rKTs


J171

(e-text produced by ADARSHA)

see text in transliteration
58.211b
༄#། །རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་སང་གཱི་ཏི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། ་འཕགས་པ་སངས་རྒྱས་བགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ
58.212a
དབུས་གྱུར་འཆང་བ་འཆང་ན་ཡུལ་དབུས་གྱུར་རྣམས་ཀྱི་ཤིང ། ་མྲ་སྟུག་པོའི་ཚལ་གྱི་གྲོང་འདབ། རི་བཟང་པོ་བ་དེ་ཧའི་དབང་པོའི་བྲག་གི་ཕུག་ན། དགེ་སློང་ལྔ་སྟོང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་ཉི་ཁྲི་ལྔ་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང ། བྱམས་པ་ལ་སོགས་པ་དང་ཐབས་གཅིག་གོ། །ལྷའི་བུ་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པ་ཤ་སྟག་གོ། །ཡང་དེའི་ཚེ་ན་འཇིག་རྟེན་དུ་རྙོག་པ་ལྔ་དག་བྱུང་སྟེ། འདི་ལྟ་སྟེ། ཚེའི་རྙོག་པ་དང ། སེམས་ཅན་གྱི་རྙོག་པ་དང ། བསྐལ་པའི་རྙོག་པ་དང ། ཉོན་མོངས་པའི་རྙོག་པ་དང ། ལྟ་བའི་རྙོག་པ་བྱུང་བའི་ཕྱིར་འཁོར་བཞི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་དུ་འདི་ལྟ་སྟེ། ཆོས་ཉན་པའི་ཕྱིར་ཤིན་དུ་འོང་བར་མ་གྱུར། འོངས་ནས་ཀྱང་ཆོས་ལ་འཐུན་པར་མི་བྱེད། དེ་བཞིན་གཤེགས་པ་ལ་འང་བཀུར་སྟི་མི་བྱེད། སེམས་ཅན་དག་ཆོས་བཤད་པས་སྐྱོ་ཞིང་འཁོད་ནས་བྲེལ་བ་སྣ་ཚོགས་ཀྱིས་བྲེལ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་སེམས་ཅན་འདི་དག་ནི་ཡོངས་སུ་སྐྱོ་སྟེ། ཆོས་བཤད་པ་ཁོང་དུ་མི་ཆུད་ཆོས་ཉན་པ་དང ། དེ་བཞིན་གཤེགས་པ་ལ་ལྟ་བའི་ཕྱིར་མི་འོང ། ཆོས་ཉན་པའི་ཕྱིར་འོངས་སུ་ཟིན་ཀྱང་དེ་ལྟར་འཐུན་པར་མི་བྱེད། བཀའ་ཡིན་པར་སེམས་མི་འཇོག་གིས། གང་ངས་ནང་དུ་ཡང་དག་འཇོག་གི་ཚུལ་གྱིས་སྐྱེ་བོ་རྣམས་ཡོངས་སུ་སྐོམ་པར་བྱའོ། །སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཡང་སངས་རྒྱས་བཅོམ་ལྡན་འདས་གཞན་དག་དང་ལྷན་ཅིག་ཏུ་སངས་རྒྱས་བགྲོ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བགྲོའོ་སྙམ་མོ། །ཡང་དེའི་ཚེ་ན་སངས་རྒྱས་བཅོམ་ལྡན་འདས་གཞན་དག་གི་སངས་རྒྱས་ཀྱི
58.212b
ཞིང་གཞན་དག་ཏུ་འང་འཁོར་བཞི་ཡོངས་སུ་སྐྱོ་སྟེ། ཆོས་ཉན་པའི་ཕྱིར་མི་འོང་བར་གྱུར་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བདག་བདག་གི་སངས་རྒྱས་ཀྱི་ཞིང་དུ་ནང་དུ་ཡང་དག་འཇོག་ལ་བཞུགས་པའི་ཚུལ་གྱིས་འཁོར་བཞི་ཡོངས་སུ་སྐོམ་པར་མཛད་དོ། །ཡང་དེའི་ཚེ་ན་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་བཞི་སྟོང་འདས་པ་ན། ཀུན་དུ་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན་འཇུག་སྲེད་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་འཚོ་གཞེས་ཤིང་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང ། དེ་བཞིན་གཤེགས་པའི་བགྲོ་བ་བགྲོ་བའི་ཕྱིར་དེར་འདུས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མ་བགྲོས་པ་འམ། བགྲོ་བ་མི་མཛད་པ་མེད་དེ། ཆོས་བཤད་པ་དང་སེམས་ཅན་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་དག་བགྲོ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་དུ་འདུ་བར་འགྱུར་ཞེས་དགོངས་པ་ལས་དེ་འདི་སྙམ་དུ་གྱུར་ཏེ། ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་འདུ་བར་འགྱུར་ཏེ། འདི་ནི་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་བཞི་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཀུན་དུ་སྣང་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇུག་སྲེད་ཀྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་འཚོ་གཞེས་ཆོས་ཀྱང་སྟོན་ཏེ། དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུ་བར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་དེ་ནི་དེ་བཞིན་གཤེགས་པ་དབང་པོའི་བྲག་གི་ཕུག་ཏུ་གཤེགས་སོ། །གཤེགས་ནས་ཀྱང་ཟླ་བ་གསུམ་དུ་ནང་དུ་ཡང་དག་འཇོག་པར་འགྱུར་གྱིས། དེ་དགའ་བོ
58.213a
ཁྱོད་ཀྱིས་ལྷ་དང ། ཀླུ་དང་གནོད་སྦྱིན་དང ། དྲི་ཟ་དང་ལྷ་མ་ཡིན་དང ། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང ། མི་ལ་སོགས་པ་གང་ཡང་དབང་པོའི་བྲག་གི་ཕུག་ཏུ་ཟླ་བ་གསུམ་གྱི་བར་དུ་མ་གཏང་ཤིག་།དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ལྷ་མཐུ་ཆེན་པོ་ལུས་ཕྲ་བ་དག་གཟུང་མི་ནུས་སོ། །བཅོམ་ལྡན་འདས་ཇི་ལྟར་གནས་ན་མཽད་གལ་གྱི་བུ་ཆེན་པོ་རྫུ་འཕྲུལ་དང་ཆོ་འཕྲུལ་དང་ལྡན་པ་དེ་འདྲ་བ་བདག་ལ་མ་མཆིས་ཀྱིས་བཅོམ་ལྡན་འདས་དེ་ལ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་སྲུང་བར་ནུས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཆོག་གོ། །ཁྱོད་དེ་བཞིན་གཤེགས་པ་ལ་དེ་སྐད་མ་ཟེར་ཅིག་།དེ་བཞིན་གཤེགས་པ་ནི་སུས་ཀྱང་སྲུང་མི་དགོས་སོ། །ཀུན་དུ་སྲུང་མི་དགོས་སོ། །དེ་བཞིན་གཤེགས་པ་ལ་ནི་བསྲུང་བར་བྱ་བ་མེད་དེ། དགྲ་ལས་རྒྱལ་བ་ཡིན་ནོ། །ངས་ནི་ལྷ་དང་བཅས་པ། བདུད་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་གང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལ་ཆུང་ངུ་ན། ཆོས་ཀྱི་དབྱིངསཀྱི་མཐའ་མ་ལ་ཡང་བསྐྱོད་པ་འམ། སྒུལ་བར་ནུས་པ་སུ་ཡང་མ་མཐོང་གིས། དགའ་བོ་ཁྱོད་བྱ་བ་ཉུང་བར་གྱིས་ཤིག་།དེ་བཞིན་གཤེགས་པ་ཉིད་བྱིན་གྱིས་རློབ་བོ། །དགའ་བོ་ཡང་དེ་བཞིན་གཤེགས་པ་ནང་དུ་ཡང་དག་འཇོག་ལ་ཞུགས་པའི་དྲུང་དུ་དགེ་སློང་དང་དགེ་སློང་མ་དང ། དགེ་བསྙེན་དང་དགེ་བསྙེན་མ་དང ། ལྷ་དང་ཀླུ་དང་གནོད་སྦྱིན་དང ། དྲི་ཟ་དང་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། མི་མ་ཡིན་པ་དག་འོང་བར
58.213b
གྱུར་ན། དགའ་བོ་ཁྱོད་ཀྱིས་དེ་དག་ལ་འདི་སྐད་དུ་ཆོས་ཤོད་ཅིག་།གྲོགས་པོ་དག་མིར་ཐོབ་པ་ནི་དཀོན་ནོ། །འཐུན་པའི་ཡུལ་ལ་གནས་པ་ནི་དཀོན་ནོ། །དེ་བཞིན་གཤེགས་པ་སྐྱེ་བ་ཡང་དཀོན་ནོ། །དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་ཡང་དཀོན་ནོ། །རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་ཡང་དཀོན་ནོ། །དགེ་བའི་བཤེས་གཉེན་ཡང་དཀོན་ནོ། །ནན་ཏན་ལ་གནས་པའི་གང་ཟག་ཀྱང་དཀོན་ནོ། །སྟོང་པ་ཉིད་ལ་ཡིད་ཆེས་ཤིང་མོས་པར་བྱེད་པ་ཡང་དཀོན་ནོ། །དགེ་སློང་གི་ཆོས་ཡོངས་སུ་དག་པར་འཆད་པ་ཡང་དཀོན་ནོ། །གཏོང་བའི་སེམས་དང་ལྡན་པ་ཡང་དཀོན་ནོ། །ལེན་པ་ཡང་དཀོན་ནོ། །གང་བླངས་ནས་སྦྱིན་པ་སྦྱོང་བར་བྱེད་པ་ཡང་དཀོན་ནོ། །གང་བྱས་པ་གཟོ་བར་བྱེད་པ་དང ། བྱས་པ་ཚོར་བར་བྱེད་པའི་སེམས་ཅན་དེ་དག་ཀྱང་དཀོན་ནོ། །གང་བསླབ་པ་འདོད་ཅིང་སྲོག་གི་ཕྱིར་ཡང་བསླབ་པ་མི་གཏོང་བའི་སེམས་ཅན་དེ་དག་ཀྱང་དཀོན་ནོ། །སེམས་ཅན་གང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བ་དང་སྙིང་བརྩེ་བ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་པ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་དུ་ནན་ཏན་གྱིས་སྦྱོང་བའི་སེམས་ཅན་དེ་དག་ནི་ཤིན་དུ་དཀོན་ནོ་ཞེས་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ནང་དུ་ཡང་དག་འཇོག་ལ་ཞུགས་ན་དེ་ལྟར་ཆོས་ཤོད་ཅིག་།གལ་ཏེ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང་དགེ་བསྙེན་མའི་འཁོར་བཞི་དང ། ལྷ་དང་ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དག་ལྷགས་ནས་འོངས་པ་དེ་དག་ལ་དེ་སྐད་དུ་ཆོས་ཤོད་ཅིག་།གཞན་ཡང་དགའ་བོ་ཁྱོད་ཀྱིས་འདི་ལྟར་ཆོས་ཤིག་།དེ་བཞིན་གཤེགས་པས་རྣམ་གྲངས་དུ་མར་ལོག་པར་ལྟ་བ་ཤིན་དུ་ཁ་ན་མ་ཐོ་བར
58.214a
གསུངས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ལོག་པར་ལྟ་བར་མི་བྱའོ། །དེ་ལ་ལོག་པར་ལྟ་བ་གང་ཞེ་ན། འདི་ལྟ་སྟེ། མ་གྲོལ་བ་དང ། མ་སྦས་པ་དང ། མ་ཞི་བ་དང ། མ་དུལ་བ་དང ། རྣམ་པར་མ་དུལ་བ་དང ། ལྷ་སྣ་ཚོགས་ལ་ཐལ་མོ་སྦྱོར་བ་དང ། ཚུལ་ཁྲིམས་དང ། བཟོད་པ་སྣ་ཚོགས་དང ། ཆུ་བོ་དང་མཚེའུ་དང ། རྫིང་བུ་དང་འོབས་དང ། རི་དང་རི་དགས་དང ། བྱ་དང་ཤིང་ལ་དད་པ་དང ། འདོད་ཆགས་དང ། ཞེ་སྡང་དང་གཏི་མུག་དང་བཅས་པ་དང ། དེ་ལྟ་བུ་དག་གི་གཟུགས་བྱེད་པ་དང ། དེ་ལ་སོགས་པ་ཡང་དག་པ་མ་ཡིན་པར་ལྟ་བ་དེ་ནི་ལོག་པར་ལྟ་བ་ཞེས་བྱའོ། །གཞན་ཡང་དགའ་བོ་ལོག་པར་ལྟ་བ་ནི་གང ། བདག་ཏུ་འཛིན་པ་ལ་ཞེན་པ་དེ་ནི་ལོག་པར་ལྟ་བ་ཞེས་བྱའོ། །སེམས་ཅན་དུ་འཛིན་པ་ལ་ཞེན་པ་དང ། སྲོག་ཏུ་འཛིན་པ་དང ། གང་ཟག་ཏུ་འཛིན་པ་ལ་ཞེན་པ་དང ། ཆད་པར་འཛིན་པ་ལ་ཞེན་པ་དང ། རྟག་པར་འཛིན་པ་ལ་ཞེན་པ་དེ་དག་ནི་ལོག་པར་ལྟ་བ་ཞེས་བྱའོ། །དགའ་བོ་མདོར་ན་ལོག་པར་ལྟ་བ་ཤིན་དུ་ཕྲ་བ་བསྟན་ཏོ། །དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཡང་རུང་སྟེ། ཆུང་ངུ་ན་མྱ་ངན་ལས་འདའ་བར་སེམས་ཀྱང་རུང ། དེ་ལྟ་བུའི་འདུ་ཤེས་སྐྱེ་ན་དེ་ནི་ལོག་པར་ལྟ་བ་ཞེས་བྱའོ། །དགའ་བོ་གཞན་ཡང་དེ་བཞིན་གཤེགས་པ་ནང་དུ་ཡང་དག་འཇོག་ལ་འཇུག་ན་འདི་ལྟར་ཆོས་ཤོད་ཅིག་།ཁྱེད་ཀྱིས་ཆོས་དགོས་པར་གྱིས་ཤིག་།ཆོས་ལ་དགའ་བ་དང ། མགུ་བ་དང ། རངས་པ་དང ། འཚོ་བ་ཡོངས་སུ་དག་པ་དང ། བསླབ་པ་ལ་འདོད་པ་དང ། དད་པ་དང་དང་བ་མང་བ་དང ། ཁྲེལ་བ་དང་བཅས་པ་དང ། གུས་པ་དང་བསྟི་སྟང་དང་བཅས་པ་དང ། ཡིད་ལ་སྐྲག་པ་དང ། ཁམས་གསུམ
58.214b
ཐམས་ཅད་ལས་འབྱུང་བར་སེམས་པ་དང ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ལ་བསྒོམ་པའི་བརྩོན་འགྲུས་དང་ལྡན་པ་དང ། བཟོད་པ་དང་ཚིག་བཟང་པོ་དང ། དོན་ལ་རྟོན་ཅིང་ཚིག་ལ་མི་རྟོན་པ་དང ། ཡེ་ཤེས་ལ་རྟོན་ཅིང་རྣམ་པར་ཤེས་པ་ལ་མི་རྟོན་པ་དང ། ངེས་པའི་མདོ་ལ་རྟོན་གྱི་དྲང་བའི་མདོ་ལ་མི་རྟོན་པ་དང ། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང ། རྣམ་པར་ཐར་པའི་སྒོ་གསུམ་ལ་ཚུལ་བཞིན་ཡིད་ལ་བྱ་བས་རྟོགས་པ་དང ། ཁྱེད་སྟོང་པ་ཉིད་ལ་སྤྱོད་ཡུལ་བར་གྱིས་ཤིག་།བདག་ཏུ་འཛིན་པ་ཡོངས་སུ་སྤངས་པ་དང ། མཚན་མའི་སྤྱོད་ཡུལ་མེད་པ་དང ། མཚན་མ་ཡོངས་སུ་སྤངས་པ་དང ། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ལ་སྤྱོད་ཡུལ་བ་དང ། སྨོན་ལམ་ལས་འདས་པར་གྱིས་ཤིག་།དགའ་བོ་ཁྱོད་ཀྱིས་སེམས་ཅན་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྩོམས་ཏེ་ཆོས་ཤོད་ཅིག་།རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཤེས་བྱ་བ་ནི་རྐྱེན་མེད་ན་ཆོས་གང་ཡང་མི་འབྱུང་བ་སྟེ། དེ་ལྟར་ཁྱེད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པར་བྱའོ། །དགའ་བོ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་ཡང་དག་པར་རྟོགས་པ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མི་སྐྱེ་བ་ཡིན་ཏེ། དེ་ལ་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། མི་སྐྱེ་བ་ལ་བཟོད་པ་ཡིན་ཏེ། དེ་ལ་ཡང་རློམ་སེམས་མི་བྱེད་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཇི་ལྟ་བ་ཡང་དག་པར་རྟོགས་པའོ། །དགའ་བོ་ཁྱོད་ཀྱིས་འཕགས་པའི་བདེན་པའི་རབ་ཏུ་ཐ་དད་པ་ལས་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་བཤད་པར་བྱའོ། །དགའ་བོ་འཕགས་པའི་བདེན་པའི་རབ་ཏུ་ཐ་དད་པ་གང་ཞེ་ན། དགའ་བོ་གང་འཕགས་པའི་བདེན་པ་དེ་ཉོན་ཅིག་།དགའ་བོ་འཕགས་པའི་བདེན་པ་ནི་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་ཏེ། གང་བདེན
58.215a
པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པ་དེ་ནི་འཕགས་པའི་བདེན་པ་ཞེས་བྱའོ། །བདེན་པ་དེའི་རབ་ཏུ་ཐ་དད་པ་ཇི་སྙེད་ཅིག་ཡོད་ཅེ་ན། མི་སྐྱེ་བའི་བདེན་པ་དང ། སྐྱེ་བ་ཇི་ལྟ་བཞིན་གྱི་བདེན་པ་དང ། འདོད་ཆགས་དང་བྲལ་བའི་བདེན་པ་དང ། འགོག་པའི་བདེན་པ་དང ། མྱ་ངན་ལས་འདའ་བའི་བདེན་པ་དང ། རྣམ་པར་གྲོལ་བའི་བདེན་པ་དང ། དངོས་པོ་མེད་པའི་བདེན་པ་དང ། མ་སྤྲོས་པའི་བདེན་པ་དང ། མི་རྒྱུ་བའི་བདེན་པ་དང ། ལྷུན་གྱིས་གྲུབ་པའི་བདེན་པ་དང ། མི་ལེན་པའི་བདེན་པ་དང ། མི་གཏོང་བའི་བདེན་པ་དང ། མ་བྱས་པའི་བདེན་པ་དང ། མི་བྱེད་པའི་བདེན་པ་དང ། མི་ལྟུང་བའི་བདེན་པ་དང ། གནས་མེད་པའི་བདེན་པ་དང ། དགའ་བོ་ཆོས་གང་མི་སྐྱེ་བ་དང ། མི་འབྲི་བ་དང ། མི་གནས་པ་དང ། གཞན་དུ་མི་འགྱུར་བ་དེ་ནི་བདེན་པ་ཞེས་བྱ་སྟེ། དགའ་བོ་དེ་ལས་དགོངས་ཏེ་དེ་བཞིན་གཤེགས་པ་དག་འཕགས་པའི་གང་ཟག་ནི་འདུས་མ་བྱས་པས་བསྐྱེད་པའོ་ཞེས་ཆོས་འཆད་དོ། །གང་སྡུག་བསྔལ་ལ་མི་སྐྱེ་བར་ཤེས་པ་འདི་ནི་འཕགས་པའི་སྡུག་བསྔལ་བདེན་པ་སྟེ་དེ་ནི་སྡུག་བསྔལ་རྟོགས་པའོ། །གང་ཀུན་འབྱུང་བ་མི་རྒྱུ་བར་རྒྱུ་ཡོངས་སུ་ཤེས་པ་འདི་ནི་སྡུག་བསྔལ་གྱི་ཀུན་འབྱུང་བ་རྟོགས་པའོ། །གང་ཤིན་དུ་འགོག་པའི་ཆོས་ཐམས་ཅད་ཟད་པ་ཤིན་དུ་མི་སྐྱེ་བ་འདི་ནི་སྡུག་བསྔལ་འགོག་པའོ། །དེ་ལ་ལམ་གང་ཞེ་ན། ལམ་གང་གིས་གཉིས་སུ་མི་བྱེད་ཅིང་དགེ་བ་དང་མི་དགེ་བའི་ཚུལ་གཅིག་ལ་འཇུག་པ་དང ། ཆོས་ཐམས་ཅད་ཀྱི་ཚུལ་གཅིག་རྟོགས་པ་འདི་ནི་ལམ་ཞེས་བྱའོ། །དགའ་བོ་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་ལམ་ཞེས་བྱ་སྟེ། ལམ་དེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དག་འདི་ལྟ་སྟེ། མྱ་ངན་ལས་འདའ་བའི་འགྲོ་བ་བཟང་པོར་གཤེགས་སོ། །དགའ་བོ་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ།
58.215b
འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འབད་པ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ནི་མཉམ་པར་བཤད་པ་ཡིན་ཏེ། མཉམ་པ་དེའི་ཕྱིར་ཆོས་གང་ལ་ཡང་རྣམ་པར་རྟོག་པར་མི་བྱེད་པས་ན་དེའི་ཕྱིར་ལམ་ལ་ཞུགས་པ་ཞེས་བྱའོ། །དགའ་བོ་གཞན་ཡང་འདི་སྐད་དུ་ཆོས་ཤོད་ཅིག་།ཁྱེད་ཀྱིས་དྲན་པ་ཉེ་བར་གཞག་པའི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག་།ཁྱེད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་འགྲོ་བ་ལ་མཁས་པར་གྱིས་ཤིག་ཅེས་དེ་སྐད་དུ་ཆོས་ཤོད་ཅིག་།དགའ་བོ་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་འགྲོ་བ་ལ་མཁས་པ་གང་ཞེ་ན་འདི་ལྟ་སྟེ། ཡི་གེའི་རང་བཞིན་དང་སྐད་མཉམ་པ་ཉིད་ཡིན་ཏེ། དགའ་བོ་དེ་བཞིན་གཤེགས་པ་ནི་ཡི་གེས་ཆོས་རྣམ་པར་འཇོག་ལ་ཡི་གེ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ཞིང་མི་སྐྱེ་མི་འཇིག་པས་བཤད་ཀྱང་དེ་ཙམ་དུ་ཟད། མ་བཤད་ཀྱང་དེ་ཙམ་དུ་ཟད་དེ་མི་འཕེལ་མི་འབྲི་བས་དེའི་ཕྱིར་ཡི་གེ་དེ་དག་ཡི་གེ་མ་ཡིན་ནོ། །དགའ་བོ་དགེ་སློང་གང་ཡི་གེ་མཉམ་པ་དང ། སྐད་མཉམ་པ་ཤེས་པའི་དགེ་སློང་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཚུལ་ཇི་བཞིན་པ་རྟོགས་ཤིང་འགྲོ་བ་ལ་མཁས་པར་རིག་པར་བྱའོ། །དགའ་བོ་གཞན་ཡང་དེ་བཞིན་གཤེགས་པ་ནང་དུ་ཡང་དག་འཇོག་ལ་ཞུགས་པའི་ཚེ་འཁོར་བཞི་གང་འོང་བ་དེ་དག་ལ་དགའ་བོ་ཁྱོད་ཀྱིས་དུས་གསུམ་མཉམ་པ་ཉིད་ལས་བརྩམས་ཏེ་ཆོས་ཤོད་ཅིག་།དགའ་བོ་དུས་གསུམ་མཉམ་པ་ཉིད་གང་ཞེ་ན། དགའ་བོ་འདས་པའི་དུས་ནི་མ་སྐྱེས་པའོ། །མ་འོངས་པའི་དུས་ནི་མ་མཐོང་བའོ། །ད་ལྟར་ནི་མི་གནས་པ་སྟེ། ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལ་གནས་པ་དང ། རང་བཞིན་གྱིས་ཞི་བའོ། །སྟོང་པ་ཉིད་ལ་ཡང་དུས་གང་ཡང་མི་གནས་ཏེ། འདས་པ་ཡང་སྟོང་པ། མ་འོངས་པ་ཡང་སྟོང་པ། ད་ལྟར་ཡང་སྟོང་པའོ། །
58.216a
ཇི་ལྟར་དུས་སྟོང་པ་ཡིན་པ་དེ་བཞིན་ཉིད་ཀྱང་དེ་དང་འདྲའོ། །ཇི་ལྟར་དུས་སྟོང་པ་དེ་བཞིན་དུ་སེམས་ཅན་ཡང་སྟོང་སྟེ། དགའ་བོ་འདི་ལྟ་སྟེ། སྣ་ཚོགས་སུ་མེད་པ་དང ། ཚུལ་གཅིག་ལ་འཇུག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་དོ། །དགའ་བོ་གཞན་ཡང་ཁམས་གསུམ་ཡོངས་སུ་ཤེས་པའི་ཕྱིར་ཆོས་ཤོད་ཅིག་།ཇི་ལྟར་ན་ཁམས་གསུམ་ཡོངས་སུ་ཤེས་པ་ཡིན་ཞེ་ན། དགའ་བོ་འདི་ལ་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་འདི་ལྟར་རྟོག་སྟེ། འདོད་པའི་ཁམས་ནི་ཡོངས་སུ་རྟོག་པ་ལས་བྱུང་ངོ ། །གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་ཀྱང་ཡོངས་སུ་རྟོག་པ་ལས་བྱུང་སྟེ། གང་ཡོངས་སུ་རྟོག་པ་དེ་ནི་དངོས་པོ་མེད་པས་ཁམས་གསུམ་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས་རྟོག་པར་མི་བྱེད་རྣམ་པར་རྟོག་པར་མི་བྱེད། ལེན་པར་མི་བྱེད། དོར་བར་མི་བྱེད། འདོད་པར་མི་བྱེད། སྨོན་པར་མི་བྱེད། སྙེམས་པར་མི་བྱེད། སེམས་པར་མི་བྱེད་དེ། དེས་སེམས་པ་ཐམས་ཅད་དང་བྲལ་བས་འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ཚེགས་ཆུང་ངུས་མངོན་དུ་བྱེད་དོ། །དགའ་བོ་རྣམ་པར་ཐར་པའི་སྟོ་ཀསུམ་མངོན་དུ་བྱ་བ་གང་ཞེ་ན། གང་མཉམ་པ་ཉིད་མ་འཁྲུགས་པ་དང ། ཆོས་གང་ཡང་མི་བྱ་བ་དང ། རྣམ་པར་མི་བྱ་བ་སྟེ། ཆོས་ཐམས་ཅད་ཐོག་མ་ནས་ཟད་པར་ཤེས་ནས་ཡེ་ཤེས་དང་བཅས་པའི་ཡིད་ལ་བྱེད་པ་ཡང་མི་སྐྱེད་དེ། གཅིག་པར་ཡང་མི་བྱེད་སྣ་ཚོགས་སུ་མི་བྱེད་པ་འདི་ནི་དགའ་བོ་རྣམ་པར་ཐར་པའི་སྒོ་གསུམ་མངོན་དུ་བྱེད་པའི་མཉམ་པ་ཉིད་དོ། །དགའ་བོ་ཁྱོད་ཀྱི་ཕུང་པོ་ལྔ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡང་ཆོས་ཤོད་ཅིག་།དགའ་བོ་ཕུང་པོ་ལྔ་ཡོངས་སུ་ཤེས་པར་བྱ་བ་གང་ཞེ་ན། དགའ་བོ་འདི་ལ་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ། དགོན་པ་དང་དབྱེ་ལ་གནས་པ་དག་འདི་ལྟར་སློབ་བོ། །དེ་བཞིན་གཤེགས་པས་ཀྱང་འདི་སྐད་གསུངས་ཏེ། གཟུགས་ནི་དབུ་བ་རྡོས་པ་ལྟ་བུ། ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ། འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ། འདུ་བྱེད་ནི་ཤིང་ཆུ་སྐྱེས་ལྟ་བུ། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ་ཞེས་ཉི་མའི་གཉེན་གྱིས་གསུངས་སོ། །དེ་ལ་རྣལ་འབྱོར་པ
58.216b
རྣལ་འབྱོར་སྤྱོད་པ་དག་འདི་ལྟར་སློབ་སྟེ། གང་དེ་བཞིན་གཤེགས་པས་གསུངས་པའི་དཔེ་དེ་དག་ནི་ཡང་དག་པའོ། །དེ་དག་ནི་དེ་བཞིན་ནོ། །དེ་དག་ནི་གཞན་མ་ཡིན་ཏེ། དབུ་བ་ནི་སྟོང་པ། འདོད་པའི་ཁམས་སུ་མ་གཏོགས་པ། གཟུགས་ཀྱི་ཁམས་སུ་མ་གཏོགས་པ། གཟུགས་མེད་པའི་ཁམས་སུ་མ་གཏོགས་པའོ། །གང་ཁམས་གསུམ་དུ་མ་གཏོགས་པ་དེ་ནི་གདགས་སུ་མེད་པ་མི་གདགས་པའོ། །དབུ་བ་ལ་ཡང་བདག་གམ་སེམས་ཅན་དུ་གདགས་སུ་ཡང་མི་ནུས། དེ་ལ་བདག་གམ་སེམས་ཅན་དུ་མི་དམིགས་ཤིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བདག་མེད་པའི་ཕྱིར་རོ། །ཚོར་བ་དང ། འདུ་ཤེས་དང་འདུ་བྱེད་ཀྱང་དེ་བཞིན་ནོ། །གང་རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ་ཞེས་གསུངས་པ། སྒྱུ་མ་ནི་སྟོང་པ་སྟེ། འདོད་པའི་ཁམས་སུ་མ་གཏོགས། གཟུགས་ཀྱི་ཁམས་སུ་མ་གཏོགས། གཟུགས་མེད་པའི་ཁམས་སུ་མ་གཏོགས་སོ། །གང་ཁམས་གསུམ་དུ་མ་གཏོགས་པ་དེ་ནི་གདགས་སུ་མེད་པ་མི་གདགས་པའོ། །སྒྱུ་མ་ལ་ཡང་བདག་གམ་སེམས་ཅན་དུ་གདགས་སུ་མི་ནུས་ཏེ། དེ་ལ་ནི་བདག་གམ་སེམས་ཅན་མེད་ཅིང་མི་དམིགས་པའོ། །དགའ་བོ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་དེ་ལྟར་ཕུང་པོ་ལ་རྟོག་པ་དེ་ནི་ཕུང་པོ་ཡོངས་སུ་ཤེས་པའོ། །དགའ་བོ་གཞན་ཡང་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པར་བྱ་བ་དང ། སྤང་བར་བྱ་བའི་ཕྱིར་ཁྱོད་ཀྱིས་ཆོས་ཤོད་ཅིག་།དེ་ལ་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པར་བྱ་བ་གང་ཞེ་ན། དགའ་བོ་མིག་ནི་བདག་དང་བདག་གིས་སྟོང་སྟེ། དེ་རང་བཞིན་གྱིས་དེ་བཞིན་ནོ། །དེ་བཞིན་དུ་རྣ་བ་དང་སྣ་དང ། ལྕེ་དང་ལུས་དང་ཡིད་བདག་དང་བདག་གིས་སྟོང་སྟེ། རང་བཞིན་གྱིས་དེ་བཞིན་ནོ། །གཟུགས་བདག་དང་བདག་གིས་སྟོང་སྟེ། དེ་ནི་རང་བཞིན་གྱིས་དེ་བཞིན་ནོ། །དེ་བཞིན་དུ་སྒྲ་དང ། དྲི་དང་རོ་དང ། རེག་དང ། ཆོས་རྣམས་ཀྱང་བདག་དང་བདག་གིས་སྟོང་སྟེ། དེའང་རང་བཞིན་གྱིས་དེ་བཞིན་ནོ་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། དགའ་བོ་གང་རང་བཞིན་གྱིས་སྟོང་པ་དེ་ལ་ནི་ཆོས་གང་ཡང་གདགས་སུ་མེད་དོ། །དེ་ལ་ནི་མིག་མེད་རྣ་བ་མེད་སྣ་མེད་ལྕེ་མེད་ལུས་མེད་ཡིད་མེད་གཟུགས་མེད་སྒྲ་མེད་དྲི་མེད་རོ
58.217a
མེད་རེག་མེད་ཆོས་མེད་དོ། །དགའ་བོ་གང་ཆོས་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་དེ་ནི་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པའོ། །དེ་ལ་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་སྤོང་བ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མི་འཛིན་པ་མི་སྙེམས་པ་མཚན་མ་མི་རྒྱུ་བ་དེ་ནི་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་སྤོང་བའོ། །དེ་ལྟ་བས་ན་དགའ་བོ་ཁྱོད་ཀྱིས་གལ་ཏེ་དགེ་སློང་དང་དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མའི་འཁོར་བཞི་དང ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་འོང་ན་དེ་དག་ལ་དགའ་བོ་ཁྱོད་ཀྱིས་དེ་སྐད་དུ་ཆོས་ཤོད་ཅིག་།ཡང་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་འདི་འདྲ་བའི་བྱིན་གྱིས་བརླབ་པས་བྱིན་གྱིས་བརླབས་པར་གྱུར་ཏེ། གང་དང་གང་དག་ཆོས་བཤད་པ་འདིའི་སྣོད་དུ་གྱུར་པ་དེ་དག་ནི་ཐོས་སོ། །ལྷག་མ་དག་ལ་ནི་རྣར་ཡང་མི་གྲག་སྟེ། དེ་བཞིན་གཤེགས་པ་ཅང་མི་གསུང་བར་མཐོང་ངོ ། །སྟོན་པ་འདི་བསྟན་པའི་ཚེ་དགེ་སློང་ལྔ་བརྒྱ་ནི་ཟག་པ་ལས་མ་ལུས་པར་སེམས་རྣམ་པར་གྲོལ་ལོ་ལྷའི་བུ་བཞི་ཁྲི་ཉིས་སྟོང་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་སློང་མ་སུམ་སྟོང་ནི་ཟག་པ་ལས་མ་ལུས་པར་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་ཁྲག་ཁྲིག་ཕྲག་བདུན་གྱིས་ནི་འདོད་ཆགས་དང་བྲལ་བ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་དེ་འདྲ་བར་བསྟན་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ལངས་ཏེ། དབང་པོའི་བྲག་གི་ཕུག་ཏུ་སོང་ལ་དེ་བཞིན་གཤེགས་པའི་རྩཝའི་གདིང་བ་ཐིང་ཤིག་།དེ་བཞིན་གཤེགས་པ་ནི་རྩཝའི་གདིང་བ་ལ་བཞུགས་ཏེ། ཟླ་བ་གསུམ་དུ་ནང་དུ་ཡང་དག་འཇོག་ལ་བཞུགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་གདིང་བར་བགྱིའོ། །དན་གདིང་བ་ལྟ་ཞིག་ཅིར་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཆོག་གིས་དེ་སྐད་མ་ཟེར་ཅིག་།སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་རྩཝའི་གདིང་བ་ལ་དགྱེས་པར་གྱུར་ཏོ། །དགའ
58.217b
བོ་དེ་བཞིན་གཤེགས་པ་ནི་ཡོ་བྱད་ཀྱི་བདེ་བ་མ་ཡིན་གྱི། དགའ་བོ་དེ་བཞིན་གཤེགས་པ་ནི་ཆོས་ལ་གནས་པའི་བདེ་བས་བདེ་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། སྟན་ལས་ལངས་ནས་རྩཝའི་ཕྱིར་དེ་བཞིན་གཤེགས་པའི་འཁོར་ནས་བྱུང་ངོ ། །དེ་ནས་དེའི་ཚེ་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མས་ལྷའི་རྩཝ་འཇམ་པ་རེག་ན་བདེ་བ། གོས་ཀ་ཙ་ལིན་དི་ཀ་དང་འདྲ་བ་དག་ཚེ་དང་ལྡན་པ་དགའ་བོའི་ལག་དུ་བཞག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་རྩཝ་དེ་དག་བླངས་ཏེ། དབང་པོའི་བྲག་གི་ཕུག་གང་ན་བ་དེར་སོང་ནས་དབང་པོའི་བྲག་གི་ཕུག་གི་ནང་དུ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་རྩཝའི་གདིང་བ་བཏིང་ངོ ། །ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ཀྱི་རྩཝའི་གདིང་བ་བཏིང་མ་ཐག་ཏུ། དེ་ནས་དེའི་ཚེ་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མས་རྩཝའི་གདིང་བའི་སྟེང་དུ་ལྷའི་གོས་བཏིང་བར་གྱུར་ཏེ། གོས་མང་པོ་དེ་དག་གིས་འཛམ་བུའི་གླིང་ཡོངས་སུ་གང་ཞིང་བྱུར་བུར་གྱུར་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་བྱིན་གྱིས་བརླབས་ཀྱིས་གོས་མང་པོ་དེ་སྙེད་དག་ཀྱང་འཕང་དུ་སོར་བཞི་ཙམ་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། དབང་པོའི་བྲག་གི་ཕུག་ཏུ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས་སིལ་སྙན་ཐམས་ཅད་ཀྱང་མ་དཀྲོལ་བར་སྒྲ་བྱུང་ངོ ། །མེ་ཏོག་གི་ཆར་དག་ཀྱང་བབ་སྟེ། མེ་ཏོག་གི་ཆར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དབང་པོའི་བྲག་གི་ཕུག་ཏུ་གཤེགས་ནས་དཀྱིལ་མོ་དཀྲུང་བཅས་ཏེ། སྐུ་དྲང་པོར་བསྲང་ནས་དྲན་པ་མངོན་པར་བཞག་སྟེ་བཞུགས་སོ། །ཡང་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་དབང་པོའི་བྲག་གི་ཕུག་བཻ་དཱུརྱ་ལས་བྱས་པ་ལྟ་བུར་གྱུར་པ་དེ་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་སོ། །ཡང་དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་སངས་རྒྱས་ཀྱིས་འདུལ་བ། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དེ་དག་གིས་དབང་པོའི་བྲག་གི་ཕུག་ན། དེ་བཞིན་གཤེགས་པ་བཞུགས་པ་མཐོང་བ་ནི་འདི་ལྟ་སྟེ། མེ་ལོང
58.218a
ཡོངས་སུ་དག་པའི་ནང་དུ་བཞིན་སྣང་བ་དེ་བཞིན་དུ་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ངོ ། །ཡང་དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་མཐིལ་ནས་འོད་ཟེར་བརྒྱ་སྟོང་དག་བཏང་སྟེ། འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་གྱུར་ནས་ཉི་མ་དང་ཟླ་བ་སེམས་ཅན་དག་གིས་མིག་གིས་མཐོང་བར་གྱུར་ཏོ། །ཡང་དེའི་ཚེ་ན་སེམས་ཅན་ཐམས་ཅད་འདོད་ཆགས་ཀྱི་གནོད་པ་མེད། ཞེ་སྡང་མེད་གཏི་མུག་མེད། ང་རྒྱལ་མེད་གནོང་འཆབ་པ་མེད། ཕྲག་དོག་མེད། སེར་སྣ་མེད། ཁྲོ་བ་མེད། ཐ་བ་མེད། གནོད་སེམས་མེད་དེ། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་བྱམས་པའི་སེམས་དང་ལྡན་ཞིང་ཕ་དང་མར་འདུ་ཤེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་མེད་པ་ལྷུན་གྱིས་གྲུབ་པ། ནམ་མཁའི་རང་བཞིན་མཚན་མ་མེད་པ་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་དེ་ལས་མཉམ་པར་བཞག་མ་ཐག་ཏུ། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྤྱོད་ལམ་དང ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང ། ཏིང་ངེ་འཛིན་རྣམ་པར་འཕྲུལ་བ་མཐོང་ངོ ། །མཐོང་ནས་ལྷའི་བུ་བཞི་ཁྲི་ཉིས་སྟོང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེའི་ཚེ་དེ་དག་ཐམས་ཅད་ཀྱིས་ཀྱང་ལྷའི་མེ་ཏོག་མན་དཱ་ར་བ་དག་ཐོགས་ཏེ་དབང་པོའི་བྲག་གི་ཕུག་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་གཏོར་ཏོ། །དེ་དག་གཏོར་མ་ཐག་ཏུ་དབང་པོའི་བྲག་གི་ཕུག་ལན་བདུན་བསྐོར་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དབང་པོའི་བྲག་གི་ཕུག་ཏུ་སྤྲུལ་པ་སྤྲུལ་ཏེ་དེར་བཞག་ནས། བཅོམ་ལྡན་འདས་འཇུག་སྲེད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཀུན་དུ་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ག་ལ་བ་དེར་གཤེགས་སོ། །ཡང་དེའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀུན་དུ་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་རྙོག་པ
58.218b
ལྔའི་ཚེ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། དེ་དག་གི་སངས་རྒྱས་ཀྱི་ཞིང་ཡང་ཤིན་དུ་སྨད་པ་སྟེ། དཔེར་ན་ད་ལྟར་གྱི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཤིན་དུ་ངན་ཏེ། དེ་བཞིན་དུ་སེམས་ཅན་འདོད་ཆགས་ཀྱི་ཤས་ཆེ་བ་དང ། ཞེ་སྡང་གི་ཤས་ཆེ་བ་དང ། གཏི་མུག་གི་ཤས་ཆེ་བ་དང ། མ་གུས་པ་དང་བྱས་པ་མི་གཟོ་བ་དང ། གཡོན་ཅན་དང་སྒྱུ་ཅན་དང ། དམན་པ་ལ་མོས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དེ་ན་གནས་པའི་སེམས་ཅན་དེ་དག་ཀྱང་ཤིན་དུ་མཐོང་བར་འདོད་པ་མ་ཡིན་ན། ཆོས་ལ་ཡང་འཐུན་པར་མི་བྱེད། ཆོས་བཤད་པ་དགོས་པར་མི་བྱེད། རྣ་བ་ཡང་བླགས་ཏེ་མི་ཉན་ནས་དེ་བཞིན་གཤེགས་པ་དེ་དག་ཀྱང་ཐབས་མཁས་པས་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། སྤྲུལ་པ་གཞན་དག་སྤྲུལ་ནས་བཅོམ་ལྡན་འདས་འཇུག་སྲེད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཀུན་དུ་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་འདི་ལྟ་སྟེ། སངས་རྒྱས་བགྲོ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་ཅིང་བསྟན་པའི་ཕྱིར་གཤེགས་པར་གྱུར་ཏོ། །དེའི་ཕྱིར་སངས་རྒྱས་བགྲོ་བ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་ཕྱི་མ་དག་གི་ཕྱིར་སངས་རྒྱས་བགྲོ་བ་མཛད་པ་མ་གཏོགས་པར་གཞན་ཅུང་ཟད་ཀྱང་མཛད་པ་མེད་དེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཅི་ནས་ཀྱང་སེམས་ཅན་ཆོས་འདོད་པ་དག་འབྱུང་ཞིང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྗེ་དེ་དག་ཀྱང་ཆོས་བགྲོ་བར་མཛད་ན་བདག་ཅག་གིས་ལྟ་ཅིའི་ཕྱིར་ཆོས་མི་བགྲོ་སྙམ་དུ་སེམས་པར་འགྱུར་བའི་དོན་དེ་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་བགྲོ་བ་མཛད་དོ། །ཡང་དེའི་ཚེ་ན་ཀུན་དུ་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་དག་ཚོགས་པར་གྱུར་ཏོ། །ཅིའི་ཕྱིར་ན། འཇིག་རྟེན་གྱི་ཁམས་ཀུན་དུ་འོད་ཅེས་བྱ་ཞེ་ན་སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་རང་སངས་རྒྱས་དག
58.219a
གིས་མིང་ཡང་མི་གྲག་སྟེ། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་འབའ་ཤིག་གིས་ཡོངས་སུ་གང་ལ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་འོད་རང་ལས་འབྱུང་ཞིང་ལུས་གསེར་གྱི་ཁ་དོག་ལྟ་བུ་དང ། མཚན་ཡོངས་སུ་རྫོགས་པ་སྣ་ཚོགས་ཀྱི་རིགས་དང་ལྡན་ཞིང་ཀུན་དུ་འང་བྱང་ཆུབ་སེམས་དཔའ་དེའི་འོད་འབྱུང་བས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཀུན་དུ་འོད་ཅེས་བྱའོ། །དེ་ལ་སངས་རྒྱས་བགྲོ་བ་གང་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་ཆོས་ཐམས་ཅད་ནི་གང ། ཚུལ་ནི་གང ། རྟོགས་པ་ནི་གང་ཞེ་ན། ཆོས་ཐམས་ཅད་ནི་ཆོས་གཅིག་པ་སྟེ། ཆོས་དེ་ཡང་ཆོས་དང་ཆོས་མ་ཡིན་པར་ཡང་སུས་ཀྱང་བཤད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་པོ་དེ་དག་ཀྱང་མ་སྐྱེས་པ་མ་བྱུང་བ་སྟེ། དེ་དག་ནི་ཆོས་ཀྱི་སྒྲས་བཤད་མོད་ཀྱི། གང་ནང་གི་སྐྱེ་མཆེད་དྲུག་དང ། ཕྱིའི་སྐྱེ་མཆེད་དྲུག་དང ། ཕུང་པོ་དང ། ཁམས་ཤེས་བྱ་བ་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། དེ་དག་ཐམས་ཅད་ཀྱང་བརྗོད་པ་ཙམ་དུ་ཟད་དོ། །གང་ཆོས་ཐམས་ཅད་ཀྱི་བྱེད་པ་མེད་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་དེ་ལ་ནི་ཕུང་པོ་ཡང་མེད། ཁམས་ཀྱང་མེད་སྐྱེ་མཆེད་ཀྱང་མེད། རྟག་པ་ཡང་མེད། ཆད་པ་ཡང་མེད་དེ། དེ་ལྟ་བས་ན་དབུས་ཀྱི་གནས་ཀྱང་མེད་པ་དེ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་བཤད་པ་ཡིན་ཏོ། །འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དོ་ཞེས་མིང་གིས་བརྗོད་དོ། །མིང་དེ་ཡང་བྱེད་པ་མེད་དེ་མིང་གིས་བརྗོད་དོ། །མིང་དེ་ཡང་རང་བཞིན་གྱིས་མེད་དེ་དེ་ནི་སངས་རྒྱས་བགྲོ་བ་ཞེས་བྱའོ། །ཚུལ་གང་ཞེ་ན། ཚུལ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདོད་ཆགས་མེད་པའི་ཚུལ་དང ། མི་སྐྱེ་བའི་ཚུལ་དང ། དབེན་པའི་ཚུལ་དང ། ཇི་ལྟ་བ་བཞིན་གྱི་ཚུལ་དང ། དེ་བཞིན་ཉིད་ཀྱི་ཚུལ་དང ། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང ། ཡང་དག་པའི་མཐའི་ཚུལ་ཏེ། ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བ་འདི་ནི་ཡང་དག་པའི་ཚུལ་ལོ། །ཆོས་ཐམས་ཅད
58.219b
ནི་མི་ལྡང་བ། མི་སྐྱོད་པ་སྤྱོད་པ་མེད་པ། མ་འོངས་པ་མི་འགྲོ་བ། བདག་གི་བ་མེད་པ། བདག་པོ་མེད་པ། ལེན་པ་མེད་པ། ལྟོས་པ་མེད་པ་སྟེ། ཤིན་དུ་ཟད་པའི་ཕྱིར་ཟད་པའོ། །མི་སྐྱེ་བའི་ཕྱིར་མི་ཟད་པའོ། །ཇི་ལྟ་བ་བཞིན་དུ་དབེན་པའི་ཕྱིར་ཞི་བའི་རང་བཞིན་ཅན་ནོ། །གནས་དང་བྲལ་བའི་ཕྱིར་གནས་མེད་པའོ། །ཚུལ་དང་བྲལ་བའི་ཕྱིར་ཚུལ་མེད་པའོ། །འབྱུང་བ་མེད་པ་ལྟུང་བ་མེད་པའོ། །བྲལ་བར་གྱུར་པའོ། །མ་བཏུད་པ་བཏུད་པ་མེད་པའོ། །མ་སྐྱེས་པར་བཤད་པའི་ཕྱིར་མི་སྐྱེ་བ་དང་མཚུངས་པའོ། །མི་འདྲ་བའི་ཕྱིར་མི་མཉམ་པའོ། །གང་ཡི་གེ་ན་འཇུག་པ་དེ་ནི་ཚུལ་ལོ། །ཆོས་ཐམས་ཅད་ནི་མིང་དང་བྲལ་བ་སྟེ། མ་སོང་བ། མ་འོངས་པ། མ་ཐོབ་པ། མ་སྟོར་བ། མ་ཁྱེར་བ། མ་བླངས་པ། མཉམ་པ་དང་མི་མཉམ་པར་མི་བཤད་པའོ། །མ་མཐོང་བ་མ་ཐོས་པ། མི་དྲན་པ། རྣམ་པར་མི་ཤེས་པ། གཟུང་བ་མ་ཡིན། རབ་ཏུ་གཟུང་བ་མ་ཡིན། དགའ་བ་མ་ཡིན། ཞེ་སྡང་བ་མ་ཡིན། ཞི་བ་མ་ཡིན། ཞི་བར་བྱེད་པ་མ་ཡིན། གཏོར་བ་མ་ཡིན། མ་གཏོར་བ་མ་ཡིན། རགས་པ་མ་ཡིན། ཕྲ་བ་མ་ཡིན། རིང་བ་མ་ཡིན། ཐུང་བ་མ་ཡིན། དབུང་མེད་པ། མཐའ་མ་མེད་པ། ཐོག་མ་མེད་པ། འཇིག་པ་མེད་པ། མུ་མེད་པ། བདེ་བ་མེད་པ། མི་བདེ་བ་མེད་པ། ཤེས་པ་མེད་པ། རྒྱུ་བ་མེད་པ། སྤོང་བ་མེད་པ། ལེན་པར་བྱེད་པ་མེད་པ། རེག་པར་བྱེད་པ་མེད་པ། སྟོན་པར་བྱེད་པ་མེད་པ། སེམས་པར་བྱད་པ་མེད་པ། རྣམ་པར་ཤེས་པར་བྱེད་པ་མེད་པ། རློམ་སེམས་མེད་པ། ཡིད་ལ་བྱེད་པ་མེད་པ། རྣམ་པར་འཕྲུལ་པ་མེད་པ། སྤང་བ་མེད་པ། མི་སྤང་བ་ཡང་མེད་པར་བརྗོད་པར་བྱའོ། །བསྲུངས་པ་མེད་པ་མ་བསྲུངས་པ་ཡང་མེད་དོ། །མ་སྦས་པ་སྦས་པ་མེད་དོ། །དེ་ལ་ནི་འཐོབ་པ་མེད། འཐོབ་པར་འགྱུར་བ་འང་མེད་དེ། དེ་ན་དངོས་པོ་ཡང་མེད། དངོས་པོ་མེད་པ་ཡང་མེད་དོ། །སྒོམ་པ་ཡང་མེད། མི་སྒོམ་པ་ཡང་མེད་དོ། །ཆད་པ་ཡང་མེད། རྟག་པ་ཡང་མེད་དོ། །དེ་ན་ཐོབ་པ་ཡང་མེད། སྟོར་བ་ཡང
58.220a
མེད་དོ། །འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན། ཤེས་པ་མ་ཡིན། མི་ཤེས་པ་ཡང་མ་ཡིན། རྣམ་པར་ཤེས་པ་མ་ཡིན། རྣམ་པར་མི་ཤེས་པ་ཡང་མ་ཡིན། སྒྲ་མེད་ངག་གི་ལམ་མེད། བརྗོད་པ་མེད་སྐད་མེད་སྨྲ་བ་མེད་ཡི་གེ་མེད་ཡི་གེ་འཇུག་པ་མེད་ཞུགས་པ་མེད་སྟོར་བ་མེད་རིང་བ་མ་ཡིན། ཉེ་བ་མ་ཡིན་ཐོབ་པ་མེད་མ་ཐོབ་པ་ཡང་མེད་པའོ། །དེ་ལ་ནི་ཡིད་འཇུག་པ་ཡང་མེད། བདག་མེད་སེམས་ཅན་མེད་སྲོག་མེད་གང་ཟག་མེད། ཚུལ་ཁྲིམས་དང་ལྡན་པ་མེད། ངང་ཚུལ་ངན་པ་མེད་བཟོད་པ་དང་ལྡན་པ་མེད་མི་བཟོད་པ་སྤྱོད་པ་མེད། བརྩོན་འགྲུས་མེད། ལེ་ལོ་མེད་དེ་སུས་ཀྱང་མ་ཡིན། སུ་ལའང་མ་ཡིན་ཅུང་ཟད་ཀྱང་མ་ཡིན་ཅུང་ཟད་མེད་པ་ཡང་མ་ཡིན། ཐར་པ་ཡང་མ་ཡིན་བཅིངས་པ་མ་ཡིན། ནམ་མཁའ་འང་མ་ཡིན་ནམ་མཁའ་མེད་པ་ཡང་མ་ཡིན། མིང་ཙམ་དང་འདྲ་བ་མི་བླང་བ་མ་བླངས་པ། མི་སྐྱེ་བ་མི་འཆི་བ་བཏུལ་བ་མེད་པ། མ་བཏུལ་བ་ཡང་མེད་པ། བྱ་བ་མེད་པ། མི་བྱ་བ་འང་མེད་པ། སྡོམ་པ་མེད་པ། ལྟུང་བ་མེད་པ། ལྟུང་བ་གནོད་པ་མེད་པ། གཡོ་བ་མེད་པ། མི་གཡོ་བ་མེད་པ། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། རབ་ཏུ་རྟོག་པ་མེད་པ། ལེན་པ་མེད་དོར་བ་མེད། སྐྱེ་བ་མེད་ཤི་འཕོ་བ་མེད་སྦྱིན་པ་མེད་ལེན་པ་མེད་གཡེང་བ་མེད་ཞི་བ་མེད་ཞི་བར་བྱས་པ་མེད། ཆོས་ཉིད་མེད་ཆོས་ཉིད་དང་འགལ་བ་མེད། རྡུལ་མེད་རྡུལ་དང་བྲལ་བ་མེད། སྒྲ་འབྱིན་པ་མེད་སྒྲ་འབྱིན་པར་བྱེད་པ་མེད། སྒྲ་འབྱིན་པར་འགྱུར་བ་མེད་འདོད་ཆགས་པ་མེད། ཞེ་སྡང་བ་མེད་གཏི་མུག་པ་མེད་ཆགས་པ་མེད། ཁོང་ཁྲོ་བ་མེད། ཚུ་རོལ་མེད་ཕ་རོལ་མེད་དབུང་མེད་ཐང་མེད་མཐའ་མེད་སྒྲོལ་བ་མེད་སྒྲོལ་བར་བྱེད་པ་མེད། འགྲོ་བ་མེད་འདུག་པ་མེད་སྨོན་པ་མེད། ཟློག་པ་མེད། འབྱུང་བ་མེད། འཇིག་པ་མེད། གཅད་པ་མེད། གཞིག་པ་མེད། སྦྱར་བ་མེད། སྒྲེལ་པ་མེད། བཅིང་བ་མེད། དགྲོལ་བ་མེད། གཟུང་བ་མེད། མི་གཟུང་བ་མེད། འོད་མེད། འོད་མ་ཡིན་པ་མེད། སྲོག་མེད། གསོ་བ་མེད། གང་ཟག་མེད།
58.220b
སེམས་ཅན་མེད་བཏགས་པ་མེད། བཏགས་པ་དང་བྲལ་བ་འང་མེད། བརྗོད་པར་བྱ་བ་འང་མེད། མི་བརྗོད་པར་བྱ་བ་འང་མེད། དེ་ནི་ཡི་གེ་ལ་འཇུག་པ་ཞེས་བྱ་སྟེ། འཇུག་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་ལ་མི་ཆགས་སོ། །མ་ཆགས་ན་མ་ཆགས་པའི་ཆོས་ལ་འཇུག་གོ། །ཚུལ་གྱི་གནས་པ་ལ་ཡང་འཇུག་པར་འགྱུར་རོ། །དེ་ནི་ཚུལ་ཞེས་བྱ་སྟེ་དེ་ཡང་སངས་རྒྱས་བགྲོ་བ་ཡིན་ནོ། །དེ་ལ་ནན་ཏན་གང་ཞེ་ན། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་གནས་པའི་ཕྱིར་གནས་པ་སྟེ། དེ་ལ་ཆོས་ཉིད་ལ་འཇུག་པ་དེ་ནི་ནན་ཏན་ཞེས་བྱའོ། །དེ་ལ་ཆོས་ཉིད་གང་ཞེ་ན། ཆོས་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཆོས་རྣམས་ལ་རློམ་སེམས་མེད་པའོ། །གང་གིས་ན་རློམ་སེམས་མེད་པ་དེའི་ཚེ་ན་མངོན་པར་རློམ་སེམས་མེད། གང་གི་ཚེ་མངོན་པར་རློམ་སེམས་མེད་པ་དེའི་ཚེ་རྣམ་པར་རྟོག་པ་མེད། ཡོངས་སུ་རྟོག་པ་མེད་དོ། །གང་གི་ཚེ་ན་ཡོངས་སུ་རྟོག་པ་མེད་པ་དེའི་ཚེ་རྟོག་པ་ཐམས་ཅད་ཅེས་བྱ་སྟེ་དེ་ནི་མང་དུ་འང་མི་བྱེད། ཉུང་ངུ་འང་མི་བྱེད། ལེན་པར་མི་བྱེད། སྤོང་བར་མི་བྱེད་དོ། །དེ་ནི་འདས་པ་ལ་མི་སེམས་མི་རྟོག་གོ། །མ་འོངས་པ་ལ་མ་ཡིན། ད་ལྟར་ལ་མ་ཡིན་གང་ད་ལྟར་མི་གནས་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་དེ་ནི་དུས་གསུམ་མཉམ་པ་ཉིད་དོ། །དེ་ལ་གང་སྐྱེ་བ་མེད་གོད་པ་མེད། གནས་པ་མེད། གཞན་དུ་འགྱུར་བ་མེད་པ་དེ་ནི་ཆོས་ཀྱི་དབྱིངས་ཤེས་བྱ་སྟེ། དེ་བཞིན་གཤེགས་པ་དེ་ལ་དགོངས་ནས་དེ་བཞིན་གཤེགས་པ་བྱུང་ཡང་རུང ། མ་བྱུང་ཡང་རུང་སྟེ། ཆོས་ཉིད་ཆོས་ཀྱི་དབྱིངས་ཆོས་གནས་པ་ཉིད། ཆོས་སྐྱོན་མེད་པ་ནི་གནས་པ་ཉིད་དོ་ཞེས་གསུང་ངོ ། །ཅིའི་ཕྱིར་ན། ཆོས་སྐྱོན་མེད་པ་ཞེས་བྱ་ཞེ་ན། གང་ལ་སྐྱོན་མེད་པ་དེ་ནི་སྐྱོན་མེད་པ་སྟེ་དེའི་ཕྱིར་ན་ཆོས་སྐྱོན་མེད་པ་ཞེས་བྱའོ། །དེ་ལ་སྐྱོན་གང་ཞེ་ན། བདག་ཏུ་བྱེད་པ་ནི་སྐྱོན་ནོ། །བདག་གིར་བྱེད་པ་ནི་སྐྱོན་ནོ། །རྒྱུར་ལྟ་བ་དང་མིང་དང་གཟུགས་སུ་འདུ་ཤེས་པ་དང ། ཆོས་ཐམས་ཅད་དུ་འདུ་ཤེས་པ་དང ། འགོགས་པ་དང ། སྤྱོད་པ་དང །
58.221a
མངོན་པར་ཆགས་པའི་རློམ་སེམས་ནི་སྐྱོན་ནོ། །སྙེམས་པ་དང་སྐྲུན་པ་དང་སེམས་པ་དང ། རྟོག་པ་དང་ང་ལྷག་པ་དང་ཕུང་པོར་འཛིན་པ་དང ། རྒྱུར་འཛིན་པ་དང་སྐྱེ་མཆེད་དུ་འཛིན་པ་དང ། བདག་ནི་ཁམས་གསུམ་སྤོང་ངོ ། །བདག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པར་བྱེད་དོ། །བདག་ནི་ལམ་སྒོམ་མོ། །བདག་ནི་རྣམ་པར་ཐར་པའི་སྒོ་རྣམས་མངོན་དུ་བྱེད་དོ། །བདག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་དོ། །བདག་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང ། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་དོ། །བདག་ནི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་དོ་ཞེས་རྟོག་པ་ནི་སྐྱོན་ནོ། །བདག་ནི་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །བདག་ནི་ཡང་དག་པར་སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང་སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ་སྙམ་པ་ནི་སྐྱོན་ནོ། །འཕགས་པའི་བདེན་པ་བཞི་རྟོགས་པར་བྱའོ། །ཉོན་མོངས་པ་འདི་དག་ཟད་པར་བྱའོ་སྙམ་པ་ནི་སྐྱོན་ནོ། །ཆོས་འདི་དག་བསྒོམ་མོ་སྙམ་པ་ནི་སྐྱོན་ཏེ། དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་ལ་གནས་པའི་སྐྱོན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པའི་སྐྱོན་གང་ཞེ་ན། བདག་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་པ་ནི་སྐྱོན་ནོ། །བདག་གིས་བྱང་ཆུབ་ཐོབ་པར་བྱའོ་སྙམ་པ་ནི་སྐྱོན་ནོ། །བདག་གིས་སྦྱིན་པ་སྦྱིན་ནོ་སྙམ་པ་ནི་སྐྱོན་ནོ། །བདག་གིས་སེར་སྣ་ཚར་གཅད་དོ་སྙམ་པ་ནི་སྐྱོན་ནོ། །བདག་གིས་ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ། །ངང་ཚུལ་ངན་པ་སྤང་བར་བྱའོ་སྙམ་པ་ནི་སྐྱོན་ནོ། །བདག་ཚུལ་ཁྲིམས་དང་ལྡན་པར་བྱའོ་སྙམ་པ་ནི་སྐྱོན་ནོ། །བདག་བཟོད་པ་ལ་གནས་སོ་སྙམ་པ་ནི་སྐྱོན་ནོ། །བདག་གིས་གནོད་སེམས་དང་ཐ་བའི་ཉེས་པ་རྣམས་སྤང་ངོ་སྙམ་པ་ནི་སྐྱོན་ནོ། །བཟོད་པ་བསྒོམ་མོ་སྙམ་པ་ནི་སྐྱོན་ནོ། །བདག་ནི་བརྩོན་འགྲུས་རྩོམ་པ་ལ་གནས་ཏེ། ལེ་ལོའི་དྲི་མ་སྤང་ཞིང་བརྩོན་འགྲུས་བརྩམ་མོ་སྙམ་པ་ནི་སྐྱོན་ནོ། །བདག་ནི་བསམ་གཏན་ལ་གནས་པས་གནས་སོ། །ཏིང་ངེ་འཛིན་བསྒོམ་མོ། །བདག་གིས་མཉམ་པར་བཞག་གོ
58.221b
སྙམ་པ་ནི་སྐྱོན་ནོ། །ལྡང་བར་བྱའོ་སྙམ་པ་ནི་སྐྱོན་ནོ། །བདག་གིས་བསམ་གཏན་ཐོབ་པར་བྱའོ་སྙམ་པ་ནི་སྐྱོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་མོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབས་ནས་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་པ་ནི་སྐྱོན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཕྱུང་ནས་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་པ་ནི་སྐྱོན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་བསྒྲུབ་བོ་སྙམ་པ་ནི་སྐྱོན་ནོ། །སངས་རྒྱས་ཀྱི་བསླབ་པ་བསླབ་པོ་སྙམ་པ་ནི་སྐྱོན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱའོ་སྙམ་པ་ནི་སྐྱོན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་ཡོངས་སུ་རྫོགས་པར་བྱའོ་སྙམ་པ་ནི་སྐྱོན་ནོ། །སྟོབས་རྣམས་དང ། དབང་པོ་རྣམས་དང ། མི་འཇིགས་པ་རྣམས་དང ། སོ་སོ་ཡང་དག་པར་རིག་པ་རྣམས་ཐོབ་པར་བྱའོ་སྙམ་པ་ནི་སྐྱོན་ནོ། །སྤོབས་པ་བསྒྲུབ་པོ་སྙམ་པ་ནི་སྐྱོན་ཏེ། བྱང་ཆུབ་སེམས་དཔའ་ནི་ཇི་ཙམ་དུ་སྒོམ་པ་དང ། རྟོག་པ་དང་སྨོན་པ་དང་ལེན་པ་དང ། འདོར་བ་དེ་ཙམ་དུ་སྐྱོན་ནོ། །མཚན་མ་ཐམས་ཅད་ནི་སྐྱོན་ནོ། །རྟོག་པ་ཐམས་ཅད་ནི་སྐྱོན་ནོ། །འཇུག་པ་ཐམས་ཅད་ནི་སྐྱོན་ནོ། །དེ་ལ་ཆོས་དེ་དག་མེད་པས་ན་དེའི་ཕྱིར་སྐྱོན་མེད་པ་ཞེས་བྱའོ། །གང་སྐྱོན་མེད་པ་དེ་ནི་ཆོས་ཉིད་ཡིན་པས་དེའི་ཕྱིར་ཆོས་སྐྱོན་མེད་པ་ཞེས་བྱ་སྟེ། དེ་ཡང་སངས་རྒྱས་བགྲོ་བ་ཞེས་བྱའོ། །གཞན་ཡང་སངས་རྒྱས་བགྲོ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པ་བསྒྲུབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པ་བསྒྲུབ་པ་གང་ཞེ་ན། འདི་ལྟ་སྟེ། མི་སྐྱེ་བ་བསྒྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི་སེམས་མེད་པའོ། །གང་སེམས་མེད་པ་དེ་ནི་མི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་སྐྱེས་པའི་ཆོས་རྣམས་ལ་བཟོད་པ་དེ་ནི་སེམས་དང་པོ་བསྐྱེད་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སེམས་དང་པོ་བསྐྱེད་པ་ནི་གང་གོ་ཆ་བརྟན་པ་འདི་ཡིན་ཏེ། དེ་ལ་གོ་ཆ་བརྟན་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པར་བྱའོ། །དེ་ལ་རྡོ་རྗེ་ལྟ་བུའི
58.222a
སེམས་བསྐྱེད་པ་གང་ཞེ་ན། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པའོ། །བཅུ་པོ་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་ལེན་པའི་གོ་ཆ་དང ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང ། བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ཀྱང ། སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་པ་དང ། ཆོས་ཐམས་ཅད་མ་སྐྱེས་པར་ཤེས་ཤིང་བརྩོན་འགྲུས་མི་གཏོང་བ་དང ། སེམས་ཅན་ཐམས་ཅད་ལ་བྱ་བའི་ཡེ་ཤེས་ཀྱི་སྨོན་ལམ་དང་ལྡན་པ་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་སྒྲུབ་པ་དང ། ཚུལ་གཅིག་པར་རྟོགས་པ་དང ། དགའ་བ་དང་མི་དགའ་བ་ལ་མི་བལྟ་བ་དང ། ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་བསྒྲུབ་པ་ནི་འདི་ལྟ་སྟེ། ཁམས་གསུམ་གྱི་འདུ་ཤེས་བསྐྱེད་པ་ཐམས་ཅད་ཀྱང་མི་བྱེད་ལ་འདུ་ཤེས་མི་སྐྱེད་པར་ཡང་མི་ལྟུང་བའོ། །གཞན་ཡང་སངས་རྒྱས་བགྲོ་བ་ནི་འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་གི་རབ་ཏུ་ཐ་དད་པའོ། །ཕ་རོལ་དུ་ཕྱིན་པ་དྲུག་གི་རབ་དུ་ཐ་དད་པ་གང་ཞེ་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་འཇིག་རྟེན་པའི་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་ཡོད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་དུ་འཇིག་རྟེན་པའི་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་ཡོད་དོ། །དེ་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་པའི་ཡིན་གྱི་འཇིག་རྟེན་ལས་འདས་པའི་མ་ཡིན་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱེད་པ་སྦྱིན་པའི་བདག་པོ་ནི་དགེ་སྦྱོང་དང ། བྲམ་ཟེ་བཀྲེན་པ་ཕོངས་པ་སློང་བ་དག་ལ་སྦྱིན་པ་སྦྱིན་པར་བྱེད་དེ་ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། ཐེག
58.222b
པ་འདོད་པ་ལ་ནི་ཐེག་པ། གོས་འདོད་པ་ལ་ནི་གོས་དང ། དེ་བཞིན་དུ་གསེར་དང་ནོར་བུ་དང་མུ་ཏིག་དང་བཻ་དཱུརྱ་དང ། དུང་དང་མན་ཤེལ་དང ། བྱི་རུ་དང་དངུལ་དང་ས་ལེ་སྦྲམ་དང་ཆུང་མ་དང་བུ་ཕོ་དང་བུ་མོ་དང ། རྒྱལ་སྲིད་ཐམས་ཅད་ཀྱི་བར་དུ་འདོད་པ་ལ་ཡོངས་སུ་གཏོང་ཞིང་དེ་ནི་བདག་གི་ལུས་མ་གཏོགས་པར་ཕྱི་རོལ་གྱི་དངོས་པོ་དུ་མ་ལ་ཡང་མི་ལྟ་སྟེ། ཐམས་ཅད་ཡོངས་སུ་གཏོང་ཞིང་གནས་ནས་ཡོངས་སུ་གཏོང་བར་བྱེད་དེ་བདག་ནི་སྦྱིན་པར་བྱེད་དོ། །འདི་ནི་ལེན་པར་བྱེད་དོ། །བདག་ནི་སྦྱིན་པ་སྦྱིན་པར་བྱེད་དེ་སེར་སྣ་མེད་དོ། །བདག་ནི་སྦྱིན་པའི་བདག་པོའོ། །བདག་ནི་བདོག་པ་ཐམས་ཅད་གཏོང་བར་བྱེད་དོ། །བདག་ནི་སངས་རྒྱས་རྣམས་ཀྱི་བཀའ་བཞིན་དུ་བྱེད་དོ། །བདག་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་སེམས་ཅན་ཐམས་ཅད་ལ་དམིགས་པས་སྦྱིན་པ་དེ་བྱིན་ནས་བདག་གི་སྦྱིན་པ་དེས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་སྦྱིན་པ་དེ་སེམས་ཅན་ཐམས་ཅད་ལ་སྔོ་བར་བྱེད་དོ། །དེ་ནི་ཆགས་པ་རྣམ་པ་གསུམ་གྱིས་ཆགས་པ་ཡིན་ཏེ། གསུམ་གང་ཞེ་ན། བདག་ཏུ་འདུ་ཤེས་པ་དང ། གཞན་དུ་འདུ་ཤེས་པ་དང་སྦྱིན་པར་འདུ་ཤེས་པའོ། །དེ་ནི་འཇིག་རྟེན་གྱི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ན། འཇིག་རྟེན་གྱི་ཞེས་བྱ་ཞེ་ན། དེ་ལྟར་འཇིག་རྟེན་གྱི་ལས་འདའ་བར་མི་བྱེད་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡིན་གྱི་འཇིག་རྟེན་པའི་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། འཁོར་གསུམ་ཡོངས་སུ་དག་པའོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་ན་བདག་ཏུ་མི་དམིགས་ལེན་པར་མི་མཐོང ། དེའི་རྣམ་པར་སྨིན་པ་ལ་དགའ་ཞིང་སྨོན་པར་མི་བྱེད། སྦྱིན་པ་ལ་ཡང་གསོབ་ཏུ་མཐོང་བ་འདི་ནི་འཁོར་གསུམ་ཡོངས་སུ་དག་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པ
58.223a
སྦྱིན་པར་བྱེད་པ་ན་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་ཞིང་སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་དུ་མི་དམིགས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་དེ་ལ་ཡང་ཆོས་རྡུལ་ཙམ་ཡང་མི་མཐོང་བ་འདི་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་འཇིག་རྟེན་ལས་འདའ་བར་བྱེད་པའི་ཕྱིར་རོ། །དེ་ལ་འཇིག་རྟེན་གང་ཞེ་ན། འདི་ལྟ་སྟེ། ལེན་པའི་ཕུང་པོ་ལྔའོ། །དེ་དག་འདའ་བར་བྱེད་པ་གང་ཞེ་ན། གང་དེ་ལ་མཉམ་པ་ཉིད་དང ། རློམ་སེམས་མེད་པ་དང ། ཆགས་པ་མེད་པ་དང ། གནས་པ་མེད་པ་སྟེ་འདི་ནི་དེ་དག་འདའ་བར་བྱེད་པའོ། །དེ་བཞིན་དུ་གནས་པའི་ཚུལ་ཁྲིམས་ཀྱི་བར་དུ་ནི་འཇིག་རྟེན་གྱིའོ། །མི་གནས་པ་ནི་འཇིག་རྟེན་ལས་འདས་པའོ། །དེ་བཞིན་དུ་བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱང་གནས་པ་ནི་འཇིག་རྟེན་གྱིའོ། །མི་གནས་པ་ནི་འཇིག་རྟེན་ལས་འདས་པའིའོ། །ཡང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་ཡི་གེའི་འབྲུ་དང ། ལག་བརྡ་དང ། གྲངས་དང ། བགྲང་བ་དང་སྔགས་དང་གཙུག་ལག་ལ་ཤེས་པ་འདི་ནི་འཇིག་རྟེན་པའི་ཤེས་རབ་ཅེས་བྱའོ། །ཡང་གང་འཇིག་རྟེན་ལས་འདས་པའི་ཤེས་རབ་དེ་ནི་གདགས་སུ་མེད་པ། བཤད་དུ་མེད་པའོ། །དེ་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་གི་བར་དུ་ཐ་དད་པ་ཡིན་ཏེ་དེ་ཡང་སངས་རྒྱས་བགྲོ་བ་ཡིན་ནོ། །བཅོམ་ལྡན་འདས་འཇུག་སྲེད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་དུ་བསྟན་པ་འདི་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བདུན་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །གཞན་ཡང་སངས་རྒྱས་བགྲོ་བ་འདི་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ནས་སར་འཕར་བའོ། །ཆ་ནས་སར་འཕར་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མི་འཕོ་བ་སྟེ། ཆོས་ཐམས་ཅད
58.223b
མི་འཕོ་ཞིང་མི་འཇིག་པའོ། །དེ་ས་ལ་ཡང་རློམ་སེམས་མེད། སེམས་པ་མེད་ལ་སའི་སྦྱོང་བ་ཡང་མེད་མོད་ཀྱི། ས་ལ་ཡང་དག་པར་རྗེས་སུ་མཐོང་བ་ཡང་མེད་དོ། །ས་སྦྱོང་བ་གང་ཞེ་ན། འདི་ལྟ་སྟེ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་སྦྱོང་བ་བཅུ་བྱའོ། །བཅུ་གང་ཞེ་ན། བསམ་པ་ལྷག་པའི་སྦྱོང་བ་དང ། ཕན་པའི་དངོས་པོ་སྦྱོང་བ་དང ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་སྦྱོང་བ་དང ། དགེ་བའི་བཤེས་གཉེན་ལ་སྟེན་པའི་སྦྱོང་བ་དང ། ཆོས་ཡོངས་སུ་ཚོལ་བའི་སྦྱོང་བ་དང ། ཕྱི་ཕྱིར་ཞིང་འབྱུང་བ་སྦྱོང་བ་དང ། སངས་རྒྱས་ཀྱི་སྐུ་འདོད་པའི་སྦྱོང་བ་དང ། ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་འཆད་པའི་སྦྱོང་བ་དང ། ང་རྒྱལ་གྱིས་ཁེངས་པ་འཇོམ་པའི་སྦྱོང་བ་དང་བདེན་པའི་ཚིག་སྦྱོང་བ་སྟེ། སྦྱོང་བ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱ་བའོ། །བྱང་ཆུབ་སེམས་དཔའི་ས་གཉིས་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི་ཕྱི་ཕྱིར་ཞིང་ཆོས་བརྒྱད་ཡིད་ལ་བྱས་ཏེ་དེ་ལ་ཡང་དེས་ནན་ཏན་དུ་བྱའོ། །བརྒྱད་པོ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང ། བྱས་པ་གཟོ་ཞིང་བྱས་པ་ཤེས་པ་དང ། བཟོད་པའི་མཐུ་ལ་གནས་པ་དང ། དགའ་བ་དང་མགུ་བ་མྱོང་བར་བྱེད་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང ། སྙིང་རྗེ་ཆེན་པོ་ལ་མ་རྨོངས་པ་དང་བླ་མ་ལ་གུས་ཤིང་སྟོན་པར་འདུ་ཤེས་པ་དང ། ཕ་རོལ་དུ་ཕྱིན་པ་ལ་བརྩོན་པས་ཚོལ་བ་སྟེ། ཆོས་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ས་གཉིས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕྱི་ཕྱིར་ཡིད་ལ་བྱ་ཞིང་དེ་དག་ལ་བསླབ་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ལྔ་ལ་གནས་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་ཆོག་མི་ཤེས་པ་དང ། ཟང་ཟིང་མེད་པས་ཆོས་ཀྱི་སྦྱིན་པ་འཆད་པ་དང ། སངས་རྒྱས་ཀྱི
58.224a
ཞིང་ཡོངས་སུ་སྦྱོང་བའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱེད་པ་དང་འཁོར་བ་དཔག་ཏུ་མེད་པས་མི་སྐྱོ་བ་དང ། ངོ་ཚ་བ་དང་འཛེམ་པ་ལ་གནས་པར་བྱ་བ་སྟེ། ཆོས་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་སྦྱང་བར་བྱའོ། །ཡོངས་སུ་རྫོགས་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཅུ་ཡོངས་སུ་མི་གཏང་བར་བྱའོ། །བཅུ་གང་ཞེ་ན། དགོན་པར་གནས་པ་དང ། འདོད་པ་ཆུང་བ་དང་ཆོག་ཤེས་པ་དང་སྦྱངས་པའི་ཡོན་ཏན་བྲིས་པ་མི་གཏོང་བ་དང ། བསློབ་པ་མི་གཏོང་བ་དང ། དུལ་བའི་ས་ལ་གནས་པ་དང ། འདོད་པའི་ཡོན་ཏན་ལ་སྨོད་པ་དང ། སེམས་བསྐྱེད་པ་སྐྱོ་བ་དང་བཅས་པ་དང ། བདོག་པ་ཐམས་ཅད་གཏོང་ཡང་སེམས་མི་ཞུམ་པ་དང ། དངོས་པོ་ཐམས་ཅད་ལ་མི་ལྟ་བ་སྟེ། ཆོས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ས་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་མི་གཏང་བར་བྱའོ། །བྱང་ཆུབ་སེམས་དཔའི་ས་ལྔ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཅུ་གཉིས་ཡོངས་སུ་གཏང་བར་བྱའོ། །བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་པ་དང་སྟེན་པ་དང ། དགེ་སློང་མ་དང་སྟེན་པ་དང ། རིགས་ལ་ཆགས་པ་དང ། སེར་སྣའི་སེམས་དང ། འདུ་འཛིའི་གནས་དང ། གནོད་སེམས་དང ། འཐབ་པ་དང་འཕྱ་བ་དང་འགྱེད་པ་དང་རྩོད་པ་དང་བདག་སྟོད་པ་དང ། གཞན་སྨད་པ་སྤང་བ་དང ། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤང་བར་བྱ་བ་དང ། ཆེ་བའི་ང་རྒྱལ་དང་ཁེངས་པ་སྤང་བར་བྱ་བ་དང་ཕྱིན་ཅི་ལོག་སྤང་བར་བྱ་བ་དང་ཐེ་ཚོམ་སྤང་བར་བྱ་བ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་བཟོད་པར་བྱེད་པ་སྟེ། ཆོས་བཅུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱའོ། །
58.224b
དྲུག་གང་ཞེ་ན། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཞན་ཡང་ཆོས་དྲུག་རྣམས་མི་བྱའོ། །དྲུག་གང་ཞེ་ན་འདི་ལྟ་སྟེ་ཉན་ཐོས་ཀྱི་སེམས་སུ་མི་བྱའོ། །རང་སངས་རྒྱས་ཀྱི་སེམས་སུ་མི་བྱའོ། །སྐྱོ་བའི་སེམས་སུ་མི་བྱའོ། །སློང་བ་མཐོང་ནས་ཞུམ་པའི་སེམས་བསྐྱེད་པར་མི་བྱའོ། །ཡོངས་སུ་བཏང་ནས་ཡིད་མི་བདེ་བར་མི་བྱའོ། །སེམས་ཅན་ལ་གནོད་སེམས་མི་བྱ་སྟེ་ཆོས་དྲུག་པོ་དེ་དག་མི་བྱའོ། །གཞན་ཡང་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ཉི་ཤུ་མི་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པ་དང ། སེམས་ཅན་དུ་འཛིན་པ་དང ། སྲོག་ཏུ་འཛིན་པ་དང ། གང་ཟག་ཏུ་འཛིན་པ་དང ། ཆད་པར་འཛིན་པ་དང ། རྟག་པར་འཛིན་པ་དང ། མཚན་མའི་འདུ་ཤེས་དང ། རྒྱུར་ལྟ་བ་དང ། མིང་དང་གཟུགས་ལ་ཆགས་པ་དང ། ཕུང་པོ་ལ་ཆགས་པ་དང ། ཁམས་ལ་ཆགས་པ་དང ། སྐྱེ་མཆེད་ལ་ཆགས་པ་དང ། ཁམས་གསུམ་ལ་ཆགས་པ་དང ། ཁམས་གསུམ་ལ་ཞེན་པ་དང ། ཁམས་གསུམ་ལ་གནས་པ་དང་སངས་རྒྱས་ལ་གནས་པའི་ལྟ་བ་ལ་ཆགས་པ་དང ། ཆོས་ལ་གནས་པའི་ལྟ་བ་ལ་ཆགས་པ་དང་དགེ་འདུན་ལ་གནས་པའི་ལྟ་བ་ལ་ཆགས་པ་དང ། ཚུལ་ཁྲིམས་ལ་གནས་པའི་ལྟ་བ་ལ་ཆགས་པ་དང ། ཆོས་ནི་སྟོང་པའོ་ཞེས་འཇིགས་པ་སྟེ་ཆོས་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔས་མི་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་དེས་ཆོས་ཉི་ཤུ་ཡོངས་སུ་རྫོགས་པར་བྱའོ་ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་རྟོགས་པ་དང ། མཚན་མ་མེད་པ་མངོན་དུ་བྱེད་པ་དང་སྨོན་པ་མེད་པའི་ཤེས་པ་དང ། འཁོར་གསུམ་ཡོངས་སུ་དག་པ་དང ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་སྙིང་རྗེ་བ་དང ། སེམས་ཅན་དེ་དག་ལ་མི་བརྙས་པ་དང ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་མཐོང་བ་དང ། ཡང་དག་པའི་ཚུལ་རྟོགས་པ་དང ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང ། ཚུལ་གཅིག་སྟོན་པ་དང ། རྟོག་པ་འཇོམས་དང ། འདུ་ཤེས་ལྡོག
58.225a
པ་དང་ཉོན་མོངས་པ་ལྡོག་པ་དང་ཞི་གནས་དང་ལྷག་མཐོང་གི་ས་དང ། སེམས་དུལ་བ་དང་སེམས་ཞི་བ་དང་སྨོན་པ་མེད་པ་ཤེས་པ་དང་མཛའ་བ་ལ་མ་ཆགས་པ་དང་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་སྟེ་ཉི་ཤུ་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཞི་བྱའོ། །བཞི་གང་ཞེ་ན་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་དང ། མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་དང ། སངས་རྒྱས་ཀྱི་ཞིང་སྟོན་ཅིང་དེ་ནི་དེའི་ལྟ་བ་ཡོངས་སུ་རྫོགས་པ་དང ། སངས་རྒྱས་ལ་བསྙེན་བཀུར་བྱེད་ཅིང་སངས་རྒྱས་ཀྱི་སྐུ་དེ་ལ་རྟོག་པ་སྟེ། བྱང་ཆུབ་སེམས་དཔས་ཆོས་དེ་བཞི་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་བཞི་བྱའོ། །བཞི་གང་ཞེ་ན་དབང་པོ་དམ་པ་དང་དམ་པ་མ་ཡིན་པ་ཤེས་པ་དང ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཕྱི་ཕྱིར་ཞིང་མཉམ་པར་འཇོག་པ་དང ། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་མོས་པར་འགྱུར་བ་དེ་ལྟ་དེ་ལྟར་བདག་གིས་ལུས་སྤྲུལ་ནས་ཆེད་དུ་སྲིད་པར་སྐྱེ་བ་ལེན་པ་སྟེ། བྱང་ཆུབ་སེམས་དཔའི་ས་བརྒྱད་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཞི་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་སྨོན་ལམ་ལ་མཁས་པར་བྱ་སྟེ། ཇི་ལྟར་སྨོན་པར་བྱ་བ་དེ་བཞིན་དུ་སྨོན་ལམ་བསྒྲུབ་པར་བྱའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་དང་མི་མ་ཡིན་པའི་སྐད་ལ་ཤེས་ཤིང་སྤོབས་པ་སྟོན་པ་དང ། མངལ་ནས་འབྱུང་བ་ཕུན་སུམ་ཚོགས་པ་དང ། རིགས་ཕུན་སུམ་ཚོགས་པ་དང ། སྐྱེད་པར་བྱེད་པ་ཕུན་སུམ་ཚོགས་པ་དང ། རུས་ཕུན་སུམ་ཚོགས་པ་དང ། གཡོག་ཕུན་སུམ་ཚོགས་པ་དང ། ཚེ་ཕུན་སུམ་ཚོགས་པ་དང ། འབྱུང་བ་ཕུན་སུམ་ཚོགས་པ་དང ། བྱང་ཆུབ་ཀྱི་ཤིང་བཀོད་པ་ཕུན་སུམ་ཚོགས་པ་དང ། ཡོན་ཏན་གྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས
58.225b
པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་བཤད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ནས་སར་འཕར་བ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་བགྲོ་བའོ། ། བམ་པོ་གཉིས་པ། གཞན་ཡང་སངས་རྒྱས་བགྲོ་བ་ནི་འདི་ལྟ་སྟེ། ཡི་གེ་མཉམ་པ་ཉིད་དང ། སྐད་མཉམ་པ་ཉིད་དང ། ཡི་གེའི་རྣམ་པའི་སྒོར་འཇུག་པའོ། །ཡི་གེའི་རྣམ་པའི་སྒོར་འཇུག་པ་གང་ཞེ་ན། ཨའི་སྒོ་ནི་ཆོས་ཐམས་ཅད་མི་སྐྱེ་བ་དང་སྐྱེ་མཆེད་མི་དམིགས་པའི་ཕྱིར་རོ། །རའི་སྒོ་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་ཕྱིར་རོ། །པའི་སྒོ་ནི་ཆོས་ཐམས་ཅད་དོན་དམ་པར་བསྟན་པའི་ཕྱིར་རོ། །ཙའི་སྒོ་ནི་ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་དང་བྲལ་བའོ། །ནའི་སྒོ་ནི་ཆོས་ཐམས་ཅད་མིང་དང་བྲལ་བའོ། །མིང་གི་རང་བཞིན་ཅན་མ་ཐོབ་པ་མ་སྟོར་བའོ། །ལའི་སྒོ་ནི་ཆོས་ཐམས་ཅད་འཇིག་རྟེན་ལས་འདས་ཤིང་སྲེད་པའི་ལྕུག་མའི་རྒྱུ་དང་རྐྱེན་བཅོམ་པའི་ཕྱིར་རོ། །དའི་སྒོ་ནི་ཆོས་ཐམས་ཅད་དུལ་བ་དང ། དུལ་ནས་ཡོངས་སུ་ཆད་པའི་ཕྱིར་རོ། །བའི་སྒོ་ནི་ཤིན་དུ་དབེན་པའི་ཕྱིར་ཆོས་ཐམས་ཅད་བཅིངས་པ་དང་བྲལ་བའོ། །རའི་སྒོ་ནི་ཆོས་ཐམས་ཅད་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །སའི་སྒོ་ནི་ཆོས་ཐམས་ཅད་ཆགས་པ་མི་དམིགས་པའི་ཕྱིར་ཆགས་པ་མེད་དགྲོལ་བ་མེད་པའོ། །བའི་སྒོ་ནི་ཆོས་ཐམས་ཅད་ངག་གི་ལམ་གྱི་སྒོ་ཡོངས་སུ་ཆད་པའོ། །ཏའི་སྒོ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མི་གཡོ་བའོ། །ཡའི་སྒོ་ནི་ཆོས་ཐམས་ཅད་ཇི་ལྟ་བཞིན་གྱི་ཕྱིར་རོ། །སྟའི་སྒོ་ནི་ཆོས་ཐམས་ཅད་ལ་ཁེངས་པ་མེད་དེ་ཆགས་པ་མེད། ཞེ་སྡང་བ་མེད་པའོ། །ཀའི་སྒོ་ནི་ཆོས་ཐམས་ཅད་དག་ལ་བྱེད་པོ་བ་མེད་པའོ། །སའི་སྒོ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལས་མི་ལྡོག་པའོ། །མའི་སྒོ་ནི་ཆོས་ཐམས་ཅད་དྲི་མ་དང་བྲལ་བ་ཤིན་དུ་དྲི་མ་མེད་པ། སྐྱོན་མེད་པ། རྙོག
58.226a
པ་མེད་པའོ། །གའི་སྒོ་ནི་ཆོས་ཐམས་ཅད་གཟུང་བ་དང ། གཟུང་བ་མེད་པའི་མི་དམིགས་པའི་ཕྱིར་ཟབ་པ། ནམ་མཁའི་ངོས་དང་འདྲ་བ་ཤིན་དུ་དབེན་པའོ། །སྠའི་སྒོ་ནི་ཆོས་ཐམས་ཅད་ཐང་དང་བྲལ་བ། རླན་པ་དང་བྲལ་བ་སྟེ། ཚུལ་རོལ་དང་ཕ་རོལ་མེད་པའོ། །ཛའི་སྒོ་ནི་ཆོས་ཐམས་ཅད་སྐྱེ་བ་དང ། རྒ་བ་དང ། འཆི་བ་མི་དམིགས་པའི་ཕྱིར་རོ། །ཤཝའི་སྒོ་ནི་ཆོས་ཐམས་ཅད་དབུགས་དང་དབུགས་ནང་དུ་རྔུབ་པ་དང ། དབུགས་ཕྱིར་འབྱིན་པ་དང ། དབུགས་ནང་དུ་འགྲོ་བ་དང ། དབུགས་ཕྱིར་འགྲོ་བ་དང་བྲལ་བའོ། །དྷཱའི་སྒོ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་གནས་པའི་ཕྱིར་རོ། །ཤའི་སྒོ་ནི་ཆོས་ཐམས་ཅད་ཞི་གནས་ཡིན་པ་དང ། དུལ་བ་དང ། ཞི་བའི་སར་གྱུར་པའི་ཕྱིར་རོ། །ཁའི་སྒོ་ནི་ཆོས་ཐམས་ཅད་རྩ་བ་དང་གནས་མེད་པའི་ཕྱིར་ནམ་མཁའ་དང་འདྲའོ། །ཀཱའི་སྒོ་ནི་ཆོས་ཐམས་ཅད་ཤིན་དུ་ཟད་པའི་ཕྱིར་ཟད་པ་ལས་མི་ལྡོག་པ་དང ། མི་གཡོ་བའི་ཕྱིར་གནས་པ་དང་མི་འགུལ་བའོ། །ཛའི་སྒོ་ནི་ཆོས་ཐམས་ཅད་ཡེ་ཤེས་མི་རྒྱུ་བའི་ཕྱིར་མི་ཤེས་པ། རྣམ་པར་མི་ཤེས་པ་མི་སེམས་པ། མི་མཐོང་བའོ། །འི་སྒོ་ནི་ཆོས་ཐམས་ཅད་དེ་བཞིན་མ་ཡིན་པའི་ཚིག་བླ་དགས་ཀྱི་ཕྱིར་ལྡན་པ་མ་ཡིན་བྲལ་བ་མ་ཡིན། ཀུན་ལྡན་པ་མ་ཡིན། ཀུན་བྲལ་བ་མ་ཡིན་པའོ། །བྷའི་སྒོ་ནི་ཆོས་ཐམས་ཅད་ཁུར་དང་བྲལ་བའོ། །ཚའི་སྒོ་ནི་ཆོས་ཐམས་ཅད་མདོག་ཀྱང་མེད་དེ། འདི་ལྟ་སྟེ་སྟོང་པའོ། །སྨའི་སྒོ་ནི་ཆོས་ཐམས་ཅད་གླེན་པའི་ཕྱིར་དྲན་པ་ཞེས་མི་བྱ། རྨོངས་པ་ཞེས་མི་བྱའོ། །སཝའི་སྒོ་ནི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དང་སྐད་སྟོང་པ་ཉིད་ཀྱི་ཕྱིར་རོ། །བྷའི་སྒོ་ནི་ཆོས་ཐམས་ཅད་སྐད་སྟོང་པ་ཉིད་ཀྱི་ཕྱིར་རོ། །སའི་སྒོ་ནི་ཆོས་ཐམས་ཅད་རྟག་ཏུ་ཟད་པ་ཆད་པ་དང་རྟག་པ་ཡོངས་སུ་ཆད་པའོ། །གྷའི་སྒོ་ནི་ཆོས་ཐམས་ཅད་སྟུག་པོའི་མི་དམིགས་པའི་ཕྱིར་གདེག་པ་མེད། གཏོར་བ་མེད་པའོ། །ེའི་སྒོ་ནི་ཆོས་ཐམས་ཅད་དབེན་པའི་ཕྱིར་མི་གནས་པའི་ཚུལ་གྱིས
58.226b
ཤིན་དུ་གནས་པའོ། །ནའི་སྒོ་ནི་ཆོས་ཐམས་ཅད་རྡུལ་ཕྲ་རབ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་མ་གཏོགས་པ། མི་འགྲོ་བ། མི་འོང་བ། མི་འགྲེང་བ། མི་འདུག་པ། མི་ཉལ་བ། རྣམ་པར་མི་རྟོག་པའོ། །སྥའི་སྒོ་ནི་ཆོས་ཐམས་ཅད་ཁྱབ་པ་དང་བྲལ་བ་སྟེ། གང་ཁྱབ་པར་བྱེད་པ་འམ། གང་གིས་ཁྱབ་པར་བྱེད་པ་འམ། གང་ལ་ཁྱབ་པར་བྱེད་པ་མེད་དེ། མ་ཁྱབ་པ་ནམ་མཁའ་དང་འདྲ་བའོ། །སྐའི་སྒོ་ནི་ཆོས་ཐམས་ཅད་ཕུང་པོ་མ་དམིགས་པའི་ཕྱིར་རོ། །ཛྭའི་སྒོ་ནི་ཆོས་ཐམས་ཅད་རིམས་ནད་དང་བྲལ་བ། རིམས་མེད་པ། ནད་མེད་པའོ། །སྟའི་སྒོ་ནི་ཆོས་ཐམས་ཅད་ཤིན་དུ་བཏང་བས་བཏང་བའོ། །བའི་སྒོ་ནི་ཆོས་ཐམས་ཅད་ལམ་ཆད་པའི་ཕྱིར་ཤིན་དུ་མྱ་ངན་ལས་འདས་པ། མྱ་ངན་ལས་འདའ་བ་དང་འདྲ་བའོ། །ཧའི་སྒོ་ནི་ཆོས་ཐམས་ཅད་མཐའ་ལ་གནས་པས་འཆི་འཕོ་བ་མེད་པ། སྐྱེ་བ་མེད་པའོ། །འདི་ལྟ་སྟེ། ཧའི་ཕ་རོལ་ན་ཡི་གེ་མེད་དེ། འདི་ལ་མིང་ངམ། རང་བཞིན་འགའ་ཡང་མེད་པ། སྨྲར་མེད་པ། བརྗོད་དུ་མེད་པ། བསྟན་དུ་མེད་པ། བྲིར་མེད་པ། བཀླག་ཏུ་མེད་པའོ། །ཇི་ལྟར་དེ་མ་བྱས་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་རྟོགས་པར་བྱའོ། །གཟུངས་ལ་འཇུག་པ་འདི་ནི་ཡི་གེ་ཨ་ལ་སོགས་པ་བཤད་པ་ལ་འཇུག་པ་སྟེ། འཇུག་པ་དེ་ལ་གནས་ན་བྱང་ཆུབ་སེམས་དཔའ་ཡི་གེ་ཐམས་ཅད་ལ་མཁས་པ་ཤེས་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱང་ཆོས་མཉམ་པ་ཉིད་དང་སྦྱོར་བར་འགྱུར་རོ། །སྐད་ལ་ཤེས་པ་ཡང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་ཡང་བློ་ཚུལ་དང་ལྡན་པས་ཡི་གེ་ལ་འཇུག་པའི་ཕྱག་རྒྱ་ཨའི་སྒོའི་ཚིག་འདི་ཉན་ཏམ། ལེན་ཏམ། འཛིན་ཏམ། གློག་གམ། གཞན་དག་ལ་འཆད་ན། དེ་ལ་ཡོན་ཏན་ཉི་ཤུ་པོ་འདི་དག་ཡོད་པར་བལྟའོ། །ཉི་ཤུ་གང་ཞེ་ན། དྲན་པ་དང་ལྡན་པ་ཡིན། རྟོགས་པ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། བློ་དང་ལྡན་པ་དང ། སྤོབས་པ་དང་ལྡན་པ་དང ། གཟུངས་ཀྱང་ཚེགས་ཆུང་ངུས
58.227a
ཐོབ་པར་འགྱུར་བ་དང ། ཐེ་ཚོམ་མེད་པར་འགྱུར་ཞིང་ནེམ་ནུར་མེད་པར་འགྱུར་བ་དང ། གཞན་ལས་ཚིག་འཇམ་པོ་ཐོས་ནས་ཆགས་པའི་སེམས་མི་སྐྱེད་ཅིང ། གཞན་ལས་ཚིག་རྩུབ་པོ་ཐོས་ནས་ཞེ་སྡང་བའི་སེམས་མི་སྐྱེད་ལ། ཁེངས་པ་དང་འདུད་པར་མི་འགྱུར་བ་དང ། དགྲ་ལས་རྒྱལ་བར་འགྱུར་བ་དང ། སྐད་ལ་མཁས་པ་དང ། ཕུང་པོ་ལ་མཁས་པ། ཁམས་ལ་མཁས་པ། སྐྱེ་མཆེད་ལ་མཁས་པ་དང ། རྒྱུ་ལ་མཁས་པ་དང ། རྐྱེན་ལ་མཁས་པ་དང ། ཆོས་ཀྱི་དབྱིངས་ལ་མཁས་པ་དང ། དབང་པོ་དམ་པ་དང་དམ་པ་མ་ཡིན་པ་ལ་མཁས་པ་དང ། ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་པ་དང ། ཆོས་འཆད་མཁས་པ་དང ། གནས་དང་གནས་མ་ཡིན་པའི་ཡེ་ཤེས་ལ་མཁས་པ་དང ། ཐབས་མཁས་པ་དང ། འོང་བ་དང ། འགྲོ་བ་ལ་མཁས་ཤིང་སྤྱོད་ལམ་ལ་མཁས་པ་དང ། ངོ་ཚ་བ་དང་འཛེམ་པ་ལ་མཁས་པ་ཡང་ཐོབ་པར་འགྱུར་རོ། །བུད་མེད་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་ཡི་གེའི་ཚུལ་གྱི་སྒོའི་ཕྱག་རྒྱ་ཨ་བཤད་པ་ལ་འཇུག་པ་འདི་ཉན་པར་འགྱུར། ལེན་པར་འགྱུར། འཛིན་པར་འགྱུར། ཀློག་པར་འགྱུར། གཞན་ལ་རྒྱ་ཆེར་སྟོན་པར་འགྱུར་ན་ཐོས་མ་ཐག་ཏུ་ཡོན་ཏན་བཅུ་ཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་ཀྱི་ལུས་ཐ་མར་འགྱུར། མི་ཁོམ་པ་ཡོངས་སུ་སྤངས་པར་འགྱུར། དལ་འབྱོར་ཐོབ་པར་འགྱུར། སངས་རྒྱས་འབྱུང་བ་མཐོང་ནས་དད་པར་འགྱུར། དད་ནས་བཀུར་སྟི་བྱེད་པར་འགྱུར། དེ་བཞིན་གཤེགས་པས་དེའི་བསམ་པ་མཁྱེན་ནས་ཆོས་སྟོན་པར་འགྱུར། ཆོས་དེ་ཐོས་ནས་བཟོད་པ་ཐོབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་ཡང་སངས་རྒྱས་བགྲོ་བའོ། །གཞན་ཡང་སངས་རྒྱས་བགྲོ་བ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་དག་པ་མི་སྐྱེ་བའི་ཚུལ་རྟོགས་པ། ཇི་ལྟ་བ
58.227b
བཞིན་དུ་ཆོས་འཆད་པ། ཁམས་གསུམ་པ་ཡོངས་སུ་ཤེས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཡོངས་སུ་ཤེས་པ། ཆད་པ་མ་ཡིན་པ། རྟག་པ་མ་ཡིན་པ། མི་གནས་པ། མི་འགྲོ་བ། ཐེག་པ་གསུམ་གྱི་ཚུལ་གཅིག་པ་ལ་འཇུག་པ། ཚུལ་གཅིག་པ་རྟོགས་པ། ཆོས་ཐམས་ཅད་བགྲོ་བར་མི་བྱ་བ། བརྩད་པར་མི་བྱ་བ་མི་མཉམ་པ། མི་མཉམ་པ་དང་མཉམ་པ། མ་འོངས་པ། མི་འགྲོ་བ། མི་རྒྱུ་བ་མཚན་ཉིད་མེད་པ། སངས་རྒྱས་རྣམས་ཀྱི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་པ། མ་མཁྱེན་པ། སངས་རྒྱས་རྣམས་ཀྱིས་ཡེ་ཤེས་དང་ཡེ་ཤེས་མ་ཡིན་པར་མ་དམིགས་པ། ཉོན་མོངས་པ་སྤངས་པ་མ་ཡིན་པ། རྣམ་པར་དག་པ་མངོན་དུ་བྱས་པ་མ་ཡིན་པ། མ་ཐོབ་པ། མངོན་པར་མི་བྱ་བ། བསྒོམ་པ་མ་ཡིན་པ། རྟོགས་པ་མ་ཡིན་པ། སངས་རྒྱས་རྣམས་ཀྱིས་མ་དམིགས་པ། མ་བཤིག་པ། སངས་རྒྱས་རྣམས་ཀྱིས་སངས་རྒྱས་འབྱུང་བར་མ་དམིགས་པ། ཆོས་མ་ཡིན་པ། དགེ་འདུན་མ་ཡིན་པ། སངས་རྒྱས་རྣམས་ཀྱིས་སེམས་ཅན་དག་མ་བཀྲོལ་མ་བཅིངས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་ཏེ། སངས་རྒྱས་རྣམས་ཀྱིས་ཆོས་གང་ཡང་མ་གཟིགས་མ་གསན། མ་དགོངས་མ་མཁྱེན་ཏེ། སངས་རྒྱས་རྣམས་ཀྱིས་མ་བཤད་མ་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་དག་མི་འཆད་མི་གསུང་འཆད་པར་མི་འགྱུར་རོ། །སངས་རྒྱས་དག་ནི་ཡེ་ཤེས་དང་ལྡན་པ་མ་ཡིན། མི་ལྡན་པ་འང་མ་ཡིན། སྦྱིན་གནས་མ་ཡིན། སྦྱིན་གནས་མ་ཡིན་པ་ཡང་མ་ཡིན་ཏེ། སྦྱིན་པ་སྦྱོང་བར་ཡང་མི་མཛད་དོ། །སངས་རྒྱས་དག་ནི་སྤྱོད་པར་མི་མཛད་ཡོངས་སུ་སྤྱོད་པར་མི་མཛད་དོ། །སངས་རྒྱས་དག་ལ་ནི་སྐུ་གང་ཡང་མེད་དོ། །སངས་རྒྱས་དག་ལ་ནི་གཟུགས་སུ་མི་བལྟ། ཆོས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་ཀྱི་དབྱིངས་སུ་མ་ཡིན་ནོ། །སངས་རྒྱས་དག་ནི་བྱུང་བ་མ་ཡིན་ནོ། །འགགས་པ་མ་ཡིན་མྱ་ངན་ལས
58.228a
འདས་པ་མ་ཡིན། མྱ་ངན་ལས་མ་འདས་པ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཐོག་མ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཏེ། སངས་རྒྱས་དག་ནི་གཅིག་པུ་ཡང་མ་ཡིན། སྐྱེ་བོ་མང་པོའི་ནང་དུ་གཤེགས་པ་ཡང་མ་ཡིན་ནོ། །སངས་རྒྱས་དག་ནི་སུས་ཀྱང་མ་མཐོང་མ་ཐོས། མ་མཆོད་མཆོད་པར་མི་འགྱུར་རོ། །སངས་རྒྱས་དག་ནི་ཆོས་གང་ལ་ཡང་གཅིག་པ་འམ། ཐ་དད་པར་མི་མཛད་དོ། །སངས་རྒྱས་དག་གིས་ནི་བྱང་ཆུབ་མ་འཐོབ་བོ། །སངས་རྒྱས་དག་ནི་རྙེད་པ་འདོགས་པར་ཡང་མི་མཛད་དོ། །སངས་རྒྱས་དག་ནི་ཆོས་ཀྱི་འཁོར་ལོ་ཡང་མི་སྐོར་ཏེ། མིང་ཇི་ལྟ་བ་སངས་རྒྱས་དག་ཀྱང་དེ་བཞིན། སྒྲའི་ཐོག་མའི་མཐའ་དང་ཐ་མའི་མཐའ་ཡང་དེ་བཞིན་ནོ། །འདི་ནི་མཉམ་པ་ཉིད་དེ་གང་མཉམ་པ་ཉིད་པ་དེ་ལ་ནི་མི་མཉམ་པ་གང་ཡང་མེད་དོ། །མི་མཉམ་པ་མེད་པ་དེ་ལ་ནི་བདུད་རྩི་གང་ཡང་མེད་དོ། །གང་ན་བདུད་རྩི་གང་ཡང་མེད་པ་དེ་ན་ནི་སྨན་ཀྱང་མི་སྐྱེ་སྟེ་འདི་ནི་སངས་རྒྱས་བགྲོ་བའོ། །སེམས་ཅན་རྣམས་ནི་དྲང་བར་བྱ་བའི་ཕྱིར་དཔེས་བཤད་པ་ཡིན་ཏེ། སངས་རྒྱས་རྣམས་ནི་བགྲོ་བར་ཡང་མི་མཛད། རྩོད་པར་ཡང་མི་མཛད། བགྲོ་བས་འཇོག་པར་ཡང་མི་མཛད་དོ། །བཅོམ་ལྡན་འདས་འཇུག་སྲེད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་དུ་འོད་ཅེས་བྱ་བར་སངས་རྒྱས་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་ནི་སངས་རྒྱས་བྱེ་བ་དེ་སྙེད་བཞུགས་པ་ལས་དེ་བཞིན་གཤེགས་པ་གཞན་གང་ཡང་མ་མཐོང་སྟེ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ཉག་གཅིག་མཐོང་ངོ ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་གནས་པ་ལས་འདི་སྙམ་དུ་གྱུར་ཏེ། དེ་རིང་ཤར་ཕྱོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག
58.228b
སྲེད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་དུ་འོད་ཅེས་བྱ་བར་ཕྱོགས་བཅུ་ཀུན་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདུས་སོ། །འདུས་ནས་སངས་རྒྱས་བགྲོ་བའི་ཆོས་ཀྱི་རྣམ་གྲངས་བགྲོ་བར་མཛད། འཆད་པར་མཛད་ཀྱིས། གང་བདག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་བྱ་བ་དང ། ཆོས་བསྟན་པ་དེ་དག་མཉན་པའི་ཕྱིར་འགྲོའོ། །གང་བདག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བལྟ་བ་དང ། ཆོས་མཉན་པའི་ཕྱིར་ཕྱོགས་བཅུར་ཡང་འགྲོ་ཞིང་རྒྱུ་བར་བྱ་ན། དེ་ལྟར་ཚེགས་ཆུང་ཞིང་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འདུས་ཀྱིས་གང་བདག་ནི་ངེས་པར་འགྲོའོ། །སྐྱེས་བུ་དམ་པ་དེ་འདྲ་བ་དག་འཇིག་རྟེན་དུ་བྱུང་བར་ཐོས་པ་འམ་མཐོང་བ་དཀོན་ནོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སྨྲས་པ། བྱམས་པ་ད་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་འདོང་ངོ ། །དེ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་ད་ལྟར་འདུས་ཏེ་སངས་རྒྱས་བགྲོ་བའི་ཆོས་ཀྱི་རྣམ་གྲངས་འཆད་ཀྱིས། དེ་དག་ལ་བདག་ཅག་གིས་ཆོས་མཉན་ཏོ། །དེ་བཞིན་གཤེགས་པ་དེ་དག་ལ་བདག་ཅག་གིས་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གླང་པོ་ཆེན་པོ་དེ་དག་གནས་གཅིག་ཏུ་འདུས་པ་མཐོང་བ་ནི་དཀོན་ནོ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་བྱམས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བཞུད་ཅིག་བདག་ནི་མི་མཆིའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་དག་ནི་མཉེས་དཀའ་སྟེ། འདུས་པ་དེ་དག་གིས་བདག་ཅག་ལྟ་བུ་ལ་སྐབས་མ་ཕྱེ་བར་བལྟ་བ་འམ། མཉན་པར་ཡང་མི་ནུས་ལ། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ནི་གཟུགས་ཀྱི་སྐུར་མི་བལྟའོ། །དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ་སྟེ། གང་ཆོས་ཉིད་དེ་ཡང་སུས་ཀྱང་མ་མཐོང་མ་ཐོས་མ་མཆོད་དོ། །འཇམ་དཔལ་གྱིས་སྨྲས་པ། བྱམས་པ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་མ་མཆོད་དམ།
58.229a
བྱམས་པས་སྨྲས་པ། འཇམ་དཔལ་བདག་ནི་དེ་བཞིན་གཤེགས་པ་ལ་མི་མཆོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ནི་སུས་ཀྱང་མཆོད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དང་དེ་བཞིན་ཉིད་དེ་གཉིས་སུ་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། བྱམས་པ་གཉིས་སུ་མེད་ཅེས་བྱ་བ་དེ་གང་ལ་བྱ། བྱམས་པས་སྨྲས་པ། འཇམ་དཔལ་གཉིས་སུ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་རྣམས་གཅིག་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པའོ། །འཇམ་དཔལ་གཉིས་སུ་མེད་ཅེས་བྱ་བ་ནི་གང་རྣམ་པ་གཉིས་སུ་མེད་པའོ། །རྣམ་པ་གཉིས་སུ་མེད་པ་ཡང་གང་ཞེ་ན། འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་དག་པའོ་ཞེས་དེ་ལྟར་ཤེས་ན་དེ་ནི་རྣམ་པ་གཉིས་སུ་བྱེད་དོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ངང་ཚུལ་ངན་པ་ཅན་ནོ་ཞེས་རྟོག་ན་རྣམ་པ་གཉིས་སུ་བྱེད་དོ། །འདི་ནི་ཉན་ཐོས་སོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་རྣམ་པར་རྟོག་ན་གཉིས་སུ་བྱེད་དོ། །འདི་དག་ནི་བསྒོམ་པར་བྱའོ། །འདི་དག་ནི་སྤང་བར་བྱའོ། །འདི་དག་ནི་མངོན་དུ་བྱའོ་ཞེས་རྣམ་པར་རྟོག་ན་རྣམ་པ་གཉིས་སུ་བྱེད་དོ། །འདི་ནི་ཡེ་ཤེས་ཀྱིས་ཤེས་པར་བྱའོ། །འདི་ནི་རྣམ་པར་ཤེས་པས་ཤེས་པར་བྱའོ་ཞེས་ཡིད་ལ་བྱེད་ན་རྣམ་པ་གཉིས་སུ་བྱེད་དོ། །འཇམ་དཔལ་གང་དུ་གཉིས་སུ་འཇུག་པའི་རྣམ་པར་ཤེས་པ་རྟོག་པ་ནི་ཆུང་ངུ་ན་སངས་རྒྱས་སོ་ཞེས་རྟོག་པ་དེ་ཐམས་ཅད་རྣམ་པ་གཉིས་སུ་བྱེད་དོ། །འཇམ་དཔལ་བདག་གིས་ནི་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་རྣམ་པ་གཉིས་སུ་མེད་པ་ལས་བརྩམས་ཏེ། བཤད་དུ་ཟིན་ཀྱང་སྤོབས་པའི་མཐར་ཕྱིན་པ་ལས་ཟད་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་མཐའ་དང་དབུས་མ་མཐོང་བའི་ཕྱིར་རོ། །འཇམ་དཔལ་གཉིས་སུ་མེད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ཚུལ་གཅིག་པ་དང་ཐ་དད་པ་མེད་པའོ། །སྨྲས་པ།
58.229b
བྱམས་པ་ཁྱོད་ནི་ཆོས་ཐམས་ཅད་མ་སྐྱེས་པ་ལ་འཇམ་དཔལ་ངས་ནི་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་གཉིས་སུ་མེད་པ་ལས་བརྩམས་ཏེ་བཤད་ན་ངའི་སྤོབས་པ་ཟད་པར་མི་འགྱུར་རོ་ཞེས་ཁྱོད་དེ་སྐད་སྨྲ་བ་ཉིད་དམིགས་པ་ཆེན་པོ་ཡིན་ནོ། །བྱམས་པས་སྨྲས་པ། འཇམ་དཔལ་ཡི་གེ་ལ་ཆགས་པར་མ་བྱེད་ཅིག་།ཡི་གེ་ཐམས་ཅད་ནི་མི་སྐྱེ་བའི་མཚན་ཉིད་ལས་མི་གཡོའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་སྨྲས་པ། རིགས་ཀྱི་བུ་ཁྱེད་ཅག་ཚུར་ཤེག་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་དེ་བཞིན་གཤེགས་པ་དེ་དག་ལ་བལྟ་བ་དང ། ཆོས་བསྟན་པ་དེ་དག་ཉན་དུ་འདོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སྤོབས་པའི་ཕུང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ནི་སུས་ཀྱང་བལྟ་མི་ནུས་ན་ཅིའི་ཕྱིར་ན། ཁྱེད་ཚུར་ཤེག་།དེ་བཞིན་གཤེགས་པ་ལ་བལྟར་འདོང་ཞེས་སྨྲ། གང་བལྟ་བར་བྱ་བའི་དེ་བཞིན་གཤེགས་པ་དེ་དག་གང་ཡིན། འཇམ་དཔལ་དེ་བཞིན་གཤེགས་པས་ནི་དེ་བཞིན་གཤེགས་པ་དག་འདས་པ་མ་ཡིན། མ་བྱོན་པ་མ་ཡིན། ད་ལྟར་མ་ཡིན་ཏེ། ཆོས་གང་དུས་གསུམ་དུ་སྟོང་པ་དེ་ནི་བལྟ་མི་ནུས་སོ་ཞེས་དེ་སྐད་ཅེས་གསུངས་སོ། །ཡང་འཇམ་དཔལ་དེ་བཞིན་གཤེགས་པ་བལྟའོ་ཞེས་སྨྲས་པ་མིག་གི་རྣམ་པར་ཤེས་པ་གང་གིས་དེ་བཞིན་གཤེགས་པ་བལྟ་བར་བྱ། ཅི་ཤའི་མིག་གིས་བལྟ་བར་བྱ་འམ། འོན་ཏམ་ལྷའི་མིག་གིས་བལྟ་བར་བྱ། གལ་ཏེ་ཤའི་མིག་གིས་བལྟ་ན་ནི་ཤའི་མིག་ནི་སྟོང་པ་སྟེ་སྟོང་པས་ནི་མཐོང་བར་མི་ནུས་སོ། །དེ་སྟེ་ལྷའི་མིག་གིས་བལྟ་ན་ནི་དེ་ལ་ལྷའི་མིག་ཏུ་བརྟགས་ན་ལྷའི་མིག་གོ་སྙམ་དུ་འདུ་ཤེས་པར་འགྱུར་ཏེ། བརྟགས་པའི་མིག་གིས་ནི་དེ་བཞིན་གཤེགས་པ་མི་མཐོང་ངོ ། །
58.230a
སྨྲས་པ། རིགས་ཀྱི་བུ་ཁྱོད་ནི་གང་སྟོང་པ་ཉིད་ཀྱིས་སྟོན་པར་བྱེད་ན། དེ་ལ་སུས་ཀྱང་དེ་བཞིན་གཤེགས་པ་བལྟ་བར་མི་འགྱུར། མཆོད་པར་མི་འགྱུར་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཞེ་འམ། སངས་རྒྱས་ཞེ་འམ། སེམས་ཅན་ཞེ་འམ། བགྲོ་བ་ཞེ་འམ། མཆོད་པ་ཞེ་འམ། ལྟ་བ་ཞེས་གང་ཆུང་ཟད་སྨྲ་བ་སྨོས་པ་བརྗོད་པའི་ཡི་གེའི་དེ་ཐམས་ཅད་ནི་ཡི་གེའི་རང་བཞིན་གྱིས་སྟོང་ངོ ། །དེ་བས་ན་མཉམ་པ་ཉིད་ཅེས་བྱ་བའི་ཚིག་དེ་ནི་དེ་བཞིན་ཉིད་ལ་འཁྲུགས་པར་མི་བྱེད་དེ། དེ་བཞིན་ཉིད་ལྡོག་པར་མི་བྱེད་ཀྱིས་ཁྱེད་ལས་གང་བཟོད་པ་དག་ནི་འདོང་ངོ ། །གང་མི་བཟོད་པ་དག་ནི་ཁྱེད་ཅིག་བདག་ནི་འགྲོའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ལྟ་སྟེ། ཆོས་ཀྱིས་ཆོག་མི་ཤེས་པའི་ཕྱིར་གཉིས་སུ་མེད་དེ་གཅིག་ཏུ་སོང་སྟེ། སངས་རྒྱས་ཀྱི་མཐུས་འཁོར་དེ་ནས་སུའང་མ་སོང་ངོ ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ལྟ་སྟེ། སྐྱེས་བུ་སྟོབས་པོ་ཆེའི་དཔུང་པ་བརྐྱང་བ་ལས་བསྐུམ་པ་འམ། བསྐུམ་པ་ལས་བརྐྱང་བ་ཙམ་དུ་དེའི་ཐང་ཅིག་སྐད་ཅིག་ཡུད་ཙམ་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་མི་སྣང་བར་གྱུར་ནས་ཀུན་དུ་འོད་ཀྱི་འཇིག་རྟེན་གྱི་ཁམས་སུ་འདུག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ལན་བདུན་བསྐོར་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཡང་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་གཡས་ཕྱོགས་ན་སྲིང་མོ་ཐེ་ཚོམ་སེལ་བ་ཞེས་བྱ་བ་སྐྱིལ་མོ་དཀྲུང་དུ་བཅས་ཤིང་འདུག་སྟེ། དེ་ཀུན་དུ་ཟླ་བའི་འོད་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་འདི་སྙམ་དུ་དགོངས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི
58.230b
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་ལ་བསྟོད་དོ། །བཀུར་རོ། །ཟབ་མོ་ལ་བཟོད་པའོ། །སྟོང་པ་ལ་གནས་པའོ་ཞེས་བཤད་དོ་སྙམ་དུ་སེམས་ཏེ། འདི་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ནས་དམིགས་པ་ཆེན་པོས་བསྐྱོད་ཅིང་བདག་ཏུ་འཛིན་པ་ཆེ་བ་དང་ལྡན་ཞིང་འོངས་ཀྱིས། གང་ངས་ནི་འདི་རི་ཁོར་ཡུག་གི་རྩེ་མོ་ལ་འཕངས་པ་དང་འདི་ལས་བརྩམས་ཏེ་ཆོས་ཟབ་མོ་སྟོན་པར་འགྱུར་བས་སྐྱེ་བོ་ཕྱི་མ་དག་དང ། མ་འོངས་པའི་བྱང་ཆུབ་སེམས་དཔའ་དག་ལ་ཡང་སྣང་བར་བྱས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་ཆོས་ནི་བསམ་གྱིས་མི་ཁྱབ་དེ་ལྟར་ཟབ་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལྟ་བུ་སྟོང་པ་ལ་གནས་པའི་མཆོག་ཀྱང་རི་ཁོར་ཡུག་གི་རྩེ་མོར་འཕངས་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་དོན་གང་གི་དབང་མ་མཐོང་ནས་འདིར་འོངས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་ན་མཆིས་པ་ལས་འདི་སྙམ་དུ་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་དཀོན་ནོ། །ཆོས་ཐོས་པ་ཡང་དཀོན་ཏེ། ཀུན་དུ་འོད་ཅེས་བགྱི་བའི་འཇིག་རྟེན་གྱི་ཁམས་སུ་ཡང་ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མ་མཆིས། གྲངས་མ་མཆིས་པ་དག་ཚོགས་སོ། །ཚོགས་ནས་སངས་རྒྱས་བགྲོ་བ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འཆད་ཀྱིས། བདག་ནི་དེ་བཞིན་གཤེགས་པ་དེ་དག་ལ་བལྟ་བ་དང ། ཆོས་བཤད་པ་དེ་དག་མཉན་དུ་མཆིའོ་སྙམ་ནས་བཅོམ་ལྡན་འདས་བདག་ནི་ཆོས་ཉན་པའི་སླད་དུ་སངས་རྒྱས་ཀྱི་ཞིང་འདིར་མཆིས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་དེའི་ཚེ་ཅི་ནས་ཀྱང་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་འཇམ་དཔལ་གཞོན་ནུར་གྱུར་པ་རི་ཁོར་ཡུག་གི་རྩེ་མོར་འཕངས་པར
58.231a
གྱུར་ལ། བདག་གང་དུ་བླངས་ཤིང་ཁྱེར་སྙམ་དུ་ཡང་མི་ཤེས་པ་དེ་འདྲ་བར་མྱུར་དུ་བཏེག་སྟེ་འཕང་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་རི་ཁོར་ཡུག་གི་རྩེ་མོར་འཕངས་པ་ལས་སེམས་ཤིང་འདི་སྙམ་དུ་གྱུར་ཏོ། །རྒྱུ་གང་དང་རྐྱེན་གང་གིས་ན་བདག་སངས་རྒྱས་ཀྱི་འཁོར་ཆེན་པོ་དེ་ལྟ་བུར་བལྟ་ན་བཟང་བ། མཛེས་པ། གླང་པོ་ཆེ་ཆེན་པོ་དེ་འདྲ་བ་དག་གི་ནང་ནས་རི་ཁོར་ཡུག་གི་རྩེ་མོ་འདིར་འཕངས་པར་གྱུར། བདག་རི་ཁོར་ཡུག་གི་རྩེ་མོར་སུས་འཕངས་སྙམ་དུ་དེ་ལྟར་སེམས་པ་ལས་འདི་སྙམ་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་དེས་བདག་རི་ཁོར་ཡུག་གི་རྩེ་མོར་འཕངས་སོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་གྱུར་ཏེ་བདག་ནི་འཁོར་དེ་ནས་འཕངས་ལ། སྲིང་མོ་ཐེ་ཚོམ་སེལ་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་དྲུང་ན་སྐྱིལ་མོ་དཀྲུང་བཅས་ཤིང་འདུག་པ་ལས་སྲིང་མོ་དེ་ནི་མ་འཕངས་ཀྱི། བདག་འཕངས་ན། ཅིའི་ཕྱིར་ཞིག་ཏུ་དེ་ལྟར་མོ་ནི་མ་འཕངས་ལ་བདག་འཕངས་པ་ལས་ན་སྲིང་མོ་དེ་ནི་དགེ་བའི་རྩ་བ་ཤིན་དུ་འབར་བ་ཟབ་མོ་ལ་ཤིན་དུ་བཟོད་པར་གྱུར་པ་ཞིག་གི། བདག་ནི་དེ་ལྟ་བུ་མ་ཡིན་པ་ཞིག་གམ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་གྱུར་ཏེ། གང་བདག་གིས་རྫུ་འཕྲུལ་གྱི་མཐུ་བསྐྱེད་དེ། སླར་ཡང་འཁོར་དེར་འགྲོའོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ཀྱང ། སངས་རྒྱས་ཀྱི་ཞིང་དེར་ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་དུ་ཡང་འགྲོ་མི་ནུས་ན་འཁོར་དེར་འགྲོ་བ་ལྟ་ཅི་སྨོས་ཏེ།
58.231b
དེ་ལྟ་བུའི་གནས་མེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཀུན་དུ་སོང་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུ་དང ། བྱིན་གྱི་རླབས་ཀྱིས་འཁོར་དེར་འགྲོ་མ་ནུས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཀུན་དུ་སོང་ནས་སླར་ཡང་རི་ཁོར་ཡུག་གི་རྩེ་མོ་ལ་འདུག་ནས་འདི་སྙམ་དུ་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱིན་གྱིས་བརླབས་ནི་མཐུ་ཆེས། དེ་ལ་བདག་གི་རྫུ་འཕྲུལ་གྱི་རྣམ་པས་གནོན་ཡང་མི་ནུས། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉེས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ལ་སློབ་དཔོན་གྱིས་འཆབ་པ་མེད་དེ། བདག་ཉིད་ཆུང་ཟད་ཅིག་ཁོ་རུ་ཆུང་བས་དེའི་ཕྱིར་བདག་ཞི་བའི་ཆོས་སྟོན་པ་དེར་འགྲོ་མ་ནུས་པར་ཟད་དེ། དེ་བཞིན་གཤེགས་པ་དག་ནི་ཆོས་ལ་སློབ་དཔོན་གྱིས་འཆབ་པ་མེད་ཀྱི། དེ་བཞིན་གཤེགས་པ་དག་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པས་ན་གང་བདག་ནི་དྲན་པ་ཉེ་བར་གཞག་པ་ལ་གནས་པས་རི་ཁོར་ཡུག་གི་རྩེ་མོ་འདི་ཉིད་ལ་གནས་སོ་སྙམ་མོ། །དེ་ལ་འཇམ་དཔལ་གཞོན་ནུར་གྱུར་པའི་དྲན་པ་ཉེ་བར་གཞག་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་དྲན་པ་མེད་པ། ཡིད་ལ་བྱེད་པ་མེད་པ། ཆོས་ཐམས་ཅད་མི་གནས་པ། ཆོས་ཐམས་ཅད་གནས་པ་མེད་པ་སྟེ། ཅིའི་ཕྱིར་མི་གནས་ཤེ་ན་འགྲོ་བ་མེད་པའི་ཕྱིར་ཏེ་ཆོས་གང་ཡང་ཤིན་དུ་ཡོད་པ་མེད་དེ། དེའི་ཕྱིར་དེ་དག་མི་འགྲོའོ། །གང་མི་འགྲོ་བ་དེ་ནི་མི་གནས་སོ། །འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་སྟོན་པ་དང ། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་འཇམ་དཔལ་གྱི་དྲན་པ་ཉེ་བར་འཇོག་པ་ཡིན་ནོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དྲན་པ་ཉེ་བར་འཇོག་པ་ལ་གནས་པ་འདི་ལ་གནས་པ་ལས། ལྷའི་བུ་བཞི་ཁྲི་ཉིས་སྟོང་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཇམ་དཔལ
58.232a
གཞོན་ནུར་གྱུར་པའི་རྐང་པ་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་འཁོར་དེར་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བའི་ལྷའི་བུ་འོངས་ཏེ་འདུག་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་ཁྱོད་གནས་པ་གང་ལ་གནས་ཏེ། ད་ལྟར་ལངས་པ་ལགས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་བདག་ལ་གནས་པ་ཡོད་ན་ནི་བདག་གནས་པས་གནས་པར་བྱེད་ན། ལྷའི་བུ་ཆོས་ཐམས་ཅད་དབེན་པའི་ཕྱིར་བདག་ལ་གནས་པ་མེད་མོད་ཀྱི། ལྷའི་བུ་ཁྱོད་གནས་པ་གང་ལ་གནས་ཏེ་ད་ལྟར་ལངས་པ་ཡིན་ཞེས་ཟེར་བ། བདག་ནི་དྲན་པ་ཉེ་བར་གཞག་པ་ལ་གནས་པས་གནས་ཏེ་ད་ལྟར་ལངས་པ་ཡིན་ནོ། །གསོལ་པ། འཇམ་དཔལ་དྲན་པ་ཉེ་བར་གཞག་པ་ལ་གནས་པ་ཇི་ལྟ་བུ་ཞིག་ལགས། སྨྲས་པ། ཆོས་ཐམས་ཅད་དྲན་པ་མེད་ཡིད་ལ་བྱེད་པ་མེད་པའོ། །གསོལ་པ། འཇམ་དཔལ་གང་ན་དྲན་པ་མེད། ཡིད་ལ་བྱེད་པ་མེད་པ་དེར་གནས་ཏེ་ད་ལྟར་ལངས་པ་ལགས་སམ། འཇམ་དཔལ་གྱིས་སྨྲས་པ། གནས་པ་གང་ལ་གནས་ན་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྒྱུ་བའི་གནས་པ་དེ་ལ་གནས་ཏེ་བདག་ད་ལྟར་ལངས་པ་ཡིན་ནོ། །ལྷའི་བུ་འོད་ཟེར་གྱི་རྒྱལ་མཚན་གྱིས་གསོལ་པ། འཇམ་དཔལ་གང་སངས་རྒྱས་ཀྱིས་མ་དམིགས་པའི་གནས་པ་དེ་ཇི་ལྟ་བུ་ལགས། སྨྲས་པ། ལྷའི་བུ་སྟོང་པ་ཉིད་ལ་གནས་པ་ནི་སངས་རྒྱས་ཀྱིས་མ་དམིགས་པའོ། །མཚན་མ་མེད་པ་ལ་གནས་པ་དང ། སྨོན་པ་མེད་པ་ལ་གནས་པ་ནི་སངས་རྒྱས་ཀྱིས་མ་དམིགས་པའོ། །དེ་བས་ན་གནས་པ་དེ་ལ་གནས་ཏེ་ད་ལྟར་ལངས་པ་ཡིན་ནོ། །གསོལ་པ། དྲན་པ་ཉེ་བར་གཞག་པ་ལ་གནས་པ་ཇི་ལྟ་བུ་ལགས། སྨྲས་པ། ལྷའི་བུ་གང་ན་དྲན་པ་མེད་ཡིད་ལ་བྱེད་པ་མེད་པ་ནི་གནས་པའི་དམ་པ་ཡིན་ཏེ། གང་གནས་པ་དེ་ལ་གནས་པ་དེ་དག་ནི་འདོད་པའི་ཁམས་སུ་མི་གནས། གཟུགས་ཀྱི་ཁམས་སུ་མི་གནས། གཟུགས་མེད་པའི་ཁམས་སུ་མི
58.232b
གནས་སོ། །གང་ཁམས་གསུམ་ལ་མི་གནས་པ་དེ་དག་ནི་མཉམ་པའི་གནས་པས་གནས་པའོ། །གང་མཉམ་པའི་གནས་པས་གནས་པ་དེ་དག་ལ་ནི་མི་མཉམ་པ་མེད་དོ། །གང་ལ་མི་མཉམ་པ་མེད་པ་དེ་དག་ནི་འགྲོ་བ་མེད་དོ། །གང་ལ་འགྲོ་བ་མེད་པ་དེ་དག་ལ་ནི་མ་རིག་པ་མི་མཐོང་ངོ ། །གང་མ་རིག་པ་མི་མཐོང་བ་དེ་དག་ལ་ནི་རིག་པ་མ་སྐྱེས་སོ། །གང་རིག་པ་མ་སྐྱེས་པ་དེ་དག་ནི་མི་འབྱུང་ངོ ། །གང་མི་འབྱུང་བ་དེ་དག་ནི་འབྱུང་བར་མི་འགྱུར་རོ། །གང་འབྱུང་བར་མི་འགྱུར་བ་དེ་དག་ནི་འཇིག་པ་མེད་དོ། །གང་འཇིག་པ་མེད་པ་དེ་དག་ནི་མི་འབྱུང་ངོ ། །གང་མ་བྱུང་བ་དེ་དག་ནི་དབྱེ་བར་མི་ནུས་སོ། །གང་དབྱེ་བར་མི་ནུས་པ་དེ་དག་ནི་ལྷའི་བུ་ཤིན་དུ་དག་པ་ཡིན་ཏེ། ལྷའི་བུ་དེ་ནི་འཕགས་པ་གནས་པ་རྡུལ་དང་བྲལ་བའོ། །གསོལ་པ། འཇམ་དཔལ་རྡུལ་ཅེས་བགྱི་བ་ལགས། སྨྲས་པ། ལྷའི་བུ་ཆུང་ངུ་ན་སངས་རྒྱས་སུ་དམིགས་པའི་རྣམ་པར་ཤེས་པ་འབྱུང་བ་དེ་ནི་རྡུལ་ཏོ། །ལྷའི་བུ་མཚན་མ་ནི་རྡུལ་ཏོ། །འདུ་ཤེས་དང ། འཛིན་པ་དང ། ཆགས་པ་དང ། རློམ་སེམས་དང ། འདུད་པ་དང ། ཁེངས་པ་དང ། ཕྱག་འཚལ་བ་དང ། ཆགས་སེམས་དང ། ཁོང་ཁྲོ་བ་དང ། དམིགས་པ་དང ། འགྲོ་བ་དང ། སྨོན་ལམ་དང ། རྟོག་པ་དང ། རྟོག་པའི་མཚན་མ་དང ། ཡོངས་སུ་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཀུན་དུ་རྟོག་པ་དང་ཡུལ་ཡིད་ལ་བྱེད་པ་དང ། ང་སློང་བར་བྱེད་པ་དང ། ཆད་པར་འཛིན་པ་དང ། རྟག་པར་འཛིན་པ་དང ། མེད་པར་འཛིན་པ་དང ། ལོག་པར་འཛིན་པ་དང ། ཡོད་པར་འཛིན་པ་དང ། མེད་པར་འཛིན་པ་དང ། ལྷའི་བུ་ཇི་ཙམ་དུ་རྣམ་པར་རྟོག་ཅིང་སྤྲོས་པ་དང ། ཡིད་ལ་བྱེད་པ་དང ། སེམས་པ་དང ། སྒྲུན་པ་དེ་ཐམས་ཅད་ནི་འཕགས་པའི་ཆོས་འདུལ་བ་ལ་རྡུལ་དུ་བཤད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་འོད་ཟེར་གྱི་རྒྱལ་མཚན་གྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཡང་འཇམ་དཔལ་ཁྱོད་ཀྱིས་དྲན་པ་ཉེ་བར་གཞག
58.233a
པ་ལ་གནས་པ་བཤད་པ་འདི་ལེགས་སོ་ཞེས་སྨྲས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཆོག་གིས་མ་རྟོག་ཤིག་།ཁྱོད་ནི་མ་སྐྱེས་པ་མ་བྱུང་བ་མ་བསྟན་པའི་ཆོས་ཀྱིས་ལེགས་པ་སྦྱིན་པར་བྱེད་དེ། ལྷའི་བུ་གང་དྲན་པ་ཉེ་བར་གཞག་པ་བརྟན་པ་འདི་ནི་བཤད་པ་འམ། བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཕྱིར་ཏེ། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བརྗོད་པ་གང་ཡང་མེད་པས་དེའི་ཕྱིར་དེ་དག་ནི་མི་བརྗོད་པའོ། །ལྷའི་བུ་འོད་ཟེར་གྱི་རྒྱལ་མཚན་གྱིས་གསོལ་པ། འཇམ་དཔལ་གནས་པ་གང་ལ་གནས་པ་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་རྒྱུ་བར་འགྱུར་བའི་གནས་པ་དེ་ལ་གནས་ཏེ་ལངས་སོ་ཞེས་དེ་སྐད་བཤད་པ་གང་ལ་གནས་ན་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་ཆགས་དང ། ཞེ་སྡང་དང་གཏི་མུག་རྣམས་རྒྱུ་བར་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་དངོས་པོ་མེད་པ་ལ་གནས་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་རྒྱུ་བར་འགྱུར་རོ། །ཆོས་ཀྱི་དབྱིངས་ལ་གནས་པ། ཡང་དག་པའི་མཐའ་ལ་གནས་པ། དེ་བཞིན་ཉིད་ལ་གནས་པའི་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་རྒྱུ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་ཆོས་ཀྱི་དབྱིངས་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་ལས་བྲལ་ཏེ་བཤད་མི་ནུས་སོ། །གསོལ་པ། འཇམ་དཔལ་ཡང་དག་པའི་མཐའ་ཞེས་བགྱི་བ་གང་གི་ཚིག་བླ་དགས་ལགས། སྨྲས་པ། ལྷའི་བུ་ཡང་དག་པའི་མཐའ་ཞེས་བྱ་བ་ནི་སེམས་ཅན་གྱི་མཐའི་ཚིག་བླ་དགས་སོ། །གསོལ་པ། འཇམ་དཔལ་སེམས་ཅན་གྱི་མཐའ་ཞེས་བགྱི་བ་གང་གི་ཚིག་བླ་དགས་ལགས། བདག་གི་མཐའི་ཚིག་བླ་དགས་སོ། །གསོལ་པ། འཇམ་དཔལ་བདག་གི་མཐའ་ཞེས་བགྱི་བ་གང་གི
58.233b
ཚིག་བླ་དགས་ལགས། སྨྲས་པ། འཁོར་བའི་མཐའི་ཚིག་བླ་དགས་སོ། །གསོལ་པ། འཇམ་དཔལ་འཁོར་བའི་མཐའ་ཞེས་བགྱི་བ་གང་གི་ཚིག་བླ་དགས་ལགས། སྨྲས་པ། ནམ་མཁའི་ཚིག་བླ་དགས་ཡིན་ནོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་དབྱིངས་ལ་ནི་མཐའ་མ་མེད། ཆད་པ་མེད། རིང་བ་མེད། ཐུང་བ་མེད། ཟླུམ་པ་མེད། གྲུ་བཞི་མེད། ཕྲ་བ་མེད། སྦོམ་པ་མེད། ལེབ་ལེབ་པོ་མེད། དཀར་པོ་མེད། ནག་པོ་མེད། དམར་པོ་མེད་དེ། གཞན་དུ་ན་ནམ་མཁའ་ནམ་མཁའ་ཞེས་མིང་ཙམ་དུ་གྲངས་སུ་འགྲོ་སྟེ་མིང་དེ་ཡང་གསོབ་ཡིན་ནོ། །ལྷའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནི་ནམ་མཁའི་མཐའ་ནམ་མཁའི་འགྲོས། ནམ་མཁའི་མིང་གི་རང་བཞིན་ནོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་མི་སྐྱེ། མི་རྒ། མི་འཆི། མི་འབྱུང ། ཉོན་མི་མོངས། རྣམ་པར་མི་དཀར། ཆགས་པ་མེད། ཞེ་སྡང་བ་མེད། བཀུར་བ་མེད། མི་བཀུར་བ་འང་མེད་དེ། དེའི་མཐས་ནི་མི་བགྲང་བའི་ཚུལ་གྱིས་ཆོས་ཐམས་ཅད་བགྲང་བར་བྱའོ། །ལྷའི་བུ་གདགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་འདུ་བ་དང་འབྲལ་བར་བསྟན་ཅིང་གཞག་མི་ནུས་སོ། །ལྷའི་བུ་ཆོས་ཐམས་ཅད་ནི་མ་བཏགས་པ། མ་བཏུལ་བ། དམ་པ་མ་ཡིན་པ་སྟེ། ལྷའི་བུ་འདི་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད། མི་མཉམ་པ་མ་ཡིན་པ། དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དོ། །སྟོན་པ་འདི་བསྟན་པའི་ཚེ་ལྷའི་བུ་དེ་དག་ཐམས་ཅད་མི་སྐྱེའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཆོས་ལ་གུས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་མེ་ཏོག་མན་དཱ་རས་གཏོར་ཏོ། །མེ་ཏོག་དེ་དག་གཏོར་མ་ཐག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་བརླབས་ཀྱིས་སྟེང་གི་བར་སྣང་ལ་གནས་མེད་ཅིང་ཡོངས་སུ་མ་བཙུད་བཞིན་དུ་འདུག་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་འོད་ཟེར་གྱི་རྒྱལ་མཚན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དེ་ཇི་སྙམ་དུ་སེམས། མེ་ཏོག་འདི་དག་གང
58.234a
ལ་གནས། གསོལ་པ། འཇམ་དཔལ་མེ་ཏོག་འདི་དག་ནི་གནས་པ་མ་ལགས་སོ། །སྨྲས་པ། ལྷའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མི་གནས་པ་སྟེ། མི་གནས་པར་ནམ་མཁའ་ལ་གནས་ཤིང་ནམ་མཁའ་ལས་ཀྱང་མི་འཕག་།མི་ལྟུང ། མི་གཡོ་རབ་ཏུ་མི་གཡོ། མི་འབུགས་རབ་ཏུ་མི་འབུགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པས་དེའི་ཕྱིར་དེ་དག་མི་གཡོ་རབ་ཏུ་མི་གཡོ། མི་འབུགས་རབ་ཏུ་མི་འབུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་འོད་ཟེར་གྱི་རྒྱལ་མཚན་གྱིས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་རྫུ་འཕྲུལ་གྱི་མཐུ་ཆོ་འཕྲུལ་ཐོབ་སྟེ། ཁྱོད་སེམས་སྐྱེད་པ་གཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་འགྲོ་ཞིང་འོང་བ་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདག་ནི་རྫུ་འཕྲུལ་གྱི་མཐུ་ཆོ་འཕྲུལ་ཐོབ་པ་ཡང་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་ཀྱང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་མ་གཏོགས་ཤིང་ཟད་པ་མེད་པའི་ཕྱིར་རོ། །ལྷའི་བུ་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རྫུ་འཕྲུལ་གྱི་མཐུའི་ཆོ་འཕྲུལ་ཐོབ་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ལྷའི་བུ་སངས་རྒྱས་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ཉན་ཐོས་ཐམས་ཅད་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་བསྐལ་པ་གྲངས་མེད་པར་བཙལ་ཀྱང་ཆོས་གང་ཡང་ཐོབ་པར་མ་གྱུར། མ་ཐོབ་མི་འཐོབ་བོ། །བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་ཐོབ་བོ། །ཅི་ཐོབ་ཅེ་ན། བདག་ཐོབ་པོ། །སེམས་ཅན་དང ། སྲོག་དང ། སྐྱེ་བ་པོ་དང ། གསོ་བ་པོ་དང ། གང་ཟག་དང ། ཤེད་ལས་སྐྱེས་པ་དང ། ཤེད་བུ་དང ། ཆད་པ་དང ། རྟག་པ་དང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཐོབ་བོ། །གང་སངས་རྒྱས་རྣམས་ཀྱིས་ཆོས་མ་ཐོབ་པ་མ་བསྐྱེད་པ་དེ་སྐྱེད་པར་བྱེད་པས་ན། ལྷའི་བུ་དེའི་ཕྱིར་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱི་མཐུ་ཐོབ་པ་ཡིན་གྱི
58.234b
སངས་རྒྱས་རྣམས་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་མ་ཡིན། རང་སངས་རྒྱས་རྣམས་མ་ཡིན། ཉན་ཐོས་རྣམས་མ་ཡིན་ནོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་སངས་རྒྱས་བགྲོ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བཤད་ནས་བདག་བདག་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་འདི་སྙམ་དུ་དགོངས་ཏེ། གང་བདག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་ཀྱི་ཞིང་འདིར་འོང་བར་ལྟས་ཤིག་བྱའོ་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་བྱིན་གྱིས་བརླབས་སྔ་མ་དེ་བཏང་སྟེ། ཕྱག་གཡས་པའི་མཐིལ་ནས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་ཕྱུང་སྟེ། འོད་དེ་ལ་ཅི་ནས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་ཕོག་ནས་ལན་བདུན་བསྐོར་ཏེ། འཇམ་དཔལ་གྱི་སྤྱི་བོར་ནུབ་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་གྱུར་ཏེ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། འདི་ལྟ་བུའི་སྣང་བ་བསམ་གྱིས་མི་ཁྱབ་པ་བདག་གི་ལུས་ལ་ཕོག་ནས་སྤྱི་བོར་མི་སྣང་བར་གྱུར་སྙམ་པ་ལས། ཡང་དེ་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་བདག་གཟིགས་པར་བཞེད་དོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་འོད་ཟེར་གྱི་རྒྱལ་མཚན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ཚུར་ཤེག་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་དེ་བཞིན་གཤེགས་པ་དེ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཀུན་དུ་ཞུ་བའི་ཕྱིར་འདོང་ངོ ། །ཟབ་མོ་ཟབ་པའི་ཕྱིར་ཆོས་ཀྱི་སྒོ་སྒྲུབ་པ་དག་ཀྱང་དེ་ནས་འཆད་ཀྱིས་དེ་དག་ཀྱང་མཉན་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་བུ་འོད་ཟེར་གྱི་རྒྱལ་མཚན་གྱིས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་དེའི་དུས་ལ་བབ་པར་མཁྱེན་ན་བཞུད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས
58.235a
སེམས་བསྐྱེད་པ་གཅིག་གིས་རི་ཁོར་ཡུག་གི་རྩེ་མོ་དེ་ནས་ལྷའི་བུ་དེ་དག་དང་བཅས་ཏེ་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་ཞབས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ལྷའི་བུ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇུག་སྲེད་ཀྱི་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོས་ལེགས་པར་དགེ་བའི་རྩ་བ་བསྐྱེད་པར་བགྱིའོ། །ཟབ་མོ་ལ་བཟོད་པ་ལ་ཡང་ཐེ་ཚོམ་མ་མཆིས་པར་བགྱིའོ། །དེས་བདག་ཀྱང་སྣོད་དུ་གྱུར་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟར་གླང་པོ་ཆེན་པོ་དག་གི་ནང་ནས་བདག་སླད་རོལ་དུ་བྱུང་བར་གྱུར་ཏོ། །ཆོས་བཤད་པ་དེ་འདྲ་བ་ལས་ཀྱང་སླད་རོལ་དུ་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་སྲིང་མོ་ཐེ་ཚོམ་སེལ་བ་འདི་ནི་སའི་ཕྱོགས་འདི་ལས་གང་དུ་ཡང་མ་གཡོས། གང་དུ་ཡང་མ་འཕངས་པར་གྱུར་ཏོ། །བདག་གིས་མངོན་པར་འཚལ་བ་སྔ་དྲོ་གཅིག་གིས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པར་མཆི་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་བ་དང ། གང་དེ་དག་གི་ཆོས་བཤད་པ་དེ་ཡང་འཛིན་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོངས་སུ་ཞུ། ཡོངས་སུ་གསོལ་བར་བགྱིད་ཅིང ། དེ་བཞིན་གཤེགས་པ་དེ་དག་ཀྱང་བདག་ལ་ཞུས་པའི་ལུང་སྟོན་པར་མཛད་དེ། བཅོམ་ལྡན་འདས་བདག་ནི་ཆོས་བཤད་པ
58.235b
གང་དུ་ཡང་བསྐྲད་པ་འམ། འཇིག་རྟེན་གྱི་ཁམས་གཞན་དུ་འཕངས་པར་མ་འཚལ་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་བདག་གི་བསམ་པ་མཁྱེན་ནས་བདག་ཉིད་ལ་ཆོས་འཆད་པར་བསྐོའོ། །བཅོམ་ལྡན་འདས་བདག་རི་ཁོར་ཡུག་གི་རྩེ་མོ་དེ་ལ་མཆིས་པའི་ཚེ་ན་ཆོས་ལ་འཚལ་བ་དང ། ཆོས་ལ་སྐོམ་པ་དང ། ཆོས་ལ་བཀུར་སྟི་བགྱིད་པ་དང ། དེ་བཞིན་གཤེགས་པ་ཡང་ཆེར་འཚལ་བར་གྱུར་ཏོ། །ཡང་བདག་འདི་སྙམ་དུ་གྱུར་ཏེ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། བདག་འཁོར་དེ་ནས་རི་ཁོར་ཡུག་གི་རྩེ་མོ་འདིར་འཕངས་ཤིང་སྲིང་མོ་ཐེ་ཚོམ་སེལ་བ་འདི་ནི་མ་འཕངས་པར་གྱུར་སྙམ་པ་ལས་བཅོམ་ལྡན་འདས་ཡང་བདག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ནི་ཆོས་རྣམས་ལ་སློབ་དཔོན་གྱིས་འཆབ་པ་ཡང་མི་མཛད། ཆགས་པའི་སེམས་ཀྱང་མ་མཆིས་ན་དེ་ལ་བདག་ཉིད་ཁོར་རུ་ཆུང་ངུ་བས་སམ། ཡང་ན་ཆོས་བཤད་པ་འདི་ལ་བདག་སྣོད་དུ་མ་གྱུར་པ་ལྟ་སྟེ། དེའི་སླད་དུ་བདག་དེར་འཕངས་སོ་སྙམ་བགྱིད་དོ། །དེ་ནི་བདག་དེ་བཞིན་གཤེགས་པ་ལ་ཞུ་ན་ཅིའི་སླད་དུ་བདག་འཁོར་འདི་ནས་རི་ཁོར་ཡུག་གི་རྩེ་མོར་འཕངས་ལ། སྲིང་མོ་འདི་མ་འཕངས་པར་གྱུར་ཅེས་དེ་སྐད་གསོལ་པ་དང ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བཤད་པ་གང་དུ་ཡང་ཁྱོད་སྣོད་དུ་མ་གྱུར་པ་དེ་ནི་འགའ་ཡང་མེད་མོད་ཀྱི། འཇམ་དཔལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉེས་པར་དཀའ་སྟེ། དུས་ཐམས་ཅད་དུ་ཕ་རོལ་གྱིས་ཆོས་སྤྱོད་པ་ལ་ལན་གདབ་པར་མི་ནུས་ཏེ། འཇམ་དཔལ་ཁྱོད་ཐོག་མ་ཁོ་ནར་འཇིག་རྟེན་གྱི་ཁམས་མི་མཇེད་པ་ནས་འབྱུང་བའི་ཚེ་འདི་སྙམ་དུ་གྱུར་ཏེ། དེ་རིང་ཀུན་དུ་འོད་ཀྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་བགྲོ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འཆད་ཀྱིས། བདག་ནི་དེར་སངས་རྒྱས་བཅོམ་ལྡན
58.236a
འདས་རྣམས་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཆོས་བསྟན་པ་དེ་དག་མཉན་པའི་ཕྱིར་འགྲོའོ་སྙམ་དུ་གྱུར་ཏོ། །འཇམ་དཔལ་ཁྱོད་ནི་སྤོབས་པ་ཆེན་པོ་དང ། དམིགས་པ་ཆེན་པོ་དང ། རྟོག་པ་ཆེན་པོ་དང ། ཡོངས་སུ་རྟོག་པ་ཆེན་པོས་སངས་རྒྱས་ཀྱི་ཞིང་དེ་ནས་སོང་སྟེ་སངས་རྒྱས་རྣམས་བལྟའོ། །ཆོས་ཀྱང་མཉན་དུ་འགྲོའོ་སྙམ་དུ་སེམས་ཏེ། འཇམ་དཔལ་ཁྱོད་ནི་ཆགས་པ་གསུམ་གྱིས་ཆགས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་སངས་རྒྱས་ཀྱི་ཞིང་འདིར་འོངས་སོ། །གསུམ་གང་ཞེ་ན། བདག་ཏུ་དམིགས་པ་དང ། སངས་རྒྱས་སུ་དམིགས་པ་དང ། ཆོས་སུ་དམིགས་པའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་དམིགས་པ་ལ་སྤྱོད་ན་མ་ཆགས་པ་ཐོབ་པར་འགྱུར་བ་མེད་དོ། །འཇམ་དཔལ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་སུས་ཀྱང་ཤེས་པ་འམ། མཐོང་བ་འམ་དེ་བཞིན་གཤེགས་པ་ལས་གཞན་པའི་ཆོས་གང་ཡང་མཐོང་བར་ནུས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ཆོས་ཉིད་དེ་ལ་ནི་དེ་བཞིན་གཤེགས་པ་ལ་ཡང་བལྟ་བར་མི་བགྱི། ཆོས་ལ་མ་ལགས། སེམས་ཅན་ལ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ཡོངས་སུ་གྲུབ་པར་གྱུར་ཏམ། དེ་བཞིན་གཤེགས་པ་འབྱུང་བར་གྱུར་ཏམ། དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུ་ལ་བལྟ་བར་བགྱི་ན་ནི་དེ་བཞིན་གཤེགས་པ་ཡང་བལྟ་བར་ནུས། དེ་བཞིན་གཤེགས་པས་གཞན་ཡང་གཟིགས་པར་འགྱུར་ན་བཅོམ་ལྡན་འདས་གང་གི་སླད་དུ། ཆོས་ཐམས་ཅད་མ་སྐྱེས་པས་དེའི་སླད་དུ། གང་དེ་བཞིན་གཤེགས་པར་བལྟ་བ་དེ་ལ་མ་མཆིས་སོ། །དེ་བཞིན་གཤེགས་པས་ཀྱང་ཆུང་ཟད་ཀྱང་གཟིགས་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཐོང་བར་བགྱིད་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མིག་དང་རྣ་བ་གང་དང་ལྡན་ན་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དང ། དེ་བཞིན་གཤེགས་པས
58.236b
བསྟན་པའི་ཆོས་འདུལ་བ་ཐོས་པར་འདོད་པའི་མིག་དང་རྣ་བ་ཆུང་ཟད་ཀྱང་ཡོད་དམ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་དེ་བཞིན་གཤེགས་པས་རྨ་བ་རྨས་ན་ཅང་མི་ཟེར་བར་གྱུར་པས་དེ་བཞིན་གཤེགས་པས་རྨས་པའི་ལན་འདེབས་མ་ནུས་སོ་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྟོག་པ་ཡོངས་སུ་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ལྟར་མ་སེམས་ཤིག་།ཁྱོད་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བརྙས་པའི་འདུ་ཤེས་མ་སྐྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཟབ་མོ་བཟོད་པ་དང་ལྡན་པ་ཡིན་ཏེ། གང་དེ་བཞིན་གཤེགས་པས་རྨ་བ་རྨས་པ་དེ་འང་འཇམ་དཔལ་གཞོན་ནུར་གྱུར་པས་ལན་ཐེབས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་རིགས་པ་གང་དང་ཚུལ་གིས་ན་རྨས་པའི་ལན་ཐེབས་པ་ལགས། བཀའ་སྩལ་པ། འདི་ལ་རིགས་ཀྱི་བུ་དག་འཇམ་དཔལ་ནི་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་བདག་ལ་མིག་མཆིས་སོ། །བདག་ལ་རྣ་བ་མཆིས་སོ་ཞེས་བཤད་ན་ནི། རྟག་པར་ལྟ་བར་འགྱུར། གལ་ཏེ་བདག་ལ་མིག་མ་མཆིས་སོ། །རྣ་བ་མ་མཆིས་སོ་ཞེས་བཤད་ན་ནི་ཆད་པར་ལྟ་བར་འགྱུར་ཏེ། རྟག་པ་དང་ཆད་པར་སྤྱོད་པས་ཆོས་ཉིད་ཤེས་པར་མི་འགྱུར་ཏེ། ཆོས་ཉིད་གང་ཡིན་པ་དེ་ལ་ནི་ཆད་པ་ཡང་མེད་རྟག་པ་ཡང་མེད་དོ། །གང་ན་ཆད་པ་ཡང་མེད་རྟག་པ་ཡང་མེད་པ་དེ་ནི་མི་སྐྱེའོ། །གང་མི་སྐྱེ་བ་དེ་ནི་བརྗོད་དུ་མེད་པའོ་ཞེས་དེ་ལྟར་སེམས་ཤིང་འཇམ་དཔལ་གཞོན་ནུར་གྱུར་པས་རྨས་པའི་ལན་བཏབ་པ་འདི་ཡིན་ནོ། །སྟོན་པ་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་དྲུག
58.237a
བརྒྱ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་རྒྱུ་འདི་དང་རྐྱེན་འདི་ཡིན་ཏེ་དེའི་ཕྱིར་ཁྱོད་རི་ཁོར་ཡུག་གི་རྩེ་མོར་འཕངས་སོ། །འཇམ་དཔལ་གང་ཡང་ཅིའི་སླད་དུ་ན། སྲིང་མོ་ཐེ་ཚོམ་སེལ་བ་འདི་མ་འཕངས་པར་གྱུར་ཅེས་ཁྱོད་དེ་སྐད་ཟེར་བ་ནི་འཇམ་དཔལ་སྲིང་མོ་འདི་ཟླ་བའི་འོད་ཀུན་དུ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། དེ་ནི་སངས་རྒྱས་དག་འདིར་གཤེགས་སམ་མ་གཤེགས་ཞེ་འམ། ཆོས་འཆད་དམ། མི་འཆད་ཅིག་སྙམ་དུ་མི་སེམས་ཏེ་འདི་ལ་ནི་སངས་རྒྱས་སུ་འདུ་ཤེས་མེད། ཆོས་སུ་འདུ་ཤེས་མེད། དགེ་འདུན་དུ་འདུ་ཤེས་མེད། བདག་ཏུ་འདུ་ཤེས་མེད། གཞན་དུ་འདུ་ཤེས་མེད་དེ། འཇམ་དཔལ་སྲིང་མོ་དེ་ནི་འདུ་ཤེས་དང་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བའོ། །དེ་ནི་ཏིང་ངེ་འཛིན་དེ་ལ་གནས་ནས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་ཆོས་ཉན་ཏོ། །འཛིན་ཏོ། །ཐོས་ནས་ཀྱང་གཞན་ལ་སྟོན་པར་བྱེད་མོད་ཀྱི། འཇམ་དཔལ་སྲིང་མོ་འདི་ནི་ཞིང་ལ་ཞིང་དུ་འདུ་ཤེས་པ་མེད་དོ། །སངས་རྒྱས་ལ་སངས་རྒྱས་སུ་འདུ་ཤེས་པ་མེད། ཆོས་ལ་ཆོས་སུ་འདུ་ཤེས་པ་མེད། བདག་ལ་བདག་ཏུ་འདུ་ཤེས་པ་མེད། གཞན་ལ་གཞན་དུ་འདུ་ཤེས་པ་མེད་དེ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་གཞལ་མེད་ཁང་ལས་ཀྱང་མི་གཡོ་ལ་ཀུན་དུ་ཡང་སྣང་བར་བྱེད་དེ། ཐམས་ཅད་དུ་ཡང་བསྟན་མོད་ཀྱི། ཟླ་བའི་དཀྱིལ་འཁོར་ནི་གང་ལ་ཡང་ཉེ་བར་མི་བྱེད། འདི་ལ་འོད་སྣང་བར་བྱའོ། །འདི་ལ་འོད་མི་སྣང་བར་བྱའོ་ཞེས་རྟོག་པ་ཡང་མེད་དོ། །འཇམ་དཔལ་དེ་བཞིན་དུ་སྲིང་མོ་དེ་ཏིང་ངེ་འཛིན་འདི་ལ་གནས་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སེམས་ཅན་དཔག་ཏུ་མེད་པ་རྣམས་ལ་སྣང་བར་བྱེད། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་སྟོན་པར་བྱེད།
58.237b
རྣམ་པར་རྟོག་པ་མེད། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་ཏོ། །འཇམ་དཔལ་ངས་ནི་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་སྲིང་མོ་འདིའི་ཡོན་ཏན་བརྗོད་ཀྱང་ཡོན་ཏན་ཟད་པར་མི་འགྱུར་ཏེ། འཇམ་དཔལ་དེ་ལྟར་སྲིང་མོ་འདི་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་འདི་ན་གང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་མཆིས་ན་ཅི་ལགས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཚོགས་པའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བདག་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དུ་འཕངས་པར་གྱུར་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་སྐད་མ་ཟེར་ཅིག་།དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མ་རྟོག་ཤིག་།དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པ་ལ་མ་རྟོག་ཤིག་།དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ལ་མ་རྟོག་ཤིག་།དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཚོགས་པས་འདི་ལྟ་སྟེ། དཔེར་ན་བུ་རམ་ཤིང་གི་ཚལ་ལམ་འདམ་བུའི་ཚལ་ལམ། སྨྱིག་མའི་ཚལ་བཞིན་དུ་དེ་འདྲ་བར་མང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་ཁྱབ་པར་གྱུར་ཀྱང ། གང་སངས་རྒྱས་ཀྱི་ཞིང་འདི་ན་བྱང་ཆུབ་སེམས་དཔའ་དག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། མི་དང་མི་མ་ཡིན་དི་དག་ཐམས་ཅད་དུ་ཐམས་ཅད་དེ་བཞིན་གཤེགས་པ་གཞན་ཅིག་ཀྱང་མ་མཐོང་སྟེ་ང་གཅིག་པུ་གཉིས་སུ་མེད་པར་མཐོང་ངོ ། །དེ་དག་གི་ཆོས་བཤད་པ་ཡང་མ་ཐོས་ཏེ་ང་གཅིག་པུས་ཐོས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་དང ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང ། དེ་བཞིན་གཤེགས་པའི་སྐུ
58.238a
ཕྲ་བ་ལ་ལྟོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུས་ཡོངས་སུ་གང་ཡང ། བྱང་ཆུབ་སེམས་དཔའ་དེ་དག་གི་ལྷའི་མིག་གིས་ཀྱང་དེ་བཞིན་གཤེགས་པ་གཅིག་ཀྱང་མ་མཐོང་ན་སེམས་ཅན་གཞན་གྱིས་མཐོང་བར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། མི་དང་མི་མ་ཡིན་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནས་ཤིང་རྒྱུ་བ་དང ། འཆག་པ་དང ། འགྲོ་བ་དང ། འགྲེང་བ་དང ། འདུག་པ་དང ། ཉལ་བ་དག་ཇི་ལྟར་སེམས་པ་བཞིན་དུ་སྤྱོད་པ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་དེ་ལྟར་མང་བ་སྒྲིབ་པར་མི་བྱེད། ཐོགས་པར་མི་བྱེད་པ་ལ་ལྟོས་འཇམ་དཔལ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་གྱི་གཟུགས་ཡོངས་སུ་གྲུབ་པའི་སྐུ་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་ནི་ཟག་པ་མེད་པ་སྟེ། ནམ་མཁའ་དང་འདྲ་བ། མ་སྐྱེས་པ། མ་བྱུང་བ། མ་མཐོང་བ། མ་ཐོས་པ། རྣམ་པར་མ་ཤེས་པའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཟག་པ་མེད་པ། གཏོགས་པ་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་མི་དམིགས་པ་སྟེ། ནམ་མཁའ་ནི་སུས་ཀྱང་བལྟ་མི་ནུས་སོ། །ཡང་ནམ་མཁའ་ནི་སྤྱན་ལྔས་མཐོང་བར་མི་འགྱུར་རོ། །སྤྱན་ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་སྤྱན་དང ། ལྷའི་སྤྱན་དང ། ཤེས་རབ་ཀྱི་སྤྱན་དང ། ཆོས་ཀྱི་སྤྱན་དང ། སངས་རྒྱས་ཀྱི་སྤྱན་ཏེ། གཞན་དུ་ན་ནམ་མཁའ་ནམ་མཁའ་ཞེས་གྲངས་སུ་འགྲོ་བར་ཟད་དོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་ཟག་པ་མེད་པ། གཏོགས་པ་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། དམིགས་སུ
58.238b
མེད་པ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་སུས་ཀྱང་མཐོང་བར་མི་ནུས་སོ། །ཡང་དེ་བཞིན་གཤེགས་པའི་སྐུ་ནི་སུས་ཀྱང་མ་མཐོང་ངོ ། །དེ་བཞིན་གཤེགས་པའི་སྐུ་ནི་ཤའི་སྤྱན་ནས་སངས་རྒྱས་ཀྱི་སྤྱན་གྱི་བར་དུ་སྤྱན་ལྔ་ལ་སྣང་བར་མི་འགྱུར་གྱི། གཞན་དུ་ན་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་མིང་ཙམ་གྱི་གྲངས་སུ་འགྲོ་སྟེ་མིང་དེ་ཡང་གསོབ་བོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ལ་ལྟོས། དེ་བཞིན་གཤེགས་པ་དག་ནི་ནམ་མཁའ་དང་འདྲ་སྟེ། དེ་དག་གཟུགས་ཀྱི་སྐུའི་ཁ་དོག་ཡོངས་སུ་རྫོགས་པ་ཡང་སྟོན་ཏོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ཡང་ལྡན་ནོ། །འཇམ་དཔལ་གང་ཡང་དེ་བཞིན་གཤེགས་པ་དེ་དག་ཁྱོད་ཀྱི་མིག་གིས་མཐོང་བར་མ་གྱུར་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་དེ་དག་གི་བྱིན་གྱི་རླབས་དང་མཐུས་དེ་ལྟར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་གཞི་ནི་ཁྱོད་ཡིན་ཏེ་ཁྱོད་ལས་བརྩམས་ནས་ཆོས་ཟབ་མོ་བསྟན་པར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ངོ་མཚར་ཆེ་བའི་སྒྲ་ཕྱུང་ནས་ངོ་མཚར་ཏོ། །ངོ་མཚར་ཏོ། །དེ་བཞིན་གཤེགས་པ་དག་ནི་དེ་ལྟར་རྫུ་འཕྲུལ་ཆེ། མཐུ་ཆེ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་དག་མང་ཡང་བདག་ཅག་གིས་དེ་བཞིན་གཤེགས་པ་གཅིག་ཀྱང་མ་མཐོང་སྟེ། འདིར་སུ་ཞིག་གཤེགས་སུ་ཞིག་བཞུད། སུ་ཞིག་འཆད། སུ་འཆད་ཅེས་མཚན་མ་ཙམ་ཡང་མ་འཚལ་ཏེ། འདི་ན་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་གཅིག་པུ་འཆད་པར་མཐོང་ངོ ། །བཅོམ་ལྡན་འདས་གལ་ཏེ་ཡེ་ཤེས་ཆེན་པོ་འདི་འདྲ་བའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རེ་རེའི་ཕྱིར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བ་ཆེན་པོར་བསྒྲལ་ཀྱང ། བཅོམ་ལྡན་འདས
58.239a
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཟོད་པར་བགྱིའོ། །ཡེ་ཤེས་ཆེན་པོ་དེ་འདྲ་བ་ཡོངས་སུ་དོར་བར་ནི་མི་བགྱིའོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་འདིས་ཇི་སྲིད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་སྲིང་མོ་དེ་འདི་འདྲ་བར་ཞི་བ་དང་དམ་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བསྐལ་པ་དཔག་ཏུ་མེད་པས་བསྐྱེད་པ་སྟེ། རྟག་པར་སྐྱེས་པ་ཚད་མེད་པར་སྐྱེས་པ། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ལས་སྐྱེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ཏེ། འཇམ་དཔལ་སྲིང་མོ་འདི་ནི་ཡུན་རིང་པོ་ནས་སྤྱད་པ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་སྟེ་སྲིང་མོ་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ་ལ་བསྙེན་བཀུར་བྱས་པ་ཡིན་མོད་ཀྱི། འཇམ་དཔལ་ཁྱོད་ཀྱིས་འདི་ཏིང་ངེ་འཛིན་ལས་སློང་ལ་ཡུན་ཇི་སྲིད་ནས་སྤྱོད་ཅེས་དྲིས་ཤིག་དང ། སྲིང་མོ་འདི་ཉིད་ཁྱོད་ལ་སྟོན་པར་འགྱུར་རོ། །བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲིང་མོ་དེ་སློང་བར་འདོད་ནས་སེ་གོལ་གྱི་སྒྲ་ཐ་མལ་པ་བྱས་ཀྱང་སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་མ་ལངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སེ་གོལ་ཇི་ལྟ་བུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་སྒྲ་ཐོས་པར་འགྱུར་བ་དེ་འདྲ་བའི་སེ་གོལ་གྱི་སྒྲ་བྱས་ཀྱང་སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་མ་ལངས་སོ། །དེ་ནས་འཇམ
58.239b
དཔལ་གཞོན་ནུར་གྱུར་པས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པ་ཇི་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་དང་མིའི་སིལ་སྙན་ཐམས་ཅད་མ་དཀྲོལ་བར་སྒྲ་འབྱུང་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས། བདག་ཉིད་ཀྱང་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྤྲུལ་ནས་ཡིད་དུ་འོང་བ་ཆགས་པར་བྱེད་པ་རྣར་འོང་བའི་སྒྲ་འབྱིན་ཏོ། །ཡང་དེའི་ཚེ་ན་སིལ་སྙན་གྱི་སྒྲ་གང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཀུན་དུ་གྲགས་པར་འགྱུར་བའི་སྒྲ་བྱུང་བར་གྱུར་ཀྱང་སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་མ་ལངས་ཏེ། ཡང་དེའི་ཚེ་གང་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་འཚོ་བ་གཞེས་པ་དེ་དག་ལ་བདག་གི་གཡོག་གིས་ཞུས་པ། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་སིལ་སྙན་གྱི་སྒྲ་དབྱངས་བཅོམ་ལྡན་འདས་སྔོན་མ་ཐོས་པའི་སྒྲ་གདའ་བ་འདི་འཇིག་རྟེན་དུ་བྱུང་བར་གྱུར། དེ་སྐད་ཅེས་གསོལ་པ་དང ། དེ་བཞིན་གཤེགས་པ་དེ་དག་གིས་བདག་གི་གཡོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་ཁམས་ཀུན་དུ་འོད་ཅེས་བྱ་བ་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་འཚོ་གཞེས་ཏེ། དེའི་སངས་རྒྱས་ཀྱི་ཞིང་ན་སྲིང་མོ་ཐེ་ཚོམ་སེལ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་དེའི་གཡས་ཕྱོགས་ན་ཟླ་བའི་འོད་ཀུན་དུ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། དེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་གོ་ཆ་བསམ་གྱིས་མི་ཁྱབ་པ་བགོས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞིག་ཡོད་དེ། སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་སློང་བར་འདོད་ནས་རིགས་ཀྱི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་དེས་ལྷ་དང་མིའི་སིལ་སྙན་གྱི་སྒྲ་ཕྱུང་སྟེ། དེའི་བྱིན་ཀྱི་བརླབས་ཀྱིས་སིལ་སྙན་འདི་དག་མ་དཀྲོལ་བར་སྒྲ་འབྱིན་ཅིང་འདི་ལྟ་སྟེ། སྲིང་མོ་འདི་ཏིང་ངེ་འཛིན་དེ་ལས་བསླང་བའི
58.240a
ཕྱིར་དེས་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་སྤྲུལ་ཏེ། རིགས་ཀྱི་བུ་དེ་དག་ཀྱང་མ་དཀྲོལ་བར་སྒྲ་འབྱུང་མོད་ཀྱི། སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་བསླང་བར་མ་ནུས་སོ། །རིགས་ཀྱི་བུ་རྒྱུ་དེ་དང་རྐྱེན་དེའི་ཕྱིར་སིལ་སྙན་གྱི་སྒྲ་ཆེན་པོ་འཇིག་རྟེན་དུ་བྱུང་ངོ ། །དེ་སྐད་ཅེས་བཀའ་སྩལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་གཡོག་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་དེ་འདི་འདྲ་བའི་ཏིང་ངེ་འཛིན་ཞི་བ་ཐོབ་ཅིང་འདི་འདྲ་བའི་སིལ་སྙན་གྱི་སྒྲས་ཀྱང་མི་ལྡང་བ་ངོ་མཚར་ཏོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་ཏེ། སྲིང་མོ་འདི་ནི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ཐོབ་པའོ། །དེ་ནས་གཏམ་འདི་བརྗོད་པའི་ཚེ་ཕྱོགས་བཅུ་ནས་སེམས་ཅན་གྲངས་མེད་ཚད་མེད་པ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཞུགས་པར་གྱུར་ཏེ། སྲིང་མོ་དེ་ཇི་ལྟ་བ་བཞིན་དུ་བདག་ཅག་ཀྱང་དེ་དང་འདྲ་བའི་ཏིང་ངེ་འཛིན་ཞི་བ་ཐོབ་པར་གྱུར་ཅིག་།འཇམ་དཔལ་གཞོན་ནུར་གྱུར་པ་ཇི་ལྟ་བ་བཞིན་དུ་བདག་ཅག་ཀྱང་དེ་འདྲ་བའི་རྣམ་པར་སྤྲུལ་པ་ཐོབ་པར་གྱུར་ཅིག་ཅེས་དེ་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་པ་ཇི་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རི་རབ་ལྷུན་པོའི་རིའི་རྒྱལ་པོ་དང ། གངས་ཀྱི་རི་དང ། རི་བཏང་བཟུང་དང ། རི་བཏང་གཟུང་ཆེན་པོ་དང ། རི་ཁོར་ཡུག་དང ། ཁོར་ཡུག་ཆེན་པོ་དང ། གཞན་ཡང་རི་རབ་འབྲིང་ཐ་མ་དེ་དག་ཐམས་ཅད་གཅིག་ལ་གཅིག་འདུས་ཤིང་གཅིག་ལ་གཅིག་ཐུག་པ་དང ། གཅིག་ལ་གཅིག་འཐབ་པ་འདི་ལྟ་སྟེ། སྐྱེས་བུ་སྟོབས་པོ་ཆེ་སྟོབས་པོ་ཆེའི་ཟླ་བོ་ལ་མཐུའི་ཤུགས་ཐམས་ཅད་ཀྱིས་ཐལ་མོ་རྡོབ་པར་བྱེད་པ་དེ་བཞིན་དུ་རི་ཆེན་པོ་དང ། རི་ཁོར་ཡུག་ཆེན་པོ་དེ་དག་གཅིག་ལ་གཅིག་འདུས་ནས་རིའི་རྒྱལ་པོ་དེ་དག་འཇིགས་པའི་སྒྲའི་དབྱངས་ཀྱིས་བ་སྤུ་ཟིང་ཞེས་བྱེད་པར་གྱུར་པ་དེ་འདྲ་བའི་སྒྲས
58.240b
འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་གྲག་པར་འགྱུར་བ་དེ་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ཀྱང་སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་བསླང་མ་ནུས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲིང་མོ་དེ་ལག་པ་གཉིས་ཀྱིས་མ་རེག་ལ། བྱིན་གྱིས་བརླབས་ཀྱིས་ལག་པ་གཉིས་བཟུང་སྟེ་བསླང་བར་འདོད་ནས་དེ་དེ་ལྟར་བསྐྱོད་པ་དང ། འོག་གི་ཕྱོགས་ཀྱིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་ཀྱང་སྲིང་མོ་དེ་བསླང་བར་མ་ནུས་ཏེ། ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་གཡོ་བར་མ་ནུས། འགུལ་བར་མ་ནུས་སོ། །ཏིང་ངེ་འཛིན་དེ་ལས་བསླང་བར་ཡང་མ་ནུས་ནས། དེ་ཡང་ཤིན་དུ་ཤུགས་ཐམས་ཅད་ཀྱིས་གདོག་གོ་སྙམ་ནས་ཤུགས་ཕྱུང་སྟེ་བཏེག་པ་དང ། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་རྣམས་གྱེན་དུ་འཕངས་ཀྱང་ཏིང་ངེ་འཛིན་དེ་ལས་མ་ལངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ས་གང་གི་ཕྱོགས་ན་སྲིང་མོ་དེ་མཉམ་པར་གཞོག་པས་དེའི་ཕྱོགས་ཁོ་ར་ཁོར་ཡུག་ཏུ་དྲངས་ཏེ་ལག་པ་གཡས་པ་ལ་གཞོག་གོ། །ལག་པ་གཡས་པར་བཞག་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ཀྱང་སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་མ་ལངས་སོ། །ཚངས་པའི་འཇིག་རྟེན་ནས་སླར་ཡང་ས་ལ་བཞག་ཀྱང་མ་ལངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲིང་མོ་དེ་ལག་པ་གཡས་པར་བཞག་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སོང་ཞིང་སིལ་སྙན་གྱི་སྒྲ་དེ་དག་དང་རིའི་སྒྲ་དབྱངས་དེ་དག་འབྱིན་ཅིང་མེ་ཏོག་གི་ཆར་འབེབས་བཞིན་དུ་སོང་ཡང་སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་མ་ལངས་སོ། །དེ་བཞིན་དུ་ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། ཕྱོགས་བཅུའི་འཇིག་རྟེན་ཀུན་དུ་སྲིང་མོ་དེ་ཁྱེར་ཏེ་སོང་ནས་ས་ཕྱོགས་དེ་ཉིད་དུ་བཞག་སྟེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི
58.241a
རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ངོ་མཚར་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འཚལ་བ་འམ། སེམས་པར་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བདག་གིས་སེམས་མ་མཆིས་པའི་དངོས་པོ་དག་སྨྲར་སྩལ་ནའང་སྨྲ་བར་འགྱུར་ན་སྲིང་མོ་འདི་ལ་འདི་འདྲ་བའི་སྒྲ་རྫུ་འཕྲུལ་དང ། རྣམ་པར་འཕྲུལ་པ་དང ། ཆོ་འཕྲུལ་གྱི་སྒྲས་བསླང་བར་མ་ནུས་ཏེ། བཅོམ་ལྡན་འདས་སྲིང་མོ་འདི་དང་གང་སུའང་དེ་ལས་གཞན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་དང ། གང་འཇུག་པ་དང ། གང་དེ་འདྲ་བའི་ཡེ་ཤེས་ཆེན་པོ་བསྒྲུབ་པར་བགྱིད་པ་དེ་ལ་ཕྱག་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་འདུལ་བ་ཆེན་པོའི་སྤྱོད་པ་ལགས་སོ། །སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་བསླང་བའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པས་ཕྱོགས་བཅུ་ཐམས་ཅད་དུ་སློང་བར་བགྱིད་པའི་ཚེ་སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སེམས་ཅན་དཔག་ཏུ་མེད་པ་དག་གི་དགེ་བའི་རྩ་བ་ཡོངས་སུ་གྲུབ་པར་གྱུར་ཏོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་ནོ། །འཇམ་དཔལ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆ་ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱིས་ཀྱང་བདེ་བར་ཤེས་པར་མི་ནུས་ན་སེམས་ཅན་གཞན་གྱིས་ལྟ་ཅི་སྨོས་ཏེ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྔའི་ཁ་ཡ་གཅིག་ཏུ་གྱུར། ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཀྱང་རྔའི་ཁ་ཡ་གཅིག་ཏུ་གྱུར་ཏེ། ཡོངས་སུ་བརྟག་པ་བཟུང་ན། འཇམ་དཔལ་དེ་འདྲ་བའི་རྔ་ཆེན་པོར་གྱུར་ན་དེ་ནི་སྐྱེས་བུ་དེ་འདྲ་བར
58.241b
སྟོབས་ཆེ་ཞིང ། དེ་འདྲ་བར་མཐུ་ཆེ་བ་དེ་ལྟ་བུའི་ལུས་དང་ལྡན་པས་སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་དང་མཉམ་པའི་དབྱུག་གུ་ཐོགས་ཏེ། སྲིང་མོ་དེའི་མདུན་དུ་བསྐལ་པ་འམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་རྔ་ཆེན་པོ་དེ་བརྡུངས་སུ་ཟིན་ཀྱང་སྒྲ་དེ་སྲིང་མོ་དེའི་རྣར་གྲག་པར་མི་འགྱུར་ན་ཏིང་ངེ་འཛིན་ལས་བསླང་བར་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དེ་སྲིང་མོ་དེ་ནི་དེ་འདྲ་བའི་ཏིང་ངེ་འཛིན་ཞི་བ་ཐོབ་པོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདི་ཏིང་ངེ་འཛིན་འདི་ལས་སློང་བར་སུ་ཞིག་གིས་ནུས། བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མ་གཏོགས་པར་གཞན་སྲིང་མོ་འདི་ཏིང་ངེ་འཛིན་འདི་ལས་སློང་བར་ནུས་པ་མེད་དོ། །དེ་ནས་རིགས་ཀྱི་བུ་དེའི་མིང་བརྗོད་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་འཇུག་སྲེད་ཀྱི་རྒྱལ་པོའི་གཡོག་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བ་དེས་དེ་བཞིན་གཤེགས་པ་དེ་ལ་ཞུས་པ། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་འཇིག་རྟེན་ན་ས་ཆེན་པོ་གཡོ་བར་གྱུར་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མིང་བརྗོད་མ་ཐག་ཏུ་ངེས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཡོ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་ན་ཡང་གང་ན་དེ་བཞིན་གཤེགས་པ་དག་རིགས་ཀྱི་བུ་དེའི་མིང་བརྗོད་པར་གྱུར་པ་དེའི་ཚེ་བརྗོད་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོའོ། །དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མཐོང་བར་སྐོམ། འཇམ་དཔལ་གཞོན་ནུར་གྱུར་པ་ཡང་བྱང་ཆུབ་སེམས་དཔའ་དེ་མཐོང་བར་འདོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས
58.242a
བྱང་ཆུབ་སེམས་དཔའ་དེ་དག་ཡོངས་སུ་སྐོམ་པར་ཡང་ཤེས། བདག་ཀྱང་མཐོང་བ་དང་སྲིང་མོ་དེ་ཏིང་ངེ་འཛིན་དེ་ལས་བསླང་བའི་ཕྱིར་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ནས་ཀྱང་བདག་གིས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མཐོང་བར་འགྱུར་བ་དེ་འདྲ་བའི་རྫུ་འཕྲུལ་གྱི་མཐུ་ལེགས་པར་བསྟན་པར་གསོལ། བཅོམ་ལྡན་འདས་འཁོར་འདི་དག་ཀྱང་རིགས་ཀྱི་བུ་དེ་མཐོང་བར་འཚལ་ན། བཅོམ་ལྡན་འདས་བདག་ཀྱང་སྐྱེས་བུ་དམ་པ་དེ་མཐོང་བར་འཚལ་ན་ཅི་ནས་ཀྱང་སྐྱེས་བུ་དེ་སངས་རྒྱས་ཀྱི་ཞིང་འདིར་མཆི་ཞིང་རིགས་ཀྱི་བུ་དེ་ལས་བརྩམས་ནས་ཆོས་ཟབ་མོ་བཤད་པར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་འདི་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་མཐོང་བར་འགྱུར་ཞིང་མཐོང་ནས་ཀྱང་དེའི་རྗེས་སུ་སློབ་པ་དང ། སྲིང་མོ་དེ་ཡང་ཏིང་ངེ་འཛིན་དེ་ལས་ལྡང་བར་འགྱུར་བ་དེ་འདྲ་བའི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་ན་ལེགས་སོ། །དེ་ནས་བཅོམ་ལྡན་འདས་འཇུག་སྲེད་ཀྱི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱོགས་གང་དང ། སངས་རྒྱས་ཀྱི་ཞིང་གང་ན་རིགས་ཀྱི་བུ་དེ་ལྟར་གནས་པ་ལགས། དེའི་སངས་རྒྱས་ཀྱི་ཞིང་ན་དེ་བཞིན་གཤེགས་པ་དེའི་མཚན་ཅི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སེང་གེ་དང ། ངང་པ་དང ། བལ་གླང་གི་ཕུང་པོའི་སྒྲ་བསྒྲགས་པ་ཞེས་བྱ་བ་བཞུགས་ཏེ། འཚོ་གཞེས་ཤིང་ཆོས་ཀྱང་སྟོན་ཏེ། དེ་ན་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་དེ་ལྟར
58.242b
གནས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་དེའི་ཚེ་དེ་ལྟར་གདན་ལ་བཞུགས་བཞིན་དུ་ཞབས་གཡས་པའི་མཐེ་བོ་ལས་བྱང་ཆུབ་སེམས་དཔའ་སྐུལ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་གྱི་ཁ་དོག་ལྟ་བུ་གཏོང་ངོ ། །འོད་དེ་བཏང་མ་ཐག་ཏུ་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱ་ཀླུང་གི་བྱེ་མ་དང་མཉམ་པ་བརྟོལ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ལུས་ལ་ཕོག་སྟེ། རིགས་ཀྱི་བུ་དེ་ལ་ལན་གསུམ་བསྐོར་ནས་སྤྱི་བོར་མི་སྣང་བར་སོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། གང་གི་ཕྱིར་དེ་ལྟར་འོད་དང་བ་བདག་ལ་ལན་བདུན་བསྐོར་ནས་སྤྱི་བོར་མི་སྣང་བར་སོང་སྙམ་དུ་བསམས་པ་ལས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་བདག་གཟིགས་པར་བཞེད་དོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སེང་གེ་དང ། ངང་པ་དང ། བལ་གླང་གི་ཕུང་པོའི་སྒྲ་བསྒྲགས་པ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་ནས་ཕྱིན་པ་དང ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སྟེང་གི་ཕྱོགས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་བལྟ་བར་འཚལ་ལོ། །བཀའ་སྩལ་པ། དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེ་དང ། ངང་པ་དང ། བལ་གླང་གི་ཕུང་པོའི་སྒྲ་བསྒྲགས་པ་དེའི་གཡོག་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་དེས་དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་མཐོང་བར་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེ་དང ། ངང་པ་དང ། བལ
58.243a
གླང་གི་ཕུང་པོའི་སྒྲ་བསྒྲགས་པས་དེའི་ཚེ་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་བྱུང་ངོ ། །འོད་ཕྱུང་བ་དེས་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ག་གཱ་ཀླུང་གི་བྱེ་མ་དང་མཉམ་པ་བརྟོལ་ནས། འཇིག་རྟེན་གྱི་ཁམས་ཀུན་དུ་འོད་ཅེས་བྱ་བར་སྣང་བར་གྱུར་ཏེ་དེ་ཉིད་དུ་བྱུང་བ་བཞིན་དུ་སྣང་སྟེ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་ཅིང་འཛམ་བུའི་ཆུ་བོའི་གསེར་གྱི་རི་བཞིན་དུ་ཆོས་འཆད་དེ། འདི་ལྟ་སྟེ། དཔེར་ན་འདོམ་གང་ཙམ་ན་སྐྱེས་བུ་མིག་དང་ལྡན་པ་གཅིག་གིས་སྐྱེས་བུ་གཅིག་གི་རང་བཞིན་ལ་རྟོག་པ་དེ་བཞིན་དུ་འཁོར་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དགེ་འདུན་དང་བཅས་པ་མཐོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ཆུབ་སེམས་དཔའ་ལྔ་འབུམ་དང་སེམས་གཅིག་བསྐྱེད་པས་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་ཀུན་དུ་འོད་ཅེས་བྱ་བར་གནས་ཏེ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྤྱན་སྔར་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ཆུབ་སེམས་དཔའ་དེ་དག་དང་བཅས་ཏེ་ལུས་མི་སྣང་བར་སོང་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས་སྟེང་གི་བར་སྣང་ལ་གནས་ཤིང་ལུས་ཐམས་ཅད་སུན་འབྱིན་ཅེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཇི་ལྟ་བུའི་ལྟས་ཀྱིས་སྟེང་གི་བར་སྣང་ལས་ལྷའི་མེ་ཏོག་གི་ཆར་འབབ་པ་དང ། མེ་ཏོག་དེ་དག་ཀྱང་བཅོམ་ལྡན་འདས་དེ་བཞིན་
58.243b
གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་ཞབས་ལ་འབབ་ཅིང ། མེ་ཏོག་དེ་དག་ལས་སེང་གེ་དང ། ངང་པ་དང ། བལ་གླང་གི་ཕུང་པོའི་སྒྲ་བསྒྲགས་པ་དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་ལ་བསྙུང་བ་མ་མཆིས་སམ། འོ་མ་བརྒྱལ་ཏམ། བཞེངས་པ་ཡང་ངམ། སོ་བཞིན་ནམ། མཐུ་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསུང་ངོ་ཞེས་ཟེར་བ་དེ་འདྲ་བའི་སྒྲ་འབྱུང་བར་འགྱུར་བ་དེ་ལྟ་བུའི་ལྟས་མཛད་དོ། །དེ་ནས་འཁོར་དེ་ཐམས་ཅད་ངོ་མཚར་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་གང་མེ་ཏོག་འདི་འདྲ་བ་དག་དང ། སྒྲ་འདི་འདྲ་བར་ཡིད་དུ་མཆི་བ་སྒྲོགས་པར་བགྱིད་པ་སུའི་མཐུ་ལགས་ཤེས་དེ་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་མེ་ཏོག་འདི་དག་ཆར་འབབ་པ་དང ། མེ་ཏོག་དེ་དག་ལས་འདི་འདྲ་བའི་སྒྲ་ཡིད་དུ་མཆི་བ་འབྱུང་བ་སུའི་མཐུ་ལགས། བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེའི་མཐུ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་གང་ན་མཆིས། བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་ནི་སྟེང་གི་བར་སྣང་ལ་འདུག་སྟེ་བྱང་ཆུབ་སེམས་དཔའ་ལྔ་འབུམ་དང་འགྲོགས་ནས་ངའི་རྐང་པ་ལ་ཕྱག་འཚལ་ཏེ། སྟེང་གི་བར་སྣང་ལ་ལུས་ཐམས་ཅད་སུན་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་གོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་མི་གདའོ། །བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཐུས་མི་སྣང་ངོ ། །དེ་ནས་འཇམ
58.244a
དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་གྱུར་ཏེ། བདག་ཀྱང་ལུས་ཐམས་ཅད་སུན་འབྱིན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །བདག་གིས་ཀྱང་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་སྟེ་སྐྱེས་བུ་དམ་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་དང ། བྱང་ཆུབ་སེམས་དཔའ་དེ་དག་ཡོངས་སུ་བཙལ་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས་བར་སྣང་ལ་ལུས་མི་སྣང་བར་བྱས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་ཇི་སྙམ་དུ་སེམས། ལུས་ཐམས་ཅད་སུན་འབྱིན་པའི་ཏིང་ངེ་འཛིན་ཅེས་བྱ་བ་གཅིག་པུའོ་སྙམ་དུ་ཁྱོད་དེ་ལྟར་མ་ལྟ་ཤིག་།དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་རྒྱ་མཚོ་མཆིང་རྣམ་ཆེན་པོ་ན་ཆུའི་ཕུང་པོ་ཇི་ཙམ་ཡོད་པ་དེའི་ཆུའི་ཐིགས་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལུས་ཐམས་ཅད་སུན་འབྱིན་པའི་ཏིང་ངེ་འཛིན་ལ་ང་མཉམ་པར་གཞོག་པར་ཡང་བྱེད་ལྡང་བར་ཡང་བྱེད་དེ། ཁྱོད་ནི་དེ་དག་གི་མིང་ཙམ་ཡང་མི་ཤེས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་གྱུར་ཏེ། གལ་ཏེ་བདག་གིས་ཏིང་ངེ་འཛིན་དེ་མ་བསྒྲུབས་ན་བདག་གིས་སྔར་སྦྱངས་པ་དག་དོན་མེད་དོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཇི་ལྟ་བུའི་བརྩོན་འགྲུས་ཀྱིས་སེ་གོལ་གཅིག་གིས་འགྲུབ་པར་འགྱུར་བ་དེ་འདྲ་བའི་བརྩོན་འགྲུས་བརྩམས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཏིང་ངེ་འཛིན་གང་བྱང་ཆུབ་སེམས་དཔའ་གཞན་གྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་འང་གྲུབ་པར་མི་འགྱུར་བ་དེ་འཇམ་དཔལ་གཞོན་ནུར་གྱུར་པས་སེ་གོལ་གཅིག་གིས་བསྒྲུབས་སོ། །ལྷག་པའི་བསམ་པའི་སྦྱངས་པའི་ཁྱད་པར་ལ་ལྟོས། དེ་ནས་དེ་བཞིན་གཤེགས་པ་འཇུག
58.244b
སྲེད་ཀྱི་རྒྱལ་པོ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདི་དག་སྐྱེས་བུ་དམ་པ་དེ་རྣམས་དང ། བྱང་ཆུབ་སེམས་དཔའ་དེ་མཐོང་བར་འཚལ་ན་བསྟན་པར་གསོལ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བཀའ་སྩལ་པ། འཁོར་འདི་དག་ཁྱོད་མཐོང་བར་འདོད་ཀྱིས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་གི་ལུས་སྟོན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བར་སྣང་དེ་ལས་བབས་ཏེ། སླར་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བྱང་ཆུབ་སེམས་དཔའ་དེ་དང་འགྲོགས་ཏེ། ལུས་མི་སྣང་བར་བྱས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །ང་མཐོང་ངམ། འཇམ་དཔལ་གྱིས་སྨྲས་པ། ངས་མ་མཐོང་ངོ ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་དག་དང ། འཁོར་འདི་ཁྱོད་ཀྱི་ལུས་མཐོང་བར་འདོད་ཀྱིས་རིགས་ཀྱི་བུ་ཁྱོད་ཀྱིས་བདག་གི་ལུས་སྟོན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ཆུབ་སེམས་དཔའ་ལྔ་འབུམ་དེ་དག་དང་འགྲོགས་ཏེ་གཟུགས་ཀྱི་ལུས་ཡོངས་སུ་རྫོགས་པས་བདག་གིས་ལུས་སྟོན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་སྲིང་མོ་འདི་ཏིང་ངེ་འཛིན་འདི་ལས་སློངས་ཤིག་།སྨྲས་པ། འཇམ་དཔལ་སྲིང་མོ་འདི་ཏིང་ངེ་འཛིན་འདི་ལས་སློངས་ཤིག་ཅེས་དེ་སྐད་སྨྲས་པ་དང ། ཅི་འདི་མིང་བསླང་བར་བྱ་འམ། འོན་ཏེ་གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་བསླང་བར་བྱ། འཇམ་དཔལ་གཟུགས་ཀྱི་རང་བཞིན་ནི་མཉམ་པར་མི་གཞོག་གོ། ཚོར་བའི་རང
58.245a
བཞིན་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་རང་བཞིན་ནི་མཉམ་པར་ཡང་མི་གཞོག་ལྡང་བར་ཡང་མི་བྱེད་དོ། །འཇམ་དཔལ་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་མཉམ་པར་ཡང་མི་གཞོག་།ལྡང་བར་ཡང་མི་བྱེད་ན་ཆོས་དེ་གང་ཞིག་བསླང་བར་བྱ། འཇམ་དཔལ་གལ་ཏེ་སྲིང་མོ་འདི་མཉམ་པར་གཞོག་པར་འགྱུར་ན་ནི་དེའི་ཕྱིར་བསླང་བར་བྱ་ན། འཇམ་དཔལ་སྲིང་མོ་འདིས་ནི་ཅུང་ཟད་ཀྱང་མཉམ་པར་བཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་གཡོ་ཞིང་བྱེད་པ་མེད་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སྲིང་མོ་འདི་ཏིང་ངེ་འཛིན་འདི་ལས་སློང་ཤིག་།གསོལ་པ། བཅོམ་ལྡན་འདས་བདག་ནི་སྤྱི་བརྟོལ་བགྱིད་པའི་རྔོ་མི་ཐོག་སྟེ། དེ་བཞིན་གཤེགས་པས་ཁྱོད་ཀྱིས་དགེ་བ་ནི་བཅབ་པར་གྱིས་ཤིག་ཅེས་བཀའ་སྩལ་པས་དེ་བཞིན་གཤེགས་པ་ཉིད་ཀྱིས་སྲིང་མོ་འདི་བསླང་བར་གསོལ། བཅོམ་ལྡན་འདས་བདག་གིས་ནི་སྲིང་མོ་འདི་ཏིང་ངེ་འཛིན་འདི་ལས་བསླང་བའི་རྔོ་ཡང་ཐོག་མོད་ཀྱི། དེ་བཞིན་གཤེགས་པ་དག་ཆོས་ཐམས་ཅད་ཤེས་པ་དང ། སྟོན་པ་ལ་མཁས་པ་ལགས་ཀྱིས་དེ་བཞིན་གཤེགས་པ་ཉིད་ཀྱིས་སྲིང་མོ་འདི་བསླང་བར་གསོལ། དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་ཏིང་ངེ་འཛིན་གྱི་སེམས་ལས་ལྡང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་དེ་བཞིན་གཤེགས་པས་མཉམ་པར་བཞག་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། བྱང་ཆུབ་སེམས་དཔའ་མཉམ་པར་གཞོག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལངས་པར་གྱུར་ཏོ། །སྲིང་མོ་དེ་ཡང་ཏིང་ངེ་འཛིན་དེ་ལས་ལངས་པར་གྱུར་ཏེ་ལངས་ནས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོ་བར
58.245b
བྱས་ཏེ་སྟེང་གི་བར་སྣང་ལ་འདུག་གོ། །ཡང་དེའི་ཚེ་ལྷའི་བུ་བརྒྱ་སྟོང་ཕྲག་དུ་མ་དག་འདུས་པར་གྱུར་ཏོ། །དེ་ནས་སྲིང་མོ་དེ་སྟེང་གི་བར་སྣང་ལ་འདུག་པ་དེས་མེ་ཏོག་ཨུད་པ་ལ་དང ། ཀུ་མུ་ད་དང ། པུན་ད་རི་ཀས་དེ་བཞིན་གཤེགས་པའི་སྐུ་ལ་གཏོར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲིང་མོ་ཐེ་ཚོམ་སེལ་བ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཁྱོད་དེ་འདྲ་བའི་ཏིང་ངེ་འཛིན་ཞི་བ་ཐོབ་པ་ངོ་མཚར་ཏོ། །སྨྲས་པ། འཇམ་དཔལ་དེ་སྐད་མ་གསུང་རྣམ་པར་རྟོག་པ་ལ་མ་སྤྱོད་ཅིག་།བདག་ནི་ཞི་བའི་ཏིང་ངེ་འཛིན་ཐོབ་པ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ནི་མ་ཐོབ་པས་བསྐྱེད་པའོ། །འཇམ་དཔལ་གང་ན་ཐོབ་པ་ཡོད་པ་དེ་ན་ནི་དམིགས་པ་ཡང་ཡོད་དོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བ་སྟེ། ཞི་བ་ནི་ཞི་བར་མི་བྱའོ། །ཞི་བ་ནི་མཉམ་པར་ཡང་མི་གཞོག་ལྡང་བར་ཡང་མི་བྱེད་དོ། །སྨྲས་པ། སྲིང་མོ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་མོད་ཀྱི། འོན་ཀྱང་ཁྱོད་ནི་ཏིང་ངེ་འཛིན་རྒྱ་ཆེན་པོ་ཐོབ་པ་སྟེ། ཁྱོད་ནི་སིལ་སྙན་གྱི་སྒྲ་ཆེན་པོ་ཕྱུང་བས་ཀྱང་ལངས་པར་མ་གྱུར་ཏོ། །སྨྲས་པ། འཇམ་དཔལ་ཅི་ཆོས་ཀྱི་དབྱིངས་ལ་མཉམ་པར་གཞོག་པ་འམ། ལྡང་བ་མཆིས་སམ། སྨྲས་པ། སྲིང་མོ་དེ་མ་ལགས་སོ། །སྨྲས་པ། འཇམ་དཔལ་ཅི་གང་མཉམ་པར་མ་བཞག་པ་དེ་བསླང་བར་ནུས་སམ། སྨྲས་པ། དེ་མ་ལགས་སོ། །སྨྲས་པ། འཇམ་དཔལ་གང་དག་ལ་ཁ་དོག་དང ། མཚན་དང ། དབྱིབས་དང ། མཚན་མ་མ་མཆིས་པ་དེ་དག་མཉམ་པར་གཞོག་གི། གང་ལ་ཁ་དོག་མ་མཆིས། མཚན་མ་མཆིས། དབྱིབས་མ་མཆིས། མཚན་མ་མ་མཆིས་པ་དེ་དག་གང་དུ་མཉམ་པར་གཞོག་སྟེ། འཇམ་དཔལ་དེ་དག་ནི་རང་བཞིན་གྱིས་དུས་ཐམས་ཅད་དུ་མཉམ་པར་བཞག་གི། དེ་དག་ནི་སླར་མཉམ་པར་མི་གཞོག་།ལྡང་བར་མི་བྱེད་དོ། །དེ་བས་ན
58.246a
འཇམ་དཔལ་གསོན་ཅིག་།འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ལྷ་དང་མིའི་སིལ་སྙན་ཐམས་ཅད་དཀྲོལ་ན་ཅི་ཡིད་དུ་འོང་བའི་སྒྲ་འབྱུང་ངམ། སྨྲས་པ། སྲིང་མོ་དེ་བཞིན་ནོ། །འཇམ་དཔལ་ཅི་ནམ་མཁའི་ཁམས་ནི་སིལ་སྙན་འདི་དག་ལས་ཡིད་དུ་འོང་བའི་སྒྲ་འབྱུང་ངོ་སྙམ་དུ་འགྱུར་རམ། སྨྲས་པ། སྲིང་མོ་དེ་མ་ལགས་སོ། །འཇམ་དཔལ་དེ་བས་ན་འདི་ལ་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་ན་འདི་ལ་སུ་ཞིག་སྒྲ་ཐོས་པར་འགྱུར། གང་ལ་རྣམ་པར་ཤེས་པ་ཡོད་པ་དེས་ཐོས་སུ་ཟད་དོ། །སྨྲས་པ། སྲིང་མོ་གང་གིས་སྒྲ་ཐོས་པར་གྱུར་པའི་རྣ་བ་ཁྱོད་ལ་མེད་དམ། དེ་ནས་སྲིང་མོ་དེ་ཅང་མི་སྨྲ་བར་གྱུར་ནས། སྨྲས་པ། སྲིང་མོ་ཅིའི་ཕྱིར་ཅང་མི་སྨྲ་བར་གྱུར། སྨྲས་པ། མི་ཐོས་སོ། །སྨྲས་པ། ཅིའི་ཕྱིར། སྨྲས་པ། རྣ་བ་མི་དམིགས་པའི་ཕྱིར་རོ། །གཞན་ཡང་སྲིང་མོ་ཐེ་ཚོམ་སེལ་བ་དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རླུང་གི་དཀྱིལ་འཁོར་ཆེན་པོ་ཞིག་ལངས་ཏེ་ཤིང་ཆེན་པོ་དག་གཡོ་བར་གྱུར་ཀྱང་རླུང་ནི་སུས་ཀྱང་བལྟར་མི་ནུས་ལ། དེ་ཡང་རྣམ་པར་མི་རྟོག་པ་དེ་དག་ཀྱང་རྣམ་པར་མི་རྟོག་སྟེ། རླུང་ཡང་བདག་གིས་ཤིང་དག་བསྒུལ་བར་བྱའོ་སྙམ་དུ་དེ་ལྟར་མི་སེམས་སོ། །ཤིང་དག་ཀྱང་བདག་ཅག་ནི་རླུང་དག་གིས་བསྒུལ་ཏོ་སྙམ་དུ་མི་སེམས་སོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཡང་བདག་ནི་མཉམ་པར་གཞོག་པ་དང་ལྡང་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་བར་སྣང་ལས་བོབས་ལ་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་ལ་ཤོད་ཅིག་།སྲིང་མོ་དེས་སྨྲས་པ། འཇམ་དཔལ་བདག་གི་སྤྱོད་ཡུལ་དུ་མཆིས་ཀྱི། བདག་ལ་གཞན་གྱི་སྤྱོད་ཡུལ་ནི་མི
58.246b
འཚལ་ལོ། །སྨྲས་པ། སྲིང་མོ་ཁྱོད་ཀྱི་བདག་གི་སྤྱོད་ཡུལ་གང་ཡིན་སྨྲས་པ། འཇམ་དཔལ་ནམ་མཁའི་དབྱིངས་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི་ནམ་མཁའ་ལས་འགྲོ་ཞིང་འོང་སྟེ། སེམས་ཅན་གྱི་སྤྱོད་པ་དེ་ཇི་ཙམ་པ་དེ་ཐམས་ཅད་ནི་ནམ་མཁའ་ལ་སྤྱོད་དོ། །དེ་བས་ན་ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་ཏེ། འདི་ལྟ་སྟེ། ནམ་མཁའི་ཕྱག་རྒྱ་འདི་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ནས་སྲིང་མོ་དེ་སྟེང་གི་བར་སྣང་ལས་བབས་ནས་ཕྱོགས་གཅིག་ཏུ་པད་མོ་ལ་འདུག་གི། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་ཀྱང་མི་འཚལ་ཚིག་ཀྱང་མི་སྨྲའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲིང་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་གང་ཁྱོད་ནི་དེ་བཞིན་གཤེགས་པ་ལ་ཕྱག་མི་འཚལ་བར་འདུག་སྟེ་གུས་པ་མ་ཡིན་ནོ། །སྨྲས་པ། འཇམ་དཔལ་དེ་བཞིན་ཏེ། འཇམ་དཔལ་བདག་ནི་གུས་པ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཅི་ནས་ཀྱང་བྱེད་པ་ཡང་མེད། མི་བྱེད་པ་ཡང་མེད་པ་དེ་ལྟར་བདག་མ་གུས་མོད་ཀྱི། འཇམ་དཔལ་དེ་བཞིན་ཉིད་ལ་ཕྱག་བགྱི་བར་ནུས་སམ། སྨྲས་པ། དེ་མ་ལགས་སོ། །སྨྲས་པ། དེ་བཞིན་གཤེགས་པ་ལའང་ཕྱག་འཚལ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་བཞིན་གཤེགས་པ་དང་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད། གཉིས་ལྟ་བུར་དབྱེར་མེད་པའི་ཕྱིར་རོ། །ཡང་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ། སྨྲས་པ། མཐོང་ངོ ། །སྨྲས་པ། ཇི་ལྟར་མཐོང ། སྨྲས་པ། ཇི་ལྟར་རྡུལ་ཙམ་ཡང་མ་མཐོང་བ་དེ་ལྟར་མཐོང་སྟེ་དེ་འདྲ་བར་མཐོང་ངོ ། །སྨྲས་པ། དེ་ལྟར་མཐོང་ན་ཅི་ཞིག་མཐོང ། སྨྲས་པ། དེ་ལྟར་མཐོང་ན་ཅུང་ཟད་ཀྱང་མ་མཐོང་ངོ ། །སྨྲས་པ། འཇམ་དཔལ་གང་ཁྱོད་ཅུང་ཟད་ཀྱང་མ་མཐོང་ན་ཅི་ཁྱོད་མིག་རྟུལ་ལམ། སྨྲས་པ། བདག་ནི་མིག་རྟུལ་བ་ཡང་མ་ཡིན། མིག་ལྔ་དང་ལྡན་པ་འང་མ་ཡིན། མིག་མེད་པ་ཡང
58.247a
མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲིང་མོ་མིག་ནི་མ་སྐྱེས་པ། ཡང་དག་པར་མ་སྐྱེས་པ་སྒྱུ་མ་ལྟ་བུ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ཕྱིར་དེ་ནི་དངོས་པོའམ། དངོས་པོ་མེད་པ་གང་གིས་ཀྱང་བཤད་པར་མི་བྱའོ། །སྨྲས་པ། འཇམ་དཔལ་ཅི་ཆོས་ཐམས་ཅད་དངོས་པོ་མེད་པ་འམ། སྨྲས་པ། དངོས་པོ་ཡོད་པ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ནོ། །སྨྲས་པ། འཇམ་དཔལ་དེ་བཞིན་དུ་ཇི་སྐད་སྨྲས་པ་བཞིན་ནོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲིང་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ན་སྲིང་མོ་ཁྱོད་བུད་མེད་ཀྱི་ལུས་ལས་སྒྱུར་བར་མི་བྱེད། སྨྲས་པ། འཇམ་དཔལ་དེ་སྐད་མ་སྨྲ། རྣམ་པར་མ་རྟོག་ཤིག་།ཁྱོད་ཀྱིས་ཆོས་གང་ཡང་སྐྱེས་པ་འམ། བུད་མེད་དུ་གྱུར་པ་དེ་མཐོང་ངམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་སྙམ་དུ་སེམས། གཟུགས་སྐྱེས་པ་འམ། བུད་མེད་ཡིན་ནམ། སྨྲས་པ། མ་ཡིན་ནོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་སྐྱེས་པ་འམ། བུད་མེད་ཡིན་ནམ། སྨྲས་པ། མ་ཡིན་ནོ། །འཇམ་དཔལ་དེ་ཇི་སྙམ་དུ་སེམས། མིག་སྐྱེས་པའམ། བུད་མེད་ཡིན་ནམ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་སྐྱེས་པ་འམ། བུད་མེད་ཡིན་ནམ། སྨྲས་པ། མ་ཡིན་ནོ། །འཇམ་དཔལ་དེ་ཇི་སྙམ་དུ་སེམས། སའི་ཁམས་སྐྱེས་པ་འམ། བུད་མེད་ཡིན་ནམ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་སྐྱེས་པ་འམ། བུད་མེད་ཡིན་ནམ། སྨྲས་པ། མ་ཡིན་ནོ། །འཇམ་དཔལ་དེ་ཇི་སྙམ་དུ་སེམས། ཡི་གེ་གང་དག་གིས་བཤད་པའི་ཡི་གེ་དག་ཏུ་སྐྱེས་པ་འམ། བུད་མེད་དུ་དམིགས་སམ། སྨྲས་པ། དེ་ནི་མ་ཡིན་ནོ། །འཇམ་དཔལ་འོ་ན་ད་འཇམ་དཔལ་ཇི་ལྟར་ན་སྲིང་མོ་ཁྱོད་ཅིའི་ཕྱིར་བུད་མེད་ཀྱི་ལུས་ལས་བསྒྱུར་བ་མེད་ཅེས་དེ་སྐད་སྨྲ། འཇམ་དཔལ་གལ་ཏེ
58.247b
བདག་བུད་མེད་དུ་དམིགས་སམ། སྐྱེས་པར་མཐོང་ན་ནི་བུད་མེད་ཀྱི་ལུས་དེ་བོར་ཏེ་སྐྱེས་པའི་ལུས་བླང་ན། འཇམ་དཔལ་བདག་ནི་བུད་མེད་དུའང་མི་དམིགས། སྐྱེས་པར་ཡང་མི་མཐོང་ན་དེ་ཇི་ལྟར་ན་བུད་མེད་ཀྱི་ལུས་ལས་བསྒྱུར་བར་བགྱི། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་འབྱུང་བར་ཡང་མི་འགྱུར། འཇིག་པར་ཡང་མི་འགྱུར་རོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང ། སྟོང་པ་ཉིད་དང ། ནམ་མཁའི་དབྱིངས་ཀྱང་འབྱུང་བར་མི་འགྱུར། འཇིག་པར་ཡང་མི་འགྱུར་ན། དེ་ཇི་ལྟར་ན་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་ལ་བུད་མེད་ཀྱི་ལུས་དོར་ཞིང་སྐྱེས་པའི་ལུས་བླང་བར་ནུས་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་བླང་བ་འམ། མི་བླང་བའི་ཕྱིར་ཆོས་འཆད་པར་མི་འགྱུར་ཏེ། ཡང་འཇམ་དཔལ་མིག་ནི་སྐྱེས་པ་མ་ཡིན། བུད་མེད་མ་ཡིན། དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་སྐྱེས་པ་མ་ཡིན། བུད་མེད་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པས་གསུངས་ཏེ། ཆོས་གང་སྐྱེས་པ་མ་ཡིན། བུད་མེད་མ་ཡིན་པ་དེ་ནི་འབྱུང་བ་ཡང་མེད་འཇིག་པ་ཡང་མེད་དོ། །སྨྲས་པ། སྲིང་མོ་ཁྱོད་ཀྱིས་ཇི་སྲིད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། སྨྲས་པ། སྒྱུ་མའི་སྐྱེས་བུས་ཇི་སྲིད་ནས་རྣམ་པར་ཤེས་པའོ། །སྨྲས་པ། སྒྱུ་མའི་སྐྱེས་བུ་ཡོད་དམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། འོ་ན་ཅིའི་ཕྱིར་ན་དེ་སྐད་སྨྲ། ཁྱོད་ཅི་བཟོད་པ་སྐྱེས་སམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། འོ་ན་ཅིའི་ཕྱིར་ན་འཆད་པར་བྱེད། སྨྲས་པ། སྒྱུ་མའི་སྐྱེས་བུས་ཇི་སྲིད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་སྲིད་ནས་བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ། །ཡང་ཇི་སྲིད་ནས་ཁྱོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་དེ་སྐད་སྨྲས་པའི་འདྲི་བ་འདི་ནི་ཚུལ་བཞིན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མི་སྐྱེ་བ་ནི་བསྐྱེད་པར་མི་ནུས། དགག་པར་མི་ནུས། གདགས་པར་མི་ནུས།
58.248a
གང་དགག་ཏུ་མེད་པའི་ཆོས་དེ་ནི་སྐྱེད་པ་འམ། དགག་པར་མི་ནུས་སོ། །སྨྲས་པ། ཚུལ་དེ་ནི་གང ། སྨྲས་པ། མི་སྐྱེ་བ་ནི་ཚུལ་ཏེ། དེ་འདྲ་བར་འདི་འདྲ་བ་ནི་ཚུལ་བཞིན་དུ་འདྲི་བའོ། །ཡང་སྲིང་མོ་ཁྱོད་བཟོད་པ་སྐྱེས་སམ། ཞེས་དེ་སྐད་སྨྲ་བ། བདག་ནི་བཟོད་པ་སྐྱེས་པ་ཡང་མ་ལགས། བཟོད་པ་མ་སྐྱེས་པ་ཡང་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཟོད་པ་ནི་མི་དམིགས་པའི་ཕྱིར་བསྐྱེད་པར་ཡང་མ་ལགས། འབྲི་བ་ཡང་མ་ལགས་སོ། །དེ་བས་ན་བདག་བཟོད་པ་སྐྱེས་པ་ཡང་མ་ལགས། བཟོད་པ་མ་སྐྱེས་པ་ཡང་མ་ལགས་སོ། །སྲིང་མོ་བྱང་ཆུབ་སེམས་དཔའ་དོན་གང་གི་དབང་མཐོང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་།སྨྲས་པ། འཇམ་དཔལ་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱིར་གོ་ཆ་བགོ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཐམས་ཅད་ཐོག་མ་ནས་མྱ་ངན་ལས་འདས་པའི་ཕྱིར་རོ། །འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་མ་བཟླས་མ་བྱོན་པ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་ཟློ་བར་མི་འགྱུར། ད་ལྟར་བཞུགས་པ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་ཟློ་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར་རོ། །སྨྲས་པ། སྲིང་མོ་ཅིའི་ཕྱིར་སངས་རྒྱས་འབྱུང་བར་འགྱུར། འཇམ་དཔལ་མི་བྱ་མི་བྱེད་པའི་ཕྱིར་སངས་རྒྱས་འབྱུང་བར་འགྱུར་རོ། །སྨྲས་པ། ཅིའི་ཕྱིར། སྨྲས་པ། འདི་ལ་ཅུང་ཟད་ཀྱང་བྱ་ར་མེད་དོ། །སྨྲས་པ། སྲིང་མོ་ཅིའི་ཕྱིར་ན་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོར་འགྱུར། སྨྲས་པ། མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །སྨྲས་པ། སྲིང་མོ་དེ་སུ་ཞིག་ཡིད་ཆེས་པར་འགྱུར། སྨྲས་པ། གང་དག་ཡེ་ཤེས་མ་སྐྱེས་པ་མི་འཇིག་པའོ། །སྨྲས་པ། དེ་ལ་སུ་ཞིག་མོས་པར་འགྱུར། སྨྲས་པ། གང་མོས་པའོ། །སྲིང་མོ་མོས་པ་ལ་ཡོན་ཏན་ཅི་ཞིག་ཡོད། སྨྲས་པ། འཇམ་དཔལ་མོས་པ་ལ་ནི་རྣམ་པར་གྲོལ
58.248b
བའི་ཡོན་ཏན་མཆིས་སོ། །སྨྲས་པ། སྲིང་མོ་ཁྱོད་ཐོགས་པ་མེད་པའི་ཡོན་ཏན་དང་ལྡན་པ་ངོ་མཚར་ཏོ། །སྨྲས་པ། འཇམ་དཔལ་དམིགས་པ་ལ་མ་སྤྱོད་ཅིག་།འཇམ་དཔལ་གང་དུའང་ཆགས་པ་ཡོད་དམ་ཅི་ན། དེའི་ཕྱིར་བདག་ལ་ཁྱོད་ནི་མ་ཐོགས་པའི་སྤོབས་པ་དང་ལྡན་ནོ་ཞེས་སྨྲ། སྨྲས་པ། དེ་མ་ཡིན་ནོ། །དེ་བས་ན་བདག་ནི་ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་མ་ཡིན་ནོ། །སྨྲས་པ། སྲིང་མོ་གང་སྤོབས་པ་ཞེས་བྱ་བ་དེ་ཅི་ལ་སྤོབས་པ་ཞེས་བྱ། སྨྲས་པ། གང་དག་གིས་རྟོགས་པ་དེ་དག་ལ་ནི་སྤོབས་པ་ཡོད་དོ། །སྨྲས་པ། གང་དུ་རྟོགས། སྨྲས་པ། གང་དུ་ཡང་མ་རྟོགས་པས་དེའི་ཕྱིར་རྟོགས་པའོ། །ཆོས་ཀྱི་དབྱིངས་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་མ་རྟོགས་པས་དེའི་ཕྱིར་རྟོགས་པ་ཞེས་བྱའོ། །འཇམ་དཔལ་ཡང་གང་དག་གིས་མ་རྟོགས་པ་བདག་གིས་རྟོགས་པའོ། །སྨྲས་པ། གང་དུ་མ་རྟོགས། སྨྲས་པ། ཁམས་གསུམ་དུ་མ་རྟོགས་པ་སྟེ། གང་དག་གིས་ཁམས་གསུམ་དུ་མ་རྟོགས་པ་དེ་ནི་ཁོང་དུ་མ་ཆུད་པས་རྟོགས་སོ། །སྨྲས་པ། སྲིང་མོ་ཁྱོད་ཀྱིས་ཇི་སྲིད་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྨྲས་པ། གང་གི་ཚེ་ན་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ན་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་མོད་ཀྱི། འཇམ་དཔལ་བྱང་ཆུབ་ལ་མངོན་པར་འཚང་རྒྱ་བ་འམ། ཐོབ་པར་ནུས་སམ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཅང་མི་སྨྲ་བར་གྱུར་པ་དང ། སྲིང་མོ་དེས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅང་མི་སྨྲ་བར་བྱ་བ་དུས་ལ་མ་བབ་ཀྱིས་ཤོད་ཅིག་།འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་བྱང་ཆུབ་ནི་བཤད་དུ་མེད་ན་དེའི་ཕྱིར་ཅི་བཤད་མ་འཚལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་འདི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་འདི་འདྲ་བའི་བསྟན་པ་སྟོན་པར་བགྱིད་བགྱིད་པ་ངོ་མཚར་ན།
58.249a
བཅོམ་ལྡན་འདས་སྲིང་མོ་འདིས་ཡུན་ཇི་སྲིད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ཇི་སྲིད་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདི་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུར་འགྱུར། འདིའི་མིང་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིང་མོ་འདིས་བྱང་ཆུབ་ཀྱི་ཕྱིར་སྤྱད་ནས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཕྲག་དགུ་བཅུ་རྩ་དགུ་འདས་པ་དང ། དེའི་འོག་ཏུ་ཁྱོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཇམ་དཔལ་གྱིས་གསོལ་པ། སྲིང་མོ་འདིས་གང་གི་དྲུང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དེ་བཞིན་གཤེགས་པ་དེའི་མཚན་ཅི་ལགས། བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་བ་ཞེས་བྱ་བ་ཞིག་བྱུང་སྟེ། འདིས་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་བའི་དྲུང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར་གྱུར་པ་དེ་དག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཤད་ཀྱང་ཆ་ཙམ་ཡང་བཤད་པར་མི་འགྱུར་ཏེ། སྲིང་མོ་འདིས་ནི་དེར་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གསོལ་པ། ཅི་བུད་མེད་དུ་གྱུར་པ་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ཏེ། འདི་ནི་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་སྒྲ་དང་བྲལ་བ་ཞེས་བྱ་བར་གྱུར་ཏེ། འཇམ་དཔལ་སྲིང་མོ་འདི་ལ་ནི་བུད་མེད་ཅེས་ཀྱང་མི་བྱ། སྐྱེས་པ་ཞེས་ཀྱང་མི་བྱའོ། །སྲིང་མོ་འདི་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་སྟེ། དེ་ཇི་ལྟར་འདོད་པ་ལྟར་བདག་གི་ལུས་སྤྲུལ་པར་བྱེད་དོ། །འཇམ་དཔལ་སྲིང་མོ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྡུལ་དང ། ཡལ་ག་དང ། འདབ་མ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བསྐལ་པ་གྲངས་མེད་པ་བརྒྱ་ཕྲག་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་ཏེ། ཀུན་དུ་སྣང་བ་སྦྱིན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ
58.249b
སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་གྱི་ཚོགས་ཆེན་པོས་བརྒྱན་པའི་སངས་རྒྱས་ཀྱི་ཞིང་དུ་འབྱུང་བར་འགྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་བའི་སངས་རྒྱས་ཀྱི་ཞིང་ཅི་འདྲ་བར་གྱུར་པ་འདི་ཡང་དེ་བཞིན་ཏེ། ལྷག་པ་མེད། ཆད་པ་མེད་དོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་བགྱིད་པ་དང ། བགྱི་བ་མང་སྟེ། འདས་པ་དང ། མ་འོངས་པའི་ཆོས་རྣམས་ལ་ཡང་རྣམ་པར་རྟོགས་པར་བགྱིད་དོ། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །དེ་ལྟར་བདག་ནི་བྱེད་པ་མང་སྟེ། དེ་དག་ནི་ཆོས་ཀྱི་དབྱིངས་མི་ཟད་པའི་ཕྱིར་བྱེད་པ་ཟད་པར་མི་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་མ་རྩོད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ནི་སྤོབས་པ་དང ། འདྲི་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མཉམ་པར་བཞག་པ་གང་ལ་མཉམ་པར་གཞོག་པ་དང་ལྡང་བར་བྱེད་པའི་ཏིང་ངེ་འཛིན་དང ། མཉམ་པར་གཞོག་པ་དེ་དག་གི་མིང་ཙམ་ཡང་ཁྱོད་ཀྱིས་མི་ཤེས་སོ། །དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ལས་ཐོག་མ་བདག་འདི་སྙམ་དུ་གྱུར་ཏེ། ཀྱེ་མའོ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་སེམས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་སེམས་ཤིན་དུ་དུལ་བ་ཞེས་བྱ་བ་ལ་བཀའ་སྩལ་པ། རིགས
58.250a
ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འཇམ་དཔལ་འདྲ་བར་གྱུར་དུ་ཟིན་ཀྱང་སྲིང་མོ་འདིའི་ཏིང་ངེ་འཛིན་གྱི་མཐུ་དང ། རྣམ་པར་འཕྲུལ་པ་དང ། ཆོ་འཕྲུལ་དང ། ཡེ་ཤེས་ཀྱི་བརྒྱ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ། །ཏིང་ངེ་འཛིན་གང་དག་ལ་སྲིང་མོ་འདི་མཉམ་པར་གཞོག་པ་དང་ལྡང་བར་བྱེད་པའི་མིང་ཡང་འཇམ་དཔལ་གྱིས་མི་ཤེས་སོ། །རིགས་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་གྱི་མཐུ་དང་ཡེ་ཤེས་དང་མཉམ་པར་གཞོག་པས་ཐེ་ཚོམ་སེལ་བ་དང་འདྲ་བར་གྱུར་དུ་ཟིན་ཀྱང ། དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཏིང་ངེ་འཛིན་དང ། ཡེ་ཤེས་དང ། སྟོབས་དང ། རྣམ་པར་འཕྲུལ་པའི་བརྒྱ་ཕྲག་སྟོང་ག་ཆར་ཡང་མི་ཕོད་དེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་གང་ལ་མཉམ་པར་གཞོག་ཅིང་ལྡང་བར་བྱེད་པའི་ཏིང་ངེ་འཛིན་དེ་དག་གི་མིང་ཙམ་ཡང་སྲིང་མོ་འདིས་མི་ཤེསོ། །རིགས་ཀྱི་བུ་གལ་ཏེ་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་དང ། ཡེ་ཤེས་དང་མཉམ་པར་གཞོག་པས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་འདྲ་བར་གྱུར་ཏེ་ཡེ་ཤེས་དེ་དང་ལྡན་དུ་ཟིན་ཀྱང་དེ་བཞིན་གཤེགས་པའི་གོམ་པ་འདོར་བ་ཡང་མི་ཤེས་ཏེ་རྨོངས་པར་འགྱུར་ཞིང ། དེ་བཞིན་གཤེགས་པའི་ཞབས་གོམ་པ་ཇི་ལྟར་འདོར། ཇི་ལྟར་འཇོག་མི་ཤེས་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ། །སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་སྟོན་པའི་ཚེ། སྲོག་ཆགས་བརྒྱ་སྟོང་ཕྲག་བདུན་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བདག་ཅག་ཀྱང་ཡེ་ཤེས་དེ་དང་ལྡན་པར་གྱུར་ཅིག་ཅེས་དེ་སྐད་ཀྱི་ཚིག་ཀྱང་སྨྲས་སོ། །
58.250b
དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ཤིན་དུ་དུལ་བ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྲིང་མོ་འདིས་ནི་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ཇི་ལྟ་བ་དེ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་ཤར་ཕྱོགས་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོད་པ་དེ་བཞིན་དུ་ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། ཕྱོགས་བཅུ་ན་ཡོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདིས་སྲིང་མོ་འདི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། སྲིང་མོ་འདི་ཇི་ལྟ་བ་དེ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་རིགས་ཀྱི་བུ་འདིས་ནི་ཤར་ཕྱོགས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ། །ཕྱོགས་བཅུ་ཀུན་གྱི་བར་དུའང་དེ་བཞིན་ནོ། །རིགས་ཀྱི་བུ་ང་ཉིད་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་ངམ། རིགས་ཀྱི་བུ་ང་ཡང་འདས་པའི་དུས་ན་དེ་བཞིན་གཤེགས་པ་རི་རབ་རྒྱལ་མཚན་གྱི་གསུང་རབ་ལས་བྱང་ཆུབ་སམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། ང་ཇི་ལྟ་བ་དེ་འདྲ་བའི་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྱོགས་བཅུར་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། ད་དག་ད་ལྟར་བཞུགས་སོ། །འཚོ་གཞས་སོ། །དཔག་ཏུ་མེད་པ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་སོ། །ཚིག་དེ་གསུངས་མ་ཐག་ཏུ་དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟན་གྱི་ཁམ་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་ཀུན་དུ་འོད་ཀྱི་འཇིག་རྟེན་གྱི་ཁམས་དེར་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ
58.251a
ཐོབ་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་འདིར་ཡང་སེམས་ཅན་བསམ་པ་ཡོངས་སུ་དག་པ་རྣམས་ཀྱི་རྣ་བའི་དབང་པོ་ལ་ཆོས་ཀྱི་རྣམ་གྲངས་གྲགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་མ་ལྷག་མ་ཆད་པར་ཀུན་བཟུང་ངོ ། །འཇིག་རྟེན་གྱི་ཁམས་འདིར་ཡང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྲོག་ཆགས་བྱེ་བ་དྲུག་བཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །དགེ་སློང་སྟོང་ཕྲག་བཅུ་བཞིས་ནི་ཟག་པ་ལས་མ་ལུས་པར་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་སྟོང་དང ། ལྷ་དང་མིའི་སྐྱེ་དགུ་སེམས་ཅན་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་དྲུག་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལོང་ཤིག་།གཞན་ལ་ཡང་རྒྱ་ཆེར་ཤོད་ཅིག་།གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་ཀྱི་རྣམ་གྲངས་འདི་བླངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཅི་ནས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཕྱི་མའི་དུས་ཕྱི་མའི་ཚེ་སྤྱོད་པར་འགྱུར་བར་ཁྱོད་ལ་གཏད་དོ། །མ་ཕམ་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་འཚོ་བ། གཞེས་པ་ཇི་སྙེད་པ་དང ། མ་འོངས་པའི་དུས་ན་སྤྱད་པ་སྤྱོད་པ་དང ། སྤྱོད་པར་འགྱུར་བ་དང ། ཡོངས་སུ་བརྟག་པ་བཟུང་ན་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་སྟོབས་བཅུ་དང་ལྡན་པར་འགྱུར། གང
58.251b
དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ཀྱང་ཡོངས་སུ་བརྟག་པ་བཟུང་ན། ཉན་ཐོས་དང ། རང་སངས་རྒྱས་དང་བཅས་ཏེ་སླར་ཞུགས་པར་གྱུར་ལ། དེ་སྙེད་ཀྱི་དེ་བཞིན་གཤེགས་པ་མང་པོ་ལ་ཕྱི་མའི་མཐར་ཐུག་གི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས། རིམ་གྲོ་བྱས། སྟི་སྟང་བྱས། མཆོད་པ་བྱས་ཤིང་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཡུན་དེ་སྲིད་དུ་མཆོད་པ་བྱས་ན་བྱང་ཆུབ་སེམས་དཔའ་བསོད་ནམས་མང་དུ་འཕེལ་བར་འགྱུར་རམ། མ་ཕམ་པས་གསོལ་པ། བཅོམ་ལྡན་འདས་བདག་གིས་དཔེ་འདི་ཐོས་ནས་སེམས་ཀྱང་རྨོངས་པར་འགྱུར་ཏེ། དེ་ལྟར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་གང་ཆོས་ཀྱི་རྣམ་གྲངས་འདི་ལེན་པར་བྱེད། འཛིན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་རྒྱ་ཆེར་སྟོན་པར་བྱེད་ཅིང ། ཆུང་ངུ་ན་ཐོས་ནས་མོས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་དེ་བས་ཀྱང་ཤིན་དུ་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །མ་ཕམ་པ་ང་ད་མྱ་ངན་ལས་འདས་ནས་གང་བུད་མེད་ལ་ལ་ཞིག་གིས་སྲིང་མོ་ཐེ་ཚོམ་སལ་བ་དེ་འམ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་འམ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་དེའི་མཚན་ཐོས་སམ། ཆུང་ངུ་ན་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། དེ་ཉིད་དེའི་ལུས་ཐ་མར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚེ་འདས་ནས་ཀྱང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་འགྱུར་རོ། །མི་ཁོམ་པ་བརྒྱད་ཀྱང་ཡོངས་སུ་སྤོང་བར་འགྱུར་རོ། །ཚེ་རབས་ཀྱང་དྲན་པར་འགྱུར་རོ། །གཟུངས་ཀྱང་ཐོབ་པར་འགྱུར་རོ། །སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱང་ཐོབ་པར་འགྱུར་རོ། །གཞན་ཡང་མངལ་དུ་མི་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།
58.252a
སྐྱེས་བུ་དམ་པ་དེ་དག་ནི་བུད་མེད་གང་དག་བདག་ཅག་གི་མིང་ཐོས་པ་དེ་ཡོན་ཏན་འདི་དག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའི་ཕྱིར་རོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དང ། ལྷ་དང་མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །སངས་རྒྱས་བགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།