ་གནས་པར་གྱིས། །
39.194a
གལ་ཏེ་བྱང་ཆུབ་ཐོབ་འདོད་ན། །བྱམས་པ་མཚུངས་པ་མེད་པར་འགྱུར། །ཇི་ལྟར་ཆུ་ཞེས་བྱ་བ་ལ། །དགེ་འམ་སྡིག་པའི་སྐྱེ་བོ་ནི། །མཚུངས་པར་བསིལ་བར་གྱུར་ལ་རེག་།རྡུལ་དང་དྲི་མ་སྤོང་བར་བྱེད། །དེ་ལྟར་ཁྱོད་ཀྱིས་མི་ཕན་དང ། །ཕན་ལའང་མཚུངས་པར་བྱམས་པར་བྱ། །བྱམས་པའི་ཕ་རོལ་ཕྱིན་གྱུར་ནས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །གཞན་ཡང་སངས་རྒྱས་སུ་བྱེད་པའི་ཆོས་འདི་འབའ་ཞིག་མ་ཡིན་པར་བལྟ་བར་བྱའོ། །ལྷག་པར་ཚོལ་བ་ན་བཅུ་པ་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་མཐོང་ནས་འདི་ལྟ་བུའི་སེམས་སུ་གྱུར་ཏོ། །མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་ཁྱོད་ཀྱིས་འདི་ནས་བཟུང་ནས་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་རྫོགས་པར་བྱའོ། །བདེ་བ་འམ་སྡུག་བསྔལ་ཡང་བར་མ་ལ་གནས་པར་བྱའོ། །ཇི་ལྟར་ས་གཞི་ལ་གཙང་བ་དང་མི་གཙང་བས་བྱུགས་ཀྱང་བར་མར་གནས་པར་འགྱུར་རོ། །དེ་ལྟར་འདི་ལྟར་ཁྱོད་ཀྱིས་ཀྱང་བདེ་བ་དང་སྡུག་བསྔལ་བ་ལ་བར་མར་གནས་པར་གྱུར་ན་སངས་རྒྱས་ཐོབ་པར་འགྱུར་རོ། །བཅུ་པ་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་བརྟན་པར་བྱས་ལ་གནས་པར་གྱིས་ཤིག་།དེའི་ཕྱིར་གསུངས་པ། འདི་ཙམ་འབའ་ཞིག་མ་ཡིན་གྱི། །གང་ཞིག་བྱང་ཆུབ་ཐོབ་འདོད་ཆོས། །གཞན་པ་ཡང་ནི་བཙལ་བར་གྱིས། །གང་ཞིག་ཆོས་ནི་ཐོབ་བྱེད་པ། །དེ་ཡི་ཚེ་ན་ཚོལ་བ་མཐོང ། །བཅུ་པ་བཏང་སྙོམས་ཕ་རོལ་ཕྱིན། །སྔོན་གྱི་སྐྱེས་བུ་ཆེན་པོ་ཡིས། །བསྙེན་དང་བརྟེན་པར་བྱས་པས་སོ། །རེ་ཤིག་བཅུ་པ་འདི་ཡིས་ནི། །བརྟན་པར་བྱས་ནས་གནས་པར་གྱིས། །སྲང་ནི་གང་བར་འགྱུར་བ་བཞིན། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །ཇི་ལྟར་ས་གཞི་ཞེས་བྱ་ལ། །གཙང་དང་མི་གཙང་བྱུགས་པ་ན། །ལྟོས་པ་མེད་ཅིང་བཏང་སྙོམས་པས། །ཁྲོ་བ་མེད་པར་སྤོང་བ་ཡིན། །ཇི་ལྟར་ཁྱོད་ཀྱིས་ཀྱང་བདེ་སྡུག་།དུས་རྣམས་ཀུན་དུ་སྲང་བཞིན་དུ། །བཏང་སྙོམས་ཕ་རོལ་ཕྱིན་གྱུར་ནས། །ཡང་དག་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་བསམས་པ་འཇིག་རྟེན་པ་འདི་རྣམས་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་རྫོགས་པར་བྱེད་པ་དང་སངས་རྒྱས་སུ་བྱེད་པའི
39.194b
ཆོས་དེ་རྣམས་ཉིད་དོ། །ཕ་རོལ་དུ་ཕྱིན་པ་བཅུ་དོར་ན་གཞན་མེད་དོ། །ཕ་རོལ་དུ་ཕྱིན་པ་བཅུ་པོ་འདི་ནི་སྟེང་གི་ནམ་མཁའ་ན་ཡང་མེད་དོ།[་]།འོག་གི་ས་གཞི་ལ་ཡང་མེད་དོ། །ཤར་ལ་སོགས་པའི་ཕྱོགས་རྣམས་ན་ཡང་མེད་དོ། །བདག་ཉིད་ཁོ་ནའི་སྙིང་གི་ཤའི་ནང་ན་གནས་སོ། །དེ་ལྟར་དེའི་སྙིང་ལ་སོ་སོར་གནས་པ་མཐོང་ནས་ཐམས་ཅད་བརྟན་པར་བྱ་སྟེ་གནས་པར་བྱའོ། །ཡང་དང་ཡང་དུ་དྲན་པར་བྱ་སྟེ་ལུགས་ལས་བྱུང་བ་དང་ལུགས་ལས་བཟློག་པ་བརྟན་པར་བྱེད་དོ། །ཐ་མ་ནས་བཟུང་སྟེ་ཐོག་མའི་བར་བསམ་པར་བྱའོ། །དང་པོ་ནས་བཟུང་ནས་ཐ་མའི་བར་བསམ་མོ། །དབུས་ནས་བཟུང་ནས་ཐོག་མ་དང་ཐ་མའི་བར་བསམ་པར་བྱའོ། །ཐོག་མ་དང་ཐ་མ་ནས་བཟུང་ནས་དབུས་ཀྱི་བར་བལྟ་བར་བྱའོ། །ལུས་ཡོངས་སུ་གཏོང་བ་ནི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའོ། །ཕྱིའི་ལོངས་སྤྱོད་ཡོངས་སུ་གཏོང་བ་ནི་ཉེ་བའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའོ། །སྲོག་ཡོངས་སུ་གཏོང་བ་ནི་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའོ། །ཕ་རོལ་དུ་ཕྱིན་པ་བཅུ་པོ་དང ། ཉེ་བའི་ཕ་རོལ་དུ་ཕྱིན་པ་བཅུ་པོ་དང ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་བཅུ་པོའོ། །མེའི་སྟེངས་སུ་འབྲུ་མར་བསྐོལ་བ་བཞིན་དུ་ཁོར་ཡུག་གི་ནང་དུ་རྒྱ་མཚོ་ཆེན་པོ་རི་བོ་མཆོག་རབ་ཀྱིས་བསྲུབ་པ་བཞིན་དུ་དྲན་པར་བྱ་སྟེ། དེའི་ཕ་རོལ་དུ་ཕྱིན་པ་བཅུ་དྲན་པར་བྱས་ནས་ཆོས་ཀྱི་གཟིས་འབུམ་ཕྲག་གཉིས་དང་སྟོང་ཕྲག་བཞི་བཅུ་ལྷག་པའི་ས་ཆེན་པོ་འདིའི་སྟུགས་ལ་གླང་པོ་ཆེས་རྐང་པས་གནོན་ཅིང་སྨྱུག་མ་འཆག་པ་བཞིན་དུའོ། །བུར་ཤིང་གི་འཁྲུལ་འཁོར་བཞིན་དུ་བཙིར་བ་དང་སྒྲ་ཆེན་པོ་སྒྲོགས་པ་བཞིན་དུ་ཡང་དག་པར་སྒྲོགས་སོ། །རབ་ཏུ་གཡོས་སོ། །ཡང་དག་པར་རབ་ཏུ་གཡོས་ཏེ་རྫ་མཁན་གྱི་འཁོར་ལོ་བཞིན་ནོ། །འབྲུ་མར་གྱི་འཁྲུལ་འཁོར་བཞིན་དུ་ཡོངས་སུ་བསྐོར་རོ། །དེའི་ཕྱིར་གསུངས་པ། འདི་ཡི་འཇིག་རྟེན་དེ་རྣམས་ཉིད། །གང་ཞིག་བྱང་ཆུབ་ཐོབ་བྱེད་ཆོས། །འདི་ནི་སྟེང་དང་གཞན་ནའང་མེད། །བརྟན་པར་བྱ་སྟེ་སེམས་ལ་ཞོག་།རང་བཞིན་གྱིས་ནི་གཡོ་མེད་པར། །འདི་ཡི་ཆོས་ནི་དྲན་པར་བྱེད། །ཆོས་ཀྱི་གཞི་ཡི
39.195a
ས་གཞི་ནི། ། འཇིག་རྟེན་སྟོང་ཕྲག་རབ་ཏུ་གཡོས། །སེམས་མེད་པའི་ས་གཞི་ནི། །བུར་ཤིང་འཁྲུལ་འཁོར་བཞིན་དུ་བཙིར། །འབྲུ་མར་འཁྲུལ་འཁོར་བཞིན་དུ་འཁོར། །དེ་ལྟར་ས་ནི་རབ་ཏུ་གཡོས། །ས་ཆེན་པོ་འདི་གཡོས་པས་དགའ་བ་ཅན་གྱི་གྲོང་ཁྱེར་ན་གནས་པའི་མི་རྣམས་ལྡང་བར་མ་ནུས་ཏེ། བསྐལ་པའི་མཐའ་ཡི་རླུང་གིས་བསྐྱོད་པའི་སའི་ཤིང་ཆེན་པོ་གཡོས་པ་བཞིན་རྒྱལ་བ་དང་བག་མེད་པས་འགྱེལ་བར་གྱུར་ཏོ། །བུམ་པ་ལ་སོགས་པའི་སྣོད་ནི་མཛད་པ་དང་ཕན་ཚུན་དུ་ཕྲད་པའི་སྒྲ་དང་ཕྱེ་མ་དང་དུམ་བུར་གྱུར་ཏོ། །སྐྱེ་བོ་ཐམས་ཅད་འཇིགས་པར་གྱུར་ནས་སྟོན་པའི་དྲུང་དུ་ཉེ་བར་སོང་ངོ ། །བཅོམ་ལྡན་འདས་ཅི་ལགས་འདིའི་ཀླུ་འཁྲུགས་པ་འམ་འདིའི་འབྱུང་པོ་འམ་གནོད་སྦྱིན་ནམ་ལྷ་རྣམས་སམ་གཞན་རྣམས་འཁྲུགས་སམ་བདག་ཅག་གིས་འཚལ་བར་མ་གྱུར་ཏོ། །གཞན་ཡང་འདིའི་སྐྱེ་བོ་ཆེན་པོ་ཐམས་ཅད་ལ་ཉེ་བར་འཚེ་བར་གྱུར་ཏོ། །ཅིའི་རྒྱུ་འདིའི་འཇིག་རྟེན་གྱི་སྡིག་པ་ལས་གྱུར་རམ། ཡང་ན་དགེ་བ་ལས་གྱུར།[་]བདག་ཅག་ལ་འདི་རྣམས་ཀྱི་རྒྱུ་མཚན་རྣམས་གསུང་དུ་གསོལ་ཞེས་ཞུས་སོ། །སྟོན་པས་དེ་རྣམས་ཀྱི་གཏམ་ཐོས་ནས། ཁྱེད་རྣམས་འཇིགས་པར་མ་བྱེད་ཅིག་།ཁྱེད་རྣམས་ཅུང་ཟད་ཀྱང་མ་སེམས་ཤིག་།མཚན་མ་འདི་རྣམས་ལ་ཁྱེད་རྣམས་ལ་འཇིགས་པ་མེད་དོ། །གང་ཚེ་བདག་གིས་དེ་རིང་མཁས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་མ་འོངས་པ་ན་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནི་འདིར་ཕ་རོལ་དུ་ཕྱིན་པ་དྲན་པར་བྱེད་དོ།[་]། དེས་ཕ་རོལ་དུ་ཕྱིན་པ་དྲན་པར་བྱེད་ཅིང་དཔྱོད་དོ། །དེའི་ཆོས་ཀྱི་གཟི་བརྗིད་ཀྱིས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྐད་ཅིག་ཙམ་གྱིས་གཡོ་བ་དང་སྒྲ་འབྱིན་ནོ་ཞེས་གསུང་ངོ ། །དེའི་ཕྱིར་གསུངས་པ། ཇི་སྲིད་འཁོར་རྣམས་ཡོད་པ་ལ། །སངས་རྒྱས་ཀྱི་ནི་སྦྲེལ་བས་ན། །དེ་ནི་དེ་རུ་སྡུག་བསྔལ་སེམས། །བརྒྱལ་བར་གྱུར་ནས་ས་ལ་ཉལ། །བུམ་པ་སྟོང་ཕྲག་དུ་མ་དང ། །སྣོད་ཆེན་བརྒྱ་ཕྲག་མང་པོ་རྣམས། །དེར་ནི་ཕྱེ་མ་ཞིབ་མོར་གྱུར། །ཕན་ཚུན་ཐུག་ཅིང་འཆག
39.195b
པས་སོ། །བརྒྱལ་དང་སྐྲག་དང་འཇིགས་པ་དང ། །གནོད་ཅིང་གཟིར་བའི་སེམས་ཀྱིས་འགྱེལ། །སྐྱེ་བོ་ཐམས་ཅད་གཅིག་ཏུ་འདུས། །མར་མེ་མཛད་ཀྱི་དྲུང་དུ་སོང ། །འཇིག་རྟེན་པ་རྣམས་ཅི་ཕྱིར་གྱུར། །དགེ་བ་འམ་ཡང་ན་སྡིག་གམ་ཅི། །འཇིག་རྟེན་ཀུན་ལ་ཉེར་འཚེ་བྱུང ། །སྤྱན་ལྡན་ལེགས་པར་གསུང་དུ་གསོལ། །དེ་རྣམས་ཀུན་ལ་ཆོས་བསྟན་ཅིང ། །ཐུབ་པ་ཆེན་པོ་མར་མེ་མཛད། །འཇིགས་པར་མ་བྱེད་དབུགས་དབྱུང་གིས། །འདི་ཡི་ས་གཞི་གཡོ་བས་ནི། །གང་ཞིག་དེ་རིང་བདག་ལུང་བསྟན། །འཇིག་རྟེན་པ་རྣམས་སངས་རྒྱས་འགྱུར། །དེ་ནི་ཆོས་ནི་དྲན་པར་བྱེད། །སྔོན་གྱི་རྒྱལ་བ་བསྟེན་བྱས་ཤིང ། །དེ་ཡི་ཆོས་རྣམས་དྲན་བྱེད་པས། །སངས་རྒྱས་ས་ནི་མ་ལུས་པ།[་]།དེས་ན་འདི་ཡི་ས་རྣམས་གཡོས། །ལྷ་དང་བཅས་པ་སྟོང་ཕྲག་བཅུ། །སྐྱེ་བོ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ཐོས་པས་དགའ་བ་དང་ཚིམ་པ་སྐྱེས་ནས་མེ་ཏོག་དང་དྲི་བཟང་དང་བྱུག་པ་རྣམས་བླངས་ཏེ་དགའ་བ་ཅན་གྱི་གྲོང་ཁྱེར་ནས་འཐོན་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ་མེ་ཏོག་ལ་སོགས་པས་མཆོད་ནས་ཕྱག་དང་བསྟོད་པ་བྱས་ཏེ་དགའ་བ་ཅན་གྱི་གྲོང་ཁྱེར་ཉིད་དུ་གནས་སོ། །བྱང་ཆུབ་སེམས་དཔས་ཀྱང་ཕ་རོལ་དུ་ཕྱིན་པ་བཅུ་དྲན་པར་བྱས་ནས་བརྩོན་འགྲུས་བརྟན་པར་བྱ་སྟེ་ལྷག་པར་གནས་ནས་སྟན་ལས་ལངས་སོ། །དེའི་ཕྱིར་གསུངས་པ། སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །དེ་མ་ཐག་ཏུ་འཇིགས་མེད་སེམས། །ཐམས་ཅད་བདག་གི་དྲུང་དུ་འོངས། །སླར་ཡང་ཕྱག་ནི་བྱས་ནས་སོ། །སངས་རྒྱས་ཡོན་ཏན་སེམས་པར་བྱེད། །དེ་ཚེ་བདག་གིས་སྟན་ལས་ལངས། །མར་མེ་མཛད་ལ་ཕྱག་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྟན་ལས་ལངས་པ་ན་སྟོང་ཕྲག་བཅུའི་ལྷ་ཐམས་ཅད་འདུས་ནས་ལྷའི་མེ་ཏོག་དང་དྲི་བཟང་གིས་མཆོད་པ་བྱས། འཕགས་པ་བློ་གྲོས་བཟང་པོ་དཀའ་ཐུབ་པ་དེ་ཡིས་དེ་རིང་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་ཀྱིས་ཞབས་དྲུང་དུ་དོན་ཆེན་པོ་དོན་དུ་གཉེར་བའི་ཕྱིར་དོན་དུ་གཉེར་ཏོ། །དེ་ཡིས་དེ་རྣམས་ལ་བར་གཅོད་མེད་ཅིང་རྫོགས་པར་འགྱུར་རོ། །དེ་ལ་འཇིགས་པ་མེད་པ་དང ། ཞུམ་པ
39.196a
མེད་པར་འགྱུར་རོ། །སྐུ་ལ་ནད་ཅུང་ཟད་ཀྱང་མི་འབྱུང་ཞིང་མྱུར་དུ་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གྲུབ་པར་གྱིས་ཅིག་།ཇི་ལྟར་མེ་ཏོག་ཅན་གྱི་ཤིང་ངམ་འབྲས་བུ་ཅན་གྱི་ཤིང་དུས་སུ་མེ་ཏོག་སྨིན་པ་དང་འབྲས་བུ་སྨིན་པ་ཉིད་དོ། །དེ་བཞིན་དུ་ཁྱོད་ཀྱིས་ཀྱང་དེའི་དུས་སུ་ལྷག་པར་གནས་པར་བྱེད་པ་ལ་མྱུར་དུ་མཆོག་རྫོགས་པར་བྱེད་པ་ལ་སོགས་པའི་བསྟོད་པ་དང་བཀྲ་ཤིས་པས་བསྟོད་དོ། །དེ་བཞིན་དུ་བསྟོད་པ་བྱས་ནས་ལྷ་རྣམས་རང་རང་གི་གནས་སུ་སོང་ངོ ། །བྱང་ཆུབ་སེམས་དཔས་ཀྱང་ལྷ་ལ་སོགས་པའི་བསྟོད་པ་ཐོས་པར་བྱས་ནས། བདག་གིས་ཕ་རོལ་དུ་ཕྱིན་པ་བཅུ་རྫོགས་པར་བྱས་ཏེ་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་པའི་མཐར་སངས་རྒྱས་ཐོབ་པར་འགྱུར་བས་བརྩོན་འགྲུས་བརྟན་པོ་ལྷག་པར་གནས་ནས་ནམ་མཁའ་ལ་འཕགས་ཏེ་གངས་ཅན་གྱི་གནས་ཉིད་ལ་གཤེགས་སོ། །དེའི་ཕྱིར་གསུངས་པ། ལྷ་དང་མི་ཡི་མེ་ཏོག་རྣམས། །ལྷ་དང་མི་རྣམས་གཉིས་ཀ་ཡིས། །སྟན་ལས་ལངས་པར་གྱུར་ནས་ནི། །མེ་ཏོག་མཚུངས་པར་བསྡུས་ནས་སོ། །ལྷ་དང་མི་རྣམས་གཉིས་ཀ་ཡང ། །ཐམས་ཅད་ཞི་བར་གྱུར་ཞེས་བསྟོད། །ཁྱོད་ཀྱིས་ཆེན་པོ་དོན་དུ་གཉེར། །ཇི་ལྟར་འདོད་པ་དེ་ཐོབ་པོ། །དུས་མིན་འཆི་བ་རིང་དུ་སོང ། །ནད་རྣམས་ཐམས་ཅད་ཉམས་པར་གྱུར། །ཁྱོད་ལ་བར་ཆད་མི་འབྱུང་ངོ ། །མཆོག་གི་བྱང་ཆུབ་མྱུར་དུ་ཐོབ།[་]།ཇི་ལྟར་དུས་སུ་སླེབ་པ་ན། །ལྗོན་ཤིང་མེ་ཏོག་བྱེ་བར་གྱུར། །དེ་བཞིན་ཁྱོད་ཀྱི་དཔའ་ཆེན་པོས། །སངས་རྒྱས་ཡེ་ཤེས་མེ་ཏོག་གྱུར། །གང་ཞིག་ཇི་ལྟར་རྫོགས་སངས་རྒྱས། །ཕ་རོལ་ཕྱིན་བཅུ་རྫོགས་པར་བྱས། །དེ་བཞིན་ཁྱོད་ཀྱི་དཔའ་ཆེན་པོས། །ཕ་རོལ་ཕྱིན་བཅུ་རྫོགས་པར་གྱིས། །ཇི་ལྟར་གང་ཞིག་རྫོགས་སངས་རྒྱས། །བྱང་ཆུབ་སྙིང་པོ་རྫོགས་པར་གྱུར། །དེ་བཞིན་ཁྱོད་ཀྱི་དཔའ་ཆེན་པོས། །རྒྱལ་བའི་བྱང་ཆུབ་རྫོགས་པར་གྱིས། །གང་ཞིག་ཇི་ལྟར་རྫོགས་སངས་རྒྱས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར། །དེ་བཞིན་ཁྱོད་ཀྱི་དཔའ་ཆེན
39.196b
པོས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཇི་ལྟར་ཟླ་བ་ཉ་བ་བཞིན། །ཡོངས་སུ་དག་པས་འོད་འགྱེད་པ། །དེ་བཞིན་ཁྱོད་ཀྱིས་བསམ་རྫོགས་པའི། །སྟོང་ཕྲག་བཅུ་ཡི་འོད་ཕྱུང་ཅིག་།ཉི་མ་སྒྲ་གཅན་ལས་གྲོལ་བ། །ཚ་ཞིང་འོད་ཟེར་རབ་ཏུ་འགྱེད། །དེ་བཞིན་འཇིག་རྟེན་གྲོལ་བྱས་ནས། །ཁྱོད་ཀྱི་དཔལ་ལྡན་འོད་ཟེར་ཕྱུང ། །གང་ཞིག་ཇི་ལྟར་ཆུ་ཀླུང་ནི། །རྒྱ་མཚོ་ཆེན་པོའི་རྗེས་སུ་འགྲོ། །དེ་ལྟར་ལྷ་མིའི་འཇིག་རྟེན་ཚོགས། །ཁྱོད་ཀྱི་རྗེས་སུ་འཇུག་པར་འགྱུར། །དེ་རྣམས་ཁྱོད་ལ་བསྟོད་ཅིང་བསྔགས། །ཆོས་བཅུ་པོ་ལ་གནས་བྱས་ནས། །དེ་ཡི་ཆོས་རྣམས་རྫོགས་བྱེད་ཅིང ། །དེ་ཚེ་ནགས་ཚལ་ཆེན་པོར་ཕྱིན། །མཁས་པ་བློ་གྲོས་བཟང་པོའི་གཏམ་དུ་བྱ་བ་རྫོགས་སོ།། །།དགའ་བ་ཅན་གྱི་གྲོང་ཁྱེར་དུ་གནས་པ་རྣམས་གྲོང་ཁྱེར་དུ་ཞུགས་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་ཆེན་པོ་གཏང་ངོ ། །སྟོན་པས་དེ་རྣམས་ལ་ཆོས་བསྟན་ཅིང་བསྟན་ནས་སྐྱེ་བོ་མང་པོ་སྐྱབས་སུ་འགྲོ་བ་ལ་གནས་པར་བྱས་ཏེ། དགའ་བ་ཅན་གྱི་གྲོང་ཁྱེར་ནས་འཐོན་ཏེ། ལྷག་པར་གནས་པ་ཇི་སྲིད་འཚོ་ཡི་བར་དེ་སྲིད་དུ་གནས་ནས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་བྱེད་ཅིང་གོ་རིམས་བཞིན་དུ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ལ་ཅུང་ཟད་བརྗོད་པས་དེ་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུད་ལ་བརྗོད་པའི་རིགས་པ་དེ་བཞིན་རིག་པར་བྱའོ། །དེ་ལ་གསུངས་པ། དེ་ཚེ་ཁྱོད་རྣམས་མཆོད་སྟོན་བྱེད། །དགེ་འདུན་དང་བཅས་འཇིག་རྟེན་འདྲེན། །དེ་ལ་སྐྱབས་སུ་འགྲོ་བ་ཡིན། །སྟོན་པ་མར་མེ་མཛད་པ་ལ། །དེ་བཞིན་གཤེགས་པས་ངེས་གསུངས་པའི། །གང་ཞིག་སྐྱབས་སུ་འགྲོ་བར་གྱུར། །གང་ཞིག་ཚུལ་ཁྲིམས་ལྔ་དང་ལྡན། །གཞན་ཡང་ཚུལ་ཁྲིམས་བཅུ་པོ་ཡི། །གང་ཞིག་ལ་ནི་གཞན་བྱིན་པ། །མཆོག་གི་འབྲས་བུ་བཞི་པོ་དང ། །གང་ཞིག་ལ་ནི་མཚུངས་མེད་ཆོས། །སོ་སོ་ཡང་དག་རིག་པ་བྱིན། །ཕུན་ཚོགས
39.197a
མཆོག་ནི་གང་ཞིག་ལ། །བརྒྱན་ནས་མི་ཡི་ཁྱུ་མཆོག་བྱིན།[་]།གང་ཞིག་ལ་ནི་རིག་པ་གསུམ། །མངོན་པར་ཤེས་པ་དྲུག་ལ་ཞུགས། །དེ་ཡིས་རིག་པ་སྐྱེ་བོའི་ཚོགས། །ཐུབ་པ་ཆེན་པོའི་གདམས་པ་བྱིན། །དེ་ཡིས་རྒྱ་ཆེན་པོར་ནི་གྱུར། །འཇིག་རྟེན་མགོན་པོའི་བསྟན་ལའོ། །ཁྱུ་མཆོག་ཕྲག་པ་འགྲམ་ཆེན་པོ། །མར་མེ་མཛད་ཀྱི་མཚན་དང་ལྡན། །སྐྱེ་བོ་མང་པོ་སྒྲོལ་བར་བྱེད། །ངན་འགྲོ་ཡོངས་སུ་གྲོལ་བར་བྱེད། །གྲོལ་བའི་ཕྱིར་དུ་སྐྱེ་བོ་མཐོང ། །སྟོང་ཕྲག་བརྒྱ་ཡི་དཔག་ཚད་དུ། །སྐད་ཅིག་ཙམ་གྱི་ཉེ་བར་སོང ། །ཐུབ་པ་ཆེན་པོ་དེ་མཁྱེན་ཕྱིར། །དང་པོར་འདུས་པའི་སངས་རྒྱས་ཀྱིས། །བྱེ་བ་བརྒྱ་པོ་རྟོགས་པར་བྱས། །མགོན་པོ་འདུས་པ་གཉིས་པ་ནི། །འབུམ་ཕྲག་གཅིག་གིས་རྟོགས་པར་བྱས། །གང་ཚེ་ལྷ་ཡི་གནས་སུ་ནི། །སངས་རྒྱས་ཀྱིས་ནི་ཆོས་བསྟན་ནོ། །བྱེ་བ་སྟོང་ཕྲག་དགུ་བཅུ་ཡི། །འདུས་པ་གསུམ་པ་ལ་ནི་གྱུར། །དེ་རྣམས་འདུས་པ་གསུམ་དུ་གྱུར། །སྟོན་པ་མར་མེ་མཛད་ཀྱིའོ། །བྱེ་བ་སྟོང་ཕྲག་བརྒྱ་ཡིས་ནི། །དང་པོ་ཡི་ནི་འདུས་པ་ཡིན། །སླར་ཡང་ནཱ་ར་དྷ་ཡི་ཕུར། །རྒྱལ་བ་གཅིག་པུར་བཞུགས་པ་ནི། །ཟག་པའི་དྲི་མ་ཟད་པ་ཡི། །བྱེ་བ་བརྒྱ་ནི་ཞི་བ་དང ། །དཔའ་བོ་ཆེན་པོ་ཇི་སྲིད་བཞུགས། །རི་ཡི་སྟེང་ན་བལྟ་ན་སྡུག་།སྟོང་ཕྲག་བྱེ་བ་དགུ་བཅུ་ཡིས། །དེ་ཚེ་ཐུབ་པ་ཡི་ནི་འཁོར། །བདག་གིས་དེ་ཡི་དུས་སུ་ནི། །སྡོམ་བརྩོན་དཀའ་ཐུབ་པ་ཡི་མཆོག་།བདག་ནི་བར་སྣང་ལ་ནི་འགྲོ། །མངོན་ཤེས་ལྔ་ཡི་ཕ་རོལ་སོན། །སྟོང་ཕྲག་བཅུ་དང་ཉི་ཤུ་ནི། །ཆོས་ལ་འདུས་པར་གྱུར་པའོ། །གཅིག་དང་གཉིས་ཀྱི་འདུས་པ་ནི། །བགྲང་དུ་མེད་ཅིང་གྲངས་མེད་དོ། །རྒྱ་ཆེ་དེད་དཔོན་ཅང་ཤེས་པ། །དེ་ཚེ་རྫུ་འཕྲུལ་ལྡན་ཞིང་རྫོགས། །བཅོམ་ལྡན་འདས་ནི་མར་མེ་མཛད། །བསྟན་པ་ཤིན་དུ་དག་ཅིང་མཛེས། །འབུམ་ཕྲག་བཞི་པོ་རྣམས་ལ་ནི། །མངོན་ཤེས་དྲུག་དང་རྫུ་འཕྲུལ་ལྡན། །མར་མེ་མཛད་ནི་འཇིག་རྟེན་མཁྱེན། །རྟག་ཏུ་འཁོར་རྣམས་ཡོངས་དག་ལྡན། །གང་ཞིག་དེ་ཡི་དུས་སུ་ནི། །མི་རྣམས་དངོས་པོ་གཏོང་བ་དང་།[་]།སེམས་ཀྱི་ལྷག་མ་མ་ཐོབ
39.197b
པ། །དེ་རྣམས་སྐུར་པ་འདེབས་པར་གྱུར། །མེ་ཏོག་བཟང་པོའི་ཚིག་རྙེད་པ། །དགྲ་བཅོམ་རྣམས་ནི་དེ་དང་མཚུངས། །དྲི་མ་མེད་ཅིང་ཟག་པ་ཟད། །ལྷ་དང་མི་རྣམས་ཉེ་བར་མཛེས། །གྲོང་ཁྱེར་དགའ་བ་ཅན་ཞེས་པ། །བློ་གྲོས་བཟང་པོ་རྒྱལ་པོའི་རིགས། །ཡུམ་ནི་བློ་གྲོས་བཟང་མོ་ཡིན། །སྟོན་པ་མར་མེ་མཛད་ཡིན་ནོ། བཀྲ་ཤིས་བཟང་པོ་ཉེ་རྒྱལ་ནི། །ཉན་ཐོས་རྣམས་ཀྱི་མཆོག་ཡིན་ནོ། །ལེགས་འོངས་ཞེས་པ་ཉེ་གནས་ཡིན། །སྟོན་པ་མར་མེ་མཛད་པའོ། །དགའ་བ་ཉིད་དང་ཤིན་དུ་དགའ། །ཉན་ཐོས་མ་ཡི་མཆོག་ཡིན་ནོ། །བཅོམ་ལྡན་དེ་ཡི་བྱང་ཆུབ་ཤིང་།[་]།བིམ་པ་ལ་ཞེས་བྱ་བ་ཡིན། །མཐོ་ཚད་ཁྲུ་ནི་བརྒྱད་བཅུ་པ། །ཐུབ་པ་ཆེན་པོ་མར་མེ་མཛད། །ཤིང་བཞིན་རབ་ཏུ་འབར་བ་ཡི། །མེ་ཏོག་སཱ་ལའི་ཤིང་རྒྱས་བཞིན། །ལོ་ནི་སྟོང་ཕྲག་བརྒྱ་རུ་ནི། །དྲང་སྲོང་ཆེན་པོ་དེ་ཡི་ཚེ། །དེ་སྲིད་དུ་ནི་གནས་པ་སྟེ། །སྐྱེ་བོ་མང་པོ་སྒྲོལ་བར་བྱེད ། །ཆོས་ཀྱི་སྣང་བར་བྱས་ནས་ནི། །སྐྱེ་བོ་མང་པོ་ཡང་དག་སྒྲོལ། །མེ་ཡི་ཕུང་པོ་བཞིན་དུ་གསལ། །དེ་ནས་ཉན་ཐོས་དང་བཅས་འདས། །དེ་ཡང་རྫུ་འཕྲུལ་དེ་གྲགས་པ། །རིན་ཆེན་འཁོར་ལོ་དེ་ཞབས་ལ། །ཐམས་ཅད་ཀུན་ནས་བྲལ་བ་དང ། །འདུས་བྱས་ཆོས་རྣམས་གཏོང་བའོ། །མར་མེ་མཛད་ཀྱི་འོག་ཏུ་ནི། །འདྲེན་པ་ཀཽ་ཌི་ནྱ་ཞེས་པ། །གཟི་བརྗིད་དཔག་མེད་མཐའ་ཡས་གྲགས། །རིང་ལ་སེམས་པ་གཞལ་དུ་མེད། །སླར་ཡང་བཅོམ་ལྡན་འདས་མར་མེ་མཛད་ཀྱི་འོག་གི་ཆར་བསྐལ་པ་གྲངས་མེད་པ་གཅིག་འདས་ནས། སྟོན་པའི་འདྲེན་པ་ཀཽ་ཌི་ནྱ་ཞེས་བྱ་བ་བྱོན་ནོ། །དེའི་ཡང་ཉན་ཐོས་འདུས་པ་གསུམ་དུ་གྱུར་ཏོ། །འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའོ། །འདུས་པ་གཉིས་པ་ལ་བྱེ་བ་སྟོང་ཕྲག་གཅིག་གོ། །འདུས་པ་གསུམ་པ་ལ་ནི་བྱེ་བ་ཕྲག་དགུ་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །བྱེ་བ་སྟོང་ཕྲག་བརྒྱའི་གྲངས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་ལ་སྦྱིན་པ་ཆེན་པོ་གཏོང་ངོ ། །སྟོན་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པར་བྱས་ནས
39.198a
ཆོས་བསྟན་ནོ། །དེས་སྟོན་པའི་ཆོས་ཐོས་ནས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་ངོ ། །དེས་སྡེ་སྣོད་གསུམ་པོ་བསླབས་ནས་སྙོམས་པར་འཇུག་པ་བརྒྱད་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །བསམ་གཏན་མ་བོར་བར་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །སླར་ཡང་སངས་རྒྱས་ཀཽ་ཌི་ནྱ་དེའི་གྲོང་ཁྱེར་དགའ་བ་ཅན་ཡིན་ནོ། །ཤིན་དུ་དགའ་བའི་རྒྱལ་པོ་ནི་ཡབ་པོ། །རིགས་བཟང་ལྷ་མོ་ནི་ཡུམ་མོ། །བཟང་པོ་དང་ལེགས་བཟང་གཉིས་ནི་ཉན་ཐོས་རྣམས་ཀྱི་མཆོག་གོ། །མི་འགལ་བ་ཞེས་བྱ་བ་ནི་ཉེ་གནས་སོ། །རྒྱལ་མ་དང་ཉེ་རྒྱལ་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་དགེ་བའི་ཤིང་ནི་ཤཱ་ལ་བྱའོ། །སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱའོ། །དེའི་འོག་གི་ཆར་བསྐལ་པ་གྲངས་མེད་པ་གཅིག་འདས་ནས་བསྐལ་པ་གཅིག་གི་ནང་དེ་ཉིད་དུ་སངས་རྒྱས་བཞི་བྱོན་པར་གྱུར་ཏོ། །བཀྲ་ཤིས་བཟང་པོ་དང ། ཐུགས་བཟང་པོ་དང ། ནམ་གྲུ་ཅན་དང་མ་ངེས་པ་ཅན་ནོ། །བཅོམ་ལྡན་འདས་བཀྲ་ཤིས་བཟང་པོའི་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ། དེའི་འདུས་པ་དང་པོ་ནི་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ ། །གཉིས་པ་ལ་བྱེ་བ་སྟོང་ཕྲག་གཅིག་གོ། །གསུམ་པ་ལ་བྱེ་བ་ཕྲག་དགུ་བཅུའོ། །མའི་སྤུན་གྱི་གཞོན་ནུ་ཀུན་དགའ་བོ་ཞེས་བྱ་བ་བྱེ་བ་ཕྲག་དགུ་བཅུའི་འཁོར་དང་བཅས་པ་ནི་ཆོས་ཉན་པའི་ཕྱིར་དུའོ། །སྟོན་པའི་ཉེ་བར་གནས་པ་རྣམས་སོང་ངོ ། །སྟོན་པ་དེའི་སྔོན་གྱི་གཏམ་རྣམས་གོ་རིམས་བཞིན་དུ་བརྗོད་པར་བྱའོ། །དེ་འཁོར་དང་བཅས་པ་སོ་སོ་ཡང་དག་པར་རིག་པ་དང་དགྲ་བཅོམ་པ་ཐོབ་པོ། །སྟོན་པ་དེས་རིགས་ཀྱི་བུ་རྣམས་ལ་སྔར་གྱི་སྤྱོད་པ་རྣམས་ལ་བལྟ་ཞིང་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་རྣམས་གཟིགས་ཏེ། ཕྱག་གཡས་པ་བརྐྱང་ནས་དགེ་སློང་རྣམས་ཚུར་ཤོག་ཅིག་ཅེས་གསུངས་པ་དང ། ཐམས་ཅད་དེ་མ་ཐག་ཉིད་དུ་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་བཟུང་ནས་གནས་བརྟན་ལོ་དྲུག་བཅུ་ལོན་པ་བཞིན་དུ་གྱུར་ཏེ། ཆོ་ག་ཕུན་སུམ་ཚོགས་པར་གྱུར་ནས་སྟོན་པ་ལ་ཕྱག་བྱས་ཏེ་འཁོར་དུ་གྱུར་ཏོ། །ཇི་ལྟར་གཞན་ཡང་སངས་རྒྱས་གཞན་རྣམས་ལ་ཀུན་ནས་ཁྲུ
39.198b
བརྒྱད་བཅུ་པའི་སྐུ་ཚད་ཉིད་ཀྱི་འོད་དུ་གྱུར་ཏོ། །བཅོམ་ལྡན་འདས་དེ་ཉིད་ཀྱི་སྐུའི་འོད་དེ་ལྟ་བུ་ཉིད་མ་ཡིན་གྱི། དུས་རྟག་ཏུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕྲོ་ཞིང་གནས་ཏེ། ཤིང་དང་ས་དང་རི་དང་རྒྱ་མཚོ་ལ་སོགས་པའི་ཕྱོགས་ལྷག་མ་རྣམས་དང་ཚང་བང་ལ་སྩོགས་པ་གསེར་གྱིས་སྤྲས་པ་བཞིན་ནོ། །སྐུ་ཚེའི་ཚད་ནི་སྟོང་ཕྲག་དགུ་བཅུའོ། །དེ་རྣམས་ཀྱི་ལུས་ལ་ཟླ་བ་དང་ཉི་མ་ལ་སོགས་པ་ལ་རང་གི་འོད་ཀྱི་སྣང་བའི་ནུས་པ་མེད་དོ། །མཚན་མོ་དང་ཉིན་མོའི་བྱེ་བྲག་མི་ཤེས་སོ། །སེམས་ཅན་རྣམས་ཀྱི་ཉིན་མོ་ཉི་མ་ཤར་བ་བཞིན་དུ་སངས་རྒྱས་ཀྱི་འོད་ཀྱིས་རྟག་ཏུ་འགྲོ་བར་བྱེད་དོ། །མཚན་མོ་མེ་ཏོག་ཟུམ་པ་དང་སྔ་དྲོའི་དུས་སུ་བྱ་རྣམས་སྐད་འབྱིན་པ་ལ་སོགས་པ་ལ་བརྟེན་ནས་འཇིག་རྟེན་པས་ཉིན་མཚན་ཤེས་པར་བྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་རྣམས་ལ་ཅིའི་ཕྱིར་འདི་ལྟ་བུ་མེད་པ་ཡིན་ནམ། མེད་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱིས་ཀྱང་དགོངས་པར་གྱུར་ན་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་སུ་གྱུར་པ་འམ་དེ་བས་ལྷག་པར་ཡང་འོད་འཕྲོ་བར་བྱེད་དོ། །སླར་ཡང་བཅོམ་ལྡན་འདས་བཀྲ་ཤིས་བཟང་པོ་སྔར་གྱི་དོན་དུ་གཉེར་བའི་དབང་གིས་ཏེ། གཞན་གྱི་འོད་འདོམ་གང་བ་བཞིན་ནོ། །སྐུའི་འོད་ཀྱིས་རྒྱུན་མི་འཆད་པ་ཉིད་དུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས་གནས་སོ། །དེའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་དུས་ན་ཐམས་ཅད་སྒྲོལ་བཞིན་དུ་བདག་ཉིད་གནས་སོ། །དེའི་བུ་དང་བུ་མོར་བཅས་པ་རི་བོ་བྷཾ་ག་བཞིན་དུ་རི་ལ་བཞུགས་སོ། །དེ་ནས་མཆེ་བ་གཅིག་པ་གདུག་པ་ཅན་གྱི་གནོད་སྦྱིན་ཞིག་གིས་སྐྱེས་བུ་ཆེན་པོ་སྦྱིན་པ་གཏོང་ཞེས་ཐོས་ནས་བྲམ་ཟེའི་གཟུགས་ཀྱིས་ཉེ་བར་སོང་སྟེ་སེམས་དཔའ་ཆེན་པོའི་དྲུང་དུ་བུ་དང་བུ་མོ་སློང་ངོ ། །སེམས་དཔའ་ཆེན་པོས་བྲམ་ཟེ་ལ་བུ་དང་བུ་མོ་སྦྱིན་ནོ་ཞེས་བསམས་ནས་དགའ་བ་དང་ཚིམ་པས་ཆུའི་མཐར་ཐུག་པའི་ས་རྣམས་གཡོས་སོ། །དེ་ནས་གནོད་སྦྱིན་འཆག་པའི་གནས་ཀྱི་མཐར་ཙོག་པུར་རྒྱབ་རྟེན་ལ་འདུག་སྟེ་སེམས་དཔའ་ཆེན་པོ་ལ་ལྟ་ཞིང་འདུག་གོ། །དེ་ལ་དེས་བུ་དང་བུ་མོ་བྱིན་པ་དང
39.199a
དེས་ལ་ཕུག་ཟ་བ་བཞིན་དུ་བུ་དང་བུ་མོ་ཟོས་ནས། གནོད་སྦྱིན་གྱིས་སྐྱེས་བུ་ཆེན་པོ་དེ་ལ་བལྟ་སྟེ། ཁ་གདངས་ནས་མེ་འབར་བ་བཞིན་དུ་ཁྲག་གི་རྒྱུན་འབབ་བོ། །དེའི་ཁ་མཐོང་ནས་ཀྱང་སྐྲའི་རྩེ་མོ་ཙམ་གྱི་ཡིད་མི་བདེ་བ་ཡང་མ་སྐྱེས་པར་ངས་བྱིན་པ་ཤིན་དུ་ལེགས་པ་གཅིག་གོ་ཞེས་སེམས་སོ། །སླར་ཡང་ལུས་ལ་མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་སོ། །དེ་དག་འདི་ལ་བྱིན་པའི་བསོད་ནམས་ཀྱི་ཕན་ཡོན་གྱིས་མ་འོངས་པ་ན་འདི་ལྟ་བུའི་རིམ་པའི་འོད་ཟེར་འཕྲོ་བར་དོན་དུ་གཉེར་རོ། །དེ་ལ་དོན་དུ་གཉེར་བའི་རྒྱུ་མཚན་གྱིས་སངས་རྒྱས་སུ་གྱུར་ནས་སྐུའི་འོད་དེ་ཕྱི་རོལ་དུ་འཕྲོ་ཞིང་དེ་རྣམས་ལ་ཁྱབ་པར་གནས་སོ། །གཞན་ཡང་འདིའི་སྔར་གྱི་མཛད་པ་ཡོད་པས་དེ་བྱང་ཆུབ་སེམས་དཔའི་དུས་སུ་སངས་རྒྱས་གཅིག་གི་སྐུ་གདུང་གི་མཆོད་རྟེན་མཐོང་ནས་སངས་རྒྱས་འདིའི་སྐུ་གདུང་ལ་བདག་གིས་འཚོ་བ་ཡོངས་སུ་བཏང་ན་རིགས་སོ་སྙམ་ནས་ཤིང་རས་ཀྱིས་དཀྲིས་པ་བཞིན་དུ་ལུས་ཐམས་ཅད་གོས་གཞན་གྱིས་དཀྲིས་ཤིང་རིན་པོ་ཆེའི་ཅོད་པན་གྱོན་ནས་འབུམ་ཕྲག་ཅིག་རི་བའི་གསེར་གྱི་སྣོད་དུ་མར་གྱིས་བཀང་སྟེ་དེར་རས་འདེ་སྟོང་ཕྲག་བརྒྱ་བཙུགས་ནས་མར་མེ་སྦར་ཏེ་མགོའི་སྟེང་དུ་བཞག་ཅིང་ལུས་ཐམས་ཅད་ཀྱང་འབར་བར་བྱས་ནས་སྐུ་གདུང་གི་མཆོད་རྟེན་ལ་བསྐོར་བ་བྱེད་དོ། །དེ་ལྟར་མཚན་ཐོག་ཐག་སྔ་དྲོའི་སྐྱ་རེང་ཤར་གྱི་བར་དུ་འབད་པ་བྱེད་པ་ཉིད་ཀྱི་བ་སྤུའི་ཁུང་བུ་ཙམ་ཡང་དྲོ་བར་མ་གྱུར་ཏེ་པད་མའི་ཚལ་དུ་བཞུགས་པ་བཞིན་ནོ། །ཆོས་ཞེས་བྱ་བ་འདི་རང་ཉིད་བསྲུང་ན་ཆོས་བསྲུངས་པར་འགྱུར་རོ། །དེའི་ཕྱིར་གསུངས་པ།[་]ཆོས་བཞིན་བསྲུང་ན་ཆོས་སྤྱོད་དེ། །ཆོས་ཀྱིས་བསྒྲལ་ན་ཆོས་བཞིན་ཐོབ། །ལེགས་པར་བསྒྲལ་ན་ཆོས་ཕན་ཡོན། །ཆོས་སྤྱོད་ངན་འགྲོར་མི་འགྲོའོ། །འདིའི་ལས་ཀྱི་འབྲས་བུ་བཅོམ་ལྡན་འདས་དེའི་སྐུའི་འོད་ཀྱིས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་ཅིང་གནས་སོ། །དེའི་ཚེ་བདག་ཅག་གི་བྱང་ཆུབ་སེམས་དཔའ་ཤིན་དུ་སྲེད་པ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ། །དེས་སྟོན་པ་མགྲོན་དུ་གཉེར་བའི་ཕྱིར་དྲུང་དུ་སོང་སྟེ་ཆོས་སྙན་པོའི་བཤད་པ་ཐོས་ནས
39.199b
བཙུན་པ་སང་བདག་གི་གདུགས་ཚོད་ལ་བྱོན་པར་ཞུ་ཞེས་ཞུས་སོ། །བྲམ་ཟེས་དགེ་སློང་དུ་ཙམ་དགོས་ཞེས་གསུངས་པ་དང ། བཙུན་པ་འཁོར་དང་བཅས་པའི་དགེ་འདུན་དུ་ཙམ་བདོག་ཅེས་ཞུས་སོ། །དེའི་ཚེ་སྟོན་པའི་འདུས་པ་དང་པོ་ཉིད་ཙམ་ཡོད་དོ། །དེའི་ཕྱིར་བྱེ་བ་སྟོང་ཕྲག་བརྒྱ་ཡོད་ཅེས་གསུངས་སོ། །བཙུན་པ་འཁོར་ཐམས་ཅད་དང་བཅས་པ་བདག་གི་ཁང་པར་གདུགས་ཚོད་ལ་བྱོན་པར་ཞུ་ཞེས་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་གནང་སྟེ་བྲམ་ཟེས་སང་དོན་ཏུ་གཉེར་ཅིག་།ཁང་པར་འགྲོ་ཞིང་བསམས་པ། བདག་གིས་དགེ་སློང་འདི་རྣམས་ལ་ཐུག་པ་དང་ཟན་དང་གོས་ལ་སོགས་པ་འབུལ་བར་ནུས་སོ། །བཞུགས་པའི་གནས་ཇི་ལྟ་བུ་ཞེས་བསམས་སོ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི་སྟེང་ན་གནས་པའི་ལྷའི་རྒྱལ་པོའི་ལ་བ་དམར་པོའི་རྡོ་ལེབ་ལ་བཞུགས་པ་ན་དྲོ་བར་གྱུར་ཏེ། བརྒྱ་བྱིན་གང་ཞིག་བདག་གི་གནས་འདི་འདོར་བའི་སེམས་སུ་ཞིག་ལ་ཡོད་སྙམ་པ་དང ། ལྷའི་དབང་པོས་ལྷའི་མིག་གིས་བལྟས་པས་སྐྱེས་བུ་ཆེན་པོ་དེ་མཐོང་ནས། འདི་ལྟར་ཤིན་དུ་སྲེད་པའི་བྲམ་ཟེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་མགྲོན་དུ་གཉེར་ཏེ། བཞུགས་པའི་གནས་ཀྱང་བསམས་ཀྱི། བདག་ཀྱང་དེར་ཕྱིན་ནས་བསོད་ནམས་ཀྱི་ཆ་ལེན་པར་རིགས་སོ་སྙམ་ནས་ཤིང་མཁན་གྱི་གཟུགས་སུ་སྤྲུལ་ཏེ། སྟེའུ་དང་དགྲ་སྟ་བླངས་ཏེ་སྐྱེས་བུ་ཆེན་པོའི་མདུན་དུ་གནས་པར་གྱུར་ནས། གང་སུ་ཞིག་ཁོ་བོ་ལ་གླ་བྱིན་ཏེ་ལས་ཀ་བྱེད་པ་ཡོད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོས་གཟིགས་ཏེ། གང་ཞིག་ལས་ཀ་བྱེད་ནུས་ཞེས་གསུང་པ་དང ། བདག་གིས་མི་ཤེས་པའི་གཟོ་མེད་དོ།[་]།ཁང་པ་འམ་བསྟི་གནས་སམ་གང་ཞིག་ཅུང་ཟད་བྱེད་པའི་བཟོ་དེ་བདག་གིས་བྱེད་ཀྱང་ཡང་ནུས་སོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ།[་]དེའི་ཕྱིར་ང་ལ་ལས་སུ་བྱ་བ་ཡོད་དོ། །ཁོ་བོས་སང་འཕགས་པ་ལས་བྱེ་བ་ཕྲག་བརྒྱ་པའི་དགེ་སློང་གི་དགེ་འདུན་མགྲོན་དུ་གཉེར་ཏོ། །དེ་རྣམས་བཞུགས་པའི་གནས་བྱེད་པར་ནུས་སམ། སྨྲས་པ་བདག་གིས་བགྱིའོ། །བདག་ལ་གླ་སྟེར་བར་ནུས
39.200a
སམ། བུ་བདག་གིས་ནུས་སོ། །ལེགས་སོ་ཞེས་བྱ་བ་ལེགས་པར་བྱས་སོ། །ཕྱིན་ནས་ས་ཕྱོགས་གཅིག་བལྟས་ནས་དཔག་ཚད་བཅུ་གཉིས་སམ་བཅུ་གསུམ་པའི་ཚད་ཀྱི་ས་ཕྱོགས་གཅིག་ཏུ་ཟད་པར་སྔོན་པོའི་དཀྱིལ་འཁོར་བཞིན་དུ་སྟེང་མཉམ་པར་བྱས་སོ། །དེས་འདི་རྣམས་ཀྱི་གནས་ཙམ་དུ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་བསྟི་གནས་ས་འོག་ནས་ཕྱུང་ནས་བྱའོ་ཞེས་བསམ་ཞིང་བལྟའོ། །དེ་མ་ཐག་པར་ས་གཞི་བརྟོལ་ནས་བསྟི་གནས་གྲུབ་བོ། །དེ་ནི་གསེར་ལས་བྱུང་བའི་ཀ་བ་རྣམས་ལ་དངུལ་ལས་བྱུང་བའི་ཀ་ཞུའི་སྟེང་དུ་གསེར་ལས་བྱུང་བའི་སྡུང་ངོ ། །ནོར་བུའི་ཀ་བ་ལ་བྱི་རུའི་རང་བཞིན་ནོ། །བྱི་རུའི་ཀ་བ་ལ་ནོར་བུའི་རང་བཞིན་ནོ། །རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་ཀ་བ་ལ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་ཀ་ཞུ་ཉིད་དོ། །དེ་ནས་བསྟི་གནས་ཀྱི་བར་བར་དུ་གཡེར་ཁའི་དྲ་བ་འཕྱང་བ་ལ་བལྟ་ཞིང་དེ་བལྟས་ཙམ་ཉིད་ན་དྲ་བ་འཕྱང་བ། གང་ལ་རླུང་གིས་བསྐྱོད་པ་དེ་ལ་ཡན་ལག་ལྔ་པའི་རོལ་མོ་སྒྲ་སྙན་སྒྲོགས་ཏེ། ལྷའི་གླུ་དབྱངས་སྒྲོགས་པ་བཞིན་ནོ། །བར་བར་དུ་སྤོས་ཀྱི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བ་འཕྱང་བ་ལ་སེམས་ཤིང་ཕྲེང་བ་འཕྱང་བ་ལའོ། །བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་གི་དགེ་འདུན་གྱི་གྲངས་ཀྱིས་སྟན་དང་རྒྱབ་རྟེན་རྣམས་ས་གཞི་ལ་བརྟེན་ནས་བྱུང་བར་བསམས་སོ། །དེ་མ་ཐག་ཏུ་སའི་སྟེང་དུ་གྲུབ་བོ། །མཚམས་དང་མཚམས་རྣམས་སུ་རེ་རེར་ཆུའི་སྣོད་ཆེན་པོ་གྲུབ་པ་བསམས་སོ། །ཆུའི་སྣོད་ཆེན་པོ་དེ་རྣམས་གྲུབ་བོ།[་]།དེ་དག་ཐམས་ཅད་སྤྲུལ་ནས་བྲམ་ཟེའི་དྲུང་དུ་སོང་ནས་འཕགས་པ་འདིར་བྱོན་ལ་བསྟི་གནས་གཟིགས་མཛོད། བདག་ལ་གླ་སྦྱིན་པར་རིགས་སོ་ཞེས་ཞུས་ནས་སྐྱེས་བུ་ཆེན་པོ་གཤེགས་ཏེ་བསྟི་གནས་གཟིགས་ནས་དེ་མ་ཐག་ཏུ་བརྒྱ་བྱིན་མི་སྣང་བར་གྱུར་ཏོ། །གཟིགས་པ་ཙམ་ན་ལུས་ཐམས་ཅད་ཁ་དོག་ལྔ་དང་ལྡན་པ་ལ་དགའ་བ་རྒྱུན་མི་འཆད་པར་འཕྲོ་བར་གྱུར་ཏོ། །དེ་ནས་བསྟི་གནས་གཟིགས་ནས་འདི་ལྟར་ཡིད་ལ་བསམས་སོ། །བསྟི་གནས་འདི་མིར་གྱུར་པས་བསྒྲུབས་པ་མ་ཡིན་ནོ། །སླར་ཡང་བདག་གི་ལྷག་པའི་བསམ་པ་དང་བདག་གི་ཡོན
39.200b
ཏན་རྟོགས་པས་ངེས་པར་བརྒྱ་བྱིན་གྱི་སྟན་དྲོ་བར་གྱུར་ནས་བརྒྱ་བྱིན་ལྷའི་རྒྱལ་པོས་བསྟི་གནས་འདི་བྱས་པར་གྱུར་ཏོ། །དེ་ནས་སླར་ཡང་འདི་ལྟ་བུའི་ཚུལ་གྱི་བསྟི་གནས་སུ་ཉི་མ་གཅིག་ཉིད་ལ་སྦྱིན་པ་གཏོང་བ་ནི་བདག་གི་རིགས་པ་མ་ཡིན་ནོ། །ཉི་མ་བདུན་དུ་བདག་གིས་སྟེར་བར་བསམས་སོ། །ཕྱི་རོལ་གྱི་སྦྱིན་པས་ཇི་ཙམ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་དགྱེས་པར་མི་ནུས་སོ། །རྒྱན་གྱིས་བརྒྱན་པའི་མགོ་བོ་བཅད་པ་དང་དྲི་མ་མེད་པའི་མིག་བཏོན་པ་དང་སྙིང་གི་ཤ་བྲེགས་པ་འམ་བཅད་ནས་བྱིན་པའི་དུས་སུ་བྱང་ཆུབ་སེམས་དཔའ་བཏང་བའི་དགྱེས་པར་འགྱུར་རོ། །བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཤ་སི་བིའི་སྐྱེས་རབས་ལས་ཉི་མ་རེ་རེར་དོང་ཙེ་ཁལ་ལྔ་ལྔ་རི་བའི་རིན་གྱིས་མྱོས་ནས་སྒོ་བཞི་དང་གྲོང་ཁྱེར་གྱི་དབུས་སུ་སྦྱིན་པ་གཏོང་ངོ ། །དེའི་སྦྱིན་པ་དེ་གཏོང་བས་ཡོངས་སུ་ཚིམ་པ་མེད་དོ། །སླར་ཡང་གང་གི་ཚེ་བརྒྱ་བྱིན་ལྷའི་རྒྱལ་པོ་བྲམ་ཟེའི་གཟུགས་ཀྱིས་འོངས་ནས་མིག་བསླངས་སོ། །དེའི་ཚེ་དེའི་མིག་བཏོན་ནས་སྟེར་བ་ཉིད་ཀྱིས་དགྱེས་པར་འགྱུར་རོ། །སྐྲའི་རྩེ་མོ་ཙམ་ཡང་སེམས་ལ་སྡུག་བསྔལ་བར་མི་འགྱུར་རོ། །དེ་བཞིན་དུ་སྦྱིན་པའི་རྒྱུས་བྱང་ཆུབ་སེམས་དཔའ་ལ་ཚིམ་པ་མེད་དོ། །དེའི་ཕྱིར་སྐྱེས་བུ་ཆེན་པོ་དེ་ཡང་ཞག་བདུན་དུ་བདག་གིས་བྱེ་བ་སྟོང་ཕྲག་བརྒྱའི་གྲངས་ཀྱི་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱིན་པ་གཏོང་བར་རིགས་སོ་ཞེས་བསམས་སོ། །དེའི་བསྟི་གནས་སུ་བཞུགས་ནས་ཞག་བདུན་དུ་དགའ་བ་པཱ་ན་ཞེས་བྱ་བའི་སྦྱིན་པ་བྱིན་ནོ། །དགའ་བ་ཅན་ཞེས་པ་ནི་ཆེས་ཆེ་བའི་སྣོད་ཤིན་དུ་ཆེ་བ་འོ་མས་བསྐང་ནས་ཚང་བང་ཆེན་པོའི་སྟེང་དུ་བཞག་ནས་མེས་འོ་མ་ཤིན་དུ་བསྐ་བར་བསྐོལ་ཏེ་འབྲས་ཅུང་ཟད་བཏབ་ནས་བཙོས་ཏེ་སྦྲང་དང་དཀར་བའི་ཕྱེ་མ་དང་མར་གསར་པ་རྣམས་བཙོས་པའི་བཟའ་བའི་འོ་ཐུག་ནི་དགའ་བ་པཱ་ན་ཞེས་བརྗོད་དོ།[་]།མི་རྣམས་ཀྱིས་འདྲེན་པར་མ་ནུས་ན་ལྷ་རྣམས་ཀྱིས་ཀྱང་བར་བར་དུ་འདྲེན་ནོ། །དཔག་ཚད་བཅུ་གཉིས་སམ་བཅུ་གསུམ་པའི་ཚད་ཀྱི་གནས་སུ་དགེ་སློང་རྣམས་མ་ཤོང
39.201a
ན། སླར་ཡང་དགེ་སློང་དེ་རྣམས་རང་རང་གི་མཐུས་བཞུགས་སོ། །ཞག་བདུན་གྱི་མཐར་དགེ་སློང་ཐམས་ཅད་ཀྱི་ལྷུང་བཟེད་བགྲུས་ནས་སྨན་གྱི་ཕྱིར་དུ་མར་གསར་པ་དང་ཞུན་མར་དང་སྦྲང་དང་བུ་རམ་བསྐོལ་བའི་ཆུ་རྣམས་ཀྱིས་ལྷུང་བཟེད་བསྐང་ནས་ཆོས་གོས་གསུམ་དང་བཅས་པ་ཕུལ་ལོ། །དགེ་འདུན་གཞོན་ནུ་རྣམས་ཀྱིས་དགེ་སློང་གིས་ཐོབ་པའི་ཆོས་གོས་ཀྱི་རྒྱུའི་རས་འབུམ་ཕྲག་གཅིག་རི་བར་གྱུར་ཏོ། །སྟོན་པས་རྗེས་སུ་ཡི་རང་བ་མཛད་དོ། །སྐྱེས་བུ་འདིས་འདི་ལྟ་བུའི་ཚུལ་གྱིས་སྦྱིན་པ་ཆེན་པོ་བྱིན་ནོ། །གང་གི་དོན་དུ་འགྱུར་ཞེས་རྟོག་པར་བྱེད་དོ། །མ་འོངས་པའི་བསྐལ་པ་འབུམ་ཕྲག་གཅིག་ལྷག་པའི་གྲངས་མེད་པ་གཉིས་འདས་པ་ན་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་ཞེས་གཟིགས་ཏེ། སྐྱེས་བུ་ཆེན་པོ་བོས་ནས་ཁྱོད་ཀྱི་དུས་འདི་རྣམས་འདས་ནས་གཽ་ཏ་མ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ནོ། །སྐྱེས་བུ་ཆེན་པོས་ལུང་བསྟན་པ་ཐོས་ནས་བདག་ནི་སངས་རྒྱས་སུ་འགྱུར་བས། བདག་ཁྱིམ་ན་གནས་པ་ལ་དོན་མེད་ཀྱིས་རབ་ཏུ་འབྱུང་ངོ་སྙམ་དུ་བསམས་སོ། །དེ་དེ་ལྟ་བུའི་ཚུལ་དང་ལྡན་པས་མཆིལ་མ་དོར་བ་བཞིན་དུ་ཁྱིམ་སྤངས་ནས་སྟོན་པའི་དྲུང་དུ་རབ་ཏུ་བྱུང་ཞིང་བྱུང་ནས་སངས་རྒྱས་ཀྱི་གསུང་རབ་བསླབས་ནས་མངོན་པར་ཤེས་པ་དང ། སྙོམས་པར་འཇུག་པ་བསྐྱེད་དེ། ཚེའི་མཐར་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །གཞན་ཡང་བཅོམ་ལྡན་འདས་བཀྲ་ཤིས་བཟང་པོའི་གྲོང་ཁྱེར་མཆོག་ཅེས་བྱ་བར་གྱུར་ཏོ། །ཡབ་ནི་མཆོག་གི་རྒྱལ་པོའོ། །ཡུམ་ནི་མཆོག་མ་ཞེས་བྱ་བའོ། །ལྟང་བཟང་དང་ཆོས་ཀྱི་སྡེ་གཉིས་ནི་ཉན་ཐོས་ཀྱི་མཆོག་གོ་།བསྐྱང་བ་ཞེས་བྱ་བ་ནི་ཉེ་གནས་སོ། །ཞི་བྱེད་ལེན་དང ། མྱ་ངན་མེད་གཉིས་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཤིང་ནི་ཀླུ་ཤིང་ངོ ། །སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་པའོ། །སྟོང་ཕྲག་དགུ་བཅུའི་ལོ་ནི་སྐུ་ཚེའི་ཚད་དོ། །སྟོང་ཕྲག་དགུ་བཅུ་བཞུགས་ནས་མྱ་ངན་ལས་འདས་སོ། །སངས་རྒྱས་མྱ་ངན་ལས་འདས་ནས་སླར་ཡང་དེ་མ་ཐག་པར་སྟོང་ཕྲག་བཅུའི་ཁོར་ཡུག་གི་ཕྱོགས་ཀུན་མུན་པར་གྱུར་ཏོ། །ཁོར་ཡུག་ཐམས་ཅད་ཀྱི་མི་རྣམས་ཆོ་ངེས་ཆེན་པོ་འདེབས་སོ།[་]།ཀཽ་ཊི་ནྱ་འོག་ཏུ་ནི། །འཇིག་རྟེན་འདྲེན་པ་བཀྲ
39.201b
ཤིས་བཟང ། །འཇིག་རྟེན་ནང་གི་མུན་བསལ་ནས། །ཆོས་ཀྱི་སྣང་བའི་འོད་བཀྱེའོ། །དེ་བཞིན་དུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་མུན་ནག་ཏུ་བྱས་ནས་མྱ་ངན་ལས་འདས་སོ། །བཅོམ་ལྡན་འདས་དེའི་འོག་གི་ཆར་ཡིད་བཟངས་ཞེས་བྱ་བའི་སྟོན་པ་བྱོན་ནོ།[་]།དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་སྟེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ ། །འདུས་པ་གཉིས་པ་ལ་གསེར་གྱི་རི་ལ་བྱེ་བ་སྟོང་ཕྲག་དགུ་བཅུའོ། །གསུམ་པ་ལ་བྱེ་བ་སྟོང་ཕྲག་བརྒྱད་བཅུའོ། །དེའི་ཚེ་སེམས་དཔའ་ཆེན་པོ་ཀླུའི་རྒྱལ་པོ་མཉམ་མེད་ཅེས་བྱ་བར་གྱུར་ཏོ། །རྫུ་འཕྲུལ་གྱི་མཐུ་དང་ལྡན་ཞིང་དེས་སངས་རྒྱས་བྱོན་པ་ཐོས་ནས་གཉེན་གྱི་གྲོགས་རྣམས་འཁོར་དུ་བྱས་ཏེ། ཀླུའི་གནས་ནས་འཐོན་ཏེ། བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་གི་འཁོར་དང་བཅས་པའི་བཅོམ་ལྡན་འདས་ལ་ལྷའི་རོལ་མོས་ཉེ་བར་མཆོད་ནས་སྦྱིན་པ་ཆེན་པོ་ཕུལ་ལོ། །སོ་སོ་ལ་ལྷའི་གོས་གཉིས་གཉིས་ཕུལ་བས་སྐྱབས་སུ་འགྲོ་བའི་ཚུལ་ཁྲིམས་ལ་གནས་སོ། །དེ་ཡང་སྟོན་པ་དེས་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ནོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་དགེ་བ་ཅན་ཞེས་བྱ་བར་གྱུར་ཏེ། ལེགས་བྱིན་ཞེས་བྱ་བའི་རྒྱལ་པོ་ནི་ཡབ་བོ། །དཔལ་ལྡན་མ་ཞེས་བྱ་བ་ནི་ཡུམ་མོ། །ངེས་འགྲོ་དང་གོམས་བྱེད་ནི་ཉན་ཐོས་ཀྱི་མཆོག་གོ། །འཆར་བྱེད་ནི་ཉེ་གནས་སོ། །ཉན་པ་དང་ཉེ་བར་ཉན་པ་གཉིས་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཀླུ་ཤིང་ངོ ། །སྐུའི་མཐོ་ཚད་དུ་ཁྲུ་དྲུག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ། །བཀྲ་ཤིས་བཟང་པོའི་འོག་ཏུ་ནི། །འདྲེན་པ་ཐུགས་བཟང་ཞེས་བྱ་བ། །ཆོས་རྣམས་ཀུན་ལ་མཚུངས་མེད་པ། །སེམས་ཅན་ཀུན་གྱི་མཆོག་ཡིན་ནོ། །དེའི་ཡང་འོག་གི་ཆར་ནམ་གྲུ་ཅན་གྱི་སྟོན་པ་ཞེས་བྱ་བ་བྱོན་ནོ། །དེའི་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བགྲང་དུ་མེད་པ་ཞེས་བྱ་བའོ། །གཉིས་པ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ ། །དེ་བཞིན་དུ་གསུམ་པ་ཡང་ངོ ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པའི་ལྷ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ། །སྟོན་པའི་ཆོས་བཤད་པ་ཐོས་ནས་སྐྱབས་སུ་འགྲོ་བའི་ཚུལ་ཁྲིམས་ལ་གནས་སོ། །མགོའི་སྟེང་དུ
39.202a
ཐལ་མོ་སྦྱར་ནས་སྟོན་པ་ལ་དེའི་ཉོན་མོངས་རྣམས་སྤོང་བའི་བསྔགས་པ་བརྗོད་ནས་བླ་གོས་ཀྱིས་མཆོད་པས་དེ་ཡང་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །སླར་ཡང་དེའི་བཅོམ་ལྡན་འདས་ཀྱི་གྲོང་ཁྱེར་ནི་ནམ་གྲུ་བཟང་ལྡན་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་ཤིན་དུ་རྒྱས་པ་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་ཤིན་དུ་རྒྱས་མ་ཞེས་བྱ་བའོ། །ཆུ་ལྷ་དང་ལྷ་ཚངས་པ་ནི་ཉན་ཐོས་ཀྱི་མཆོག་གོ། །ཡང་དག་འབྱུང་ཞེས་བྱ་བ་ནི་ཉེ་གནས་སོ། །བཟང་མོ་དང་ལེགས་བཟང་མོ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཀླུ་ཤིང་ངོ ། །སྐུ་མཐོ་ཚད་དུ་ཁྲུ་བརྒྱད་བཅུའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དྲུག་བཅུའོ། །ཐུགས་བཟང་གི་ནི་འོག་ཏུ་ནི། །འདྲེན་པ་ནམ་གྲུ་ཅན་ཞེས་བྱ། །མཚུངས་པ་མེད་ཅིང་དཔེ་མེད་པར། །རྒྱལ་བ་མཉམ་མེད་མཆོག་ཏུ་གྱུར། །དེའི་འོག་གི་ཆར་མཛེས་བྱེད་ཅེས་བྱ་བའི་སྟོན་པ་བྱོན་ནོ། །དེའི་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་ངོ་།[་]།གཉིས་པ་ལ་བྱེ་བ་དགུ་བཅུའོ། །གསུམ་པ་ལ་བྱེ་བ་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་མི་ཕམ་པ་ཞེས་བྱ་བའི་བྲམ་ཟེར་གྱུར་ཏོ། །སྟོན་པའི་ཆོས་བསྟན་པ་ཐོས་ནས་སྐྱབས་སུ་འགྲོ་བའི་ཚུལ་ཁྲིམས་ལ་གནས་སོ། །སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏང་ངོ ། །དེས་ཡང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ནོ། །སླར་ཡང་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ཆོས་བཟང་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་ཆོས་བཟང་རྒྱལ་པོའོ། །ཡུམ་ནི་ཆོས་བཟང་མ་ཞེས་བྱ་བའོ། །མཚུངས་མེད་དང་ལེགས་སྤྱན་ནི་ཉན་ཐོས་ཀྱི་མཆོག་གོ། །ཡིད་ལྡན་ནི་ཉེ་གནས་སོ། །རིག་མ་དང་ལེགས་སྐྱེས་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཀླུ་ཤིང་ཉིད་དོ། །སྐུ་མཐོ་ཚད་དུ་ཁྲུ་ལྔ་བཅུ་རྩ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ། །ནམ་གྲུ་ཅན་གྱི་འོག་ཏུ་ནི། །འདྲེན་པ་མཛེས་བྱེད་ཅེས་བྱ་བ། །མཉམ་པར་བཞག་ཅིང་ཐུགས་ནི་ཞི། །གང་ཟག་ཟླ་མེད་མཚུངས་མེད་དོ། །དེའི་འོག་གི་ཆར་བསྐལ་པ་གྲངས་མེད་པ་གཅིག་འདས་ནས་བསྐལ་པ་གཅིག་གི་ནང་དུ་སངས་རྒྱས
39.202b
གསུམ་བྱོན་ནོ། །ཐུགས་ལྡན་མཐོང་བ་དང ། པད་མ་དང་མི་སྦྱིན་ནོ། །བཅོམ་ལྡན་འདས་ཐུགས་ལྡན་མཐོང་གི་འདུས་པ་གསུམ་དུ་གྱུར་ཏེ། དང་པོ་ལ་དགེ་སློང་འབུམ་ཕྲག་གཅིག་གོ། །གཉིས་པ་ལ་འབུམ་ཕྲག་བདུན་ནོ། །གསུམ་པ་ལ་འབུམ་ཕྲག་དྲུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་གནོད་སྦྱིན་གཅིག་ཏུ་གྱུར་ཏོ། །རྫུ་འཕྲུལ་དང་མཐུ་ཆེན་པོ་དང་ལྡན་པའི་བྱེ་བ་སྟོང་ཕྲག་བརྒྱ་དུ་མའི་གནོད་སྦྱིན་རྣམས་ཀྱི་བདག་པོར་གྱུར་ཏོ། །དེས་བཅོམ་ལྡན་འདས་བྱོན་པ་ཐོས་ནས་འོངས་ཏེ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏང་ངོ ། །སྟོན་པས་ཀྱང་མ་འོངས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ནོ། །གཞན་ཡང་བཅོམ་ལྡན་འདས་ཐུགས་ལྡན་མཐོང་གི་གྲོང་ཁྱེར་ནི་ལ་བ་ཅན་ཞེས་བྱ་བར་འགྱུར་རོ། །ཡབ་ནི་གྲགས་ལྡན་རྒྱལ་པོའོ། །ཡུམ་ནི་གྲགས་འཛིན་མའོ། །ངེས་བཟང་དང་ཡིད་ལྡན་ནི་ཉན་ཐོས་ཀྱི་མཆོག་གོ། །ཆུ་ལྷ་ནི་ཉེ་གནས་སོ། །ལེགས་མཛེས་དང་ཡིད་བཟང་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་སྲིད་སྒྲུབ་ཀྱི་ཤིང་ངོ ། །སྐུའི་མཐོ་ཚད་ཁྲུ་ལྔ་བཅུ་རྩ་བརྒྱད་དོ། །འབུམ་ཕྲག་གཅིག་གི་ལོ་ནི་སྐུ་ཚེའི་ཚད་དོ། །མཛེས་བྱེད་ཀྱི་ནི་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །ཐུགས་བཟང་མཐོང་དང་འཆི་མེད་གྲགས། །གཟི་བརྗིད་ལྡན་ཞིང་རིང་མཐོང་ངོ ། །དེའི་འོག་གི་ཆར་པད་མ་ཞེས་བྱ་བའི་སྟོན་པ་བྱོན་ནོ། །དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་འབུམ་ཕྲག་གཅིག་གི་དགེ་སློང་ངོ ། །གཉིས་པ་ལ་འབུམ་ཕྲག་གསུམ་མོ། །གསུམ་པ་ལ་གྲོང་མེད་པའི་དགོན་པར་གནས་ཚལ་ཆེན་པོ་ན་དགེ་སློང་འབུམ་ཕྲག་གཉིས་གནས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཡང་དེའི་ནགས་ཚལ་ཆེན་པོར་བཞུགས་པའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེར་སྐྱེས་པར་གྱུར་ཏོ། །སྟོན་པས་འགོག་པ་ལ་སྙོམས་པར་ཞུགས་སོ། །ཞུགས་པ་མཐོང་ནས་སེམས་རབ་ཏུ་དང་བས་ཕྱག་བྱས་ནས་བསྐོར་བ་བྱས་ཏེ། དགའ་བ་དང་ཡིད་བདེ་བ་སྐྱེས་སོ། །ལན་གསུམ་དུ་སེང་གེའི་སྒྲ་སྒྲོགས་སོ། །ཞག་བདུན་དུ་སངས་རྒྱས་ཀྱི་ཕྱིར་དུ
39.203a
དགའ་བ་མ་སྤངས་པས་དགའ་བ་དང་བདེ་བ་ཉིད་ཀྱི་སྤྱོད་ཡུལ་དུ་མ་ཕྱིན་པར་སྲོག་ཡོངས་སུ་བཏང་ངོ་སྙམ་སྟེ་བལྟ་ཞིང་འདུག་གོ། །སྟོན་པ་ཞག་བདུན་ནས་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། སེང་གེ་ལ་བལྟ་ཞིང་དགེ་སློང་གི་དགེ་འདུན་རྣམས་ཀྱིས་ཀྱང་སེམས་དང་བར་བྱས་ནས་དགེ་འདུན་ལ་ཕྱག་བྱེད་དོ་ཞེས་བརྗོད་ཅིང་དགེ་སློང་གི་དགེ་འདུན་ཤོག་ཅེས་བསམས་ཏེ་དགེ་སློང་རྣམས་དེ་མ་ཐག་ཏུ་བྱོན་ནོ། །སེང་གེས་དགེ་འདུན་ལ་སེམས་རབ་ཏུ་དང་བར་བྱེད་དོ། །སྟོན་པས་དེའི་སེམས་ལ་བརྟགས་ཏེ་མ་འོངས་པ་ན་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ནོ། །སླར་ཡང་བཅོམ་ལྡན་འདས་པད་མའི་གྲོང་ནི་ཙམ་པ་ཀ་ཞེས་བྱ་བར་འགྱུར་རོ། །ཡབ་ནི་པད་མའི་རྒྱལ་པོའོ། །ཡུམ་ནི་མཚུངས་མེད་མ་ཞེས་བྱའོ། །སཱ་ལ་དང་ཨུ་པ་སཱ་ལ་ནི་ཉན་ཐོས་ཀྱི་མཆོག་གོ། །ཆུ་ལྷ་ཞེས་བྱ་བ་ནི་ཉེ་གནས་སོ། །དགའ་མ་དང་ཤིན་དུ་དགའ་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་སྲོ་ནའི་ཤིང་ངོ ། །སྐུའི་མཐོ་ཚད་དུ་ཁྲུ་ལྔ་བཅུ་རྩ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་གཅིག་གོ།[་]། ཐུགས་ལྡན་མཐོང་གི་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །མཚན་ནི་པད་མ་ཞེས་བྱ་བ། །གང་ཟག་ཟླ་མེད་མཚུངས་མེད་དོ། །དེའི་འོག་ཏུ་མི་སྦྱིན་ཞེས་བྱ་བའི་སྟོན་པ་བྱོན་ནོ། །དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ།[་]འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ ། །གཉིས་པ་ལ་བྱེ་བ་འབུམ་ཕྲག་དགུ་བཅུའོ། །གསུམ་པ་ལ་བྱེ་བ་བརྒྱད་བཅུ་དང་འབུམ་ཕྲག་གཅིག་གོ།[་]།དེའི་ཚེ་བྱང་ཆུབ་སེམས་དཔའ་དྲང་སྲོང་གིས་རབ་ཏུ་བྱུང་སྟེ་མངོན་པར་ཤེས་པ་ལྔ་དང་སྙོམས་པར་འཇུག་པ་བརྒྱད་པོ་དབང་དུ་གྱུར་ཏེ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་བཏང་ནས། ཙན་དན་དམར་པོས་མཆོད་ནས་དེ་ཡང་དེས་མ་འོངས་པ་ན་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་འབྱོར་ལྡན་ཞེས་བྱ་བར་འགྱུར་རོ། །ཡབ་ནི་བློ་གྲོས་བཟང་པོ་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་ཡིད་ལྡན་མ་ཞེས་བྱ་བའོ། །སཱ་ལ་བཟང་པོ་དང་རྒྱལ་བྱེད་བཤེས་གཉེན་ནི་ཉན་ཐོས་ཀྱི་མཆོག་གོ། །གནས་མཆོག་ནི་ཉེ་གནས་སོ། །མཆོག་མ་དང་འབྲས་བུ་ཅན་མ་ནི
39.203b
ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་སྲོ་ན་ཆེན་པོའོ། །སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་པའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ། །པད་མ་ཡི་ནི་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །མཚན་ནི་མི་སྦྱིན་ཞེས་བྱ་བ། །གང་ཟག་ཟླ་མེད་མཚུངས་མེད་དོ། །སངས་རྒྱས་མི་སྦྱིན་གྱི་འོག་གི་ཆར་འདི་ནས་བསྐལ་པ་འབུམ་ཕྲག་གཅིག་གི་མགོ་ནས་བརྩམས་ཏེ་བསྐལ་པ་གཅིག་ཉིད་ཀྱི་ནང་དུ་སངས་རྒྱས་པད་མ་མཆོག་ཅེས་བྱ་བ་བྱོན་ནོ། །དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ ། །གཉིས་པ་ལ་བཻ་བྷཱ་རའི་རི་ལ་བྱེ་བ་སྟོང་ཕྲག་དགུ་བཅུའོ།[་]།གསུམ་པ་ལ་བྱེ་བ་སྟོང་ཕྲག་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རལ་པ་ཅན་ཞེས་བྱ་བའི་ཡུལ་འཁོར་ཆེན་པོར་སྐྱེས་སོ། །སངས་རྒྱས་ལ་སོགས་པའི་དགེ་འདུན་རྣམས་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་བཏང་ངོ ། །དེ་ཡང་དེས་མ་འོངས་པ་ན་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་ནོ། །གཞན་ཡང་བཅོམ་ལྡན་འདས་པད་མ་མཆོག་གི་དུས་སུ་མུ་སྟེགས་ཞེས་བྱ་བའི་མིང་ཡང་མེད་དོ། །ལྷ་དང་མི་ཐམས་ཅད་སངས་རྒྱས་ལ་སྐྱབས་སུ་འགྲོ་བའོ། །དེའི་གྲོང་ཁྱེར་ནི་དང་བ་ལྡན་ཞེས་བྱ་བར་འགྱུར་རོ། །ཡབ་ནི་ཀུན་དགའ་བོ་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་ལེགས་མ་ཞེས་བྱ་བའོ། །ལྷའི་སྤྱན་དང་ལེགས་སྐྱེས་ནི་ཉན་ཐོས་ཀྱི་མཆོག་གོ། །ཡིད་བཟང་ཞེས་བྱ་བ་ནི་ཉེ་གནས་སོ། །གྲོགས་མེད་མ་དང་མཚུངས་མེད་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཤཱ་ལའི་ཤིང་ཉིད་དོ། །སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ། །སྐུའི་འོད་ཀུན་ནས་འཁོར་བ་ལ་དཔག་ཚད་བཅུ་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། །མི་སྦྱིན་གྱི་ནི་འོག་ཉིད་དུ། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །རྒྱལ་བ་པད་མ་མཆོག་ཞེས་པ། །མི་འཁྲུགས་རྒྱ་མཚོ་ལྟ་བུའོ། །དེའི་འོག་གི་ཆར་བསྐལ་པ་སྟོང་ཕྲག་གསུམ་འདས་ནས། བློ་གྲོས་བཟང་པོ་དང་ལེགས་སྐྱེས་ཞེས་བྱ་བ་ནི་བསྐལ་པ་གཅིག་གི་ནང་དུ་སངས་རྒྱས་གཉིས་སུ་གྱུར་ཏོ། །བློ་གྲོས་བཟང་པོའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ།[་]འདུས་པ་དང་པོ་ལ་གྲོང་ཁྱེར་ལྟ་ན
39.204a
སྡུག་ཅེས་བྱ་བ་ན་བྱེ་བ་བརྒྱའི་ཟག་པ་ཟད་པའོ། །འདུས་པ་གཉིས་པ་ལ་ཡང་བྱེ་བ་དགུ་བཅུར་འགྱུར་རོ། །འདུས་པ་གསུམ་པ་ལ་ནི་བྱེ་བ་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་མཆོག་ཅེས་བྱ་བ་བྲམ་ཟེའི་ཁྱེའུར་གྱུར་ཏོ། །སའི་འོག་ཏུ་གཏེར་དུ་བཅུག་པ་ཉིད་བྱེ་བ་བརྒྱད་བཅུའི་ནོར་རྣམས་སྤེལ་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུལ་ཏེ་ཆོས་མཉན་ནས་སྐྱབས་སུ་འགྲོ་བའི་སྡོམ་པ་ལ་གནས་སོ། །རབ་ཏུ་བྱུང་ནས་ནགས་ཚལ་དུ་བྱོན་ནོ། །དེ་ཡང་མ་འོངས་པ་ན་སངས་རྒྱ་བར་ལུང་བསྟན་ནོ། །བཅོམ་ལྡན་འདས་བློ་གྲོས་བཟང་པོའི་གྲོང་ཁྱེར་ནི་བལྟ་ན་སྡུག་ཅེས་བྱ་བར་གྱུར་ཏོ། །ཡབ་ནི་ལེགས་སྦྱིན་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་ལེགས་སྦྱིན་མ་ཞེས་བྱ་བའོ། །ངེས་འབྱུང་དང་ཐམས་ཅད་འདོད་ནི་ཉན་ཐོས་ཀྱི་མཆོག་གོ། །རྒྱ་མཚོ་ཞེས་བྱ་བ་ནི་ཉེ་གནས་སོ། །དགའ་མ་དང་ཤིན་དུ་དགའ་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཤིང་ནཱི་པ་ཆེན་པོའོ། །སྐུ་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ། །པད་མ་མཆོག་གི་འོག་ཏུ་ནི། །འདྲེན་པ་བློ་བཟང་ཞེས་བྱ་བ། །འོད་ཟེར་དྲག་ཅིང་རིང་ལ་སེམས། །ཐུབ་པ་འཇིག་རྟེན་ཀུན་གྱི་མཆོག་།དེའི་འོག་གི་ཆར་ལེགས་སྐྱེས་ཞེས་བྱ་བའི་སྟོན་པ་བྱོན་ནོ། །དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་དགེ་སློང་སྟོང་ཕྲག་བཅུའོ། །གཉིས་པ་ལ་སྟོང་ཕྲག་ལྔ་བཅུའོ། །གསུམ་པ་ལ་སྟོང་ཕྲག་བཞི་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། སངས་རྒྱས་བྱོན་ཞེས་ཐོས་ནས་ཉེ་བར་སོང་སྟེ། ཆོས་ཐོས་ནས་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་རིན་པོ་ཆེ་སྣ་བདུན་དང་བཅས་པའི་གླིང་ཆེན་པོ་བཞིའི་རྒྱལ་སྲིད་སྦྱིན་པར་བཏང་ནས། སྟོན་པའི་དྲུང་དུ་རབ་ཏུ་བྱུང་ངོ ། །ཡུལ་ཐམས་ཅད་ན་གནས་པའི་ཡུལ་དུ་སྐྱེས་པའི་ནོར་བླངས་ནས་གཙུག་ལག་ཁང་རྣམས་རྫོགས་པར་བྱ་སྟེ། སངས་རྒྱས་ལ་སོགས་པའི་དགེ་སློང་རྣམས་ལ་སྦྱིན་པ་ཆེན་པོ་ཕུལ་ལོ། །དེ་ཡང་མ་འོངས་པ་ན་སྟོན་པས་སངས
39.204b
རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་ནོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་བཀྲ་ཤིས་བཟང་པོ་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་དྲག་པོ་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་འོད་ལྡན་མ་ཞེས་བྱ་བའོ། །བལྟ་ན་སྡུག་དང་ལྟ་གཉིས་ནི་ཉན་ཐོས་ཀྱི་མཆོག་གོ། །མི་སྦྱིན་ནི་ཉེ་གནས་སོ། །གླུ་མ་དང་གླུ་མའི་ཕྲེང་བ་དང་བཅས་པ་ནི་ཉན་ཐོས་མའི་མཆོག་གོ།[་]།བྱང་ཆུབ་ཀྱི་ཤིང་ནི་འོད་མ་ཆེན་པོའོ། །དེའི་ནང་བུག་པ་ཕྲ་མོ་ཅན་ནོ། །སྡོང་པོ་ནི་སྡུག་པོའོ། །སྟེང་ན་ཡལ་ག་སྨ་བྱའི་གདུགས་ལྟར་མཛེས་པའི་འདབ་མ་ཅན་ནོ། །བཅོམ་ལྡན་འདས་དེའི་སྐུའི་མཐོ་ཚད་དུ་ཁྲུ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ། །སྙིང་པོའི་བསྐལ་པ་དེ་ཉིད་ལ། །འདྲེན་པ་ལེགས་སྐྱེས་ཞེས་བྱ་བ། །ཁྱུ་མཆོག་དཔུང་པ་སེང་གེ་ཡི་འགྲམ། །རིང་ལ་སེམས་ཞིང་གཞལ་དུ་མེད། །དེའི་འོག་གི་ཆར་འདི་ནས་བསྐལ་པ་བརྒྱ་དང་བཅཝ་བརྒྱད་ཀྱི་མགོ་ནས་བརྩམས་ནས་བསྐལ་པ་གཅིག་ལ་དགའ་མཐོང་དང ། དོན་མཐོང་དང ། ཆོས་མཐོང་སྟེ་སངས་རྒྱས་གསུམ་བྱོན་ནོ། །དགའ་མཐོང་གི་ཡང་ཉན་ཐོས་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་སྟོང་ཕྲག་བརྒྱའི་དགེ་སློང་ངོ ། །གཉིས་པ་ལ་བྱེ་བ་དགུ་བཅུའོ། །གསུམ་པ་ལ་བྱེ་བ་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འོད་བསྲུང་ཞེས་བྱ་བའི་བྲམ་ཟེའི་ཁྱེའུར་གྱུར་ཏོ། །རིག་བྱེད་གསུམ་གྱི་ཕ་རོལ་དུ་ཕྱིན་ནས་སྟོན་པའི་ཆོས་བསྟན་པ་ཐོས་ཏེ་བྱེ་བ་སྟོང་ཕྲག་བརྒྱའི་ནོར་ཡོངས་སུ་བཏང་ནས་དགེ་འདུན་གྱི་གཙུག་ལག་ཁང་བྱེད་ཅིང་སྐྱབས་སུ་སོང་ནས་ཚུལ་ཁྲིམས་ལ་གནས་སོ། །དེ་ནས་སྟོན་པས་བསྐལ་པ་བརྒྱ་དང་བཅཝ་བརྒྱད་འདས་ནས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ནོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་ཡིད་ལྡན་ཞེས་བྱ་བར་གྱུར་ཏོ།[་]།ཡབ་ནི་ལེགས་སྦྱིན་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་ཟླ་བ་མ་ཞེས་བྱ་བའོ། །བསྐྱངས་པ་དང་ཀུན་མཐོང་གཉིས་ནི་ཉན་ཐོས་ཀྱི་མཆོག་གོ། །མཛེས་བྱེད་ནི་ཉེ་གནས་སོ། །ལེགས་སྐྱེས་མ་དང་ཆོས་སྦྱིན་མ་གཉིས་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་པྲི་ཡཾ་གུའི་ཤིང་ངོ ། །སྐུའི
39.205a
མཐོ་ཚད་དུ་ཁྲུ་བརྒྱད་བཅུའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ། །ལེགས་སྐྱེས་ཀྱི་ནི་འོག་ཏུ་ནི། །རང་བྱུང་འཇིག་རྟེན་འདྲེན་པ་ཉིད། །མཚུངས་དང་མི་མཚུངས་རིང་དུ་སེམས། །དགའ་མཐོང་གྲགས་པ་ཆེན་པོའོ། །དེའི་འོག་གི་ཆར་བཅོམ་ལྡན་འདས་དོན་མཐོང་ཞེས་བྱ་བ་བྱོན་ནོ། །དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་དགུ་བཅུ་རྩ་བརྒྱད་ཀྱི་དགེ་སློང་ངོ ། །གཉིས་པ་ལ་འབུམ་ཕྲག་བརྒྱད་བཅུ་རྩ་བརྒྱད་དོ། །དེ་བཞིན་དུ་གསུམ་པ་ལ་ཡང་ངོ ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འཚམས་བཟང་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པའི་དཀའ་ཐུབ་པར་གྱུར་ཏོ། །ལྷའི་འཇིག་རྟེན་གྱི་མན་དཱ་ར་བའི་མེ་ཏོག་གི་གདུགས་བླངས་ནས་སྟོན་པ་ལ་མཆོད་དོ། །དེ་ཡང་དེས་ལུང་བསྟན་ཏོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་མཛེས་བྱེད་ཅེས་བྱ་བར་གྱུར་ཏོ། །ཡབ་ནི་རྒྱ་མཚོ་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་ལྟ་ན་སྡུག་མའོ། །ཞི་བ་དང་ཉེ་བར་ཞི་བ་ནི་ཉན་ཐོས་ཀྱི་མཆོག་གོ། །འཇིགས་མེད་ནི་ཉེ་གནས་སོ། །ཆོས་མ་དང་ཆོས་བཟང་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཙམ་པ་ཀའི་ཤིང་ངོ་།[་]།སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུ་རྩ་བརྒྱད་དོ། །སྐུའི་འོད་ཀུན་ནས་འཁོར་བ་ལ་དུས་ཐམས་ཅད་དུ་དཔག་ཚད་གཅིག་གི་བར་དུ་ཁྱབ་ཅིང་གནས་སོ། །སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། །སྙིང་པོའི་བསྐལ་པ་དེ་ཉིད་ལ། །དོན་མཐོང་མིའི་ཁྱུ་མཆོག་ནི། །མུན་པ་ཆེན་པོ་གསལ་ནས་ནི། །ཡང་དག་བྱང་ཆུབ་མཆོག་ཐོབ་བོ། །དེའི་འོག་གི་ཆར་ཆོས་མཐོང་ཞེས་བྱ་བའི་སྟོན་པ་བྱོན་ནོ། །དེའི་ཡང་ཉན་ཐོས་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་ངོ ། །གཉིས་པ་ལ་བྱེ་བ་བདུན་བཅུའོ། །གསུམ་པ་ལ་བྱེ་བ་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷའི་རྒྱལ་པོ་བརྒྱ་བྱིན་དུ་གྱུར་ཏོ། །ལྷའི་དྲི་བཟང་དང་མེ་ཏོག་དང་ལྷའི་རོལ་མོ་རྣམས་ཀྱིས་མཆོད་དེ། དེ་ཡང་མ་འོངས་པ་ན་སངས་རྒྱ་བར་ལུང་བསྟན་ཏོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་སྐྱབས་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་སྐྱབས་ཀྱི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་ཤིན་དུ་དགའ་མ་ཞེས་བྱ་བའོ། །པད་མ་དང
39.205b
ལྷར་གྱུར་པ་ནི་ཉན་ཐོས་ཀྱི་མཆོག་གོ། །ལེགས་སྤྱན་ཞེས་བྱ་བ་ནི་ཉེ་གནས་སོ།[་]།དགེ་མ་དང་བདེན་མ་ཞེས་བྱ་བ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་པིམ་པ་ཛཱ་ལའི་ཤིང་ངོ ། །སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། །སྙིང་པོའི་བསྐལ་པ་དེ་ཉིད་ལ། །ཆོས་མཐོང་གྲགས་པ་ཆེན་པོ་ཡིས། །མུན་པ་ཆེན་པོ་བཅོམ་ནས་ནི། །ལྷ་དང་བཅས་པ་སྣང་བར་མཛད། །དེའི་འོག་གི་ཆར་འདི་ནས་བསྐལ་པ་དགུ་བཅུ་རྩ་བཞི་ནས་མགོ་བརྩམས་ནས་བསྐལ་པ་གཅིག་ལ་དོན་གྲུབ་ཞེས་བྱ་བའི་སངས་རྒྱས་གཅིག་བྱོན་ནོ། །དེའི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་བྱེ་བ་འབུམ་ཕྲག་གཅིག་གི་དགེ་སློང་ངོ ། །གཉིས་པ་ལ་བྱེ་བ་དགུ་བཅུའོ། །གསུམ་པ་ལ་བྱེ་བ་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོ་དང ། མངོན་པར་ཤེས་པའི་སྟོབས་དང་ལྡན་པའི་དཀའ་ཐུབ་པ་བཀྲ་ཤིས་བཟང་པོ་ཞེས་བྱ་བར་གྱུར་ཏོ། །ཤིང་འཛམ་བུ་ཆེན་པོའི་འབྲས་བུ་བླངས་ནས་དེ་བཞིན་གཤེགས་པ་ལ་ཕུལ་ལོ། །སྟོན་པས་འབྲས་བུ་དེ་གསོལ་ནས་བསྐལ་པ་དགུ་བཅུ་རྩ་བཞིའི་འོག་ཏུ་བྱང་ཆུབ་སེམས་དཔའ་མ་འོངས་པ་ན་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ནོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་བཻ་བྷཱ་ར་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་རྒྱལ་བའི་སྡེ་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་ལེགས་གྱུར་མ་ཞེས་བྱ་བའོ། །མང་དུ་འབྱུང་དང་བཤེས་གཉེན་བཟང་པོ་ནི་ཉན་ཐོས་ཀྱི་མཆོག་གོ། །ནམ་གྲུ་ཅན་ནི་ཉེ་གནས་སོ། །ཞི་བྱེད་ལེན་མ་དང་ལེགས་བརྟན་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཀརྣི་ཀའི་ཤིང་ངོ ། །སྐུའི་མཐོ་ཚད་ནི་ཁྲུ་དྲུག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། །ཆོས་མཐོང་གི་ནི་འོག་ཉིད་དུ། །འཇིག་རྟེན་འདྲེན་པ་དོན་གྲུབ་ཀྱི། །མུན་པ་ཐམས་ཅད་བཅོམ་ནས་ནི། །ནམ་མཁར་ཉི་མ་ཤར་བ་བཞིན། །དེའི་འོག་གི་ཆར་འདི་ནས་བསྐལ་པ་འབུམ་ཕྲག་དགུ་བཅུ་རྩ་གཉིས་ནས་མགོ་བརྩམས་ནས་བསྐལ་པ་གཅིག་ལ་དཀར་རྒྱལ་དང་གྱུར་པ་ཞེས་བྱ་བའི་སངས་རྒྱས་གཉིས་བྱོན་ནོ། །བཅོམ་ལྡན་འདས་དཀར་རྒྱལ་དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ།
39.206a
འདུས་པ་དང་པོ་ལ་བྱེ་བ་བརྒྱའི་དགེ་སློང་ངོ ། །གཉིས་པ་ལ་བྱེ་བ་དགུ་བཅུའོ། །གསུམ་པ་ལ་བྱེ་བ་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཆེན་པོ་དང་གྲགས་པ་ཆེན་པོ་དང་ལྡན་པའི་ལེགས་སྐྱེས་ཞེས་བྱ་བའི་རྒྱལ་རིགས་སུ་གྱུར་པ་དཀའ་ཐུབ་པའི་རབ་ཏུ་བྱུང་བ་ལ་རབ་ཏུ་བྱུང་ནས་རྫུ་འཕྲུལ་དང་ལྡན་པར་གྱུར་ཏེ་སངས་རྒྱས་བྱོན་པ་ཐོས་ནས་ལྷའི་མེ་ཏོག་མན་དཱ་ར་བ་དང་པད་མ་དང་པཱ་རི་ཙྪ་ཏྟྲའི་མེ་ཏོག་རྣམས་བླངས་ནས་འཁོར་བཞིའི་ནང་དུ་གཤེགས་པའི་དེ་བཞིན་གཤེགས་པ་ལ་མཆོད་ནས། ནམ་མཁའ་མེ་ཏོག་གི་བླ་རེས་བྲེས་སོ། །སངས་རྒྱས་དེས་ཡང་འདི་ནས་བསྐལ་པ་དགུ་བཅུ་རྩ་གཉིས་ནས་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་དགེ་མ་ཞེས་བྱ་བའོ། །ཡབ་ནི་སྐྱེ་བོ་དད་པ་ཅན་ཞེས་བྱ་བའི་རྒྱལ་པོའི་རིགས་སོ། །ཡུམ་ནི་པད་མ་ཞེས་བྱ་བའོ། །ཚངས་པའི་ལྷ་དང་འཆར་བྱེད་ནི་ཉན་ཐོས་ཀྱི་མཆོག་གོ། །ཡང་དག་མཆོག་ནི་ཉེ་གནས་སོ། །མྱུར་མ་དང་ལེགས་སྦྱིན་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཨ་ས་ནའི་ཤིང་ངོ ། །སྐུའི་མཐོ་ཚད་ལ་ཁྲུ་དྲུག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ། །དོན་གྲུབ་ཀྱི་ནི་འོག་ཉིད་དུ། །གང་ཟག་ཟླ་མེད་མཚུངས་མེད་པ། །ཚུལ་ཁྲིམས་དཔག་མེད་མཐའ་ཡས་གྲགས། །འཇིག་རྟེན་འདྲེན་པ་དཀར་རྒྱལ་མཆོག་།དེའི་འོག་གི་ཆར་གྱུར་པ་ཞེས་བྱ་བའི་སྟོན་པ་བྱོན་ནོ། །དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་དྲུག་བཅུའི་དགེ་སློང་ངོ ། །གཉིས་པ་ལ་འབུམ་ཕྲག་ལྔ་བཅུའོ། །གསུམ་པ་ལ་འབུམ་ཕྲག་སུམ་བཅུ་རྩ་གཉིས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བྱེད་ཞེས་བྱ་བའི་རྒྱལ་རིགས་སུ་གྱུར་ཏེ། རྒྱལ་པོ་ཆེན་པོའི་རྒྱལ་རིགས་སྤངས་ནས་ནི་སྟོན་པའི་དྲུང་དུ་རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་བསླབས་ནས་སྐྱེ་བོ་མང་པོ་ལ་དམ་པའི་ཆོས་སྟོན་ཅིང་འཆད་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱས་ནས་དེ་ཡང་དེ་བཞིན་དུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་གསལ་ལྡན་ཞེས་བྱ་བར་གྱུར
39.206b
ཏོ། །ཡབ་ནི་རྒྱལ་བའི་སྡེ་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་དཔལ་ལྡན་མ་ཞེས་བྱའོ། །ལེགས་བསྲུང་དང་ཆོས་ཀྱི་སྡེ་ནི་ཉན་ཐོས་ཀྱི་མཆོག་གོ། །འཇིགས་བཅས་ནི་ཉེ་གནས་སོ། །ཕྲེང་བ་མ་དང་ཉེ་བའི་ཕྲེང་བ་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་སྐྱུ་རུ་རའི་ཤིང་ངོ ། །སྐྲུའི་མཐོ་ཚད་དུ་ཁྲུ་ལྔ་བཅུ་རྩ་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དགུ་བཅུའོ། །སྙིང་པོའི་བསྐལ་པ་དེ་ཉིད་ལ།[་]།སྟོན་པ་བླ་ན་མེད་པར་གྱུར། །མཚུངས་དང་མི་མཚུངས་དཔེ་མེད་པ། །འཇིག་རྟེན་མཆོག་གི་འདྲེན་པར་གྱུར། །དེའི་འོག་གི་ཆར་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ལ་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་བྱོན་ནོ། །དེའི་ཡང་འདུས་པ་གསུམ་དུ་གྱུར་ཏེ། འདུས་པ་དང་པོ་ལ་དགེ་སློང་འབུམ་ཕྲག་དགུ་བཅུ་རྩ་བརྒྱད་དོ། །གཉིས་པ་ལ་འབུམ་ཕྲག་གཅིག་གོ། །གསུམ་པ་ལ་སྟོང་ཕྲག་བརྒྱད་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ལྡན་ཞིང་མཐུ་ཆེ་བས་མཚུངས་པ་མེད་པའི་ཀླུའི་རྒྱལ་པོར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་གསེར་གྱི་གདན་ཆེན་པོ་བཅོམ་ལྡན་འདས་ལ་ཕུལ་ལོ། །དེས་ཡང་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ནས་སངས་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ནོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་བློ་གྲོས་གཉེན་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་གཉེན་གྱི་རྒྱལ་པོ་ཞེས་བྱ་བའོ། །ཡུམ་ནི་བློ་གྲོས་གཉེན་མ་ཞེས་བྱ་བའོ།[་]།ཕུང་པོ་དང་དཀར་རྒྱལ་ནི་ཉན་ཐོས་ཀྱི་མཆོག་གོ། །མྱ་ངན་མེད་ནི་ཉེ་གནས་སོ། །ཟླ་བ་མ་དང་ཟླ་བའི་བཤེས་གཉེན་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་པཱ་ཊི་ལིའི་ཤིང་ངོ ། །སྐུའི་མཐོ་ཚད་དུ་ཁྲུ་བརྒྱད་བཅུའོ། །སྐུའི་འོད་ལ་རྟག་ཏུ་དཔག་ཚད་བདུན་དུ་འཕྲོ་ཞིང་གནས་སོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱད་བཅུའོ། །གྱུར་པ་ཡི་ནི་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །མཚན་ནི་རྣམ་པར་གཟིགས་ཤེས་བྱ། །སྤྱན་ལྡན་འཇིག་རྟེན་བསྐྱེད་པའོ། །དེའི་འོག་གི་ཆར་འདི་ནས་བསྐལ་པ་སུམ་བཅུ་རྩ་གཉིས་ནས་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་ཅེས་པའི་སངས་རྒྱས
39.207a
བྱོན་ནོ། །གཙུག་ཏོར་ཅན་གྱི་ཡང་ཉན་ཐོས་ཀྱི་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་གཅིག་གི་དགེ་སློང་ངོ ། །གཉིས་པ་ལ་འབུམ་ཕྲག་བརྒྱད་བཅུའོ། །གསུམ་པ་ལ་འབུམ་ཕྲག་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྒྲའི་དབང་པོ་ཞེས་བྱ་བའི་རྒྱལ་པོར་གྱུར་ཏེ། སངས་རྒྱས་དང་བཅས་པའི་དགེ་འདུན་རྣམས་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་ཕུལ་ལོ། །རིན་པོ་ཆེ་སྣ་བདུན་གྱིས་སོ་སོར་བརྒྱན་པའི་གླང་པོ་ཆེ་ཕུལ་ནས། གླང་པོ་ཆེའི་ཚད་ཙམ་རི་ཞིང་རུང་བའི་ཡོ་བྱད་རྣམས་ཕུལ་ལོ། །དེས་ཡང་འདི་ནས་བསྐལ་པ་སུམ་བཅུ་རྩ་གཅིག་ནས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་སྐྱ་རེང་ལྡན་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་སྐྱ་རེང་ལྡན་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་འོད་ལྡན་མ་ཞེས་བྱ་བའོ། །མངོན་འབྱུང་དང་ཡང་དག་བྱུང་ནི་ཉན་ཐོས་ཀྱི་མཆོག་གོ། །དགེ་བར་བྱེད་པ་ནི་ཉེ་གནས་སོ། །མ་གི་ལ་དང་པད་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་པུཎ་ཊ་རི་ཀའི་ཤིང་ངོ ། །སྐུའི་མཐོ་ཚད་དུ་ཁྲུ་སུམ་བཅུ་རྩ་བདུན་དུ་འགྱུར་རོ། །སྐུའི་འོད་དཔག་ཚད་གསུམ་དུ་འཕྲོ་ཞིང་གནས་སོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་སུམ་བཅུ་རྩ་བདུན་ནོ། །རྣམ་པར་གཟིགས་ཀྱི་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །མཚུངས་མེད་རྒྱལ་བ་གཙུག་ཏོར་ཅན། །གང་ཟག་ཟླ་མེད་མཚུངས་མེད་དོ། །དེའི་འོག་གི་ཆར་ཐམས་ཅད་སྐྱོབ་ཅེས་བྱ་བའི་སངས་རྒྱས་བྱོན་ནོ། །དེའི་ཡང་འདུས་པ་གསུམ་དུ་འགྱུར་ཏེ། འདུས་པ་དང་པོ་ལ་འབུམ་ཕྲག་བརྒྱད་བཅུའི་དགེ་སློང་ངོ ། །གཉིས་པ་ལ་འབུམ་ཕྲག་སུམ་བཅུ་རྩ་བདུན་ནོ། །གསུམ་པ་ལ་འབུམ་ཕྲག་དྲུག་བཅུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བལྟ་ན་སྡུག་ཅེས་བྱ་བའི་རྒྱལ་པོར་གྱུར་ཏེ། སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་ཆོས་གོས་དང་བཅས་པའི་སྦྱིན་པ་ཆེན་པོ་ཕུལ་ནས་དེའི་དྲུང་དུ་རབ་ཏུ་བྱུང་སྟེ།[་]སྤྱོད་པ་དང་ཡོན་ཏན་དང་ལྡན་པས་སངས་རྒྱས་དཀོན་མཆོག་ལ་རི་མོར་བྱས་ཏེ་དགའ་བར་གྱུར་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་འདི་ནས་བསྐལ་པ་སུམ་བཅུ་རྩ་གཅིག་ནས་སངས་རྒྱས
39.207b
སུ་འགྱུར་ཞེས་ལུང་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་ཡིད་ལྡན་ཞེས་བྱ་བར་གྱུར་ཏོ། །ཡབ་ནི་ལེགས་པར་གནས་ཞེས་བྱ་བའི་རྒྱལ་པོའོ། །ཡུམ་ནི་གྲགས་ལྡན་མ་ཞེས་བྱ་བའོ། །ཉན་པ་དང་མཆོག་ནི་ཉན་ཐོས་ཀྱི་མཆོག་གོ། །ཉེ་བར་ཞི་བ་ནི་ཉེ་གནས་སོ། །ཕྲེང་བ་མ་དང་ཕྲེང་བ་དང་བཅས་པ་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་སཱ་ལའི་ཤིང་ངོ ། །སྐུའི་མཐོ་ཚད་ནི་ཁྲུ་དྲུག་བཅུར་འགྱུར་རོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་དྲུག་བཅུའོ། །སྙིང་པོའི་བསྐལ་པ་དེ་ཉིད་ལ། །གང་ཟག་ཟླ་མེད་མཚུངས་པ་མེད། །མཚན་ནི་ཐམས་ཅད་སྐྱོབ་ཅེས་པ། །རྒྱལ་བ་དེ་ནི་འཇིག་རྟེན་བསྐྱེད། །དེའི་ཡང་འོག་གི་ཆར་བསྐལ་པ་འདི་ལ་སངས་རྒྱས་བཞི་བྱོན་ནོ། །ལོག་པར་དད་སེལ་དང་གསེར་ཐུབ་དང་འོད་བསྲུང་དང་བདག་ཅག་གི་བཅོམ་ལྡན་འདས་སོ། །གཞན་ཡང་བཅོམ་ལྡན་འདས་ལོག་པར་དད་སེལ་གྱི་ཉན་ཐོས་ཀྱི་འདུས་པ་ནི་གཅིག་གོ། །དེ་ལ་སྟོང་ཕྲག་བཞི་བཅུའི་དགེ་སློང་ངོ ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དགེ་བ་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ།[་]།སངས་རྒྱས་ལ་སོགས་པ་དགེ་འདུན་ལ་ལྷུང་བཟེད་ཆོས་གོས་དང་བཅས་པའི་སྦྱིན་པ་ཉིད་དང་མིག་སྨན་དང་སྨན་ལ་སོགས་པ་ཕུལ་ནས་སྟོན་པའི་ཆོས་བསྟན་པ་ཐོས་ནས་རབ་ཏུ་བྱུང་ངོ ། །དེ་ཡང་སྟོན་པས་ལུང་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་ལོག་པར་དད་སེལ་དེའི་གྲོང་ཁྱེར་དགེ་བ་ཞེས་བྱ་བར་འགྱུར་རོ། །ཡབ་ནི་མི་སྦྱིན་བྲམ་ཟེ་ཞེས་བྱ་བའོ། །ཡུམ་ནི་བྲམ་ཟེ་མོ་གྲོགས་མའོ། །བི་དྷུ་ར་དང་ཡང་དག་འཚོ་ནི་ཉན་ཐོས་ཀྱི་མཆོག་གོ། །བྲམ་ཟེ་བློ་གྲོས་ནི་ཉེ་གནས་སོ། །མཉམ་བྱེད་དང་ཙམ་པ་ཀ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཤིང་ཤ་རི་ཥ་ཆེན་པོའོ། །སྐུའི་མཐོ་ཚད་ལ་ཁྲུ་བཞི་བཅུར་འགྱུར་རོ།[་]།སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་བཞི་བཅུའོ། །ཐམས་ཅད་སྐྱོབ་ཀྱི་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །མཚན་ནི་ལོག་པར་དད་སེལ་ཞེས། །གཞལ་མེད་རིང་ལ་སེམས་པའོ། །དེའི་འོག་གི་ཆར་སྟོན་པ་གསེར་ཐུབ་ཅེས་བྱ་བ་བྱོན་ནོ། །དེའི་ཡང་ཉན་ཐོས་ཀྱི་འདུས་པ་གཅིག་སྟེ། དེ་ལ་སྟོང་ཕྲག་སུམ་བཅུའི་དགེ་སློང་དུ་འགྱུར་རོ། །དེའི་ཚེ
39.208a
བྱང་ཆུབ་སེམས་དཔའ་རི་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ། །བློན་པོའི་ཚོགས་མང་པོ་འཁོར་དང་བཅས་པ་ཆོས་བསྟན་པ་ཐོས་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་མགྲོན་དུ་གཉེར་ནས་སྦྱིན་པ་ཆེན་པོ་ཕུལ་ཏེ་སྟོན་པའི་དྲུང་དུ་སོང་སྟེ། ལྷུང་བཟེད་དང་།[་]རྒྱའི་དར་དང་གྲོང་ཁྱེར་གསལ་ལྡན་གྱི་ཡུལ་གྱི་རས་དང་ལ་བ་དང་།[་]དུ་ཀུ་ལའི་རས་དང ། དར་གོས་གསེར་མ་རྣམས་ཕུལ་ཏེ། སྟོན་པའི་དྲུང་དུ་རབ་ཏུ་བྱུང་ངོ ། །དེ་ཡང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ནོ། །བཅོམ་ལྡན་འདས་དེའི་གྲོང་ཁྱེར་ནི་མཛེས་ལྡན་ཞེས་བྱ་བར་འགྱུར་རོ། །ཡབ་ནི་གནོད་སྦྱིན་ཞེས་བྱ་བའི་བྲམ་ཟེའོ། །ཡུམ་ནི་མཆོག་མ་ཞེས་བྱ་བའི་བྲམ་ཟེ་མོའོ།[་]།འཇིགས་བྱེད་དང་མཆོག་ནི་ཉན་ཐོས་ཀྱི་མཆོག་གོ། །བཀྲ་ཤིས་ཞེས་བྱ་བ་ནི་ཉེ་གནས་སོ། །རྒྱ་མཚོ་མ་དང་མཆོག་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ཨུ་དུམ་བ་རའི་ཤིང་ངོ ། །སྐུའི་མཐོ་ཚད་ལ་ཁྲུ་ཉི་ཤུའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་སུམ་བཅུའོ། །ལོག་པར་དད་སེལ་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །མཚན་ནི་རྒྱལ་བ་གསེར་ཐུབ་བོ། །མི་ཡི་ཁྱུ་མཆོག་འཇིག་རྟེན་གཙོ། །དེའི་འོག་གི་ཆར་འོད་སྲུང་ཞེས་བྱ་བའི་སྟོན་པ་བྱོན་ནོ།[་]།དེའི་ཡང་འདུས་པ་གཅིག་སྟེ། དེ་ལ་དགེ་སློང་སྟོང་ཕྲག་ཉི་ཤུའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འོད་བསྐྱོད་ཞེས་བྱ་བའི་བྲམ་ཟེའི་ཁྱེའུར་གྱུར་ནས། རིག་བྱེད་གསུམ་གྱི་ཕ་རོལ་དུ་སོན་ཏེ། ས་དང་བར་སྣང་ཐམས་ཅད་ལ་གྲགས་སོ། །བུམ་པ་བྱེད་པའི་རྫ་མཁན་གྱི་གྲོགས་པོར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རྫ་མཁན་དང་འདྲོགས་ཏེ་སྟོན་པའི་དྲུང་དུ་ཉེ་བར་སོང་སྟེ། ཆོས་ཀྱི་གཏམ་ཐོས་ནས་རབ་ཏུ་བྱུང་ངོ ། །བརྩོན་འགྲུས་ཆེར་བསྐྱེད་ནས་སྡེ་སྣོད་གསུམ་བསླབས་ཏེ་སྤྱོད་པ་དང་ལྡན་པས་སངས་རྒྱས་ཀྱི་བསྟན་པ་མཛེས་པར་བྱེད་དོ། །དེ་ཡང་སྟོན་པས་ལུང་བསྟན་ནོ། །བཅོམ་ལྡན་འདས་དེའི་བལྟམ་པའི་གྲོང་ཁྱེར་ནི་བཱ་རཱ་ཎ་སཱི་ཞེས་བྱ་བའོ། །ཡབ་ནི་ཚངས་བྱིན་ཞེས་བྱ་བའི་བྲམ་ཟེའོ། །ཡུམ་ནི་འབྱོར་ལྡན་མ་ཞེས་བྱ་བའི་བྲམ་ཟེ་མོའོ། །དཀར་རྒྱལ་དང་བྷཱ་ར་དྷོ་ཛ་ནི་ཉན་ཐོས
39.208b
ཀྱི་མཆོག་གོ། །ཐམས་ཅད་བཤེས་གཉེན་ནི་ཉེ་གནས་སོ། །རྗེས་སུ་ལེན་མ་དང་སྟོང་རྒྱས་མ་ནི་ཉན་ཐོས་མའི་མཆོག་གོ། །བྱང་ཆུབ་ཀྱི་ཤིང་ནི་ནྱ་གྲོ་ཏའི་ཤིང་ངོ ། །སྐུའི་མཐོ་ཚད་དུ་ཁྲུ་ཉི་ཤུ་པར་གྱུར་ཏོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ཕྲག་ཉི་ཤུའོ། །གསེར་ཐུབ་ཀྱི་ནི་འོག་ཏུ་ནི། །རྐང་གཉིས་མཆོག་གི་རྫོགས་སངས་རྒྱས། །མཚན་ནི་རྒྱལ་བ་འོད་སྲུང་ངོ ། །ཆོས་ཀྱི་རྒྱལ་པོ་འོད་མཛད་དོ།[་]།གཞན་ཡང་བསྐལ་པ་གང་ལ་སྟོབས་བཅུ་དང་ལྡན་པའི་མར་མེ་མཛད་པ་དེ་ལ།[་]གཞན་ཡང་སངས་རྒྱས་གསུམ་བྱོན་པར་གྱུར་ཏེ། དེ་རྣམས་ཀྱི་དྲུང་དུ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་ནོ། །དེའི་ཕྱིར་འདིར་ཡང་མ་བསྟན་ཏེ། གཞན་ཡང་དོན་གྱི་གཏམ་འདིའི་བསྐལ་པ་ནས་བཟུང་ནས་སངས་རྒྱས་ཐམས་ཅད་མཐོང་བའི་དོན་དུ་འདིར་བཤད་དོ། །སྲེད་མཛད་དང་ནི་བློ་གྲོས་མཛད། །དེ་ནས་སྐྱབས་ནི་མཛད་པ་ཡིན། །མར་མེ་མཛད་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ནི་ཀཽ་ཊི་ནྱ། །བཀྲ་ཤིས་དང་ནི་ཐུགས་བཟང་དང ། །ཐུབ་པ་ནམ་གྲུ་མཛེས་བྱེད་དང ། །ཐུགས་ལྡན་མཐོང་དང་པད་མ་དང ། །མི་སྦྱིན་དང་ནི་པད་མའི་མཆོག་།བློ་གྲོས་བཟང་དང་ལེགས་ཀྱེས་དང ། །གྲགས་ཆེན་བལྟ་ན་སྡུག་པ་དང ། །དོན་མཐོང་དང་ནི་ཆོས་མཐོང་དང ། །འཇིག་རྟེན་འདྲེན་པ་དོན་གྲུབ་དང ། །རྫོགས་སངས་རྒྱས་ནི་དཀར་རྒྱས་གྱུར། །རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །ལོག་དད་སེལ་དང་གསེར་ཐུབ་དང ། །འདྲེན་པ་འོད་སྲུང་ཞེས་བྱའོ། །ཡང་དག་རྫོགས་སངས་དེ་རྣམས་ནི། །མཉམ་པར་བཞག་ཅིང་འདོད་ཆགས་བཅོམ། །འོད་ཟེར་བརྒྱ་པ་བཞིན་དུ་འཁྲུངས།[་]།མུན་པ་ཆེན་པོ་རྣམ་པར་འཇོམས། །མེ་ཡི་ཕུང་པོ་བཞིན་དུ་འབར། །ཉན་ཐོས་དང་བཅས་མྱ་ངན་འདས། །དེ་ལ་བདག་ཅག་གི་བྱང་ཆུབ་སེམས་དཔའ་མར་མེ་མཛད་ལ་སོགས་པའི་སངས་རྒྱས་ཉི་ཤུ་རྩ་བཞིའི་དྲུང་དུ་སྨོན་ལམ་བཏབ་ནས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་ལྷག་པ་ནས་བྱོན་ནོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་དེའི་འོག་གི་ཆར་གནས་ཏེ་ཡང་དག་པར་རྫོགས་པའི
39.209a
སངས་རྒྱས་འདི་ལས་སངས་རྒྱས་གཞན་མེད་དོ་ཞེས་མར་མེ་མཛད་ལ་སོགས་པའི་སངས་རྒྱས་ཉི་ཤུ་རྩ་བཞིའི་དྲུང་དྲུ་ལུང་བསྟན་པ་ཐོབ་བོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གང་དེས། མི་ཡི་བདག་ཉིད་རྟགས་དང་ལྡན། །སྒྱུ་དང་སྟོན་པའི་ལྟ་བ་དང ། །རབ་ཏུ་བྱུང་ཞིང་ཡོན་ཏན་ལྡན། །གཞི་རྣམས་དང་ནི་འདུན་པ་དང ། །ཆོས་བརྒྱད་པོ་ནི་ཚོགས་པ་དང ། །སྨོན་ལམ་རྣམས་ནི་ཡང་དག་རྫོགས། །ཆོས་བརྒྱད་པོ་འདི་རྣམས་ཚོགས་པར་བྱས་ནས་མར་མེ་མཛད་ཀྱི་ཞབས་དྲུང་དུ་སྨོན་ལམ་བཏབ་ཅིང་སངས་རྒྱས་སུ་བྱེད་པའི་ཆོས་འདི་རྣམས་གང་དང་གང་དུ་ཚོལ་བའི་སྤྲོ་བ་སྐྱེས་སོ། །བཙལ་བ་དེ་རྣམས་མཐོང་བས་ན། །དང་པོ་སྦྱིན་པའི་ཕ་རོལ་ཕྱིན། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སོགས་པས་སངས་རྒྱས་ཐོབ་པར་བྱེད་པའི་ཆོས་རྫོགས་པར་བྱེད་པ་ཉིད་ཐམས་ཅད་སྒྲོལ་གྱི་བདག་ཉིད་བྱོན་ནོ། །བྱོན་ནས་གང་དེ་རྣམས་བྱས་པའི་སྨོན་ལམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕན་ཡོན་བསྔགས་པར་མཛད་དོ། །དེ་བཞིན་ཡན་ལག་ཐམས་ཅད་ལྡན། །མི་ཡི་བྱང་ཆུབ་ངེས་པ་དང ། འཁོར་བ་ཡུན་རིང་གཞི་མེད་པ། །བསྐལ་པ་བྱེ་བ་བརྒྱ་ཉིད་དམ། །མནར་མེད་དུ་ནི་མི་སྐྱེའོ།[་]།དེ་བཞིན་དུ་ནི་འཇིག་རྟེན་པར། །བསྐྲེས་སྐོམ་སྲེད་དང་འབར་བ་དང ། །ཡན་ལག་ཐམས་ཅད་མི་འཆད་འགྱུར། །སྲོག་ཆགས་ཕྲ་མོར་མི་འགྱུར་ཞིང ། །ངན་འགྲོ་རྣམས་སུ་སྐྱེ་མི་འགྱུར། །མི་རུ་སྐྱེས་པར་གྱུར་པ་ན། །དེ་ནི་དམུས་ལོང་མི་འགྱུར་ཞིང ། །འོན་པར་ཡང་ནི་མི་འགྱུར་ལ། །ལྐུག་དང་གཞོག་ཕྱེད་ན་མི་འགྱུར། །བུད་མེད་དུ་ནི་སྐྱེ་མི་འགྱུར། །ཟ་མ་མ་ནིང་མཚན་གཉིས་དང ། །འཐའ་འཁོབ་ཏུ་ནི་སྐྱེ་མི་འགྱུར། །མི་ཡི་བྱང་ཆུབ་ངེས་པ་ཡིན། །འཚམས་མེད་པ་ལས་གྲོལ་བ་དང ། །དག་པའི་སྤྱོད་ཡུལ་ཐམས་ཅད་དུ། །ལོག་པའི་ལྟ་བ་མི་བརྟེན་ནོ། །ལས་ཀྱི་བྱ་བ་མཐོང་བ་དང ། །མཐོ་རིས་ལ་ནི་གནས་ནས་སུ། །འདུ་ཤེས་མེད་པར་སྐྱེ་མི་འགྱུར། །གཙང་མ་རིས་ཀྱི་ལྷ་རྣམས་སུ། །སྒྱུ་དང་མིང་ནི་སྐྱེ་བ་མེད། །སྐྱེས་བུ་དམ་པ་ངེས་འབྱུང་སེམས། །དངོས་དང་དངོས་མེད་ལྡན་པ་མེད། །གང་ཞིག་འཇིག་རྟེན་དོན་དུ་འགྲོ། །ཕ་རོལ་ཕྱིན་ཀུན་རྫོགས་པར་བྱེད། །
39.209b
ཕན་ཡོན་དེ་རྣམས་ལྷག་པར་ཐོབ་པ་འམ་དེས་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱེད་དོ། །གྲགས་པ་དང་ལྡན་པའི་བྲམ་ཟེའི་དུས་སུ་དང ། དུང་གི་བྲམ་ཟེའི་དུས་སུ་དང ། ནོར་རྒྱལ་གྱི་རྒྱལ་པོའི་དུས་སུ་དང་།[་]བལྟ་ན་སྡུག་ཆེན་པོའི་རྒྱལ་པོའི་དུས་སུ་དང ། ཁྱབ་འཇུག་ཆེན་པོའི་དུས་སུ་དང་།[་]རྒྱུ་མཚན་རྒྱལ་པོའི་དུས་སུ་དང ། ཟླ་བ་གཞོན་ནུའི་དུས་སུ་དང ། ཡུལ་གྱི་མཆོག་གི་དུས་སུ་དང ། ཤི་བི་པའི་རྒྱལ་པོའི་དུས་སུ་དང ། ཐམས་ཅད་སྒྲོལ་གྱི་དུས་སུ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པའི་བདག་ཉིད་དེ་ཚད་མེད་པ་ཞེས་བྱའོ། །མཐའ་གཅིག་ཏུ་ཡང་དང་ཡང་བྱང་ཆུབ་སེམས་དཔའ་མཁས་པ་རི་བོང་གི་སྐྱེས་རབས་ལས། ཉེར་འོངས་སློང་བ་མཐོང་བ་ན། །རང་གི་ལུས་ནི་ཡོངས་སུ་བཏང ། །བདག་གི་སྦྱིན་ལ་མཉམ་པ་མེད། །འདི་རྣམས་སྦྱིན་པའི་ཕ་རོལ་ཕྱིན། །དེ་ལྟར་ལུས་ཡོངས་སུ་གཏོང་བར་བྱེད་པས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པའི་ཀླུའི་རྒྱལ་པོའི་དུས་སུ་དང ། ཙམ་པོ་སྤྱའི་ཀླུའི་རྒྱལ་པོའི་དུས་སུ་དང་།[་]ས་སྦྱིན་ཀླུའི་རྒྱལ་པོའི་དུས་སུ་དང ། མཆེ་བ་དྲུག་པའི་གླང་པོའི་རྒྱལ་པོའི་དུས་སུ་དང ། རྒྱལ་བ་དང་མཚུངས་པའི་རྒྱལ་པོའི་བུ་ཞུམ་པ་མེད་པའི་དགྲ་གཞོན་ནུའི་དུས་སུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་སྐྱེས་པ་ལ་ཚད་མེད་དོ། །མཐའ་གཅིག་ཏུ་གཞན་ཡང ། དེ་ཡི་དུང་སྐྱོང་སྐྱེས་རབས་ལས། གསལ་ཤིང་གིས་ནི་ཕུག་ནས་ནི། །མཚོན་ཆ་བླངས་ནས་བརྡེག་པ་དང ། །གྲོང་དཔོན་བུ་ལ་ཁྲོ་མི་བྱེད། །ཚུལ་ཁྲིམས་ཕར་ཕྱིན་བདག་གི་འདི། །དེ་བཞིན་དུ་ལུས་ཡོངས་སུ་གཏོང་བར་བྱེད་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །དེ་བཞིན་དུ་ཡིད་བཟངས་གཞོན་ནུའི་དུས་སུ་དང ། གླང་ཆེན་ནོར་སྐྱོང་གཞོན་ནུའི་དུས་སུ་དང ། ལྕགས་ཁྱིམ་མཁས་པའི་དུས་སུ་ནི་རྒྱལ་སྲིད་ཆེན་པོ་སྤངས་ནས་ངེས་པར་འབྱུང་བའི་ཕ་རོལ་དུ་ཕྱིན་པ་བདག་ཉིད་ལ་སྐྱེས་པ་ནི་ཚད་མེད་དོ། །གཞན་ཡང་མཐའ་གཅིག་ཏུ་དེའི་བུ་ཞི་བ་ཆུང་ངུའི་སྐྱེས་རབས་ལས། རྒྱལ་པོ་ཆེན་པོ་ལག་ཏུ
39.210a
ཐོབ། །འཆིལ་མའི་ལྦུ་བ་བཞིན་དུ་སྤངས། །རྒྱལ་སྲིད་སྤངས་ཀྱང་ཞེན་པ་མེད། །བདག་གི་ངེས་འབྱུང་ཕར་ཕྱིན་འདི། །དེ་བཞིན་དུ་ངེས་པར་བདག་གི་རྒྱལ་སྲིད་སྤངས་ནས་ངེས་པར་འབྱུང་བའི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །དེ་བཞིན་དུ་མཁས་པ་བི་དྷུ་རའི་དུས་སུ་དང ། མཁས་པ་ཁྱབ་འཇུག་ཆེན་པོའི་དུས་སུ་དང ། མཁས་པ་སྟོག་རྩེ་བའི་དུས་སུ་དང ། མཁས་པ་ཨ་རའི་དུས་སུ་དང ། ཀུན་དུ་རྒྱུ་བྱང་ཆུབ་ཀྱི་དུས་སུ་དང ། མཁས་པ་སྨན་ཆེན་པོའི་དུས་སུ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བདག་ལ་སྐྱེས་པ་ལ་ཚད་མེད་དོ། །གཞན་ཡང་མཐའ་གཅིག་ཏུ་དེའི་སྡེ་སྣོད་ཀྱི་སྐྱེས་རབས་ལས། མཁས་པ་སྡེ་ཅན་གྱི་དུས་སུ།[་]བདག་གིས་ཤེས་རབ་ཚོལ་བ་ན། །བྲམ་ཟེའི་སྡུག་བསྔལ་གྲོལ་བ་དང ། །བདག་གི་ཤེས་རབ་མཚུངས་པ་མེད། །བདག་གི་ཤེས་རབ་ཕར་ཕྱིན་འདི། །ཕ་ཚིའི་ནང་གི་སྦྲུལ་བདག་གིས་བལྟ་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ་དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བདག་ལ་སྐྱེས་པ་ཚད་མེད་དོ། །གཞན་ཡང་མཐའ་གཅིག་ཏུ་དེའི་སྐྱེ་བོ་ཆེན་པོ་ཅན་གྱི་སྐྱེས་རབས་ལས། །ངོགས་མ་མཐོང་བའི་རྒྱ་མཚོའི་དབུས། མི་རྣམས་ཐམས་ཅད་ཤི་བར་གྱུར། །སྡུག་བསྔལ་མེད་པའི་སེམས་ཀྱིས་ནི། །བདག་གི་བརྩོན་འགྲུས་ཕར་ཕྱིན་འདི། །རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །བཟོད་པར་སྨྲ་བའི་སྐྱེ་རབས་ལས། སེམས་མེད་པ་ལ་གཅོད་པ་བཞིན། །བདག་ལ་རྣོ་བའི་དགྲ་སྟ་ཡིས། །གསལ་ལྡན་རྒྱལ་པོ་ལ་མི་ཁྲོ། །བདག་གི་བཟོད་པའི་ཕར་ཕྱིན་འདི། །དེ་ལྟར་སེམས་མེད་པའི་དངོས་པོ་བཞིན་དུ་བདག་སྡུག་བསྔལ་ཆེན་པོ་ལ་ལྷགས་པར་གནས་པ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །བུ་ཞི་བ་ཆེན་པོའི་སྐྱེས་རབས་ལས། བདེན་པའི་ཚིག་ནི་རྗེས་སུ
39.210b
བསྲུང ། །བདག་གི་སྲོག་ནི་སྤངས་ནས་སུ། །རྒྱལ་རིགས་བརྒྱ་ཕྲག་གྲོལ་བར་བྱས། །བདག་གི་བདེན་པའི་ཕར་ཕྱིན་འདི། །དེ་ལྟར་སྲོག་སྤངས་ནས་བདེན་པ་རྗེས་སུ་བསྲུང་བ་དེ་ནི་བདེན་པའི་ཕ་རོལ་དུ་ཕྱིན་པ་སྟེ།[་]དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །ལྐུག་པ་དང་གཞོགས་ཕྱེད་ན་བའི་ཚུལ་གྱི་སྐྱེས་རབས་ལས། ཕ་མ་བདག་ལ་མི་དགོས་ཤིང ། །ནོར་དང་གྲགས་པ་འང་དགོས་པ་མེད། །བདག་ནི་ཐམས་ཅད་མཁྱེན་ལ་དགའ། །དེ་ཕྱིར་བརྟུལ་ཞུགས་གནས་པའོ། །དེ་ལྟར་སྲོག་གི་འདོད་པ་ཡོངས་སུ་བཏང་ནས་བརྟུལ་ཞུགས་ལ་ལྷག་པར་གནས་པ་ནི་ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །རྒྱལ་པོ་གཅིག་གི་སྐྱེས་རབས་ལས། གང་ཞིག་བདག་ལ་སྐྲག་བྱེད་མེད། །བདག་གིས་གང་ལའང་འཇིགས་མ་བྱས། །བྱམས་པའི་སྟོབས་ཀྱི་སྟེང་གནས་ཞིང ། །དེ་ཚེ་སློང་བ་ཉིད་ལ་དགའ། །དེ་ལྟར་སྲོག་ཡོངས་སུ་གཏོང་བ་ལ་མི་བལྟ་ཞིང་བྱམས་པར་བྱེད་པ་དེའི་བྱམས་པ་ནི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །ངང་པའི་སྤུའི་སྐྱེ་རབས་ལས། དུར་ཁྲོད་དུ་ནི་གནས་པར་སེམས། །རུས་གོང་ལ་ནི་བརྟེན་བྱས་ནས། །བདག་གི་གནས་སུ་ཉེ་བར་འོངས། །གཟུགས་ལ་ལྟ་བ་ཉུང་བ་མེད། །དེ་ལྟར་གྲོང་གི་ཁྱེའུ་ལ་རྡོ་ལ་སོགས་པ་བླངས་ནས་རྡུང་བ་ཉིད་དང ། མེ་ཏོག་ཕྲེང་བ་དང་སྤོས་ཀྱིས་ཉེ་བར་སྤྱོད་པ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་བསྐྱེད་ཀྱང་བཏང་སྙོམས་སུ་འདོར་བ་དེ་ནི་བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། དོན་དམ་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་སྐྱེས་སོ། །དེ་རྣམས་འདིར་འདོར་བསྡུས་པའོ། །རྒྱ་ཆེར་ཡང་སླར་འདིའི་དོན་སྤྱོད་པའི་སྡེ་སྣོད་ལས་བླང་བར་བྱའོ། །དེ་ལྟར་ཕ་རོལ་དུ་ཕྱིན་པ་རྫོགས་ནས་ཐམས་ཅད་སྒྲོལ་གྱི་བདག་ཉིད་དུ་གནས་སོ། །སེམས་མེད་པ་ཡི་ས་གཞི་ཡིས། །བདེ་དང་སྡུག་བསྔལ་མི་ཤེས་ཀྱང ། །བདག་གི་སྦྱིན་པའི་སྟོབས་དེ་ཡིས། །ལན་བདུན་དུ་ནི་རབ་ཏུ་གཡོས། །དེ་ལྟར་ས་གཞི་ཆེན་པོ་གཡོ
39.211a
བ་ལ་སོགས་པ་བསོད་ནམས་ཆེན་པོ་བྱེད་ཅིང་ཚེའི་མཐར་ཤི་འཕོས་ཏེ་དགའ་ལྡན་དུ་སྐྱེས་སོ་ཞེས་པ་མར་མེ་མཛད་ཀྱི་ཞབས་དྲུང་ནས་བཟུང་སྟེ་ཇི་སྲིད་དགའ་ལྡན་དུ་སྐྱེས་པ་དེ་རྣམས་ཀྱི་བར་ནི་རིང་པོའི་གཞི་ཞེས་བྱ་བར་རིག་པར་བྱའོ།[་་]།གཞན་ཡང་བྱང་ཆུབ་སེམས་དཔའ་དགའ་ལྡན་དུ་བཞུགས་པ་ཉིད་ནས་སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ་ཞེས་བྱ་བ་སྐྱེས་པ་ན་འཇིག་རྟེན་འདིར་སྒྲ་ཆེར་སྒྲོགས་པ་གསུམ་བྱུང་སྟེ། བསྐལ་པའི་སྒྲ་ཆེར་སྒྲོགས་པ་དང ། སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ་དང ། འཁོར་ལོས་སྒྱུར་བའི་སྒྲ་ཆེར་སྒྲོགས་པའོ། །དེ་ལ་ལོ་འབུམ་ཕྲག་གཅིག་གི་མཐར་བསྐལ་པ་འཇིག་པར་འགྱུར་རོ་ཞེས་པ་འཇིག་རྟེན་གྱི་མིང་དུ་བརྗོད་པ་ནི་འདོད་པ་ན་སྤྱོད་པའི་ལྷ་མགོ་གཡོགས་ཀྱིས་མ་བསྒྲིབས་པ་དང ། སྐྲ་གྲོལ་བ་དང ། ངུ་བའི་ཁ་ཅན་ལག་པས་མིག་གི་མཆི་མ་འཆི་བ་གོས་དམར་པོ་གྱོན་པ་ལྷག་པར་གཟུགས་མི་སྡུག་པའི་ཆ་བྱད་འཛིན་པར་གྱུར་པའི་མི་རྣམས་ལམ་ལ་འགྲོ་ཞིང་འདི་ལྟར་བརྗོད་དོ། །འཇིག་རྟེན་པ་འདི་ནས་ལོ་འབུམ་ཕྲག་གཅིག་འདས་ནས་བསྐལ་པ་འཇིག་པར་འགྱུར་རོ། །འདི་ཡི་འཇིག་རྟེན་རྣམས་འཇིག་པར་འགྱུར་རོ། །རྒྱ་མཚོ་ཆེན་པོ་ཡང་བསྐམས་པར་འགྱུར་རོ། །ས་གཞི་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་ཀྱང་ཐལ་བར་འགྱུར་ཅིང་འཇིག་གོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་འཇིག་རྟེན་འཇིག་པར་འགྱུར་རོ་ཞེས་བརྗོད་དོ། །འཇིག་རྟེན་པ་རྣམས་བྱམས་པ་སྒོམས་ཤིག་།སྙིང་རྗེ་བསྒོམས་ཤིག་།དགའ་བ་བསྒོམས་ཤིག་།བཏང་སྙོམས་བསྒོམས་ཤིག་།མ་ལ་རིམ་གྲོ་གྱིས་ཤིག་།ཕ་ལ་རིམ་གྲོ་གྱིས་ཤིག་།རིགས་ཀྱི་གཙོ་བོ་ལ་རིམ་གྲོ་གྱིས་ཤིག་ཅེས་པ་འདི་ནི་བསྐལ་པའི་སྒྲ་ཆེར་སྒྲོགས་པ་ཞེས་བྱ་བའོ། །ལོ་སྟོང་ཕྲག་གཅིག་འདས་ནས་སླར་ཡང་སངས་རྒྱས་ཐམས་ཅད་མཁྱེན་པ་འཇིག་རྟེན་དུ་བྱོན་ནོ་ཞེས་བརྗོད་པ་འདི་འཇིག་རྟེན་སྐྱོང་བའི་ལྷ་རྣམས་འདི་ནས་འཇིག་རྟེན་པ་རྣམས་ལོ་སྟོང་ཕྲག་གཅིག་འདས་ནས་གཞན་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་ནོ་ཞེས་རྗོད་ཅིང་སྒྲ་ཆེར་སྒྲོགས་པས་རྒྱུ་བ་འདི་ནི་སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ
39.211b
ཞེས་བྱ་བ་ཡིན་ནོ། །གཞན་ཡང་ལོ་བརྒྱ་འདས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱོན་ནོ་ཞེས་བརྗོད་པ་ནི་ལྷ་ཉིད་དེ། འཇིག་རྟེན་པ་རྣམས་ལོ་བརྒྱ་འདས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱོན་ཞེས་སྒྲ་ཆེར་བརྗོད་ཅིང་རྒྱུ་བ་འདི་ནི་འཁོར་ལོས་སྒྱུར་བའི་སྒྲ་ཆེར་སྒྲོགས་པ་ཞེས་བྱ་བ་ཡིན་ནོ། །གསུམ་པོ་འདི་ནི་སྒྲ་ཆེར་སྒྲོགས་པ་ཡིན་ནོ། །དེ་རྣམས་ལས་སངས་རྒྱས་ཀྱི་སྒྲ་ཆེར་སྒྲོགས་པ་ཐོས་ནས་སྟོང་ཕྲག་བཅུའི་ཁོར་ཡུག་གི་ཐམས་ཅད་གནས་གཅིག་ཏུ་འདུས་ཏེ།[་]ཆེ་གེ་མོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་འགྱུར་བར་རྟོགས་ནས་ཞུ་བའི་ཕྱིར་ཉེ་བར་སོང་སྟེ། ཞུས་ནས་ཀྱང་སྔར་གྱི་མཚན་མ་སྐྱེས་པ་ལ་ཞུས་སོ།[་]།དེའི་ཚེ་སླར་ཡང་ཐམས་ཅད་ཀྱི་རེ་རེའི་ཁོར་ཡུག་གི་རྒྱལ་པོ་ཆེན་པོ་བཞིའི་རིས་དང ། བརྒྱ་བྱིན་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དང ། ཚངས་པ་ཆེན་པོ་དང་བཅས་པའི་ལྷ་དང་།[་]ཁོར་ཡུག་གི་ལྷ་རྣམས་འདུས་པའོ། །དགའ་ལྡན་གྱི་གནས་སུ་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ། དྲང་སྲོང་ཆེན་པོ་ཁྱོད་ཀྱིས་ཕ་རོལ་དུ་ཕྱིན་པ་བཅུ་རྫོགས་པ་ནི་བརྒྱ་བྱིན་གྱི་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་མ་ཡིན། བདུད་ཀྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་དོན་དུ་གཉེར་བ་རྫོགས་པར་བྱ་བའི་ཕྱིར་མ་ཡིན་འཁོར་ལོས་སྒྱུར་བའི་ཕུན་སུམ་ཚོགས་པའི་ཕྱིར་དོན་དུ་གཉེར་བ་རྫོགས་པར་བྱ་བའི་ཕྱིར་མ་ཡིན་ནོ། །གཞན་ཡང་འཇིག་རྟེན་བསྒྲལ་བའི་ཕྱིར་དང ། ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་ཕྱིར་རྫོགས་པར་བྱེད་དོ། །དེ་རྣམས་ནི་ད་ལྟའི་དུས་ནས་དྲང་སྲོང་ཆེན་པོ་སངས་རྒྱས་སུ་འགྱུར་བའི་དུས་ནི་དྲང་སྲོང་ཆེན་པོ་སངས་རྒྱས་སུ་འགྱུར་ཞེས་ཞུས་སོ། །སེམས་དཔའ་ཆེན་པོ་ལྷ་ལ་གནང་བ་མ་བྱིན་ཏེ།[་]དུས་དང་གླིང་དང་ཡུལ་དང་རིགས་དང་ཡུམ་དང ། ཚེ་དང་ཚེའི་བྱེ་བྲག་ལྷག་མ་ལས་མེད་དོ། །ཆེན་པོ་ལྔ་པོ་ཞེས་བྱ་བ་ལེགས་པར་གཟིགས་ཤིང་གཟིགས་སོ། །དེ་ལ་དུས་དང་དུས་མ་ཡིན་པ་ཞེས་བྱ་བ་སྟེ། དང་པོ་དུས་ལ་གཟིགས་སོ། །དེ་ལ་ལོ་འབུམ་ཕྲག་གཅིག་གི་ཐོག་མ་ནས་འཕེལ་བ་ནི་ཚེའི་དུས་དང
39.212a
དུས་མ་ཡིན་པའོ། །གང་གི་ཕྱིར་དེའི་ཚེ་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་རྣམས་ལ་གཟིགས་སོ། །སངས་རྒྱས་རྣམས་ཀྱི་ཆོས་སྟོན་པ་ནི་མཚན་ཉིད་ལྔ་སྤངས་ནས་གཞན་པ་ནི་མེད་དོ། །དེ་རྣམས་ནི་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་སྟོན་ཅིང་འདི་རྣམས་ཅིའི་ཕྱིར་འཆད་པ་ཉིད་མི་ཉན་པ་དང་མི་དད་པ་དང་མི་སེམས་པའོ། །དེ་ནི་དུས་མ་ཡིན་ནོ། །དེའི་ཕྱིར་མི་སེམས་པ་དང་མ་ངེས་པའི་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ནི་དུས་མ་ཡིན་པའོ། །ལོ་བརྒྱ་པ་དམན་པས་ཚེའི་དུས་ཀྱང་དེའི་དུས་མ་ཡིན་ནོ། །གང་གི་ཕྱིར་དེའི་ཚེ་སེམས་ཅན་ཉོན་མོངས་པ་ཤིན་དུ་ཆེ་བ་ཡིན་ནོ། །ཉོན་མོངས་པ་ཤིན་དུ་ཆེ་བས་གདམས་པ་བྱིན་ནོ། །གདམས་པ་ལ་མི་གནས་ན་ཆུ་ལ་དབྱུག་པ་རྒྱབ་པའི་རི་མོ་བཞིན་མྱུར་དུ་འགག་གོ། །དེའི་ཕྱིར་དེ་ཡང་དུས་མ་ཡིན་པའོ།[་]།ལོ་འབུམ་ཕྲག་གཅིག་ནས་བཟུང་བའི་འོག་ཏུ་ལོ་བརྒྱ་པའི་མགོར་ཚེའི་དུས་ཏེ་དུས་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་ཡང་ལོ་བརྒྱ་པ་ཡིན་ནོ། །དེ་ནས་སེམས་དཔའ་ཆེན་པོ་སྐྱེ་བར་རིགས་སོ་ཞེས་དུས་ལ་གཟིགས་སོ། །དེ་ནས་གླིང་ལ་གཟིགས་ཏེ་གླིང་བཞི་འཁོར་དང་བཅས་པ་ལ་གཟིགས་ནས་གླིང་གསུམ་པོ་རྣམས་སུ་སངས་རྒྱས་མི་འབྱོན་ནོ། །འཛམ་བུའི་གླིང་ཉིད་དུ་འབྱོན་ནོ། །གླིང་ལ་གཟིགས་པའོ། །དེ་ནས་འཛམ་བུའི་གླིང་ཞེས་བྱ་བ་དཔག་ཚད་སྟོང་ཕྲག་བཅུའི་ཚད་ཀྱིས་ཆེ་བའོ། །ཡུལ་གྱི་ཕྱོགས་གང་ཞིག་ཏུ་སངས་རྒྱས་འབྱོན་པར་འགྱུར་ཞེས་ཡངས་ཤིང་གྲོལ་བའི་གནས་བལྟ་ཞིང་ཡུལ་དབུས་ལ་གཟིགས་ཏེ་ཡུལ་དབུས་ཞེས་བྱ་བ་ནི་ཤར་གྱི་ཕྱོགས་ན་ཀ་ཛཾ་ག་ལ་ཞེས་བྱ་བའི་གྲོང་རྡལ་ལོ། །དེའི་ཕ་རོལ་ན་ཤིང་སཱ་ལ་ཆེན་པོའོ། །དེ་ནས་གཞན་ཡང་བས་མཐའི་ལྗོངས་ཉེ་བའི་ནང་ངོ ། །ཤར་ལྷོའི་མཚམས་སུ་སཱ་ལ་ཅན་ཞེས་བྱ་བའི་ཆུ་ཀླུང་ངོ ། །དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ ། །ལྷོ་ཕྱོགས་སུ་ས་\ུ0f7དཏ་ཀར་ཎི་ཀ་ཞེས་བྱ་བའི་གྲོང་རྡལ་ལོ། །དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ ། །ནུབ་ཕྱོགས་ཀ་བ་ཞེས་བྱ་བ་བྲམ་ཟེའི་གྲོང་རྡལ་ལོ། །དེ་ནས་གཞན
39.212b
ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ ། །བྱང་གི་ཕྱོགས་ཨུ་ཤི་རིའི་རིའོ།[་]།དེ་ནས་གཞན་ཡང་བས་མཐའི་ལྗོངས་དང་ཉེ་བའི་ནང་ངོ ། །འདི་ལྟར་འདུལ་བར་བཤད་ཅིང་བསྟན་ནོ། །དཀྱུས་སུ་དཔག་ཚད་སུམ་བརྒྱའོ། །ཞེང་དུ་དཔག་ཚད་ཕྱེད་དང་སུམ་བརྒྱའོ། །མཐའ་བསྐོར་ལ་དཔག་ཚད་དགུ་བརྒྱའོ། །ཡུལ་ཕྱོགས་དེ་རྣམས་སུ་ནི་སངས་རྒྱས་དང ། རང་སངས་རྒྱས་དང་ཉན་ཐོས་མཆོག་རྣམས་དང ། ཉན་ཐོས་ཆེན་པོ་བརྒྱད་བཅུ་དང ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང ། གཞན་ཡང་སྐྱེས་བུ་ཆེན་པོར་གྲགས་པའི་རིགས་དང ། བྲམ་ཟེའི་རིགས་དང ། ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་བདག་རྣམས་འཁྲུངས་པའི་གནས་སོ། །དེ་རྣམས་ལས་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་འདིའོ། །དེར་བདག་འཁྲུང་བར་རིགས་སོ་ཞེས་ཐུགས་ཀྱིས་ངེས་པར་བྱས་སོ། །དེ་ནས་རིགས་ལ་གཟིགས་པ་ཞེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བ་རྗེའུའི་རིགས་སམ། གདོལ་པའི་རིགས་ལ་མི་འཁྲུང་ངོ ། །སླར་ཡང་འཇིག་རྟེན་པ་མོས་པའི་རྒྱལ་རིགས་སམ་བྲམ་ཟེའི་རིགས་གཉིས་ལ་འཁྲུང་ངོ ། །ད་ལྟ་ནི་རྒྱལ་རིགས་ལ་འཇིག་རྟེན་པ་སེམས་སོ། །དེ་ལ་འཁྲུང་ངོ ། །བདག་གི་ཡབ་ནི་ཟས་གཙང་མ་ཞེས་བྱ་བའི་རྒྱལ་པོ་ཡིན་ཏེ་རིགས་ལ་གཟིགས་སོ། །དེ་ནས་ཡུམ་ལ་གཟིགས་ཏེ་འདོད་པ་དང་ཆང་ལ་དགའ་བ་ནི་སངས་རྒྱས་ཀྱི་ཡུམ་ཞེས་བྱ་བ་མ་ཡིན་ནོ། །གཞན་ཡང་བསྐལ་པ་འབུམ་ཕྲག་གཅིག་ལ་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱས་ནས་འཁྲུང་ངོ་།[་]།ཉམས་པ་མེད་པའི་ཚུལ་ཁྲིམས་ལྔ་པོ་ཉིད་ལེན་ནོ། །ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་འདི་དེ་དང་འདྲ་བ་བདག་གི་ཡུམ་ཡིན་ནོ། །གཞན་ཡང་གང་དེ་ཙམ་གྱི་ཚེའོ། །ཟླ་བ་བཅུའི་མགོ་ནས་ཞག་བདུན་དུ་གཟིགས་སོ། །འདི་ནི་ཆེན་པོ་ལྔ་ལ་གཟིགས་སོ། །གཟིགས་ནས་དྲང་སྲོང་ཆེན་པོ་བདག་གི་དུས་ཏེ་སངས་རྒྱས་སུ་འགྱུར་བའི་ལྷ་རྣམས་ཀྱིས་ཚིག་གིས་གནང་ངོ ། །ཁྱེད་རྣམས་གཤེགས་པར་ཞུ་ཞེས་ལྷ་དེ་རྣམས་བཏང་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། དགའ་ལྡན་གྱི་དགའ་བའི་ཚལ་དུ་ཞུགས་སོ། །འཇིག་རྟེན་གྱི་ལྷ་ཐམས
39.213a
ཅད་དགའ་བའི་ཚལ་ན་ཡོད་པ་ཉིད་དོ། །དེ་ལ་འདིའི་ལྷ་འདི་ནས་ཤི་འཕོས་ནས་བདེ་བའི་འགྲོ་བར་སྐྱེས་ཏེ་འདི་ནས་ཤི་འཕོས་ནས་བདེ་བའི་འགྲོ་བར་སྐྱེས་སོ། །སྔར་བྱས་པའི་དགེ་བའི་ལས་བྱས་པ་རྗེས་སུ་དྲན་ཞིང་རྒྱུའོ། །དེ་དེ་ལྟར་ལྷ་རྣམས་ཀྱིས་དགེ་བ་རྗེས་སུ་དྲན་པ་རྣམས་འཁོར་དུ་བྱས་ཤིང་དེར་རྒྱུའོ། །ཤི་འཕོས་ནས་ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོའི་མངལ་དུ་ཞུགས་སོ། །དེ་ལ་ལེགས་པར་བརྗོད་པའི་ཕྱིར་འདི་གོ་རིམས་བཞིན་དུ་སྔོན་གྱི་གཏམ་བརྗོད་དོ། །དེའི་ཚེ་གྲོང་ཁྱེར་སེར་སྐྱར་དབྱར་ཟླ་འབྲིང་པོའི་རྒྱུ་སྐར་དུ་བརྗོད་པར་སྐྱེ་བོ་ཐམས་ཅད་རྒྱུ་སྐར་ལ་རྩེ་ཞིང་ལྷ་མོ་སྒྱུ་འཕྲུལ་ཆེན་པོ་ཡང་ཉའི་སྡུན་དུ་ཞག་བདུན་ནས་མེ་ཏོག་གི་ཕྲེང་བ་དང་སྤོས་ཀྱི་འབྱོར་པ་དང་ལྡན་པས་རྒྱུ་སྐར་ལ་རྩེ་ཞིང་ལོངས་སྤྱོད་དོ། །ཞག་བདུན་གྱི་མཐར་སྔ་དྲོ་ལངས་ནས་དྲི་བཟང་གི་ཆུས་ཁྲུས་བྱས་ཏེ།[་]འབུམ་ཕྲག་བཞིའི་ལོངས་སྤྱོད་སྤེལ་ཏེ་སྦྱིན་པ་ཆེན་པོ་བཏང་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན། ཁ་ཟས་བཟང་པོ་ཟོས་ཏེ། གསོ་སྦྱོང་ཡན་ལག་བརྒྱད་པ་ལ་གནས་སོ། །རྒྱན་དུ་བྱེད་པ་ལ་རིགས་པའི་དཔལ་གྱི་ཁང་པའི་ནང་དུ་ཞུགས་ནས་དཔལ་གྱི་མལ་ཆ་ལ་ཉལ་ཏེ་གཉིད་དུ་སོང་ནས་འདི་ལྟ་བུའི་རྨི་ལམ་མཐོང་ངོ ། །རྒྱལ་པོ་ཆེན་པོ་བཞི་པོས་མལ་སྟན་དང་བཅས་པ་ཉིད་བླངས་ནས་གངས་ཅན་གྱི་ནང་དུ་སོང་ངོ ། །དཔག་ཚད་དྲུག་བཅུ་པའི་མ་ན་ཤི་ལའི་སྟེང་དུ་དང་དཔག་ཚད་བདུན་པའི་ཤིང་སཱ་ལ་ཆེན་པོའི་འོག་ཏུ་བཞག་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེའི་ལྷ་མོ་འོངས་ནས་ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོ་མཚོ་མ་དྲོས་པར་ཁྲིད་དོ། །མིའི་དྲི་མ་བསལ་བའི་ཕྱིར་ཁྲུས་བྱས་ཏེ། ལྷའི་གོས་གྱོན་ནས་དྲི་བཟང་པོས་བྱུག་ཅིང་ལྷའི་མེ་ཏོག་འདོགས་སོ། །དེ་ནས་མི་རིང་བར་དངུལ་གྱི་རི་དེའི་ནང་ན་གསེར་གྱི་གཞལ་ཡས་ཁང་འདུག་གོ། །དེར་ཤར་དུ་མགོ་བསྟན་པའི་ལྷའི་མལ་ཆ་ལ་དེར་ཉོལ་ཞེས་ཟེར་ནས་ཉལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་དཀར་པོ་ཅིག་ཏུ་གྱུར་ཏོ། །དེ་ནས་མི་རིང་བར་གསེར་གྱི་རི་གཅིག་ལ་དེར་འཛེག་ཅིང་དེ་ནས་མར་བབས་ནས། དངུལ་གྱི་རི་ལ་འཛེག་གོ། །བྱང་གི་ཕྱོགས་ནས་འོངས་ཏེ། དངུལ་གྱི་ཕྲེང་བ་དང་མཚུངས་པའི་གླང་པོ
39.213b
ཆེའི་སྣས་པད་མ་དཀར་པོ་འཛིན་ཅིང ། གླང་པོ་ཆེའི་སྒྲ་སྒྲོགས་པས་གསེར་གྱི་གཞལ་ཡས་ཁང་དུ་ཞུགས་ཏེ། རང་གི་མལ་ཆ་ལ་ལན་གསུམ་དུ་བསྐོར་བ་བྱས་ནས་གློ་གཡས་པ་ཕུག་ནས་ལྟོར་ཞུགས་པ་བཞིན་དུ་གྱུར་ཏོ། །དེ་ལྟར་བྲེའི་སྐར་མ་མཆོག་ལ་ལྷུམས་སུ་ཞུགས་སོ། །ཉི་མ་གཉིས་པ་ལ་དེའི་སྔ་དྲོ་སད་དེ་ལྷ་མོས་རྒྱལ་པོ་ལ་རྨི་ལམ་རྣམས་སྨྲས་སོ། །རྒྱལ་པོས་བྲམ་ཟེ་དྲུག་བཅུ་རྩ་བཞི་བོས་ནས་མེ་ཏོག་ཕྲེང་བ་ལ་སོགས་པ་དང ། བཀྲ་ཤིས་དང་སྟི་སྟང་བྱེད་ཅིང་ས་ལ་མལ་སྟན་ཆེན་པོ་བཤམས་ཏེ་དེ་ལ་བཞུགས་པའི་བྲམ་ཟེ་རྣམས་ལ་མར་གསར་དང་སྦྲང་རྩི་དང་ཀར་ར་རྣམས་དང་བསྲེས་པའི་འོ་ཐུག་རྣམས་གསེར་དང་དངུལ་ལས་བྱས་པའི་སྡེར་མ་བཀང་སྟེ་གསེར་དང་དངུལ་གྱི་སྡེར་མས་སོ་སོར་བཀབ་ནས་བྲམ་ཟེ་རྣམས་ལ་ཕུལ་ལོ། །གཞན་ཡང་རྒྱལ་པོ་གྱོན་པ་དང་མཚུངས་པའི་གོས་དང་གསེར་རྒྱ་མ་ལ་སོགས་པ་བྱིན་ནས་དེ་རྣམས་ཚིམ་པར་བྱས་སོ། །དེ་ནས་དེ་ཐམས་ཅད་འདོད་པ་ཐམས་ཅད་ཀྱིས་ཚིམ་པར་གྱུར་ནས་རྨི་ལམ་བཤད་དེ་ཅི་འདྲ་བར་འགྱུར་ཞེས་དྲིས་སོ། །བྲམ་ཟེ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འཇིགས་པར་མ་བྱེད་ཅིག་།ཁྱོད་ཀྱི་ལྷ་མོའི་ལྟོའི་ནང་དུ་སེམས་ཅན་ཞུགས་ཏེ། དེ་ཡང་ནང་གི་དེ་སྐྱེས་བུའོ། །མངལ་གྱི་ནང་གི་དེ་བུ་མོ་ནི་མ་ཡིན་ནོ། །དེ་ཁྱེད་ཀྱི་སྲས་པོར་འགྱུར་རོ། །དེ་གལ་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་ཁྱིམ་སྤངས་ནས་རབ་ཏུ་བྱུང་ན་སངས་རྒྱ་བར་འགྱུར་རོ། །འཇིག་རྟེན་དུ་བཟློག་ནས་སླར་ཁྱིམ་ན་གནས་ནས་སྐྱེ་བ་མེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཡུམ་གྱི་མངལ་དུ་ཞུགས་པ་དེ་མ་ཐག་ཏུ་ཐུན་ཅིག་ཉིད་ལ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་གཡོས་སོ། །ཡང་དག་པར་རབ་ཏུ་གཡོས་སོ། །ཡང་དག་པར་སྒྲ་སྒྲོགས་སོ།[་]།མཚན་མ་སུམ་བཅུ་རྩ་གཉིས་སྔོན་གྱི་མཚན་མར་གྱུར་ཏོ། །སྟོང་ཕྲག་བཅུའི་ཁོར་ཡུག་རྣམས་སུ་སྣང་བ་ཚད་མེད་པར་ཁྱབ་ཅིང་གནས་སོ། །དེ་འམ་དེའི་དཔལ་བལྟ་བ་འདི་ལྟ་བུ་སྟེ་ལོང་བ་རྣམས་ཀྱིས་མིག་ཐོབ་བོ། །འོན་པ་རྣམས་ཀྱིས་རྣ་བས་སྒྲ་ཐོས་སོ། །ལྐུགས་པ་རྣམས་ཀྱིས་སྨྲ་ཤེས་སོ། །སྒུར་པོ་རྣམས་དྲང་པོར་གྱུར་ཏོ། །གོང
39.214a
པོ་རྣམས་ཀྱིས་འགྲོ་ཤེས་པར་གྱུར་ཏོ། །བཅིངས་པའི་སེམས་ཅན་ཐམས་ཅད་ནི་རྗེས་སུ་བཅིངས་པ་ལས་གྲོལ་བར་གྱུར་ཏོ། །དམྱལ་བ་ཐམས་ཅད་ཀྱི་མེ་ཞི་བར་གྱུར་ཏོ། །ཡི་དགས་ཀྱི་ཡུལ་པ་རྣམས་བཀྲེས་པ་དང་སྐོམ་པ་ཞི་བར་གྱུར་ཏོ། །དུད་འགྲོ་རྣམས་ཕན་ཚུན་འཇིགས་པ་མེད་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱི་ནད་ཞི་བར་གྱུར་ཏོ། །སེམས་ཅན་ཐམས་ཅད་དགའ་བཞིན་དུ་སྨྲ་བར་གྱུར་ཏོ། །རྟ་རྣམས་སྐད་སྙན་པའི་རྣམ་པར་གྱུར་ཏོ། །གླང་པོ་རྣམས་ནི་སྒྲ་སྒྲོགས་སོ། །རོལ་མོ་རྣམས་རང་བྱུང་གི་སྒྲ་སྒྲོགས་སོ། །མི་རྣམས་ཀྱི་རྐང་པ་དང་ལག་པའི་རྒྱན་རང་རང་མ་རེག་པར་སོ་སོར་འབྱིན་ཏོ། །ཕྱོགས་ཐམས་ཅད་རབ་ཏུ་དངས་པར་གྱུར་ཏོ། །སེམས་ཅན་རྣམས་བདེ་བ་བསྐྱེད་པའི་ཕྱིར་རླུང་འཇམ་པོ་ལྡང་བར་གྱུར་ཏོ། །དུས་མ་ཡིན་པར་སྤྲིན་ལ་ཆར་འབབ་བོ།[་]།ས་ལ་ཆུ་བྱུང་ནས་ཕྱོགས་ཐམས་ཅད་ཆུར་གྱུར་ཏོ། །བྱ་རྣམས་ནམ་མཁའ་ལ་འགྲོ་བ་སྤོང་ངོ ། །ཆུ་ཀླུང་རྣམས་འགྲོ་བ་མེད་པར་གནས་སོ། །རྒྱ་མཚོ་ཆེན་པོའི་ཆུ་ནི་དངར་བར་གྱུར་ཏོ། །གནས་ཐམས་ཅད་ཉིད་དུ་ཁ་དོག་ལྔ་པའི་པད་མས་སའི་སྟེང་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཐང་དང་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཁ་བྱེ་བར་གྱུར་ཏོ། །ལྗོན་ཤིང་རྣམས་སྡོང་པོ་ལ་སྡོང་པོའི་པད་མའི་མེ་ཏོག་གོ། །ཡལ་ཁ་རྣམས་ལ་ཡལ་ཁའི་པད་མའི་མེ་ཏོག་གོ། །འཁྲིལ་ཤིང་རྣམས་ལ་འཁྲིལ་ཤིང་གི་པད་མའི་མེ་ཏོག་ཁ་བྱེའོ། །ཐང་དང་རྡོའི་སྟེང་དུ་བརྟོལ་ནས་སྟེང་ནས་སྟེང་དུ་བདུན་བདུན་དུ་གྱུར་ནས་དན་དྲ་པད་མ་ཞེས་བྱ་བ་ཕྱུང་ངོ ། །ནམ་མཁའ་ནས་མཐུར་དུ་པད་མ་འཕྱང་ངོ ། །ཐམས་ཅད་དུ་མེ་ཏོག་གི་ཆར་འབབ་བོ།[་]།ནམ་མཁའ་ལ་ལྷའི་རོལ་མོའི་སྒྲ་སྒྲོགས་སོ། །སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་ཏོག་དང་བདུག་སྤོས་དང་དྲི་ཆབ་མཆོག་ཏུ་སྐལ་བ་བཟང་བར་གྱུར་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་མངལ་དུ་ཞུགས་པ་ཉིད་ནས་བྱང་ཆུབ་སེམས་དཔའ་དང ། བྱང་ཆུབ་སེམས་དཔའི་ཡུམ་གྱི་ཉེ་བར་འཚེ་བ་བཟློག་པའི་ཕྱིར་རལ་གྲི་ལག་ཏུ་ཐོགས་པའི་ལྷའི་བུ་བཞིས་སྲུང་བར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཡུམ་ནི་སྐྱེས
39.214b
པ་ལ་འདོད་ཆགས་མི་སྐྱེ་ཞིང ། རྙེད་པ་དང་གྲགས་པ་ཐོབ་པར་གྱུར་ཏོ། །སྐྱིད་པ་སྐུ་ལ་དུབ་པ་མེད་པར་བྱང་ཆུབ་སེམས་དཔའ་དེ་ཡང་རུམ་དུ་ཞུགས་ནས། ནོར་བུ་རིན་པོ་ཆེ་རབ་ཏུ་དངས་པ་སྲད་བུ་དམར་པོ་ལ་བརྒྱུས་པ་བཞིན་དུ་མཐོང་ངོ ། །གང་གི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ཞུགས་པའི་རུམ་ཞེས་བྱ་བ་ནི་མཆོད་རྟེན་གྱི་ནང་བཞིན་དུ་སེམས་ཅན་གཞན་གྱིས་རེག་པ་དང་ལོངས་སྤྱོད་པར་མི་ནུས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཡུམ་བྱང་ཆུབ་སེམས་དཔའ་འཁྲུངས་ནས་ཞག་བདུན་ནས་དུས་ལས་འདས་ནས་དགའ་ལྡན་དུ་སྐྱེ་བར་འགྱུར་རོ། །ཇི་ལྟར་ཡང་བུད་མེད་གཞན་ཟླ་བ་བཅུ་ལས་དམན་པ་འམ། ལྷག་པ་འམ། འདུག་པ་འམ།[་]ཉལ་ནས་སྐྱེའོ། །བྱང་ཆུབ་སེམས་དཔའི་ཡུམ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་རུམ་དུ་བསྲུངས་ནས་འགྲེང་བ་ལ་སྐྱེའོ། །འདི་ནི་བྱང་ཆུབ་སེམས་དཔའི་ཡུམ་ཐམས་ཅད་ཀྱི་ཆོས་ཉིད་དོ། །ལྷ་མོ་སྒྱུ་འཕྲུལ་མ་ཆེན་མོ་ཡང་སྣོད་ཀྱི་ནང་གི་འབྲུ་མར་བཞིན་དུ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་རུམ་དུ་འཚོ་ཞིང་རུམ་ཡོངས་སུ་རྫོགས་ནས་གཉེན་གྱི་གྲོང་དུ་འགྲོའོ་ཞེས་རྒྱལ་པོ་ཆེན་པོ་ཟས་གཙང་གི་དྲུང་དུ་སྨྲས་སོ། །ལྷ་རིགས་ཀྱི་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོ་ལྷ་བསྟན་དུ་བདག་འགྲོ་བར་འདོད་དོ། །རྒྱལ་པོས་ལེགས་སོ་ཞེས་བརྗོད་ནས་གནང་ངོ ། །སེར་སྐྱའི་གཞི་དང ། གྲོང་ཁྱེར་ལྷ་བསྟན་གཉིས་ཀྱི་བར་གྱི་ལམ་མཚུངས་པར་བྱས་ནས། ཆུ་ཤིང་དང ། བུམ་པ་གང་བ་དང ། རྒྱལ་མཚན་དང་བ་དན་ལ་སོགས་པའི་རྒྱན་འཛུགས་སུ་བཅུག་ནས་ལྷ་མོ་གསེར་གྱི་དོ་ལི་ལ་བཞུགས་ཏེ། བློན་པོ་སྟོང་ཕྲག་གཅིག་གིས་བཏེག་སྟེ་འཁོར་མང་པོ་དང་བཅས་པ་བཏང་ངོ ། །གྲོང་ཁྱེར་གཉིས་ཀྱི་བར་དུ་ཡང་གཉིས་ཀའི་གྲོང་ཁྱེར་པ་གནས་པའི་ལུམྦི་ནཱིའི་ཚལ་ཞེས་བྱ་བ་ལ་བཀྲ་ཤིས་པའི་ཤིང་སཱ་ལའི་ཤིང་ཡོད་དོ། །དེའི་དུས་སུ་རྩ་བ་ནས་རྩེ་མོའི་ཡལ་གའི་བར་ཐམས་ཅད་དུ་བར་མ་ཆད་པར་མེ་ཏོག་ཁ་བྱེ་བར་གྱུར་ཏོ། །ཡལ་གའི་བར་ཉིད་དང ། མེ་ཏོག་གི་བར་ཁ་དོག་སྣ་ལྔ་པའི་བུང་བ་མང་པོ་ལྡིང་བ་དང ། རྣམ་པ་སྣ་ཚོགས་པའི་བྱ་མང་པོའི་ཚོགས་ནི་སྙན་པའི་སྒྲ
39.215a
དབྱངས་སྒྲོགས་ཤིང་སྤྱོད་དོ། །ལུམྦི་ནཱིའི་ཚལ་ཐམས་ཅད་ནི་ཤིང་རྟ་སྣ་ཚོགས་པའི་ཚལ་བཞིན་དུ་མཐུ་དང་དབང་ཕྱུག་ནི་རྒྱལ་པོའི་མཛེས་པར་བྱས་པའི་མདུན་ས་ལྟ་བུ་དེ་ལྷ་མོས་གཟིགས་ནས་ཤིང་སཱ་ལའི་ཚལ་དུ་རྩེ་བར་བསམས་པ་སྐྱེས་སོ། །བློན་པོ་རྣམས་ཀྱིས་ལྷ་མོ་བཏེག་ནས་ཤིང་སཱ་ལའི་ཚལ་དུ་བཞུགས་སོ། །དེ་བཀྲ་ཤིས་པའི་ཤིང་སཱ་ལའི་རྩ་བར་གཤེགས་ཏེ་དེས་ཤིང་སཱ་ལའི་ཡལ་ག་བཟུང་བར་སེམས་པར་གྱུར་ཏེ།[་]དེས་ཤིང་སཱ་ལའི་ཡལ་ག་ཤིན་དུ་ལེགས་པ་མེ་ལ་སྲོས་ནས་བཀུག་པ་བཞིན་དུ་མདུད་པ་ལ་ལྷ་མོའི་ལག་པར་ཉེ་བར་འཕྱང་ངོ ། །དེའི་ལག་པ་བརྐྱང་ནས་ཡལ་གའི་རྩེ་མོ་བཟུང་ངོ ། །དེ་མ་ཐག་ཏུ་ལས་ཀྱི་རླུང་གིས་བསྐྱོད་དོ། །དེ་ནས་དེའི་ཕྱོགས་ཀུན་དུ་ཡོལ་བ་བྱས་ནས་སྐྱེ་བོ་ཐམས་ཅད་ཕྱིར་རིང་དུ་གྱུར་ཏེ་ཤིང་སཱ་ལའི་ཡལ་ག་བཟུང་ནས་འདུག་པ་ཉིད་ལ་དེ་ལྟར་དེའི་མངལ་ནས་བལྟམས་པར་གྱུར་ཏོ།[་]།དེ་མ་ཐག་རྣམ་པར་དག་པའི་སེམས་དང་ལྡན་པའི་ཚངས་པ་བཞི་པོས་གསེར་གྱི་དྲ་བ་བླངས་ནས་སླེབ་བོ། །དེ་རྣམས་ཀྱིས་དེར་གསེར་གྱི་དྲ་བས་བྱང་ཆུབ་སེམས་དཔའ་བླངས་ཏེ་ཡུམ་གྱི་མདུན་ན་འདུག་གོ། །ལྷ་མོ་སེམས་སྡུག་བསྔལ་བར་མ་བྱེད་ཅིག་།ཁྱེད་ཀྱི་སྲས་དབང་ཕྱུག་དང་གྲགས་པ་དང་བཅས་པ་བལྟམས་སོ་ཞེས་སྨྲས་སོ། །དེ་ལྟར་ཡང་སེམས་ཅན་གཞན་རྣམས་མའི་རུམ་ནས་འཐོན་པ་ན་མི་གཙང་བས་གོས་ཤིང་སྐྱུག་བྲོ་བ་ཅན་འཐོན་ནོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ནོ། །གཞན་ཡང་ཆོས་ཀྱི་ཁྲི་ནས་ཆོས་འཆད་པ་འབབ་པ་བཞིན་དང་སྐས་ལ་འབབ་པའི་སྐྱེས་བུ་བཞིན་དུ་ལག་པ་གཉིས་དང་རྐང་པ་གཉིས་བརྐྱང་ནས་འདུག་པ་ཉིད་བཞིན་ནོ། །མའི་རུམ་ནས་མི་གཙང་བ་ཅུང་ཟད་ཀྱིས་ཀྱང་མ་གོས་པར་དག་ཅིང་འཇིགས་པ་མེད་པ་བཞིན་ནོ། །ཡུལ་ཀ་ཤི་ཀའི་རས་ཀྱི་ནང་དུ་ནོར་བུ་རིན་པོ་ཆེ་བཅུག་པ་བཞིན་དུ་འོད་འགྱེད་ཅིང་ཡུམ་གྱི་རུམ་ནས་འཐོན་ནོ། །དེ་ལྟར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའི་ཡུམ་དེ་དག་པར་བྱ་བའི་ཕྱིར་ནམ་མཁའ་ནས་ཆུའི་རྒྱུན་གཉིས་བབས་པས་བྱང་ཆུབ་སེམས་དཔའ་དང་ཡུམ་གྱི་སྐུ་དག་པར་བྱས་སོ། །
39.215b
དེ་ཡང་གསེར་གྱི་དྲ་བས་བླངས་ནས་ཚངས་པ་འདུག་པའི་ལག་ནས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་བཀྲ་ཤིས་པ་དང ། བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་གཟིག་གི་ལྤགས་པས་སྔར་གྱི་བཞིན་དུ་བླངས་སོ། །དེ་རྣམས་ཀྱི་ལག་ནས་མི་རྣམས་ཀྱིས་དུ་གུ་ལའི་རས་ཀྱི་སྟེང་དུ་བླངས་སོ། །མི་རྣམས་ཀྱི་ལག་ཏུ་བཏང་ནས་ས་ལ་གནས་སོ། །ཤར་ཕྱོགས་ལ་གཟིགས་ཏེ་སྟོང་ཕྲག་དུ་མའི་ཁོར་ཡུག་རྣམས་ཕན་ཚུན་དུ་མཐོང་ངོ ། །དེའི་ལྷ་དང་མི་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་དང་སྤོས་ལ་སོགས་པས་མཆོད་ཅིང་སྐྱེས་བུ་ཆེན་པོ་ཁྱོད་ལྟ་བུ་འདི་ན་མེད་ཁྱོད་ཀྱི་གོང་ན་གཞན་སུ་ཡང་མེད་དོ་ཞེས་སྨྲས་སོ། །དེ་བཞིན་དུ་ཕྱོགས་བཞི་དང་མཚམས་བཞི་དང་འོག་དང་སྟེང་སྟེ་ཕྱོགས་བཅུ་པོ་ཐམས་ཅད་ལེགས་པར་གཟིགས་ནས་བདག་དང་མཚུངས་པ་མེད་པར་མཐོང་ངོ ། །དེ་ནས་བྱང་གི་ཕྱོགས་སུ་གོམ་པ་བདུན་སྒྲོད་དོ། །ཚངས་པ་ཆེན་པོའི་གདུགས་དཀར་པོ་འཛིན་ཅིང་འཐབ་བྲལ་བས་རྔ་ཡབ་གཡོག་པ། ལྷ་གཞན་རྣམས་ཀྱིས་རྒྱལ་པོ་ལ་ཉེ་བར་མཁོ་བའི་དངོས་པོ་མ་ལུས་པ་ལག་ཏུ་ཐོགས་ནས་རྗེས་སུ་འགྲོའོ། །དེ་ནས་གོམ་པ་བདུན་པ་ལ་གནས་པ་ན་འཇིག་རྟེན་པ་རྣམས་ལས་བདག་མཆོག་གོ་ཞེས་པ་ལ་སོགས་པའི་ཤིས་པ་བརྗོད་པའི་གཏམ་བརྗོད་ཅིང ། སེང་གེའི་སྒྲ་སྒྲོགས་སོ། །བྱང་ཆུབ་སེམས་དཔས་ཀྱང་སྐྱེ་བ་གསུམ་དུ་རུམ་ནས་འཐོན་ཙམ་ན་གཏམ་དུ་བརྗོད་དོ། །སྨན་ཆེན་པོར་སྐྱེས་པ་དང་ཐམས་ཅད་སྒྲོལ་དུ་སྐྱེས་པ་དང་འདིར་སྐྱེས་པའོ། །སྨན་ཆེན་པོ་སྐྱེས་པ་ན་ཡུམ་གྱི་རུམ་ནས་འཐོན་མ་ཐག་ཉིད་དུ་བརྒྱ་བྱིན་ལྷའི་རྒྱལ་པོ་འོངས་ཏེ་ཙན་དན་གྱི་སྙིང་པོ་ལག་ཏུ་ཐོགས་ནས་སོང་ངོ ། །དེ་དེ་རྣམས་ཀྱི་ཁྲུ་ཚུར་དུ་བཅུག་ནས་འཐོན་ནོ། །དེ་ནས་ཡང་ཡུམ་གྱིས་དྲིས་པ། བུ་ཅི་ཁྱེར་ནས་འོངས། མ་སྨན་ཡིན་ནོ། །འདིས་སྨན་ཁྱེར་ནས་འོངས་པའི་ཕྱིར་སྨན་གྱི་ཁྱེའུ་ཞེས་བྱ་བར་མིང་བཏགས་སོ། །དེས་སྨན་བླངས་ནས་ཆུའི་སྣོད་ཀྱི་ནང་དུ་བཅུག་གོ། །འོངས་ཤིང་འོངས་པའི་ལོང་བ་དང་འོན་པ་ལ་སོགས་པ་དེ་རྣམས་དེ་ཉིད་ཀྱིས་ནད་ཐམས་ཅད་ཉེ་བར་ཞི་བས་ན་སྨན་པར་གྱུར་ཏོ། །དེ་ནས་སྨན་ཆེན་པོ་སྨན་ཆེན
39.216a
པོ་ཞེས་བརྗོད་ཅིང་སྐྱེས་པའི་ཚིག་གི་རྒྱུས་སྨན་ཆེན་པོ་ཉིད་དེའི་མིང་དུ་གྱུར་ཏོ། །གཞན་ཡང་ཐམས་ཅད་སྒྲོལ་དུ་སྐྱེས་པ་ན་མའི་རུམ་ནས་སྐྱེས་ཙམ་ན་ལག་པ་གཡས་པ་བརྐྱང་ནས་ཡུམ་བདག་ཅག་གི་ཁྱིམ་ན་སྦྱིན་པ་བཏང་རྒྱུ་འདྲ་བདོག་གེ་ཞེས་བརྗོད་ཅིང་འཐོན་ནོ། །དེ་ནས་དེའི་མས། བུ་འབྱོར་པ་དང་ལྡན་པའི་རིགས་སུ་ཁྱོད་སྐྱེས་སོ། །བུའི་ལག་པ་རང་གི་ལག་པའི་སྟེང་དུ་བཞག་སྟེ་ནོར་བུ་རིན་པོ་ཆེ་སྟོང་ཕྲག་གཅིག་གི་སྣོད་བཞག་གོ། །གཞན་ཡང་འདི་སྐྱེས་པ་ན་འདིས་སེང་གེའི་སྒྲ་སྒྲོགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གསུམ་དུ་མའི་རུམ་ནས་སྐྱེས་ཙམ་ནས་གཏམ་བརྗོད་དོ། །ཇི་ལྟར་ཡང་རུམ་དུ་ཞུགས་ཙམ་དང་བལྟམས་ཙམ་ན་སུམ་བཅུ་རྩ་གཉིས་སྔོན་གྱི་མཚན་མ་བཞིན་དུ་སྐྱེས་པར་གྱུར་ཏོ། །གཞན་ཡང་གང་གི་ཚེ་བདག་ཅག་གི་བྱང་ཆུབ་སེམས་དཔའ་ལུམ་བི་ནཱིའི་ཚལ་དུ་བལྟམས་སོ། །དེ་མ་ཐག་ཏུ་ལྷ་མོ་སྒྲ་གཅན་འཛིན་གྱི་མ་དང ། བློན་པོ་འདུན་པ་དང ། བློན་པོ་ནག་པོ་འཆར་ཀ་དང ། རྟའི་རྒྱལ་པོ་བསྔགས་ལྡན་དང ། བྱང་ཆུབ་ཀྱི་ཤིང་དང ། གཏེར་བཞིའི་བུམ་པ་སྐྱེས་སོ། །དེ་ལ་གཅིག་ལ་རྒྱང་གྲགས་བཞི་དང་།[་]གཅིག་ལ་རྒྱང་གྲགས་བརྒྱད་དང ། གཅིག་ལ་རྒྱང་གྲགས་བཅུ་གཉིས་དང་།[་]གཅིག་ལ་རྒྱང་གྲགས་བཅུ་དྲུག་གོ། །བདུན་པོ་འདི་ལྷན་ཅིག་ཏུ་སྐྱེས་པ་ཡིན་ནོ།[་]།གྲོང་ཁྱེར་གཉིས་ན་གནས་པའི་མི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཁྲིད་ནས་གྲོང་ཁྱེར་སེར་སྐྱའི་གཞི་ཁོ་ནར་ཕྱིན་ནོ། །ཉི་མ་དེ་ཉིད་ལ་གྲོང་ཁྱེར་སེར་སྐྱའི་གཞི་ལ་རྒྱལ་པོ་ཆེན་པོ་ཟས་གཙང་གི་སྲས་པོར་བལྟམས་སོ། །གཞོན་ནུ་འདི་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་སངས་རྒྱས་སུ་འགྱུར་རོ་ཞེས་པ་ལ་སུམ་བཅུ་རྩ་གསུམ་གྱི་གནས་ཀྱི་ལྷ་རྣམས་ཀྱིས་དགའ་བ་དང་ཚིམ་པས་ལག་པ་གྱེན་དུ་བསྐྱོད་ནས་རྩེ་ཞིང་བསྟོད་པ་བྱེད་དོ། །དེའི་ཚེ་རྒྱལ་པོ་ཆེན་པོ་ཟས་གཙང་གི་མཆོད་གནས་སྙོམས་པར་འཇུག་པ་བརྒྱད་ཐོབ་པའི་དཀའ་ཐུབ་པ་ནག་པོ་ལྷ་ལེན་ཞེས་བྱ་བ་ཁ་ཟས་བཟང་པོ་ལ་ལོངས་སྤྱོད་དོ། །ཉིན་མོ་ཉི་མ་ལ་མི་གནས་པའི་ཕྱིར་སུམ་བཅུ་རྩ་གསུམ་གྱི་གནས
39.216b
སུ་འགྲོ་ཞིང་དེར་བདེ་བར་འདུག་ནས་ལྷ་དེ་རྣམས་བལྟའོ། །ཁྱེད་རྣམས་ཅིའི་ཕྱིར་འདི་ལྟར་དགའ་བའི་སེམས་ཀྱིས་རྩེ། བདག་ཀྱང་འདི་རྣམས་ཀྱི་ཆེད་དུ་བྱ་བ་ཁོ་བོ་ལ་སྟོན་ཅིག་ཅེས་དྲིས་སོ། །ལྷ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ་རྒྱལ་པོ་ཆེན་པོ་ཟས་གཙང་གི་སྲས་བལྟམས་སོ། །དེས་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་སངས་རྒྱས་སུ་གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ནས་མཐའ་ཡས་པའི་སངས་རྒྱས་ཀྱི་རོལ་མོ་བལྟ་བ་དང་།[་]ཆོས་ཐམས་ཅད་ཐོབ་བོ་སྙམ་པ་འདི་རྣམས་ཀྱི་རྒྱུ་མཚན་གྱིས་དགའ་བར་གྱུར་ཏོ། །དཀའ་ཐུབ་པས་དེའི་ཚིག་ཐོས་ནས་མྱུར་དུ་ལྷའི་ཡུལ་ནས་བབས་ཏེ་རྒྱལ་པོའི་གནས་སུ་འོངས་ནས། གདན་བཤམས་པ་ལ་འདུག་སྟེ། བུ་རྣམས་རྒྱལ་པོ་ཆེན་པོའི་སྲས་སུ་གྱུར་པ་དེ་བདག་གིས་བལྟའོ་ཞེས་སྨྲས་སོ། །རྒྱལ་པོས་རྒྱན་དང་ལྡན་པའི་གཞོན་ནུ་བླངས་ནས་དཀའ་ཐུབ་པ་ལ་ཕྱག་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཞབས་ཀྱིས་བསྐོར་ནས་དཀའ་ཐུབ་པའི་རལ་པའི་སྟེང་ན་འདུག་གོ། །བྱང་ཆུབ་སེམས་དཔས་ཀྱང་དེ་རྣམས་ཀྱི་ལུས་ཀྱིས་ཕྱག་བྱེད་པར་རིག་པ་གཞན་མེད་དོ། །གལ་ཏེ་མི་ཤེས་པས་བྱང་ཆུབ་སེམས་དཔའི་དབུ་ལ་དཀའ་ཐུབ་པའི་རྐང་པ་བཞག་ན་དེའི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །དཀའ་ཐུབ་པས་བདག་ཉམས་པའི་ཕྱིར་དུ་རིགས་པ་མ་ཡིན་ནོ། །སྟན་ལས་ལངས་ནས་བྱང་ཆུབ་སེམས་དཔའ་ལ་ཐལ་མོ་སྦྱར་རོ། །རྒྱལ་པོས་ཡ་མཚན་ཆེ་བ་གཟིགས་ནས་རང་གི་སྲས་ལ་ཕྱག་བྱས་སོ། །དཀའ་ཐུབ་པས་འདས་པའི་བསྐལ་པ་བཞི་བཅུ་དང་མ་འོངས་པའི་བསྐལ་པ་བཞི་བཅུ་སྟེ། བསྐལ་པ་བརྒྱད་བཅུ་རྗེས་སུ་དྲན་ནོ། །བྱང་ཆུབ་སེམས་དཔའི་མཚན་ཉིད་ཕུན་སུམ་ཚོགས་པ་མཐོང་ནས་སངས་རྒྱ་བར་འགྱུར་རམ་མི་འགྱུར་ཞེས་བརྟགས་པས་ཐེ་ཚོམ་མེད་པར་སངས་རྒྱས་སུ་འགྱུར་བར་རྟོགས་ཏེ། འདི་ཡ་མཚན་ཆེ་བའི་སྐྱེས་བུ་ཡིན་ནོ་ཞེས་བསམས་ནས་བརྒད་དོ། །དེ་ནས་འདི་སངས་རྒྱས་ནས་བདག་གིས་མཐོང་ངམ་མི་མཐོང་ཞེས་བརྟགས་པས་མི་མཐོང་ངོ ། །བར་དུ་དུས་ལས་འདས་ནས་སངས་རྒྱས
39.217a
བརྒྱ་འམ་སངས་རྒྱས་སྟོང་གཤེགས་ནས་བརྟག་པར་མི་ནུས་པའི་གཟུགས་མེད་པའི་གནས་སུ་སྐྱེ་བར་ངེས་པར་མཐོང་ངོ ། །འདི་ལྟ་བུའི་ཚུལ་གྱི་ཡ་མཚན་ཆེ་བའི་སྐྱེས་བུ་མཐོང་བར་མི་ནུས་སོ་སྙམ་སྟེ་བདག་གི་སེམས་ཤིན་དུ་སྡུག་བསྔལ་བར་གྱུར་ནས་ངུས་སོ། །དེ་མི་རྣམས་ཀྱིས་མཐོང་སྟེ། བདག་ཅག་གི་འཕགས་པ་རེས་འགའ་ནི་རྒོད་རེས་འགའ་ནི་ངུ་བའི་རྒྱུ་མཚན་ཅི་ལགས། བདག་ཅག་གི་སྲས་འཕགས་པ་ལ་བར་དུ་གཅོད་པ་འོང་ངམ་ཞེས་དྲིས་སོ། །འདི་ལ་བར་དུ་གཅོད་པ་མི་འབྱུང་ཞིང་ཐེ་ཚོམ་མེད་པར་སངས་རྒྱས་སུ་འགྱུར་རོ་ཞེས་སྨྲས་སོ། །འོ་ན་གང་གི་ཕྱིར་ངུ་ཞེས་དྲིས་སོ། །འདི་ལྟ་བུའི་ཚུལ་གྱིས་སྐྱེས་བུ་སངས་རྒྱ་བར་འགྱུར་བ་བདག་གིས་མཐོང་བར་མི་འགྱུར་བས་བདག་ཤིན་དུ་ངེས་པར་སྡུག་བསྔལ་ལོ། །དེའི་ཕྱིར་རང་གི་ཆེད་དུ་མྱ་ངན་གྱིས་ངུའོ་ཞེས་སྨྲས་སོ། །དེས་ན་ཅིའི་ཕྱིར་རང་གི་ཉེ་དུ་རྣམས་ལས་འགའ་ཞིག་གིས་འདི་སངས་རྒྱས་སུ་གྱུར་ནས་མཐོང་བར་འགྱུར་རམ་མི་འགྱུར་ཞེས་བརྟགས་པས་ཚ་བོ་ནཱ་ལ་ཀའི་གཞོན་ནུས་མཐོང་ངོ ། །དེ་སྲིང་མོའི་ཁང་པར་སོང་སྟེ། ནཱ་ལ་ཀ་གཞོན་ནུ་དེ་གང་ན་ཡོད། འཕགས་པ་ཁང་པ་ན་ཡོད་དོ། །དེ་བོས་ལ་ཤོག་།དེ་རང་གི་གནས་སུ་འོངས་ནས་ནཱ་ལ་ཀ་ལ་སྨྲས་སོ། །ཚ་བོ་རྒྱལ་པོ་ཆེན་པོ་ཟས་གཙང་གི་རིགས་ཀྱི་བུ་འཁྲུངས་སོ། །འདི་ནི་སངས་རྒྱས་ཀྱི་མྱུ་གུའོ། །ལོ་སུམ་བཅུ་རྩ་ལྔ་འདས་ནས་སངས་རྒྱས་སུ་འགྱུར་ཞིང་ཁྱོད་ཀྱིས་འདི་མཐོང་བར་འགྱུར་བས་ད་ལྟ་ཉིད་དུ་རབ་ཏུ་བྱུང་བ་གྱིས་ཅིག་ཅེས་སྨྲས་སོ། །བྱེ་བ་བརྒྱད་བཅུ་རྩ་བདུན་གྱི་ནོར་གྱི་རིགས་ལ་སྐྱེས་པའི་གཞོན་ནུས་ཞང་པོ་འདིས་བདག་ལ་དོན་མེད་ཅིང་དགོས་པ་མེད་དོ་ཞེས་བརྗོད་པར་བསམས་སོ། །དེ་མ་ཐག་ཏུ་རང་གི་ཚོང་གནས་སུ་ངུར་སྨྲིག་གི་གོས་ཉིད་དང་སའི་ལྷུང་བཟེད་བླངས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། ངུར་སྨྲིག་གི་གོས་གྱོན་ནས་གང་ཞིག་འཇིག་རྟེན་པའི་གང་ཟག་གི་མཆོག་གི་མཆོག་ལ་བསམས་ཤིང་བདག་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བསམས་ཏེ་བྱང་ཆུབ་སེམས་དཔའི་ཕྱོགས་སུ་ཐལ་མོ་སྦྱར་ནས་ཡན་ལག་ལྔའི་ཕྱག་བྱེད
39.217b
དོ། །ལྷུང་བཟེད་སྣོད་དུ་བཅུག་ནས་ཕྲག་པ་ལ་གཟེར་ཏེ་གངས་ཅན་དུ་གཤེགས་ནས་དགེ་སྦྱོང་གི་ཆོས་བྱེད་དོ། །དེས་མཆོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་སོང་སྟེ། ནཱ་ལ་ཀའི་སོ་སོའི་རྟོགས་པའི་གཏམ་ཐོས་ནས་སླར་ཡང་གངས་ཅན་དུ་གཤེགས་ཏེ་དགྲ་བཅོམ་པ་ཐོབ་བོ། །མཆོག་ཏུ་རྟོགས་དཀའ་བ་རྟོགས་ནས་ཟླ་བ་བདུན་ཉིད་ཀྱི་ནང་དུ་ཚེ་འདས་ཏེ་གསེར་གྱི་རི་གཅིག་ལ་བརྟེན་ནས་འདུག་དེ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །བྱང་ཆུབ་སེམས་དཔའ་ཡང་ཞག་ལྔ་ནས་དབུ་འཁྲུ་བར་བྱེད་ཅིང་མིང་འདོགས་པར་རིགས་སོ་ཞེས་བསམས་ནས་རྒྱལ་པོའི་ཕོ་བྲང་ལ་དྲི་བཞིའི་རིགས་ཀྱིས་བྱུག་པ་བྱས་ཏེ།[་]རིན་པོ་ཆེ་ལྔའི་མེ་ཏོག་གཅལ་དུ་བཀྲམ་ནས་ཆུ་མེད་པའི་འོ་མ་བཙོས་པའི་འོ་ཐུག་འཚོད་ཅིང་རིག་བྱེད་གསུམ་གྱི་ཕ་རོལ་དུ་སོན་པའི་བྲམ་ཟེ་བརྒྱ་རྩ་བརྒྱད་མགྲོན་དུ་གཉེར་ཏེ་རྒྱལ་པོའི་ཕོ་བྲང་དུ་བཞུགས་ནས་ཁ་ཟས་བཟང་པོ་ལ་ལོངས་སྤྱོད་ཅིང་བཀུར་སྟི་ཆེན་པོ་བྱས་ནས་མཚན་ཉིད་ཇི་ལྟ་བུ་ཞེས་དྲིས་སོ། །དེ་རྣམས་ལས་དགའ་བྱེད་དང་།[་]རྒྱལ་མཚན་དང་མཚན་ཉིད་དང་རིགས་ཀྱི་སྔགས་པ་དང་།[་]།ཀཽ་ཊི་ནྱ་དང་ལག་པ་ཅན་དང་གཤིན་རྗེ་བཟང་དང་།[་]ལེགས་སྦྱིན་ཏེ་དེ་རྣམས་དེའི་ཚེ་བྲམ་ཟེ་བརྒྱད་ཡིན་ནོ། །ཡན་ལག་དྲུག་གི་སྔགས་བརྡ་སྤྲད་ནས་བྲམ་ཟེ་བརྒྱད་པོ་འདི་ལྟ་བུ་ཉིད་ཀྱི་མཚན་ཉིད་སོ་སོར་བརྗོད་ནས་དགའ་ལྡན་གནས་ནས་མའི་མངལ་དུ་ཞུགས་པའི་མཚན་ཉིད་འདི་རྣམས་ཀྱིས་བཤད་དོ།[་]།དེ་རྣམས་ལས་བྲམ་ཟེ་བདུན་གྱིས་མཛུབ་མོ་གཉིས་བསྒྲེངས་ཏེ་དོན་གཉིས་ལུང་བསྟན་ནོ། །མཚན་ཉིད་འདི་དང་ལྡན་པས་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །རབ་ཏུ་བྱུང་ན་སངས་རྒྱ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་ཕུན་སུམ་ཚོགས་པ་ཐམས་ཅད་བཤད་པ་རྫོགས་ནས་གཞན་དེ་རྣམས་ཀྱི་ནང་ནས་ཐམས་ཅད་ཀྱི་གཞོན་ཤོས་ཀྱི་རིགས་ནི་ཀཽ་ཊི་ནྱ་བྲམ་ཟེའི་ཁྱེའུ་འོ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་དེའི་མིང་ཚད
39.218a
མཆོག་རྣམས་རྫོགས་པར་བཏགས་སོ། །འདི་ནི་ཁྱིམ་ན་གནས་པའི་རྒྱུ་མེད་པས་མཐའ་གཅིག་ཉིད་དུ་ཁྱིམ་ན་མི་གནས་པར་སངས་རྒྱའོ། །མཛུབ་མོ་གཅིག་བསྒྲེངས་ཏེ་འདི་ལྟར་ལུང་བསྟན་ནོ། །འདི་ནི་སྔར་གྱི་གཞི་བྱས་པས་ཕྱིས་མིར་གྱུར་པ་ན་ཤེས་རབ་དང་ལྡན་ནོ། །བྲམ་ཟེ་བདུན་ལས་ལྷག་པར་གྱུར་ནས་འདིའི་མཚན་ཉིད་རིག་པར་ལྡན་ནས་ཁྱིམ་དུ་གནས་པའི་མིང་ཡང་མེད་དོ། །ཐེ་ཚོམ་མེད་པར་སངས་རྒྱ་བར་འགྱུར་ཏེ་འགྲོ་བ་གཅིག་ལས་གཞན་མ་མཐོང་ངོ ། །དེའི་ཕྱིར་མཛུབ་མོ་གཅིག་བསྒྲེངས་ཏེ་འདི་ལྟར་ལུང་བསྟན་ནོ། །དེ་ནས་བྲམ་ཟེ་དེ་རྣམས་རང་གི་ཁྱིམ་དུ་འགྲོ་ཞིང་བུ་རྣམས་བོས་ཏེ། བུ་བདག་ཅག་རྣམས་རྒན་པོར་གྱུར་པས་རྒྱལ་པོ་ཆེན་པོ་ཟས་གཙང་གི་སྲས་ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་པ་ན་བདག་ཅག་དང་མཇལ་བར་འགྱུར་རམ་མི་འགྱུར་ཆ་མེད་ཀྱིས། ཁྱོད་དེའི་སྲས་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང་ཅིག་ཅེས་སྨྲས་སོ། །བྲམ་ཟེ་བདུན་པོ་རྣམས་ཀྱིས་ཀྱང་ཇི་སྲིད་ཚེ་གནས་ཀྱི་བར་ཇི་ལྟར་བྱས་པའི་ལས་རྟོགས་སོ། །བྲམ་ཟེའི་ཁྱེའུ་ཀཽ་ཊི་ནྱ་ཉིད་ནད་མེད་པར་གྱུར་ནས་གནས་སོ། །དེའི་སེམས་དཔའ་ཆེན་པོ་བློ་དང་ལྡན་པ་ངེས་པར་འབྱུང་བ་ཆེན་པོས་མངོན་པར་བྱུང་ནས་གོ་རིམས་བཞིན་དུ་སྟེང་རྒྱས་སུ་སོང་ངོ ། །ས་ཕྱོགས་འདི་ནི་ཉམས་དགའ་བས་རིགས་ཀྱི་བུ་ས་ཕྱོགས་འདི་དཀའ་བ་སྤྱོད་པའི་གནས་སུ་རིག་པར་སེམས་སྐྱེས་པས་དེར་གནས་ཏེ་སྐྱེས་བུ་ཆེན་པོ་རབ་ཏུ་བྱུང་ངོ་ཞེས་ཐོས་ནས་བྲམ་ཟེའི་བུའི་གནས་སུ་ཉེ་བར་སོང་ངོ་ཞེས་སྨྲས་སོ། །གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ནས་ཐེ་ཚོམ་མེད་པར་དེ་སངས་རྒྱ་བར་འགྱུར་རོ།[་]།གལ་ཏེ་ཁྱེད་རྣམས་ཀྱི་ཕ་ནད་མེད་པར་གནས་ན་དེ་རིང་ཕྱིན་ནས་རབ་ཏུ་བྱུང་བ་བྱེད་དོ། །གལ་ཏེ་ཁྱོད་ཀྱང་འདོད་ན་འདིར་འོངས་ནས་བདག་གིས་སྐྱེས་བུ་དེའི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །དེ་ཐམས་ཅད་འདུན་པ་གཅིག་པར་མ་ནུས་པར་སྐྱེ་བོ་བཞི་པོ་ལས་ཀཽ་ཊི་ནྱས་གཙོ་བོ་བྱས་ནས་སྐྱེ་བོ་ལྔ་པོ་རབ་ཏུ་བྱུང་སྟེ།[་]དེ་རྣམས་ཀྱི་སྐྱེ་བོ་ལྔ་པོ་ནི་གནས་བརྟན་ལྔ་སྡེ་ཞེས་བྱ་བའི་རིགས་སུ་གྱུར་ཏོ། །གཞན་ཡང་དེའི་ཚེ་རྒྱལ་པོ་འདི་སྐད་དུ
39.218b
གང་མཐོང་ནས་བདག་གི་བུ་རབ་ཏུ་འབྱུང་ཞེས་འདྲིའོ། །སྔོན་གྱི་མཚན་མ་བཞི་མཐོང་བས་དེ་གང་དང་རྒས་ཤིང་འཁོགས་པ་དང་ན་བ་དང་འཆི་བ་དང་རབ་ཏུ་བྱུང་བའོ། །རྒྱལ་པོས་འདི་རྣམས་བཟུང་ནས་འདི་ལྟ་བུའི་ཚུལ་བདག་གི་བུ་དང་ཉེ་བར་འོང་དུ་མྱི་འཇུག་ཅིང་།[་]བདག་གི་སྲས་ཀྱིས་སངས་རྒྱས་ཐོབ་ཀྱང་དོན་མེད་དོ། །བདག་གི་སྲས་སྟོང་ཕྲག་གཉིས་ཀྱི་གླིང་འཁོར་དང་བཅས་པའི་གླིང་ཆེན་པོ་བཞི་པོ་རྣམས་ཀྱི་དབང་ཕྱུག་གི་བདག་པོའི་རྒྱལ་པོ་བྱེད་ཅིང་དཔག་ཚད་སུམ་བཅུ་རྩ་དྲུག་གི་ཁོར་ཡུག་གི་འཁོར་ནམ་མཁའི་དབྱིངས་སུ་གཤེགས་པ་ལ་བལྟ་བར་འདོད་དོ། །སླར་ཡང་འདི་ལྟར་བརྗོད་ཅིང་འདི་ལྟ་བུའི་རྣམ་པ་བཞིའི་སྐྱེས་བུ་གཞོན་ནུའི་མིག་ལམ་དུ་འོང་བ་བསྲུང་ཞིང་ཕྱོགས་བཞིར་རྒྱང་གྲགས་བཞི་བཞིར་བསྲུང་བ་བཞག་གོ། །དེའི་ཉི་མ་ལ་ཡང་བཀྲ་ཤིས་པའི་གནས་སུ་འདུས་པའི་རིགས་ཀྱི་ཉེ་དུ་སྟོང་ཕྲག་བརྒྱད་བཅུ་པོ་རེ་རེའི་བུ་བརྒྱ་ཡོངས་སུ་སྟེར་བར་བསམས་སོ། །འདི་སངས་རྒྱས་སུ་འགྱུར་རམ་རྒྱལ་པོར་འགྱུར་རམ་བདག་གི་བུ་རེ་རེ་སྟེར་རོ། །གལ་ཏེ་སངས་རྒྱས་པར་གྱུར་ན་རྒྱལ་རིགས་ཀྱི་དགེ་སྦྱོང་ཉིད་ཀྱིས་མདུན་རྒྱབ་ཐམས་ཅད་དུ་བསྐོར་ནས་འགྲོ་བ་ཡིན་ནོ། །གལ་ཏེ་རྒྱལ་པོར་གྱུར་ན་རྒྱལ་རིགས་ཀྱི་གཞོན་ནུ་ཉིད་ཀྱིས་མདུན་རྒྱབ་ཀུན་ནས་བསྐོར་ནས་འགྲོའོ་ཞེས་སྨྲ་ཞིང་འབུལ་ལོ། །རྒྱལ་པོས་ཀྱང་བྱང་ཆུབ་སེམས་དཔའ་ལ་གཟུགས་མཆོག་དང་ལྡན་པ་སྐྱོན་ཐམས་ཅད་སྤངས་པའི་ནུ་མ་བསྣུན་པ་ཉིད་གནས་པ་བྱིན་ནོ། །བྱང་ཆུབ་སེམས་དཔའ་འཁོར་མཐའ་ཡས་པ་དཔལ་དང་སྐལ་པ་འཕེལ་བ་དང་ལྡན་ནོ། །དེ་ནས་ཉི་མ་གཅིག་ལ་རྒྱལ་པོའི་འབྲས་འདེབས་པ་ལ་བཀྲ་ཤིས་བྱེད་དོ། །དེའི་ཉི་མ་ལ་གྲོང་ཁྱེར་ཐམས་ཅད་དུ་ལྷ་གཤེགས་པ་བཞིན་དུ་བརྒྱན་ནོ། །བྲན་དང་ལས་བྱེད་པ་ལ་སོགས་པས་གོས་ལེགས་པོ་གྱོན་ནས་སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་བརྒྱན་པར་བྱས་ནས་རྒྱལ་པོའི་ཕོ་བྲང་གི་ནང་དུ་འདུས་སོ། །རྒྱལ་པོའི་གཞིས་རྣམས་ལ་ཞིང་རྨོ་བ་སྟོང་ཕྲག་གཅིག་རིགས་སོ། །སླར་ཡང་དེའི་ཉི་མ་ལ་གཅིག་གིས་དམན་པའི་ཞིང་རྨོ་བ་བརྒྱད་བརྒྱ་དང་བཅས་པའི་གླང་གི་གཉའ་ཤིང་གི་ཐག་པ་དངུལ་ལས་བྱས་པ་དང ། རྒྱལ་པོ་འཛིན
39.219a
པའི་ཞིང་རྨོ་བའི་ཐོང་པ་སླར་ཡང་གསེར་ལས་བྱས་པར་གྱུར་ཏོ། །གླང་གི་རཝ་གཉིས་ལ་གསེར་གྱིས་བསྐུས་སོ། །ཁ་དང་སྐེའི་ཐག་པ་ནི་གསེར་ལའང་བྱས་སོ། །རྒྱལ་པོའི་འཁོར་ཆེན་པོ་དང་བཅས་པ་བྱོན་ནས་སྲས་བླངས་ཏེ་གཤེགས་སོ། །གཞིས་ཁའི་གནས་ན་ཤིང་འཛམ་བུ་གཅིག་ལ་ལོ་མ་མང་པོས་གྲིབ་མ་སྟུག་པོར་གྱུར་པ་ཞིག་ཡོད་པའི་འོག་ཏུ་གཞོན་ནུའི་མལ་སྟན་ཆེན་པོ་བྱས་ནས་སྟེང་དུ་བླ་རེས་གསེར་གྱི་སྐར་མ་དང་མཚུངས་པ་བྲེས་ཏེ། ལྕགས་རི་ལྟར་ཡོལ་བས་ཕྱོགས་ཀུན་ནས་བསྐོར་ཏོ། །རྒྱལ་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ནས་བློན་པོ་འཁོར་དང་བཅས་པ་ཞིང་རྨོ་བའི་གནས་སུ་གཤེགས་ཏེ། དེར་རྒྱལ་པོས་གསེར་གྱི་ཐོང་པ་བཟུང་ངོ ། །གཅིག་གིས་དམན་པའི་བརྒྱད་བརྒྱའི་དངུལ་གྱི་ཐོང་པ་བློན་པོས་བཟུང་སྟེ་སོ་ནམ་བྱེད་པའི་སྐྱེ་བོ་རྣམས་ཀྱིས་ཐོང་པ་ལྷག་མ་རྣམས་བསླངས་སོ། །དེ་རྣམས་ཀྱིས་ཐོང་པ་བཟུང་ནས་དེ་དང་དེར་སྒལ་རྨོའོ། །རྒྱལ་པོས་སླར་ཡང་འདི་ནས་ཕར་འགྲོ་ཞིང་ཕ་རོལ་ནས་ཚུར་འོངས་སོ། །དེའི་གནས་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བསམས་ནས་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བཞུགས་པའི་ནུ་མ་སྣུན་པ་རྣམས་རྒྱལ་པོའི་ཕུན་སུམ་ཚོགས་པར་བལྟའོ། །ཡོལ་བའི་ནང་ནས་ཕྱིར་འཐོན་ནོ། །བྱང་ཆུབ་སེམས་དཔའ་དེ་དང་དེར་གཟིགས་པས་གཅིག་ཀྱང་མི་སྣང་ངོ ། །མྱུར་བར་ལངས་ནས་སྐྱིལ་ཀྲུང་བཅས་ཏེ། རླུང་འབྱུང་བ་དང་རྔུབ་ཅིང་བཟུང་བས་བསམ་གཏན་དང་པོ་སྐྱེས་སོ། །ནུ་མ་སྣུན་པ་རྣམས་ཁ་ཟས་ཟ་བའི་ཕྱིར་ཕན་ཚུན་དུ་འགྲོ་ཞིང་དེ་མ་ཐག་ཅུང་ཟད་ཐོགས་པར་གྱུར་ཏོ། །ཤིང་གཞན་རྣམས་ཀྱི་གྲིབ་མ་མི་ལྡོག་ཅིང་གཞན་ཡང་ཤིང་དེའི་གྲིབ་མ་རྣམས་ཀུན་ནས་གནས་སོ། །ནུ་མ་སྣུན་པ་རྣམས་ཀྱིས་སྲས་འཕགས་པ་ཞེས་ཅིག་ཏུ་བརྗོད་ཅིང་མྱུར་དུ་ཡོལ་བ་སྟེངས་སུ་བརྫེས་ཏེ་ནང་དུ་ཞུགས་ནས་བྱང་ཆུབ་སེམས་དཔའ་མལ་སྟན་ལ་སྐྱིལ་ཀྲུང་གིས་བཞུགས་པ་དེའི་ཆོ་འཕྲུལ་མཐོང་ནས་སོང་སྟེ་རྒྱལ་པོ་ལ་ཞུས་སོ། །ལྷ་གཞོན་ནུ་འདི་ལྟ་བུའི་ཚུལ་གྱིས་བཞུགས་སོ། །འདི་ལྟར་ཤིང་གཞན་རྣམས་གྲིབ་མ་མི
39.219b
བཟློག་གོ། །ཤིང་འཛམ་བུའི་གྲིབ་མ་ནི་ཀུན་ནས་གནས་སོ། །རྒྱལ་པོ་མྱུར་དུ་བྱོན་ནས་ཆོ་འཕྲུལ་བལྟ་སྟེ།[་]སྲས་འདི་ལ་ཕྱག་གཉིས་པ་སྟེ་ཞེས་བརྗོད་ནས་སྲས་ལ་ཕྱག་བརྩལ་ལོ། །དེ་ནས་གོ་རིམས་བཞིན་དུ་བྱང་ཆུབ་སེམས་དཔའ་ལོ་བཅུ་དྲུག་པའི་ན་ཚོད་དུ་གྱུར་ཏོ།[་]།རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་དུས་གསུམ་དུ་རྗེས་སུ་རིགས་པར་ཁང་བཟང་གསུམ་བྱས་ནས་གཅིག་དགུ་ཐོག་གཅིག་ལ་བདུན་ཐོག་གཅིག་ལ་ལྔ་ཐོག་གོ། །སྟོང་ཕྲག་བཞི་བཅུའི་གར་བྱེད་པའི་བུད་མེད་རྣམས་ཉེ་བར་གནས་པར་བྱས་སོ། །བྱང་ཆུབ་སེམས་དཔའ་ནི་ལྷ་བཞིན་དུ་ལྷ་དང་འདྲ་བའི་བུད་མེད་རྣམས་འཁོར་དུ་བྱས་ནས་རྒྱན་གྱིས་བརྒྱན་པའི་བུད་མེད་དུ་མ་དང་བཅས་པ་སྐྱེས་པ་མེད་པའི་རོལ་མོ་སྒྲོགས་པ་འཁོར་དུ་བྱ་སྟེ་ཕུན་སུམ་ཚོགས་པ་ཆེན་པོ་རྗེས་སུ་མྱོང་བར་བྱེད་དོ། །དུས་ཀྱི་རེས་དང་དུས་ཀྱི་རེས་འདི་དང་དེའི་ཁང་བཟངས་སུ་བཞུགས་སོ། །གཞན་ཡང་སྒྲ་གཅན་འཛིན་གྱི་མ་དེ་ཉིད་བཙུན་མོ་རྣམས་ཀྱི་གཙོ་མོར་གྱུར་ཏོ། །དེའི་དེ་བཞིན་དུ་ཕུན་སུམ་ཚོགས་པ་ཆེན་པོ་རྗེས་སུ་མྱོང་བར་བྱེད་དོ། །ཉི་མ་གཅིག་ལ་ཉེ་དུའི་ནང་དུ་འདི་ལྟ་བུའི་གཏམ་བྱུང་ངོ ། །དོན་གྲུབ་རྩེད་མོས་བརྗེད་ནས་གཤེགས་ཤིང་བཟོ་ཅུང་ཟད་ཀྱང་མི་སློབ་བོ། །གཡུལ་སོ་སོ་ནས་ཉེ་བར་གྱུར་ན་ཅི་བྱེད། དེའི་ཚེ་བྱང་ཆུབ་སེམས་དཔའ་བོས་ནས་བུ་ཁྱོད་ཀྱི་ཉེ་དུ་རྣམས་དོན་གྲུབ་བཟོ་ཅུང་ཟད་ཀྱང་མི་སློབ་ཅིང་རྩེད་མོས་གཤེགས་ནས་འགྲོའོ་ཞེས་ཟེར་རོ། །འདིར་གཡུལ་བྱུང་ན་ཇི་ལྟར་བྱེད་ཅེས་བསམས། ལྷ་ངས་བཟོ་བསླབས་པ་ལ་དགོས་པ་མེད་དོ། །གྲོང་ཁྱེར་གྱི་མི་རྣམས་བདག་གི་བཟོ་བལྟ་བའི་སེམས་ཡོད་ན་གྲིལ་སྒྲོགས་ཤིག་།འདི་ནས་ཞག་བདུན་པ་ལ་ཉེ་དུ་རྣམས་ལ་བཟོ་བསྟན་པར་བགྱིའོ། །རྒྱལ་པོས་དེ་བཞིན་དུ་བྱས་སོ།[་]།བྱང་ཆུབ་སེམས་དཔས་སྒྲ་ལ་འཕེན་པ་དང ། སྤུན་ལ་འཕེན་པ་དང་།[་]གཞུ་ཐོགས་པ་འདུས་པར་བྱས་ནས་སྐྱེ་བོ་མང་པོའི་ནང་དུ་གཞན་གཞུ་ཐོགས་པ་དང་ཐུན་མོང་མ་ཡིན་པ་ཉེ་དུ་རྣམས་ལ་བཟོ་བཅུ་གཉིས་བསྟན་ནོ། །དེ་རྣམས་མདའ་འཇོམས་པའི་སྐྱེས
39.220a
རབས་ལས་འབྱུང་བའི་ཚུལ་བཞིན་དུ་རིག་པར་བྱའོ། །དེའི་ཉེ་དུ་རྣམས་ཀྱི་ཐེ་ཚོམ་སེལ་ལོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་དུ་གཤེགས་པར་བསམས་ནས་ཁ་ལོ་སྒྱུར་བ་བོས་ཏེ། ཤིང་རྟ་ཆས་སུ་ཆུག་ཅིག་ཅེས་སྨྲས་སོ། །དེས་ལེགས་སོ་ཞེས་བརྗོད་ཅིང་ཚིག་ཐོས་ནས་ཤིང་རྟ་ཆེན་པོའི་འཁོར་ལོའི་མཆོག་ལ་ཇི་ལྟར་རིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཀུ་མུ་དའི་འདབ་མའི་མདོག་དང་འདྲ་བའི་བཀྲ་ཤིས་པའི་རྟ་བཞིས་ཤིང་རྟ་ཁྲིད་ནས་བྱང་ཆུབ་སེམས་དཔའ་གཤེགས་སོ། །ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ལྷའི་གཞལ་མེད་ཁང་བཞིན་དུ་ཤིང་རྟ་ལ་ཞོན་ནས་སྐྱེད་མོས་ཚལ་གྱི་ཕྱོགས་སུ་གཤེགས་སོ། །ལྷ་རྣམས་ཀྱིས་གཞོན་ནུ་དོན་གྲུབ་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ནི་ཉེ་བར་གྱུར་ཏོ། །སྔར་གྱི་མཚན་མ་རྣམས་བལྟ་བར་རིགས་སོ། །ལྷའི་བུ་ཅིག་གིས་རྒས་པ་འཁོགས་པ་སོ་བྱི་བ་སྐྲ་དཀར་བ་སྒུར་བ་རྒྱབ་གྲུམ་པའི་ལུས་ཅན་ལག་ཏུ་འཁར་བ་ཐོགས་པ་སྐད་འཛེར་བར་བྱེད་པ་བསྟན་ནོ། །དེ་བྱང་ཆུབ་སེམས་དཔའ་དང་ཁ་ལོ་སྒྱུར་བས་མཐོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་དྲིས་སོ། །སྐྱེས་བུ་འདི་གང་ཞིག་ཡིན། སྐྲ་ཡང་གཞན་དང་མི་འདྲ་བ་ཇི་ལྟ་བུ། གཙོ་བོ་ཆེན་པོའི་མདོ་ནས་བྱུང་བ་བཞིན་འདྲི་བར་བྱའོ། །དེའི་ཚིག་ཐོས་ནས་སྐྱེ་བ་མི་རྟག་ཅིང་སྐྱེས་པར་གྱུར་པ་ཐམས་ཅད་རྒས་པར་འགྱུར་རོ་ཞེས་སེམས་སྡུག་བསྔལ་ཞིང་དེ་ཉིད་དུ་བཟློག་ནས་རང་གི་ཁང་བཟང་ཉིད་དུ་གཤེགས་སོ། །རྒྱལ་པོས་རྒྱུ་མཚན་ཅིའི་ཕྱིར་བདག་གི་སྲས་པོ་མྱུར་དུ་ལྡོག་པ་ཅིའི་ཕྱིར་དྲིས་སོ། །ལྷ་རྒས་ཤིང་འཁོགས་པའི་མི་གཅིག་མཐོང་བས་རབ་ཏུ་འབྱུང་ངོ ། །མྱུར་དུ་བུ་ལ་གར་བྱེད་པ་རྣམས་སྟ་གོན་གྱིས་ཤིག་།ཕུན་སུམ་ཚོགས་པ་ཉམས་སུ་མྱོང་བར་བྱས་པས་རབ་ཏུ་འབྱུང་བ་རྗེས་སུ་དྲན་པར་མི་འགྱུར་རོ་ཞེས་སྨྲས་ནས་བསྲུང་བར་བྱེད་པ་སྤེལ་ཏེ་ཕྱོགས་ཐམས་ཅད་དུ་རྒྱང་གྲགས་བརྒྱད་བརྒྱད་དུ་བཞག་གོ། །གཞན་ཡང་ཉི་མ་གཅིག་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་བསྐྱེད་མོས
39.220b
ཚལ་དུ་གཤེགས་པ་ན་ལྷས་སྤྲུལ་པའི་ནད་པ་གཅིག་མཐོང་ནས་སྔར་བཞིན་དུ་དྲིས་སོ། །སེམས་སྡུག་བསྔལ་བར་གྱུར་ཏེ་སླར་ཡང་བཟློག་ནས་རང་གི་ཁང་བཟངས་སུ་གཤེགས་སོ། །རྒྱལ་པོས་ཡང་དྲིས་པ་སྔར་དེ་བཞིན་དུ་བྱས་ནས་སླར་ཡང་སྤེལ་ཏེ་ཐམས་ཅད་དུ་རྒྱང་གྲགས་བཅུ་གཉིས་ཀྱི་སའི་ཆར་སྲུང་བར་བྱེད་པ་བཞག་གོ། །ཡང་ཉི་མ་གཞན་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་སྐྱེད་མོས་ཚལ་དུ་གཤེགས་པ་ན་ལྷས་སྤྲུལ་པའི་དུས་ལ་འདས་པ་གཅིག་མཐོང་ནས་སྔར་བཞིན་དུ་དྲིས་ཏེ་སེམས་སྡུག་བསྔལ་བར་གྱུར་ནས། སླར་ཡང་བཟློག་སྟེ་ཁང་བཟངས་སུ་གཤེགས་ནས་རྒྱལ་པོས་དྲིས་པ་སྔར་བཞིན་དུ་བྱས་ནས། སླར་ཡང་བསྲུང་བ་སྤེལ་ཏེ་ཀུན་ནས་བསྐོར་བར་དཔག་ཚད་གཅིག་གི་ཚད་ལ་བསྲུང་བ་བཞག་གོ། །སླར་ཡང་ཉི་མ་གཞན་ལ་སྐྱེད་མོས་ཚལ་དུ་གཤེགས་པ་ན་དེ་བཞིན་དུ་ལྷས་སྤྲུལ་པའི་གོས་བཟང་པོ་ལེགས་པ་གྱོན་པའི་རབ་ཏུ་བྱུང་བ་ཅིག་གཟིགས་ནས། འདིའི་མིང་ཅི་ཞེས་ཁ་ལོ་བ་ལ་དྲིས་སོ། །གང་དུ་ཡང་སངས་རྒྱས་བྱོན་པར་མ་གྱུར་ཅིང་རབ་ཏུ་བྱུང་བའི་ཡོན་ཏན་མི་ཤེས་ལྷའི་མཐུས་སླར་ཡང་ལྷ་རབ་ཏུ་བྱུང་བ་ཡིན་ཞེས་བརྗོད་དོ། །རབ་ཏུ་བྱུང་བའི་ཡོན་ཏན་ལ་བསྔགས་པ་བརྗོད་དོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལ་འདུན་པ་སྐྱེས་ནས་དེའི་ཉིན་མོ་སྐྱེད་མོས་ཚལ་དུ་གཤེགས་སོ། །སློབ་དཔོན་ཁ་ཅིག་འདི་སྐད་ཟེར་ཏེ། སྔུན་གྱི་མཚན་མ་བཞི་པ་ཉི་མ་གཅིག་ཉིད་ལ་མཐོང་ངོ་ཞེས་ཟེར་རོ། །དེ་ནི་མི་འཐད་དོ། །དེ་ལ་ཉིན་མོའི་ཆར་རྩེ་ཞིང་བཀྲ་ཤིས་པའི་རྫིང་བུར་ཁྲུས་བྱས་ནས་ཉི་མ་ནུབ་པ་ན་བཀྲ་ཤིས་པའི་རྡོ་ལེབ་ཀྱི་སྟན་ལ་བཞུགས་སོ། །རང་ལ་རྒྱན་གྱིས་བརྒྱན་པར་སེམས་སོ། །དེ་ནས་རྗེས་སུ་འབྲང་བའི་སྐྱེས་བུ་རྣམས་ཁ་དོག་སྣ་ཚོགས་པའི་གོས་དང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན། མེ་ཏོག་གི་ཕྲེང་བ་དང་སྤོས་དང་བྱུག་པ་ལ་སོགས་པ་བསླངས་ནས་ཕྱོགས་ཀུན་དུ་བསྐོར་ནས་འདུག་གོ། །དེ་མ་ཐག་པར་བརྒྱ་བྱིན་སྡོད་པའི་གདན་དྲོ་བར་གྱུར་ཏོ། །གང་ཞིག
39.221a
བདག་གི་གནས་འདོར་བའི་སེམས་སུ་ཤིག་ལ་སྐྱེས་པར་གྱུར་ཞེས་བརྟགས་སོ། །བྱང་ཆུབ་སེམས་དཔའི་རྒྱན་བྱེད་པའི་དུས་མཐོང་ངོ ། །ལས་ཐམས་ཅད་པ་བོས་སོ། །ལས་ཐམས་ཅད་པ་གཞོན་ནུ་དོན་གྲུབ་དེ་རིང་གི་མཚན་ཕྱེད་ཀྱི་དུས་སུ་ངེས་པར་འབྱུང་བ་ཆེན་པོས་འཐོན་ནོ། །འདི་དེའི་ཕྱི་མའི་རྒྱན་ཡིན་ནོ། །སྐྱེད་མོས་ཚལ་དུ་སོང་ལ་སྐྱེས་བུ་ཆེན་པོ་ལྷའི་རྒྱན་གྱིས་བརྒྱན་པར་གྱིས་ཤིག་།དེས་དེ་ཐོས་ནས་ལེགས་སོ་ཞེས་བརྗོད་དེ་ལྷའི་མཐུས་དེ་མ་ཐག་པར་ཉེ་བར་སོང་སྟེ། དེའི་རིམ་གྲོ་པ་དང་མཚུངས་པར་གྱུར་ནས་རིམ་གྲོ་པའི་ལག་ཏུ་རས་བསླངས་ནས་བྱང་ཆུབ་སེམས་དཔའི་དབུ་ལ་བཅིངས་སོ། །བྱང་ཆུབ་སེམས་དཔས་མགོ་ལ་ལག་པས་རེག་པ་ན་འདི་མི་མ་ཡིན་ཏེ་ལྷའི་བུ་ཡིན་པར་ཤེས་སོ། །བཅིངས་པ་ཙམ་ན་བཅིངས་པའི་དབུའི་ཅོད་པན་ནོར་བུ་རིན་པོ་ཆེའི་རྣམ་པ་ལ་སྟོང་ཕྲག་གཅིག་གི་དུ་གུ་ལའི་རས་ཀྱིས་བཅིངས་སོ། །སླར་ཡང་འཆིང་བ་ན་དུ་གུ་ལའི་རས་སྟོང་ཕྲག་གཅིག་གིས་ལན་བཅུ་དཀྲིས་ནས་སྟོང་ཕྲག་བཅུས་དུ་གུ་ལའི་རས་བཅིངས་སོ། །དབུ་ནི་ཆུང་ཞིང་དུ་གུ་ལའི་རས་ནི་མང་བས་ཇི་ལྟར་བཅིང་ཞེས་མི་བསམ་མོ། །དེ་རྣམས་ཐམས་ཅད་ལ་ཁྲི་ཞིང་སཱ་ཀ་ལའི་མེ་ཏོག་གི་ཚད་ཙམ་ཆེ་བའོ། །ཡང་ན་ཀུ་བའི་མེ་ཏོག་གི་ཚད་ཙམ་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་དབུ་ཀི་ཛ་ལ་ཀའི་མེ་ཏོག་ལྟར་མཚུངས་པའོ། །ཡང་ན་གུ་སྤྱ་ཀའི་མེ་ཏོག་ལྟར་གྱུར་པའོ། །དེ་ནས་རྒྱན་ཐམས་ཅད་ཀྱིས་སོ་སོར་བརྒྱན་ནས་རོལ་མོ་ཐམས་ཅད་རང་རང་གི་སྒྲ་འབྱིན་ཞིང་བྲམ་ཟེ་རྣམས་རྒྱལ་བར་གྱུར་ཅིག་དགའ་བར་གྱུར་ཅིག་ཅེས་རྣམ་པ་སྣ་ཚོགས་པའི་བཀྲ་ཤིས་ཀྱིས་བསྟོད་པའི་དབྱངས་བྱེད་དོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་མཆོག་གི་ཤིང་རྟ་ལ་ཆིབས་སོ། །དེའི་ཚེ་གྲགས་འཛིན་མ་ལ་བུ་བཙས་སོ། །རྒྱལ་པོ་ཟས་གཙང་གིས་ཐོས་ནས་བདག་གི་བུ་དགའ་བར་བྱ་བའི་ཕྱིར་ཕོ་ཉ་བ་བཏང་ངོ ། །བྱང་ཆུབ་སེམས་དཔས་དེ་ཐོས་ནས་སྒྲ་གཅན་འཛིན་སྐྱེས་པས་འཆིང་བ་སྐྱེས་སོ་ཞེས་གསུངས་སོ། །རྒྱལ་པོ་བདག་གི་བུ་ལ་ཅིའི་ཕྱིར་འདྲི། དེའི་ཚིག་ཐོས་ཏེ་འདི་ནས་བཟུང་སྟེ་བདག་གི་ཆ་འོ
39.221b
གཞོན་ནུ་སྒྲ་གཅན་འཛིན་ཉིད་མིང་དུ་གྱུར་ཏོ་ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔས་ཀྱང་གྲགས་པ་ཆེན་པོས་ཤིན་དུ་དགའ་བ་དང་དཔལ་དང་སྐལ་བ་བཟང་པོ་དང་ལྡན་པའི་གྲོང་ཁྱེར་དུ་གཤེགས་སོ། །དེའི་ཚེ་གཽ་ཏ་མི་སྐེམ་མོ་ཞེས་བྱ་བ་རྒྱལ་རིགས་ཀྱི་བུ་མོ་ཁང་བཟང་གི་སྟེང་དུ་འདུག་པས་གྲོང་ཁྱེར་ལ་བསྐོར་བ་བྱེད་པའི་བྱང་ཆུབ་སེམས་དཔའི་དཔལ་དང་ལྡན་པའི་གཟུགས་མཐོང་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ཡི་མ་ནི་ཞི་བར་གྱུར། །དེ་ཡི་ཕ་ནི་ངེས་པར་ཞི། །དེ་ཡི་བུད་མེད་ངེས་ཞིར་གྱུར། །དེ་ཡི་ཡང་ནི་དེ་བདག་མཚུངས། །བྱང་ཆུབ་སེམས་དཔས་ཐོས་ནས་བསམས་པ།[་]འདི་འདི་ལྟ་བུར་སྨྲ་བ། འདི་ལྟ་བུའི་ཚུལ་གྱི་བདག་ཉིད་ཀྱི་ལུས་མཐོང་བས་མའི་སེམས་ཞི་བར་གྱུར། ཕའི་སེམས་ཞི་བར་གྱུར། སྐྱེ་དགུ་དང་སྐྱེ་དགུའི་བདག་མོའི་སེམས་ཞི་བར་གྱུར་ཞེས་སྨྲའོ། །ཅིའི་ཕྱིར་སེམས་ཞི་བ་ཞེས་བྱ་བའི་དོན་གང ། དེ་ནས་ཉོན་མོངས་པའི་ཆགས་པ་མེད་པའི་སེམས་ལ་དེ་སྐད་བརྗོད་དོ། །འདོད་ཆགས་ཀྱི་མེ་ཞི་བར་གྱུར་པ་ནི་ཞི་བའི་མིང་དུ་གྱུར་ཏོ། །སྐྱོན་གྱི་མེ་དང་གཏི་མུག་གི་མེ་ཞི་བར་གྱུར་པ་ནི་ཞི་བའི་མིང་དུ་གྱུར་ཏོ། །ང་རྒྱལ་དང་ལྟ་བ་ལ་སོགས་པའི་ཉོན་མོངས་པ་ཀུན་སྐྱེས་པ་ཐམས་ཅད་ཞི་བ་ནི་ཞི་བའི་མིང་དུ་བརྗོད་དོ། །འདི་བདག་ལ་ཚིག་སྙན་པ་བརྗོད་ཅིང་བདག་ནི་མྱ་ངན་ལས་འདས་པ་ཚོལ་དུ་འགྲོ་ཞིང་ཚོལ་ལོ། །དེ་རིང་ཉིད་ནས་བདག་ཁྱིམ་ན་གནས་པ་སྤངས་ནས་ངེས་པར་འབྱུང་བས་རབ་ཏུ་བྱུང་ནས་མྱ་ངན་ལས་འདས་པ་ཚོལ་བར་རིགས་སོ། །འདི་ནི་བདག་གི་སློབ་དཔོན་མར་གྱུར་ཏོ། །གཽ་ཏ་མི་སྐེམ་མོ་ལ་འབུམ་ཕྲག་གཅིག་རི་བའི་མུ་ཏིག་གི་དྲ་བ་མགྲིན་པ་ནས་བཀྲོལ་ཏེ་བསྐུར་རོ།[་]།དེས་དོན་གྲུབ་གཞོན་ནུ་བདག་ལ་ཆགས་ཤིང་ཞེན་པར་གྱུར་པས་སེམས་རྟེན་བསྐུར་བ་ཡིན་པས་དེས་སེམས་བདེ་བ་སྐྱེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ནི་དཔལ་དང་ལྡན་སྐལ་པ་བཟང་པོ་དང་ལྡན་པའི་རང་གི་ཁང་བཟངས་སུ་གཤེགས་ནས་དཔལ་གྱི་མལ་སྟན་ལ་གཟིམས་སོ། །དེ་མ་ཐག་ཏུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གླུ་དང་གར་རྣམས་ལེགས་པར་བསླབས་པའི་ལྷའི་བུ་མོ་དང་འདྲ་བའི་གཟུགས་མཆོག་དང་ལྡན་པའི་བུད་མེད་རྣམས་ཀྱིས་རྣམ་པ་སྣ
39.222a
ཚོགས་པའི་རོལ་མོ་བཟུང་ནས་དེ་ལ་ཡོངས་སུ་བསྐོར་ནས་མངོན་པར་དགའ་བར་བྱེད་ཅིང་གར་དང་གླུ་དང་རོལ་མོ་ལ་སོགས་པ་བྱེད་པར་རྩོམ་མོ། །བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ལ་མི་དགའ་བའི་སེམས་ཀྱིས་གར་ལ་སོགས་པ་ལ་མངོན་པར་དགའ་བ་མེད་པས་ཡུད་ཙམ་གྱིས་མནལ་དུ་བཞུད་དོ། །བུད་མེད་དེ་རྣམས་ཀྱང་གང་གི་དོན་དུ་ངེད་རྣམས་ཀྱིས་གར་ལ་སྩོགས་པ་བྱེད་པ་ལ་དེ་མནལ་དུ་གཤེགས་སོ། །ད་ནི་ཅིའི་ཕྱིར་བདག་ཅག་ངལ་བར་བྱེད་གང་དང་གང་བསླབས་པའི་རོལ་མོ་རྣམས་ས་ལ་བཞག་ནས་ཉལ་ལོ། །དྲི་བཟང་དང་ལྡན་པའི་འབྲུ་མར་གྱི་མར་མེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་སད་ནས་མལ་གྱི་སྟེང་དུ་སྐྱིལ་དཀྲུང་གིས་བཞུགས་ནས་གཟིགས་པས་བུད་མེད་རྣམས་རོལ་མོ་བཞག་ནས་གཉིད་དུ་སོང་བ་གཟིགས་སོ། །ཁ་ཅིག་མཆིལ་མ་ལུག་པ་དང ། ཁ་ཅིག་ནི་ལུས་ལ་མཆིལ་མས་གོས་པའི་དྲི་མ་ཅན་དུ་གྱུར་པ་དང ། ཁ་ཅིག་ནི་སོ་འཆའ་བ་དང ། ཁ་ཅིག་ནི་ངར་ངར་འབྱིན་པ་དང ། ཁ་ཅིག་ནི་རྙ་མ་རྨི་འཆང་པ་དང ། ཁ་ཅིག་ནི་ཁ་གདངས་པ་དང ། ཁ་ཅིག་ནི་གོས་ཞུས་པ་དང་།[་]འགའ་ཞིག་གི་ནི་མཚན་མ་སྣང་ངོ ། །བྱང་ཆུབ་སེམས་དཔས་དེ་རྣམས་ཀྱི་རྣམ་འགྱུར་གཟིགས་ནས་ཐུགས་གཟིགས་པས་འདོད་པ་ལ་མི་དགའ་བར་གྱུར་ཏོ། །དེའི་རྒྱན་དུ་བྱས་པ་ནི་ཉེ་བར་ལྡན་པ་བརྒྱ་བྱིན་གྱི་ཕོ་བྲང་དང་མཚུངས་པའི་ཁང་བཟང་ཆེན་པོ་ཡངས་ཤིང་རྣམ་པ་སྣ་ཚོགས་པའི་དྲི་ང་བས་གང་བའི་རོ་དང་ལྡན་པའི་དུར་ཁྲོད་དང་མཚུངས་པར་བསམས་སོ། །སྲིད་པ་གསུམ་པོ་མེ་འབར་བའི་ཁྱིམ་དང་མཚུངས་པར་བསམས་སོ། །བདག་ལ་གནོད་པར་བྱེད་པ་དང ། འཚེ་བར་བྱེད་པའོ་ཞེས་ཆེད་དུ་བརྗོད་པ་འཆད་ཅིང་ཤིན་དུ་རབ་ཏུ་འབྱུང་བར་འདོད་པར་གྱུར་ཏོ། །དེ་བདག་གི་དེ་རིང་ནས་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་བསམས་ཏེ་མལ་ནས་བཞེངས་ནས་སྒོ་དང་ཉེ་བར་གཤེགས་ཏེ་འདི་ན་སུ་ཡོད་ཅེས་དྲིས་སོ། །བློན་པོ་མདུན་པ་ཐེམ་པ་ལ་སྔས་བྱས་ནས་ཉལ་ལོ། །འཕགས་པ་བུ་བདག་བློན་པོ་མདུན་པ་ཡིན་ནོ་ཞེས
39.222b
སྨྲས་སོ། །ད་ནི་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་འདོད་དོ། །བདག་གི་རྟ་གཅིག་ལ་སྒ་གྱིས་ཤིག་།དེས་ལྷ་ལེགས་སོ་ཞེས་བརྗོད་ནས་རྟའི་སྒ་ཁྱེར་ཏེ་རྟ་རར་སོང་ནས་དྲི་བཟང་པོ་དང་ལྡན་པའི་འབྲུ་མར་གྱི་མར་མེ་སྤར་བ་སུ་མ་ནའི་མེ་ཏོག་ཅན་གྱི་དར་གྱི་བླ་རེས་ཀྱི་འོག་ན་ཤིན་དུ་དགའ་བའི་ས་ཕྱོགས་ལ་སྡོད་པའི་རྟའི་རྒྱལ་པོ་བསྔགས་ལྡན་མཐོང་ངོ ། །ད་ནི་བདག་གིས་འདི་ཉིད་ཀྱི་སྒ་བྱ་བར་རིག་ནས་བསྔགས་ལྡན་ལ་སྒ་སྒྲོན་ནོ། །དེས་སྒ་སྒྲོན་པར་ཤེས་ནས་འདི་སྒ་སྒྲོན་པ་ན་གློ་བསྡམས་སོ། །ཉི་མ་གཞན་ལ་བསྐྱེད་མོས་ཚལ་དུ་རྩེད་མོ་ལ་འགྲོ་བའི་དུས་སུ་སྒ་འདི་ལྟར་མ་བྱས་སོ། །བདག་གི་སྲས་འཕགས་པ། ད་ནི་ངེས་པར་འབྱུང་བ་ཆེན་པོས་འཐོན་པར་འདོད་པར་གྱུར་ཏོ་སྙམ་ནས་སེམས་དགའ་བས་རྟ་སྐད་ཚེར་ཚེར་འདོན་པ་དེའི་སྒྲ་གྲོང་ཁྱེར་ཐམས་ཅད་དུ་གྲག་པར་བྱེད་པ་སླར་ཡང་ལྷ་རྣམས་ཀྱིས་དེའི་སྒྲ་བཀག་ནས་སུས་ཀྱང་མི་ཐོས་པར་བྱས་སོ། །བྱང་ཆུབ་སེམས་དཔས་ཀྱང་བློན་པོ་མདུན་པ་རྟའི་གནས་སུ་བཏང་ནས་རེ་ཞིག་བུ་ལ་བལྟ་བར་བསམས་སོ། །གྲགས་འཛིན་མའི་གནས་སུ་གཤེགས་ཏེ་སྒོ་ཕྱེ་ནས་དེ་མ་ཐག་པར་ཉལ་སའི་ནང་དུ་དྲི་བཟང་པོ་དང་ལྡན་པའི་འབྲུ་མར་གྱི་མར་མེ་སྤར་གྲགས་འཛིན་མ་སུ་མ་ནའི་མེ་ཏོག་དང ། མལ་ལི་ཀའི་མེ་ཏོག་ལ་སྩོགས་པའི་མེ་ཏོག་མལ་གྱི་སྟེང་དུ་ཁལ་གཅིག་ཙམ་བཀྲམ་པའི་སྟེང་དུ་བུའི་མགོའི་སྟེང་དུ་ལག་པ་བཞག་ནས་གཉིད་དུ་སོང་བ་ལ་བྱང་ཆུབ་སེམས་དཔས་སྒོའི་ཐེམ་པའི་སྟེང་དུ་ཞབས་ཡ་གཅིག་བཞག་སྟེ་འཁོད་པས་གཟིགས་སོ། །གལ་ཏེ་བདག་གིས་ལྷ་མོའི་ལག་པ་ནས་འཐེན་ནས་རང་གི་བུ་བསླང་བར་བསམས་ཏེ།[་]ལྷ་མོ་གཉིད་སད་ན་བདག་ཉིད་འགྲོ་བའི་བར་གཅོད་དུ་འགྱུར་ཞིང་སངས་རྒྱས་སུ་གྱུར་ནས་བུ་བལྟའོ་སྙམ་དུ་སེམས་ཏེ་ཁང་བཟངས་ནས་བབས་སོ། །སླར་ཡང་སློབ་དཔོན་ཁ་ཅིག་འདི་ལྟར་སྨྲ་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་གཤེགས་པའི་སྔོན་རོལ་གྱི་ཉི་མ་བདུན་གྱི་གོང་དུ་སྐྱེས་སོ་ཞེས་ཟེར་རོ། །དེ་འདྲ་གཞན་དུ་མ་བཤད་པས་དེའི་
39.223a
ཕྱིར་འདི་ཁོ་ན་གཟུང་བར་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཁང་བཟངས་ནས་བབས་ནས་རྟའི་ར་བ་ཉིད་དུ་གཤེགས་ཏེ་འདི་ལྟར་གསུངས་སོ། །བུ་བསྔགས་ལྡན་ཁྱོད་ཀྱིས་ད་ནི་ནུབ་གཅིག་བསྒྲལ་བར་གྱིས་ཤིག་།བདག་ཁྱོད་ཀྱི་དྲིན་གྱིས་སངས་རྒྱས་སུ་གྱུར་ནས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་བསྒྲལ་བར་བྱའོ། །དེ་ནས་བསྔགས་ལྡན་གྱི་རྒྱབ་དུ་ཆིབས་སོ། །བསྔགས་ལྡན་གྱི་སྐེ་ནས་བཟུང་ནས་མཆུ་རུ་ཁྲུ་བཅཝ་བརྒྱད་པ། དེ་དང་འཐུན་པའི་མཐོ་ཚད་དང་ལྡན་ཞིང་མཐུ་དང་མགྱོགས་པ་དང་ལྡན་ལ་དུང་ཕྱིས་པའི་ཁ་དོག་ལྟར་ཐམས་ཅད་དཀར་བ་དང་མཚུངས་པའོ། །གལ་ཏེ་ཚེར་ཚེར་སྒྲོགས་པའམ་རྨིག་པའི་སྒྲ་སྒྲོགས་པའི་སྒྲས་གྲོང་ཁྱེར་ཐམས་ཅད་གྲག་པར་འགྱུར་བའོ། །དེའི་ཕྱིར་ལྷ་རང་གི་མཐུས་དེ་སུས་ཀྱང་མི་ཐོས་པར་དེ་འདི་ལྟར་སྒྲ་སྒྲོགས་པ་བཀག་གོ། །ཁྲབ་ཁྲབ་འགྲོ་བའི་རྐང་ལག་གི་རྨིག་པ་རེ་རེ་ལྷའི་ལག་པའི་མཐིལ་དུ་ཉེ་བར་བཞག་གོ། །བྱང་ཆུབ་སེམས་དཔས་རྟའི་རྒྱབ་ཀྱི་དབུས་སུ་བཞུགས་སོ།[་]།བློན་པོ་མདུན་པ་རྟའི་མཇུག་མ་ནས་ཟུང་ཅིག་ཅེས་མཚན་ཕྱེད་ཀྱི་དུས་སུ་སྒོ་ཆེན་པོ་དང་ཉེ་བར་ཕྱིན་ཏོ། །དེའི་ཚེ་སླར་ཡང་འདི་ལྟར་རྒྱལ་པོ་ཆེན་པོས་འདི་ལྟར་བྱང་ཆུབ་སེམས་དཔའ་གང་གི་དུས་སུ་ཡང་གྲོང་ཁྱེར་ཆེན་པོའི་སྒོ་ཕྱེ་ནས་ཕྱི་རོལ་དུ་འགྲོ་བར་མི་ནུས་པར་ཕྱེད་སྒོ་མའི་སྒོ་གླེག་རེ་རེ་ལ་མི་སྟོང་ཕྲག་རེ་རེས་དབྱེ་དགོས་པར་བཀོས་སོ། །བྱང་ཆུབ་སེམས་དཔའ་སྟོབས་དང་ལྡན་པས་གླང་པོ་ཆེའི་གྲངས་བྱེ་བ་སྟོང་ཕྲག་བཅུའི་གླང་པོ་ཆེའི་སྟོབས་འཛིན་ནོ། །མིའི་གྲངས་ཀྱིས་མི་བྱེ་བ་འབུམ་ཕྲག་གཅིག་གི་མིའི་སྟོབས་འཛིན་ནོ། །བྱང་ཆུབ་སེམས་དཔས་བསམས་པ། གལ་ཏེ་སྒོ་མ་ཕྱེད་ན་ད་ནི་བསྔགས་ལྡན་གྱི་རྒྱབ་དུ་བཞུགས་པ་ཉིད་ནི་བློན་པོ་མདུན་པས་རྔ་མ་ནས་བཟུང་བ་དང་ལྷན་ཅིག་ཉིད་དུ་བསྔགས་ལྡན་བརླ་བཙིར་ནས་ཁྲུ་བཅཝ་བརྒྱད་པའི་ལྕགས་རིའི་མཐོ་ཚད་ལ་མཆོངས་ཏེ་འདའ་བར་བསམས་སོ། །བློན་པོ་མདུན་པས་བསམས་པ། གལ་ཏེ་སྒོ་མ་ཕྱེད་ན་བདག་གིས་འཕགས་པ་སྲས་དཔུང་པ་ལ་ཁྱེར་ནས་ལག་པ་གཡས
39.223b
པས་བསྔགས་ལྡན་གྱི་གསུས་པ་མཆན་ཁུང་དུ་བཅུག་ནས་ལྕགས་རི་ལ་མཆོངས་ཏེ་འདའ་བར་བསམས་སོ། །བསྔགས་ལྡན་གྱིས་བསམས་པ། གལ་ཏེ་སྒོ་མ་ཕྱེད་ན་བདག་གིས་རང་གི་བདག་པོ་ཇི་ལྟར་རྒྱབ་ཏུ་བཞུགས་པ་དེ་བཞིན་ཉིད་དུ་བློན་པོ་མདུན་པས་རྔ་མ་ནས་བཟུང་ནས་ལྷན་ཅིག་ཏུ་གནས་པ་ཉིད་དུ་ཁུར་ནས་ལྕགས་རི་ལ་མཆོངས་ཏེ་འདའ་བར་བསམས་སོ། །གལ་ཏེ་སྒོ་མ་ཕྱེད་པར་གྱུར་ན་ཇི་ལྟར་བསམས་པ་དེ་བཞིན་དུ་གསུམ་པོའི་ནང་ནས་གང་ཡང་རུང་བ་གཅིག་ངེས་པར་འགྱུར་རོ། །སླར་ཡང་སྒོ་སྲུང་བའི་ལྷ་རྣམས་ཀྱིས་སྒོ་ཕྱེའོ། །དེ་མ་ཐག་ཉིད་དུ་བདུད་ཀྱིས་བྱང་ཆུབ་སེམས་དཔའ་བཟློག་པར་བསམས་ནས་འོངས་ཏེ་ནམ་མཁའ་ལ་འདུག་ནས་སྨྲས་པ། དྲང་སྲོང་ཆེན་པོ་ངེས་པར་འབྱུང་བས་མ་འགྲོ་ཅིག་།འདི་ནས་ཉི་མ་བདུན་པ་ལ་ཁྱོད་ཀྱིས་རིན་པོ་ཆེའི་འཁོར་ལོ་ཐོབ་པར་འགྱུར་རོ། །གླིང་ཕྲན་སྟོང་ཕྲག་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གླིང་ཆེན་པོ་བཞིའི་རྒྱལ་སྲིད་བྱེད་པར་འགྱུར་རོ། །དྲང་སྲོང་ཆེན་པོ་བཟློག་ཅིག་ཅེས་སྨྲས་སོ། །ཁྱོད་སུ་ཞིག་ཡིན་ཞེས་དྲིས་སོ། །བདག་ནི་འཇིག་རྟེན་གྱི་དབང་པོ་ཡིན་ཞེས་སྨྲས་སོ། །བདུད་རིན་པོ་ཆེའི་འཁོར་ལོ་བདག་ལ་ཡོང་བར་བདག་གིས་ཤེས་ཏེ་བདག་ལ་རྒྱལ་པོའི་དགོས་པ་མེད་དོ། །སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་སུ་སྒྲ་སྒྲོགས་ཤིང་སངས་རྒྱ་བར་འགྱུར་རོ་ཞེས་བརྗོད་དོ། །བདུད་ཀྱིས་སྨྲས་པ། འདི་ནས་བཟུང་ནས་འདོད་པའི་རྣམ་པར་རྟོག་པ་འམ། གནོད་སེམས་ཀྱི་རྣམ་པར་རྟོག་པ་འམ། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སེམས་ལ་བསམས་པའི་དུས་སུ་བུ་བདག་གིས་ཤེས་སོ་ཞེས་སྨྲས་སོ། །གྲོགས་དང་མ་བྲལ་བར་གྲིབ་མ་བཞིན་དུ་རྗེས་སུ་འབྲེལ་བར་འགྲོའོ། །བྱང་ཆུབ་སེམས་དཔའ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལག་ཏུ་ཐོགས་ཀྱང་མཆིལ་མའི་ཐལ་བ་བཞིན་དུ་ལྟོས་པ་མེད་པར་དོར་ནས་བཀུར་སྟི་ཆེན་པོས་གྲོང་ཁྱེར་ནས་ཕྱིར་འཐོན་ནོ། །དབྱར་ཟླ་འབྲིང་པོའི་ཉ་ལ་མཆོག་གི་སྐར་མ་བྲེའི་དུས་སུ་ཕྱིར་འཐོན་ནས་སླར་ཡང་གྲོང་ཁྱེར་ལ་བཟློག་ནས་བལྟ་བར་བརྗོད་པར་བསམས་སོ། །
39.224a
འདི་ལྟར་བྱང་ཆུབ་སེམས་དཔའི་ཐུགས་ལ་འཁྲུངས་ཙམ་ཉིད་ནའོ། །སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་ལོག་ནས་བལྟ་བའི་ལས་ཀྱི་བསོད་ནམས་ཁྱོད་ཀྱིས་བྱས་པ་མེད་དམ་ཞེས་བརྗོད་པ་བཞིན་དུ་ས་གཞི་ཆེན་པོ་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཕུག་ནས་བཟློག་གོ། །བྱང་ཆུབ་སེམས་དཔའ་གྲོང་ཁྱེར་ལ་སྔོན་དུ་ཕྱོགས་ཤིང་འཁོད་ནས་གྲོང་ཁྱེར་ལ་གཟིགས་ཏེ་དེའི་ས་ཕྱོགས་ཞིག་དུ་བསྔགས་ལྡན་ལྡོག་པའི་མཆོད་རྟེན་གྱི་གནས་གཅིག་བསྟན་ནོ། །བསྔགས་ལྡན་འགྲོ་བའི་ལམ་ལ་མངོན་དུ་ཕྱོགས་པར་བྱས་ནས་བྱོན་ནོ། །བཀུར་སྟི་ཆེན་པོ་དང་དཔལ་དང་སྐལ་བ་བཟང་པོ་དང་ལྡན་ནོ།[་]།དེའི་ཚེ་ལྷ་རྣམས་ཀྱིས་དེའི་མདུན་དུ་སྟོང་ཕྲག་དྲུག་བཅུའི་མར་མེ་ཆེན་པོ་སྤར་རོ། །རྒྱབ་ཀྱི་ཕྱོགས་སུ་ཡང་མར་མེ་ཆེན་པོ་སྟོང་ཕྲག་དྲུག་བཅུ་སྤར་རོ། །གཡས་ཀྱི་ཕྱོགས་སུ་ཡང་མར་མེ་ཆེན་པོ་སྟོང་ཕྲག་དྲུག་བཅུ་སྤར་རོ། །གཡོན་གྱི་ཕྱོགས་སུ་ཡང་མར་མེ་ཆེན་པོ་སྟོང་ཕྲག་དྲུག་བཅུ་སྤར་རོ། །ལྷ་གཞན་རྣམས་ཀྱིས་ཀྱང་ཁོར་ཡུག་གི་རིའི་སྟེང་དུ་གྲངས་མེད་པའི་མར་མེ་སྟོང་ཕྲག་མང་པོ་སྤར་རོ། །ལྷ་གཞན་རྣམས་དང་ཀླུ་དང་འདབ་བཟངས་ལ་སྩོགས་པས་ལྷའི་སྤོས་དང་མེ་ཏོག་གི་ཕྲེང་བ་དང་ཕྱེ་མ་དང་བདུག་པ་ལ་སོགས་པས་མཆོད་ཅིང་འགྲོའོ། །པཱ་རིཙྪ་ཏྲའི་མེ་ཏོག་ཉིད་དང་མན་དཱ་རའི་མེ་ཏོག་སྤྲིན་ལྟར་འཐུག་པ་རྒྱུན་དུ་འབབ་པ་བཞིན་དུ་ནམ་མཁའ་ལས་རྒྱུན་མི་འཆད་པར་མེ་ཏོག་གི་ཆར་བབས་པར་གྱུར་ཏོ། །ལྷའི་གླུ་དབྱངས་སྒྲོགས་པར་གྱུར་ཏོ། །ཀུན་ནས་བསྐོར་བར་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ཀྱི་རོལ་མོའི་སྒྲ་སྒྲོགས་སོ། །རྒྱ་མཚོའི་དབུས་སུ་འབྲུག་གི་སྒྲ་སྒྲོགས་པ་བཞིན་ནོ། །རི་བོ་གཉའ་ཤིང་འཛིན་གྱི་འགྲམ་དུ་རྒྱ་མཚོའི་སྒྲ་སྒྲོགས་པའི་དུས་བཞིན་དུ་འཇུག་གོ། །འདི་ནི་དཔལ་དང་སྐལ་བ་བཟང་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གཤེགས་པའི་མཚན་གཅིག་ལ་རྒྱལ་སྲིད་གསུམ་སྤངས་ནས་དཔག་ཚད་སུམ་བཅུའི་མཐར་ཡིད་ལྡན་ཞེས་བྱ་བའི་ཆུ་ཀླུང་གི་འགྲམ་དུ་བཞུད་དོ། །ཅིའི་ཕྱིར་ཡང་རྟ་འདིའི་ཕ་རོལ་དུ་ཡང་འགྲོ་བར་མི་ནུས་སམ། མི་ནུས་པ་ནི་མ་ཡིན་ཏེ། དེ་ནི་ཁོར་ཡུག་གཅིག་གི་ནང་དུ་སྔ་དྲོ
39.224b
གཅིག་ལ་སོང་ནས་བསྐོར་ཏེ་དེ་མ་ཐག་ཏུ་སྔ་དྲོ་ཉིད་དུ་འོངས་ཞིང་རང་གི་མདུན་དུ་ཁ་ཟས་བྱིན་པ་ཟ་བར་ནུས་སོ། །དེའི་ཚེ་སླར་ཡང་ལྷ་དང་ཀླུ་དང་འདབ་བཟངས་ལ་སོགས་པ་ནམ་མཁའ་ལ་འཁོད་ནས་སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་བབས་ཏེ། ཇི་སྲིད་རྟའི་བརླའི་བར་དུ་ལུས་ནུབ་པས་འཐོན་པར་མི་ནུས་པ་སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ནི་རལ་པ་ལྟར་གདོན་པར་མི་ནུས་པར་ཤིན་དུ་ཐོགས་པར་གྱུར་ཏོ། །དེའི་ཕྱིར་དཔག་ཚད་སུམ་བཅུ་རྩ་གཉིས་སུ་སོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ཀླུང་གི་འགྲམ་དུ་འཁོད་ནས་བློན་པོ་མདུན་པ་ལ་དྲིས་པ། ཆུ་ཀླུང་འདིའི་མིང་ཅི། ལྷ་ཡིད་ལྡན་ཞེས་བགྱི་བ་ལགས་སོ། །བདག་ཀྱང་རབ་ཏུ་འབྱུང་བ་ལ་ཡིད་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ། །ཞབས་ཀྱིས་བརྒྱབ་སྟེ་རྟ་བསྐུལ་བ་བྱས་ཏེ། རྟ་ཡིས་མཆོངས་ནས་གླང་བརྒྱད་ཀྱི་སྐད་ཙམ་གྱི་ཆུ་ཀླུང་གི་ཞེང་འགྲམ་གྱི་ཕ་རོལ་དུ་འཁོད་དོ། །བྱང་ཆུབ་སེམས་དཔའ་རྟའི་རྒྱབ་ནས་བབས་ཏེ་དངུལ་དང་མཚུངས་པའི་བྱེ་མའི་ཕུང་པོའི་སྟེང་དུ་འཁོད་དོ། །མདུན་པ་བོས་ནས་ཁྱོད་ཀྱིས་བདག་གི་རྒྱན་རྣམས་དང་བསྔགས་ལྡན་ཁྲིད་ལ་སོང་ཅིག་།བདག་རབ་ཏུ་འབྱུང་བར་འགྱུར་རོ། །ལྷ་བདག་ཀྱང་རབ་ཏུ་འབྱུང་དུ་གསོལ། བྱང་ཆུབ་སེམས་དཔས་ཁྱོད་ཀྱིས་རབ་ཏུ་འབྱུང་བ་མི་འཐོབ་པས་སོང་ཅིག་།ལན་གསུམ་དུ་ཞུས་ཀྱང་མ་གནང་ངོ ། །རྒྱན་དང་བསྔགས་ལྡན་ལག་པས་གཏད་དེ་བསམས་པ། བདག་གི་སྐྲ་འདི་དགེ་སྦྱོང་དང་མི་མཐུན་ནོ་སྙམ་ནས་བྱང་ཆུབ་སེམས་དཔའ་གཞན་གྱིས་ཀྱང་སྐྲ་བྲེག་པར་རུང་བ་གཞན་མེད་དོ། །དེ་ནས་བདག་ཉིད་ཀྱི་རལ་གྲིས་བྲེག་པར་བསམས་སོ། །ཕྱག་གཡས་པས་རལ་གྲི་བཟུང་ནས་ཕྱག་གཡོན་པས་ཅོད་པན་དང་བཅས་པའི་ནོར་བུ་བཟུང་སྟེ་བཅད་དོ། །དབུ་སྐྲ་ནི་སོར་གཉིས་པར་གྱུར་ཅིང་གཡས་ཕྱོགས་ནས་འཁྱིལ་བས་དབུ་ལ་གནས་སོ། །དེ་རྣམས་ཇི་སྲིད་འཚོའི་བར་དེ་ཉིད་ཀྱི་ཚད་དུ་གྱུར་ཏོ། །ཁས་སྤུ་ཡང་མེད་པར་གྱུར་ཏོ། །སླར་དབུ་སྐྲ་དང་ཁས་སྤུ་བཞར་མི་དགོས་པར་གྱུར་རོ། །བྱང་ཆུབ་སེམས་དཔས་ཅོད་པན་དང་བཅས་པའི་ནོར་བུ་བཟུང་ནས་གལ་ཏེ་བདག་སངས་རྒྱ་བར་འགྱུར་ན་ནམ་མཁའ་ལ་འཁོད་ཅིག[་]།མ་ཡིན་ན་ས་ལ་ལྷུང་བར་གྱུར་ཅིག་ཅེས་ནམ་མཁའ་ལ་དོར་རོ། །དེ་ནི་གཙུག་གི་ནོར་བུ་བཅིངས་པ་དཔག
39.225a
ཚད་གཅིག་གི་ཚད་ཙམ་དུ་སོང་ནས་ནམ་མཁའ་ལ་འཁོད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ལྷའི་མིག་གིས་བལྟས་པས་དཔག་ཚད་གཅིག་གི་ཚད་ཙམ་གྱི་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་ནས་སུམ་བཅུ་རྩ་གསུམ་གྱི་ཕོ་བྲང་དུ་གཙུག་གི་ནོར་བུ་བཞུགས་པའི་མཆོད་རྟེན་བཞེངས་སོ། །མཆོག་གི་དྲི་ཡིས་བསྒོས་པའི་གཙུག་ཕུད་བཅད། །གང་ཟག་མཆོག་གིས་ནམ་མཁའ་ལ་ནི་དོར། །མིག་སྟོང་པ་ཡིས་དབུ་སྐྲ་མགོ་སྟེང་བཟུང ། །གསེར་གྱི་ཟ་མ་ཏོག་ཏུ་ལྷ་གནས་ཁྱེར། །སླར་ཡང་བྱང་ཆུབ་སེམས་དཔས་བསམས་པ། ཡུལ་ཀ་ཤི་ཀའི་རས་འདི་དགེ་སྦྱོང་བདག་གི་ཚུལ་དང་འཐུན་པ་མ་ཡིན་ནོ་ཞེས་བསམས་སོ། །དེ་ནས་སངས་རྒྱས་འོད་བསྲུང་གི་དུས་སུ་སྔོན་གྱི་གྲོགས་པོ་རྫ་མཁན་ཚངས་པ་ཆེན་པོར་གྱུར་ཏོ། །སངས་རྒྱས་གཅིག་གི་བར་དུ་གྲོགས་པོ་དང་མ་ཕྲད་དོ་ཞེས་བསམས་ཏེ་དེ་ནི་བདག་གི་གྲོགས་པོ་ངེས་པར་འབྱུང་བ་ཆེན་པོས་འཐོན་ནོ། །དགེ་སྦྱོང་གི་ཡོ་བྱད་འདིའི་བཟུང་ནས་འགྲོའོ་ཞེས་བསམས་སོ། །ཆོས་གོས་གསུམ་དང་ལྷུང་བཟེད་དང ། །སྤུ་གྲི་ཁབ་དང་ཀ་རགས་དང ། །ཆུ་ཚགས་དང་བཅས་བརྒྱད་ཡིན་ནོ། །དགེ་སྦྱོང་རྣམས་ལ་རིགས་ཤིང་མཁོ། །དགེ་སྦྱོང་གི་མཁོ་བའི་ཡོ་བྱད་བརྒྱད་པོ་འདི་བསླངས་ནས་ཕུལ་ལོ། །བྱང་ཆུབ་སེམས་དཔས་མཆོད་པར་འོས་པའི་རྒྱལ་མཚན་གྱོན་ནས་རབ་ཏུ་འབྱུང་བ་མཆོག་གི་ཆ་བྱད་བསླངས་ཏེ་མདུན་པ་ལ་བདག་གི་ཚིག་གིས་མ་དང་ཡབ་ལ་བདག་ལ་ནད་མེད་པར་གྱུར་རོ་ཞེས་སྨྲོས་ཅིག་ཞེས་པས་བཏང་ངོ ། །མདུན་པས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱས་བསྐོར་བ་བྱས་ནས་སོང་ངོ ། །སླར་ཡང་བསྔགས་ལྡན་གྱིས་མདུན་པ་དང་བྱང་ཆུབ་སེམས་དཔའ་གསུང་གླེང་བྱེད་ཅིང་འདུག་པ་ཐོས་ན། བདག་ནི་ཇོ་བོ་དང་ཕྲད་པར་མི་འགྱུར་ཞེས་བསམས་སོ། །མིག་ལམ་དུ་སྤངས་ནས་མྱ་ངན་ལ་ཤིན་དུ་གནས་པ་བསྲན་པར་མ་ནུས་ཏེ་སྙིང་གས་ནས་དུས་ལས་འདས་ཏེ་སུམ་བཅུ་རྩ་གསུམ་གྱི་གནས་སུ་བསྔགས་ལྡན་ཞེས་བྱ་བའི་ལྷའི་བུར་སྐྱེས་སོ། །མདུན་པ་ལ་དང་པོའི་མྱ་ངན་དུ་གྱུར་པ་གཅིག་གོ། །སླར་ཡང་བསྔགས་ལྡན་དུས་ལས་འདས་པའི་རྒྱུ་མཚན་གྱིས་མྱ་ངན་གཉིས་པས་གཟིར་ཏེ། ངུ་ཞིང་སྨྲེ་སྔགས་འདོན
39.225b
ཞིང་གྲོང་ཁྱེར་དུ་སོང་ངོ ། །བྱང་ཆུབ་སེམས་དཔའ་དེའི་ཕྱོགས་ཉིད་དུ་རྗེས་སུ་དགའ་བ་ཞེས་བྱ་བའི་ཨ་སྨྲའི་ཚལ་ཡོད་དོ། །དེར་ཉི་མ་བདུན་ནས་རབ་ཏུ་འབྱུང་བའི་བདེ་བས་གནས་ཤིང་ཉིན་མཚན་འདའོ། །ཉི་མ་གཅིག་ཉིད་ལ་དཔག་ཚད་སུམ་བཅུའི་ལམ་དུ་ཞབས་ཀྱིས་གཤེགས་ནས་རྒྱལ་པོའི་ཁབ་དུ་བྱོན་ནོ། །བྱོན་ནས་སྒོ་མཐར་ཆགས་སུ་བསོད་སྙོམས་ལ་གཤེགས་ཏེ་གྲོང་ཁྱེར་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་མཐོང་ནས་གླང་པོ་ཆེ་ནོར་སྐྱོང་ཞུགས་པའི་རྒྱལ་པོའི་ཁབ་བཞིན་དང་ལྷ་མ་ཡིན་གྱི་དབང་པོ་ཞུགས་པའི་ལྷའི་གྲོང་ཁྱེར་བཞིན་དུ་ཀུན་དུ་འཁྲུགས་པར་གྱུར་ཏེ། རྒྱལ་པོའི་མི་འོངས་ཤིང ། ལྷ་འདི་ལྟ་བུའི་གཟུགས་ཀྱི་སེམས་ཅན་གཅིག་གྲོང་ཁྱེར་ན་བསོད་སྙོམས་བྱེད་དེ། ལྷའམ་མིའམ་འདབ་བཟང་སྟེ་འདི་གང་ཡིན་བདག་ཅག་གིས་མ་ཤེས་སོ་ཞེས་སྨྲས་སོ། །རྒྱལ་པོ་ཁང་བཟངས་ཀྱི་སྟེང་དུ་འཁོད་ནས་སྐྱེས་བུ་ཆེན་པོ་མཐོང་སྟེ་ཡ་མཚན་དང་རྨད་དུ་བྱུང་བ་སྐྱེས་སོ། །མི་གཅིག་བོས་ནས་སོང་ལ་རྟོགས་ཤིག་།གལ་ཏེ་མི་མ་ཡིན་པར་གྱུར་ན་གྲོང་ཁྱེར་ནས་ཕྱི་རོལ་དུ་སོང་སྟེ་མི་སྣང་བར་འགྱུར་རོ། །གལ་ཏེ་ལྷ་ཡིན་པར་གྱུར་ན་ནམ་མཁའ་ལ་འགྲོའོ། །གལ་ཏེ་ཀླུ་ཡིན་ན་སའི་འོག་དུ་འགྲོ་བར་འགྱུར་རོ། །གལ་ཏེ་མི་ཡིན་ན་ཇི་ལྟར་ཐོབ་པའི་ཁ་ཟས་ཟའོ་ཞེས་བསྒོའོ། །སྐྱེས་བུ་ཆེན་པོས་ཀྱང་ཁ་ཟས་འདྲེས་པ་རྣམས་བསྡུས་ནས་བདག་ལ་འདི་ཙམ་གྱིས་ཆོག་པར་རྟོགས་ཏེ། ཞུགས་པའི་སྒོ་ཉིད་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཐོན་ཏེ། རི་སྐྱ་བོ་ཡི་གྲིབ་མ་ལ་ཤར་དུ་སྔུན་དུ་ཕྱོགས་པས་བཞུགས་ནས་ཁ་ཟས་ལ་ལོངས་སྤྱོད་པར་བརྩམས་སོ། །དེ་ནས་གང་གི་སྒྱུ་མ་ཕྱིན་ཅི་ལོག་སྟེ་ཁ་ནས་འཐོན་པའི་རྣམ་པར་བསམས་པར་གྱུར་ཏོ། །དེ་ནས་དེའི་བདག་ཉིད་ཀྱི་ལུས་ཀྱིས་འདི་ལྟ་བུའི་ཚུལ་གྱི་ཁ་ཟས་མིག་གིས་མཐོང་བ་ཡང་དཀོན་ནོ། །དེའི་ཕྱིར་རིགས་སོ་སོའི་ཁ་ཟས་ལ་མི་དགའ་བར་བསམས་ནས་འདི་ལྟར་རང་ལ་རང་གིས་གདམས་སོ། །དོན་གྲུབ་ཁྱོད་རྙེད་སླ་བའི་བཟའ་བ་དང་བཏུང་བའི་རིགས་ལོ་གསུམ་པའི་འབྲས་དྲི་ཞིམ་པོའི་བཟའ་བ་སྣ་ཚོགས་པའི་རོ་དང་བཅས་པའི་བཟའ་བའི་གནས་སུ་སྐྱེས་པར་གྱུར་ནས་ཕྱག
39.226a
དར་ཁྲོད་པ་གཅིག་མཐོང་སྟེ། ནམ་དུའང་བདག་ནི་འདི་ལྟ་བུའི་ཚུལ་དུ་གྱུར་ནས་བསོད་སྙོམས་ལ་འགྲོ་ཞིང་ཁ་ཟས་ལོངས་སྤྱོད་དོ། །དེའི་དུས་སུ་བདག་ལ་དེ་ལྟར་འགྱུར་རོ་ཞེས་བསམས་ནས་འཐོན་ནོ། །ད་ནི་འདི་ཅི་བྱེད་པ་ཡིན་ཞེས་འདི་ལྟར་རང་ལ་རང་གིས་གདམས་ནས་རྟོག་པ་མེད་པར་ཁ་ཟས་ལ་ལོངས་སྤྱོད་དོ། །རྒྱལ་པོའི་མིས་འདིའི་འཇུག་པར་མཐོང་ནས་སོང་སྟེ་རྒྱལ་པོ་ལ་སྨྲས་སོ། །རྒྱལ་པོས་ཕོ་ཉ་བའི་གཏམ་ཐོས་ནས་མྱུར་བར་གྲོང་ཁྱེར་གྱི་ཕྱི་རོལ་དུ་འཐོན་ནས་བྱང་ཆུབ་སེམས་དཔའ་དང་ཉེ་བར་སོང་སྟེ་སྤྱོད་ལམ་ལ་དད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལ་དབང་ཕྱུག་ཐམས་ཅད་རྫོགས་པར་ཕུལ་ལོ། །བྱང་ཆུབ་སེམས་དཔས་རྒྱལ་པོ་ཆེན་པོ་བདག་ལ་དངོས་པོའི་འདོད་པ་འམ་ཉོན་མོངས་པའི་འདོད་པའི་དོན་མེད་དོ། །བདག་ནི་མཆོག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་དོན་དུ་གཉེར་བས་འོངས་སོ། །རྒྱལ་པོས་རྣམ་པ་སྣ་ཚོགས་པའི་སྦྱིན་པ་བྱིན་ཡང་དེའི་ཐུགས་ལ་མི་འཕྲོད་དོ། །ངེས་པར་ཁྱོད་སངས་རྒྱ་བར་འགྱུར་རོ། །སངས་རྒྱས་སུ་གྱུར་ནས་སླར་ཡང་དང་པོར་བདག་གི་གྲོང་ཁྱེར་དུ་བྱོན་པར་ཞུ་ཞེས་དམ་བཅའ་བཟུང་ངོ ། །འདི་ནི་འདིར་མདོར་བསྡུས་པ་སྟེ། རྒྱས་པར་ནི་སླར་ཡང་འདི་རབ་ཏུ་འབྱུང་བའི་མདོ་དང་བཅས་པར་དོན་དང་གཏམ་འདི་ནི་བལྟ་ཞིང་རིག་པར་བྱའོ། །བྱང་ཆུབ་སེམས་དཔས་ཀྱང་རྒྱལ་པོ་ལ་དམ་བཅའ་བྱིན་ནས་གོ་རིམས་བཞིན་དུ་སྤྱོད་པ་ལ་གཤེགས་ཤིང་ཀུན་ནས་ཚོན་དང་ནག་པོ་ཅན་དང ། འཆར་བྱེད་གསེར་དང་།[་]དགའ་བྱེད་བུའི་གནས་སུ་ཉེ་བར་གཤེགས་ནས་སྙོམས་པར་འཇུག་པ་བསྐྱེད་དེ་སངས་རྒྱས་ཐོབ་པའི་ལམ་ནི་འདི་མ་ཡིན་ནོ། །དེ་ལ་སྙོམས་པར་འཇུག་པ་སྐྱེས་ཀྱང་དགྱེས་པར་མ་གྱུར་ནས་ལྷ་དང་བཅས་པའི་འཇིག་རྟེན་པའི་རང་གི་སྟོབས་དང་བརྩོན་འགྲུས་རྣམས་ལ་ལེགས་པར་བལྟ་བར་འདོད་པས་དཀའ་བ་ཆེན་པོ་སྤྱོད་པའི་བསམ་པས་སྟེང་རྒྱས་སུ་བྱོན་ཏེ་ས་ཕྱོགས་འདི་ནི་ཤིན་དུ་དགའ་བ་ཡིན་ནོ། །སྙམ་ནས་དེ་ཉིད་དུ་ཉེ་བར་གནས་པར་བྱས་ཏེ་དཀའ་བ་ཆེན
39.226b
པོ་སྤྱོད་དོ། །དེ་ཡང་ཀཽ་ཊི་ནྱ་ལ་སོགས་པ་རབ་ཏུ་བྱུང་བ་ལྔ་གྲོང་དང་གྲོང་རྡལ་དང་རྒྱལ་པོའི་ཕོ་བྲང་རྣམས་སུ་བསོད་སྙོམས་ལ་རྒྱུ་ཞིང་བྱང་ཆུབ་སེམས་དཔའི་གནས་དེར་འོངས་སོ། །དེ་ནས་ལོ་དྲུག་ཏུ་དཀའ་བ་ཆེན་པོ་སྤྱད་དོ། །ད་ནི་སངས་རྒྱས་སུ་འགྱུར་རོ་ད་ནི་སངས་རྒྱས་སུ་འགྱུར་རོ་ཞེས་ཞུས་པའི་གནས་ལ་བྱི་དོར་ལ་སོགས་པ་བྱེད་ཅིང་སྐུ་ལ་རིམ་གྲོ་བྱེད་པར་གྱུར་ཏེ་ཉེ་བར་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡང་ཕྱི་མའི་མཐར་ཐུག་པར་དཀའ་བ་སྤྱད་པར་བསམས་སོ། །ཏིལ་གཅིག་དང་འབྲས་ཀྱི་ཉག་མ་གཅིག་ལ་སོགས་པའི་ཉི་མ་འདའ་ཞིང་ཐམས་ཅད་དུ་ཡང་ཁ་ཟས་ཐམས་ཅད་སྤངས་སོ། །ལྷ་རྣམས་ཀྱིས་ཀྱང་བ་སྤུའི་བུ་ག་རེ་རེ་ནས་མདངས་སྟོན་ཏོ། །དེ་ནས་དེའི་ཁ་ཟས་མེད་པར་སྐུ་རིད་པར་གྱུར་ཏེ།[་]གསེར་གྱི་ཁ་དོག་ཅན་གྱི་སྐུ་ཡང་ནག་པོར་གྱུར་ཏོ། །སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱང་མི་སྣང་བར་གྱུར་ཏོ། །ཉི་མ་གཞན་ལ་ཡང་རླུང་དལ་བུས་བསམ་གཏན་བྱེད་ཅིང་སྐུ་ལ་ཟུག་གཟེར་ཆེན་པོ་སྐྱེས་ནས་འདུ་ཤེས་མེད་པར་གྱུར་ཏེ་འཆག་པའི་གནས་སུ་འགྱེལ་ལོ། །དེ་ནས་ལྷ་གཅིག་གིས་དགེ་སྦྱོང་གཽ་ཏ་མ་དུས་ལས་འདས་སོ་ཞེས་བརྗོད་དོ། །གཅིག་གིས་འགྱེལ་བ་ན་དགྲ་བཅོམ་པ་ཐོབ་པོ་ཞེས་བརྗོད་དོ། །དེར་གང་ཞིག་གིས་དུས་ལས་འདས་སོ་ཞེས་བརྗོད་ནས་དེ་སོང་སྟེ་རྒྱལ་པོ་ཆེན་པོ་ཟས་གཙང་ལ་སྨྲས་པ་ཁྱེད་ཀྱི་སྲས་དུས་ལས་འདས་སོ།[་]།བདག་གི་སྲས་སངས་རྒྱས་མ་ཐོབ་པར་དུས་ལས་འདས་སམ། ཐོབ་ནས་དུས་ལས་འདས་ཞེས་དྲིས་སོ། །སངས་རྒྱས་ཐོབ་པར་མ་ནུས་སོ། །དཀའ་བ་སྤྱོད་པའི་གནས་སུ་འགྱེལ་ནས་དུས་ལས་འདས་སོ། །འདི་ཐོས་ནས་རྒྱལ་པོ་ཡིད་མ་ཆེས་པར་གྱུར་ཏོ། །བདག་གི་སྲས་སངས་རྒྱས་མ་ཐོབ་པར་དུས་ལས་འདའ་བ་མེད་དོ་ཞེས་བཀག་གོ། །གང་གི་ཕྱིར་སླར་ཡང་རྒྱལ་པོ་ཡིད་མ་ཆེས་ནས་དཀའ་ཐུབ་པ་ནག་པོ་ལྷ་ལེན་གྱིས་ཕྱག་བྱེད་པའི་དུས་དང་འཛམ་བུའི་ཤིང་གི་དྲུང་ཉིད་དུ་ཆོ་འཕྲུལ་མཐོང་བའི་རྒྱུ་མཚན་ཉིད་ཀྱིས་སོ། །སླར་ཡང་བྱང
39.227a
ཆུབ་སེམས་དཔས་འདུ་ཤེས་ཐོབ་ནས་བཞེངས་སོ། །ལྷ་དེ་སོང་ནས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་པོ་དེ་ནད་མེད་པར་གྱུར་ཏོ་ཞེས་སྨྲས་སོ། །རྒྱལ་པོས་སྲས་པོ་མི་ན་བར་བདག་གིས་ཤེས་སོ་ཞེས་སྨྲས་སོ། །སེམས་དཔའ་ཆེན་པོ་ལོ་དྲུག་ཏུ་དཀའ་བ་བྱེད་ཅིང་འདི་ལྟ་བུའི་སེམས་སུ་གྱུར་ཏེ། འདི་ལྟ་བུའི་དཀའ་ཐུབ་སྤྱོད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་ནོ་ཞེས་བསམས་ནས་ཁ་ཟས་ཅུང་ཟད་ལ་ལོངས་སྤྱོད་པར་བྱེད་ཅིང་གྲོང་དང་གྲོང་རྡལ་རྣམས་སུ་བསོད་སྙོམས་ལ་རྒྱུ་བས་བསོད་སྙོམས་སྤྱོད་དོ། །དེ་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་གསལ་བར་གྱུར་ཏོ། །སྐུ་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ། །དགེ་སློང་ལྔ་སྡེ་ན་རེ་འདིས་ལོ་དྲུག་ཏུ་དཀའ་བ་སྤྱད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མ་གྱུར་ཏོ།[་]།ད་ནི་གྲོང་ལ་སོགས་པར་བསོད་སྙོམས་སྤྱོད་ཅིང་ཁ་ཟས་བསླངས་ནས་ཟ་སྟེ།[་]རོ་ལ་ཆགས་པར་གྱུར་ན་ཅི་ནུས་འདིས་དཀའ་བ་སྤྱད་པར་འཁྲུལ་ལོ། །ལུས་ལ་ཁྲུས་བྱེད་པར་འདོད་པས་ལུས་ཀྱི་བ་སྤུ་རེ་རེའི་སྒོར་ཆུ་ཞུགས་ནས་འདོད་པའི་ཐིག་ལེར་གྱུར་པ་དང་མཚུངས་སོ། །བདག་ཅག་དེའི་འདོད་པའི་རྣམ་པར་རྟོག་པ་ཡོད་པའི་གནས་སུ་འདུག་པས་ཅི་ཞིག་བྱ། སྐྱེས་བུ་ཆེན་པོ་སྤངས་ཤིང་རང་རང་གི་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་དཔག་ཚད་བཅོ་བརྒྱད་ཀྱི་ལམ་དུ་སོང་སྟེ་དྲང་སྲོང་ལྷུང་བའི་ཚལ་དུ་གནས་སོ། །དེའི་ཚེ་དེའི་དུས་སུ་སྟེང་རྒྱས་ན་སྡེ་ཅན་གྱི་གྲོང་རྡལ་བ་ཞིང་པའི་ཁྱིམ་དུ་སྐྱེས་པའི་ལེགས་སྐྱེས་མ་ཞེས་བྱ་བའི་བུ་མོ་ན་ཚོད་ལྡན་པར་གྱུར་ཏེ་ནྱ་གྲོ་དྷའི་ཤིང་གཅིག་དོན་དུ་གཉེར་ཏོ། །གལ་ཏེ་བདག་དང་མཉམ་པར་སྐྱེས་པའི་རིགས་ཀྱི་ཁྱིམ་དུ་སོང་ནས་དང་པོར་མངལ་ཆགས་ཏེ།[་]བུ་རྙེད་ན་དེ་ལ་ལོ་སོ་སོར་འབུམ་ཕྲག་གཅིག་ར་བའི་གཏོར་མའི་ལས་བྱའོ། །དེའི་དོན་དུ་གཉེར་བ་འགྲུབ་བོ། །དེས་སེམས་དཔའ་ཆེན་པོ་ལོ་དྲུག་གི་མཐར་དཀའ་བ་སྤྱོད་པ་རྫོགས་པར་བྱེད་དོ། །དཔྱིད་ཟླ་ཐ་ཆུང་གི་ཉ་ལ་གཏོར་མའི་ལས་བྱེད་པར་སེམས་སོ། །དེའི་སྔུན་ཉིད་དུ་སྟོང་ཕྲག་གཅིག་གི་བ་བཞོན
39.227b
མ་ཤིང་མངར་གྱི་ནགས་སུ་ཤིང་མངར་ཟ་བ་དེ་རྣམས་ཀྱི་འོ་མ་བཞོས་ནས་བཞོན་མ་ལྔ་བརྒྱ་ལ་བྱིན་ནོ། །དེ་རྣམས་ཀྱི་འོ་མ་བཞོས་ནས་བ་བཞོན་མ་ཕྱེད་དང་སུམ་བརྒྱ་ལ་བྱིན་ནོ། །དེ་བཞིན་དུ་བ་བཞོན་མ་བཅུ་དྲུག་གི་འོ་མ་བཞོས་ནས་བ་བཞོན་མ་བརྒྱད་ལ་བྱིན་ནོ། །དེ་སྲིད་ཀྱི་འོ་མ་སྐ་མོ་དང་མངར་བ་དང་མདངས་དང་མདོག་དང་ལྡན་པ་དོན་དུ་གཉེར་བར་འདོད་ཅིང་འོ་མ་བསྐོལ་ལོ། །དེས་དཔྱིད་ཟླ་ཐ་ཆུང་གི་ཉའི་ཉིན་མོའི་སྔ་དྲོ་གཏོར་མའི་ལས་བྱེད་པར་སེམས་ཤིང་མཚན་མོའི་ནམ་ལངས་ཁའི་དུས་སུ་བ་འཇོ་མཁན་ལངས་ནས་བ་བཞོན་མ་བརྒྱད་པོ་འཇོ་རུ་སོང་བ། བེའུ་བའི་ནུ་མ་ལ་ཉེ་བར་མ་གྱུར་པར་ཡང ། བའི་ནུ་མའི་གམ་དུ་སྣོད་སར་པ་ཉེ་བར་གནས་པ་བྱས་པ་ཙམ་ན་རང་གི་ཆོས་ཉིད་ཀྱིས་འོ་མའི་རྒྱུན་གྱིས་སྣོད་གང་བར་གྱུར་ཏོ། །ལེགས་སྐྱེས་མས་ཡ་མཚན་ཆེ་བ་དེ་མཐོང་སྟེ། འོ་མ་རང་གི་ལག་པས་ཁྱེར་ནས་སྣོད་གསར་པར་བླུགས་པ་ལ་རང་གི་ལག་གིས་མེ་བཏང་སྟེ་འཚོད་པར་བརྩམས་ནས། དེར་འོ་ཐུག་བསྐོལ་བས་ལྦུ་བ་ཆེན་པོ་འཐོན་ནས་གཡས་ཕྱོགས་སུ་འཁོར་ཞིང་ཐུར་མ་གཅིག་ཙམ་ཡང་ས་ལ་མ་ལྷུང་ལ། ཐབ་ན་དུ་བ་ཅུང་ཟད་ཀྱང་མེད་དོ། །དེའི་ཚེ་འཇིག་རྟེན་སྐྱོང་བ་བཞི་པོ་འོངས་ནས་ཐབ་སྲུན་པར་བྱེད་དོ། །ཚངས་པ་ཆེན་པོས་ནི་གདུགས་འཛིན་ནོ། །བརྒྱ་བྱིན་གྱིས་ནི་ཇི་ལྟར་རིགས་པའི་མེ་གཏོང་བར་བྱེད་དོ། །སྟོང་ཕྲག་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གླིང་ཆེན་པོ་བཞིའི་ལྷ་དང་མི་རྣམས་ཀྱིས་ཇི་ལྟར་རིགས་པའི་མདངས་རྣམས་ལྷ་རང་རང་གི་མཐུས་བསྡུས་ནས་བཅུག་གོ། །མི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་ནས་དུས་གཞན་ལ་ལྷ་རྣམས་ཟན་གྱི་གོང་བུ་རེ་རེས་མདངས་འཇུག་གོ། །སླར་ཡང་བྱང་ཆུབ་པའི་ཉིན་མོ་དང་ཡོངས་སུ་མྱ་ངན་ལས་འདའ་བའི་ཉིན་མོ་སྣོད་ཉིད་དུ་འཇུག་པར་བྱེད་དོ། །ལེགས་སྐྱེས་མས་ཉི་མ་གཅིག་ཉིད་ལ་དེར་རང་ཉིད་གསལ་བར་གྱུར་ནས་ཡ་མཚན་ཆེ་བ་དུ་མ་མཐོང་སྟེ་བྲན་མོ་རྫོགས་མ་ཞེས་བྱ་བ་བོས་ནས། རྫོགས་མ་དེ་རིང་བདག་ཅག་གི
39.228a
ལྷ་ཤིན་དུ་དགྱེས་པར་གྱུར་ཏེ། བདག་གིས་དེ་རྣམས་ཀྱི་དུས་སུ་འདི་ལྟ་བུའི་ཚུལ་གྱི་ཡ་མཚན་ཆེ་བ་མ་མཐོང་བས་མྱུར་དུ་སོང་ལ་ལྷའི་གནས་སུ་བྱི་དོར་ལེགས་པར་གྱིས་ཅིག་།དེས་ལེགས་སོ་ཞེས་བརྗོད་ནས་འཕགས་མ་དེའི་ཚིག་བཟུང་སྟེ་མྱུར་བ་མྱུར་བར་ཤིང་གི་དྲུང་དུ་ཕྱིན་ནོ། །བྱང་ཆུབ་སེམས་དཔས་ཀྱང་དེའི་མཚན་མོའི་ཆ་ལ་རྨི་ལམ་ཆེན་པོ་ལྔ་གཟིགས་པ་ཡོངས་སུ་རྟོག་ཅིང་ཐེ་ཚོམ་མེད་པར་བདག་དེ་རིང་སངས་རྒྱས་ཐོབ་པར་འགྱུར་བར་བྱའོ་སྙམ་དུ་ཐུགས་བརྟན་པོར་མཛད་ནས། དེའི་ནུབ་མོ་འདས་ཏེ་སྐུའི་བྱི་དོར་མཛད་ནས་བསོད་སྙོམས་ལ་གཤེགས་པའི་དུས་ཀྱི་སྔ་དྲོ་བྱོན་ཏེ། ཤིང་ནྱ་གྲོ་དྷའི་དྲུང་དུ་བཞུགས་ནས་རང་གི་འོད་ཀྱིས་ཤིང་ཐམས་ཅད་སྣང་བར་མཛད་དོ།[་]།དེ་ནས་ཡང་རྫོགས་མ་དེ་འོངས་ནས་བྱང་ཆུབ་སེམས་དཔའ་ཤིང་གི་དྲུང་ན་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་གཟིགས་ཤིང་གཟིགས་པ་མཐོང་ལ་སྐུ་ལ་འོད་ཟེར་འཐོན་པའི་འོད་ཀྱིས་ཤིང་ཐམས་ཅད་གསེར་གྱི་ཁ་དོག་ཏུ་མཐོང་ངོ ། །དེས་འདི་ལྟར་བསམས་ཏེ། དེ་རིང་བདག་ཅག་གི་ལྷ་ཤིང་ལ་བབས་ནས་རང་གི་ལག་ཉིད་ཀྱིས་གཏོར་མ་ལེན་ཅིང་བཞུགས་སོ་ཞེས་བསམས་པས་སེམས་ཚིམ་པ་ཐོབ་ནས་མྱུར་དུ་སོང་སྟེ་ལེགས་སྐྱེས་མ་ལ་དོན་དེ་རྣམས་སྨྲས་སོ། །ལེགས་སྐྱེས་མས་དེའི་ཚིག་ཐོས་ནས་སེམས་ཚིམ་པར་གྱུར་ཏེ། དེ་རིང་ནས་བཟུང་ནས་བདག་གི་བུ་མོ་ཆེན་མོ་གནས་སུ་སྡོད་ཅིག་ཅེས་བུ་མོ་ལ་ཇི་ལྟར་རིགས་པའི་རྒྱན་ཐམས་ཅད་བྱིན་ནོ། །སླར་ཡང་གང་གི་ཕྱིར་སངས་རྒྱས་ཀྱི་ཡོངས་སུ་རྫོགས་པར་ཐོབ་པའི་ཉིན་མོ་འབུམ་ཕྲག་གཅིག་གི་གྲངས་ཀྱང་གསེར་གྱི་སྡེར་མ་ཆེན་པོ་ཐོབ་པར་རིགས་སོ། །དེའི་ཕྱིར་གསེར་གྱི་སྡེར་མ་ཆེན་པོའི་ནང་དུ་འོ་ཐུག་ལྡུགས་པའི་སེམས་སྐྱེས་ནས་འབུམ་ཕྲག་གཅིག་རི་བའི་གསེར་གྱི་སྡེར་མ་ཆེན་པོ་བསླངས་ཏེ། འོ་ཐུག་བཙོས་པའི་ནང་དུ་ཁ་སྦུབ་ནས་བླུག་གོ། །འོ་ཐུག་ཐམས་ཅད་པད་མའི་འདབ་མའི་ནང་གི་ཆུ་བཞིན་དུ་ཆུའི་ཐིགས་པ་གཅིག་ཏུ་གྱུར་ནས་གསེར་གྱི་སྡེར་དུ་བྱུང་ངོ ། །གསེར་གྱི་སྡེར་མ་གཅིག་གང་བའི་ཚད་ཙམ་དུ་གྱུར་ཏོ། །དེས་གསེར
39.228b
གྱི་སྣོད་དེ་ལ་གསེར་གྱི་སྣོད་གཞན་གྱིས་བཀབ་ནས་གོས་ཀྱིས་དྲིལ་ལོ། །ལེགས་སྐྱེས་མ་རྒྱན་གྱིས་ལུས་ཐམས་ཅད་བརྒྱན་ནས་གསེར་གྱི་སྡེར་མ་དེ་རང་གི་མགོར་བཞག་སྟེ། མཐུ་ཆེན་པོས་ཤིང་ནྱ་གྲོ་དྷའི་དྲུང་དུ་ཕྱིན་པ་དང ། བྱང་ཆུབ་སེམས་དཔའ་མཐོང་ནས་ཤིན་ཏུ་ཡིད་བདེ་བ་སྐྱེས་པར་གྱུར་ཏེ། ཤིང་གི་ལྷ་ཡིན་ནམ་ཞེས་བསམས་ནས་བལྟ་བའི་གནས་སུ་དུང་ཅིང་དུང་ཅིང་སོང་སྟེ་མགོའི་སྟེང་གི་གསེར་གྱི་སྡེར་མ་ཕབ་ནས་ཁ་ཕྱེས་ཏེ། གསེར་གྱི་རིལ་བ་སྤྱི་བླུགས་ཀྱིས་དྲི་བཟང་པོས་བསྒོས་པའི་ཆུ་བཟུང་ནས་བྱང་ཆུབ་སེམས་དཔའ་དང་ཉེ་བར་སོང་སྟེ་འཁོད་དོ། །གྲོགས་པོ་རྫ་མཁན་ཚངས་པ་ཆེན་པོར་གྱུར་པས་ཕུལ་བའི་སའི་ལྷུང་བཟེད་ནི་དེ་རྣམས་ཀྱི་དུས་སུ་བྱང་ཆུབ་སེམས་དཔས་མ་སྤངས་ཀྱང་དེ་དེ་མ་ཐག་ཏུ་མི་སྣང་བར་གྱུར། བྱང་ཆུབ་སེམས་དཔས་ལྷུང་བཟེད་མ་གཟིགས་སོ། །ཕྱག་གཡས་པ་བརྐྱང་ནས་ཆུ་བསླངས་ཏེ། ལེགས་སྐྱེས་མས་སྣོད་དང་བཅས་པ་ཉིད་ཀྱི་འོ་ཐུག་སྐྱེས་བུ་ཆེན་པོའི་ཕྱག་ཏུ་ཕུལ་ལོ། །སྐྱེས་བུ་ཆེན་པོས་ལེགས་སྐྱེས་མ་ལ་བརྟགས་པ་ན། དེས་རྣམ་འགྱུར་ཤེས་ནས་འཕགས་པ་བདག་གིས་ཉིད་ལ་ཡོངས་སུ་ཕུལ་གྱིས་བཞེས་ལ་ཇི་ལྟར་བཞེད་པ་བཞིན་གཤེགས་པར་ཞུ་ཞེས་ཕྱག་བྱས་ནས། ཇི་ལྟར་བདག་གི་འདོད་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །འདི་ལྟར་ཉིད་ཀྱིས་ཀྱང་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨྲས་སོ། །འབུམ་ཕྲག་གཅིག་རི་བའི་གསེར་གྱི་སྡེར་ཆེན་པོ་གཅིག་ཤིང་གི་ལོ་མ་རྙིངས་པ་བཞིན་དུ་ལྟོས་པ་མེད་པར་སོང་ངོ ། །བྱང་ཆུབ་སེམས་དཔའ་བཞུགས་པ་ལས་བཞེངས་ནས་ཤིང་ལ་བསྐོར་ཏེ། གསེར་གྱི་སྡེར་མ་བསླངས་ནས་ཆུ་ཀླུང་ནཻ་ར་ཛ་ནའི་འགྲམ་དུ་གཤེགས་ཏེ། བྱང་ཆུབ་སེམས་དཔའ་གྲངས་མེད་པ་འབུམ་ཕྲག་མང་པོ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་ཉིན་མོ་བབས་ཁྲུས་བྱེད་པའི་གནས་སུ་ལེགས་པར་རབ་ཏུ་གནས་པའི་མུ་གནས་ཞེས་བྱ་བ་ཡོད་དོ། །དེའི་འགྲམ་དུ་སྡེར་མ་བཞག་སྟེ་བབས་ནས་ཁྲུས་མཛད་དོ། །འབུམ་ཕྲག་དུ་མའི་སངས་རྒྱས་རྣམ་ཀྱིས་ནམ་བཟའ
39.229a
དང་མཆོད་པར་འོས་པ་གྱོན་ནས་ཤར་ཕྱོགས་སུ་སྔོན་དུ་ཕྱོགས་པས་བཞུགས་ནས་ཏ་ལའི་ཤིང་རྟོག་གི་ནང་གི་རུས་པ་ཅིག་གི་ཚད་ཙམ་དང་མཉམ་པ་གཅིག་གིས་དམན་པའི་ལྔ་བཅུའི་གོང་བུ་བྱས་ནས་ཆུ་མྱེད་ཅིང་དངར་བའི་འོ་ཐུག་ཐམས་ཅད་གསོལ་ལོ། །དེ་འདི་ལྟར་གང་གིས་སངས་རྒྱས་སུ་གྱུར་ནས་ཞག་བཞི་བཅུ་ཞེ་དགུ་རུ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ་ཞག་བཞི་བཅུ་ཞེ་དགུའི་ཁ་ཟས་སུ་གྱུར་ཏོ། །དེ་རྣམས་ཀྱི་དུས་སུ་ཁ་ཟས་གཞན་མེད་པ་དང ། ཁྲུས་བྱེད་པ་མེད་པ་དང ། ཞལ་ཤོལ་བ་མེད་པ་དང ། སྐུ་ལུས་ཀྱི་བྱ་བ་བྱེད་པ་མེད་དོ། །བསམ་གཏན་གྱི་བདེ་བ་དང ། ལམ་གྱི་བདེ་བ་དང ། འབྲས་བུའི་བདེ་བ་ཉིད་ཀྱིས་ཉིན་མཚན་འདའོ། །གཞན་ཡང་དེའི་འོ་ཐུག་གསོལ་ནས་གསེར་གྱི་སྡེར་མ་ཕྱག་ཏུ་བཞེས་ཏེ། གལ་ཏེ་བདག་ནི་དེ་རིང་སངས་རྒྱས་སུ་འགྱུར་ནུས་ན་སྡེར་མ་འདི་ཆུའི་སྟེང་དུ་གྱེན་དུ་འགྲོ་བར་གྱུར་ཅིག་།མ་ཡིན་ན་ཐུར་ལ་འགྲོ་བར་གྱུར་ཅིག་ཅེས་ཆུ་ལ་དོར་རོ། །དེས་ཆུའི་རྒྱུན་གྱི་རླབས་ཆུ་ཀླུང་གི་དབུས་སུ་སོང་ནས་དབུས་དབུས་ཀྱི་གནས་ཉིད་དུ་རྟ་མགྱོགས་པོར་འགྲོ་བ་བཞིན་དུ། ཁྲུ་བརྒྱད་བཅུའི་ཚད་ཙམ་གྱི་སྟེང་དུ་སོང་ཞིང ། ཆུ་ལ་ལན་ཅིག་འཁྱིལ་བས་བྱིང་ནས་ཀླུའི་རྒྱལ་པོ་ནག་པོའི་གནས་སུ་སོང་ངོ ། །དེ་ནས་སངས་རྒྱས་གསུམ་པོ་རྣམས་ཀྱིས་བཤོས་གསོལ་བའི་གསེར་གྱི་སྡེར་མ་ཆེན་པོ་སིལ་སིལ་ཞེས་སྒྲ་སྒྲོགས་པར་བྱེད་ཅིང་ཕྱོགས་ཅིག་ཏུ་དེ་རྣམས་ཐམས་ཅད་ཀྱི་འོག་ཏུ་གྱུར་ནས་གནས་སོ། །ཀླུའི་རྒྱལ་པོ་ནག་པོས་དེའི་སྒྲ་ཐོས་ནས་ཁ་སང་སངས་རྒྱས་ཅིག་ཐོབ་པར་གྱུར་ཅིང ། སླར་ཡང་དེ་རིང་སངས་རྒྱས་ཉིད་ཐོབ་པར་གྱུར་ནས་མང་པོས་བསྟོད་པར་བྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ས་ནི་ཆུ་ཀླུང་གི་འགྲམ་ཤིང་སཱ་ལའི་ཚལ་དུ་ཉིན་མོ་བཞུགས་ནས་སྲོད་ཀྱི་དུས་སུ་མེ་ཏོག་ཀུ་མུ་ད་ཁ་འབྱེ་བའི་དུས་ལ་ལྷ་རྣམས་ཀྱིས་བརྒྱན་པར་བྱས་ནས། ཞེང་ལ་གླང་གི་སྐད་བརྒྱད་ཀྱིས་ཐོས་པའི་ཚད་དུ་ལམ་བྱེད་པ་ལ་སེང་གེ་བཞིན་དུ་སྒྲ་བསྒྲགས་ནས། བྱང་ཆུབ
39.229b
ཀྱི་ཤིང་ལ་སྔོན་པར་ཕྱོགས་པས་བཞུད་དོ། །ཀླུ་དང་གནོད་སྦྱིན་དང་འདབ་བཟང་ལ་སྩོགས་པ་རྣམས་ཀྱིས་ལྷའི་སྤོས་དང་མེ་ཏོག་ལ་སོགས་པ་དང ། ལྷའི་གླུ་དབྱངས་ལ་སོགས་པས་མཆོད་དོ། །སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་རྣམས་དྲི་བཟང་པོར་གྱུར་ཅིང་མེ་ཏོག་གི་ཕྲེང་བར་གྱུར་ནས་ཐམས་ཅད་ལེགས་སོ་ཞེས་བརྗོད་པར་གྱུར་ཏོ། །དེའི་ཚེ་རྩཝ་འཚོང་བཀྲ་ཤིས་ཞེས་བྱ་བས་རྩཝ་བླངས་ནས་ལམ་གྱི་སྔོན་དུ་འོངས་ཏེ་སྐྱེས་བུ་ཆེན་པོའི་རྣམ་འགྱུར་རྟོགས་ནས་རྩཝ་སྤར་མོ་བརྒྱད་ཕུལ་ལོ། །བྱང་ཆུབ་སེམས་དཔས་རྩཝ་བླངས་ནས་བྱང་ཆུབ་ཀྱི་སྙིང་པོ་དང་ཉེ་བར་གཤེགས་ཏེ་ལྷོ་ཕྱོགས་ཀྱི་ཆར་ཞལ་བྱང་དུ་མངོན་པར་ཕྱོགས་པས་འཁོད་དོ། །དེ་མ་ཐག་པར་ལྷོ་ཕྱོགས་ཀྱི་ཁོར་ཡུག་གིས་བྱིང་ནས་འགྲོ་བ་ནི་འོག་མནར་མེད་པའི་བར་དུ་གྱུར་པ་བཞིན་ནོ། །ལྷོ་ཕྱོགས་ཀྱི་ཁོར་ཡུག་སྟེང་དུ་ལངས་ནས་འགྲོ་བ་ནི་སྲིད་པའི་རྩེ་མོར་གྱུར་པ་བཞིན་ནོ། །བྱང་ཆུབ་སེམས་དཔས་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་གནས་མ་ཡིན་ནོ་ཞེས་དགོངས་ཞིང་བསྐོར་ནས་ནུབ་ཀྱི་ཕྱོགས་ཀྱི་ཆར་གཤེགས་ཏེ་ཤར་ཕྱོགས་སུ་མངོན་དུ་ཕྱོགས་པས་འཁོད་དོ། །དེ་ནས་ནུབ་ཕྱོགས་ཀྱི་ཁོར་ཡུག་འོག་ཏུ་བྱིང་ནས་འགྲོ་བ་ནི་མནར་མེད་པའི་བར་དུ་གྱུར་པ་བཞིན་ནོ། །ཤར་ཕྱོགས་ཀྱི་ཁོར་ཡུག་སྟེང་དུ་ལངས་ནས་འགྲོ་བ་ནི་སྲིད་པའི་རྩེ་མོར་གྱུར་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་འཁོད་ཅིང་འཁོད་པའི་གནས་ནི་མུ་ཁྱུད་ཀྱི་མཐར་ཐུག་པར་མནན་ཞིང་སོ་སོར་གནས་པའི་ཤིང་རྟའི་འཁོར་ལོ་ཆེན་པོ་ལྟ་བུར་ས་གཞི་ཆེན་པོ་ལ་བྱིང་ཞིང་བྱིང་ནས་འགྲོ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་འདི་ནི་བྱང་ཆུབ་ཐོབ་པའི་གནས་མ་ཡིན་ནོ་ཞེས་བསྐོར་ནས་བྱང་ཕྱོགས་ཀྱི་ཆར་གཤེགས་ཏེ། ལྷོ་ཕྱོགས་སུ་མངོན་དུ་ཕྱོགས་པས་འཁོད་དོ། །དེ་ནས་བྱང་གི་ཁོར་ཡུག་ས་ལ་བྱིང་ནས་མནར་མེད་ཀྱི་བར་དུ་གྱུར་པ་བཞིན་ནོ། །བྱང་གི་ཁོར་ཡུག་གྱེན་དུ་ལངས་ནས་སྲིད་པའི་རྩེ་མོའི་བར་དུ་གྱུར་པ་བཞིན་ནོ། །བྱང་ཆུབ་སེམས་དཔས་འདི་ནི་བྱང་ཆུབ་ཐོབ་པའི་གནས་མ་ཡིན་ནོ་ཞེས་བསམས་ཏེ་བསྐོར་ནས་ཤར་ཕྱོགས་ཀྱི་ཆར་གཤེགས་ནས་ནུབ་ཕྱོགས་སུ་སྔུན་དུ་ཕྱོགས་པས་འཁོད་དོ།[་]།སླར་ཡང་ཤར་ཕྱོགས་ཀྱི་ཆར་སངས་རྒྱས་ཐམས་ཅད་ཀྱིས་སྐྱིལ་དཀྲུང་བཅས
39.230a
པའི་གནས་དེ་གཡོ་བར་མི་འགྱུར་ཞིང་མི་ལྡེག་གོ། །སེམས་དཔའ་ཆེན་པོས་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་སྤངས་ཤིང་མི་གཡོ་བའི་གནས། ཉོན་མོངས་པའི་དྲ་བ་ཐམས་ཅད་རྣམ་པར་འཇོམས་པའི་གནས་སུ་རྟོགས་སོ། །དེའི་རྩཝ་རྣམས་རྩེ་མོ་ནས་བཟུང་སྟེ་བཀྲམ་ནས་དེ་མ་ཐག་ཏུ་ཁྲུ་བཅུ་བཞི་པའི་ཚད་ཙམ་གྱི་གདན་དུ་གྱུར་ཏོ། །དེ་ཡང་དེ་ལྟ་བུའི་ཚུལ་གྱིས་ཇི་ལྟར་བཞག་པ་དེ་བཞིན་དུ་མི་གནས་སོ། །ཇི་ལྟར་གཟུགས་ལ་མཁས་པའི་རི་མོ་བྱེད་པ་རྣམས་ཀྱིས་རི་མོ་བྲིས་པ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཤིང་གི་སྡོང་པོ་ལ་སྐུ་རྒྱབ་བརྟེན་པར་བྱས་ནས་ཞལ་ཤར་དུ་མངོན་དུ་ཕྱོགས་པར་མཛད་དོ། །བརྟན་པའི་སེམས་སུ་གྱུར་ནས་བདག་གི་ལྤགས་པ་དང་རྒྱུས་པ་དང་རུས་པ་དང་ཁྲག་དང་ཤ་རྣམས་སྐམས་པར་གྱུར་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཐོབ་བར་དུ་ནི་སྟན་འདི་ལས་ལུས་བསྐྱོད་པར་མི་བྱའོ། །ཐོག་བརྒྱ་ཕྲག་བབས་ཀྱང་མི་ཕྱེད་ཅིང་ཕ་རོལ་གྱིས་མི་ཚུངས་པར་བསྟན་ལ་སྐྱིལ་དཀྲུང་གིས་བཞུགས་སོ། །དེའི་ཚེ་ལྷའི་བུའི་བདུད་ཀྱིས་གཞོན་ནུ་དོན་གྲུབ་བདག་གི་དབང་དུ་བྱེད་པར་འདོད་པས་ད་ནི་བདག་ལས་འདའ་བར་བྱེད་དུ་མི་སྟེར་རོ་ཞེས་བསམས་ནས་བདུད་ཀྱི་དམག་དང་ཉེ་བར་སོང་སྟེ། དོན་འདི་སྨྲས་ཤིང་བདུད་ཀྱི་སྒྲ་ཞེས་པས་སྒྲ་བསྒྲགས་ནས་བདུད་ཀྱི་དམག་ཁྲིད་དེ་འཐོན་ནས། བདུད་ཀྱི་སྡེ་བདུད་ཀྱི་མདུན་དུ་དཔག་ཚད་བཅུ་གཉིས་ཀྱི་སར་འགྲོའོ། །གཡས་ཕྱོགས་གཡོན་ཕྱོགས་རྣམས་སུ་དཔག་ཚད་བཅུ་གཉིས་འགྲོའོ། །རྒྱབ་ཕྱོགས་སུ་ཇི་སྲིད་ཁོར་ཡུག་གི་མཐར་ཐུག་པར་བྱས་ནས་གནས་སོ། །སྟེང་དུ་དཔག་ཚད་དགུའོ། །འཁོར་ཐམས་ཅད་ཀྱི་གཏམ་བྱེད་པའི་སྒྲ་དཔག་ཚད་སྟོང་ཕྲག་གཅིག་གི་བར་དུ་ས་གཞི་འབུགས་པ་ཙམ་གྱི་སྒྲ་ཐོས་སོ། །དེ་ནས་ལྷའི་བུའི་བདུད་དཔག་ཚད་ཕྱེད་དང་ཉིས་བརྒྱའི་རིའི་འོག་པག་ཞེས་བྱ་བའི་གླང་པོ་ཆེའི་རྒྱབ་དུ་ཞོན་ནས་ལག་པ་སྟོང་ཕྲག་གཅིག་སྤྲུལ་ནས་མཚོན་ཆ་སྣ་ཚོགས་པ་བླངས་སོ། །གཞན་ཡང་བདུད་ཀྱི་འཁོར་གྱི་གྲོགས་གཉིས་གཅིག་དང་མཚུངས་པར་མཚོན་ཆའི
39.230b
རིགས་གཉིས་མི་ལེན་ནོ། །ཁ་དོག་རྣམ་པ་སྣ་ཚོགས་པ་དང་རྣམ་པ་སྣ་ཚོགས་པའི་གདོང་ཅན་སེམས་དཔའ་ཆེན་པོ་གཞོམ་པར་བྱ་བའི་ཕྱིར་འོངས་སོ། །སྟོང་ཕྲག་བཅུའི་ཁོར་ཡུག་གི་ལྷ་རྣམས་སླར་ཡང་སེམས་དཔའ་ཆེན་པོ་ལ་བསྟོད་པ་བྱེད་ཅིང་གནས་སོ། །བརྒྱ་བྱིན་ལྷའི་རྒྱལ་པོས་རྣམ་པར་རྒྱལ་བ་བླ་ན་མེད་པའི་དུང་འབུད་ཅིང་འཁོད་དོ། །སླར་ཡང་དུང་དེ་ཁྲུ་བརྒྱ་ཉི་ཤུར་གྱུར་ཏོ། །གལ་ཏེ་ལེགས་པར་བུས་ན་ཟླ་བ་བཞིའི་བར་དུ་རྒྱུན་མི་འཆད་ཅིང་དེ་ནས་རྒྱུན་འཆད་དོ། །ཀླུའི་རྒྱལ་པོ་ནག་པོ་ཆེན་པོས་བརྒྱ་ཕྲག་དུ་མའི་བསྟོད་པ་བྱེད་ཅིང་གནས་སོ། །ཚངས་པ་ཆེན་པོ་གདུགས་དཀར་པོ་བཟུང་ནས་གནས་སོ། །སླར་ཡང་བདུད་ཀྱི་དམག་བྱང་ཆུབ་ཀྱི་སྙིང་པོར་འོངས་ཤིང་འོངས་སོ། །ལྷ་དེ་རྣམས་གཅིག་ཏུ་འཁོད་པར་མ་ནུས་པས་རང་གི་གནས་སུ་བྲོས་ནས་སོང་ངོ ། །ཀླུའི་རྒྱལ་པོ་ནག་པོ་ས་ལ་བྱིང་ནས་དཔག་ཚད་ལྔ་བརྒྱའི་སྙེ་མ་ཅན་གྱི་ཀླུའི་ཕོ་བྲང་དུ་སོང་སྟེ། ལག་པ་གཉིས་ཁ་ལ་བཀབ་ནས་ཉལ་ལོ། །བརྒྱ་བྱིན་གྱི་རྣམ་པར་རྒྱལ་བ་བླ་ན་མེད་པའི་དུང་རྒྱབ་ཏུ་བསྐལ་ཏེ་ཁོར་ཡུག་གི་སྟེང་དུ་འཁོད་དོ། །ཚངས་པ་ཆེན་པོས་གདུགས་དཀར་པོ་ཁོར་ཡུག་གི་སྟེང་དུ་བཙུགས་ནས་ཚངས་པའི་འཇིག་རྟེན་དུ་སོང་ངོ ། །ལྷ་གཅིག་གིས་ཀྱང་འཁོད་པར་མ་ནུས་ཏེ། སྐྱེས་བུ་ཆེན་པོ་ཉིད་གཅིག་པུ་བཞུགས་སོ། །བདུད་ཀྱིས་རང་གི་འཁོར་ལ་སྨྲས་པ། བུ་ཟས་གཙང་གི་བུ་དོན་གྲུབ་དང་འདྲ་བའི་སྐྱེས་བུ་གཞན་མེད་པས། བདག་གིས་དེའི་མདུན་དུ་གཡུལ་འགྱེད་པར་མི་ནུས་ཀྱིས། རྒྱབ་ཀྱི་ཕྱོགས་སུ་གཡུལ་བགྱིའོ་ཞེས་སྨྲས་སོ། །སྐྱེས་བུ་ཆེན་པོས་ཀྱང་ཕྱོགས་གསུམ་ལ་གཟིགས་པས་ལྷ་ཐམས་ཅད་བྲོས་པའི་ཕྱིར་གནས་ཐམས་ཅད་སྟོང་པར་མཐོང་ངོ ། །གཞན་ཡང་བྱང་ཕྱོགས་སུ་གཟིགས་པས་བདུད་ཀྱི་དམག་རྣམས་བདག་གཞོམ་པའི་ཕྱིར་འོང་བ་གཟིགས་སོ། །འདི་རྣམས་ཀྱི་དམག་གི་ཚོགས་བདག་གཅིག་པུའི་ཕྱིར་རྩོལ་བ་ཆེན་པོས་ཕ་རོལ་གནོན་པར་བྱེད་ཅིང་གནས་འདིར་འོངས་ཏེ། བདག་གི་མ་འམ་ཕའམ་སྤུན་ནམ
39.231a
སུ་ཡང་རུང་བའི་གཉེན་ལས་གཞན་མེད་དོ། །གཞན་ཡང་གང་གི་ཕྱིར་ཕ་རོལ་དུ་ཕྱིན་པ་བཅུ་པོ་ཉིད་བདག་གིས་དུས་ཡུན་རིང་པོར་གཉེར་ལ་དགའ་བ་བཞིན་གོམས་པ་དེའི་ཕྱིར་བདག་གིས་ཕ་རོལ་དུ་ཕྱིན་པ་ཉིད་ཀྱིས་ཕུབ་བྱས་ནས། ཕ་རོལ་དུ་ཕྱིན་པ་ཉིད་ཀྱི་མཚོན་ཐོགས་ཏེ། འདིའི་དམག་གི་ཚོགས་རྣམས་གཞོམ་པར་རིགས་སོ་སྙམ་ནས་ཕ་རོལ་དུ་ཕྱིན་པ་བཅུ་པོ་ཐུགས་ལ་བསམས་ནས་བཞུགས་སོ། །དེ་ནས་ལྷའི་བུའི་བདུད་ཀྱིས་དོན་གྲུབ་དེ་མ་ཐག་ཏུ་འབྲོས་པར་བྱེད་པར་རིགས་སོ་ཞེས་སྨྲས་ནས་རླུང་གི་དཀྱིལ་འཁོར་ཉེ་བར་གནས་ནས་འོངས་སོ། །དེ་མ་ཐག་ཁོ་ནར་ཤར་ཕྱོགས་ལ་སོགས་པའི་རླུང་གི་དཀྱིལ་འཁོར་རྣམས་ལངས་ནས་འོངས་ཏེ་དཔག་ཚད་ཕྱེད་དང་ཡང་གཉིས་ལ་སོགས་པའི་ཚད་ཀྱི་རིའི་ཕུང་པོ་བླངས་ནས་ནགས་ཐིབས་པོ་དང་ཤིང་ལ་སོགས་པ་ས་ལ་གཏོན་ཞིང ། ཐམས་ཅད་དུ་གྲོང་དང་གྲོང་རྡལ་ཕྱེ་མ་དང་རྣམ་པར་ཕྱེ་མར་བྱེད་པའི་ནུས་པ་ནི་སྐྱེས་བུ་ཆེན་པོའི་བསོད་ནམས་ཀྱི་གཟི་བརྗིད་ཀྱི་མཐུས་གྱེས་ཏེ། བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་བླ་གོས་ཀྱི་གྲཝ་ཙམ་ཡང་བསྒུལ་བར་མི་ནུས་སོ། །དེ་ནས་ཆུ་ཡིས་གཞོམ་པའི་ཕྱིར་འོངས་ནས་གསོད་པར་བསམས་པ་ན་ཆར་པ་ཆེན་པོ་འབབ་ཅིང་གནས་སོ། །དེའི་མཐུས་སྟེང་ནས་སྟེང་དུ་བརྒྱ་ཕྲག་དུ་མ་བརྩེགས་པ་དང་།[་]སྟོང་ཕྲག་དུ་མ་བརྩེགས་པའི་སྤྲིན་ཆེན་པོ་འདུས་ནས་ཆར་འབེབས་སོ། །ཆར་པའི་རྒྱུན་གྱི་ཤུགས་ཀྱིས་ས་གཞི་འབུགས་པར་གྱུར་ཏོ། །ནགས་ཚལ་དང་ཤིང་ལ་སོགས་པའི་སྟེང་གི་ཆར་སྤྲིན་ཆེན་པོ་འོངས་ནས་སེམས་དཔའ་ཆེན་པོ་ཆུས་ཐིགས་གཅིག་ཙམ་གྱིས་ཀྱང་སྦང་བར་མ་ནུས་སོ། །དེ་ནས་རྡོའི་ཆར་བཀུག་ནས་ཆེས་ཆེ་བའི་རིའི་ཕུང་པོ་དུ་བར་བྱེད་ཅིང་འབར་བར་བྱས་ནས་ནམ་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས། ལྷའི་མེ་ཏོག་གི་ཆུན་བུའི་གཟུགས་འབབ་པོ།[་]།དེ་ནས་མཚོན་ཆའི་ཆར་ཐམས་ཅད་བཀུག་ནས་མཚོན་སོ་གཅིག་པ་དང་སོ་གཉིས་པ་དང་རལ་གྲི་དང་མདུང་ཐུང་དང་སྤུ་གྲི་ལ་སོགས
39.231b
པའི་མཚོན་ཆ་རྣམས་དུ་བར་བྱེད་ཅིག་འབར་བར་བྱས་ནས་ནམ་མཁའ་ལ་འོངས་ཏེ། བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་ལྷའི་མེ་ཏོག་ཏུ་གྱུར་ཏོ། །དེ་ནས་སོལ་བའི་ཆར་བཀུག་ནས་རྒྱ་སྐྱེགས་ཀྱི་མེ་ཏོག་གི་ཁ་དོག་ཅན་གྱི་སོལ་བ་ནམ་མཁའ་ནས་འོངས་ནས་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ལྷའི་མེ་ཏོག་ཏུ་གྱུར་ནས་འབབ་བོ།[་]།དེ་ནས་ཐལ་བའི་ཆར་པ་རྣམས་བཀུག་ནས་ཤིན་དུ་དྲོ་བ་མེའི་ཁ་དོག་ཅན་གྱི་ཐལ་བ་ནམ་མཁའ་ནས་འོངས་ནས་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ཙན་དན་གྱི་ཕྱེ་མ་ལྟར་གྱུར་པའི་ཆར་འབབ་བོ།[་]།དེ་ནས་བྱེ་མའི་མར་བཀུག་ནས་ཤིན་དུ་ཕྲ་བའི་བྱེ་མ་རྣམས་དུ་བར་བྱེད་ཅིང་འབར་བར་བྱས་ནས་ནམ་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ལྷའི་ཕྱེ་མ་ལྟར་གྱུར་ནས་ཆར་འབབ་བོ།[་]།དེ་ནས་འཇིམ་པའི་ཆར་པ་རྣམས་བཀུག་ནས་འཇིམ་པ་རྣམས་དུ་བར་བྱེད་ཅིང་འབར་བར་བྱས་ནས་ནམ་མཁའ་ནས་འོངས་ཏེ་བྱང་ཆུབ་སེམས་དཔའི་ཞབས་དྲུང་དུ་ལྷའི་བྱུག་པར་གྱུར་ནས་འབབ་བོ།[་]།དེ་ནས་འདི་བཞིན་དུ་འཇིགས་པར་བྱེད་པས་དོན་གྲུབ་འབྲོས་པར་བྱ་བའི་ཕྱིར་མུན་པ་ཉེ་བར་གནས་པར་བྱའོ། །དེ་ནི་ཡན་ལག་བཞི་དང་ལྡན་པའི་མུན་ནག་ཆེན་པོར་གྱུར་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་སླེབ་ནས་ཉི་མའི་འོད་ཀྱིས་མུན་པ་བཅོམ་པ་བཞིན་དུ་མི་སྣང་བར་གྱུར་ནས་འདི་ལྟར་བདུད་དགུ་པོ་འདི་རླུང་དང་ཆར་དང་རྡོ་དང་མཚོན་ཆ་དང་སོལ་བ་དང་ཐལ་བ་དང་བྱེ་མ་དང་འཇིམ་པ་དང་མུན་པ་སྟེ། དེ་རྣམས་ཆར་དུ་བབས་ནས་བྱང་ཆུབ་སེམས་དཔའ་འབྲོས་པར་བྱེད་པར་མ་ནུས་སོ། །ཅིས་བརྗོད་ཅིང་ཅིའི་ཕྱིར་སྡོད། གཞོན་ནུ་འདི་ལ་ཟུང་ཅིག་རྒྱོབ་ཅིག་ཐོན་ཅིག་ཅེས་འཁོར་རྣམས་བོས་ནས་རང་གིས་ཀྱང་རིའི་འོག་བག་གླང་པོ་ཆེའི་རྒྱབ་ཏུ་ཞོན་ནས་འཁོར་ལོའི་མཚོན་ཆ་བསླངས་ཏེ། བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོངས་ནས་དོན་གྲུབ་སྟན་ལ་ལོངས་ཅིག་།འདི་ཁྱོད་ལ་རིགས་པ་མ་ཡིན་གྱི་ངེད་ལ་རིགས་པ་ཡིན་ནོ་ཞེས་སྨྲས་སོ། །སེམས་དཔའ་ཆེན་པོས་དེའི་ཚིག་ཐོས་ནས་འདི་ལྟར་སྨྲས་སོ། །བདུད་ཁྱོད་ཀྱིས་ཕ་རོལ་དུ་ཕྱིན་པ་བཅུ་མ་རྫོགས་པ་དང་།[་]ཉེ་བའི་ཕ་རོལ་དུ་ཕྱིན་པ་མ་རྫོགས་པ་དང་།[་]དོན་དམ་པའི་ཕ་རོལ་དུ་ཕྱིན་པ
39.232a
མ་རྫོགས་པ་དང ། ཆེན་པོ་ལྔ་ཡོངས་སུ་གཏོང་བ་མེད་པ་དང ། གཉེན་གྱི་དོན་དུ་སྤྱོད་པ་མེད་པ་དང ། འཇིག་རྟེན་གྱི་དོན་གྱི་སྤྱོད་པ་མེད་པ་དང ། སངས་རྒྱས་ཀྱི་སྤྱོད་པ་ཡོངས་སུ་མ་རྫོགས་པས་སྟན་འདི་ཁྱོད་ལ་རིགས་པ་མ་ཡིན་ནོ། །སྟན་འདི་བདག་ཁོ་ན་ལ་རིགས་པ་ཡིན་ནོ། །བདུད་ཁྲོས་པར་གྱུར་ནས་ཁྲོས་པའི་ཤུགས་བསྲན་པར་མ་ནུས་ཏེ། སྐྱེས་བུ་ཆེན་པོ་ལ་མཚོན་ཆའི་འཁོར་ལོ་འཕངས་སོ། །དེའི་ཕ་རོལ་དུ་ཕྱིན་པ་བཅུ་སེམས་པར་བྱེད་ཅིང་བཞུགས་པ་ན་སྟེང་གི་ཆར་མེ་ཏོག་གི་ཕྲེང་བའི་བླ་རེས་བྲེས་པ་བཞིན་དུ་གྱུར་ཏོ། །དེའི་འཁོར་ལོའི་མཚོན་ཆ་གཞན་ལ་དེ་ཤིན་དུ་ཁྲོས་པས་འཕངས་ཏེ་རྡོ་བ་འཐུག་པོ་འམ། རྡོ་བ་འཐུག་པོའི་ཀ་བ་འབུབས་ཤིང་འགྲོ་བའོ། །སླར་ཡང་དེ་ནི་དེའི་མེ་ཏོག་གི་བླ་རེས་སུ་གྱུར་ནས་གནས་པ་ན་བདུད་ཀྱི་འཁོར་ལྷག་མ་རྣམས་དེ་ནས་སྟན་ལ་ལངས་ཏེ་འགྲོ་བར་བསམས་ནས་ཆེས་ཆེ་བའི་རིའི་ཕུང་པ་འཕངས་སོ། །དེ་རྣམས་ཀྱང་སྐྱེས་བུ་ཆེན་པོའི་ཕ་རོལ་དུ་ཕྱིན་པ་བཅུ་ལ་སེམས་ཞིང་བཞུགས་པ་ན་མེ་ཏོག་གི་ཆུན་པོར་གྱུར་ནས་ས་ལ་ལྷུང་ངོ ། །ལྷ་རྣམས་ཁོར་ཡུག་གི་མཐར་འཁོད་པ་རྣམས་སྐྱེ་བཏེག་ནས་བལྟ་ཞིང་།[་]མགོ་བོ་བཏེག་ཅིང་བཏེག་ནས་དོན་གྲུབ་གཞོན་ནུ་མཆོག་གི་སྐུའི་བདག་ཉིད་ཉམས་སམ་སྙམ་ནས་ཅི་བྱེད་ན་ཞེས་བསམས་ཤིང་བལྟའོ། །དེ་ནས་སྐྱེས་བུ་ཆེན་པོས་ཕ་རོལ་དུ་ཕྱིན་པ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཉིན་མོ་ཐོབ་པའི་སྟན་བདག་ལ་རིགས་པ་ཡིན་ནོ་ཞེས་བཤད་ནས། འཁོད་པའི་བདུད་ལ་སྨྲས་སོ། །བདུད་ཁྱོད་ཀྱིས་སྦྱིན་པ་བཏང་བའི་དཔང་པོ་སུ་ཡོད་ཅེས་སྨྲས་སོ། །བདུད་འདི་རྣམས་ཐམས་ཅད་བདག་གི་དཔང་པོ་ཡིན་ནོ་ཞེས་བདུད་ཀྱི་དམག་རྣམས་ལ་ལག་པ་བརྐྱང་ངོ ། །དེ་མ་ཐག་པར་བདུད་ཀྱི་འཁོར་རྣམས་ང་ཡང་དཔང་པོ་ཡིན་ང་ཡང་དཔང་པོ་ཡིན་ཞེས་བརྗོད་པའི་སྒྲས་ས་གཞི་ཡང་རལ་བ་བཞིན་དུ་བརྗོད་པའི་སྒྲར་གྱུར་ཏོ། །དེ་ནས་བདུད་ཀྱིས་སྐྱེས་བུ་ཆེན་པོ
39.232b
ལ་སྨྲས་པ། དོན་གྲུབ་ཁྱོད་ཀྱིས་སྦྱིན་པ་བཏང་བའི་དངོས་པོ་ལ་དཔང་པོ་སུ་ཡོད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་རེ་ཞིག་སྦྱིན་པ་བྱིན་པའི་དངོས་པོ་ལ་སེམས་དང་བཅས་པ་རྣམས་དཔང་པོ་ཡིན་ནོ། །སླར་ཡང་བདག་ལ་གནས་འདི་ན་སེམས་དང་བཅས་པའི་དཔང་པོ་སུ་ཡང་མེད་པས་བདག་ཉིད་ཀྱིས་སྐྱེ་བའི་མཐར་སྦྱིན་པ་བཏང་བ་དེ་སྲིད་གནས་པ་ཐམས་ཅད་སྒྲོལ་གྱི་ལུས་ཀྱི་བདག་ཉིད་ལ་གནས་ནས་སྦྱིན་པ་ཆེན་པོ་བདུན་བརྒྱ་པ་བདུན་བྱིན་པའི་དངོས་པོ་ལ་སེམས་མེད་པའི་ས་གཞི་ཆེན་པོ་མཐུག་པོ་འདི་དཔང་པོ་ཡིན་ནོ་ཞེས་ཆོས་གོས་ཀྱི་ནང་ནས་ཕྱག་གཡས་པ་བཏོན་ཏེ། ཐམས་ཅད་སྒྲོལ་གྱི་བདག་ཉིད་ཀྱི་ལུས་སུ་གནས་ནས་བདག་གིས་སྦྱིན་པ་བདུན་བརྒྱ་པ་བདུན་བྱིན་པའི་དངོས་པོ་དེ་ལ་ཁྱོད་ཀྱིས་དཔང་པོ་ཡིན་ནམ་མ་ཡིན་པ་སྨྲོས་ཤིག་ཅེས་ས་ཆེན་པོ་ལ་མངོན་དུ་ཕྱོགས་པས་ཕྱག་བརྐྱང་བ་དང ། ས་ཆེན་པོས་བདག་ནི་དེའི་ཚེ་དཔང་པོ་ཡིན་ནོ་ཞེས་སྒྲ་སྒྲོགས་པར་གྱུར་ནས། སྒྲ་ཆེན་པོ་སྒྲོགས་པ་བརྒྱ་དང་སྟོང་ཕྲག་གཅིག་དང ། སྒྲ་ཆེན་པོ་འབུམ་ཕྲག་གཅིག་པོ་རྣམས་ཀྱིས་བདུད་ཀྱི་དམག་གི་སྒྲ་རྣམས་ཟིལ་གྱིས་མནན་པ་བཞིན་དུ་གྱུར་ཏོ། །དེ་ནས་སྐྱེས་བུ་ཆེན་པོ་དོན་གྲུབ་ཀྱི་སྦྱིན་པ་ཆེན་པོ་བྱིན་པ་ནི་མཆོག་གི་སྦྱིན་པའོ་ཞེས་ཐམས་ཅད་སྒྲོལ་གྱི་སྦྱིན་པ་དྲན་པར་བྱེད་ཅིང་དཔག་ཚད་ཕྱེད་དང་ཉིས་བརྒྱའི་རིའི་འོག་པག་གི་གླང་པོ་ཆེ་པུས་མོ་ས་ལ་བཙུགས་ནས་འཁོད་དོ། །བདུད་ཀྱི་འཁོར་རྣམས་ཕྱོགས་དང་མཚམས་རྣམས་སུ་བྲོས་ནས་གཉིས་ལམ་གཅིག་ལ་འགྲོ་བ་མེད་དོ། །མགོའི་རྒྱན་ཉིད་དང་གྱོན་པའི་གོས་དང་པོར་དོར་ནས་རང་གི་ཕྱོགས་ཕྱོགས་ཉིད་དུ་འབྲོས་སོ། །དེ་ནས་ལྷའི་ཚོགས་རྣམས་ཀྱིས་བདུད་བྲོས་ནས་འགྲོ་བ་མཐོང་སྟེ། བདུད་རྣམས་ཕམ་པས་དོན་གྲུབ་གཞོན་ནུ་རྒྱལ་བར་གྱུར་ཏོ་ཞེས་རྒྱལ་བའི་མཆོད་པ་བྱེད་པར་སེམས་སོ། །ཀླུ་ནི་ཀླུ་རྣམས་ལ་བསྐུལ་ལོ། །འདབ་བཟང་ནི་འདབ་བཟང་རྣམས་ལའོ། །ལྷ་ནི་ལྷ་རྣམས་ལའོ། །
39.233a
ཚངས་པས་ནི་ཚངས་པ་རྣམས་བཀུལ་ལོ། །སྤོས་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་ལག་ཏུ་ཐོགས་ནས་བྱང་ཆུབ་ཤིང་གི་དྲུང་དུ་དཀྱིལ་དཀྲུང་གིས་བཞུགས་པའི་སྐྱེས་བུ་ཆེན་པོ་དང་ཉེ་བར་འོངས་སོ། །དེ་ལྟར་བདུད་རྣམས་བྲོས་ནས་སོང་ངོ ། །དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར། །སྡིག་ཅན་བདུད་ནི་ཕམ་པར་གྱུར། །རབ་དགའ་བྱང་ཆུབ་སྙིང་པོར་སྒྲོགས། །དེ་ཚེ་དྲང་སྲོང་ཀླུ་ཚོགས་རྒྱལ། །དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར། །སྡིག་ཅན་བདུད་ནི་ཕམ་པར་གྱུར། །རབ་དགའ་བྱང་ཆུབ་སྙིང་པོར་སྒྲོགས། །འདབ་བཟང་ཚོགས་ཀྱི་དྲང་སྲོང་རྒྱལ། །དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར། །སྡིག་ཅན་བདུད་ནི་ཕམ་པར་གྱུར། །རབ་དགའ་བྱང་ཆུབ་སྙིང་པོར་སྒྲོགས། །ལྷ་ཚོགས་དེ་ཚེ་དྲང་སྲོང་རྒྱལ། །དཔལ་ལྡན་སངས་རྒྱས་རྒྱལ་བར་གྱུར། །སྡིག་ཅན་བདུད་ནི་ཕམ་པར་གྱུར། །རབ་དགའ་བྱང་ཆུབ་སྙིང་པོར་སྒྲོགས། །ཚངས་ཚོགས་དེ་ཚེ་རྒྱལ་བར་སྒྲོགས། །མཐར་སྟོང་ཕྲག་བཅུའི་ཁོར་ཡུག་གི་ལྷ་རྣམས་ཀྱིས་མེ་ཏོག་དང་སྤོས་དང་བྱུག་པ་རྣམས་ཀྱིས་མཆོད་པར་བྱེད་དོ། །རྣམ་པ་སྣ་ཚོགས་པའི་བསྟོད་པ་བྱེད་ཅིང་འཁོད་དོ། །འདི་ལྟར་སྐྱེས་བུ་ཆེན་པོ་ཉི་མ་ནུབ་པའི་ཚེ་བདུད་རྣམ་པར་བཅོམ་ནས་ཆོས་གོས་ཀྱི་སྟེང་དུ་བྱང་ཆུབ་ཀྱི་ཤིང་གི་འདབ་མ་མྱུ་གུ་ལྟ་བུ་ལྷུང་ཞིང་བྱི་རུ་དམར་པོས་མཆོད་པར་བྱེད་པ་ལྟ་བུའོ། །ཐུན་དང་པོ་ལ་སྔོན་གྱི་གནས་རྗེས་སུ་དྲན་པ་ཡེ་ཤེས་ཀྱིས་རྟོགས་པ་དང ། །ཐུན་བར་པ་ལ་ལྷའི་སྤྱན་རྣམ་པར་དག་པས་ཡེ་ཤེས་ཐོབ་པ་དང ། ཐུན་ཐ་མ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡེ་ཤེས་ཐོབ་པོ། །དེ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་རྐྱེན་གྱིས་རྣམ་པར་འཇུག་པ་དང་མི་འཇུག་པའི་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པ་དྲན་པར་བྱེད་ཅིང་དྲན་པར་བྱེད་དོ། །སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཆུའི་མཐར་ཐུག་པར་བྱས་ནས་ལན་བཅུ་གཉིས་སུ་ཡང་དག་པར་གཡོས་སོ། །སླར་ཡང་སྐྱེས་བུ་ཆེན་པོས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་སུ་སྒྲ་ཆེན་པོ་སྒྲོགས་ཤིང་སྐྱ་རེང་ཤར་བའི་དུས་སུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ
39.233b
སོར་མྱོང་ངོ ། །སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བརྒྱན་བཞིན་དུ་རིགས་པར་གྱུར་ཏོ། །ཤར་ཕྱོགས་ཀྱི་ཁོར་ཡུག་གི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུས་ནུབ་ཀྱི་ཁོར་ཡུག་གི་སྟེང་དུ་ཆགས་སོ། །དེ་བཞིན་དུ་ནུབ་ཀྱི་ཕྱོགས་ཀྱི་ཁོར་ཡུག་གི་མཐའི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུས་ཤར་གྱི་ཁོར་ཡུག་གི་སྟེང་དུ་ཆགས་སོ། །བྱང་གི་ཕྱོགས་ཀྱི་ཁོར་ཡུག་གི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུ་ལྷོའི་ཁོར་ཡུག་གི་སྟེང་དུ་ཆགས་སོ། །ལྷོའི་ཕྱོགས་ཀྱི་ཁོར་ཡུག་གི་སྟེང་དུ་རྒྱལ་མཚན་དང་བ་དན་བཙུགས་པའི་ཤམ་བུས་བྱང་གི་ཁོར་ཡུག་གི་སྟེང་དུ་ཆགས་སོ། །ས་གཞི་ལས་ལངས་པའི་རྒྱལ་མཚན་དང་བ་དན་ཚངས་པའི་གནས་སུ་ཆགས་སོ། །ཚངས་པའི་འཇིག་རྟེན་གྱི་གནས་སུ་བཅིངས་པའི་རྒྱལ་མཚན་དང་བ་དན་ས་གཞིའི་སྟེང་དུ་ཆགས་སོ། །སྟོང་ཕྲག་བཅུའི་ཁོར་ཡུག་ལ་མེ་ཏོག་གི་ཤིང་ལ་མེ་ཏོག་ཁ་བྱེའོ། །འབྲས་བུའི་ཤིང་ལ་འབྲས་བུ་མང་པོར་གྱུར་ཏོ། །སྡོང་པོ་རྣམས་ལ་སྡོང་པོའི་པད་མའི་མེ་ཏོག་ཁ་བྱེའོ། །ཡལ་ག་རྣམས་ལ་ཡལ་གའི་པད་མའི་མེ་ཏོག་གོ། །འཁྲིལ་ཤིང་རྣམས་ལ་འཁྲིལ་ཤིང་གི་པད་མའི་མེ་ཏོག་གོ། །ནམ་མཁའ་ནས་མཐུར་དུ་པད་མའི་མེ་ཏོག་འཕྱང་ངོ ། །ཐང་དང་རྡོའི་སྟེང་དུ་བརྟོལ་ནས་སྟེང་དུ་བདུན་བདུན་དུ་གྱུར་ཏེ་རྒྱུན་ཆགས་པའི་པད་མའི་མེ་ཏོག་ཅེས་བྱ་བ་ཕྱུང་ངོ ། །སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ཁྱད་པར་དུ་འཕགས་པའི་མེ་ཏོག་གི་གདན་བཞིན་དུ་གྱུར་ཏོ། །ཁོར་ཡུག་གི་བར་དཔག་ཚད་སྟོང་ཕྲག་བརྒྱད་ཀྱི་འཇིག་རྟེན་གྱི་བར་གྱི་དམྱལ་བ་ཉི་མ་བདུན་གྱི་འོད་ཀྱིས་ཀྱང་སྣང་བར་བྱེད་པ་མེད་པས་ན་དཀོན་ནོ། །དེ་དང་མཚུངས་པའི་འཇིག་རྟེན་གྱི་བར་གྱི་དམྱལ་བ་དེ་མ་ཐག་ཏུ་སྣང་བར་གྱུར་ཏོ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཙམ་གྱིས་ཟབ་པའི་རྒྱ་མཚོ་ཆེན་པོའི་ཆུ་དངར་པོར་གྱུར་ཏོ། །ཆུ་ཀླུང་རྣམས་ནི་འགྲོ་བར་གནས་སོ།[་]།དམུས་ལོང་རྣམས་ཀྱི་མིག་གིས་གཟུགས་མཐོང་ངོ ། །འོན་པ་རྣམས་ཀྱི་རྣ་བས་སྒྲ་ཐོས་སོ། །གོང་པོ་རྣམས
39.234a
ཀྱིས་འགྲོ་ཤེས་པར་གྱུར་ཏོ། །བཅིངས་པའི་སེམས་ཅན་རྣམས་ནི་རྗེས་སུ་བཅིངས་པ་ལས་གྲོལ་བར་གྱུར་ཏོ། །འདི་ལྟར་ཚད་མེད་པའི་དཔལ་དུ་གྱུར་ནས་མཆོད་པ་དང་ཡ་མཚན་པའི་ཆོས་རབ་ཏུ་སྐྱེས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་རིག་གོ། །སངས་རྒྱས་ཐམས་ཅད་ཀྱི་བཤད་པ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །སྐྱེ་བའི་འཁོར་བ་མ་ལུས་པ། །དུག་མེད་རྣམ་པར་དུག་མེད་ཚོལ། །ཁྱིམ་མེད་པ་ནི་ཚོལ་བ་ན། །སྐྱེ་བའི་སྡུག་བསྔལ་ཡང་ཡང་དང ། །ཁྱིམ་མེད་པ་ནི་མཐོང་བར་གྱུར། །སླར་ཡང་ཁྱིམ་ནི་བྱེད་པ་མེད། །དེ་ཡི་སྡུག་བསྔལ་ཐམས་ཅད་བཅོམ། །དུག་གི་མིང་ཅན་ཁྱིམ་གྱི་ཕུང ། །སེམས་ནི་འདུ་བྱེད་པ་ལས་གྲོལ། །སྲེད་པ་ཟད་ནས་མེད་པར་གྱུར་ཞེས་པ་འདི་ནི་དགའ་ལྡན་གྱི་ཕོ་བྲང་དུ་གནས་པ་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་འདིར་ཐམས་ཅད་མཁྱེན་པ་ཐོབ་པ་དེ་རྣམས་ཀྱི་གནས་ནི་གླེང་གཞི་བར་མ་ཞེས་བྱ་བ་ཡིན་ནོ།། ་།།གཞན་ཡང་ཉེ་བའི་གླེང་གཞི་ནི་བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་གནས་སུ་བཞུགས་པ་དང་།[་]ཡངས་པ་ཅན་གྱི་ནགས་ཚལ་ཆེན་པོ་ཁང་པ་བརྩེགས་པའི་གནས་སུ་བཞུགས་སོ།[་]།དེ་ལྟར་དེ་དང་དེའི་གནས་རྣམས་སུ་བཞུགས་ཤིང་དེ་དང་དེའི་གནས་ཉིད་ཐོབ་ཅེས་བརྗོད་དོ། །གང་ཅི་ཡང་འདི་ལྟར་བརྗོད་པ་དེ་ནས་ཡང་དེ་དང་པོ་ནས་བཟུང་ནས་འདི་ལྟར་རིག་པར་བྱའོ། །བཅོམ་ལྡན་འདས་བཞུགས་ནས་ཆེད་དུ་བརྗོད་ཅིང་ཆེད་དུ་བརྗོད་པ་དེ་ལྟ་བུའི་སེམས་སྐྱེས་སོ། །བདག་གིས་བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་ལྷག་པ་ནས་སྐྱིལ་ཀྲུང་བཅས་པ་འདིའི་ཆེད་དུ་དུས་འདི་རྣམས་ལ་བདག་གི་མགོ་རྒྱན་གྱིས་བརྒྱན་པའི་མགྲིན་པ་ནས་བྲེགས་ཏེ་སྦྱིན་པར་བཏང་བ་དང ། སྤྱན་བཟང་པོ་བཏང་བ་དང ། སྙིང་གི་ཤ་བྲེགས་ནས་བཏང་བ་དང ། གཞོན་ནུ་དྲ་བ་འཛིན་དང་འདྲ་བའི་བུ་སྦྱིན་པར་བཏང་བ་དང ། ཀྲིཥྞ་ཛི་ནའི་གཞོན་ནུ་མ་དང
39.234b
མཚུངས་པའི་བུ་མོ་སྦྱིན་པར་བཏང་བ་དང ། ལྷ་མོ་མ་ཀྲི་དང་མཚུངས་པའི་ཆུང་མ་རྣམས་གཞན་གྱི་བྲན་གྱི་ཕྱིར་སྦྱིན་པར་བཏང་ངོ་།[་]།འདི་ནི་བདག་གི་འདུག་སྟངས་ཡིན་ནོ། །རྒྱལ་བའི་འདུག་སྟངས་ཡིན་ནོ། །མཆོག་གི་འདུག་སྟངས་ཡིན་ནོ། །འདི་ལ་བདག་བཞུགས་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་སོ། །རེ་ཞིག་སྟན་འདི་ལས་བདག་མི་ལྡང་ངོ་སྙམ་དུ་བསམས་ནས་བྱེ་བ་འབུམ་ཕྲག་དུ་མ་ལ་སྙོམས་པར་ཞུགས་ནས་མཉམ་པར་གནས་ཏེ་ཞག་བདུན་དུ་དེ་ཉིད་དུ་བཞུགས་སོ། །དེའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞག་བདུན་དུ་འདུག་སྟངས་གཅིག་གིས་བཞུགས་སོ། །རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིག་ཅིང་བཞུགས་སོ། །གཞན་ཡང་ལྷ་གང་དང་གང་ཞིག་ད་དུང་ཡང་ངེས་པར་དོན་གྲུབ་ལ་བྱ་བ་ཡོད་དམ་འདུག་སྟངས་འདི་ལ་ཞེན་པ་མ་སྤང་བ་དང་རྣམ་པར་རྟོག་པ་ཡོངས་སུ་བསྐྱེད་དོ་ཞེས་བསམས་ནས་སྟོན་པས་ལྷ་རྣམས་ཀྱི་རྣམ་པར་རྟོག་པ་མཁྱེན་ནས། དེ་རྣམས་ཀྱི་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྟེང་གི་ནམ་མཁའ་ལ་འདུག་ནས་སོ་སོར་ཆོ་འཕྲུལ་བསྟན་ཏོ། །བྱང་ཆུབ་ཀྱི་སྙིང་པོར་མཛད་པའི་ཆོ་འཕྲུལ་དང ། ཉེ་དུ་དང་འདུས་པའི་དུས་སུ་མཛད་པའི་ཆོ་འཕྲུལ་དང ། ཀློག་པའི་མདོ་དང་འདུས་པར་མཛད་པའི་ཆོ་འཕྲུལ་ཐམས་ཅད་ཨ་སྨྲའི་ཤིང་གི་དྲུང་དུ་མཛད་པའི་སོ་སོའི་ཆོ་འཕྲུལ་དང་མཚུངས་པར་གྱུར་ཏོ། །འདི་ལྟར་སྟོན་པས་འདི་ལྟ་བུའི་ཆོ་འཕྲུལ་མཛད་ནས་ལྷ་རྣམས་ཀྱི་རྣམ་པར་རྟོག་པ་ཉེ་བར་ཞི་བར་མཛད་དོ། །འདུག་སྟངས་ཀྱིས་བྱང་ཤར་གྱི་ཆར་འཁོད་དེ་འདིའི་འདུག་སྟངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་རྟོགས་པར་བྱེད་དོ། །བསྐལ་པ་གྲངས་མེད་པ་བཞི་དང་འབུམ་ཕྲག་གཅིག་གིས་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པའི་འབྲས་བུ་ལྷག་པར་རྟོགས་པའི་འདུག་སྟངས་ཀྱིས་མིག་མི་འཛུམ་པར་ལྟ་ཞིང་ཞག་བདུན་དུ་འཁོད་དོ། །དེའི་གནས་སུ་མིག་མི་འཛུམ་པའི་མཆོད་རྟེན་ཞེས་བྱ་བ་བྱུང་ངོ ། །དེ་ནས་འདུག་སྟངས་ལ
39.235a
འཁོད་པའི་གནས་ཀྱི་བར་དུ་འཆག་པར་བྱས་ནས་ཤར་དང་ནུབ་དུ་རིན་པོ་ཆེ་ལ་འཆག་པས་ཞག་བདུན་དུ་འཁོད་དོ། །གནས་དེར་རིན་པོ་ཆེ་ལ་འཆག་པའི་མཆོད་རྟེན་ཞེས་བྱ་བ་བྱུང་ངོ ། །གཞན་ཡང་ཞག་བདུན་པ་བཞི་པ་ལ་བྱང་ཆུབ་ཤིང་གི་བྱང་ཤར་གྱི་ཆར་ལྷ་རྣམས་ཀྱིས་རིན་པོ་ཆེའི་ཁང་པ་སྤྲུལ་ལོ། །དེར་འདུག་སྟངས་ཀྱིས་བཞུགས་ནས་ཆོས་མངོན་པའི་སྡེ་སྣོད་མ་ལུས་པར་འདི་རྣམས་མཐའ་ཡས་པའི་ཚུལ་གྱིས་ཀུན་གནས་པར་སེམས་ཤིང་ཞག་བདུན་བཞུགས་སོ། །ཆོས་མངོན་པ་སླར་ཡང་འདི་སྐད་སྨྲའོ། །རིན་པོ་ཆེའི་ཁང་པ་ཞེས་བྱ་བ་རིན་པོ་ཆེ་ལས་བྱུང་བའི་ཁང་པ་ཡིན་ནོ་ཞེས་ཟེར་རོ། །སྡུད་པར་བྱེད་པ་པོ་རྣམས་སླར་ཡང་འདི་སྐད་གསུང་སྟེ། རབ་ཏུ་བྱེད་པ་བདུན་གྱི་ཆོས་མངོན་པ་རྗེས་སུ་དྲན་པར་བྱེད་པའི་རིན་པོ་ཆེའི་ཁང་པ་ཡིན་ཞེས་གསུང་ངོ ། །གང་གི་ཕྱིར་སླར་ཡང་འདིར་ཚིག་གཉིས་ཀ་ཡང་འཐད་དོ། །དེའི་ཕྱིར་འདི་གཉིས་ཀ་ཡང་གཟུང་བར་བྱའོ། །དེ་ནས་སླར་ཡང་གནས་དེ་རིན་པོ་ཆེའི་ཁང་པའི་མཆོད་རྟེན་ཞེས་བྱ་བ་བྱུང་ངོ ། །འདི་ལྟར་བྱང་ཆུབ་ཤིང་དང་ཉེ་བ་ཉིད་དུ་ཞག་བདུན་པ་བཞི་པ་སོང་ནས་ཞག་བདུན་པ་ལྔ་པ་ལ་བྱང་ཆུབ་ཤིང་གི་དྲུང་ནས་ར་ལུག་སྐྱོང་བའི་ཤིང་ནྱ་གྲོ་དྷ་དང་ཉེ་བར་གཤེགས་ནས་དེར་ཡང་ཆོས་ལ་རྣམ་པར་སེམས་པ་ཉིད་ཀྱིས་རྣམ་པར་གྲོལ་བ་དང་བདེ་བས་སོ་སོར་རིག་པར་མཛད་ནས་བཞུགས་སོ། །དེའི་ཚེ་ལྷའི་བུའི་བདུད་དུས་འདི་རྣམས་ཀྱི་ཕྱི་མ་ལ་གྲིབ་མ་བཞིན་དུ་ཕྱོགས་གང་དུའང་མ་སྤངས་སོ། །བྱང་ཆུབ་སེམས་དཔའ་ལ་སྐྱོན་ཅུང་ཟད་ཀྱང་མ་མཐོང་ངོ ། །ད་ནི་ངའི་དབང་དུ་བྱ་བ་ལས་འདས་པས་ཡིད་མི་བདེ་བ་ཐོབ་པར་གྱུར་ཅིང་ལམ་ཆེན་པོར་གནས་ནས་རྣམ་པ་བཅུ་དྲུག་གི་རྒྱུ་མཚན་ལ་སེམས་ཤིང་ས་ལ་རི་མོ་བཅུ་དྲུག་འདྲིའོ། །བདག་གིས་འདི་བཞིན་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མ་རྫོགས་པ་དེའི་ཕྱིར་བདག་འདི་དང་འདྲ་བར་མ་གྱུར་ཏོ་ཞེས་རི་མོ་གཅིག་བྲིས་སོ། །དེ་བཞིན་དུ་བདག་འདི་དང་མཚུངས་པར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང ། ངེས་འབྱུང་གི་ཕ་རོལ་དུ་ཕྱིན་པ་དང ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང ། བརྩོན
39.235b
འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང ། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང ། བདེན་པའི་ཕ་རོལ་དུ་ཕྱིན་པ་དང ། ལྷག་པར་གནས་པའི་ཕ་རོལ་དུ་ཕྱིན་པ་དང ། བྱམས་པའི་ཕ་རོལ་དུ་ཕྱིན་པ་དང ། བཏང་སྙོམས་ཀྱི་ཕ་རོལ་དུ་ཕྱིན་པ་རྣམས་མ་རྫོགས་སོ། །དེའི་ཕྱིར་བདག་འདི་དང་མཚུངས་པར་མ་གྱུར་ཏོ་སྙམ་ནས་རི་མོ་བཅུ་བྲིས་སོ། །བདག་འདི་དང་མཚུངས་པའི་ཐུན་མོང་མ་ཡིན་པའི་དབང་པོ་མཆོག་གི་གོང་མའི་ཡེ་ཤེས་སོ་སོར་རིག་པ་ཉེ་བར་གནས་པར་གྱུར་པའི་ཕ་རོལ་དུ་ཕྱིན་པ་བཅུ་མ་རྫོགས་པ་དེའི་ཕྱིར་བདག་འདི་དང་མཚུངས་པར་མ་གྱུར་ཏོ་སྙམ་ནས་རི་མོ་བཅུ་དྲུག་བྲིས་སོ། །དེ་བཞིན་དུ་བདག་འདི་དང་མཚུངས་པའི་ཐུན་མོང་མ་ཡིན་པའི་བསམ་པའི་བག་ལ་ཉལ་དང་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོ་དང ། སྙོམས་པར་འཇུག་པའི་ཡེ་ཤེས་དང ། སོ་སོར་ཆོ་འཕྲུལ་གྱི་ཡེ་ཤེས་དང་སྒྲིབ་པ་མེད་པའི་ཡེ་ཤེས་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་སོར་གནས་པ་ཉེ་བར་གནས་པར་གྱུར་པའི་ཕ་རོལ་དུ་ཕྱིན་པ་བཅུ་མ་རྫོགས་པའི་དེའི་ཕྱིར་བདག་འདི་དང་མཚུངས་པར་མ་གྱུར་ཏོ་སྙམ་ནས་རི་མོ་བཅུ་དྲུག་བྲིས་སོ། །འདི་ལྟར་འདིའི་རྒྱུ་མཚན་སེམས་ཤིང་ལམ་ཆེན་པོར་རི་མོ་བཅུ་དྲུག་བྲིས་ནས་གནས་སོ། །དེའི་ཚེ་སྲེད་མ་དང ། ཀུན་དུ་དགའ་མ་དང ། དགའ་མ་སྡེ་གསུམ་པོ་ནི་བདུད་ཀྱི་བུ་མོ་བདག་ཅག་གི་ཕ་ནི་མ་མཐོང་བར་གྱུར་པས་དེ་མ་ཐག་པར་ག་ན་ཡོད་དམ་ཞེས་བལྟ་ཞིང་རྒྱུ་བ་ན་དེ་ཡིད་མི་བདེ་བ་ཐོབ་པར་གྱུར་ཏེ། ས་ལ་རི་མོ་བྱེད་པ་མཐོང་ནས་ཕ་དང་ཉེ་བར་སོང་སྟེ་ཕ་གང་གི་ཕྱིར་སྡུག་བསྔལ་ཞིང་ཡིད་མི་བདེ་བར་བྱེད་ཅེས་དྲིས་སོ། །བུ་མོ་དགེ་སྦྱོང་ཆེན་པོ་འདི་བདག་གི་དབང་དུ་བྱེད་པ་ལས་འདས་སོ་ཞེས་འདི་རྣམས་ཀྱི་དུས་སུ་བལྟས་པས་སྐྱོན་ཅུང་ཟད་ཀྱང་མ་མཐོང་ངོ ། །དེའི་ཕྱིར་བདག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་སོ། །འདི་ལྟར་གྱུར་ན་དེ་ལྟར་མ་བསམ་ཅིག་།བདག་ཅག་གསུམ་གྱིས་དེ་དབང་དུ་བྱས་ནས་ཁྲིད་ལ་འོང་ངོ ། །སྨྲས་པ། བུ་མོས་མི་ནུས་ཏེ་སུས་ཀྱང་དབང་དུ་བྱ་བར་མི་ནུས་པས་སྐྱེས་བུ་འདི་ནི་མི་གཡོ
39.236a
བའི་དད་པ་ལ་གནས་སོ། །སྨྲས་པ།[་]ཕ་བདག་ཅག་བུད་མེད་ཡིན་པས་ད་ལྟ་ཉིད་དུ་དེ་ལ་འདོད་ཆགས་ཀྱི་ཞགས་པས་བཅིངས་ཏེ་ཁྲིད་ལ་འོང་ངོ ། །ཁྱེད་མ་སེམས་ཤིག་།དེ་ནས་བུད་མེད་དེ་རྣམས།[་]བཅོམ་ལྡན་འདས་དང་ཉེ་བར་སོང་སྟེ་དགེ་སྦྱོང་ཁྱེད་ཀྱི་ཞབས་ལ་བསྙེན་བཀུར་བདག་ཅག་གིས་བགྱིའོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཉིད་ཀྱིས་དེ་རྣམས་ཀྱི་ཚིག་ལ་ཐུགས་མ་གཏད་དོ། །སྤྱན་རྣམ་པར་གྲོལ་བ་ཡང་མ་གཟིགས་སོ། །ཇི་ལྟར་དེ་བླ་ན་མེད་པའི་ཉེ་བར་སྐྱེ་བ་ཟད་པ་རྣམ་པར་གྲོལ་བའི་བསམ་པས་དབེན་པའི་བདེ་བ་ཉིད་ལ་ཉམས་སུ་མྱོང་བར་མཛད་ཅིང་བཞུགས་སོ། །གཞན་ཡང་བདུད་ཀྱི་བུ་མོ་བསམ་པ་མང་ཞིང་སྐྱེས་བུ་དང་མཚུངས་པའི་སེམས་སོ། །གང་དང་གང་གཞོན་ནུ་ལ་དགའ་བར་གྱུར་པ་དང ། གང་དང་གང་ཞིག་ན་ཚོད་དང་པོར་གྱུར་པ་ལ་དགའ་བ་དང ། གང་དང་གང་ཞིག་ན་ཚོད་བར་མར་གྱུར་པ་ལ་དགའ་བ་དང ། གང་དང་གང་ཞིག་ན་ཚོད་ཕྱི་མར་གྱུར་པ་ལ་དགའ་བའོ། །བདག་གིས་དེ་ལྟ་བུའི་རྣམ་པ་སྣ་ཚོགས་པའི་འོད་ལ་ཆགས་པར་བགྱིའོ་ཞེས་སྨྲས་ནས། བུ་མོ་རེ་རེས་གཞོན་ནུ་མའི་གཟུགས་ལ་སོགས་པའི་བརྒྱ་ཕྲག་བརྒྱ་ཕྲག་གིས་བདག་ཉིད་ཀྱི་ལུས་སྤྲུལ་ལོ། །གཞོན་ནུ་མའི་གཟུགས་དང་ལང་ཚོ་མའི་གཟུགས་དང ། དང་པོ་བུ་དང་བུ་མོ་ལན་ཅིག་སྐྱེས་པའི་གཟུགས་དང་།[་]བར་མའི་བུད་མེད་ཀྱི་གཟུགས་དང ། ལུས་རགས་མོར་གྱུར་ནས་ལན་དྲུག་དུ་བཅོམ་ལྡན་འདས་དང་ཉེ་བར་སོང་ནས་དགེ་སྦྱོང་ཁྱོད་ཀྱི་ཞབས་ལ་བདག་ཅག་གིས་བསྙེན་བཀུར་བགྱིའོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་ཚིག་ལ་ཡང་ཐུགས་མ་གཏད་དོ། །ཇི་ལྟར་དེ་བླ་ན་མེད་པའི་ཉེ་བར་སྐྱེ་བ་རྣམ་པར་གྲོལ་ལོ། །གཞན་ཡང་སློབ་དཔོན་གང་ཞིག་འདི་སྐད་སྨྲའོ། །དེ་རྫུ་འཕྲུལ་དང་ལྡན་པས་བུད་མེད་འོངས་པ་ལ་བལྟ་ཞིང་བཅོམ་ལྡན་འདས་འདི་ལྟ་བུའི་གཟུགས་ཀྱིས་འདི་རྣམས་སོ་བྱི་བ་དང ། སྐྲ་དཀར་པོར་གྱུར་པར་བྱིན་གྱིས་བརླབས་སོ་ཞེས་ཟེར་རོ། །
39.236b
དེའི་ཚིག་གཟུང་བར་མི་བྱའོ། །སྟོན་པས་འདི་ལྟ་བུའི་གཟུགས་སུ་བྱིན་གྱིས་བརླབས་པར་མ་མཛད་དོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ཅི་མཐོང་འདི་ལྟ་བུའི་འབད་པ་བྱེད་པ་ད་སོང་ཅིག་།འདི་ལྟ་བུའི་ཚུལ་གྱིས་འདོད་ཆགས་དང་མ་བྲལ་བ་ལ་སྩོགས་པའི་མདུན་དུ་བྱ་བར་རིགས་སོ།[་]།དེ་བཞིན་གཤེགས་པས་སླར་ཡང་འདོད་ཆགས་སྤངས་ཤིང་ཉེས་པ་སྤངས་པ་དང་གཏི་མུག་སྤངས་པས་རང་གི་འདོད་ཆགས་སྤངས་པའི་ཕྱིར་རོ། །གང་ཞིག་རྒྱལ་བ་དེ་ལ་རྒྱལ་མི་ནུས། །གང་ཞིག་འཇིག་རྟེན་འདིར་ནི་རྒྱལ་མི་འགྱུར། །མཐའ་ཡས་སངས་རྒྱས་སྤྱོད་ཡུལ་དེ་མི་གནས། །རྐང་མེད་ཀྱིས་ནི་རྐང་ཡོད་ལ་མི་ནུས། །གང་གི་སྲིད་པའི་དྲ་བ་བཏོན་གྱུར་ནས། །དེ་ལ་སྲེད་པ་རྣམས་ནི་ཅུང་ཟད་མེད།[་]།མཐའ་ཡས་སངས་རྒྱས་སྤྱོད་ཡུལ་དེ་ཉིད་ལ། །རྐང་མེད་དེ་ཡིས་རྐང་ཡོད་ལ་མི་ནུས། །འདི་ནི་སངས་རྒྱས་ཀྱི་ཆོས་མཆོག་གི་སྡེ་ལས་ཚིགས་སུ་བཅད་པ་གཉིས་གསུངས་ནས་ཆོས་བསྟན་ཏོ། །བུ་མོ་རྣམས་ལ་ཕ་ཟེར་བ་ཡང་བདེན་པ་ཡིན་ནོ། །དགྲ་བཅོམ་པ་བདེ་བར་གཤེགས་པ་འཇིག་རྟེན་མིའི་མཆོག་ཡིན་ནོ་ཞེས་སྨྲས་ནས་ལྷ་དང་ཉེ་བར་སོང་ངོ ། །བཅོམ་ལྡན་འདས་ཀྱིས་ཀྱང་འདིར་ཞག་བདུན་བཞུགས་ནས་བཏང་ཟུང་གི་གནས་སུ་གཤེགས་སོ། །དེར་ཞག་བདུན་དུ་སྐུ་ལ་ཡུལ་ངན་དང་གྲང་བ་ཞི་བར་བྱ་བའི་ཕྱིར་ཀླུའི་རྒྱལ་པོ་བཏང་ཟུང་ཞེས་བྱ་བས་ལུས་ཀྱིས་ལན་བདུན་དུ་དཀྲིས་ནས་གདེངས་ཀ་བྱས་སོ། །དྲིའི་གཙང་ཁང་ཤིན་དུ་ཡངས་པར་བཞུགས་པ་བཞིན་རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིག་པར་བྱེད་ཅིང་ཞག་བདུན་དུ་བཞུགས་ནས་ཤིང་རཱ་ཛ་ཡ་ཏ་ན་དང་ཉེ་བར་གཤེགས་སོ། །དེར་ཡང་རྣམ་པར་གྲོལ་བ་དང་བདེ་བ་སོ་སོར་རིག་པར་བྱེད་པ་ཉིད་ཀྱིས་བཞུགས་སོ། །དེ་རྣམས་ཀྱིས་རེ་ཞིག་ཞག་བདུན་ཕྲག་བདུན་ཡོངས་སུ་རྫོགས་སོ། །དེ་རྣམས་ཀྱི་བར་དུ་ཞལ་ཤོལ་བ་མེད་པ་དང་སྐུ་ལ་བྱི་དོར་བྱེད་པ་མེད་པ་དང་ཞལ་ཟས་གསོལ་བ་མེད་པར་གྱུར་ཏོ། །བསམ་གཏན་གྱི་བདེ་བ་དང ། ལམ་གྱི་བདེ་བ་དང ། འབྲས་བུའི་བདེ་བ་ཉིད་ཀྱིས་ཉིན་མཚན་འདའོ།[་]།
39.237a
དེ་ནས་དེའི་བདུན་ཕྲག་བདུན་གྱི་མཐར་གཅིག་གིས་དམན་པའི་ལྔ་བཅུའི་མཐའི་ཉི་མ་ལ་དེར་བཞུགས་ནས་ཞལ་ཤོལ་བའི་ཐུགས་སྐྱེས་སོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཨ་རུ་ར་མཆོག་བླངས་ནས་ཕུལ་ལོ། །སྟོན་པས་དེ་གསོལ་བས་སྐུ་དངས་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་ཉིད་ཀྱིས་སོ་རྩིའི་སོ་ཤིང་ཉིད་ཀྱི་སོ་ཤིང་དང་།[་]ཞལ་ཤོལ་བའི་ཆུ་ཕུལ་ལོ། །སྟོན་པས་སོ་ཤིང་བླངས་ནས་སོ་བྲུད་དེ་མཚོ་ཆེན་པོ་མ་དྲོས་པའི་ཆུས་ཞལ་བཤལ་ལོ། །དེ་ཉིད་དུ་ཤིང་རཱ་ཛ་ཡ་ཏ་ནའི་དྲུང་དུ་བཞུགས་སོ། །དེའི་ཚེ་ག་གོན་དང་བཟང་པོ་ཞེས་བྱ་བའི་ཚོང་དཔོན་གཉིས་ཤིང་རྟ་ལྔ་བརྒྱ་དང་བཅས་པ་ལྷོ་ཕྱོགས་ཀྱི་ལྗོངས་ནས་ཡུལ་དབུས་སུ་འགྲོ་བ་ན་རང་ཉིད་ཀྱི་སྔར་གྱི་གཉེན་ལྷར་གྱུར་པས་ཤིང་རྟ་ཐམས་ཅད་བྱིང་ནས་འགྲོ་བར་མི་ནུས་པར་བྱིན་གྱིས་བརླབས་པས་སྟོན་པ་ལ་ཁ་ཟས་སྟེར་བའི་ཕྱིར་སྤྲོ་བ་སྐྱེས་སོ། །སྦྲང་བསྲུབས་པའི་ཁུར་བའི་གོང་བུ་བླངས་ནས་བཙུན་པ་བཅོམ་ལྡན་འདས་བཟའ་བ་འདི་ཐུགས་རྗེ་ཆེན་པོ་སྐྱེད་ལ་སོ་སོར་བཞེས་པར་ཞུ་ཞེས་སྟོན་པའི་དྲུང་དུ་ཉེ་བར་འཁོད་དོ། །བཅོམ་ལྡན་འདས་འོ་ཐུག་བཞེས་པའི་ཉིན་མོ་ཉིད་ལྷུང་བཟེད་མི་སྣང་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་ཕྱག་གིས་ལེན་ནམ་འོན་ཀྱང་ལྷུང་བཟེད་ཀྱིས་བླང་ཞེས་བསམས་སོ། །དེ་ནས་སེམས་ཀྱིས་ཤེས་ནས་ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཀྱིས་ནོར་བུ་ཨིན་དྲ་ནཱི་ལའི་ལྷུང་བཟེད་བླངས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ ། །སླར་ཡང་སྲན་མ་མུད་གའི་ཁ་དོག་ཅན་གྱི་རྡོ་ལས་བྱུང་བའི་ལྷུང་བཟེད་བཞི་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ལྷའི་བུ་བཞི་པོ་རྣམས་ལ་རྗེས་སུ་བརྩེ་བས་ལྷུང་བཟེད་བཞི་པོ་བཞེས་ཏེ་སྟེང་ནས་སྟེང་དུ་བརྩེགས་ནས་བཞག་སྟེ་གཅིག་ཏུ་འགྱུར་བར་བྱིན་གྱིས་བརླབས་སོ། །བཞི་པོ་ཡང་བལྟ་བའི་ཕྱིར་དུ་ཁ་ལ་རི་མོ་བཞིར་གྱུར་ཏེ་ལྷུང་བཟེད་འབྲིང་པོའི་ཚད་གཅིག་ཏུ་གྱུར་ཏོ། །བཅོམ་ལྡན་འདས་ལ་དེའི་སོ་སོར་ཕུལ་བ་རིན་ཐང་མེད་པའི་རྡོ་ལས་བྱུང་བའི་ལྷུང
39.237b
བཟེད་དུ་བཟའ་བའི་ཕྱིར་དུ་བཞེས་ནས་ཡོངས་སུ་ལོངས་སྤྱད་ནས་རྗེས་སུ་ཡི་རང་བར་མཛད་དོ། །ཚོང་དཔོན་སྤུན་གཉིས་སངས་རྒྱས་དང་ཆོས་ལ་སྐྱབས་སུ་འགྲོ་ཞིང་ཚིགས་གཉིས་པའི་དགེ་བསྙེན་དུ་གྱུར་ཏོ། །དེ་ནས་དེ་རྣམས་ཀྱིས་བཙུན་པ་མཆོད་པ་བྱ་བར་རིགས་པའི་དངོས་པོ་གཅིག་བསླང་ཞེས་ཞུས་སོ། །དེ་ནས་ཕྱག་གཡས་པ་རང་གི་མགོ་ལ་བྱུགས་ནས་སྐྲའི་གདུང་གནང་ངོ ། །དེ་དག་གིས་རང་གི་གྲོང་ཁྱེར་དུ་ཁྱེར་སོང་ནས་མཆོད་རྟེན་བཞེངས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དེ་ནས་བཞེངས་ནས་སླར་ཡང་ར་ལུག་སྐྱོང་བའི་ཤིང་ནྱ་གྲོ་དྷ་ཉིད་དུ་གཤེགས་ནས་ནྱ་གྲོ་དྷའི་དྲུང་དུ་བཞུགས་སོ། །དེ་ནས་དེ་ཉིད་དུ་བཞུགས་ཙམ་ཉིད་ན་རང་གིས་ལྷག་པར་རྟོགས་པའི་ཟབ་མོའི་ཆོས་སོ་སོར་བསམ་ཞིང་སངས་རྒྱས་རྣམས་ཀྱིས་ལྷག་པར་རྟོགས་པ་འདི་ནི་ཆོས་སོ། །གཞན་གྱིས་ཆོས་སྟོན་པར་མི་ནུས་པར་བསམས་ནས་རབ་ཏུ་འཇུག་པའི་རྣམ་པའི་རྣམ་པར་རྟོག་པ་སྐྱེས་སོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འཇིག་རྟེན་ཉམས་པར་འགྱུར་བའི་ཕྱིར་རོ་ཞེས་བསམས་ནས་སྟོང་ཕྲག་བཅུའི་ཁོར་ཡུག་གི་བརྒྱ་བྱིན་དང ། འཐབ་བྲལ་བཟང་པོ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་ཕྱུག་དང ། ཚངས་པ་ཆེན་པོ་རྣམས་ཁྲིད་ནས་སྟོན་པའི་དྲུང་དུ་ཕྱིན་ནས། བཙུན་པ་བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ། དང་པོའི་ཚུལ་གྱིས་ཆོས་བསྟན་དུ་གསོལ་ཞེས་ཞུས་སོ། །སྟོན་པས་དེ་རྣམས་ལ་སྣང་བ་བྱིན་ནོ། །གང་ཞིག་ལ་བདག་གིས་དང་པོར་ཆོས་བསྟན་པར་བྱའོ་ཞེས་དགོངས་ཤིང་མཁས་པ་ཀུན་ལེན་དེའི་ཆོས་འདི་མྱུར་དུ་ཤེས་པར་འགྱུར་བའི་ཐུགས་སྐྱེས་སོ། །སླར་ཡང་གཟིགས་ཏེ་དེ་དུས་ལས་འདས་ནས་ཞག་བདུན་ལོན་པར་རྟོགས་སོ། །འཆར་བྱེད་ལ་བརྟགས་པས་དེ་ཡང་དུས་ལས་འདས་པར་མཁྱེན་ནོ། །དགེ་སློང་ལྔ་སྡེས་བདག་ལ་བསྙེན་བཀུར་མང་པོ་བྱས་པས་ལྔ་སྡེའི་ཆེད་དུ་བསམས་ནས་དེ་རྣམས་གང་ན་གནས་པ་ཡིན་ཞེས་བརྟགས་སོ། །གྲོང་ཁྱེར
39.238a
བཱ་རཱ་ཎ་སཱིའི་རི་དགས་རྒྱུ་བའི་ནགས་ཚལ་ན་ཡོད་པར་མཁྱེན་ནོ། །དེར་གཤེགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་དགོངས་ནས་ཞག་འགའ་ཞིག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ཀུན་དུ་ཉེ་བ་ཉིད་དུ་བསོད་སྙོམས་མཛད་ཅིང་བཞུགས་ནས་དབྱར་ཟླ་འབྲིང་པོའི་ཉ་ལ་གྲོང་ཁྱེར་བཱ་རཱ་ན་སཱིར་གཤེགས་པར་དགོངས་ནས་ཚེས་བཅུ་བཞིའི་མཚན་གྱི་མཐར་ནམ་ལངས་པ་ན་ཤིན་དུ་སྔ་བ་ཉིད་དུ་ལྷུང་བཟེད་དང་སྣམ་སྦྱར་བསྣམས་ནས་དཔག་ཚད་བཅཝ་བརྒྱད་ཡོད་པའི་ལམ་ལ་གཤེགས་ཤིང་ལམ་གྱི་བར་དུ་ཉེ་བར་གནས་པ་ཞེས་བྱ་བའི་འཚོ་བྱེད་གཅིག་གཟིགས་སོ། །དེ་ལ་རང་གི་སངས་རྒྱས་སུ་གྱུར་པ་བཤད་དོ། །ཉི་མ་དེ་ཉིད་ལ་སྲོད་ཀྱི་དུས་སུ་དྲང་སྲོང་ལྷུང་བའི་གནས་སུ་གཤེགས་སོ། །གནས་བརྟན་ལྔ་སྡེས་དེ་བཞིན་གཤེགས་པ་བྱོན་པ་རིང་པོ་ཉིད་ནས་མཐོང་སྟེ། དགེ་སྦྱོང་གཽ་ཏ་མ་འདི་བཟའ་བ་མང་པོའི་ཕྱིར་ལུས་ཡོངས་སུ་རྫོགས་པར་གྱུར། དབང་པོ་ཡོངས་སུ་རྫོགས་པར་གྱུར། གསེར་གྱི་ཁ་དོག་ཏུ་གྱུར་ནས་འོངས་ཀྱིས། འདི་ལ་ཕྱག་ལ་སོགས་པ་མི་བྱའོ། །འདི་རིགས་ཆེན་པོར་སྐྱེས་པ་ཡིན་པས་གདན་ཤོམ་པ་ཙམ་འོས་སོ། །དེའི་ཕྱིར་གདན་ཙམ་རིགས་སོ་ཞེས་གཏམ་བྱེད་དོ། །བཅོམ་ལྡན་འདས་ལ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱི་སེམས་དང་སྤྱོད་པ་ཤེས་པར་ནུས་པའི་ཡེ་ཤེས་ཡོད་དོ། །དེ་ཡང་འདི་རྣམས་ཇི་ལྟར་སེམས་པ་ཡིན་ཞེས་བསམས་ནས་སེམས་ཤེས་པ་ཡིན་ནོ། །དེ་ནས་ལྷ་དང་མི་ཐམས་ཅད་ལ་མཐོང་བ་མེད་པའི་དབང་གིས་ཐམས་ཅད་དུ་ཁྱབ་པར་ནུས་པའི་བྱམས་པའི་སེམས་ཡང་དག་པར་བསྡུས་ནས། མ་མཐོང་བའི་དབང་གིས་བྱམས་པའི་སེམས་ཀྱིས་ཁྱབ་པར་བཅོམ་ལྡན་འདས་ཀྱིས་བསྒོམས་ནས་དེ་བཞིན་གཤེགས་པ་ཉེ་བར་གཤེགས་ཤིང་གཤེགས་པ་ན། སྔར་གྱི་བཅའ་ཁྲིམས་རྣམས་གནས་པར་མི་ནུས་པས་ཕྱག་ཕུལ་ཞིང་བསྲུང་བ་དང་བསྙེན་བཀུར་ཐམས་ཅད་བྱས་སོ། །གཞན་ཡང་དགེ་སློང་དེ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་གྲུབ་པ་མི་ཤེས་པའི་ཕྱིར་མིང
39.238b
བརྗོད་པ་ན་ཚེ་དང་ལྡན་པ་ཞེས་སྨྲ་བ་ཐ་མལ་པའི་ཚིག་གིས་བརྗོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པའི་མིང་དང་ཚེ་དང་ལྡན་པ་ཞེས་ཐ་མལ་པའི་ཚིག་བརྗོད་པར་མི་རུང་ངོ ། །དགེ་སློང་དག་ང་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་སངས་རྒྱས་སྒྲུབ་པར་བྱེད་པ་དང་གདན་བཤམས་པ་མཆོག་ལ་སངས་རྒྱས་བཞུགས་ཏེ། རྒྱུ་སྐར་བྲེ་མཆོག་གསུམ་འཛོམ་པ་ལ་བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་ཚངས་པའི་འཁོར་གྱིས་བསྐོར་ནས་གནས་བརྟན་ལྔ་སྡེ་བོས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོའི་མཐར་བཤད་དོ། །དེ་རྣམས་ལ་གནས་བརྟན་ཀུན་ཤེས་ཀཽ་ཊི་ནྱས་བཤད་པའི་རྗེས་སུ་འབྲངས་ནས་ཡེ་ཤེས་ཐོབ་པ་མདོའི་མཐར་བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་ཚངས་པ་རྣམས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ།[་]།སྟོན་པས་དེ་ཉིད་དུ་དབྱར་བཞུགས་སོ། །སྔར་ཡང་ཉི་མ་གཉིས་པ་ལ་གནས་བརྟན་པར་\ུ0fབ3ངས་པ་ལ་ཆོས་སྦྱིན་ནོ་ཞེས་གཙུག་ལག་ཁང་དུ་བཞུགས་སོ། །ལྷག་མ་བཞི་པོ་བསོད་སྙོམས་ལ་སོང་ངོ ། །གནས་བརྟན་པར་\ུ0fབ3ངས་པས་ཉི་མ་ཕྱེད་ཀྱི་ནང་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འདི་ལྟ་བུའི་ཐབས་ཉིད་ཀྱིས་སླར་ཡང་ཉི་མ་ཕྱི་མ་ལ་གནས་བརྟན་བཟང་ལྡན་དང ། སླར་ཡང་ཉི་མ་ཕྱི་མ་ལ་གནས་བརྟན་མིང་ཅན་དང ། སླར་ཡང་ཉི་མ་ཕྱི་མ་ལ་གནས་བརྟན་རྟ་ཐུལ་རྣམས་དེ་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱས་ནས་ཚེས་ཉི་ཤུ་ལ་དགེ་སློང་ལྔ་པོ་འདུས་པ་ལ་བདག་མེད་པའི་མཚན་ཉིད་ཀྱི་མདོ་སྡེ་རྣམས་བཤད་དོ། །བཤད་པའི་མཐར་གནས་བརྟན་ལྔ་སྡེས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ།[་]།དེ་ནས་སྟོན་པས་རིགས་ཀྱི་བུ་གྲགས་པ་ཉེ་བར་མི་རྟེན་པར་གཟིགས་ནས། དེའི་མཚན་མོའི་ཆར་སྡུག་བསྔལ་བའི་སེམས་ཀྱིས་ཁྱིམ་སྤངས་ནས་འཐོན་པ་ལ་གྲགས་པ་འདིར་ཤོག་ཅེས་བོས་ནས་མཚན་མོ་དེ་ཉིད
39.239a
ཀྱི་ཆ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་སླར་ཡང་ཉི་མ་གཉིས་པ་ལ་དགྲ་བཅོམ་པའི་འབྲས་བུ་གྲུབ་པར་བྱེད་དོ། །གཞན་ཡང་སླར་དེའི་གྲོགས་པོ་ལྔ་བཅུ་རྩ་བཞིས་རབ་ཏུ་བྱུང་ཞིང་དགེ་སློང་དུ་གྱུར་ནས་དགྲ་བཅོམ་པ་བྱེད་དོ། །འདི་ལྟར་འཇིག་རྟེན་དུ་དགྲ་བཅོམ་པ་དྲུག་བཅུ་རྩ་གཅིག་ཏུ་གྱུར་ཏོ། །སྟོན་པས་དབྱར་བཞུགས་ནས་དགག་དབྱེ་བྱས་ཏེ་དགེ་སློང་དྲུག་བཅུ་པོ་རྣམས་ཕྱོགས་ཕྱོགས་སུ་བཏང་ནས།[་]རང་ཉིད་སྟེང་རྒྱས་སུ་གཤེགས་པའི་བར་གྱི་ལམ་ན་རས་བལ་ཅན་གྱི་ཚལ་ནི་དཔག་ཚད་བཅུ་པའོ། །གཞོན་ནུ་བཟང་སྡེ་བརྟུལ་ལོ། །དེ་རྣམས་ལས་ཐམས་ཅད་ཀྱི་མཐའི་ཕྱི་མ་རྒྱུན་དུ་ཞུགས་པར་གྱུར་ལ། ཐོག་མ་ནི་ཕྱིར་མི་འོང་དུ་གྱུར་ཏོ། །དེ་རྣམས་ཀྱང་དགེ་སློང་གི་གཟུགས་ཀྱིས་རབ་ཏུ་བྱུང་བ་བགྱིས་ནས་ཕྱོགས་ཕྱོགས་སུ་བཏང་སྟེ་སྟེང་རྒྱས་སུ་གཤེགས་སོ། །སྟོང་ཕྲག་ཕྱེད་དང་གསུམ་གྱི་ཆོ་འཕྲུལ་ལྟ་ཞིང་སྟེང་རྒྱས་འོད་སྲུང་ལ་སོགས་པའི་སྤུན་གསུམ་པོ་དང་རལ་པ་ཅན་སྟོང་ཕྲག་གཅིག་བརྟུལ་བ་དགེ་སློང་གི་གཟུགས་ཀྱིས་རབ་ཏུ་བྱུང་བར་བྱས་ནས་རི་བོ་ག་ཡའི་རྩེ་མོ་ན་སྡོད་པ་རྣམས་ལ་ཉི་མའི་རྣམ་གྲངས་ཀྱི་མདོ་སྡེ་བསྟན་ནས་དགྲ་བཅོམ་པར་བྱས་ཏེ། དེས་དགྲ་བཅོམ་པ་སྟོང་ཕྲག་རྣམས་འཁོར་དུ་བྱས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཁས་བླངས་བྱིན་པ་དགྲོལ་བར་བྱ་བའི་དགོངས་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དང་ཉེ་བའི་ཤིང་དངར་གྱི་ཚལ་དུ་བྱོན་ནོ། །སྐྱེད་མོས་ཚལ་སྐྱོང་བ་རྣམས་ཀྱིས་སྟོན་པ་བྱོན་ནོ་ཞེས་རྒྱལ་པོ་ལ་སྨྲས་སོ།[་]།རྒྱལ་པོས་ཐོས་ཏེ། ཁྲི་ཕྲག་བཅུ་གཉིས་ཀྱི་བྲམ་ཟེ་དང་ཁྱིམ་བདག་འཁོར་དུ་བྱས་ནས་སྟོན་པ་དང་ཉེ་བར་སོང་སྟེ་འཁོར་ལོ་སྣ་ཚོགས་པའི་སྟེང་དུ་གསེར་གྱི་བླ་རེ་དང་འདྲ་བའི་འོད་ཟེར་ཕྱོགས་ཕྱོགས་སུ་འཕྲོ་ཞིང་བཞུགས་པའི་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་ལེགས་པར་བྱས་ནས་འཁོར་དང་བཅས་པ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཡང་བྲམ་ཟེ་རྣམས་དང་ཁྱིམ་བདག་ལ་སོགས་པ་འདི་ལྟ
39.239b
བུའི་སེམས་སུ་གྱུར་ཏེ། འོན་ཀྱང་དགེ་སྦྱོང་ཆེན་པོས་སྟེང་རྒྱས་འོད་སྲུང་གི་རྗེས་སུ་ཚངས་པར་སྤྱོད་པ་སྤྱད་དམ། ཡང་ན་སྟེང་རྒྱས་འོད་སྲུང་གིས་དགེ་སྦྱོང་ཆེན་པོའི་རྗེས་སུ་ཚངས་པར་སྤྱོད་པ་སྤྱད་ཅེས་བསམས་སོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་གནས་བརྟན་ལ་ཚིགས་སུ་བཅད་པ་གསུངས་སོ། །སྟེང་རྒྱས་གནས་སུ་གནས་ནས་ཅི་ཞིག་མཐོང ། །སྦྱིན་བསྲེག་འདོར་བའི་རྒྱུ་མཚན་ཅི་ཞིག་སྨྲ། །འོད་སྲུང་འདི་ཡི་དོན་ནི་དྲི་བར་བྱ། །ཁྱོད་ཀྱི་ཇི་ལྟར་སྦྱིན་སྲེག་སྤོང་བ་ཡིན། །གནས་བརྟན་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ནས།[་]གཟུགས་དང་སྒྲ་དང་དེ་བཞིན་རོ་དང་དྲི། །བུད་མེད་འདོད་པ་ཡང་ནི་མཆོད་སྦྱིན་སྤྱོད། །འདི་རྣམས་དྲི་མ་ལེགས་པར་རྟོགས་བྱས་ནས། །དེ་ཕྱིར་མེ་ཡི་སྦྱིན་སྲེག་འདི་སྤངས་སོ། །ཚིགས་སུ་བཅད་པ་འདི་བརྗོད་ནས་རང་ཉིད་ཉན་ཐོས་ཀྱི་འདོད་པ་བསལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཞབས་ཀྱི་བོལ་དུ་མགོ་བོས་རེག་ནས། བདག་སྟོན་པ་བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡིན་ནོ་ཞེས་སྨྲས་སོ། །ཤིང་ཏཱ་ལ་གཅིག་དང་ཤིང་ཏཱ་ལ་གཉིས་དང་ཤིང་ཏཱ་ལ་གསུམ་དང་ཇི་སྲིད་དུ་ཤིང་ཏཱ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་བབས་ཏེ་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཆོ་འཕྲུལ་ལྟ་ཞིང་མི་མང་པོ་རྣམས་ཀྱིས་ཨེ་མ་ཧོ་སངས་རྒྱས་ཀྱི་མཐུ་ཆེན་པོ་འདི་ལྟ་བུའི་ལྟ་བ་བསྟན་པས། དགྲ་བཅོམ་པ་ཞེས་བྱ་བ་ལ་སེམས་ཤིང ། སྟེང་རྒྱས་འོད་སྲུང་གི་ལྟ་བའི་དྲ་བ་བཅད་དེ་དེ་བཞིན་གཤེགས་པས་བརྟུལ་ནས་སྟོན་པའི་ཡོན་ཏན་ཉིད་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་ཁོ་བོས་འང་དེ་ལྟ་ཁོ་ན་མ་ཡིན་པར་སྟེང་རྒྱས་འོད་སྲུང་བརྟུལ་ལོ། །འདས་པ་ཉིད་དུ་འང་འདི་ངས་བརྟུལ་ལོ་ཞེས་བརྗོད་ནས་དོན་འདི་འདས་པ་ན་མི་སྦྱིན་ཆེན་པོ་འོད་སྲུང་གི་སྐྱེས་རབས་སུ་བཤད་པའི་བདེན་པ་བཞི་པོ་གསལ་བར་བསྟན་ནོ། །དེའི་མོད་ལ་ཡུལ་མ་ག་དྷའི་རྒྱལ་པོ་འཁོར་ཁྲི་ཕྲག་བཅུ་གཅིག་དང་བཅས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁྲི་ཕྲག
39.240a
གཅིག་དགེ་བསྙེན་དུ་གྱུར་ཏོ། །རྒྱལ་པོ་སྟོན་པ་དང་ཉེ་བ་ཉིད་དུ་འདུག་སྟེ་བསླབ་པའི་གཞི་ལྔ་སོ་སོར་རབ་ཏུ་ཐོས་ནས་སྐྱབས་སུ་སོང་སྟེ་སང་གི་གདུགས་ཚོད་ལ་མགྲོན་དུ་གཉེར་ནས། སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་སོང་ངོ ། །སླར་ཡང་སང་གི་སྔ་དྲོ་ཉིད་བཅོམ་ལྡན་འདས་མཐོང་བ་དང་མ་མཐོང་བ་རྒྱལ་པོའི་ཁབ་ན་གནས་པ་རྣམས་ཀྱིས་བྱེ་བ་ཕྲག་བཅོ་བརྒྱད་ཀྱི་གྲངས་ཀྱི་མི་རྣམས་དེ་བཞིན་གཤེགས་པ་བལྟ་བར་འདོད་པས་སྔ་དྲོ་ཉིད་རྒྱལ་པོའི་ཁབ་ནས་ཤིང་དངར་གྱི་ཚལ་དུ་སོང་སྟེ་རྒྱང་གྲགས་བཅུ་གཉིས་སུ་མི་ཤོང་བར་ཤིང་དངར་གྱི་ཚལ་ཐམས་ཅད་རྒྱུན་མི་འཆད་པར་གྱུར་ཏོ། །མི་ཐམས་ཅད་ཀྱིས་སྟོབས་བཅུ་པའི་གཟུགས་མཆོག་ཐོབ་པར་འདོད་པ་བདག་ཉིད་ཀྱི་སྐུ་ལ་བལྟ་བས་ཚིམ་པར་མ་ནུས་སོ། །འདི་ལྟ་བུའི་ས་གཞིའི་ཁ་དོག་ཡིན་ནོ། །འདི་ལྟ་བུའི་གཟུགས་ཀྱི་གནས་སུ་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པའི་རབ་ཏུ་བྱེད་པ་ཐམས་ཅད་ཀྱང་གཟུགས་ཀྱི་སྐུ་དཔལ་གྱིས་བསྔགས་པར་བྱ་བར་འོས་སོ། །འདི་ལྟར་གཟུགས་མཆོག་ཐོབ་པའི་སྟོབས་བཅུ་པའི་སྐུ་བལྟ་བའི་ཕྱིར་མི་མང་པོ་རྒྱུན་མི་འཆད་དོ། །སྐྱེད་མོས་ཚལ་དང་ལམ་དུ་དགེ་སློང་གཅིག་གིས་ཀྱང་ཕྱི་རུ་འཐོན་པའི་སྐབས་མེད་དོ། །ཉི་མ་དེའི་དུས་ན་བཅོམ་ལྡན་འདས་ཀྱི་གདུགས་ཚོད་ཡོལ་བ་ལྟ་བུར་གྱུར་ཏོ། །དེ་མ་ཐག་པར་བརྒྱ་བྱིན་སྡོད་པའི་སྟན་དྲོ་བའི་རྣམ་པར་མཐོང་སྟེ་དེས་རྣམ་པར་བརྟགས་སོ། །དེའི་རྒྱུ་མཚན་ཤེས་ནས་བྲམ་ཟེའི་ཁྱེའུའི་གཟུགས་སུ་མངོན་པར་སྤྲུལ་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་སོ་སོ་ལ་ཇི་ལྟར་རིགས་པའི་བསྟོད་པ་རྗོད་པར་བྱེད་དོ། །སྟོབས་བཅུ་པའི་སྔུན་དུ་ཆས་ནས་ལྷའི་མཐུ་ཡིས་ལམ་ཐོབ་པར་བྱས་སོ། །འདུལ་ཞིང་འདུལ་བའི་གྲོགས་སྔོན་བཅས། །བྲམ་ཟེ་རྣམ་གྲོལ་རལ་པ་དང ། །སེང་གེའི་གཟུགས་ཀྱིས་འཐོན་ནས་ནི། །བཅོམ་ལྡན་རྒྱལ་པོའི་ཁབ་ནང་བྱོན། །གྲོལ་ཞིང་གྲོལ་བའི་གྲོགས་སྔོན་བཅས། །བྲམ་ཟེ་རྣམ་གྲོལ་རལ་པ་དང ། །སེང་གེའི་གཟུགས་ཀྱིས་འཐོན་ནས་ནི། །བཅོམ་ལྡན་རྒྱལ་པོའི་ཁབ་ནང་བྱོན། །བསྒྲལ་ཞིང་བསྒྲལ་བའི་གྲོགས་སྔོན་བཅས། །
39.240b
བྲམ་ཟེ་རྣམ་གྲོལ་རལ་པ་དང ། །སེང་གེའི་གཟུགས་ཀྱིས་འཐོན་ནས་ནི། །རྒྱལ་པོའི་ཁབ་ནང་བཅོམ་ལྡན་བྱོན། །བཅུ་པོ་གསུང་བའི་སྟོབས་བཅུ་པ། །ཆོས་བཅུ་ལ་མཁས་བཅུ་ལ་གནས། །སྟོང་ཕྲག་བཅུ་ཡི་འཁོར་དང་ལྡན། །བཅོམ་ལྡན་རྒྱལ་པོའི་ཁབ་ནང་བྱོན། །ཚིགས་སུ་བཅད་པ་འདིས་ནི་སྟོན་པ་ལ་བསྔགས་པས་བསྟོད་ཅིང་སྔུན་དུ་འགྲོ་བའི་མི་རྣམས་ཀྱིས་བྲམ་ཟེའི་ཁྱེའུའི་གཟུགས་ཀྱི་དཔལ་མཐོང་ནས་བྲམ་ཟེའི་ཁྱེའུ་འདི་ཤིན་དུ་གཟུགས་བཟང་བའོ། །སླར་ཡང་སྔར་མཐོང་བ་མེད་དོ་ཞེས་བསམས་ནས་བྲམ་ཟེའི་ཁྱེའུ་འདི་གང་ན་གནས་པ་ཡིན། གང་ཞིག་གི་ཡིན་ཞེས་སྨྲས་སོ། །དེ་ཐོས་ནས་བྲམ་ཟེའི་ཁྱེའུས་སྨྲས་པ། གང་ཞིག་བསྟན་པ་ཐམས་ཅད་འདུལ། །གང་ཟག་ཟླ་མེད་སངས་རྒྱས་ཏེ། །དགྲ་བཅོམ་བདེ་གཤེགས་འཇིག་རྟེན་དུ། །དེ་ནི་བདག་གི་ཉེ་བར་གནས། །ཚིགས་སུ་བཅད་པ་བརྗོད་དེ་སྟོན་པས་བརྒྱ་བྱིན་གྱིས་སྐབས་ཕྱེ་བའི་ལམ་དུ་དགེ་སློང་སྟོང་ཕྲག་གཅིག་འཁོར་དུ་བྱས་ནས་རྒྱལ་པོའི་ཁབ་ཀྱི་ནང་དུ་གཤེགས་སོ། །རྒྱལ་པོས་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུལ་ལོ། །བཙུན་པ་བདག་དཀོན་མཆོག་གསུམ་སྤངས་ནས་སྡོད་པར་མི་ནུས་སོ། །དུས་དང་དུས་མ་ཡིན་པར་བཅོམ་ལྡན་འདས་དང་ཉེ་བར་འོང་བར་འདོད་དོ། །ཤིང་དངར་ཅན་གྱི་སྐྱེད་མོས་ཚལ་ཤིན་དུ་ཐག་རིང་ངོ ། །སླར་ཡང་བདག་ཅག་གི་འོད་མའི་ཚལ་ཞེས་བྱ་བ་འདི་ཤིན་དུ་ཉེ་བས་གཤེགས་པ་དང་།[་]འོང་བ་ཤིན་དུ་ཉེ་བས་སངས་རྒྱས་ལ་འོས་པའི་གནས་ལགས་པས་བཞེས་པར་ཞུ། དེས་གསེར་གྱི་རིལ་བ་སྤྱི་བླུགས་ལ་མེ་ཏོག་གི་དྲིས་བསྒོས་ཏེ།[་]ནོར་བུའི་ཁ་དོག་ཅན་གྱི་ཆུ་བླངས་ནས་འོད་མའི་ཚལ་ཡོངས་སུ་གཏོང་ཞིང་སྟོབས་བཅུ་པའི་ཕྱག་ཏུ་ཆུ་བསྒྲེངས་ནས་དེར་ཀུན་དགའ་ར་བ་བཞེས་ནས་སངས་རྒྱས་ཀྱི་བསྟན་པའི་གཞི
39.241a
ཞེས་བརྗོད་ཅིང་ས་གཞི་ཆེན་པོ་གཡོས་སོ། །འཛམ་བུའི་གླིང་གི་ནང་ནས་འོད་མའི་ཚལ་སྤངས་པའི་ས་གཞི་གཡོས་པ་འདི་བཞེས་ཏེ་སྡེ་གཞན་ནི་མེད་དོ། །སི་གྷ་གླིང་གི་གཙུག་ལག་ཁང་ཆེན་པོ་སྤངས་ནས་ས་གཞི་ཆེན་པོ་གཡོས་པ་འདི་བཞེས་ཏེ། སྡེ་གཞན་ནི་མེད་དོ། །སྟོན་པས་འོད་མའི་ཚལ་གྱི་ཀུན་དགའ་ར་བ་བཞེས་ནས་རྒྱལ་པོ་ལ་རྗེས་སུ་ཡི་རང་བར་མཛད་ཅིང་སྟན་ལས་བཞེངས་ཏེ། དགེ་སློང་གི་དགེ་འདུན་འཁོར་དུ་བྱས་ནས་འོད་མའི་ཚལ་དུ་བྱོན་ནོ། །དེའི་ཚེ་དེའི་དུས་ན་ཤཱ་རིའི་བུ་དང ། །མཽད་གལ་གྱི་བུ་ཀུན་དུ་རྒྱུ་གཉིས་པོ་རྒྱལ་པོའི་ཁབ་ལ་བརྟེན་ནས་གནས་ཤིང་བདུད་རྩི་ཚོལ་བར་སེམས་སོ། །དེའི་ནང་ནས་ཤཱ་རིའི་བུས་གནས་བརྟན་རྟ་ཐུལ་བསོད་སྙོམས་ལ་ཞུགས་པ་མཐོང་བས་སེམས་རབ་ཏུ་དངས་པར་གྱུར་ཏེ་བཟའ་བ་བྱིན་ནས་ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་ཞེས་པའི་ཚིགས་བཅད་ཐོས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །རང་གི་གྲོགས་པོ་ཀུན་དུ་རྒྱུ་མཽད་གལ་ལ་ཡང་ཚིགས་སུ་བཅད་པ་དེ་ཉིད་སྨྲས་སོ། །དེས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ།[་]།དེ་གཉིས་ཀྱིས་ཀྱང་རང་ཉིད་རྒྱལ་བ་ལ་བལྟས་ནས་རང་གི་འཁོར་དང་བཅས་པ་སྟོན་པའི་དྲུང་དུ་རབ་ཏུ་བྱུང་ངོ ། །དེ་རྣམས་ལས་མཽད་གལ་གྱི་བུ་ཆེན་པོ་ཞག་བདུན་ནས་དགྲ་བཅོམ་པ་ཐོབ་པོ། །གནས་བརྟན་ཤཱ་རིའི་བུས་ཟླ་བ་ཕྱེད་ནས་དགྲ་བཅོམ་པ་ཐོབ་སྟེ་དེ་གཉིས་པོ་ཡང་སྟོན་པའི་ཉན་ཐོས་ཀྱི་མཆོག་ཏུ་གནས་པར་གཟུང་ངོ ། །གནས་བརྟན་ཤཱ་རིའི་བུས་དགྲ་བཅོམ་པ་ཐོབ་པའི་ཉིན་མོ་ཉིད་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་འདུས་པ་དང་པོར་བྱས་སོ། །སླར་ཡང་དེ་བཞིན་གཤེགས་པས་འོད་མའི་ཚལ་དེ་ཉིད་དུ་བཞུགས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་ཟས་གཙང་གིས་བདག་གི་སྲས་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་མཆོག་གི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་བཞུགས་སོ་ཞེས་པ་ཐོས་ནས་བློན་པོ་ཕན་ཚུན་རྣམས་བོས་ཏེ་འདིར་ཤོག་ཅིག་སྐྱེས་བུ་སྟོང་ཕྲག་གཅིག་གིས
39.241b
འཁོར་ཁྲིད་དེ་རྒྱལ་པོའི་ཁབ་ཏུ་སོང་ལ་ངའི་ཚིག་གིས་ཁྱེད་ཀྱི་ཡབ་རྒྱལ་པོ་ཟས་གཙང་ཁྱེད་བལྟ་བར་འདོད་ཅེས་བརྗོད་པས་བདག་གི་སྲས་ཁྲིད་ལ་ཤོག་ཅེས་སྨྲས་སོ། །བློན་པོས་ཀྱང་ལྷ་དེ་བཞིན་དུ་བགྱིའོ་ཞེས་རྒྱལ་པོའི་གསུང་སྤྱི་བོས་བླངས་ནས་སྐྱེས་བུ་སྟོང་ཕྲག་གཅིག་གི་འཁོར་དེ་ཁྲིད་དེ་མྱུར་བ་ཉིད་དུ་དཔག་ཚད་དྲུག་བཅུའི་ལམ་དུ་སོང་ནས་སྟོབས་པ་འཁོར་བཞིའི་ནང་དུ་བཞུགས་ནས་ཆོས་སྟོན་པའི་དུས་སུ་གཙུག་ལག་ཁང་དུ་ཞུགས་སོ། །དེ་རྒྱལ་པོས་བཏང་བའི་དོན་རེ་ཞིག་བཞག་ནས་འཁོར་ཐམས་ཅད་ཀྱི་མཐར་འཁོད་དེ་སྟོན་པའི་ཆོས་བསྟན་པ་ཐོས་ནས་ཇི་ལྟར་འཁོད་པ་ཉིད་བཞིན་དུ་སྐྱེས་བུ་སྟོང་ཕྲག་གཅིག་དང་ལྷན་ཅིག་ཏུ་དགྲ་བཅོམ་པ་ཐོབ་ནས་རབ་ཏུ་འབྱུང་བར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་བཙུན་པ་རྣམས་འདིར་ཤོག་ཅིག་ཅེས་ཕྱག་བརྐྱང་ངོ ། །ཐམས་ཅད་དེ་ཉིད་དུ་རྫུ་འཕྲུལ་ལས་བྱུང་བའི་ལྷུང་བཟེད་དང་ཆོས་གོས་གསུམ་བཟུང་ནས། ལོ་བརྒྱ་ལོན་པའི་གནས་བརྟན་ལྟ་བུར་གྱུར་ཏོ། །དགྲ་བཅོམ་པ་ཐོབ་པའི་དུས་ནས་བཟུང་སྟེ།[་]སླར་ཡང་འཕགས་པ་ཞེས་བྱ་བ་རེ་ཞིག་བར་མར་གནས་པར་གྱུར་ཏོ། །རྒྱལ་པོས་བཏང་བའི་སྤྲིང་ཡིག་སྟོབས་བཅུ་པ་ལ་མ་བརྗོད་དོ། །རྒྱལ་པོས་གཏང་བའི་མི་རྣམས་ལས་གཅིག་ཀྱང་མ་བྱུང་ཞིང་སྤྲིང་ཡིག་ཀྱང་མ་ཐོས་སོ། །འདིར་ཤོག་ལ་ཁྱེད་སོང་ཅིག་དང་དེ་ལྟ་བུའི་ངེས་པས་བློན་པོ་གཞན་གཅིག་བཏང་ངོ ། །དེས་སོང་ནས་ཡང་སྔར་བཞིན་དུ་འཁོར་དང་བཅས་པ་དགྲ་བཅོམ་པ་ཐོབ་ནས་ཅང་མི་གསུང་བར་གནས་སོ། །རྒྱལ་པོས་དེ་ལྟ་བུར་ངེས་པས་སྐྱེས་བུ་སྟོང་ཕྲག་རེ་རེའི་འཁོར་དང་བཅས་པའི་བློན་པོ་དགུ་བཏང་ངོ ། །ཐམས་ཅད་རང་གི་དོན་རྫོགས་པར་བྱས་ནས་ཅང་མི་སྨྲ་བར་གྱུར་ཏེ་དེ་ཉིད་དུ་གནས་སོ། །རྒྱལ་པོས་སྤྲིང་ཡིག་ཙམ་གྱི་ལོ་རྒྱུས་ཀྱང་མ་ཐོབ་པོ་ཞེས་བསམས་ནས་མི་འདི་རྣམས་ང་ལ་མི་དགའ་བའི་རྒྱུ་མཚན་གྱིས་སྤྲིང་ཡིག་ཙམ་གྱི་ལོ་རྒྱུས
39.242a
ཀྱང་མི་བརྗོད་དོ། །སུ་ཞིག་ངའི་ཚིག་བཞིན་བྱེད་པར་སེམས། རྒྱལ་པོས་མི་ཐམས་ཅད་ལ་བརྟགས་པས་ནག་པོ་འཆར་ཀ་མཐོང་ངོ ། །དེ་ཡང་རྒྱལ་པོའི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་བློན་པོ་ཡིན་ནོ་ནང་མི་ཡིན་ནོ། །ཤིན་དུ་ཐུགས་ཆེས་པ་ཡིན་ནོ། །དེ་བཞིན་གཤེགས་པ་དང་ལྷན་ཅིག་ལ་ཉིན་གཅིག་ཏུ་སྐྱེས་པ་ཡིན་ནོ། །དེ་དང་ལྷན་ཅིག་ཏུ་བརྩེ་བའི་གྲོགས་པོ་ཡིན་ནོ། །དེ་ནས་བློན་པོ་རྒྱལ་པོས་བོས་ཏེ། བུ་ནག་པོ་འཆར་ཀ་བདག་གི་སྲས་བལྟ་བར་འདོད་པས་སྐྱེས་བུ་སྟོང་ཕྲག་དགུ་བཏང་སྟེ་མི་གཅིག་ཀྱང་མ་འོངས་ནས་སྤྲིང་ཡིག་ཙམ་གྱི་ལོ་རྒྱུས་ཅི་ཡང་མ་བྱུང ། སླར་ཡང་ཐམས་ཅད་ནད་ཀྱིས་ཐེབས་པ་ཡིན་ནམ་ཚེའི་བར་ཆད་དུ་གྱུར་པ་ཡིན་ནམ།[་]བདག་འཚོ་བ་ཉིད་ཀྱི་བར་དུ་སྲས་པོ་བལྟ་བར་འདོད་དེ་བདག་གི་བུ་བལྟ་བར་ནུས་སམ་ཞེས་སྨྲས་སོ། །ལྷ་ནུས་ལགས་སོ། །གལ་ཏེ་རབ་ཏུ་ཕྱུང་ཡང་བལྟ་བར་ནུས་སོ། །བུ་ཁྱོད་རབ་ཏུ་བྱུང་བའམ་མ་བྱུང་ཡང ། ང་སྲས་པོ་བལྟའོ་ཞེས་སྨྲས་སོ། །དེས་ལྷ་ལེགས་སོ་ཞེས་རྒྱལ་པོའི་གསུང་བླངས་ནས་རྒྱལ་པོའི་ཁབ་ཏུ་སོང་སྟེ།[་]སྟོན་པ་ཆོས་སྟོན་པའི་དུས་སུ་འཁོར་རྣམས་ཀྱི་མཐར་འཁོད་དེ་ཆོས་ཐོས་ནས་འཁོར་དང་བཅས་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ་དགེ་སློང་གི་དངོས་པོར་སོ་སོར་གནས་སོ། །སྟོན་པ་སངས་རྒྱས་སུ་གྱུར་ནས་དང་པོའི་ལོ་ལ་དྲང་སྲོང་ལྷུང་བའི་གནས་སུ་དབྱར་བཞུགས་ཏེ། དགག་དབྱེ་བྱས་ནས་སྟེང་རྒྱས་སུ་གཤེགས་ཤིང་དེར་ཟླ་བ་གསུམ་བཞུགས་ཏེ། རལ་བ་ཅན་སྤུན་རྣམས་བརྟུལ་ནས་དགེ་སློང་སྟོང་ཕྲག་གཅིག་གི་འཁོར་དང་བཅས་པ་དགུན་ཟླ་འབྲིང་པོའི་ཉ་ལ་རྒྱལ་པོའི་ཁབ་དུ་གཤེགས་ནས་ཟླ་བ་གཉིས་བཞུགས་སོ། །དེ་རྣམས་ནི་གྲོང་ཁྱེར་བཱ་རཱ་ཎ་སཱི་ནས་འོངས་པའི་བར་ཏེ། ཟླ་བ་ལྔ་སོང་ཞིང་དགུན་གྱི་དུས་ཐམས་ཅད་འདས་སོ། །གནས་བརྟན་འཆར་ཀ་འོངས་ནས་ཞག་བདུན་དང་བརྒྱད་སོང་ངོ ། །དེས་དཔྱིད་ཟླ་ར་བའི་ཉ་ལ་བསམས་པ། དགུན་གྱི་དུས
39.242b
འདས་ནས་དཔྱིད་ཀའི་དུས་སུ་སླེབ་པ་དང ། མི་རྣམས་ཀྱིས་འབྲུ་རྣམས་བླངས་ཏེ། ཕྱོགས་ཕྱོགས་ནས་ལམ་དུ་བྱུང་བས་རྩཝ་རྣམས་ལྗང་གུར་གྱུར་ཏོ། །ས་གཞི་དང་ནགས་ཚལ་གྱི་ཤིང་ལ་སོགས་པ་མེ་ཏོག་ཤིན་དུ་མང་བ་ཁ་བྱེ་བ་ནི་ལམ་དུ་འགྲོ་བའི་དུས་སོ། །སྟོབས་བཅུ་པའི་ཉེ་དུ་དང་ཕྲད་པར་བྱེད་པའི་ལམ་དུ་འགྲོ་བའི་དུས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་སོང་ནས། བཙུན་པ་ལྗོན་ཤིང་དེ་ནི་ལྗང་གུར་གྱུར། །ཤིང་གི་ལོ་མ་ས་ལ་དུད་པ་དང ། །དེ་རྣམས་བར་ནས་འོད་ཟེར་འགྱེད་པ་ཡིན། །དཔའ་བོ་ཆེན་པོ་གཉེན་གནས་གཤེགས་པའི་དུས། །ཧ་ཅང་མི་དྲོ་མི་གྲང་ཞིང ། །མུ་གེ་དང་ནི་བཀྲེས་པ་མེད། །ས་སྟེང་ཤིང་རྣམས་ལྗང་གུར་གྱུར། །ཐུབ་པ་ཆེན་པོ་དུས་འདིར་གྱུར། །ཚིགས་སུ་བཅད་པ་དྲུག་བཅུ་ཙམ་གྱིས་སྟོབས་བཅུ་པ་ལ་རིགས་ཀྱི་གྲོང་ཁྱེར་དུ་གཤེགས་པའི་ཕྱིར་བསྔགས་པར་འོས་པའི་བསྔགས་པ་བརྗོད་པའོ། །དེ་ནས་སྟོན་པ་ལ་འཆར་ཀས་དབྱངས་སྙན་པོས་གཤེགས་པའི་བསྔགས་པར་འོས་པའི་བསྔགས་པ་གསུངས་སོ། །བཙུན་པ་ཁྱེད་ཀྱི་ཡབ་རྒྱལ་པོ་ཆེན་པོ་ཟས་གཙང་བལྟ་བར་འདོད་པས་ཉེ་དུ་རྣམས་རྗེས་སུ་འཛིན་པར་ཞུ། ལེགས་སོ་འཆར་ཀ་ཉེ་དུ་རྣམས་རྗེས་སུ་གཟུང་བར་བགྱིའོ། །ཞེས་དགེ་སློང་གི་དགེ་འདུན་ལ་སྨྲོས་ཅིག་།གཤེགས་པའི་གནས་ཐམས་ཅད་ལ་བྱི་དོར་གྱིས་ཤིག་ཅེས་སྨྲོས་ཤིག་།བཙུན་པས་ལེགས་སོ་ཞེས་གནས་བརྟན་སོང་ནས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཡུལ་ཨཾ་གྷ་དང་མ་ག་དྷ་ན་གནས་པའི་རིགས་ཀྱི་བུ་རྣམས་སྟོང་ཕྲག་བཅུ་དང་བཅས་པ་གྲོང་ཁྱེར་སེར་སྐྱའི་གཞི་ན་གནས་པའི་སྟོང་ཕྲག་བཅུ་པོ་ཐམས་ཅད་ཟག་པ་ཟད་པའི་དགེ་སློང་འཁོར་དུ་བྱས་ནས་རྒྱལ་པོའི་ཁབ་ནས་ཕྱི་རོལ་དུ་འཐོན་ཏེ། ཉི་མ་རེ་རེ་ལ་དཔག་ཚད་རེ་རེ་བགྲོད་ཅིང་རྒྱལ་པོའི་ཁབ་ནས་དཔག་ཚད་དྲུག་བཅུའི་གྲོང་ཁྱེར་སེར་སྐྱའི་གཞིར་ཟླ་བ་གཉིས་ཀྱིས་སླེབ་པར་དགོངས་ཤིང་བུལ་བ་ཡང་མ་ཡིན་མྱུར་བ་ཡང་མ་ཡིན་པར་འབྲིང་པོར་གཤེགས་སོ། །གནས་བརྟན་གྱིས་ཀྱང
39.243a
བཅོམ་ལྡན་འདས་བྱོན་ནོ་ཞེས་རྒྱལ་པོའི་དྲུང་དུ་སྨྲའོ་ཞེས་བསམས་ནས་ནམ་མཁའ་ལ་སོང་སྟེ་རྒྱལ་པོའི་གནས་སུ་སླེབ་པར་གྱུར་ཏོ། །རྒྱལ་པོས་གནས་བརྟན་གཟིགས་ནས་ཐུགས་ཚིམ་པར་གྱུར་ཏེ། གདན་བཤམས་པ་ལ་བཞུགས་སུ་བཅུག་གོ། །རང་ལ་བྱེད་པ་བཞིན་བཅོས་ནས་རོ་སྣ་ཚོགས་པའི་བཟའ་བས་ལྷུང་བཟེད་བཀང་ནས་ཕུལ་ལོ། །གནས་བརྟན་ལངས་ནས་འགྲོ་བར་བསམས་པ་དང ། བུ་བཞུགས་ལ་གསོལ་ཅིག་།རྒྱལ་པོ་ཆེན་པོ་སྟོན་པ་དང་ཉེ་བར་སོང་སྟེ་བཟའོ། །སླར་ཡང་བུ་སྟོན་པ་ག་ན་ཡོད། སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དུ་བྱས་ནས་རྒྱལ་པོ་ཆེན་པོ་ཉིད་བལྟ་བའི་ཕྱིར་བྱོན་ནོ། །རྒྱལ་པོ་ཐུགས་ཚིམ་པར་གྱུར་ནས་སྨྲས་པ། ཁྱེད་འདི་གསོལ་ལ་བདག་གི་སྲས་གྲོང་ཁྱེར་འདིར་མ་བྱོན་གྱི་བར་ལ་འདི་ཉིད་ནས་ལྷུང་བཟེད་དུ་བཟའ་བ་ཁྱེར་ལ་སོང་ཅིག་ཅེས་སྨྲས་སོ། །གནས་བརྟན་གྱིས་རྒྱལ་པོའི་གསུང་མཉན་ཏེ་རྒྱལ་པོས་གནས་བརྟན་གྱི་བཟའ་བ་གསོལ་ཟིན་པ་དང་ལྷུང་བཟེད་བཀྲུས་ནས། དྲི་བཟང་པོའི་ཕྱེ་མས་བྱུགས་ཏེ་བཟའ་བ་མཆོག་གིས་གང་བར་བྱས་ནས་དེ་བཞིན་གཤེགས་པ་ལ་ཕུལ་ཅིག་ཞེས་སྨྲས་ནས་གནས་བརྟན་གྱི་ལག་པར་བྱིན་ནོ། །གནས་བརྟན་མི་ཐམས་ཅད་ཀྱིས་མཐོང་བ་དང་ལྷུང་བཟེད་ནམ་མཁའ་ལ་འཕངས་སོ། །རང་ཉིད་ཀྱང་ནམ་མཁའ་ལ་གཤེགས་ནས་བཟའ་བའི་ལྷུང་བཟེད་བཟུང་སྟེ། སྟོན་པའི་ཕྱག་ཏུ་ཕུལ་ནས་སྟོན་པས་ཀྱང་དེར་བཟའ་བ་ལ་ལོངས་སྤྱོད་དོ། །གནས་བརྟན་ཐབས་འདིའི་ཉི་མ་རེ་རེ་བཞིན་དུ་བཟའ་བ་ཕུལ་ལོ། །སྟོན་པས་ཀྱང་ལམ་གྱི་བར་དུ་རྒྱལ་པོ་ཉིད་ཀྱི་གདུགས་ཚོད་ལ་ལོངས་སྤྱོད་དོ། །གནས་བརྟན་གྱིས་ཀྱང་གདུགས་ཚོད་ལ་ལོངས་སྤྱོད་པའི་མཐར་ཉི་མ་རེ་རེ་བཞིན་དུ་དེ་རིང་འདི་ཙམ་ནས་བཅོམ་ལྡན་འདས་བྱོན་ནོ། །དེ་རིང་འདི་ཙམ་དུ་བཅོམ་ལྡན་འདས་བྱོན་ཞེས་པ་དང ། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་ལྡན་པ་ཉིད་བརྗོད་ཅིང་རྒྱལ་རིས་ཐམས་ཅད་སྟོན་པ་མ་མཐོང
39.243b
བ་ཉིད་ཀྱིས་སྟོན་པའི་དྲུང་དུ་རང་ཉིད་ཀྱི་སེམས་དངས་པར་མཛད་དོ། །དེའི་རྒྱུ་མཚན་གྱིས་གནས་བརྟན་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བདག་གི་ཉན་ཐོས་ཀྱི་ནང་ནས་རིགས་དད་པར་བྱེད་པ་རྣམས་ཀྱི་མཆོག་ཡིན་གང་ན་འདི་ནི་འཆར་ཀ་ཞེས་པའོ། །འདི་མཆོག་ཏུ་བཟུང་བས་ཤཱཀྱ་བ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་རྗེས་སུ་བྱོན་པའི་སྔུན་ལ་བདག་ཅག་གི་ཉེ་དུའི་གཙོ་བོ་བལྟའོ་ཞེས་འདུས་ནས་བཅོམ་ལྡན་འདས་བཞུགས་པའི་གནས་རྟོག་ཅིང་ཤཱཀྱ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཡིད་དུ་འོང་བ་སྟ་གོན་བྱས་སོ། །དེར་ཐམས་ཅད་ཉེར་བསྡོགས་བྱས་ནས་སྤོས་དང་མེ་ཏོག་སོ་སོ་ལག་ཏུ་ཐོགས་ཏེ། བསུ་བ་བྱེད་ཅིང་རྒྱན་ཐམས་ཅད་ཀྱིས་སོ་སོར་བརྒྱན་ནས་གཞོན་ནུ་དང་གཞོན་ནུ་མ་གྲོང་ཁྱེར་གྱི་ཁྱེའུ་དང་བུ་མོ་སྔར་དང་པོར་བཏང་བ་རྣམས་དང ། དེ་ནས་རྒྱལ་པོའི་གཞོན་ནུ་དང་གཞོན་ནུ་མ་དག་དེ་རྣམས་ཀྱི་བར་རང་རང་གིས་སྤོས་དང་མེ་ཏོག་དང་ཕྱེ་མ་ལ་སྩོགས་པས་མཆོད་པ་བྱེད་ཅིང ། བཅོམ་ལྡན་འདས་ཀྱིས་བཞེས་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཉིད་དུ་བྱོན་ནོ། །དེར་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་ཉི་ཤུའི་ཟག་པ་ཟད་པའི་དགེ་སློང་འཁོར་དུ་བྱས་ནས་གདན་བཤམས་པ་མཆོག་ལ་སངས་རྒྱས་བཞུགས་སོ།[་]།ཤཱཀྱའི་རིགས་ནི་ང་རྒྱལ་དང་ལྡན་པ་ཡིན། སེམས་རྩུབ་པ་ཡིན་པས་འདི་ནི་དོན་གྲུབ་གཞོན་ནུ་ངེད་དང་ལྷན་ཅིག་གཞོན་ནུ་ཡིན་ནོ། །ངེད་ནི་ཕུ་བོ་ཡིན་ནོ། །འདི་ནི་སྲིང་མོའི་བུ་ཡིན་ནོ། །འདི་ནི་ཚ་བོ་ཡིན་ནོ་ཞེས་བསམས་ནས་ཁྱེའུ་དང་རྒྱལ་པོའི་གཞོན་ནུ་ཞེས་སྨྲས་ཏེ། ཁྱེད་ཀྱི་ཕྱག་གིས་བདག་ཁྱེད་ཀྱི་རྒྱབ་ཏུ་སྡོད་དོ་ཞེས་བསམས་སོ། །དེ་རྣམས་དེ་བཞིན་དུ་གནས་ནས། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་གཟིགས་ནས་གཉེན་རྣམས་བདག་ལ་ཕྱག་མི་བྱེད་པར་འདོད་ཀྱང་ད་ལྟ་ཕྱག་བྱེད་དུ་གཞུག་དགོས་ཏེ། མངོན་པར་ཤེས་པའི་གཞི་དང་ཡེ་ཤེས་དང་བསམ་གཏན་དང་སྙོམས་པར་འཇུག་པ་བསྐྱེད་དགོས་སོ་སྙམ་སྟེ། བཞེངས་ནས་ནམ་མཁའ་ལ་གཤེགས་སོ། །དེ་རྣམས་ཀྱི་མགོ་ལ་ཞབས་ཀྱི་རྡུལ་ལྷུང་བ་བཞིན་དུ་ཨ་སྨྲ་བསྲུང་བའི་ཨ
39.244a
སྨྲའི་ཤིང་གི་དྲུང་དུ་སོ་སོའི་ཆོ་འཕྲུལ་དང་མཚུངས་པར་ཆོ་འཕྲུལ་མཛད་དོ། །རྒྱལ་པོས་དེའི་ཡ་མཚན་ཆེ་བ་མཐོང་ངོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཁྱེད་འཁྲུངས་པའི་ཉིན་མོ་དཀའ་ཐུབ་པ་ནག་པོ་ལྷ་ལེན་གྱིས་ཕྱག་བྱེད་ཅིང་ཉེ་བར་གནས་པས་ཁྱེད་ཀྱིས་ཞབས་བསྐྱོད་པ་བྲམ་ཟེའི་སྤྱི་བོ་ལ་ཉེ་བར་གནས་སོ། །དེ་མཐོང་ནས་བདག་གིས་ཀྱང་ཁྱེད་ལ་ཕྱག་བྱས་སོ། །འདི་ནི་བདག་གི་ཕྱག་དང་པོ་ཡིན་ནོ། །བཀྲ་ཤིས་པའི་འབྲུ་འདེབས་པའི་ཉིན་མོ་འཛམ་བུའི་ཤིང་གི་གྲིབ་མའི་དཔལ་གྱི་མལ་སྟན་ལ་ཁྱེད་བཞུགས་པ་ན་ཤིང་འཛམ་བུའི་གྲིབ་མས་མ་བཏང་བར་མཐོང་བའི་ཚེ་ཡང་ཞབས་ལ་ཕྱག་བྱས་སོ། །འདི་ནི་བདག་གི་ཕྱག་གཉིས་པ་ཡིན་ནོ། །ད་ལྟ་ནི་བདག་གིས་སྔར་མ་མཐོང་བའི་ཆོ་འཕྲུལ་ཡང་མཐོང་བས་ཁྱེད་ཀྱི་ཞབས་ལ་ཕྱག་བགྱིད་དོ། །འདི་ནི་བདག་གི་ཕྱག་གསུམ་པ་ཡིན་ནོ། །སླར་ཡང་རྒྱལ་པོས་བཅོམ་ལྡན་འདས་ལ་ཕྱག་བྱེད་ཅིང་ཕྱག་བྱེད་པར་མི་ནུས་པའི་ཤཱཀྱའི་རིགས་གཅིག་ཀྱང་མེད་དོ། །ཐམས་ཅད་ཀྱིས་ཀྱང་ཕྱག་བྱེད་པ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཉེ་དུ་རྣམས་ཀྱིས་ཕྱག་བྱེད་ཅིང་ནམ་མཁའ་ལས་བབས་ནས་གདན་བཤམས་པའི་མཆོག་གི་གུང་ལ་བཞུགས་སོ། །བཅོམ་ལྡན་འདས་བཞུགས་ནས་ཉེ་དུ་རྣམས་དང་འདུས་པར་གྱུར་པ་ལ་ཐམས་ཅད་སེམས་གཅིག་ཏུ་གནས་སོ། །དེ་ནས་སྤྲིན་ཆེན་པོ་ལས་པད་མའི་འདབ་མ་ལ་ཆུ་མི་འཆགས་པ་ལྟ་བུའི་ཆར་འབེབས་སོ། །ཆུ་ཟངས་ཀྱི་མདོག་ཅན་ས་ལ་སྒྲ་སྒྲོགས་ཤིང་འབབ་པོ།[་]འབང་བར་འདོད་པ་རྣམས་འབང་ངོ ། །འབང་བར་མི་འདོད་པ་རྣམས་མི་འབང་ངོ ། །ཐིགས་པ་ཙམ་ཡང་མི་ལྟུང་ངོ ། །དེ་མཐོང་ནས་ཐམས་ཅད་དུ་ཡ་མཚན་པ་དང་རྨད་དུ་བྱུང་བ་སྐྱེས་སོ། །ེ་མ་ཧོ་ངོ་མཚར་ཆེ། ཨེ་མ་ཧོ་རྨད་དུ་བྱུང་ངོ་ཞེས་རྗོད་པར་བྱེད་དོ། །སྟོན་པས་འདི་ཁོ་ན་མ་ཡིན་གྱི་བདག་གི་ཉེ་དུ་དང་ཕྲད་པ་ན་པད་མའི་འདབ་མ་ལ་ཆུ་མི་འཆགས་པ་ལྟ་བུའི་ཆར་འབེབས་ཤིང་འདས་པའི་དུས་སུའང་ངས་ཕབ་པོ། །འདིའི་དོན་བྱུང་བ་ནི་ཐམས་ཅད་སྒྲོལ་གྱི་སྐྱེས་རབས་སུ་བཤད་དོ། །
39.244b
ཆོས་བསྟན་པ་ཐོས་ནས་ཐམས་ཅད་ལངས་ཏེ་ཕྱག་བྱས་ནས་སོང་ངོ ། །གཅིག་གིས་ཀྱང་རྒྱལ་པོ་དང་རྒྱལ་ཚབ་དང་བློན་པོ་རྣམས་སང་བདག་གི་གནས་སུ་བསོད་སྙོམས་ཁྱེར་འོང་ངོ་ཞེས་སྨྲ་བ་སོང་བ་དེ་རྣམས་ལས་གཅིག་ཀྱང་མ་བྱུང་ངོ ། །སྟོན་པས་སླར་ཉི་མ་གཉིས་པ་ལ་སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དུ་བྱས་ནས་གྲོང་ཁྱེར་སེར་སྐྱའི་གཞིར་བསོད་སྙོམས་ལ་བཞུད་དོ། །གང་ཞིག་མགྲོན་དུ་གཉེར་བ་དང ། ལྷུང་བཟེད་ཁྱེར་བ་སུ་ཡང་མེད་དོ། །བཅོམ་ལྡན་འདས་སྒོ་དྲུང་དྲུ་འཁོད་དེ་རྣམ་པར་བརྟགས་པས་ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས་ཀྱི་རིགས་ཀྱི་གྲོང་ཁྱེར་དུ་བྱོན་ནས་བསོད་སྙོམས་མཛད་པ་བཞིན་དུ་གང་ཇི་ལྟར་རིགས་པར་མི་ཆེན་པོའི་ཁྱིམ་དུ་འགྲོ་ཞིང་ཡང་ན་གོ་རིམས་བཞིན་དུ་བསོད་སྙོམས་སྤྱོད་དོ། །དེ་ནས་སངས་རྒྱས་གཅིག་གིས་ཀྱང་ཇི་ལྟར་རིགས་པར་གཤེགས་པ་མ་མཐོང་བས་བདག་གིས་ཀྱང་ང་ནི་འདིའི་རིགས་སོ། །འདི་སྔོན་གྱི་སངས་རྒྱས་ཀྱི་རིགས་བཞིན་དུ་བདག་གིས་ཀྱང་རིགས་པར་གཟུང་བར་བྱའོ། །བདག་གི་ཉན་ཐོས་ཀྱང་བདག་ཉིད་བཞིན་རྗེས་སུ་བསློབ་ཅིང་བསོད་སྙོམས་ལ་རྫོགས་པར་བྱོན་ནོ། །འཁོད་པའི་ཁྱིམ་ནས་བཟུང་ནས་གོ་རིམས་བཞིན་དུ་བསོད་སྙོམས་ལ་སྤྱོད་དོ། །འཕགས་པ་གཞོན་ནུ་དོན་གྲུབ་བསོད་སྙོམས་ལ་གཤེགས་སོ་ཞེས་བརྗོད་དོ། །ཉིས་ཐོག་དང་སུམ་ཐོག་ལ་སྩོགས་པའི་ཁང་བཟངས་རྣམས་སུ་སྟེང་གི་སྒོ་ཆུང་ཕྱེ་ནས་མི་ཐམས་ཅད་བལྟ་བར་གྱུར་ཏེ་ལྷ་མོ་སྒྲ་གཅན་འཛིན་གྱི་ཡུམ་ཡང་འཕགས་པའི་བུ་གྲོང་ཁྱེར་འདི་ཉིད་དུ་རྒྱལ་པོ་ཆེན་པོའི་མཐུས་གསེར་གྱི་དོ་ལི་ལ་སྩོགས་པ་ལ་ཞོན་ཏེ་དེ་རིང་ནས་སྐྲ་དང་ཁ་སྤུ་བྲེགས་ཤིང་ངུར་སྨྲིག་གི་གོས་གྱོན་ནས་སྣོད་ལག་ཏུ་ཁྱེར་ཏེ། བསོད་སྙོམས་ལ་འགྲོ་བ་མཛེས་སམ་མི་མཛེས་ཞེས་སྟེང་གི་སྒོ་ཆུང་ཕྱེ་ནས་བལྟའོ། །སྣ་ཚོགས་པའི་འདོད་ཆགས་དང་བྲལ་བ་ཡང་དག་པར་འབར་ཞིང་སྐུ་ལུས་ཀྱི་འོད་ཀྱིས་གྲོང་ཁྱེར་གྱི་སྟེང་ཐམས་ཅད་སྣང་བར་མཛད་དེ། འདོམ་གང་བའི་འོད་ཀུན་ནས་བསྐོར་ཞིང་རབ་ཏུ་གསལ་བ་དཔེ་བྱད་བཟང་པོ
39.245a
བརྒྱད་བཅུ་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་སངས་རྒྱས་ཀྱི་དཔལ་དཔེ་མེད་པར་རྣམ་པར་གསལ་བ་མཐོང་ངོ ། །གཙུག་ཏོར་ནས་བཟུང་ནས་ཞབས་ཀྱི་མཐིལ་གྱི་བར་དེ་སྲིད་དོ། །དབུ་སྐྲ་གཡས་འཁྱིལ་འཇམ་གནག་སྣུམ་པ་དང་།[་]དཔྲལ་བ་དྲི་མེད་ཉི་མའི་མཐིལ་བཞིན་ནོ། །སྐུ་དང་འཚམ་པའི་ཤངས་ནི་མཐོ་བ་དང ། །མི་ཡི་སེང་གེ་འོད་ཟེར་གསལ་བར་མཛད། །འདི་ལྟ་བུ་ལ་སྩོགས་པའི་མིའི་སེང་གེ་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ། །ཁྱེད་ཀྱི་སྲས་པོ་བསོད་སྙོམས་ལ་སྤྱོད་དོ་ཞེས་རྒྱལ་པོ་ལ་སྨྲས་སོ། །རྒྱལ་པོའི་སེམས་སྡུག་བསྔལ་བས་གོས་ནས་བཟུང་སྟེ་མྱུར་ཞིང་མྱུར་བར་ཕྱིར་འཐོན་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་འཁོད་ནས་སྨྲས་པ་ཅི་བཙུན་པ་བདག་ཅག་ངོ་ཚ་བས་ཅིའི་དོན་དུ་བསོད་སྙོམས་མཛད། དགེ་སློང་འདི་རྣམས་ཀྱི་བཟའ་བ་བདག་གིས་སྟེར་བར་མི་ཤེས་བསམས་པ་ཡིན་ནམ་ཅི་ལགས། རྒྱལ་པོ་ཆེན་པོའི་རིགས་ཀྱི་སྤྱོད་པ་ཡིན་ནོ། །བཙུན་པ་བདག་ཅག་ཤཱཀྱའི་རིགས་ཞེས་བྱ་བའི་རིགས་སོ། །དེ་ལ་རྒྱལ་རིགས་གཅིག་ཀྱང་བསོད་སྙོམས་བྱེད་པའི་མིང་ཙམ་ཡང་མེད་དོ། །རྒྱལ་པོ་ཆེན་པོའི་རིགས་ཞེས་བྱ་བ་ནི་ཁྱོད་ཀྱི་རིགས་འདི་ཡིན་ནོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མི་དགྱེས་པ་མ་མཛད་ཅིག་།སླར་ཡང་བདག་ཅག་གི་མར་མེ་མཛད་དང་ཀཽ་ཊི་ནྱ་དང་འོད་སྲུང་ཞེས་བྱ་བ་འདི་སངས་རྒྱས་ཀྱི་རིགས་ཡིན་ནོ། །འདི་རྣམས་དང་གཞན་སངས་རྒྱས་སྟོང་ཕྲག་དུ་མས་ཀྱང་བསོད་སྙོམས་སྤྱོད་ཅིང་འཚོ་བར་མཛད་ལ། སྲང་གི་དབུས་སུ་འཁོད་པ་ཉིད་དོ། །བག་མེད་ལྷག་མར་བྱེད་པ་མེད། །ཆོས་ལ་སྤྱོད་ཅིང་ལེགས་པར་སྤྱོད། །ཆོས་ལ་སྤྱད་ན་བདེ་བ་འབྱུང ། །འཇིག་རྟེན་འདི་དང་ཕྱི་མར་བདེ། །ཆོས་ཀྱི་རྐང་པའི་ཚིགས་སུ་བཅད་པ་འདི་བསྟན་ཅིང་བཤད་དོ། །ཚིགས་སུ་བཅད་པའི་མཐར་རྒྱལ་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ། །ཆོས་སྤྱོད་པ་ནི་ལེགས་པར་སྤྱོད། །ཉེས་པར་སྤྱོད་པ་མི་བྱ་ཞིང ། །ཆོས་སྤྱད་པ་ཡིས་བདེ་བ་འབྱུང ། །འཇིག་རྟེན་འདི་དང་ཕ་རོལ་དུའོ། །སླར་ཡང་ཆོས་ཀྱི
39.245b
རྐང་པའི་ཚིགས་སུ་བཅད་པ་འདི་ཐོས་ནས་ལན་ཅིག་ཕྱིར་འོང་གི་འབྲས་བུ་ཐོབ་པར་གྱུར་ཏོ། །ཆོས་སྐྱོང་བའི་སྐྱེས་རབས་ཐོས་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །འཆི་བའི་དུས་སུ་གདུགས་དཀར་པོའི་འོག་ཏུ་དཔལ་གྱི་མལ་སྟན་གྱི་སྟེང་དུ་གཟིམས་པ་ཉིད་ན་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །དགོན་པར་གནས་ནས་དཀའ་ཐུབ་སྤྱོད་པ་རྒྱལ་པོ་ལ་དགོས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ནས་སླར་ཡང་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བཟུང་ཏེ། འཁོར་དང་བཅས་པ་ཁང་བཟང་ཆེན་པོའི་སྟེང་དུ་སྤྱན་དྲངས་ནས་གྱ་ནོམ་པའི་བཟའ་བ་དང་བཅའ་བ་རྣམས་དྲངས་སོ། །གདུགས་ཚོད་ཟིན་པའི་མཐར་སྒྲ་གཅན་འཛིན་གྱི་མ་མ་གཏོགས་པའི་བཙུན་མོ་འཁོར་དང་བཅས་པ་ཐམས་ཅད་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་སོ། །གཞན་ཡང་དེས་འཁོར་གྱི་མི་རྣམས་ལ་འཕགས་པའི་བུ་ལ་ཕྱག་གྱིས་ཤེས་བརྗོད་ནས། གལ་ཏེ་ཁོ་མོ་ལ་ཡོན་ཏན་ཡོད་ན་འཕགས་པའི་བུ་རང་ཉིད་ཀྱི་གནས་སུ་འབྱོན་ནོ། །བྱོན་པ་ཉིད་ན་དེ་ལ་ཕྱག་བྱེད་དོ་ཞེས་བརྗོད་ནས་མ་འོངས་སོ། །རྒྱལ་པོས་ལྷུང་བཟེད་བཟུང་ནས་བཅོམ་ལྡན་འདས་ཉན་ཐོས་མཆོག་གཉིས་དང་བཅས་པ་རྒྱལ་པོའི་བུ་མོའི་ཁང་བཟངས་སུ་གཤེགས་ཏེ། རྒྱལ་པོའི་བུ་མོ་རང་ཉིད་ཇི་ལྟར་མོས་པའི་ཕྱག་བྱེད་ཅིང་གཞན་དང་འགལ་བ་ཅུང་ཟད་ཀྱང་མ་བྱེད་ཅེས་ནས་གདན་བཤམས་པ་མཆོག་གི་གུང་ལ་བཞུགས་སོ། །དེ་མྱུར་དུ་འོངས་ནས་བྱིན་པ་བཟུང་སྟེ། ཞབས་ཀྱི་སྟེང་དུ་མགོ་བོ་བཞག་ནས་ཇི་ལྟར་འདོད་པའི་ཕྱག་བྱས་སོ། །རྒྱལ་པོ་དང་རྒྱལ་པོའི་བུ་མོས་བཅོམ་ལྡན་འདས་ལ་དགའ་བ་མང་པོས་ཡོན་ཏན་ལ་སྩོགས་པས་ཡོན་ཏན་དང་ལྡན་པར་བརྗོད་ནས། བཙུན་པ་བདག་གི་བུ་མོས་ཉིད་ཀྱིས་གོས་ངུར་སྨྲིག་གྱོན་པ་ཐོས་ནས། དེ་ནས་བཟུང་སྟེ་དང་གི་བར་དུ་གོས་ངུར་སྨྲིག་གྱོན་ནོ།[་]།ཉིད་ཀྱིས་གདུགས་ཚོད་ལན་ཅིག་གསོལ་བ་ཐོས་ནས་བུ་མོས་ཀྱང་བཟའ་བ་ལན་ཅིག་ཟོས་སོ། །ཉིད་ཀྱིས་མལ་སྟན་ཆེན་པོ་སྤངས་པ་ཐོས་ནས། ཉལ་ཁྲི་ཆུང་བ་ལ་ཉལ་ལོ། །ཉིད་ཀྱི་མ
39.246a
མེ་ཏོག་གི་ཕྲེང་བ་དང་སྤོས་ལ་སྩོགས་པ་ལ་སྲེད་པ་མེད་པ་ཐོས་ནས། མེ་ཏོག་གི་ཕྲེང་བ་དང་སྤོས་ལ་སྩོགས་པ་ལ་ཆགས་པ་མེད་པ་སྐྱེས་སོ། །རང་གི་ཉེ་དུ་རྣམས་བདག་གིས་གསོའོ་ཞེས་འཕྲིན་བསྐུར་ནས།[་]གཉེན་ཅིག་ལ་ཡང་བལྟ་བ་མི་འདུག་གོ། །བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་བདག་གི་བུ་མོ་ཡིན་ནོ་ཞེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་ཡ་མཚན་མི་ཆེའོ། །འདི་ད་ལྟ་ཁྱེད་སྲུང་བར་བྱེད་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཡོངས་སུ་མ་སྨིན་པ་རང་གིས་བསྲུང་ངོ ། །སྔར་བསྲུང་བ་མེད་ཅིང་རི་ལ་སྩོགས་པ་ལ་འགྲོ་བ་ན། ཡེ་ཤེས་ཡོངས་སུ་མ་རྫོགས་པ་རང་གིས་བསྲུངས་སོ་ཞེས་གསུངས་ནས། མིའམ་ཅི་ཟླ་བའི་སྐྱེས་རབས་གསུངས་ཏེ་སྟན་ལས་བཞེངས་ནས་གཤེགས་སོ། །ཉི་མ་གཉིས་པ་ལ་རྒྱལ་བུ་གཞོན་ནུ་དགའ་བོ་རྒྱལ་པོར་དབང་བསྐུར་བ་དང ། ཁང་པ་གསར་པའི་ནང་དུ་ཞུགས་ཏེ་བཀྲ་ཤིས་པའི་བག་མ་བླངས་ནས་ཉེ་བར་གནས་སོ། །དེའི་ཁྱིམ་དུ་གཤེགས་ནས་གཞོན་ནུ་ལྷུང་བཟེད་ཟུང་ཅིག་ཅེས་རབ་ཏུ་དབྱུང་བར་དགོངས་ནས་བཀྲ་ཤིས་བརྗོད་དེ། གདན་ལ་བཞེངས་ནས་གཤེགས་སོ། །ལྗོངས་ཀྱི་དགེ་བའི་བུ་མོས་འགྲོ་བ་མཐོང་ངོ ། །འཕགས་པའི་བུ་མྱུར་དུ་ཤོག་ཅེས་བརྗོད་ནས་བལྟའོ། །དེས་ཀྱང་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་གཟུང་བར་མ་ནུས་ནས་གཙུག་ལག་ཁང་ཉིད་དུ་གཤེགས་སོ། །བཅོམ་ལྡན་འདས་དེ་ལ་འདོད་པ་མེད་པ་ཉིད་ཀྱིས་རབ་ཏུ་འབྱུང་བ་བྱེད་དོ། །འདི་ལྟར་བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱར་གཤེགས་ཤིང་ཉི་མ་གསུམ་པ་ལ་དགའ་བོ་རབ་ཏུ་བྱུང་བར་བྱས་སོ། །ཉི་མ་བདུན་པ་ལ་སྒྲ་གཅན་འཛིན་གྱི་མས་གཞོན་ནུ་རྒྱན་གྱིས་བརྒྱན་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་བཏང་ངོ ། །བུ་སྟོང་ཕྲག་ཉི་ཤུའི་དགེ་སློང་འཁོར་དང་བཅས་པ་འདི་རྣམས་ལྟོས། གསེར་གྱི་ཁ་དོག་ཅན་གྱི་ཚངས་པའི་གཟུགས་ཀྱི་མདོག་ཅན་དགེ་སྦྱོང་འདི་ནི་ཁྱེད་ཀྱི་ཡབ་པོ། །འདི་ལ་གཏེར་ཆེན་པོ་ཡོད་ཅིང་དེ་འཐོན་པ་ནས་བཟུང་ནས་གཏེར་མཐོང་བ་མེད་དོ། །སོང་ལ་ནོར་སློངས་ཤིག་།བདག་ཁྱེད་ཀྱི་བུ་གཞོན་ནུ་ཡིན་ནོ། །རྒྱལ་པོར་དབང
39.246b
བསྐུར་བ་ཐོབ་ནས་འཁོར་ལོས་སྒྱུར་བ་ལ་དབང་བྱེད་པར་འགྱུར་རོ། །བདག་ལ་ནོར་གྱི་དོན་དུ་ནོར་སྩལ་དུ་གསོལ། ཡབ་ཀྱི་ནོར་བུ་བདག་ཡིན་ནོ་ཞེས་གསོལ་ཅིག་ཅེས་སྨྲས་པ་དང ། གཞོན་ནུ་བཅོམ་ལྡན་འདས་དང་ཉེ་བར་སོང་སྟེ། ཡབ་ཀྱི་དྲུང་དུ་དགའ་བ་སྐྱེས་སོ། །སེམས་སྤྲོ་བར་གྱུར་ཏོ། །དགེ་སྦྱོང་དེས་ཁྱེད་ཀྱི་གྲིབ་མ་ནི་དེའོ་ཞེས་བརྗོད་ནས། གཞན་ཡང་རང་གི་རིགས་པས་བརྗོད་ཅིང་འཁོད་དོ། །བཅོམ་ལྡན་འདས་གདུགས་ཚོད་ཀྱི་མཐར་རྗེས་སུ་ཡི་རང་བ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །གཞོན་ནུས་བདག་ལ་དགེ་སློང་ནོར་སྩལ་དུ་གསོལ། བདག་ལ་དགེ་སློང་ནོར་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས་ནས། བཅོམ་ལྡན་འདས་ཀྱིས་གཞོན་ནུ་ཕྱིར་ལོག་ལ་ངའི་རྗེས་སུ་མ་འགྲོ་ཞེས་པ་དང ། རྗེས་སུ་འབྲང་བ་རྣམས་ཀྱང་བཅོམ་ལྡན་འདས་དང་འགྲོགས་ནས་བྱོན་ཏེ་ལྡོག་པར་མ་ནུས་ནས། གཞོན་ནུ་བཅོམ་ལྡན་འདས་དང་ལྷན་ཅིག་ཀུན་དགའ་ར་བ་ཉིད་དུ་ཕྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསམས་པ། འདི་ཡབ་ཀྱི་ནོར་འདོད་ཅིང་འཇིག་རྟེན་པའི་ནོར་ནི་འཚེ་བ་དང་བཅས་པ་ཡིན། ད་ནི་གཞོན་ནུ་ལ་བྱང་ཆུབ་སྙིང་པོ་དེས་ཐོབ་པའི་འཕགས་པའི་ནོར་རྣམ་པ་བདུན་བྱིན་ན་འཇིག་རྟེན་ལས་འདས་པའི་ནོར་གྱི་བདག་པོ་བྱེད་པར་འགྱུར་བར་དགོངས་ནས། ཚེ་དང་ལྡན་པ་ཤཱ་རི་འི་བུ་བོས་ཏེ། དེའི་ཕྱིར་ན་ཤཱ་རིའི་བུ་ཁྱོད་ཀྱིས་གཞོན་ནུ་སྒྲ་གཅན་འཛིན་རབ་ཏུ་ཕྱུང་ཞེས་བརྗོད་ནས་རབ་ཏུ་བྱུང་བ་བྱས་སོ། །སླར་ཡང་རྒྱལ་པོ་གཞོན་ནུའི་སྡུག་བསྔལ་ཆེར་སྐྱེས་ཏེ་བསྲན་པར་མ་ནུས་ནས། བཅོམ་ལྡན་འདས་ཀྱི་གནས་སུ་ཕྱིན་ཏེ། བཙུན་པ་འཕགས་པ་མ་དང་ཕ་ཡིས་རྗེས་སུ་མ་གནང་བའི་བུ་རབ་ཏུ་འབྱུང་བར་བྱེད་པ་མ་ལེགས་སོ་ཞེས་དམ་པ་བསླངས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལ་དམ་པ་བྱིན་ནོ། །སླར་ཡང་ཉི་མ་གཉིས་པ་ལ་རྒྱལ་པོའི་གནས་སུ་གདུགས་ཚོད་གསོལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །རྒྱལ་པོས་བཙུན་པ་ཉིད་དཀའ་བ་སྤྱོད་པའི་དུས་སུ་ལྷ་ཅིག་བདག་གི་དྲུང་དུ་ཉེ་བར་འོངས་ནས་ཁྱེད་ཀྱི་བུ་དུས་ལས་འདས་སོ་ཞེས་སྨྲས་སོ། །དེའི་ཚིག་ལ་ཡིད
39.247a
ཆེས་པ་མེད་ཅིང་བདག་གི་སྲས་བྱང་ཆུབ་མ་ཐོབ་བར་དུ་དུས་ལས་འདའ་བར་མི་བྱེད་དོ།[་]།དེའི་ཚིག་བདག་གིས་བཀག་གོ་ཞེས་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟ་ཇི་ལྟར་ཁྱོད་ཡིད་ཆེས་པར་བྱེད། སྔར་རུས་པ་མཐོང་ནས་ཁྱེད་ཀྱི་བུ་ཤིའོ་ཞེས་ཟེར་བ་ལ་ཡིད་ཆེས་པར་མ་བྱས་སོ། །འདིའི་དོན་འབྱུང་བ་ནི་ཆོས་སྐྱོང་བ་ཆེན་པོའི་སྐྱེས་རབས་སུ་བཤད་དོ། །གཏམ་གྱི་མཐར་རྒྱལ་པོས་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡབ་འབྲས་བུ་གསུམ་ལ་སོ་སོར་གནས་ནས་དགེ་སློང་གི་དགེ་འདུན་འཁོར་དུ་བྱས་སོ། །སླར་ཡང་རྒྱལ་པོའི་ཁབ་དུ་གཤེགས་ནས་བསིལ་བའི་ཚལ་དུ་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཤིང་རྟ་ལྔ་བརྒྱའི་ནོར་ཁྱེར་ནས་རྒྱལ་པོའི་ཁབ་དུ་རང་ཉིད་དགའ་བའི་གྲོགས་ཀྱི་ཁང་པར་སོང་སྟེ། དེས་སངས་རྒྱས་བཅོམ་ལྡན་འདས་བྱོན་ནོ་ཞེས་པ་ཐོས་ནས་ཤིན་དུ་སྔ་བར་ལྷའི་མཐུས་སྒོ་ཕྱེ་སྟེ།[་]སྟོན་པའི་དྲུང་དུ་ཉེ་བར་སོང་ནས་ཆོས་ཐོས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །ཉི་མ་གཉིས་པ་ལ་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུལ་ལོ། །མཉན་ཡོད་དུ་གཤེགས་པའི་ཕྱིར་དུ་སྟོན་པའི་དྲུང་དུ་དམ་བཅའ་བླངས་ནས་བར་གྱི་ལམ་དཔག་ཚད་བཞི་བཅུ་རྩ་ལྔའི་གནས་སུ་འབུམ་ཕྲག་རེ་རེའི་ནོར་བྱིན་ནས་དཔག་ཚད་རེ་རེའི་གཙུག་ལག་ཁང་བྱས་སོ། །རྒྱལ་བྱེད་ཚལ་བྱེ་བ་ཕྲག་བཅོ་བརྒྱད་ཀྱི་དབྱིག་གིས་ཉོས་ནས་ལས་ཁ་གསར་པ་བྱེད་ཅིང་དབུས་སུ་སྟོབས་བཅུ་པའི་དྲིའི་གཙང་ཁང་བྱེད་དོ། །དེ་ལ་བསྐོར་བ་རྣམས་ལ་གནས་བརྟན་ཆེན་པོ་བརྒྱད་བཅུའི་བཞུགས་གནས་སོ། །ཆིག་ཐོག་དང་ཉིས་ཐོག་དང་ཁང་པ་རིང་པོ་དང ། བསྟི་གནས་ལ་སྩོགས་པའི་བཞུགས་གནས་དང ། རྫིང་བུ་དང ། འཆག་ས་དང ། མཚན་མོའི་བཞུགས་གནས་དང་།[་]ཉིན་མོའི་བཞུགས་གནས་སོ། །བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་ནོར་སྤེལ་ཏེ་ཡིད་དུ་འོང་བའི་ས་ཕྱོགས་ཡིད་ལ་འཐད་པའི་གཙུག་ལག་ཁང་བྱེད་དོ། །སྟོབས་བཅུ་པ་གྱོན་པའི་ཕྱིར
39.247b
དུ་ཕོ་ཉ་བ་བཏང་ངོ ། །སྟོན་པས་ཕོ་ཉ་བའི་འཕྲིན་གསན་ནས་དགེ་སློང་གི་དགེ་འདུན་ཆེན་པོའི་འཁོར་དུ་བྱས་ཏེ་རྒྱལ་པོའི་ཁབ་ནས་ཕྱིར་བྱོན་ཏེ་གོ་རིམས་བཞིན་དུ་གྲོང་ཁྱེར་མཉན་ཡོད་དུ་བྱོན་ནོ། །གཙོ་བོ་ཆེན་པོ་གཙུག་ལག་ཁང་ཆེན་པོ་སྟ་གོན་བྱས་ནས་དེ་བཞིན་གཤེགས་པ་རྒྱལ་བྱེད་ཚལ་དུ་བྱོན་པའི་ཉིན་མོ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནོ། །སླར་ཡང་བརྒྱན་པ་ཉིད་ཀྱི་གཞོན་ནུ་ལྔ་བརྒྱ་དང་བཅས་པ་བཏང་ངོ ། །དེ་འཁོར་དང་བཅས་པ་ཁ་དོག་ལྔའི་གོས་ཡང་དག་པར་འབར་བའི་རྒྱལ་མཚན་ལྔ་བརྒྱ་ཐོགས་ནས་སྟོབས་བཅུ་པའི་མདུན་དུ་སོང་བར་གྱུར་ཏོ། །དེ་རྣམས་ཀྱི་ཕྱི་མ་ལ་ལེགས་བཟངས་ཆེན་མོ་དང ། ལེགས་བཟངས་མ་ཆུང་བ་སྟེ་བུ་མོ་གཉིས་གཞོན་ནུ་མ་ལྔ་བརྒྱ་དང་བཅས་པ་གསེར་གྱིས་གང་བའི་བུམ་པ་ལག་པར་ཐོགས་ནས་ཕྱིར་འཐོན་ནོ། །དེའི་ཕྱི་མ་ལ་ཚོང་དཔོན་གྱི་ཆུང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བུད་མེད་ལྔ་བརྒྱ་དང་བཅས་པ་གསེར་གྱིས་གང་བའི་སྡེར་མ་ཆེན་པོ་ཐོགས་ནས་ཕྱིར་འཐོན་ཏོ། །ཐམས་ཅད་ཕྱིན་ནས་ཚོང་དཔོན་རང་ཉིད་གོས་བཟང་པོ་གྱོན་ནོ། །དེ་བཞིན་དུ་གོས་བཟང་པོ་གྱོན་པའི་ཚོང་དཔོན་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ངོ ། །བཅོམ་ལྡན་འདས་ཀྱི་འཁོར་དགེ་བསྙེན་འདི་རྣམས་མདུན་དུ་བྱས་ནས། དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་འཁོར་དུ་བྱས་ཏེ། རང་ཉིད་ཀྱི་སྐུ་ལུས་ཀྱི་འོད་ཀྱིས་གསེར་གྱི་བཅུད་ཀྱི་གོང་བུ་ལྟ་བུ་དང་མཚུངས་པ་དང ། ནགས་ཚལ་གྱི་བར་དུ་སྣང་བར་མཛད་ཅིང་མཐའ་ཡས་པའི་སངས་རྒྱས་ཀྱི་རོལ་པ་སངས་རྒྱས་ཀྱི་དཔལ་ཟླ་མེད་ཅིང་མཚུངས་པ་མེད་པ་རྒྱལ་བྱེད་ཚལ་གྱི་ནང་དུ་བྱོན་ནོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་ཞུས་པ།[་]བཙུན་པ་གཙུག་ལག་ཁང་འདི་ཇི་ལྟ་བུ་ལ་དབུལ་བར་བགྱི། ཁྱིམ་བདག་གཙུག་ལག་ཁང་འདི་འོང་བ་དང་འགྲོ་བའི་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཅིག་།ལེགས་སོ་བཅོམ་ལྡན་འདས་ཞེས་ཚོང་དཔོན་ཆེན་པོས་གསེར་གྱི་རིལ་བ་སྤྱི་བླུགས་བླངས་ནས་སྟོབས་བཅུ་པའི་ཕྱག་ཏུ་ཆུ་བསྒྲེངས་ཏེ་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་འདི་འགྲོ་བ་དང་འོང་བའི
39.248a
ཕྱོགས་བཞིའི་སངས་རྒྱས་ལ་སོགས་པའི་དགེ་འདུན་ལ་སྦྱིན་ཞེས་ཕུལ་ལོ། །སྟོན་པས་གཙུག་ལག་ཁང་བཞེས་ནས་རྗེས་སུ་ཡི་རང་བ་མཛད་དོ། །གྲང་དང་དྲོ་བས་མི་ཉམས་ཤིང ། །དེ་ལྟར་རི་དགས་ལ་སོགས་པའི། །སྡིག་སྦྲུལ་དང་ནི་སྦྲང་བུ་དང ། །བ་མོ་དང་ནི་ཆར་པས་སོ། །དེ་ལྟར་རླུང་དང་ཤིན་དུ་དྲོ། །སོ་སོར་ལུས་ལ་གོས་པ་དང ། །ཁང་ནང་གནས་ནས་བདེ་བ་སྐྱེས། །ཁང་པར་བསམ་གཏན་ལྷག་མཐོང་རྣམས། །དགེ་འདུན་གཙུག་ལག་ཁང་འབུལ་བ། །སངས་རྒྱས་མཆོག་གིས་བསྔགས་པར་མཛད། །སྐྱེས་བུ་མཁས་པས་དེ་ཡི་ཕྱིར། །བདག་ཉིད་ཀྱི་ནི་ཕྱིར་དུ་ནི། །དགའ་བས་གཙུག་ལག་ཁང་བྱེད་པ། །མང་དུ་ཐོས་པ་གནས་པ་ཡིན། །དེ་རྣམས་ཀྱི་ནི་བཟའ་དང་བཏུང ། །གོས་དང་མལ་ཆ་སྟན་དང་ནི། །དེ་རྣམས་སེམས་ནི་དྲང་པོས་འབུལ། །རབ་ཏུ་དང་བའི་སེམས་ཀྱིས་སོ། །དེས་ནི་དེ་ལ་ཆོས་བསྟན་ཏོ། །སྡུག་བསྔལ་ཐམས་ཅད་ཉེར་ཞིའི་ཕྱིར། །གང་དེའི་ཆོས་ནི་རྟོགས་པ་དང ། །རྟེན་མེད་མྱ་ངན་འདས་པར་བྱེད་ཅེས་བྱ་བའི་གཙུག་ལག་ཁང་གི་ཕན་ཡོན་བཤད་དོ། །མགོན་མེད་ཟས་སྦྱིན་གྱིས་ཉི་མ་གཉིས་པ་ནས་བཟུང་ནས་སྦྱིན་པ་གཏོང་བའི་མགོ་བརྩམས་སོ། །ས་ཁམས་བྱས་པའི་ཁང་བཟངས་ནི་ཟླ་བ་བཞིས་གྲུབ་བོ། །སླར་ཡང་མགོན་མེད་ཟས་སྦྱིན་གྱི་གཙུག་ལག་ཁང་ཆེན་པོ་ཟླ་བ་དགུས་གྲུབ་བོ། །གཙུག་ལག་ཁང་ཆེན་པོ་ལ་ཡང་བྱེ་བ་སྟོང་ཕྲག་བཅཝ་བརྒྱད་ཉིད་སོང་ངོ ། །འདི་ལ་གཙུག་ལག་ཁང་ཆེན་པོ་འདི་ཉིད་ལ་བྱེ་བ་ཕྲག་ལྔ་བཅུ་རྩ་བཞིའི་ནོར་ཡོངས་སུ་བཏང་ངོ ། །སླར་ཡང་འདས་པའི་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་དུས་སུ་ཚོང་དཔོན་ཀུན་གྱི་གྲོགས་ཞེས་བྱ་བས་གསེར་གྱི་གླང་པོའི་རྐང་པའི་རྨིག་རྗེས་ལྟ་བུའི་ས་གཞི་ཉོས་ནས། གནས་འདི་ཉིད་དུ་དཔག་ཚད་གཅིག་གི་དགེ་འདུན་གྱི་ཀུན་དགའ་ར་བ་བྱས་སོ། །བཅོམ་ལྡན་འདས་གཙུག་ཏོར་ཅན་གྱི་དུས་སུ་དཔལ་འཕེལ་ཞེས་བྱ་བའི་ཚོང་དཔོན་གྱི་བུས་གསེར་གྱི་སྡེར་མ་རྒྱུན་མི་འཆད་པས་ཉོས་པའི་ས་གཞིའི་གནས་དེ་ཉིད་དུ་རྒྱང་གྲགས་བཅུ་གཉིས་ཀྱི་ཚད་ཙམ་གྱི་དགེ་འདུན་གྱི་ཀུན་དགའ་ར་བ་བྱས་སོ། །བཅོམ་ལྡན་འདས་ཐམས་ཅད་སྐྱོབ་ཀྱི་དུས་སུ
39.248b
ཚོང་དཔོན་བཀྲ་ཤིས་ཞེས་བྱ་བས་གསེར་གྱི་ས་གཞི་གསེར་གྱི་རྐང་པའི་རྗེས་ལྟ་བུའི་ས་གཞི་ཉོས་ནས་གནས་དེ་ཉིད་དུ་དཔག་ཚད་ཕྱེད་ཀྱི་དགེ་འདུན་གྱི་ཀུན་དགའ་ར་བ་བྱས་སོ། །བཅོམ་ལྡན་འདས་ལོག་པར་དད་སེལ་གྱི་དུས་སུ་ཚོང་དཔོན་འཕོ་བ་མེད་པ་ཞེས་བྱ་བས་གསེར་གྱི་ཕ་གུ་ལྟ་བུ་རྒྱུན་མི་འཆད་པའི་ས་གཞི་ཉོས་ནས་གནས་ཉིད་དུ་རྒྱང་གྲགས་བཞིའི་ཚད་ཀྱི་དགེ་འདུན་གྱི་ཀུན་དགའ་ར་བ་བྱས་སོ། །བཅོམ་ལྡན་འདས་གསེར་ཐུབ་ཀྱི་དུས་སུ་ཚོང་དཔོན་དྲག་པོ་ཞེས་བྱ་བས་གསེར་གྱི་རུས་སྦལ་རྒྱུན་མི་འཆད་པ་ལྟ་བུའི་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་གཉིས་ཀྱི་ཚད་ཀྱི་ཀུན་དགའ་ར་བ་བྱས་སོ། །བཅོམ་ལྡན་འདས་འོད་སྲུང་གི་དུས་སུ་ཚོང་དཔོན་བཀྲ་ཤིས་བཟང་པོ་ཞེས་བྱ་བས་གསེར་གྱི་ཕ་གུ་རྒྱུན་མི་འཆད་པ་ལྟ་བུས་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་གཅིག་གི་ཚད་ཀྱི་ཀུན་དགའ་ར་བ་བྱས་སོ། །སླར་ཡང་བདག་ཅག་གི་བཅོམ་ལྡན་འདས་ཀྱི་དུས་སུ་ཚོང་དཔོན་མགོན་མེད་ཟས་སྦྱིན་གྱིས་བྱེ་བ་ཕྲག་བཅཝ་བརྒྱད་ཀྱི་དབྱིག་གིས་གསེར་གྱི་འདྲ་མེན་དུ་བྱས་པ་རྒྱུན་མི་འཆད་པ་ལྟ་བུས་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་ཕྱེད་ཀྱི་ཀུན་དགའ་ར་བ་བྱས་སོ། །གནས་འདི་སངས་རྒྱས་ཐམས་ཅད་ཀྱིས་མ་སྤངས་པའི་གནས་ཡིན་ནོ། །འདི་ལྟར་བྱང་ཆུབ་ཆེན་པོའི་སྙིང་པོའི་དྲུང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ཇི་སྲིད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པ་དེ་སྲིད་དུ་གང་དང་གང་གི་གནས་སུ་བཅོམ་ལྡན་འདས་བདག་བཞུགས་པ་འདི་ནི་ཉེ་བའི་གླེང་གཞི་ཞེས་བྱ་བའོ། །དེའི་ལུགས་ཀྱིས་སྐྱེས་རབས་ཐམས་ཅད་དུ་བསྔགས་པར་མཛད་དོ། །སྐྱེས་པ་རབས་ཀྱི་གླེང་གཞིའི་བཤད་པ་རྫོགས་སྷོ།།[་་་]།།[་་་]