རྒྱ་གར་སྐད་དུ། ཨཱརྱ་ད་ཤ་དི་ག་ཨན་དྷ་ཀཱ་ར་བི་དྷྭན་ས་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན། སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་གསོལ་ནས། ལྷུང་བཟེད་དང ། ཆོས་གོས་མནབས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ། །དེའི་ཚེ་ན་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ཞེས་བྱ་བ་ཞིག་བྱ་བ་འགའ་ཞིག་གི་ཕྱིར་ཤིང་རྟ་ལ་ཞོན་ནས་སེར་སྐྱའི་གནས་གྲོང་ཁྱེར་ཆེན་པོ་ནས་ཕྱིར་བྱུང་བ་དང ། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས། བཅོམ་ལྡན་འདས་ཐག་རིང་པོ་ཁོ་ན་ནས་གཤེགས་པ་མཐོང་ངོ ། །མཐོང 63.7a ནས་ཀྱང་ཤིང་རྟ་དེ་ལས་བབས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གི་ཕ་མ་གཉིས་གཉིད་ལོག་པ་དང་མ་ལོག་པ་དག་ལ་མི་མ་ལགས་པ་རྣམ་པར་འཚེ་བར་བགྱིད་ལ། བཅོམ་ལྡན་འདས་བདག་ཀྱང་གང་གི་ཚེ་ལྗོངས་ཀྱི་ཕྱོགས་གཞན་དུ་མཆི་བའི་ཚེ། བདག་ལ་ཡང་ཆོམ་རྐུན་པ་དག་རྣམ་པར་འཚེ་བར་བགྱིད་ཅིང ། གཅན་ཟན་དག་ཀྱང་རྣམ་པར་འཚེ་བར་བགྱིད་ན། དེའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅི་ནས་ཀྱང་བདག་ལ་མི་འམ། མི་མ་ལགས་པ་དང ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཚེ་བར་མི་བགྱིད་པ་དེ་ལྟར་བདག་ལ་ལེགས་པར་བསྲུང་བ་མཛད་དུ་གསོལ། བསྲུང་བའི་ཆོ་ག་ཡང་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་བཅོམ་ལྡན་འདས་ལ་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཐམས་ཅད་བསྐྱོད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན 63.7b གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སྤྱོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ཤར་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་སོང་ན་ཁྱོད་ལ་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེའི་ཚེ་མ་གཡེངས་པར་དེ་ཡིད་ལ་བྱས་ན་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །རྫོགས་པའི་སངས་རྒྱས་ཐུབ་པ་ཆེ། །རྗེ་ལ་རབ་ཏུ་ཕྱག་འཚལ་ཏེ། །རྟག་ཏུ་དེ་ནི་མངོན་བྱེད་ཅིང ། །འགྲོ་ན་ཁྱོད་ལ་འཇིགས་མི་འབྱུང ། །གཞོན་ནུ་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་དགུ་ཁྲི་འདས་པ་ན། འཇིག་རྟེན་གྱི་ཁམས་མུན་པ་དང་མུན་ནག་གི་ཚོགས་བཅོམ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ལྷོ་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང ། ཁྱིམ་ལ་སོགས་པའི་ཡིད་ལ་བྱེད་པ་དང་བྲལ་བ་རྣམ་པར་མ་གཡེངས་པ་ཡིད་ལ་བྱེད་པས་སོང་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང ། ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཁྱིམ་གྱི་བསམ་པ་རྣམས་དང་ནི། །ཀུན་ནས་ལྡང་བ་ཀུན་བྲལ་ཞིང ། །ལྷོ་ཕྱོགས་སུ་ནི་འགྲོ་བ་ན། །ཁྱོད་ལ་འཇིགས་པ 63.8a འབྱུང་མི་འགྱུར། །གཞོན་ནུ་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡུལ་ཕེབས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོན་དང་རྒྱགས་པ་རྣམ་པར་གནོན་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ནུབ་ཕྱོགས་སུ་འགྲོ་ན་དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ། དྲན་པར་བྱས་ཤིང་མདུན་དུ་བྱས་ནས་སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་ཟག་པ་མེད་པ་རྣམ་པར་མ་གཡེངས་པ་དང་དྲན་པས་ཁྱོད་སོང་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཆོས་འགའ་སྐྱེས་པ་ཡོད་མིན་ཞིང ། །འགའ་ཡང་འགག་པར་མི་འགྱུར་ཏེ། །གང་གིས་ཆོས་རྣམས་དེ་ལྟར་ཤེས། །དེ་ལ་འཇིགས་པ་ཅི་ཡང་མེད། །གཞོན་ནུ་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སྤོབས་པ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་གནོན་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་བྱང་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡེངས་པར་ཡིད་ལ་བྱེད་པས་སོང་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །མཉམ་པ་ཉིད་ལ 63.8b སེམས་བྱོས་ལ། །སེམས་ཅན་དེ་ལ་མ་བརྙས་དང ། །ཁྱོད་ལ་འཇིགས་པར་འབྱུང་མི་འགྱུར། །གཞོན་ནུ་བྱང་ཤར་གྱི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་བདུད་ཀྱི་སྡེ་བཅོམ་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དེ། གཞོན་ནུ་དེ་ནི་དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱུང་བ་ཡིན་ནོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་བྱང་ཤར་གྱི་ཕྱོགས་སུ་འགྲོ་ན་དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡེངས་པས་སོང་ན་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །གང་གིས་དང་པོའི་ཐུགས་ཀྱིས་ནི། །བདུད་རྣམས་ཕམ་མཛད་སངས་རྒྱས་དེ། །དྲན་བཞིན་དུ་ནི་ཁྱོད་སོང་ན། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །གཞོན་ནུ་ཤར་ལྷོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཉི་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་རྟག་ཏུ་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། ། 63.9a གཞོན་ནུ་དེ་བཞིན་གཤེགས་པ་དེས་དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྟེ། སངས་རྒྱས་ཉིད་ཀྱི་བར་དུ་བར་ཆད་མེད་པར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་ཀུན་དུ་བསྟེན། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས། ཤེས་རབ་སྤྱད་དེ། གཞོན་ནུ་དེ་ནི་དེ་བཞིན་གཤེགས་པ་དེའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱུང་བ་ཡིན་ནོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ཤར་ལྷོའི་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ། ཕྱིས་ཁྱིམ་ནས་སོང་ཤིག་དང ། ཁྱོད་ལ་ཕྱིས་འགྱོད་པ་འམ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །རྣམ་པར་མ་གཡེངས་པས་ཡིད་ལ་བྱེད་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཡན་ལག་ལྔས་ནི་ཕྱག་འཚལ་ཏེ། །ཕྱི་ནས་ཁྱིམ་ནས་སོང་ཤིག་དང ། །ཆོམ་རྐུན་རྣམས་ཀྱིས་ཁྱོད་ཀུན་དུ། །ཟིལ་གྱིས་མི་ནོན་འགྲོ་བར་འགྱུར། །གཞོན་ནུ་ལྷོ་ནུབ་ཀྱི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་གསེར་གྱི་དྲ་བས་གཡོགས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གདུགས་འཕགས་སྣང་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ལྷོ་ནུབ་ཀྱི་ཕྱོགས་སུ་འགྲོ་ན་དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་ཅིང་རྣམ་པར་མ་གཡེངས་པའི་ཡིད་ལ་བྱེད་པས་སོང་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་ཞིང་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །མེ་ཏོག་སིལ 63.9b མས་གཏོར་ཅིག་དང ། །ཁྱོད་ནི་ལྷོ་ནུབ་འགྲོ་བ་ན། །འཇིགས་པ་འབྱུང་བར་མི་འགྱུར་རོ། །གཞོན་ནུ་ནུབ་བྱང་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡོངས་དག་རབ་གནས་མངོན་པར་འཕགས་ཤེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་འདུལ་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ནི་མི་གཙང་བ་མེད་པ། འཁྲིག་པ་མེད་པ། བུད་མེད་མེད་པ། ཚེར་མ་དང ། གསེག་མ་དང ། གྱོ་མོ་མེད་པ། སྙིགས་མ་ལྔ་མེད་པ་ཡིན་ནོ། །གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར་ནུབ་བྱང་གི་ཕྱོགས་སུ་འགྲོ་ན་ཚངས་པར་སྤྱོད་པ་ཡང་དག་པར་བླངས་ནས་ཕྱིས་ཁྱིམ་ནས་རྣམ་པར་མ་གཡེངས་པའི་ཡིད་ལ་བྱེད་པས་སོང་ཤིག་དང ། གཞོན་ནུ་ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཚངས་སྤྱོད་ཡང་དག་བླངས་བྱས་ཏེ། །ཕྱི་ནས་ཁྱིམ་ནས་སོང་ཤིག་དང ། །ཁྱོད་ནི་གང་དང་གར་འགྲོ་ཡང ། །ཆོམ་རྐུན་རྣམས་ཀྱིས་ཟིལ་མི་ནོན། །གཞོན་ནུ་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་བཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དམིགས་པ་མེད་པ་ཡིད་ལ་བྱེད་པ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ་འདུག་ཀྱང་རུང ། འགྲེང་ཡང་རུང ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ 63.10a པར་བྱས་ནས་རྫོགས་པར་བྱས་ཤིང་གནས་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ཁྱོད་ཀྱིས་མ་ཡེངས་ཡིད་བྱེད་ཀྱིས། །རྟག་ཏུ་རྒྱལ་བ་དེ་དྲན་ཞིང ། །རྟག་ཏུ་བྱམས་པའི་སེམས་བྱོས་དང ། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །གཞོན་ནུ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་དགུ་ཁྲི་ཉིས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་པོ་སེམས་བསྐྱེད་ཐེ་ཙོམ་གཅོད་མཛད་ཉོན་མོངས་བསྐྱོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །གཞོན་ནུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་བྱ་བ་རྩོམ་པ་ཐམས་ཅད་དང ། འགྲེང་ཡང་རུང ། འདུག་ཀྱང་རུང ། འཆག་ཀྱང་རུང་སྟེ། སྤྱོད་ལམ་ཐམས་ཅད་དུ་ཕྱག་འཚོལ་ཅིག་།ཡིད་ལ་བྱོས་ཤིག་དང ། སེམས་ཅན་རྣམས་ལ་བྱམས་པའི་སེམས་དང ། ཕན་པའི་སེམས་སྒྲུབས་ཤིག་དང ། གཞོན་ནུ་ཁྱོད་ལ་འཇིགས་པ་འབྱུང་བར་མི་འགྱུར་ཞིང ། དགོས་པ་ཐམས་ཅད་ཀྱང་འབད་མི་དགོས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །བྱ་བ་ཀུན་ལ་ཉིན་མཚན་དུ། །སངས་རྒྱས་དེ་ནི་དྲན་བྱ་ཞིང ། །བྱང་ཆུབ་སེམས་ཀྱང་མ་བཏང་དང ། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །གཞོན་ནུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་ལེགས་པར་བཟུང་བར་གྱིས་ཤིག་།ལེགས་པར་བཅང་བར་གྱིས་ཤིག་།ལེགས་པར་ཀུན་ཆུབ་པར་གྱིས་ཤིག་དང ། འཇིགས་པ་དང ། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཁྱོད་ལ་འབྱུང་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཤཱཀྱ་གཞོན་ནུ 63.10b བཞིན་རབ་གསལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་བཟུང་ལགས་ཏེ། བཅོམ་ལྡན་འདས་བདག་ལ་འཇིག་རྟེན་གྱི་ཁམས་དེ་དག་མུན་པ་མ་མཆིས་ཤིང ། བཅོམ་ལྡན་འདས་བདག་གིས་འཇིག་རྟེན་གྱི་ཁམས་དེ་དག་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་དཔེར་ན་དེ་བཞིན་གཤེགས་པ་ད་ལྟར་འཁོར་རྣམས་ལ་ཆོས་སྟོན་པ་བཞིན་དུ་མཐོང་ངོ ། །དེ་ནས་འཁོར་དེ་ལས་ཤཱཀྱ་གཞོན་ནུ་བཞིན་རབ་གསལ་ལ་སོགས་པ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་བཅོམ་ལྡན་འདས་ལ་བལྟ་བ་དང ། ཕྱག་འཚལ་བ་དང ། མཆོད་པ་དང ། རིམ་གྲོ་བྱ་བ་དང ། ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་འཁོར་དེར་འདུས་པར་གྱུར་པའི་སྲོག་ཆགས་སྟོང་ཚང་བ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་དོན་གྱི་སླད་དུ་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་བཅོམ་ལྡན་འདས་བདག་ཅག་ལ་ཕྱོགས་དེ་དག་དང་འཇིག་རྟེན་གྱི་ཁམས་དེ་དག་ཀྱང་མུན་པ་མ་མཆིས་པར་གདའ་ལ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་དག་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དཔེར་ན། ད་ལྟར་དེ་བཞིན་གཤེགས་པ་ཆོས་སྟོན་པ་འདི་བཞིན་དུ་གདའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག 63.11a ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་རྣམས་ཐོས་ནས་མིག་རྣམ་པར་དག་ཅིང་ཕྱོགས་བཅུ་དག་ན་འཇིག་རྟེན་གྱི་ཁམས་གང་དག་མཆིས་པ་དེ་དག་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་བ་དེ་དག་གི་མིག་རྣམ་པར་དག་པའི་བསོད་ནམས་དེ་དག་བཅོམ་ལྡན་འདས་ཅི་ལགས། ཚེ་རབས་གཞན་དུ་ཚེ་འཕོས་ན་ཡང་འབྲལ་བར་འགྱུར་རམ། འོན་ཏེ་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འདི་ལྟར་མིག་རྣམ་པར་དག་པ་དེ་དག་ནི་སྒྲིབ་པ་མེད་པའི་ཚུལ་གྱིས་ཤིན་དུ་རྣམ་པར་དག་པ་ཉིད་ཏུ་འགྱུར་རོ། །ཤཱ་རིའི་བུ་ཁྱོད་ཀྱིས་སྲོག་ཆགས་སྟོང་ཚང་བ་འདི་མཐོང་ངམ། ཤཱ་རིའི་བུ་འདི་དག་ཐམས་ཅད་ནི་སངས་རྒྱས་ཀྱི་མཚན་བཟུང་བའི་དགེ་བའི་རྩ་བ་འདིས་རེ་རེས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བྱེད་དུ་བཅུག་ནས་སྲིད་པ་ཐ་མ་དང ། ལུས་ཐ་མ་ལ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་རྫོགས་པར་བྱས་ཏེ། བསྐལ་པ་གཅིག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་དག་པས་བརྒྱན་པ་ཞེས་བྱ་བར་མཚན་འཐུན་པ་ཤ་སྟག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་རྣམས་ལུང་བསྟན་པ་བཤད་པ་འདི་བཀའ་སྩལ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ལྡེག་རབ་ཏུ་ལྡེག་།ཀུན་དུ་རབ་ཏུ་ལྡེག་།ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ། འཁྲུགས་རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས་སོ། །ས་བླའི 63.11b ལྷའི་རྣམས་ཀྱིས་ཀྱང་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཚན་བཟུང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བཟུང་ཞིང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པས་དོན་ཐམས་ཅད་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པར་འགྱུར་བ་ནི་ངོ་མཚར་ཆེ་སྟེ། སུ་ཞིག་སངས་རྒྱས་ལ་དད་པར་མི་འགྱུར་ཞེས་སྒྲ་བསྒྲགས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང ། སུམ་བཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་བ་རྣམས་དང ། དགའ་ལྡན་པ་རྣམས་དང ། འཕྲུལ་དགའ་བ་རྣམས་དང ། གཞན་འཕྲུལ་དབང་བྱེད་ཀྱི་བདུད་ཀྱི་རིས་རྣམས་དང ། ཚངས་རིས་རྣམས་དང ། ཚངས་པའི་མདུན་ན་འདོན་རྣམས་དང ། ཚངས་པ་ཆེན་པོ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་གྱིས་ས་བླའི་ལྷ་རྣམས་ཀྱིས་སྒྲ་དེ་ཐོས་ནས་ཡི་རངས་ཤིང་རབ་ཏུ་དགའ་ལ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཚིག་འདི་སྐད་ཅེས་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཚན་བཟུང་བ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བཟུང་ཞིང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པས་དོན་ཐམས་ཅད་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པར་འགྱུར་བ་ནི་ངོ་མཚར་ཆེ་སྟེ། སུ་ཞིག་སངས་རྒྱས་ལ་དད་པར་མི་འགྱུར་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དང ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་བར་བྱེད་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་པར་རིག་པར 63.12a བྱའོ། །དེ་དག་ལ་འཆི་བའི་འཇིགས་པ་མི་འབྱུང་བར་རིག་པར་བྱའོ། །དེ་གཤིས་ངན་དུ་འཆི་བར་མི་འགྱུར་རོ། །དེ་དག་ཕ་རོལ་གྱི་གནོད་པས་འཆི་བར་མི་འགྱུར་རོ། །དེ་དག་ལ་ཆུ་དང ། ཆོམ་རྐུན་དང ། དུག་དང ། མཚོན་གྱིས་འཇིགས་པ་མི་འབྱུང་བར་ཡིད་ཆེས་པར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྲུང་བ་ལུང་བསྟན་པ་འདི་ལྟ་བུ་འདི་ཤེས་ནས་ཆོས་ཀྱི་རྣམ་གྲངས་འདི་གཟུང་བའི་ཕྱིར་ལྷའི་བུ་སྟོང་ཚང་བས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་དང་སྲོག་ཆགས་སྟོང་ཚང་བ་གང་དག་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་ལ་ལྷའི་ཙན་དན་གྱི་ཕྱེ་མ་དང ། ལྷའི་མེ་ཏོག་མན་ད་ར་བ་དང ། མན་ད་ར་བ་ཆེན་པོ་རྣམས་ཀྱིས་མངོན་པར་གཏོར་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད་པ་དང ། འཆང་བར་བགྱིད་པ་དང ། ཀློག་པར་བགྱིད་པ་དང ། ཀུན་ཆུབ་པར་བགྱིད་པ་དེ་དག་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཁྱིམ་ན་མཆིས་སམ། དགོན་པ་ན་མཆིས་སམ། ཤིང་དྲུང་ན་མཆིས་སམ། ཁྱིམ་སྟོང་པ་ན་མཆིས་སམ། འབྲོག་དགོན་པ་ན་མཆིས་སམ། ལམ་དང་ལམ་གོལ་བ་ན་མཆིས་སམ། གཉིད་ལོག་གམ། གཉིད་མ་ལོག་པ་དག་ན་ཡང་དེ་དག་ལ་ཕ་རོལ་གྱི་གནོད་པས་འགུམ་པར་མི་འགྱུར་བར་བདག་གིས་བསྲུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ 63.12b སྩལ་པ། ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཏེ། འཚོ་ཞིང་གཞེས་པ་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང ། བསོད་སྙོམས་དང ། གནས་མལ་དང ། སྙུན་གྱི་རྐྱེན་དང ། སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་ན། ཀུན་དགའ་བོ་དེ་ཙམ་གྱིས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་འགྱུར། བླ་མར་བྱས་པར་མི་འགྱུར། རི་མོར་བྱས་པར་མི་འགྱུར། མཆོད་པ་བྱས་པར་མི་འགྱུར་གྱི། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་པར་བྱེད་དམ། འཆང་བར་བྱེད་དམ། ཀློག་པར་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་ན། ཀུན་དགའ་བོ་དེ་ཙམ་གྱིས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་དམ་པ་དང ། བླ་མར་བྱ་བ་དམ་པ་དང ། རི་མོར་བྱ་བ་དམ་པ་དང ། མཆོད་པ་དམ་པས་བཀུར་སྟི་བྱས་པ་ཡིན། བླ་མར་བྱས་པ་ཡིན། རི་མོར་བྱས་པ་ཡིན། མཆོད་པ་བྱས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བར་ཟུང་ཤིག་།འདི་དེ་བཞིན་གཤེགས་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་དང ། དངོས་པོ་མེད་པར་རྟོགས་པ་ཞེས་བྱ་བ་དང ། མཚན་ཉིད་མེད་པར་རྟོགས་པ 63.13a ཞེས་བྱ་བར་ཡང་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་དང་སྲོག་ཆགས་སྟོང་ཚང་བ་དེ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང ། ལོཙྪ་བ་བན་དེ་རྩངས་དེ་བེན་དྲ་རཀྵི་ཏས་བསྒྱུར། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཀླུའི་རྒྱལ་མཚན་གྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ། ། |