rKTs


J124

(e-text produced by ADARSHA)

see text in transliteration
55.291a
༄#། །རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨཱ་པྲ་བྲིད་ཏི་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་འཕུངས་པའི་རི་ལ། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་འདུས་པ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཀོད་པ་རབ་ཏུ་བརྒྱན་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཐོགས་པ་མེད་པར་ཤིན་དུ་སྦྱངས་པའི་འོད་ཀྱི་གཟི་བརྗིད་འབར་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རི་རབ་ཟོམ་ལ་རྣམ་པར་སྤྱོད་པའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་རབ་ཏུ་འཛུམ་པའི་འོད་དྲི་མ་མེད་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་འོད་ཟིལ་གྱིས་གནོན་པའི་འོད་འཕྲོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་འཕང་དམ་པ་དྲི་མ་མེད་པ་ཐོབ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་འགྲོ་བ་ལ་འཕྲོ་བའི
55.291b
པད་མ་རབ་ཏུ་རྒྱས་པའི་ལུས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་སྒྲ་དབྱངས་ཀྱི་སྐད་སྒྲོག་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྒྱལ་པོ་འགྲོ་བ་རྣམ་པར་རོལ་པའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་མདོག་གཟི་བརྗིད་དྲི་མ་མེད་པ་རྣམ་པར་དག་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེག་ན་འཇམ་ཞིང་གཞོན་པའི་ལུས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་རྒྱན་ལྟར་མཚན་རབ་ཏུ་རྒྱས་པའི་ལུས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་བཅུས་བདུད་རབ་ཏུ་འདུལ་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ལམ་ཞི་བས་ཉེ་བར་ཞི་བར་འགྲོ་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་འཛིན་མངོན་པར་འཕགས་པའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་སྒྲ་དབྱངས་སྐད་སྒྲོགས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དབང་ཕྱུག་གི་དབང་གི་རྩལ་གྱིས་སྤྱོད་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་དྲི་མ་མེད་པའི་ལུས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དགུ་བཅུ་རྩ་གཉིས་དང་ཡང་ཐབས་གཅིག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བས། བྱང་ཆུབ་སེམས་དཔའི་ཚོགས་དེ་ལྟ་བུ་དེ་མཐོང་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚིགས་སུ་བཅད་དེ་ཞུ་བ་ཞུས་པ། གསོ་མེད་སྲོག་མེད་བདག་མེད་ཆོས་ཀྱི་རྣམས། །མགོན་པོ་མཐའ་ཡས་གྲགས་མངས་བཤད་དུ་གསོལ། །འཁོར་འདི་འདི་འདྲ་དམ་པ་མཆོག་ལགས་ཏེ། །ཞི་བ་རྟག་ཞི་རྟག་ཏུ་ཉེ་བར་ཞི། །ལྟ་བའི་རྣམ་པ་ཇི་ལྟར
55.292a
བྱང་ཆུབ་ལགས། །ཁྲོ་དང་ཕྲག་དོག་ང་རྒྱལ་བྲལ་བ་དང ། །འདོད་ཆགས་དངོས་བྲལ་ཇི་ལྟར་བྱང་ཆུབ་ལགས། །མགོན་པོ་མཐའ་ཡས་གྲགས་མངས་བཤད་དུ་གསོལ། །སྐྱོན་བྲལ་ཐར་པ་གང་ལ་མ་མཆིས་པའི། །འདུ་བྱེད་ཁམས་ཀྱང་ཇི་ལྟར་བྱང་ཆུབ་ལགས། །ཇི་ལྟར་ཆོས་རྣམས་གཉིས་སུ་མ་མཆིས་པ། །རྒྱལ་བ་ཐུགས་རྗེ་མངའ་བས་བཤད་དུ་གསོལ། །ཆོས་རྣམས་ཤིན་དུ་རྣམ་པར་གྲོལ་གྱུར་ཅིང ། །མྱ་ངན་འདས་དང་གྲོལ་མཉམ་ཇི་ལྟར་ལགས། །ཆགས་པ་མ་ཆགས་ནམ་མཁའི་ཚུལ་འདྲ་ཞིང ། །འཆིང་བར་མི་འགྱུར་གང་ལགས་མགོན་པོ་གསུངས། །ཀ་ལ་པིང་ཀ་ཚངས་པ་ལྷ་ཡི་གསུང ། །འོད་ལ་དྲི་མེད་གསེར་གྱི་མདོག་མངའ་བ། །ཡིད་འོང་འོད་གསལ་ཡོན་ཏན་མཆོག་མངའ་བས། །ཆོས་ཉིད་རྟག་པར་ཚུལ་གཅིག་བཀའ་སྩལ་གསོལ། །སྒྲིབ་པ་ཇི་ལྟར་བྱང་ཆུབ་མཉམ་པ་ལགས། །བྱང་ཆུབ་རང་བཞིན་ཇི་ལྟར་ཆོས་རྣམས་ལགས། །ཆོས་དང་ཆོས་མིན་ཇི་ལྟར་འདྲ་བ་ལགས། །དེ་གཉིས་ཇི་ལྟར་ནམ་མཁའ་མཚུངས་པ་ལགས། །ཆོས་རྣམས་གྲངས་དང་བགྲང་བ་མ་མཆིས་ཤིང ། །ཞིང་དང་མཉམ་པར་དེ་དག་ཇི་ལྟར་འགྱུར། །སྐྱོན་བྲལ་བྱང་ཆུབ་དེ་ལ་མ་མཆིས་ཤིང ། །དེ་ལ་ཀུན་མཁྱེན་མ་མཆིས་ཇི་ལྟར་ལགས། །བགྱི་དང་བགྱིད་དང་བགྱི་བའི་རང་བཞིན་དང ། །གཟུང་དང་འཛིན་པ་ནམ་ཡང་མ་མཆིས་ལ། །སེམས་ཅན་རྣམས་ཀྱང་རྟག་པར་མ་མཆིས་ཤིང ། །དེ་ལ་ཆོས་སྤྱོད་ཇི་ལྟར་མ་མཆིས་འགྱུར། །དེ་ལ་ཚུལ་ཁྲིམས་བཟོད་པ་མ་མཆིས་ཤིང ། །ཚུལ་ཁྲིམས་འཆལ་བར་འང་དེ་ལ་མ་མཆིས་ལ། །བསམ་གཏན་ཤེས་རབ་དེ་ལ་མ་མཆིས་ཤིང ། །རྟོགས་དང་མ་རྟོགས་མ་མཆིས་ཇི་ལྟར་ལགས། །ཆོས་རྣམས་དྲི་མེད་དག་པ་ཇི་ལྟར་ལེགས། །ནམ་མཁའ་འདྲ་ཞིང་ཅི་ཡང་མ་ལགས་ལ། །ནམ་ཡང་སེམས་ཀྱི་རང་བཞིན་མི་དམིགས་ཤིང ། །ཆོས་རྣམས
55.292b
སེམས་མེད་ཇི་ལྟར་ལགས་པར་འགྱུར། །ཡོངས་སུ་ཤེས་བགྱི་ཇི་ལྟར་མ་མཆིས་ཤིང ། །སྒོམ་དང་མངོན་བགྱི་མཆིས་པ་མ་ལགས་ལ། །གང་དུ་འང་དེ་ལ་སྤང་བ་མ་མཆིས་པས། །སེམས་ཅན་ཇི་ལྟར་ནམ་མཁའི་དབྱིངས་འདྲ་ལགས། །གང་ལ་ཆོས་ཉིད་གཅིག་གི་ཚུལ་གྱུར་པ། །དེ་ལ་རང་བཞིན་ནམ་ཡང་མ་མཆིས་ལ། །སྐྱེ་བ་ནམ་ཡང་དེ་ལ་མ་མཆིས་པའི། །ཆོས་ཀྱི་ཚུལ་ནི་མགོན་པོས་བཤད་ཏུ་གསོལ། །དེ་ལ་སློབ་དང་དགྲ་བཅོམ་མ་མཆིས་ཏེ། །རང་རྒྱལ་ཇི་ལྟར་མཆིས་པ་མ་ལགས་ཤིང ། །བྱང་ཆུབ་ཚོལ་བའི་ཆོས་ཀྱང་མ་མཆིས་ལ། །སོང་དང་འོངས་པ་མ་མཆིས་ཇི་ལྟར་ལགས། །གང་ལ་གནས་དང་རྟེན་པ་མ་མཆིས་ཤིང ། འོང་པར་འགྲོ་བ་དག་ཀྱང་མ་མཆིས་ལ། །ཆོས་རྣམས་འགྲོ་དང་འོང་དང་བྲལ་བས་ན། །རི་བཞིན་མི་གཡོ་བརྟན་གནས་ཇི་ལྟར་ལགས། །དེ་ལ་ཇི་ལྟར་འདུ་ཤེས་གཟུགས་མ་མཆིས། །གཟུགས་ཀྱི་རང་བཞིན་ཇི་ལྟར་བྱང་ཆུབ་ལགས། །གཟུགས་དང་བྱང་ཆུབ་ཇི་ལྟར་གཉིས་མ་མཆིས། །དྲི་མེད་མཆོག་མངའ་རྒྱལ་བས་དེ་དག་གསུངས། །སངས་རྒྱས་གང་ལ་མ་མཆིས་ཆོས་དག་དང ། །དགེ་འདུན་གང་ལ་མ་མཆིས་དེ་སླད་དུ། །སངས་རྒྱས་ཆོས་དང་དགེ་འདུན་མཆོག་གི་རྣམས། །དེ་དག་གཅིག་གི་ཚུལ་དུ་ཇི་ལྟར་འགྱུར། །གང་ལ་སྟོང་དང་མཚན་ཉིད་མ་མཆིས་ཤིང ། །འདུ་དང་འབྲལ་བ་དེ་ལ་མ་མཆིས་ལ། །ཆོས་རྣམས་མིང་དང་མིང་མེད་བྲལ་བ་མེད། །སྒྲ་བརྗོད་བྲག་ཆ་འདྲ་བ་ཇི་ལྟར་ལགས། །སྐྱེ་དང་སྐྱེ་མེད་གང་ལ་མ་མཆིས་ཤིང ། །གང་ལ་སྐྱོན་བྲལ་མྱ་ངན་འདས་པ་དང ། །འཁོར་བ་དག་ཀྱང་དེ་ལ་མ་མཆིས་པས། །ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཇི་ལྟར་འགྱུར། །ལྷ་དང་ཀླུ་དག་དེ་ལ་མ་མཆིས་ཤིང ། །གནོད་སྦྱིན་མི་འམ་ཅི་དང་འདྲེ་དག་དང ། །སེམས་ཅན་དམྱལ་བ་དེ་ལ་མ་མཆིས་ཤིང ། །ཇི་ལྟར་དེ་ལ་སེམས་ཅན་ལམ་མ་མཆིས། །མགོན་པོས་ཆོས་རྣམས་གང་གསུངས་ཚུལ
55.293a
དག་དང ། །སྡིག་པའི་བློ་ཅན་མུ་སྟེགས་ཀྱིས་གང་སྨྲ་བ། །དེ་དག་གཉིས་སུ་མ་མཆིས་ཇི་ལྟར་ལགས། །ཡི་གེ་ཀུན་ལ་གཅིག་ཏུ་ཇི་ལྟར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཇི་ཙམ་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའི་དྲི་བ་འདི་དྲིས་པ་ངོ་མཚར་ཆེའོ། །རིགས་ཀྱི་བུ་ཆོག་མོད་ཁྱོད་ཀྱིས་འདི་དྲིས་པས་ཅི་ཞིག་བྱ། འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་སྟོང་པ་ཉིད་ཀྱི་ལྟ་བ་ཅན། མཚན་མ་མེད་པའི་ལྟ་བ་ཅན། སྨོན་པ་མེད་པའི་ལྟ་བ་ཅན། སྐྱེ་བ་མེད་པའི་ལྟ་བ་ཅན། དངོས་པོ་མེད་པའི་ལྟ་བ་ཅན། མཚན་ཉིད་མེད་པའི་ལྟ་བ་ཅན། སངས་རྒྱས་ཀྱི་ལྟ་བ་ཅན། བྱང་ཆུབ་ཀྱི་ལྟ་བ་ཅན་དག་གི་གནས་མ་ཡིན་ནོ། །རིགས་ཀྱི་བུ་ཆོས་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་མདུན་དུ་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེའི་དགེ་བའི་རྩ་བ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་དུ་འོང་ངོ ། །སངས་རྒྱས་ཀྱི་བྱང་ཆུབ་ལས་ཀྱང་ཉམས་པར་འགྱུར་སྲིད་དོ། །རྟག་པ་འམ་ཆད་པར་ཡང་ལྷུང་དུ་འོང་ངོ ། །དེ་བཞིན་གཤེགས་པས་ཀྱང་ཅི་ལས་དགོངས་ཏེ་ཆོས་བསྟན་མི་ཤེས་སྲིད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཤད་པ་འདི་བྱུང་བའི་དུས་ན། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ལྟ་བ་ཅན། མཚན་མ་མ་མཆིས་པའི་ལྟ་བ་ཅན་སྨོན་པ་མ་མཆིས་པའི་ལྟ་བ་ཅན། སྐྱེ་བ་མ་མཆིས་པའི་ལྟ་བ་ཅན། མཚན་ཉིད་མ་མཆིས་པའི་ལྟ་བ་ཅན། སངས་རྒྱས་ཀྱི་ལྟ་བ་ཅན། བྱང་ཆུབ་ཀྱི་ལྟ་བ་ཅན་དག་འབྱུང་བར་འགྱུར་བ་དང་གང་ཡང་སྟོང་པ་ཉིད་དང ། མཚན་མ་མ་མཆིས་པ་ལ་རྟོག་པ་དང །
55.293b
སྨྲ་བ་ལ་དགའ་བ་དང ། སྨྲ་བའི་ཚིག་ལ་ཆགས་པ་དང ། ཡི་གེས་དག་པར་འཛིན་པ་དང ། ཚིག་གི་ལས་ལ་གཞོལ་བ་དང ། ལེགས་པར་བརྗོད་པ་གཅེས་པར་འཛིན་པ་དང ། མིང་གཅེས་པར་འཛིན་པ་གང་འབྱུང་བ་དེ་དག་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ། ཡི་གེ་མ་མཆིས་ཤིང་ཚིག་དང་བྲལ་བ་འདི་ཐོས་ན། ལྟ་བ་དེ་དག་སྤོང་ཞིང ། ཇི་ལྟར་མོས་པའི་སེམས་ཅན་རྣམས་ལ་དེ་ལྟར་མོས་པའི་ཆོས་སྟོན་པར་འགྱུར་རོ། །དེ་དག་ཐབས་མཁས་པ་ལ་བསླབ་པས། འདོད་པ་ཆུང་བའི་ཚིག་གི་རྒྱུད་ཀྱང་རྗོད་ལ། དེས་དག་པར་ཡང་མི་སེམས། ཆོ་ག་འཚལ་བའི་ཚིག་གི་རྒྱུད་བརྗོད་ལ། དེས་དག་པར་ཡང་མི་སེམས། སྡོམ་པའི་ཚིག་གི་རྒྱུད་ཀྱང་རྗོད་ལ་དེས་དག་པར་ཡང་མི་སེམས། འདུ་འཛིའི་མི་བསྔགས་པ་ཡང་རྗོད་ལ། ཆོས་ཐམས་ཅད་རབ་ཏུ་དབེན་པར་ཡང་མོས་པར་འགྱུར་རོ། །གཅིག་པུར་དགའ་བ་དང ། འདུ་འཛི་མ་མཆིས་པའི་བསྔགས་པ་ཡང་རྗོད་ལ། དེས་དག་པར་ཡང་མི་སེམས། བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་ཡང་རྗོད་ལ། སེམས་ཀྱི་རང་བཞིན་ཡང་བྱང་ཆུབ་ཏུ་འཚལ་བར་འགྱུར། ཤིན་ཏུ་རྒྱས་པའི་མདོ་རྣམས་ཀྱི་བསྔགས་པ་ཡང་རྗོད་ལ། ཆོས་ཐམས་ཅད་ཤིན་དུ་རྒྱས་པར་ཡང་འཚལ་བར་འགྱུར། བྱང་ཆུབ་སེམས་དཔའི་ཚིག་གི་རྒྱུད་ཀྱང་རྗོད་ལ། ཉན་ཐོས་དང ། རང་རྒྱལ་བ་དང ། སངས་རྒྱས་རྣམས་ཐ་དད་པར་ཡང་མི་ལྟ། སྦྱིན་པའི་བསྔགས་པ་ཡང་རྗོད་ལ། སྦྱིན་པའི་མཉམ་པ་ཉིད་ཀྱང་དེ་དག་གིས་རྟོགས་པར་འགྱུར། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་རྗོད་ལ། རང་བཞིན་གྱི་ཚུལ་ཁྲིམས་ཀྱང་དེ་དག་གིས་རྟོག་པར་འགྱུར། བཟོད་པའི་བསྔགས་པ་ཡང་རྗོད་ལ་ཆོས་ཐམས་ཅད་ཀྱི་ཟད་པའི་ཆོས་དང ། བྱང་བའི་ཆོས་དང ། མི་སྐྱེ་བའི་ཆོས་ཉིད་ཀྱང་དེ་དག་གིས་ཤིན་དུ་མཐོང་བར་འགྱུར། བརྩོན་འགྲུས་ཀྱི་བསྔགས་པ་ཡང་རྗོད་ལ།
55.294a
ཆོས་ཐམས་ཅད་ལ་བཙལ་བ་མ་མཆིས་པ་དང ། རྩོམ་པ་མ་མཆིས་པ་ཡང་རབ་ཏུ་རྟོགས་པར་འགྱུར། བསམ་གཏན་དང ། སྙོམས་པར་འཇུག་པ་རྣམས། སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་མངོན་པར་བསྒྲུབ་པ་ཡང་སྟོན་ལ། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པ་ཡང་འཚལ་བར་འགྱུར། ཤེས་རབ་ཀྱི་བསྔགས་པ་སྟོང་ཡང་རྗོད་ལ། ཤེས་རབ་དང ། ཤེས་རབ་འཆལ་པའི་རང་བཞིན་ཡང་དེ་དག་གིས་ཤིན་དུ་རིག་པར་འགྱུར། འདོད་ཆགས་ཀྱི་སྐྱོན་ཡང་སྟོན་ལ། ཆོས་གང་ཡང་འདོད་ཆགས་པར་མི་མཐོང ། ཞེ་སྡང་གི་སྐྱོན་ཡང་སྟོན་ལ། ཆོས་གང་ཡང་ཞེ་སྡང་བར་མི་མཐོང ། གཏི་མུག་གི་སྐྱོན་ཡང་སྟོན་ལ། ཆོས་ཐམས་ཅད་གཏི་མུག་གི་སྒྲིབ་པ་དང་བྲལ་བར་ཡང་མོས་པར་འགྱུར། སེམས་ཅན་རྣམས་ལ་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་མཆི་བའི་འཇིགས་པ་ཡང་སྟོན་ལ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ཀྱང་མི་དམིགས་ཏེ། དེ་དག་སེམས་ཅན་ཇི་ལྟར་མོས་པ་དག་ལ། དེ་ལྟར་མོས་པའི་ཆོས་སྟོན་ཅིང ། གང་འདི་སྟོང་པ་ཉིད་ལ་མོས་པར་ཚུལ་གཅིག་པ་ལ་མོས་པར་འགྱུར། དེ་བཞིན་དུ་མཚན་མ་མ་མཆིས་པ་ལ་མོས་པ་དང ། སྨོན་པ་མ་མཆིས་པ་ལ་མོས་པ་དང ། སྐྱེ་བ་མ་མཆིས་པ་ལ་མོས་པ་དང ། དངོས་པོ་མ་མཆིས་པ་ལ་མོས་པ་དང ། མཚན་ཉིད་མ་མཆིས་པ་ལ་མོས་པར་ཚུལ་གཅིག་པར་མོས་པར་འགྱུར་ན། བཅོམ་ལྡན་འདས་དེའི་སླད་དུ་ཐབས་མཁས་པའི་ཚིག་གང་ཉན་ཐོས་དང ། རང་སངས་རྒྱས་རྣམས་དང ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་ལགས་ཤིང ། གཞན་དུ་ན་ཟབ་མོ་ལ་མོས་པ་དང ། ཚུལ་གཅིག་པ་ལ་མོས་པའི་ཡུལ
55.294b
དུ་འགྱུར་བའི་ཐབས་མཁས་པའི་ཚིག་དེ་དག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བས་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ། དོན་འདི་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདོད་ཆགས་ཞེ་སྡང་འཁྲུག་པ་མེད་ཚུལ་དུ། །གང་ཞིག་བྱང་ཆུབ་མཆོག་ཏུ་འཚང་རྒྱ་བར།། འདོད་པས་ཆོས་ཀུན་འདོད་ཆགས་རང་བཞིན་ཞེས། །དེ་ལྟར་ཤེས་ན་དེ་ནི་རྒྱལ་བར་འགྱུར། །འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང ། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཀུན་ཀྱང་ནམ་མཁའ་འདྲ་བ་ཞེས། །དེ་ལྟར་གང་ཤེས་དེ་ནི་རྒྱལ་བར་འགྱུར། །ལྟ་དང་ལྟ་མེད་གཉིས་ཀྱི་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་ཡིན། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སྐྱེས་བུ་ལ་ལ་ཇི་ལྟར་རྨི་ལམ་ན། །བྱང་ཆུབ་སངས་རྒྱས་འགྲོ་བ་འདུལ་རྨིས་ན། །དེ་ལ་བྱང་ཆུབ་ཡོད་མིན་སེམས་ཅན་མེད། །དེ་འདྲའི་དངོས་ཉིད་ཆོས་འདི་ཐམས་ཅད་དོ། །བྱང་ཆུབ་ཕྱིར་བཞུགས་གང་ཡང་མ་བརྙེས་ཏེ། །གང་ཞིག་མ་བརྙེས་ནམ་ཡང་དེ་མི་བརྙེས། །རིག་དང་མ་རིག་གཉིས་ཀ་ཚུལ་གཅིག་སྟེ། །དེ་ལྟར་ཤེས་ན་དེ་ནི་རྒྱལ་བར་འགྱུར། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུའི་མཆོག་ཏུ་འགྱུར། །ཇི་ལྟར་སྐྱེས་བུ་སྒྱུ་མ་བསླབས་པ་ཡིས། །སྒྱུ་མ་རྣམ་མང་གཟུགས་དག་སྤྲུལ་བྱས་ན། །སྣང་བ་ཡིན་ཡང་དེ་ལ་གང་ཡང
55.295a
མེད། །རྣམ་པར་རྨོངས་པའི་སེམས་ཅན་རྣམ་པར་འགྲང ། །འདོད་ཆགས་ཞེ་སྡང་རྟག་པར་མཉམ་པ་སྟེ། །གཏི་མུག་སྒྱུ་མ་གཉིས་ཀྱང་རྟག་པར་མཉམ། །བྱིས་པ་བདག་ཅག་ཞེ་སྡང་རྨོངས་ཤེས་སེམས། །གཏི་མུག་དེ་དག་ངན་འགྲོར་འདོང་བར་འགྱུར། །གང་ལ་འདོད་ཆགས་ཞེ་སྡང་གཉིས་མེད་ཅིང ། །གཏི་མུག་གང་ལ་ནམ་ཡང་མེད་པས་ན། །ཆོས་ཉིད་སྒྱུ་འདྲ་རྣམ་པར་བརྟགས་བྱས་ཤིང ། །བྱིས་པ་རྣམས་ནི་ཉོན་མོངས་མེས་ཀྱང་གདུངས། །གང་ལ་ཉོན་མོངས་སེམས་ཅན་མེད་པ་དང ། །སངས་རྒྱས་ནམ་ཡང་ཡོད་པ་མ་ཡིན་པ། །མ་སྐྱེས་ཆོས་ཤེས་རྣམ་པར་བརྟགས་བྱས་ཤིང ། །བདག་ཅག་སངས་རྒྱས་འགྱུར་ཞེས་བྱིས་པ་སྨྲ། །སངས་རྒྱས་ཡོད་མིན་སངས་རྒྱས་ཆོས་མེད་དེ། །ནམ་ཡང་སེམས་ཅན་མེད་པར་སུས་མཐོང་ཞིང ། །ནམ་མཁའ་འདྲ་བར་ཆོས་ཉིད་སུས་ཤེས་པ། །དེ་ནི་མྱུར་དུ་སྐྱེས་བུ་གཙོ་བོར་འགྱུར། །བྱང་ཆུབ་སུ་འདོད་དེ་ལ་བྱང་ཆུབ་མེད། །ས་དང་གནམ་ལྟར་བྱང་ཆུབ་མཆོག་ལས་རིང ། །སྒྱུ་འདྲར་ཆོས་ཉིད་གང་གིས་ཤེས་གྱུར་པ། །དེ་ནི་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །སུ་ཞིག་ཚུལ་ཁྲིམས་རྣམ་རྟོག་དེ་ལ་ནི། །ཚུལ་ཁྲིམས་མེད་དེ་མཐོང་ན་ཚུལ་ཁྲིམས་མིན། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་མཚན་ཉིད་གཅིག་།དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །ཇི་ལྟར་སྐྱེས་བུ་ལ་ལ་རྨི་ལམ་ན། །འདོད་ལ་སྤྱོད་པ་དགའ་བ་མྱོང་བའི་ཉམས། །གཏི་མུག་རྨོངས་པས་བུད་མེད་རྣམ་པར་བརྟགས། །དེ་ན་བུད་མེད་གང་ཡང་ཡོད་པ་མིན། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་བྱིས་པ་རྣམས། །རྨོངས་པས་ཡང་དག་མ་ཡིན་ཡོངས་སུ་བརྟགས། །དེ་ལ་ཚུལ་ཁྲིམས་འཆལ་མེད་ཚུལ་ཁྲིམས་མེད། །དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །སྒྲའི་རང་བཞིན་ཡོངས་སུ་མི་ཤེས་པས། །བྱིས་པའི་བློ་ཅན་འདི་དག་མིང་ལ་ཆགས། །གང་གིས་མིང་དེ་མིང་མེད་ཤེས་གྱུར་ན། །དེ་ནི་བཟོད་པའི་སྟོབས་མཆོག་ཐོབ་པར་འགྱུར། །བྱང་ཆུབ་དམ
55.295b
བཅའ་སེམས་ཅན་མང་བ་སྟེ། །དེ་དག་ཚིག་གིས་གཞན་ལ་དེ་སྐད་བརྗོད། །ཚིག་གིས་དག་འཛིན་ནན་ཏན་ཡོད་པ་མིན། །དེ་དག་བྱང་ཆུབ་ཀུན་ནས་ཁེབས་པར་གནས། །སྤྱོད་ལམ་དག་དང་འཁྲུལ་ལ་ཆགས་གྱུར་ཅིག་།ཚིག་དང་སྨྲ་ལ་དགའ་ཞིང་མི་མཁས་ཏེ། །ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་གི་དག་པས་བྱང་ཆུབ་འཚང་མི་རྒྱ། །སྟོང་ཉིད་ཆོས་དག་ཡོངས་སུ་རྗོད་བྱེད་ཅིང ། །རྩོད་ལ་དགའ་ཞིང་འཐབ་པས་སྡང་བའི་སེམས། །སྲོག་མེད་ངན་སེམས་བྱེད་པ་དེ་དག་ལ། །སངས་རྒྱས་ཆོས་དང་བྱང་ཆུབ་ག་ལ་ཡོད། །ངན་སེམས་བཟོད་གཉིས་ཚུལ་གཅིག་རང་བཞིན་ཞེས། །དེ་ལྟར་ཤེས་པར་བྱས་ཤིང་ཁྲོ་བ་སྤང ། །སེམས་ཅན་རང་བཞིན་ཡོངས་སུ་མི་ཤེས་པས། བྱིས་པའི་བློ་ཅན་ཁྲོ་བ་སྐྱེད་པར་བྱེད། །སེམས་ཅན་ཐམས་ཅད་བདག་ལ་དབེན་པ་སྟེ། །རྒྱལ་བ་སེམས་ཅན་འགྲེལ་འགྱུར་སྨོན་ཅེས་ཟེར། །དེ་དག་གླེངས་པ་ཙམ་གྱིས་ཁྲོར་འགྱུ་ཞིང ། །ཞེ་སྡང་འཆང་བས་དེ་དག་ཚིག་མི་སྟེར། །འཐབ་ལ་དགའ་ཞིང་ཉེས་པ་ཚོལ་བྱེད་ལ། །བཟོད་པའི་བསྔགས་པ་འང་རྟག་པར་དེ་དག་རྗོད། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཅེས་སྨྲ། །ང་རྒྱལ་ཁེངས་པས་འཁྲུལ་པ་རྗེས་སུ་རྟོག་།ཟས་ལ་ཆགས་ཤིང་མ་རིག་མདུད་པས་བཅིངས། །ཉིན་མཚན་དག་ཏུ་འདོད་པའི་ཡོན་ཏན་སེམས། །དེ་དག་ལྷས་དང་གྲོང་ཁྱེར་གྲོང་སོང་ཞིང ། །སེམས་ཅན་མང་པོས་ཡོངས་སུ་དགྲོལ་ཞེས་ཟེར། །འགྲོ་བ་ཀུན་ལ་སྙིང་རྗེ་བདག་ལ་ཡོད། །འཇིག་རྟེན་ཀུན་ལ་ཕན་སེམས་དེ་བཞིན་ཏེ། །དེ་དག་ཞེ་སྡང་སེམས་ཀྱིས་དེ་ལྟ་བུའི། །ཆོས་ཉིད་འཚེ་བའི་ཚུལ་ཅན་རྗོད་པར་བྱེད། །འཚེ་བ་སྙིང་རྗེ་གཅིག་ཏུ་འདུས་པ་ནི། །ནམ་ཡང་ཡོད་པར་མ་མཐོང་མ་ཐོས་ཏེ། །ཕན་ཚུན་ཁྲོ་བར་བྱེད་དང་ལྡན་གྱུར་ཅིང ། །ཚད་མེད་ཚེ་ཡི་ཞིང་དུ་སྨོན་པར་བྱེད། །གང་གཱའི་ཀླུང་གི
55.296a
བྱེ་མ་ཇི་སྙེད་པར། །བརྡེག་ཅིང་སྤྱོ་བ་འཐོབ་པའི་གནས་ཡོད་ཀྱི། །བཟོད་པ་དམ་པ་ཡོངས་སུ་མ་བསྒོམས་པར། །རྒྱལ་བ་དེ་དག་ཞིང་དུ་དེ་མི་འགྲོ། །ཞིང་རྣམས་ཞིང་མིན་གང་གིས་ཤེས་གྱུར་ཅིང ། །ཞིང་རྣམས་ཐམས་ཅད་ནམ་མཁའི་རང་བཞིན་ཞེས། །ཞིང་གི་ཡོན་ཏན་རློམ་སེམས་གང་མེད་པ། །སྐྱེས་བུ་ཁྱུ་མཆོག་ཞིང་དུ་དེ་འགྲོའོ། །ཐམས་ཅད་ཉེས་བྱས་བདག་གིས་བཟོད་པར་བྱ། །རྒྱལ་བའི་སྲས་ལ་སྟོན་པར་སེམས་ཤེས་སྨྲ། །སྟོན་པའི་འདུ་ཤེས་ཅན་ལ་ཁྲོ་ཡོད་པ། །ངས་ནི་ནམ་ཡང་མ་མཐོང་མ་ཐོས་སོ། །བསླང་བའི་གྲོང་དང་མཛའ་བའི་གྲོང་ཆགས་ཤིང ། །གཅིག་ལ་གཅིག་ནི་སྤྱོད་པ་སུན་ཡང་འབྱིན། །འདི་ནི་བདག་གིས་སྨིན་བྱའི་སྐལ་ཡིན་གྱིས། །སུ་ཡང་དེར་མ་འགྲོ་ཞེས་དེ་དག་ཟེར། །བདག་དང་འདྲ་བ་དེ་འདྲ་གང་ཡང་མེད། །དེ་ལ་སྤྱོད་པ་རྣམ་དག་མེད་ཅེས་ཟེར། །མི་མཁས་དེ་ནི་བྱང་ཆུབ་འཐོབ་མི་འགྱུར། །དེ་ལ་དོན་དུ་འགྱུར་བ་གང་ཡང་མེད། །ཉིན་པར་ལན་གསུམ་མཚན་ཡང་དེ་བཞིན་ཏེ། །བྱང་ཆུབ་སེམས་དཔའ་དག་ལ་སྤྱི་བོས་ཐུད། །དེ་དག་འཁྲུལ་པ་གང་ལ་འང་བརྟག་མི་བྱ། །རྟག་པར་སྤྱོད་པ་ཅི་བདེར་སྤྱོད་ཏུ་ཚུད། །འདོད་པའི་ཡོན་ཏན་དགའ་བར་སྤྱོད་མཐོང་ན། །དེ་ཡི་འཁྲུལ་པ་གང་ཡང་བརྟག་མི་བྱ། །བྱང་ཆུབ་སྤྱོད་པ་མཐའ་ཡས་ཡོན་ཏན་གྱིས། །དེ་ཡང་མ་འོངས་དུས་ནི་བྱང་ཆུབ་འཐོབ། །ལན་ཅིག་ཁོ་ནར་རྒྱལ་བར་འགྱུར་བ་མིན། །རིགས་པའི་རིམ་དང་བྱ་བའི་རིམ་གྱིས་འཐོབ། །བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མང་དུ། །གོ་ཆ་བགོས་པས་འཐོབ་ཀྱི་གཞན་དུ་མིན། །རྟོག་དང་རྣམ་རྟོག་འདོད་ཆགས་མེད་པ་སྟེ། །ངས་ཀྱང་བྱང་ཆུབ་འདོད་ཆགས་འདྲ་བ་ཐོབ། །ཉོན་མོངས་ཡོད་མིན་དེ་དག་ཡོད་མི་འགྱུར། །དེ་ལྟར་ཡིད་ཆེས་བཟོད་པ་དམ་པ་འཐོབ། །ཡི་གེ་མེད་པའི་ཆོས་ལ་ཞུགས་གྱུར་ཅིང ། །སྒྲ་རྣམས་ཐམས་ཅད་སྒྲ་མེད་བལྟ་བར་བྱ། །གང་ཞིག་དེ་འདྲའི
55.296b
ཆོས་ལ་ཡིད་ཆེས་པ། །དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་མེད། །འདོད་ཆགས་བྱང་ཆུབ་ལྷག་ཆད་མེད་པར་མཉམ། །དེ་གཉིས་ཡི་གེ་མེད་པར་རྟོགས་པར་གྱིས། །དེ་ནི་གཉིས་ཀའི་མིང་ཙམ་བྱུང་བ་སྟེ། །ཡི་གེར་བརྗོད་པ་དེ་ལ་ཅི་ཡང་མེད། །སྒྲ་རྣམས་ཐམས་ཅད་སྒྲ་གཅིག་རབ་ཤེས་ན། །སྣ་ཚོགས་སུ་ནི་ནམ་ཡང་འགྱུར་བ་མེད། །ང་ཡིས་གང་བཤད་མུ་སྟེགས་དེ་དག་འཆད། །དེ་དག་འདི་འདྲའི་ཆོས་ཉིད་ཤེས་པ་ཡིན། །ཆོས་རྣམས་འདི་དག་སྐད་ཀྱི་སྒྲས་བརྗོད་དེ། །ཆོས་དང་སྒྲ་ནི་དེ་ལ་དམིགས་པ་མེད། །ཆོས་ཉིད་ཚུལ་གཅིག་དེ་ལ་རབ་ཞུགས་ན། །བཟོད་པ་བླ་མེད་མཆོག་ནི་འཐོབ་པར་འགྱུར། །ཁྲོ་དང་བཟོད་དང་འདོད་པའི་ཡོན་ཏན་དང ། །མི་བཟོད་མི་རྟག་རྣམ་པར་མི་རྟག་སྟེ། །སྐྱེ་མེད་དེ་ལྟར་རབ་ཏུ་ཤེས་གྱུར་ན། །སྐྱོན་མེད་སེམས་ཅན་མཆོག་ཏུ་དེ་དག་འགྱུར། །ལྷོ་བྱང་ཤར་ནུབ་ཕྱོགས་རྣམས་ཐམས་ཅད་ཀྱི། །གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ། །སྐྱེས་བུ་ལ་ལས་དེ་བླང་འབྲུ་རེ་ནས། །ཕྱོགས་གཅིག་ཞིང་དེར་རབ་ཏུ་དགོད་བྱས་ཏེ། །ཞིང་རྣམས་ཇི་སྙེད་བྱུང་བ་དེ་དག་ཀུན། །རྒྱལ་བ་རྣམས་ལ་རིན་ཆེན་བཀང་བྱས་ཏེ། །བསྐལ་པ་བྱེ་བ་མང་པོར་ཕུལ་བ་བས། །མདོ་སྡེ་འདི་ཡི་བསོད་ནམས་ཆེས་ཀྱང་མང ། །དེ་ལ་བསོད་ནམས་གྲངས་མེད་འཕེལ་བར་འགྱུར། །བྱང་ཆུབ་དོན་གཉེར་འདི་ལ་རབ་བྱུང་བ། །དེ་དག་ལ་ནི་མདོ་སྡེ་འདི་གཏད་དེ། །དེ་དག་བརྗོད་པ་དམ་པ་མྱུར་དུ་འཐོབ། །མཐའ་ཡས་སྒོ་ཡི་མདོ་འདི་སུ་སྟོན་པ། །དེ་ལ་གཟུངས་རྣམས་མི་རིང་ཉེ་བར་གནས། །མདོ་སྡེ་བྱེ་བ་ཁྲག་ཁྲིག་དེས་འཐོབ་སྟེ། །སྤོབས་དང་བློ་རྣོའི་ཡོན་ཏན་འཐོབ་པར་འགྱུར། །ཚིག་ལ་ཐོགས་པ་འང་ཕྱེ་བས་ཤེས་པར་འགྱུར། །སོ་སོ་ཡང་དག་རིག་ཀྱང་མྱུར་དུ་འཐོབ། །སངས་རྒྱས་མཐའ་ཡས་སྤོབས་པའི་སྦྱིན་པ་མཛད། །རྣམ་པ་མང་པོར་མདོ་སྡེ་མང་པོ་སྟོན། །ཚུལ་འདི་གང་གིས་ཤེས་གྱུར་དེ་དག་ནི། །རང
55.297a
གིས་མདོ་སྡེ་མང་པོར་དྲན་པར་འགྱུར། །ཞིང་གི་དམ་པ་དག་ཏུ་འང་དེ་དག་འགྲོ། །སོང་ནས་མགོན་པོ་དག་ལ་མཆོད་པ་བྱེད། །དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚིགས་སུ་བཅད་པ་བསྟན་པ་འདི་ཐོས་པས་སེམས་ཅན་ཇི་སྙེད་ཅིག་གི་དོན་བགྱིས་པར་གྱུར། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་གྱི་དཀྱིལ་འཁོར་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ ། །བཅོམ་ལྡན་འདས་ཆོས་བསྟན་པ་འདིའི་ཚེ། སེམས་ཅན་གྲངས་མ་མཆིས་པ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་སྟེང་གི་བར་སྣང་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོས་མ་གཏམས་པ་མ་མཆིས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཞན་ནས་ཀྱང་སེམས་ཅན་མང་པོས་ཆོས་འདི་བསྟན་པ་ཐོས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཆོས་བསྟན་པ་འདི་བསྟན་པའི་ཚེ་ལྷའི་བུ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །གནོད་སྦྱིན་སྟོང་ཕྲག་དགུ་བཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀླུ་སྟོང་ཕྲག་སུམ་ཅུ་རྩ་དྲུག་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །དགེ་སློང་མངོན་པའི་ང་རྒྱལ་ཅན་མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་ལྔ་བརྒྱས་མངོན་པའི་ང་རྒྱལ་མེད་པའི་ཆོས་བསྟན་པ་འདི་ཐོས་ནས། ཆོས་ཐམས་ཅད་ནི་ཚུལ་གཅིག་གོ་ཞེས་བྱ་བར་ཡིད་ཆེས་པར་གྱུར་ཏེ། ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའི་ཚོགས་འདིའི་ནང་ནས
55.297b
ཀྱང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཁོང་དུ་ཆུད་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་བསྟན་པ་འདི་ནི་ཕུལ་དུ་བྱུང་བ་སྟེ། རིགས་ཀྱི་བུ་ངས་ཀྱང་སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ། ཆོས་ཐམས་ཅད་ནི་ཚུལ་གཅིག་པའོ་ཞེས་བྱ་བར་ཁོང་དུ་ཆུད་པར་གྱུར་ནས། དེའི་འོག་ཏུ་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཐོབ་པ་དང ། ཆོས་བསྟན་པ་འདི་ཐོས་པར་མཚུངས་ཏེ། རིགས་ཀྱི་བུ་ཚུལ་འདི་རྟོགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་བ་ངས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་སྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག་།ཤེས་རབ་ཡང་དག་པར་བླངས་ཏེ་གནས་ཀྱང ། ཆོས་ཀྱི་ཚུལ་འདི་མ་ཤེས་ན་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཕྱིར་ཟད་པར་འགྱུར་རོ། །རིགས་ཀྱི་བུ་ལྷས་བྱིན་དགེ་བའི་རྩ་བ་དེ་ལྟ་བུ་དང་ལྡན་པར་གྱུར་པ་ལ་ལྟོས། རིགས་ཀྱི་བུ་ལྷས་བྱིན་ནི་མི་ཆེན་པོའི་མཚན་སུམ་བཅུ་དང་ལྡན་པར་གྱུར་ཏོ། །དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་པ་དེ་ཡང་ཆོས་ཀྱི་ཚུལ་འདི་མ་ཤེས་པས། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཡོངས་སུ་ཆུད་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་ཇི་ལྟར་ཆོས་ཀྱི་ཚུལ་འདི་ཁོང་དུ་མ་ཆུད་པ་རྣམས་ཀྱི་དགེ་བའི་རྩ་བ་ཆད་པར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་ཤིན་དུ་བགྲང་བ་ལས་འདས་པ། ཚད་མེད་པ། ཡངས་པ།
55.298a
གཞལ་དུ་མེད་པ་དེའི་ཕ་རོལ་དེ་ཡི་ཡང་ཕ་རོལ་གཅིག་གི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དགུ་བཅུ་རྩ་དགུར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ནི་གསེར་གྱི་མདོག་འོད་འཕྲོ་བ་ཞེས་བྱ་བར་གྱུར་ཏོ། སངས་རྒྱས་ཀྱི་ཞིང་དེ་ནི་གསེར་གྱི་རྒྱུ་ལས་གྲུབ་པར་གྱུར་ཏེ། སེམས་ཅན་རྣམས་ཀྱང་གང་འདི་ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། བྱང་ཆུབ་སེམས་དཔའི་ཐེག་པ་དང ། ཐེག་པ་གསུམ་པོ་འདི་ཉིད་ཀྱིས་མྱ་ངན་ལས་འདའ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་ཚོགས་དང་པོ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །ཚོགས་གཉིས་པ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བདུན་བཅུའི་ཚོགས་སུ་གྱུར་ཏོ། །ཚོགས་གསུམ་པ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་དྲུག་བཅུའི་ཚོགས་སུ་གྱུར་ཏོ། །ཚོགས་བཞི་པ་ནི་དགེ་སློང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །དགེ་སློང་མའི་ཚོགས་ནི་དེའི་ཉིས་འགྱུར་དུ་གྱུར་ཏོ། །དགེ་བསྙེན་གྱི་ཚོགས་དང ། དགེ་བསྙེན་མའི་ཚོགས་ཀྱང་དེའི
55.298b
ཉིས་འགྱུར་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱང་དེའི་ཉིས་འགྱུར་དུ་གྱུར་ཏེ། ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་ལྡན་པ། ཏིང་ངེ་འཛིན་གྱི་ཚུལ་མངོན་པར་བསྒྲུབ་པ་ལ་མཁས་པ། སྒོ་མཐའ་ཡས་པའི་གཟུངས་རབ་ཏུ་ཐོབ་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཤ་སྟག་གི་ཚོགས་སུ་གྱུར་ན། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ཀྱི་ཚོགས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེར་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་ཡང་ཚད་མེད་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟར་དེའི་ཚེ་བཅོམ་ལྡན་འདས་དེའི་འཁོར་གྱི་ཚོགས་ནི་ཚད་མེད་པར་འདུས་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་འོད་འཕྲོ་བ་དེ་ན། ཤིང་ངམ་ལྡུམ་བུ་གང་ཅི་ཡོད་པ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱུ་ལས་གྲུབ་པར་གྱུར་ཏེ། ཤིང་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་གང་འདི་སྟོང་པ་ཉིད་ཀྱི་སྒྲ་དང ། མཚན་མ་མེད་པའི་སྒྲ་དང ། སྨོན་པ་མེད་པའི་སྒྲ་དང ། སྐྱེ་བ་མེད་པའི་སྒྲ་དང ། འགག་པ་མེད་པའི་སྒྲ་དང ། དངོས་པོ་མེད་པའི་སྒྲ་དང ། མཚན་ཉིད་མེད་པའི་སྒྲ་དང ། དེ་ལྟ་བུའི་སྒྲ་དག་འབྱུང་བར་འགྱུར་ཏེ། སྒྲ་དེ་དག་བྱུང་བས་སེམས་ཅན་དེ་དག་གི་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཏེ། དེ་ཕྱིན་ཆད་སྒྲ་དེ་དག་ཀྱང་ཤིང་དེ་དག་ལས་འབྱུང་བ་མེད་པར་གྱུར་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་དེ་ཡང ། དགེ་སློང་ཆོས་སྨྲ་བའི་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ། དམ་པའི་ཆོས་ཡོངས་སུ་འཛིན་པར་བསྐོས་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་སྤྱོད་པའི་བློ་གྲོས་ཞེས་བྱ་བ་ཞིག་ཀྱང་བྱུང་སྟེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་དུ་དག་པ་དང་ལྡན་ཞིང ། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ། འདུལ་བའི་སྡེ་སྣོད་ལ་འང་ཤིན་དུ་བྱང་བར་གྱུར་ཏོ། །དགེ་སློང་དེ་ནི་དཀའ་ཐུབ་ཀྱི་མཆོག་དང་ལྡན་པ་ངན་ངོན
55.299a
ལ་མོས་པ། འཁོར་གྱི་ནང་ན་སྤྱོད་པ་སྟེ། དེས་གཙུག་ལག་ཁང་གཅིག་བརྩིགས་ནས། དོན་གནས་ཤིང་དེའི་འཁོར་དུ་གྱུར་པ་རྣམས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་དུ་དག་པ་ལ་བཀོད་པར་གྱུར་ཏེ། སྦྱངས་པའི་ཡོན་ཏན་སྡོམ་པ་ལ་མོས་པར་གྱུར་ཏོ། །དགེ་སློང་དེ་ནི་བརྩོན་འགྲུས་བརྩམས་ཤིང་རྟག་པར་བྱང་ཆུབ་ཀྱི་སེམས་ལ་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་སྤྱོད་ལམ་དེ་ཉིད་ལ་ཡང་དག་པར་བསྐུལ་ཏེ། དམིགས་པ་ཅན་གྱི་ལྟ་བ་ལ་ཡང་དག་པར་བསྐུལ་ཏོ། །དེས་འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་བྱ་བར་འཛིན་དུ་བཙུད་དོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་ཞེས་བྱ་བར་འཛིན་དུ་བཙུད་དོ། །འདུ་བྱེད་ཐམས་ཅད་བདག་མེད་པ་ཞེས་བྱ་བར་འཛིན་དུ་བཙུད་དོ། །དགེ་སློང་དེ་ནི་ཏིང་ངེ་འཛིན་ལ་མཁས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མཁས་པ་མ་ཡིན་ཞིང ། དགེ་བའི་རྩ་བ་དང་ལྡན་པར་གྱུར་ཏོ། །དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་དེ་ནི་སེམས་ཅན་རྣམས་ཀྱི་དབང་པོ་མཆོག་དང་ཐ་མ་ཤེས་པ་ལ་མཁས་པར་གྱུར་ཏེ། དེའི་འཁོར་དུ་གྱུར་པ་ཇི་སྙེད་པ་དེ་དག་ཀྱང་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་ལྷུར་ལེན་པར་གྱུར་ཏེ། མི་དམིགས་པའི་བཟོད་པ་ཅན་ཐབས་ལ་མཁས་པ་དག་ཏུ་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་འཁོར་དང་བཅས་ཏེ། དགེ་སློང་སྤྱོད་པའི་བློ་གྲོས་གང་ན་གནས་པའི་གཙུག་ལག་ཁང་དེར་ཕྱིན་ནས། དེ་ན་གནས་པར་གྱུར་ཏེ། དེ་གཙུག་ལག་ཁང་དེ་ནས་ཡང་དང་ཡང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་གྲོང་དུ་འགྲོ་ཞིང ། དེ་དག་ཏུ་ཟས་ཀྱི་བྱ་བ་བྱས་ནས་ཕྱིར་འོངས་པར་གྱུར་ཏོ། །དེས་དེ་དག་ཏུ་རིགས་བརྒྱ་སྟོང་དུ་མ་དད་པར་བྱས་པར་གྱུར་ཏོ། །དེའི་འཁོར་ཇི་སྙེད་པ་དེ་དག་ཀྱང་ཚུལ་ལ་མཁས་པར་གྱུར་ཏོ། །དེ་དག་ཀྱང་དེ་དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་དག་གིས་ཀྱང་སྲོག་ཆགས་བརྒྱ་སྟོང་མང་པོ་བླ
55.299b
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་བཀོད་པར་གྱུར་ཏོ། །དགེ་སློང་སྤྱོད་པའི་བློ་གྲོས་ཀྱི་འཁོར་དེ་དག་ནི་བསམ་གཏན་ལྷུར་ལེན་ཅི། གྲོང་དག་ཏུ་ཡང་འཁོར་བར་མི་འདོང་ངོ ། །དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་གཞན་དག་ལ་མ་དད་པའི་སེམས་བསྐྱེད་ནས་དེས་གནྜི་དེ་རྡུངས་ཏེ། དགེ་སློང་གི་དགེ་འདུན་བསྡུས་ནས་དམ་ཚིག་བྱས་པ། བདག་ཅག་གི་ནང་ནས་སུ་ཡང་རུང་སྟེ། སུས་ཀྱང་གྲོང་ཏུ་འགྲོ་བར་མི་བྱའོ། །ཁྱེད་ནི་ཤེས་བཞིན་མེད་པར་སྤྱོད་པ་ཡིན་ཏེ། ཉུང་ངུ་སྨྲ་བ་མ་ཡིན་གྱིས། ཁྱོད་གྲོང་དུ་དོང་བས་ཀྱང་ཅི་ཞིག་བྱ་སྟེ། དགོན་པ་ལ་གནས་པ་ནི་བཅོམ་ལྡན་འདས་ཀྱིས་གནང་ཞིང་བསྔགས་པ་ཡིན་གྱིས། ཁྱོད་གྲོང་དུ་མ་འདོང་བར་བསམ་གཏན་གྱི་བདེ་བས་རྣམ་པར་སྤྱོད་ཅིག་ཅེས་བསྒོའོ། །དེ་དག་གིས་དེ་ཟེར་བ་ལྟར་མ་མཉན་ཏེ། ཡང་གྲོང་དག་ཏུ་འདོང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་དེ་དག་ནམ་གྲོང་ནས་ཕྱིར་འོངས་པར་གྱུར་པ་དེའི་ཚེ། དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཡང་གནྜི་བརྡུངས་ནས། དགེ་སློང་གི་དགེ་འདུན་བསྡུས་ཏེ། འདི་སྐད་དུ་གལ་ཏེ་དེ་ཕན་ཆད་ཁྱེད་གྲོང་དུ་འདོང་དང ། ཁྱེད་གཙུག་ལག་ཁང་འདི་ན་མ་གནས་ཤིག་ཅེས་བསྒོའོ། །རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པས་དགེ་སློང་དེའི་སེམས་བསྲུང་བའི་ཕྱིར། རང་གི་འཁོར་རྣམས་བོས་ཏེ། འདི་སྐད་དུ་ཁྱེད་གྲོང་དུ་སུ་ཡང་མ་འདོང་ཤིག་ཅེས་སྨྲས་སོ། །དེ་ནས་དེའི་ཚེ་དགེ་སློང་དེ་དག་གིས་སེམས་ཅན་གང་ཇི་སྙེད་ཅིག་སྨིན་པར་བྱས་པ་དེ་དག་དགེ་སློང་དེ་དག་དང ། མ་སྤྲད་པས་ཤིན་དུ་མི་དགའ་བར་ཡང་གྱུར། དགེ་བའི་རྩ་བ་ཡང་ཡོངས་སུ་འགྲིབ་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲ་བ། སྤྱོད་པ་རྣམ་པར་དག་པ་ཟླ་བ་གསུམ་པོ་དེ་དག་འདས་ནས། གཙུག་ལག་ཁང་དེ་ནས་གཙུག་ལག་ཁང་གཞན་དུ་འཕོས་ནས། གྲོང་དང ། གྲོང་ཁྱེར་དང ། ལྗོངས་དང ། ཡུལ་དང ། རྒྱལ་པོའི་ཕོ་བྲང
55.300a
འཁོར་དག་ཏུ་འགྲོ་ཞིང ། སེམས་ཅན་དག་ལ་ཆོས་སྟོན་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས། ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཡང་དང་ཡང་གྲོང་དུ་འགྲོ་བ་ཡང་མཐོང ། དེའི་འཁོར་ཀྱང་སྤྱོད་ལམ་ཐ་མལ་པ་ཅན་དུ་མཐོང་ནས། དེས་ཡང་དེ་ལ་མ་དད་པའི་སེམས་བསྐྱེད་པར་གྱུར་ཏེ། དགེ་སློང་འདི་ནི་ཚུལ་ཁྲིམས་འཆལ་པ་ཅན། ཚུལ་ཁྲིམས་ལོག་པ་ཅན་ཏེ། འདིས་བྱང་ཆུབ་ག་ལ་འཐོབ། དགེ་སློང་འདིའི་བྱང་ཆུབ་ནི་རྒྱང་རིང་ངོ ། །དགེ་སློང་འདི་ནི་འདུ་འཛིར་གནས་གནས་པའོ་ཞེས་འགྲོ་བ་མང་པོ་དག་ལ་དེ་སྐད་བརྗོད་དོ། །རིགས་ཀྱི་བུ་དེ་ནས་དུས་གཞན་ཞིག་ན། དགེ་སློང་སྤྱོད་པའི་བློ་གྲོས་དེ་འཆི་བའི་དུས་བྱས་པར་གྱུར་ནས། དེ་དེ་ལྟར་འཆི་བའི་དུས་བྱས་པ་དང ། ལས་དེའི་རྣམ་པར་སྨིན་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ ། །དེ་བསྐལ་པ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུར་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་ནས་ཚེ་རབས་དྲུག་བཅུར་མི་སྙན་པར་བརྗོད་པ་ཐོབ་པར་གྱུར་ཏོ། །ཚེ་རབས་སྟོང་ཕྲག་སུམ་བཅུ་རྩ་གཉིས་སུ་རབ་ཏུ་བྱུང་བ་ལས་ཕྱིར་བབས་པར་གྱུར་ཏོ། །ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་འཕྲོ་དྲི་མ་མེད་པའི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་རབ་ཏུ་བྱུང་ནས་ལོ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཏུ་མགོའི་ཐོད་ལ་མེ་འབར་བ་ལྟར་རྣམ་པར་སྤྱོད་ཀྱང ། འཐུན་པའི་བཟོད་པ་ཙམ་ཡང་མ་ཐོབ་སྟེ། ཚེ་རབས་བརྒྱ་སྟོང་མང་པོར་དབང་པོ་རྟུལ་པོར་གྱུར་ཏོ། །རིགས་ཀྱི་བུ་དེ་འི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མི་སྒུལ་བ་ནི་དེའི་ཚེ་དེའི་དུས་ན། དགེ
55.300b
སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་ནི་དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །ང་ཡང་དེ་ལྟ་བུའི་ཐབས་ཕྲ་མོས་དེ་ལ་མ་དད་པའི་སེམས་བསྐྱེད་དེ། ལས་ཀྱི་སྒྲིབ་པ་མངོན་པར་འདུ་བྱས་པས་སེམས་ཅན་དམྱལ་བ་དག་ཏུ་ལྷུང་བར་གྱུར་ཏེ། །རིགས་ཀྱི་བུ་དེ་ལྟར་ཕྲ་བ་ནི་ལས་ཀྱི་སྒྲིབ་པ་ཡིན་གྱིས། རིགས་ཀྱི་བུ་སུ་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་མི་འདོད་པ་དེ་དག་གིས་གཞན་གྱི་སྤྱོད་པ་ལ་ཁོང་ཁྲོ་བར་མི་བྱའོ། །དེའི་སྤྱོད་པ་ཐམས་ཅད་ལ་ཡིད་ཆེས་པར་བྱའོ། །འདི་སྙམ་དུ་ཕ་རོལ་གྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཅན་གྱི་སྤྱོད་པ་ནི་དཀའོ། །དེ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་གྱི་དབང་དེ་གཟིགས་ནས། དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་སྟོན་ཏེ། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། དེ་འམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་གཟུང་ངོ ། །རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལ་འང་བརྟག་པར་མི་བྱ་སྟེ། དེ་དག་ལ་འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་བྱ་བར་མི་བྱའོ། །ཉིན་མཚན་དུ་སངས་རྒྱས་ཀྱི་ཆོས་ལ་བརྩོན་པར་བྱའི། །རིགས་ཀྱི་བུ་ཆོས་ལ་བསྒོམས་པའི་ཡིད་ཀྱིས་བསམ་པ་ཐག་པ་ནས་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་ལ་བྱ་བར་བརྩོན་པར་མི་གནས་སོ། །རིགས་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས། བྱང་ཆུབ་སེམས
55.301a
དཔའ་གང་གཅིག་པུ་དབེན་པར་འདུག་སྟེ། ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་དུ་འང་ཆོས་ཐམས་ཅད་ཚུལ་གཅིག་པར་ཡིད་ཆེས་ཤིང་ཐ་ན་ཆུང་ངུ་དྲི་བ་འམ། དཔྱད་པ་འམ། ལུང་འབོག་པ་འམ། ཁ་ཏོན་བྱ་བའི་ཕྱིར་གནས་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཚུལ་འདི་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་འཐོབ་བོ། །སེམས་ཅན་ཐམས་ཅད་ལ་ཆགས་པ་དང ། ཁོང་ཁྲོ་བ་དང་བྲལ་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་འང་མྱུར་དུ་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ། ཇི་ཙམ་གྱིས་ན་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལས་མེད་ཅིང ། རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་འདོད་ཆགས་ཀྱི་མཐའ་ཡང་དག་པའི་མཐར་མཐོང་བ་དང ། ཞེ་སྡང་གི་མཐའ་ཡང་དག་པའི་མཐར་མཐོང་བ་དང ། གཏི་མུག་གི་མཐའ་ཡང་དག་པའི་མཐར་མཐོང་བ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་སེམས་ཅན་ཐམས་ཅད་དང ། ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །འཇམ་དཔལ་དེ་ཅིའི་ཕྱིར་ཞེ་ན། ལྟ་བ་ཡོད་ན་ལས་མངོན་པར་འདུ་བྱེད་པར་འགྱུར་ཏེ། འཇམ་དཔལ་བྱིས་པ་ཐོས་པ་མེད་པ་སོ་སོའི་སྐྱེ་བོ་ནི་ཆོས་ཐམས་ཅད་ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་པར་མི་ཤིས་པས། བདག་དང་གཞན་དུ་དམིགས་སོ། །དམིགས་ནས་ལུས་དང ། ངག་དང ། ཡིད་ཀྱིས་ལས་རྣམ
55.301b
པ་གསུམ་མངོན་པར་འདུ་བྱེད་དེ། དེ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པས་བདག་ནི་འདོད་ཆགས་སོ། །བདག་ནི་ཞེ་སྡང་ངོ ། །བདག་ནི་གཏི་མུག་གོ་ཞེས་རྣམ་པར་རྟོག་གོ། །གལ་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ན། དེ་འདི་སྙམ་དུ་བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །བདག་ནི་ཚངས་པར་སྤྱོད་པའོ། །བདག་གིས་འཁོར་བ་ལས་ཡང་དག་པར་འདའ་བར་བྱེད་དོ། །བདག་གིས་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱའོ། །བདག་གིས་ནི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ཐོབ་པར་བྱའོ་སྙམ་དུ་སེམས་ཤིང ། དེ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པས། ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་ཡོངས་སུ་ཤེས་པར་བྱའོ། །ཆོས་འདི་དག་ནི་སྤང་བར་བྱའོ། །ཆོས་འདི་དག་ནི་མངོན་དུ་བྱ་བའོ། །ཆོས་འདི་དག་ནི་བསྒོམ་པར་བྱའོ། །སྡུག་བསྔལ་ནི་ཤེས་པར་བྱའོ། །ཀུན་འབྱུང་བ་ནི་སྤང་བར་བྱའོ། །འགོག་པ་ནི་མངོན་དུ་བྱའོ། །ལམ་ནི་བསྒོམ་པར་བྱའོ་ཞེས་རྣམ་པར་རྟོག་གོ། །དེ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ཀུན་ནས་འབར་བའོ། །ཅི་ནས་ཀྱང་བདག་ནི་འདུ་བྱེད་རྣམས་ལས་འབྲོས་པར་བྱའོ་སྙམ་དུ་རྣམ་པར་རྟོག་སྟེ། དེ་དེ་ལྟར་རྟོག་པའི་ཚེ། སྐྱོ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ། མཚན་མ་སྔོན་དུ་བཏང་བ་དག་འབྱུང་སྟེ། དེ་འདི་སྙམ་དུ་གང་འདི་ཆོས་རྣམས་ཡོངས་སུ་ཤེས་པ་འདི་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ། །དེ་འདི་སྙམ་དུ་ཇི་ནས་ཀྱང་བདག་གིས་ཀུན་འབྱུང་བ་སྤང་བར་བྱའོ་ཞེས་དེ་ཆོས་ཐམས་ཅད་ལ་ངོ་མི་མཐོ་ཞིང་ཁྲེལ་བར་སེམས། འཇིགས་པ་དང ། རབ་ཏུ་འཇིགས་པ་དང ། ཡོངས་སུ་འཇིགས་པ་སྐྱེད་ཅིང ། དེ་འདི་སྙམ་དུ་གང་འདི་ཆོས་དེ་དག་ལས་ངོ་ཚ་བར་གྱུར་པ་དེ་ནི་ཀུན་འབྱུང་བ་སྤང་བའོ་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གིས་འགོག་པ་མངོན་དུ་བྱའོ། །སྙམ་ནས། དེ་ཆོས་དེ་དག་རྣམ་པར་བརྟགས་ནས་དེའི་འོག་ཏུ་དེ་དག་འགོག་པར་འདུ་ཤེས
55.302a
ཤིང ། དེ་འདི་སྙམ་དུ་གང་ཆོས་རྣམས་མངོན་དུ་བྱ་བ་དེ་ནི་འགོག་པ་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གིས་ལམ་བསྒོམ་པར་བྱའོ་སྙམ་སྟེ། དེ་གཅིག་པུ་དབེན་པར་སོང་ནས་ཆོས་དེ་དག་ཡིད་ལ་བྱས་པས་ཞི་གནས་འཐོབ་སྟེ། དེའི་སྐྱེ་བ་དང་ལྡན་པའི་ཡིད་ལ་བྱ་བ་དེ་དང ། ཞི་གནས་ཐོབ་པ་དེས་ཆོས་ཐམས་ཅད་ལས་སེམས་རབ་ཏུ་ཞུམ་པར་འགྱུར། སེམས་རབ་ཏུ་འགོང་བར་འགྱུར། སེམས་ཕྱིར་ལོག་པར་འགྱུར་ཞིང་ངོ་མི་མཐོ་སྟེ། ངོ་ཚ་ལ་རྣམ་པར་སྨོད་དེ། མངོན་པར་དགའ་བ་མེད་པ་སྐྱེད་དོ། །དེ་འདི་སྙམ་དུ་བདག་ནི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་སྟེ། བདག་གིས་དེ་ལས་གོང་དུ་བྱ་བ་གཞན་མེད་དོ། །བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་དམ་འཆའོ། །དེ་འཆི་བའི་དུས་ལ་བབ་པའི་ཚེ། བདག་སྐྱེ་བར་འགྱུར་བ་མཐོང་ནས། སངས་རྒྱས་ཀྱི་བྱང་ཆུབ་དུ་ནེམ་ནུར་དང་ཐེ་ཙོམ་དུ་གྱུར་ཏེ། དེ་ཐེ་ཙོམ་དུ་ལྟུང་བའི་སེམས་ཀྱིས་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེ་སྟེ། དེ་ཡང་མ་སྐྱེས་པའི་ཆོས་རྣམས་ལ་རྣམ་པར་བརྟགས་པའི་ཕྱིར་རོ།། །། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་ཅི་འདུ་བྱེད་ཐམས་ཅད་མ་སྐྱེས་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་སོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ཀུན་འབྱུང་བ་རབ་ཏུ་སྤངས་སོ། །གང་གིས་ཆོས་ཐམས་ཅད་ཤིན་དུ་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་དུ་བྱས་སོ། །གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས་ལམ་བསྒོམས་སོ། །འཇམ་དཔལ་གང་གིས་འཕགས་པའི་བདེན་པ་བཞི་དེ་ལྟར་མཐོང་བ་དེ་ནི། ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི
55.302b
ཡོངས་སུ་ཤེས་པར་བྱ་བའོ། །ཆོས་འདི་དག་ནི་སྤང་བར་བྱ་བའོ། །ཆོས་འདི་དག་ནི་མངོན་དུ་བྱ་བའོ། །ཆོས་འདི་དག་ནི་བསྒོམ་པར་བྱ་བའོ། ཆོས་འདི་དག་ནི་བགོམ་པར་བྱ་བའོ། །སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱ་བའོ། །ཀུན་འབྱུང་བ་ནི་སྤོང་བར་བྱ་བའོ། །འགོག་པ་ནི་མངོན་དུ་བྱ་བའོ། །ལམ་ནི་བསྒོམ་པར་བྱའོ་ཞེས་མི་རྟོག་རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར། ཞེ་ན། ཆོས་གང་དག་ལ་བྱིས་པ་སོ་སོའི་སྐྱེ་བོ་དག་འདོད་ཆགས་པ་དང ། ཞེ་སྡེང་བ་དང ། གཏི་མུག་པར་འགྱུར་བའི་ཆོས་དེ་དག་དེས་མ་སྐྱེས་པ་དང ། མེད་པ་དང ། ནོར་བ་དང ། ཡོངས་སུ་བརྟགས་པ་དང ། ཡོངས་སུ་བསྐྱེད་པར་མཐོང་བའི་ཕྱིར་ཏེ། དེ་ཆོས་གང་ཡང་མི་ལེན་མི་འདོར་རོ། །དེའི་སེམས་ནི་ཁམས་གསུམ་པ་ལ་ཆགས་པ་མེད་དེ། ཁམས་གསུམ་པ་ཐམས་ཅད་མ་སྐྱེས་པ་དང ། སྒྱུ་མ་ལྟ་བུ་དང ། རྨི་ལམ་ལྟ་བུ་དང ། བྲག་ཆ་ལྟ་བུ་དང ། མིགས་ཡོར་ལྟ་བུར་ཡང་དག་པར་མཐོང་ངོ ། །དེས་དགེ་བ་དང ། མི་དགེ་བའི་ཆོས་ཐམས་ཅད་ཀྱི་སྨིན་རྒྱུ་ལྟ་བུར་མཐོང་སྟེ། དེས་འདོད་ཆགས་ཀྱི་ཁམས་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་ངོ ། །དེ་བཞིན་དུ་ཞེ་སྡང་གི་ཁམས་དང ། གཏི་མུག་གི་ཁམས་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་ངོ ། །དེས་ཆོས་རྣམས་དེ་ལྟ་བུའི་རང་བཞིན་དུ་མཐོང་བས། སེམས་ཅན་ཐམས་ཅད་ལ་ཆགས་པ་དང ། ཁོང་ཁྲོ་བ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་གང་ལ་ཆགས་པར་བྱ་བ་དང ། ཁོང་ཁྲོ་བར་བྱ་བ་དེ་ལྟ་བུའི་ཆོས་མི་དམིགས་སོ། །དེ་ནམ་མཁའ་དང་མཉམ་པའི་སེམས་ཀྱིས་སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཆོས་དང་དགེ་འདུན་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས་ཆོས་གང་ལ་ཡང་ཐེ་ཙོམ་མི་སྐྱེད་དེ། ཐེ་ཙོམ་མེད་པས་ཉེ་བར་ལེན་པ་མེད་དོ། །ཉེ་བར་ལེན་པ་མེད་པས་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་འདས
55.303a
ཏེ། འཇམ་དཔལ་དེ་ལྟ་བུའི་ཆོས་ཤེས་པས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་དུ་མི་འོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་ཀྱང་མི་དམིགས་ན། དེ་བཞིན་གཤེགས་པ་དམིགས་པ་ལྟ་སྨོས་སུ་ག་ལ་ཡོད་དོ། དེ་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མ་འོངས་པའི་དུས་ན། དགེ་སློང་དག་འབྱུང་སྟེ། དེ་དག་མི་སྡུག་པའི་རྣམ་པས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་ཏོ། །སྐྱེ་བ་དང་འགག་པའི་རྣམ་པས་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་ཏོ། །སེམས་སྐྱེ་བ་དང ། འགག་པའི་ཆོས་ཅན་དུ་ལྟའོ་ཞེས་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་ཏོ། །གང་ལ་རིལ་པོའི་འདུ་ཤེས་མེད་པ་དེ་ལ་ཆོས་ཀྱི་འདུ་ཤེས་མེད་དོ་ཞེས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོ་ན་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོག་མོད། དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོ་དག་ནི་ཤེས་པར་དཀའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འོན་ཀྱང་དྲན་པ་ཉེ་བར་གཞག་པ་གཞག་པ་བསྒོམ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བགའ་སྩལ་པ། འཇམ་དཔལ་གང་གིས་ལུས་ནམ་མཁའ་དང་མཉམ་པར་མཐོང་ན། དེ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག
55.303b
པའོ། །འཇམ་དཔལ་གང་གིས་ཚོར་བ་ནང་དང ། ཕྱི་དང ། གཉིས་ཀ་མེད་པར་ཡང་མི་དམིགས་ན། དེ་ནི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་གང་གིས་སེམས་མིང་ཙམ་དུ་ཤེས་ན། དེ་ནི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །འཇམ་དཔལ་གང་གིས་དགེ་བ་དང་མི་དགེ་བའི་ཆོས་མ་དམིགས་ན། དེ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པའོ། །འཇམ་དཔལ་དྲན་མ་ཉེ་བར་གཞག་པ་བཞི་ནི་དེ་ལྟར་བལྟའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་ལྔ་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་བྱུང་བའི་ཕྱིར། མ་སྐྱེས་པར་མཐོང་ན། དེ་ནི་དད་པའི་དབང་པོའོ། །འཇམ་དཔལ་གང་གིས་ཉེ་བ་དང་རིང་བའི་འདུ་ཤེས་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་ལ་སེམས་མི་གཏོང་ན། དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །འཇམ་དཔལ་གང་དམིགས་པ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་ལ་མི་འདོགས་ན། དེ་ནི་དྲན་པའི་དབང་པོའོ། །འཇམ་དཔལ་གང་ཆོས་ཐམས་ཅད་ལ་མི་སེམས་པ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པ་དང་བྲལ་ཞིང ། ཤེས་པ་དང་མི་ཤེས་པ་དང་བྲལ་བ་སྟེ། རང་བཞིན་གྱིས་སྟོང་པར་མཐོང་ན། དེ་ནི་ཤེས་རབ་ཀྱི་དབང་པོའོ། །འཇམ་དཔལ་དབང་པོ་ལྔ་དག་ནི་དེ་ལྟར་བལྟའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་རང་བཞིན་མེད་ཅིང་ཡིད་ལ་བྱར་མེད་པར་མཐོང་བ་འདི་ནི
55.304a
དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་དགེ་བ་དང་མི་དགེ་བ་དང ། ལུང་དུ་མ་བསྟན་པར་རབ་ཏུ་ཕྱེ་སྟེ་བརྟགས་ན་ཡོངས་སུ་མ་གྲུབ་པས་ཆོས་ཐམས་ཅད་མི་དམིགས་པ་འདི་ནི་ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་ཁམས་ཀྱི་འདུ་ཤེས་ཤིན་དུ་རིག་པའི་ཕྱིར་ཁམས་གསུམ་པ་མི་ལེན་མི་འདོར་བ་འདི་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་དགའ་བ་དང ། མི་དགའ་བ་ཤིན་དུ་རྟོགས་པའི་ཕྱིར། འདུ་བྱེད་ཐམས་ཅད་ལ་དགའ་བ་མི་སྐྱེད་པ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་དམིགས་པའི་དངོས་པོ་མི་དམིགས་ཏེ། ཆོས་ཐམས་ཅད་ལ་སེམས་བག་ཡངས་སུ་གྱུར་པ་འདི་ནི་བག་ཡངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་རྣམ་པར་བསྒོམ་པ་རྗེས་སུ་རྟོགས་པས་སེམས་མི་དམིགས་པ་འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །གང་ཆོས་ཐམས་ཅད་ལ་མི་གནས་མི་རྟེན་ལ། ཆགས་པར་མི་འགྱུར། ཤེས་པར་མི་འགྱུར་ཞིང་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། བཏང་སྙོམས་སུ་གནས་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དེ་ལྟར་བལྟའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཇི། །ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་མ་མཉམ་པ་མེད་ཅིང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས་བརྟག་ཏུ་མེད་ཅིང ། རྣམ་པར་བརྟག་ཏུ་མེད་ལ། ཡོངས་སུ་བརྟག་ཏུ་མེད་པར་མཐོང་བ་འདི་ནི་ཡང
55.304b
དག་པའི་རྟོག་པའོ། །འཇམ་དཔལ་གང་གིས་བརྗོད་དུ་མེད་པ་མཉམ་པ་ཉིད་ཤིན་དུ་བསྒོམས་པའི་ཕྱིར། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ། །འཇམ་དཔལ་གང་གིས་བྱེད་པ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་བྱ་བ་མེད་ཅིང་བྱེད་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། །འཇམ་དཔལ་གང་འཚོ་བ་མཉམ་པ་ཉིད་ལ་གནས་པའི་ཕྱིར། ཆོས་ཐམས་ཅད་མི་སོགས་མི་འབྲི་བ་འདི་ནི་ཡང་དག་པའི་འཚོ་བའོ། །འཇམ་དཔལ་གང་རྩོལ་བ་མེད་ཅིང་སྒྲུབ་པ་མེད་པའི་ཚུལ་གྱིས། ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པ་མེད་པ་འདི་ནི་ཡང་དག་པའི་རྩོལ་བའོ། །འཇམ་དཔལ་གང་དྲན་པའི་ལས་ཀྱིས་དབེན་པའི་ཕྱིར་ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང ། དྲན་པ་མེད་པ་འདི་ནི་ཡང་དག་པའི་དྲན་པའོ། །འཇམ་དཔལ་གང་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། རང་བཞིན་གྱིས་མཉམ་པར་བཞག་ཅིང ། འཁྲུག་པ་མེད་ལ་དམིགས་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །འཇམ་དཔལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དེ་ལྟར་བལྟ་སྟེ། འཇམ་དཔལ་གང་ལ་ལས་འཕགས་པའི་བདེན་པ་བཞི་དེ་ལྟར་ཤེས་ཤིང ། དྲན་པ་ཉེ་བར་གཞག་པ་བཞི་དང ། དབང་པོ་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལྟར་མཐོང་བ་དེ་ནི་ཟད་པ། རྒལ་བ། ཕ་རོལ་དུ་ཕྱིན་པ། ཐང་ལ་གནས་པ། བདེ་བར་གྱུར་པ། མི་འཇིགས་པ་རྙེད་པ་ཁུར་བོར་བ། རྡུལ་སྤྲུགས་པ། ཅི་དང་ཡང་བྲལ་བ། ཉོན་མོངས་པ་མེད་པ། དགྲ་བཅོམ་པ། དགེ་སྦྱོང ། བྲམ་ཟེ། ཁྲུས་བྱས་པ། མཐར་ཕྱིན་པ། གཙང་བ་ཤཱཀྱའི་བུ། སངས་རྒྱས་ཀྱི་སྲས། ཚེར་མ་ཕྱུང་བ། འོབས་བོར་བ། འོབས་ལས་རྒལ་བ། གསལ་ཤིང་ཕྱུང་བ། རིམས་དང་བྲལ་བ། དགེ་སློང ། འཕགས་པ་རྒྱལ་མཚན་རྫོགས་པ་ཞེས་བརྗོད་དོ། །འཇམ་དཔལ་དེ་ལྟ་བུའི་བཟོད་པ་དང་ལྡན་པའི་དགེ་སློང་ནི་འཇིག་རྟེན་ལྷ་དང་བཅས་པའི་སྦྱིན་པའི་གནས་ཡིན་ཏེ།
55.305a
དེ་ལ་འཐོབ་པ་དང ། བཀུར་སྟི་ཐམས་ཅད་ཀྱང་འོས་སོ། །འཇམ་དཔལ་དེ་ལྟ་བས་ན་དགེ་སློང་ཡུལ་གྱི་ཟས་དོན་ཡོད་པར་བཟའ་བར་འདོད་པ་དང ། བདུད་འདུལ་བར་འདོད་པ་དང ། འཁོར་བ་ལས་འདའ་བར་འདོད་པ་དང ། མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དང ། སྡུག་བསྔལ་ལས་བྲལ་བར་འདོད་པ་དང ། འཇིག་རྟེན་ལྷ་དང་བཅས་པའི་སྦྱིན་པའི་གནས་སུ་འགྱུར་བར་འདོད་པས་ཆོས་དེ་དག་ལ་དེ་ལྟར་བརྩོན་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ། ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ཆོས་མངོན་པར་རྟོགས་པ་ཐོས་པར་གྱུར་ནས་དེ་དག་གིས་བཅོམ་ལྡན་འདས་དང ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མེ་ཏོག་མན་ད་ར་བ་མང་པོས་མངོན་པར་གཏོར་ནས། འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་གང་གིས་ཆུང་ངུ་ན་བསྟན་པ་འདི་རྣ་ལམ་དུ་གྲག་པ་ཙམ་ཐོས་ཀྱང་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་རབ་ཏུ་བྱུང་བ་ལགས་ན། གང་གིས་ཐོས་ཏེ་མོས་ཤིང་ཡིད་ཆེས་པར་འགྱུར་བ་དང ། དེ་བཞིན་ཉིད་དུ་ནན་ཏན་དུ་བགྱིད་པ་དེ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས་གང་གིས་བསྟན་པ་འདི་ཐ་ན་རྣ་ལམ་དུ་གྲག་པ་ཙམ་དུ་ཐོས་ཀྱང་དེ་དག་ནི་མངོན་པའི་ང་རྒྱལ་མ་མཆིས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གཟུངས་ཀྱི་ཚིག་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཐོགས་པ་མ་མཆིས་པའི་སྤོབས་པ་ཐོབ་པར་འགྱུར་ཞིང ། སྒྲ་གང་གིས་ཀྱང་འཇིགས་པར་མི་འགྱུར་བ་དང ། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་དང ། སྦྱོར་བར་འགྱུར་བ་དང ། ཆོས་ཐམས་ཅད་ཚུལ་གཅིག་པར་རྫོགས་པར་འགྱུར་བ་དེ་ལྟ་བུའི་གཟུངས་ཀྱི་ཚུལ་གྱི་ཚིག་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེ་བས་ན་ཆོས་ཀྱི་སྒོ་གང་གིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཞིང ། མྱུར་དུ་མི་སྐྱེ་བའི་ཆོས
55.305b
ལ་བཟོད་པ་ཐོབ་པར་འགྱུར་བའི་ཕུར་པའི་ཚིག་དང ། ས་བོན་གྱི་ཚིག་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་འདི་ཉོན་ཅིག་།འཇམ་དཔལ་ཕུར་པའི་ཚིག་དང ། ས་བོན་གྱི་ཚིག་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དེ་ཡང་གང་ཞེ་ན། འཇམ་དཔལ་སེམས་ཅན་ཐམས་ཅད་སེམས་གཅིག་པ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དམིགས་པ་མི་དམིགས་པའི་ཕྱིར་སེམས་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་སེམས་ཅན་ཐམས་ཅད་ནི་འགྱུར་བ་གཅིག་གོ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་ཏུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཆགས་པ་མེད་པར་གཞོག་པ་སྟེ། ནམ་མཁའ་འགྱུར་བ་ཡིན་པས་དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་སེམས་ཅན་ཐམས་ཅད་ནི་སེམས་ཅན་གཅིག་པའོ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སེམས་ཅན་ཐམས་ཅད་ནི་མ་སྐྱེས་ཤིན་དུ་མ་སྐྱེས་ཤིང་མིང་མེད་ལ། ལམ་གཅིག་པ་དམིགས་སུ་མེད་པས། གཅིག་ཏུ་བསྟན་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་འདོད་ཆགས་ཤེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་ཏུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདོད་ཆགས་ནི་མི་གནས་པའི་ཚུལ་གྱི་ཆོས་ཀྱི་དབྱིངས་ལ་གནས་པ་སྟེ། མི་གཡོ་མི་འགུལ་ཞིང་རང་བཞིན་གྱིས་དབེན་པ་སྟེ། གཡོ་བ་མེད་པས་དེའི་ཕྱིར་ཕུར་པའི་ཚིག་གོ། །འཇམ་དཔལ་ཞེ་སྡང་ཞེས་བྱ་བ་འདི་ནི་རྡོ་རྗེའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་རྡོ་རྗེའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས
55.306a
སྩལ་པ། འཇམ་དཔལ་ཞེ་སྡང་ནི་དབྱེར་མེད་པ་སྟེ་འདི་ལྟར་དཔེར་ན། འཇམ་དཔལ་རྡོ་རྗེ་ནི་མི་ཕྱེད་མི་ཤིགས་པའོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་དངོས་པོ་མ་གྲུབ་པའི་ཕྱིར། གཞིག་ཏུ་མེད་ཅིང་དབྱེར་མེད་པ་སྟེ། དེའི་ཕྱིར་འདི་ནི་རྡོ་རྗེའི་ཚིག་གོ། །འཇམ་དཔལ་གཏི་མུག་ཅེས་བྱ་བ་འདི་ནི་ཡེ་ཤེས་ཀྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཡེ་ཤེས་ཀྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཡེ་ཤེས་ཀྱིས་གྲུབ་ཅིང་མི་ཤེས་པ་དང་བྲལ་བ་སྟེ། འདི་ལྟར་དཔེར་ན། འཇམ་དཔལ་ནམ་མཁའ་ནི་ཤེས་པ་དང་ལྡན་པ་ཡང་མ་ཡིན། མི་ཤེས་པ་དང་ལྡན་པ་ཡང་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཤེས་པ་དང་ལྡན་པ་ཡང་མ་ཡིན། མི་ཤེས་པ་དང་ལྡན་པ་ཡང་མ་ཡིན། ཤེས་པར་བྱ་བའི་རང་བཞིན་ཤིན་ཏུ་ཞི་བའི་ཕྱིར་ཤེས་པ་ཡང་མ་ཡིན། མི་ཤེས་པ་ཡང་མ་ཡིན་དེའི་ཕྱིར་ཡེ་ཤེས་ཀྱི་ཚིག་ཅེས་བྱའོ། །འཇམ་དཔལ་གཟུགས་ཤེས་བྱ་བ་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། དབང་པོའི་ཕུར་པ་ནི་རབ་ཏུ་གནས་པའི་ཕྱིར་མི་གཡོ་མི་འགུལ་ལོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་མི་གནས་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལ་གནས་པ་ནི་འགྲོ་བ་དང་འོང་བ་མེད་དེ། བླང་དུ་མེད་ཅིང་རྩོལ་བ་མེད་ལ་ཤིན་དུ་བརྟན་པའི་ཕྱིར་མི་གནས་པ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཚོར་བ་ཞེས་བྱ་བ་འདི་ནི་ཞི་བའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཞི་བའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཤིན་དུ་ཞི་བ་སྟེ། ཚོར་བ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། ཤར་ཕྱོགས་ན་ཡང
55.306b
མེད། ལྷོ་ཕྱོགས་ན་ཡང་མེད། ནུབ་ཕྱོགས་ན་ཡང་མེད། བྱང་ཕྱོགས་ན་ཡང་མེད། སྟེང་ན་ཡང་མེད། འོག་ན་ཡང་མེད། ཕྱོགས་མཚམས་རྣམས་ན་ཡང་མེད་དོ། །འཇམ་དཔལ་གལ་ཏེ་བདེ་བའི་ཚོར་བ་ནང་ན་ཡོད་ན་ནི། སེམས་ཅན་ཐམས་ཅད་ཀྱང་བདེ་བས་ཤིན་དུ་བདེ་བར་འགྱུར་རོ། །འཇམ་དཔལ་འོན་ཏམ་གལ་ཏེ་སྡུག་བསྔལ་གྱི་ཚོར་བ་ནང་ན་ཡོད་ན་ནི། སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་གྱིས་ཤིན་དུ་སྡུག་བསྔལ་བར་འགྱུར་རོ། །འཇམ་དཔལ་གལ་ཏེ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནང་ན་ཡོད་ན་ནི་སེམས་ཅན་ཐམས་ཅད་ཀྱང་ཤིན་དུ་རྨོངས་པར་འགྱུར་རོ། །འཇམ་དཔལ་གང་གི་ཕྱིར་ཚོར་བ་ཐམས་ཅད་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། ཤར་ཕྱོགས་ན་ཡང་མེད། ལྷོ་ཕྱོགས་ན་ཡང་མེད། ནུབ་ཕྱོགས་ན་ཡང་མེད། བྱང་ཕྱོགས་ན་ཡང་མེད། སྟེང་ན་ཡང་མེད། འོག་ན་ཡང་མེད། ཕྱོགས་མཚམས་རྣམས་ན་ཡང་མེད་པས། དེའི་ཕྱིར་སེམས་ཅན་ཐམས་ཅད་ནི་རྩཝ་ཤིང་དང ། བརྩིག་པ་ལྟ་བུ་སྟེ། རང་བཞིན་གྱིས་མ་སྐྱེས་ཤིང་འགག་པ་མེད་པར་མཚན་ཉིད་མཉམ་པ་སྟེ། དེའི་ཕྱིར་དེ་ནི་ཞི་བའི་ཚིག་གོ། །འཇམ་དཔལ་འདུ་ཤེས་ཤེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདུ་ཤེས་དེ་ཡོངས་སུ་བརྟགས་པ་ལས་བྱུང་བ་སྟེ། ལོག་པ་ལས་བྱུང་བ། ཆད་པ་སྟོང་པ་ལྟ་བུ། སྨིག་རྒྱུའི་ངོ་བོ་ཉིད་རང་བཞིན་གྱིས་དབེན་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་འདུ་བྱེད་ཅེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་བགྲང་དུ་མེད་ཅིང ། བགྲང་བ་མཉམ་པ་ཉིད་དང་ལྡན་པ། ཆུ་ཤིང་གི་སྙིང་པོ་ལྟ་བུ་སྟེ། འཇམ་དཔལ་འདི་ལྟར་དཔེར་ན།
55.307a
ཆུ་ཤིང་གི་སྙིང་པོ་ནི་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཤིན་དུ་མེད་ཅིང་མི་དམིགས་སོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་ཞིང་མིང་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། མ་སྐྱེས་པ། མ་བྱུང་བ། སྟོང་པ། མཚན་ཉིད་མེད་པ། ནམ་མཁའ་དང་སོར་མོ་ལྔ་ལྟ་བུ་མིང་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་གཟུགས་ཤེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན། མིག་ཡོར་ནི་སྣང་བ་ལ་ཡོད་པ་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཐམས་ཅད་ནི་སྣང་བ་ལ་ཡོད་པ་མ་ཡིན་ཏེ། མིག་བསླུ་བ། སེམས་བསླུ་བ། གསོག་།གསོབ། བརྫུན་པ། སྒྱུ་མའི་ཆོས་ཅན་ཏེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་སྒྲ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཐ་དད་དུ་བྱར་མེད་ཅིང་གཉིས་སུ་མེད་པ་སྟེ། རིའི་སྒྲའི་ཚིག་གི་ལམ་བྲག་ཅ་དང་འདྲ་བ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་དྲི་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་སྣ་དང་དྲི་དང ། རྣམ་པར་ཤེས་པ་མི་དམིགས་པའི་ཕྱིར་མནམ་དུ
55.307b
མེད་ཅིང་རང་བཞིན་གྱིས་བླུན་ལ། ནམ་མཁའ་དང་འདྲ་བ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་རོ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ་།གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་རང་བཞིན་དང ། ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་བསམ་གྱིས་མི་ཁྱབ་ཅིང་རོའི་ཁམས་མི་དམིགས་པས་རོ་དམིགས་སུ་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་རེག་ཅེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་དབེན་པ་དང ། ལུས་ཤིན་ཏུ་བསྙོམས་པ་དང ། རེག་བྱ་འབྱུང་བ་མེད་པ་དང ། རེག་པ་དབེན་པའི་ཕྱིར་རེག་པ་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་ས་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་སེམས་དང་བྲལ་བ། སེམས་མེད་པ། ངོ་བོ་ཉིད་མེད་པ། ཡོངས་སུ་མ་གྲུབ་པ། མིང་དང་བྲལ་བ། མཚན་ཉིད་ཀྱིས་དབེན་པ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་ཆུ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཆུ་མེད་པ་སྟེ། མ་འདྲེས་ཤིང་བླ་ན་མེད་པ། སྨིག་སྒྱུའི་ཆུ་ལྟ་བུ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་མེ་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས
55.308a
ཐམས་ཅད་ནི་ཚ་བ་མེད་པ་སྟེ། ཡོངས་སུ་གདུང་བ་དང་བྲལ་བ། རང་བཞིན་གྱིས་མེད་པ། ངོ་བོ་ཉིད་ཀྱིས་ཞི་བ། ཕྱིན་ཅི་ལོག་གིས་ཡོངས་སུ་བརྟགས་པ་ཤིན་དུ་མ་སྐྱེས་པ་སྟེ་དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་རླུང་ཞེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་གཡོ་བ་དང་ཡང་དག་པར་བྲལ་བའི་ཕྱིར་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་སྟེ། རླུང་གི་ལམ་ལས་ཡང་དག་པར་འདས་ཤིང་མཚན་ཉིད་མེད་ལ་ངོ་བོ་ཉིད་མེད་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་སངས་རྒྱས་ཤེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་འཚང་རྒྱ་བར་བྱེད་པ་མེད་པ་སྟེ། སངས་རྒྱས་པ་མེད། རྗེས་སུ་སངས་རྒྱས་པ་མེད། རྫོགས་པར་སངས་རྒྱས་པ་མེད། འཚང་རྒྱ་བར་ཉེ་བ་དང་བྲལ་བ། འཚང་རྒྱ་བར་བྱེད་པས་དབེན་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་ཆོས་ཤེས་བྱ་བ་འདི་ནི་ས་བོན་གྱི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ས་བོན་གྱི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དབྱེར་མེད་ཅིང་བཅད་དུ་མེད་པ་སྟེ། གཅད་པ་དང་བྲལ་བ་འཆད་པས་དབེན་པ། མིང་མེད་པ། མཚན་མ་མེད་པ། མཚན་ཉིད་མེད་པ། ངོ་བོ་ཉིད་མེད་པ་ཚིག་གི་ལམ་ལས་ཡང་དག་པར་འདས་པ་སྟེ། དེའི་ཕྱིར་དེ་ནི་ས་བོན་གྱི་ཚིག་གོ། །འཇམ་དཔལ་དགེ་འདུན་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འཕགས་པའི་དགེ་འདུན་ནི་ཆོས་ཉིད་ལ་ཤིན་དུ་གནས
55.308b
པ། ཆོས་ཀྱི་དབྱིངས་དང ། ཡང་དག་པའི་མཐའ་དང ། ཚུལ་ཁྲིམས་དང ། ཚུལ་ཁྲིམས་འཆལ་པ་མཉམ་པ་ཉིད་དང ། ཏིང་ངེ་འཛིན་དང ། འཁྲུགས་པ་མཉམ་པ་ཉིད་དང ། ཤེས་རབ་དང ། ཤེས་རབ་འཆལ་པ་མཉམ་པ་ཉིད་དང ། རྣམ་པར་གྲོལ་བ་དང ། ཀུན་ནས་ཉོན་མོངས་པ་མཉམ་པ་ཉིད་ལ་ཤིན་དུ་གནས་ཤིང ། གནས་དང ། གནས་མ་ཡིན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་རབ་ཏུ་གནས་པས། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་ཡུལ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ནམ་མཁའི་ཡུལ་བསམ་གྱིས་མི་ཁྱབ་པའི་ཡུལ། ཡུལ་མེད་པ། ཡུལ་ཡང་དག་པར་ཆད་པ། དངོས་པོ་མེད་པ། ཆད་པ་དང་བྲལ་བའི་ཕྱིར་དབང་དང་བྲལ་བ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་དམིགས་པ་མེད་དོ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་གནས་པ་མེད་ཅིང་རྟེན་པ་ཡང་མེད་པ་སྟེ། དེ་དག་ནི་དམིགས་པས་དབེན་པའི་ཕྱིར་མི་དམིགས། རྣམ་པར་མི་དམིགས། མི་སྦྱོར་རྣམ་པར་མི་སྦྱོར་ཡོངས་སུ་མི་སྦྱོར་བ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ལེན་པ་མེད་དོ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་ཞེན་པ་སྟེ། དེ་དག་ནི་མ་འདོར་མི་ལེན་མི་ཚོལ། མི་སྨོན་ཅིང་སྨོན་པ་ཡང་དག་པར་ཆད་པ། རང་བཞིན་གྱིས་རྣམ་པར་ཞི་བ། ནམ་མཁའ
55.309a
དང་མཉམ་ཞིང་འདྲ་བ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་ཅེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དྲི་མ་མེད་པ་སྟེ། ཅི་འང་མ་ཡིན་ཡང་དག་པ། འོད་གསལ་བ་སྟེ། ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤིན་དུ་དག་པ། ཉོན་མོངས་པ་མི་དམིགས་པའི་ཕྱིར་ཉོན་མོངས་པ་མེད་པ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་གཞི་མེད་པ་ཞེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དངོས་པོ་མེད་ཅིང་དབང་དང་བྲལ་བས་དེ་དག་ལ་ཀུན་གཞི་མེད་པ་སྟེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །འཇམ་དཔལ་ཆོས་ཐམས་ཅད་ནི་བསླབ་པ་མེད་ཅེས་བྱ་བ་འདི་ནི་ཕུར་པའི་ཚིག་གོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ཕུར་པའི་ཚིག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་བསླབ་པ་དང་བྲལ་བ་སྟེ། དེ་དག་ནི་བསླབ་པར་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན། བསམ་པར་བྱ་བ་མ་ཡིན། ཡིད་ལ་བྱ་བ་མ་ཡིན། གནས་པར་བྱ་བ་མ་ཡིན། འགྲོ་བར་བྱ་བ་མ་ཡིན། ནན་ཏན་དུ་བྱ་བ་མ་ཡིན། ལོག་པའི་ནན་ཏན་དུ་བྱ་བ་མ་ཡིན་སྤང་བར་བྱ་བ་མ་ཡིན་མངོན་དུ་བྱ་བ་མ་ཡིན་བཤགས་པར་བྱ་བ་མ་ཡིན། རབ་ཏུ་བཤགས་པར་བྱ་བ་མ་ཡིན། དགོད་པར་བྱ་བ་མ་ཡིན། དགྲོལ་བར་བྱ་བ་མ་ཡིན། བརྗོད་པར་བྱ་བ་མ་ཡིན། སྨོས་པར་བྱ་བ་མ་ཡིན། གཟུང་བར་བྱ་བ་མ་ཡིན། གཏང་བར་བྱ་བ་མ་ཡིན། རབ་ཏུ་གཏང་བར་བྱ་བ་མ་ཡིན། ཡོངས་སུ་གཏང་བར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས
55.309b
ཐམས་ཅད་ནི་ཤིན་དུ་བཏང་བ། རང་བཞིན་གྱིས་མ་ཡིན། རྟག་པར་བཏང་བ་སྟེ། དེ་དག་ནི་ཤེས་པས་ཁོང་དུ་ཆུད་པར་བྱ་བ་མ་ཡིན། མི་ཤེས་པས་ཁོང་དུ་ཆུད་པར་བྱ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་ནི་ཕུར་པའི་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕུར་པའི་ཚིག་ལས་བརྩམས་ཏེ། བདག་ཀྱང་སྤོབས་པ་སྐྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སྤོབས་པ་སྐྱེད་ཅིག་།འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པའོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐོབ་པ་མ་མཆིས་པ། ཡང་དག་པར་ཐོབ་པ་མ་མཆིས་པ། རྗེས་སུ་ཐོབ་པ་མ་མཆིས་པ། ཐོབ་པར་བགྱི་བ་དང་བྲལ་བ། རྟོགས་པར་བགྱི་བ་མ་མཆིས་པ། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མ་མཆིས་པའི་རྗེས་སུ་འབྲང་བ་སྟེ། དེའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ་ཞེས་བགྱི་སྟེ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་སུ་ལ་ཡང་ཐོབ་པར་བགྱི་བའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་ཅན་གྱི་རང་བཞིན་ཏེ། དེའི་སླད་དུ
55.310a
ཞེ་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་ཅན་གྱི་རང་བཞིན་ཏེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་ངོ་བོ་ཉིད་མ་མཆིས་ཤིང་ངོ་བོ་ཉིད་དང་བྲལ་བ་སྟེ། ངོ་བོ་ཉིད་གཅིག་པའི་མཚན་ཉིད་པས། དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་ཀྱི་རྗེས་སུ་མཆིས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ཞེས་བགྱི་བའི་ཚིག་གི་དོན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཞི་བའི་སྙིང་པོའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྙིང་པོའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་སྙིང་པོའོ། །ཆོས་ཐམས་ཅད་གཟུང་དུ་མེད་པའི་སྙིང་པོའོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་སྙིང་པོ་སྟེ། འཇམ་དཔལ་དེ་ནི་བྱང་ཆུབ་ཀྱི་སྙིང་པོའི་ཚིག་གི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སེམས་ཅན་ཐམས་ཅད་སྙིང་པོ་དེ་དང་རྟག་པར་ལྡན་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་རྣམ་གྲངས་དེས་ཀྱང་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བཟོད་པ་ཐོབ་བོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར
55.310b
པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་མི་ཟད་པའི་ཆོས་དང་མི་འགྲིབ་པའི་ཆོས་དང ། མི་སྐྱེ་བའི་ཆོས་ཅན་ཏེ། མིང་གི་མཚན་ཉིད་ཀྱིས་དབེན་པའི་བཟོད་པ་མཉམ་པ་ཉིད་ཀྱི་རྗེས་སུ་མཆིས་པ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་སྤོབས་པ་ཅན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་གང་ཅིའང་རུང་སྟེ། གང་དང་གང་སྤོབས་པར་གྱུར་པ་དེ་དང་དེ་ནི་ཕྱོགས་བཅུ་ཀུན་ལ་འང་མ་མཆིས་ཏེ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་སྒྲིབ་པ་མ་མཆིས་པ་མཉམ་པ་ཉིད་ཀྱི་རྗེས་སུ་མཆིས་ཤིང་དབེན་ལ་རང་གི་མཚན་ཉིད་ལ་གནས་པས་དེ་ལྟར་དེ་དག་མ་མཆིས་པ་ལགས་ཏེ། བཅོམ་ལྡན་འདས་རྣམ་གྲངས་དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་གཟུངས་ཐོབ་བོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་འདུ་ཤེས་ཅན་ཏེ། ཡང་དག་པ་མ་ལགས་པར་ཡོངས་སུ་བརྟགས་པའི་ཕྱིན་ཅི་ལོག་གི་རྟོག་པས་མཚན་མར་འཛིན་པའི་སླད་དུ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་རྣམས་འཛིན་པ་དེའི་སླད་དུ་དེ་ནི། ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་སེམས་ཅན་མ་མཆིས་པ་སྟེ། རང་བཞིན་གྱིས་གནོད་སེམས་མ་མཆིས་ཤིང་སེམས་དང
55.311a
བྱམས་པ་རྟག་ཏུ་མ་མཆིས་པ་མཉམ་པ་ཉིད་ཐོབ་པས་དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་མ་བཅོས་མ་བགྱིས་པའི་སྙིང་རྗེ་ཅན་ཏེ། དེ་བཞིན་གཤེགས་པའི་མཉམ་པ་ཉིད་ལས་མ་འདས་པ་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་དང་ལྡན་པས། དེའི་སླད་ཏུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་ཏིང་ངེ་འཛིན་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་དམིགས་པས་དབེན་པའི་སླད་ཏུ་རང་བཞིན་དང་ལྡན་པ་སྟེ། བཅོམ་ལྡན་འདས་དམིགས་པ་གང་གིས་སེམས་ཅན་གང་གི་རྣམ་པར་ཤེས་པ་འབྱུང་བ་དེ་ནི་དམིགས་པ་དེ་ལ་མ་འཁྲུགས་པ་སྟེ། དེའི་སླད་དུ་བཅོམ་ལྡན་འདས་དམིགས་པའི་རྣམ་པར་ཤེས་པ་རྣམས་སྐད་ཅིག་མའི་སླད་ཏུ་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ་།བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་འདོད་ཆགས་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ནི་འདོད་ཆགས་དང་ལྡན་པ་སྟེ། འདོད་ཆགས་ཀྱི་ངོ་བོ་ཉིད་དང་ལྡན་ཞིང་རྗེས་སུ་རྟོགས་པས་མཉམ་པ་ཉིད་ལས་མ་འདས་ཏེ། དགྱེས་ཤིང་རབ་ཏུ་དགྱེས་ལ་རྣམ་པར་དགྱེས་ཏེ་ཉོན་མོངས་པ་མི་མངའ་བས་ན། བཅོམ་ལྡན་འདས་འདོད་ཆགས་ཉིད་ནི་བྱང་ཆུབ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདོད་ཆགས་ཀྱི་ངོ་བོ་ཉིད་རྗེས་སུ་རྟོགས་པས་བྱང་ཆུབ་ཅེས་བགྱི་སྟེ། དེའི་སླད་དུ
55.311b
དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེ་སྡང་དང་ལྡན་པའོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེ་སྡང་མཉམ་པ་ཉིད་ལ་བཞུགས་ཤིང ། འདུ་བྱེད་ཐམས་ཅད་ཀྱི་སྐྱོན་ཡང་དག་པར་སྟོན་པ་སྟེ། ཞེ་སྡང་གི་ངོ་བོ་ཉིད་རྗེས་སུ་རྟོགས་པས་ཞེ་སྡང་དང་ལྡན་པ་ཞེས་བགྱི་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏི་མུག་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏི་མུག་གི་ངོ་བོ་ཉིད་རྗེས་སུ་རྟོགས་པས། གཏི་མུག་མཉམ་པ་ཉིད་ལ་བཞུགས་ཤིང་མིང་ཐམས་ཅད་ལས་འགྲེལ་པ་སྟེ། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་ཚོགས་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་ཚོགས་ལ་བཞུགས་པ་སྟེ། འཇིག་ཚོགས་མི་སྐྱེ་མི་འབྱུང་བར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་ཀྱིས་རྒྱས་པར་མི་འགྱུར། རྣམ་པར་རྒྱས་པར་མི་འགྱུར། ཡོངས་སུ་རྒྱས་པར་མི་འགྱུར་ཏེ། མི་བཞུགས་པའི་ཚུལ་གྱིས་བཞུགས་པས་དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལོག་པར་ལྟ་བ་དང་ལྡན་ནོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག
55.312a
ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུས་བྱས་ལོག་པར་ཡང་དག་པར་སྟོན་ཅིང ། འདུས་བྱས་ཡང་དག་པ་མ་ལགས་པར་སྟོན། འདུས་བྱས་ནོར་བར་ཡང་དག་པར་སྟོན་པ་སྟེ། ལོག་པར་ལྟ་བའི་ངོ་བོ་ཉིད་མཚན་ཉིད་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པས། འདུས་བྱས་ཐམས་ཅད་གསོབ་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་དུ་སྟོན་པ་མཛད་པས། དེའི་སླད་དུ་དེ་ནི་ཕུར་པའི་ཚིག་གོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕྱིན་ཅི་ལོག་ལ་གནས་ཏེ། བྱང་ཆུབ་བརྙེས་སོ་ཞེས་བགྱི་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྒྲིབ་པ་ལ་གནས་འདོད་པའི་ཡོན་ཏན་ལྔ་ལ་གནས། འདོད་ཆགས་ལ་གནས། ཞེ་སྡང་ལ་གནས། གཏི་མུག་ལ་གནས་ཏེ་བྱང་ཆུབ་བརྙེས་སོ་ཞེས་བགྱི་བ་འདི་ནི་ཕུར་པའི་ཚིག་གོ། །བཀའ་སྩལ་པ། འཇམ་དཔལ་ཅིའི་ཕྱིར་དེ་ཕུར་པའི་ཚིག་ཅེས་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གནས་ཞེས་བགྱི་བ་འདི་ནི་ལོག་པར་གནས་པའི་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ལོག་པར་གནས་པ་ཞེས་བྱ་བའི་ཚིག་གི་དོན་ཅི། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ལོག་པར་གནས་པ་སྨད་པར་གནས་པ། གཡོ་བ་རབ་ཏུ་གཡོ་བ་ཞེས་བགྱི་བ་འདི་ནི། སེ་སོའི་སྐྱེ་བོ་རྣམས་ཀྱི་ཚིག་བླ་དགས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདོད་ཆགས་མཉམ་པ་ཉིད་དང ། ཞེ་སྡང་མཉམ་པ་ཉིད་དང ། གཏི་མུག་མཉམ་པ་ཉིད་དང ། འདོད་པའི་ཡོན་ཏན་ལྔ་མཉམ་པ་ཉིད་དང ། སྒྲིབ་པ་མཉམ་པ་ཉིད་དང ། ཕྱིན་ཅི་ལོག་མཉམ་པ་ཉིད་ལ་ཡང་དག་པར་བཞུགས་ཤིང་ལེགས་པར་བཞུགས་པ་སྟེ། དེ་དག་ནི་འདོད་ཆགས་ཀྱི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེ་སྡང་གི་ངོ་བོ་ཉིད་ཀྱི་གནས་ན
55.312b
བཞུགས་གཏི་མུག་གི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་འདོད་པའི་ཡོན་ཏན་ལྔའི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་སྒྲིབ་པའི་ངོ་བོ་ཉིད་ཀྱི་གནས་ན་བཞུགས། ཕྱིན་ཅི་ལོག་གི་ངོ་བོ་ཉིད་ཀྱི་གནས་ན་བཞུགས་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ལ་གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པའོ་ཞེས་ཟེར་ཞིང་དེ་སྐད་ཅེས་འདྲི་ན། ལན་ཅི་སྐད་གདབ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ལ་ལ་ཞིག་གིས་བདག་ལ་དེ་སྐད་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པའོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་ཅེས་འདྲི་བ་དེ་ལ་བདག་གིས་འདི་སྐད་བགྱི་སྟེ། རེ་ཤིག་དགེ་བའི་བཤེས་གཉེན་དག་ལ་རིམ་གྲོ་གྱིས་ཤིག་།རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག་།ཆོས་གང་ལ་ཡང་སྦྱར་བ་དང ། དབྱེ་བ་མ་བྱེད་ཅིག་།གཟུང་བ་དང ། གཏང་བར་མ་བྱེད་ཅིག་།དམིགས་པ་དང ། རྣམ་པར་དམིགས་པར་མ་བྱེད་ཅིག་།བཏང་སྙོམས་དང་སྦྱར་བར་མ་བྱེད་ཅིག་།ཚོལ་བ་དང་སྨོན་པར་མ་བྱེད་ཅིག་།ཆོས་གང་ལ་ཡང་རབ་ཅེ་འམ། ཐ་མ་ཞེ་འམ། མཆོག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག་དང ། དེའི་འོག་ཏུ་དེ་བཞིན་གཤེགས་པའི་ཡུལ་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡུལ་ནི་བསམ་གྱིས་མི་ཁྱབ་པ་སྟེ། ཡུལ་དང་བྲལ་ཞིང་ཡུལ་མེད་པ། ཡུལ་ཐམས་ཅད་དང་ཡང
55.313a
དག་པར་བྲལ་བ། ཆོས་ཡང་དག་པར་ཆད་པའོ་ཞེས་བགྱིའོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་དེ་སྐད་ཅེས་ལུང་བསྟན་ན་ཅི་ཞིག་ལུང་བསྟན་པར་འགྱུར། གསོལ་པ། བཅོམ་ལྡན་འདས་བདག་གིས་དེ་སྐད་ཅེས་ལུང་བསྟན་པས་ཆོས་གང་ཡང་ལུང་བསྟན་པར་གྱུར་པ་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་ཚེ། ཆོས་ལ་ལའི་སྐྱེ་བ་འམ་འགག་པ་གང་ཡང་གཟིགས་སམ། བཀའ་སྩལ་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་གང་མ་སྐྱེས་ཤིང་མ་བྱུང་ལ། དགེ་བའི་ཆོས་དང་ལྡན་པ་འང་མ་ལགས། མི་དགེ་བའི་ཆོས་དང་ལྡན་པ་འང་མ་ལགས་པ་དེ་ལ་ཡོངས་སུ་ཤེས་པར་བགྱི་བ་ནི་གང་ཞིག་མཆིས། སྤང་བ་ནི་ཅི་ཞིག་མཆིས། བསྒོམ་པ་ནི་གང་ཞིག་མཆིས། མངོན་དུ་བགྱི་བ་ནི་གང་ཞིག་མཆིས། མངོན་པར་རྟོགས་པར་བགྱི་བ་ཡང་གང་ཞིག་མཆིས། དེ་ནས་སྟེང་གི་བར་སྣང་ལས་ལྷའི་བུ་སྟོང་ཕྲག་བཅུས། དེ་བཞིན་གཤེགས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷ་རྫས་ཀྱི་མེ་ཏོག་ཨུད་པ་ལ་དང ། ཀུ་མུ་ད་དང ། པུན་ད་རི་ཀ་དང ། མན་ད་ར་བ་དང ། མན་ད་ར་བ་ཆེན་པོ་དང ། མཉྫུ་ཤེ་ཀ་དང ། མཉྫུ་ཤེ་ཀ་ཆེན་པོས་མངོན་པར་གཏོར། རབ་ཏུ་གཏོར་ནས། བཅོམ་ལྡན་འདས་དང ། འཇམ་དཔལ་གྱི་ཞབས་ལ་ཕྱག་འཚལ་ཞིང་འདི་སྐད་ཀྱི་ཚིག་བརྗོད་པར་གྱུར་ཏེ། བཅོམ་ལྡན་འདས་འདི་ནི་ཆགས་པ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མི་གཉིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དངོས་པོ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཉོན་མོངས་པ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དེ་བཞིན་ཉིད་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །
55.313b
བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་དབྱིངས་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཡང་དག་པའི་མཐའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དམ་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མཆོག་གི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཕུལ་གྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་བླ་ན་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ཆོག་གིས་བདག་ལ་མ་རྟོག་རྣམ་པར་མ་རྟོག་ཤིག་།ཁོ་བོས་ནི་ཆོས་གང་ཡང་དམ་པ་ཞེས་བྱ་བ་འམ། མཆོག་ཅེས་བྱ་བ་འམ། ཕུལ་ཞེས་བྱ་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ ། །ལྷའི་བུ་དག་ཁོ་བོ་ནི་འདོད་ཆགས་ཀྱི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་དཔལ་ལོ། །ཁོ་བོ་ནི་ཞེ་སྡང་གི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་དཔལ་ལོ། །ཁོ་བོ་ནི་གཏི་མུག་གི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་དཔལ་ལོ། །ལྷའི་བུ་དག་ཁོ་བོ་ནི་འདོད་ཆགས་ལས་ཡོངས་སུ་འདས་པ་མ་ཡིན། ཞེ་སྡང་ལས་ཡོངས་སུ་འདས་པ་མ་ཡིན། གཏི་མུག་ལས་ཡོངས་སུ་འདས་པ་མ་ཡིན་ཏེ། ལྷའི་བུ་དག་བྱིས་པ་སོ་སོའི་སྐྱེ་བོ་དག་ནི་འདའ་ཞིང་ཡོངས་སུ་འདའ་བ་དང ། རྣམ་པར་འདའ་བ་དག་བྱེད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་གང་ལ་ཡང་འཕོ་བ་འམ། འགྲོ་བ་འམ། འདའ་བ་མེད་དོ། །ལྷའི་བུ་རྣམས་ཀྱིས་སྨྲས་པ། འཇམ་དཔལ་འོ་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་མི་གནོན་ཏམ། ས་བཅུ་རྗེས་སུ་མི་གནོན་ཏམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་ཇི་སྙམ་དུ་སེམས། སྒྱུ་མས་སྤྲུལ་པའི་སེམས་དང
55.314a
སེམས་ལས་བྱུང་བ་དག་སངས་རྒྱས་ཀྱི་ཆོས་རྣམ་པར་གནོན་ཅིང་ས་བཅུ་རྗེས་སུ་གནོན་པ་ཡོད་དམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཇམ་དཔལ་སྒྱུ་མའི་སྐྱེས་བུ་ལ་གནས་ཀྱང་མེད་ན། སངས་རྒྱས་ཀྱི་ཆོས་རྣམ་པར་གནོན་པ་འམ། ས་རྗེས་སུ་གནོན་པ་ལྟ་ག་ལ་ཡོད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། དེ་དག་ནི་གནོན་པ་མེད། རྣམ་པར་གནོན་པ་མེད། ཡོངས་སུ་གནོན་པ་མེད་དེ་འདའ་བ་མེད་དོ། །ལྷའི་བུ་དག་གིས་སྨྲས་པ། འོ་ན་འཇམ་དཔལ་ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་ཇི་སྙམ་དུ་སེམས། བྱིས་པ་སོ་སོའི་སྐྱེ་བོ་འདོད་ཆགས་ཀྱིས་ཀུན་ནས་གླགས་པ་ཞིག་བྱང་ཆུབ་ཀྱི་སྙིང་པོར་འདུག་ན་ཐམས་ཅད་མཁྱེན་པའི་ཡེས་ཤེས་དང་ལྡན་པར་འགྱུར་རམ། ལྷའི་བུ་དག་གིས་སྨྲས་པ། ཅི་འཇམ་དཔལ་འོ་ན་ཁྱོད་འདོད་ཆགས་ཀྱིས་ཀུན་ནས་ཀླགས་པའི་བྱིས་པ་སོ་སོའི་སྐྱེ་བོ་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ཏེ། བདག་ནི་འདོད་ཆགས་ཀྱིས་ཀུན་ནས་ཀླགས་པའོ། །ཞེ་སྡང་གིས་ཀུན་ནས་ཀླགས་པའོ། །གཏི་མུག་གིས་ཀུན་ནས་ཀླགས་པའོ། །བདག་ནི་མུ་སྟེགས་ཅན་གཞན་ནོ། །ལོག་པ་ལ་ཞེན་པའོ། །ལྷའི་བུ་དག་གིས་སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ། དེ་སྐད་དུ་བདག་ནི་འདོད་ཆགས་ཀྱིས་ཀུན་ནས་ཀླགས་པའོ། །ཞེ་སྡང་གིས་ཀུན་ནས་ཀླགས་པའོ། །གཏི་མུག་གིས་ཀུན་ནས་ཀླགས་པའོ་ཞེས་སྨྲ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དེ་ནི་ཇི་ལྟར་མི་གནས་པའི་ཚུལ་གྱིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར། ཇི་ལྟར་ཕྱོགས་བཅུ་ཀུན་དུ་གནས་མེད་པ་དེ་ལྟར་གནས་སོ། །ལྷའི་བུ་དག་གིས་སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་མུ་སྟེགས
55.314b
ཅན་གཞན་ཞེས་བྱ་བ་ཡིན། སྨྲས་པ། ལྷའི་བུ་དག་ཁོ་བོ་ནི་མུ་སྟེགས་ཅན་གཞན་དུ་མི་འགྲོ་སྟེ། དེའི་ཕྱིར་མུ་སྟེགས་ཅན་གཞན་ཞེས་བྱའོ། །ལྷའི་བུ་དག་གིས་སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་ལོག་པ་ལ་ཞེན་ཅེས་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་ཁོ་བོས་ནི་ཆོས་ཐམས་ཅད་ལོག་པར་ཤེས་ཏེ། ཡང་དག་པ་མ་ཡིན་ཞིང་ནོར་ལ་ཡོངས་སུ་བརྟགས་པར་ཁོང་དུ་ཆུད་པས། དེའི་ཕྱིར་ཁོ་བོ་ནི་ལོག་པ་ལ་ཞེན་པའོ། །དེ་ནས་དེའི་ཚེ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གིས། འཇམ་དཔལ་གྱིས་བསྟན་པ་དེ་ཐོས་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། རྡོ་རྗེའི་ཚིག་དང ། ས་བོན་གྱི་ཚིག་དང ། ཕུར་བའི་ཚིག་རྣམ་པ་འདི་ལྟ་བུ་དག་གང་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཀྱང་ཐོབ་པར་བྱ་བ་ལེགས་པར་ཐོབ་པ་ཡིན་ནོ། གང་གིས་ཐོས་ནས་མོས་པར་གྱུར་བ་དང ། ཡིད་ཆེས་པ་དང ། ལུང་འབོགས་པ་དང ། ཁ་ཏོན་བྱེད་པ་དང ། འཛིན་པ་དང ། ཀློག་པ་དང ། སྟོན་པ་དང ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་ཐོགས་པ་མེད་པའི་སྤོབས་པ་རྗེས་སུ་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་རོ། ཚུལ་གཅིག་ཏུ་བསྟན་པ་ལ་མཁས་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་དང་སྦྱོར་བར་འགྱུར་རོ།། །། བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་སླད་མ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་འདི་ལྟ་བུའི་ཆོས་ཐོས་ན། མི་འཇིགས་མི་དངང ། སྐྲག་པར་མི་འགྱུར་བ་དང ། སྒྲ་ཐམས་ཅད་རྟོགས་པར་འཚལ་བར་འགྱུར་བ་དང ། ཐོགས་པ་མ་མཆིས་ཤིང ། ཐེ་ཙོམ་མ་མཆིས་པར་བགྱི་བའི་སླད་དུ་སྒྲ་དང་ཚིག་ལ་འཇུག་པའི་རིག་པ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པ་ལ་འདི་སྐད་ཅེས་བཀའ
55.315a
སྩལ་ཏོ། །ལྷའི་བུ་ཁྱོད་ལ་གནས་དེ་དྲིས་པས་ཅི་ཞིག་བྱ། ཆོག་མོད་སྒྲ་དང ། སྐད་ལ་འཇུག་པའི་རིག་པ་དེ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཤེས་པའམ། ཁོང་དུ་ཆུད་པའམ། བསམ་པའམ། གཞལ་བའམ། དཔྱད་པར་སླ་བ་མ་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་མདུན་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། ལྷའི་བུ་སྒྲ་དང་སྐད་ལ་འཇུག་པ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པའི་ཚིག་ཡང་དག་པ་མ་ཡིན་པའི་ངག་གིས་མི་སྙན་པ་བརྗོད་དེ། སྤྱོས་པས་དེ་ལ་ཁོང་ཁྲོ་བའི་སེམས་མི་སྐྱེད་དོ། །གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་གོས་དང ། ཟས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་རྩི་དང ། ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ཀྱང་དེ་ལ་ཆགས་པའི་སེམས་མི་འབྱུང་སྟེ། ལྷའི་བུ་འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པ། ཟག་པ་ཟད་པ་ནི་ཆགས་པར་བྱ་བའི་གནས་ཀྱི་ཆོས་ཐམས་ཅད་ལ་ཡང་ཆགས་པར་མི་འགྱུར། ཁོང་ཁྲོ་བར་བྱ་བའི་གནས་ཀྱི་ཆོས་ཐམས་ཅད་ལ་ཡང་ཁོང་ཁྲོ་བར་མི་འགྱུར་རོ། །ལྷའི་བུ་དེ་བཞིན་དུ་སྒྲ་དང ། སྐད་ལ་འཇུག་པ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ཡང ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་ཀྱང ། དེ་ལ་ཆགས་པའི་སེམས་མི་སྐྱེད་དོ། །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པ་ཡང་དག་པ་མ་ཡིན་པའི་ཚིག་གིས་མི་སྙན་པར་བརྗོད་དེ། སྤྱོས་ཀྱང་ཁོང་ཁྲོ་བའི་སེམས་མི་སྐྱེད་དོ། །ལྷའི་བུ་དེ་ལྟར་སྒྲ་དང ། སྐད་ལ་འཇུག་པ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ནི་ཐོབ་པ་དང ། མ་ཐོབ་པ་དང ། ་
55.315b
གྲགས་པ་དང ། མ་གྲགས་པ་དང ། བསྟོད་པ་དང ། སྨད་པ་དང ། བདེ་བ་དང ། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྐྱོད་མི་འཕྲོགས་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཟིལ་གྱིས་གནོན་ཅིང ། རིའི་རྒྱལ་པོ་ལྟར་མི་སྒུལ་བར་གནས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོན་ཀྱང་མ་བྱུང་བའི་དུས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་སྦྱངས་པ། འདུ་ཤེས་བྱང་བ་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་གིས་སྒྲ་དང་སྐད་ལ་འཇུག་པའི་རིག་པ་འདི་ཐོས་ན། རང་གི་སྐྱོན་ཡང་རྟོགས་པར་འགྱུར། གཞན་ལ་ཡང་སྟོན་པར་འགྱུར་ན། བཅོམ་ལྡན་འདས་སྒྲ་དང ། སྐད་ལ་འཇུག་པའི་རིག་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དེ་བས་ན་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང ། དོན་འདི་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས། ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་སྒྲ་ལ་ཉེས་པའི་འདུ་ཤེས་སུ་འགྱུར་ཞིང་འདོད་ཆགས་དང་བྲལ་བའི་སྒྲ་ལ་ཆགས་པའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཞེ་སྡང་གི་སྒྲ་ལ་ཁ་ན་མ་ཐོ་བའི་འདུ་ཤེས་སུ་འགྱུར་ཞིང ། ཞེ་སྡང་དང་བྲལ་བའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །གཏི་མུག་གི་སྒྲ་ལ་ཁ་ན་མ་ཐོ་བའི་འདུ་ཤེས་སུ་འགྱུར་ཞིང ། གཏི་མུག་དང་བྲལ་བའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ
55.316a
བོ། །འདོད་པ་ཆུང་བའི་སྒྲ་ལ་ཆགས་ཤིང་འདོད་པ་ཆེ་བའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །ཆོག་ཤེས་པའི་སྒྲ་ལ་ཆགས་ཤིང ། ཆོག་མི་ཤེས་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སྡོམ་པའི་སྒྲ་ལ་ཆགས་ཤིང ། མི་སྡོམ་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །གཅིག་པུར་དགའ་བའི་སྒྲ་ལ་ཆགས་ཤིང ། སྐྱེ་བོ་ཕལ་པོ་ཆེའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སངས་རྒྱས་ཀྱི་སྒྲ་ལ་ཆགས་ཤིང ། མུ་སྟེགས་ཅན་གྱི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །ཚངས་པར་སྤྱོད་པའི་སྒྲ་ལ་ཞེན་ཅིང ། ཚངས་པར་མི་སྤྱོད་པའི་སྒྲ་ལ་ཞེ་སྡང་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །ཀུན་ནས་ཉོན་མོངས་པའི་སྒྲ་ལ་ཁོང་ཁྲོ་ཞིང ། རྣམ་པར་བྱང་བའི་སྒྲ་ལ་ཆགས་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །འབྲས་བུ་ལ་གནས་པའི་སྒྲ་ལ་ཆགས་ཤིང ། བྱིས་པ་སོ་སོའི་སྐྱེ་བོའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །བདེ་བའི་སྒྲ་ལ་ཆགས་ཤིང ། སྡུག་བསྔལ་གྱི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །རབ་ཏུ་བྱུང་བའི་སྒྲ་ལ་ཆགས་ཤིང ། ཁྱིམ་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །འཇིག་རྟེན་ལས་འདས་པའི་སྒྲ་ལ་ཆགས་ཤིང ། འཇིག་རྟེན་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སྦྱིན་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང ། སེར་སྣའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཚུལ་ཁྲིམས་ཀྱི་སྒྲ་ལ་ཆགས་པའི་འདུ་ཤེས་སུ་འགྱུར་ཞིང ། ཚུལ་ཁྲིམས་འཆལ་པའི་སྒྲ་ལ
55.316b
ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བཟོད་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང ། གནོད་སེམས་ཀྱི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བརྩོན་འགྲུས་བརྩམས་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང ། ལེ་ལོའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བསམ་གཏན་གྱི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང ། འཁྲུག་པའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཤེས་རབ་ཀྱི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ཞིང ། ཤེས་རབ་འཆལ་པའི་སྒྲ་ལ་ཁོང་ཁྲོ་བའི་འདུ་ཤེས་སུ་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཉེ་བའི་སྒྲ་ལ་ཆགས་ཤིང ། རིང་བའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །འཁོར་བའི་སྒྲ་ལ་ཁ་ན་མ་ཐོ་བའི་འདུ་ཤེས་སུ་འགྱུར་ཞིང ། མྱ་ངན་ལས་འདས་པའི་སྒྲ་ལ་ལེགས་པའི་འདུ་ཤེས་སུ་འགྱུར་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །ཚུ་རོལ་གྱི་སྒྲ་ལ་ཁོང་ཁྲོ་ཞིང་ཕ་རོལ་གྱི་སྒྲ་ལ་ཆགས་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །གྲོང་གི་སྒྲ་ལ་ཁ་ན་མ་ཐོ་བར་འདུ་ཤེས་པར་གྱུར་ཅིང ། དགོན་པའི་སྒྲ་ལ་ཆགས་པར་གྱུར་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །གཅིག་པུར་སྤྱོད་པའི་སྒྲ་ལ་ཆགས་ཤིང ། འདུ་འཛིར་སྤྱོད་པའི་སྒྲ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །དགེ་སློང་གི་སྤྱོད་པ་ལ་ཆགས་ཤིང ། ཁྱིམ་པའི་སྤྱོད་པ་ལ་ཁོང་ཁྲོ་ན། སྒྲ་དང་སྐད་ལ་འཇུག་པའི་རིག་པ་ལ་མི་སློབ་བོ། །སྤྱོད་ལམ་གྱི་བྱ་བ་ལ་ཆགས་ཤིང ། སྤྱོད་ལམ་མ་ཡིན་པའི་བྱ་བ་ལ་ཁོང
55.317a
ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཚུལ་དུ་ཤིས་པ་ལ་ཆགས་ཤིང ། ཚུལ་དུ་མི་ཤིས་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཚུལ་ཁྲིམས་ཀྱི་སྤྱོད་པ་ལ་ཆགས་ཤིང ། ཚུལ་ཁྲིམས་འཆལ་པའི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །མ་འདྲེས་པའི་སྤྱོད་པ་ལ་ཆགས་ཤིང ། འདྲེས་པའི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །འདོད་ཆགས་དང་བྲལ་བའི་སྤྱོད་པ་ལ་ཆགས་ཤིང ། འདོད་ཆགས་ཀྱི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །ཞེ་སྡང་མེད་པའི་འདུ་ཤེས་ལ་ཆགས་ཤིང ། ཞེ་སྡང་གི་འདུ་ཤེས་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །གཏི་མུག་དང་བྲལ་བའི་འདུ་ཤེས་ལ་ཆགས་ཤིང ། གཏི་མུག་གི་འདུ་ཤེས་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །སྟོང་པ་ཉིད་ལ་ཆགས་ཤིང ། དམིགས་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །མཚན་མ་མེད་པ་ལ་ཆགས་ཤིང ། མཚན་མ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །སྨོན་པ་མེད་པ་ལ་ཆགས་ཤིང ། སྨོན་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཆགས་ཤིང ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་སྤྱོད་པ་ལ་ཁོང་ཁྲོ་ན། སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སློབ་བོ། །བྱང་ཆུབ་སེམས་དཔའ་ལ་ལྟུང་བས་རྒོལ་ན། བྱང་ཆུབ་ལས་རིང་དུ་འགྱུར་ཏེ། ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་ཏོ། །སྤྱོད་པ་ལ་འཕྱ་ན་བྱང་ཆུབ་ལས་རིང་དུ་འགྱུར་རོ། །སྤྱོད་ལམ་གྱིས་རྒོལ་ན་བྱང་ཆུབ་ལས་རིང་དུ་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་དམའ་བའི་འདུ་ཤེས་བསྐྱེད་དེ། བདག་ལ་ཆེ་བའི་འདུ་ཤེས་བསྐྱེད་ན། བདག་ལ་རྨ་འབྱུང་སྟེ། ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འཛིན
55.317b
ཏོ། །འདི་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་གདམས་ཤིང་རྗེས་སུ་བསྟན་ན་སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ། གདམས་ཤིང་རྗེས་སུ་བསྟན་པར་བྱའོ། །གལ་ཏེ་དེས་བྱང་ཆུབ་ཡོངས་སུ་བཏང་ཞེ་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་པར་མི་བྱའོ། །ལྷའི་བུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་གཉིས་པ་ལ་བརྟེན་ཏེ། འཆད་པར་འགྱུར་བ་དེ་ལྟར་གང་གིས་ཀྱང་ཡོངས་སུ་འཆད་པར་མི་འགྱུར་རོ། །ལྷའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྲུང་བར་འདོད་ཅིང ། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱོང་བར་འདོད་པ་དང ། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་མྱུར་དུ་ཐོབ་པར་འདོད་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐམས་ཅད་ལ་ཕྱག་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པའི་དོན་བདག་གིས་འཚལ་ཏེ་འདོད་ཆགས་ཀྱི་སྒྲ་དང ། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །ཞེ་སྡང་གི་སྒྲ་དང ། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །གཏི་མུག་གི་སྒྲ་དང ། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །མུ་སྟེགས་ཅན་གྱི་སྒྲ་དང ། སངས་རྒྱས་ཀྱི་སྒྲ་དེ་ནི་མཚུངས་པའོ། །འདོད་པ་ཆུང་བའི་སྒྲ་དང ། འདོད་པ་ཆེ་བའི་སྒྲ་དེ་ནི་མཚུངས་པའོ། །ཆོག་ཤེས་པའི་སྒྲ་དང ། ཆོག་མི་ཤེས་པའི་སྒྲ་དེ་ནི་མཚུངས་པའོ། །སྡོམ་པའི་སྒྲ་དང ། མི་སྡོམ་པའི་སྒྲ་དེ་ནི་མཚུངས་པའོ། །གཅིག་པུར་དགའ་བའི་སྒྲ་དང ། འདུ་འཛིའི་སྒྲ་དེ་ནི་མཚུངས་པའོ། །ཚུ་རོལ་གྱི་སྒྲ་དང ། ཕ་རོལ་གྱི་སྒྲ་དེ་ནི་མཚུངས་པའོ། །རིང་བའི་སྒྲ་དང ། ཉེ་བའི་སྒྲ་དེ་ནི་མཚུངས་པའོ། །འཁོར་བའི་སྒྲ་དང ། མྱ་ངན་ལས་འདས་པའི་སྒྲ་དེ་ནི་མཚུངས་པའོ། །གྲོང་གི་སྒྲ་དང ། དགོན་པའི་སྒྲ་དེ་ནི་མཚུངས་པའོ། །སྦྱིན་པའི་སྒྲ
55.318a
དང ། སེར་སྣའི་སྒྲ་དེ་ནི་མཚུངས་པའོ། །ཚུལ་ཁྲིམས་ཀྱི་སྒྲ་དང ། ཚུལ་ཁྲིམས་འཆལ་པའི་སྒྲ་དེ་ནི་མཚུངས་པའོ། །བཟོད་པའི་སྒྲ་དང ། གནོད་སེམས་ཀྱི་སྒྲ་དེ་ནི་མཚུངས་པའོ། །བརྩོན་འགྲུས་ཀྱི་སྒྲ་དང ། ལེ་ལོའི་སྒྲ་དེ་ནི་མཚུངས་པའོ། །བསམ་གཏན་གྱི་སྒྲ་དང ། འཁྲུག་པའི་སྒྲ་དེ་ནི་མཚུངས་པའོ། །ཤེས་རབ་ཀྱི་སྒྲ་དང ། ཤེས་རབ་འཆལ་པའི་སྒྲ་དེ་ནི་མཚུངས་པའོ། །དེ་ནས་ལྷའི་བུ་པད་མོ་རྣམ་པར་རོལ་བའི་མངོན་པར་ཤེས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅིའི་ཕྱིར་ན་དེ་དག་མཚུངས་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདོད་ཆགས་ཀྱི་སྒྲ་ལ་ཁྱོད་ཇི་ལྟར་སེམས། ལྷའི་བུས་སྨྲས་པ། བྲག་ཅ་དང་འདྲ་བར་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འོ་ན་སངས་རྒྱས་ཀྱི་སྒྲ་ཁྱོད་ཀྱིས་ཇི་ལྟར་ཤེས། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ཡང་སྒྲ་བརྙན་གྱི་མཉམ་པ་ཉིད་ལས་མ་འདས་པའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་དེ་དག་ནི་མཚུངས་པ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་སྔོན་ལས་དང་པོ་བའི་ས་ལ་གནས་ཤིང་འདི་ལྟ་བུའི་ཚུལ་ཁོང་དུ་མ་ཆུད་པའི་ཚེ། ལས་ཀྱི་སྒྲིབ་པ་ཇི་ལྟ་བུ་དག་མངོན་པར་འདུ་བྱས་པ་ལུང་སྟོན་ཅིག་དང་འཇམ་དཔལ་དེས་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔར་དམ་འཆའ་བ་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་ཀྱང ། དེ་ལྟ་བུའི་ལས་ཀྱི་སྒྲིབ་པ་ཐོབ་པ་དང ། རང་རང་སྲུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཅི་སྨན་བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དེ་ལྟ་བུའི་སུག་ལས་ཀྱི་སྒྲིབ་པའི་ནོངས་པ་ཐོས་ན། ཡིད་མི་བདེ་བར
55.318b
ཡང་འགྱུར་ལ་སུག་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་ཏུ་ལགས་ཀྱང ། ཆོས་ཐམས་ཅད་ལ་སྒྲིབ་པ་འཐོབ་པར་འགྱུར་ལགས་པ་སྙམ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན། བསྐལ་པ་གྲངས་མ་མཆིས་པ་ཤིན་ཏུ་བགྲང་བ་ལས་འདས་པ། ཡངས་པ། ཚད་མ་མཆིས་པ། བསམ་གྱིས་མི་ཁྱབ་པ་དེའི་ཕ་རོལ། དེའི་ཡང་ཕ་རོལ་དེའི་དུས་དེའི་ཚེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་ང་རོ་རྔ་སྒྲའི་རྒྱལ་པོ་ཞེས་བགྱི་བ། རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་དགུང་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་གྱུར་ཏོ། །ཐེག་པ་ནི་གསུམ་གྱིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ནི་སྣང་བ་ཆེན་པོ་ཅན་ཞེས་བགྱི་སྟེ། འཇིག་རྟེན་གྱི་ཁམས་དེ་ན་ཞུགས་ཤིང་ངམ། ལྡུམ་བུ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པར་གྱུར་ཏེ། ཞུགས་ཤིང་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ་འབྱུང་སྟེ། གང་འདི་སྟོང་པ་ཉིད་ཀྱི་སྒྲ་དང ། མཚན་མ་མ་མཆིས་པའི་སྒྲ་དང ། སྨོན་པ་མ་མཆིས་པའི་སྒྲ་དང ། སྐྱེ་བ་མ་མཆིས་པའི་སྒྲ་དང ། དངོས་པོ་མ་མཆིས་པའི་སྒྲ་དང ། མཚན་ཉིད་མ་མཆིས་པའི་སྒྲ་དང ། རྣམ་པ་དེ་ལྟ་བུའི་སྒྲ་དག་འབྱུང་སྟེ་སྒྲ་འབྱུང་བ་དེ་དག་གིས་སེམས་ཅན་དེ་དག་མངོན་པར་རྟོགས་པ་འཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་ཚོགས་དང་པོ་ནི་དགེ་སློང་བྱེ་བ་དགུ་བཅུ་རྩ་དགུའི་ཚོགས་སུ་གྱུར་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ
55.319a
བས་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །ཚོགས་གཉིས་པ་ནི་དགེ་སློང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་ཚོགས་སུ་གྱུར་ཏོ། །ཚོགས་གསུམ་པ་ནི་དགེ་སློང་བྱེ་བ་ཕྲག་དགུ་བཅུ་རྩ་གསུམ་གྱི་ཚོགས་སུ་གྱུར་ཏོ། །ཚོགས་བཞི་པ་ནི་དགེ་སློང་བྱེ་བ་ཕྲག་དགུ་བཅུའི་ཚོགས་སུ་གྱུར་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་བས་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་གི་ཚོགས་སུ་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱང་གྲངས་དེ་སྙེད་དུ་གྱུར་ཏེ། ཐམས་ཅད་ཀྱང་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང་ལྡན་པ་ཚུལ་སྣ་ཚོགས་པ་བསྒྲུབ་པ་ལ་མཁས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྙེན་བཀུར་བ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་རྣམ་པར་གྲགས་པ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡང་དག་པར་སྒྲོལ་བ། སྒོ་མཐའ་ཡས་པའི་གཟུངས་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་བསྒྲུབ་པ་ལ་མཁས་པ་ཤ་སྟག་གི་ཚོགས་སུ་གྱུར་ཏེ། དེ་མ་ལགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པ་དང ། ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་གི་རྒྱན་དུ་གྱུར་པ་དེ་དག་ནི་ཚིག་གིས་བརྗོད་པར་སླ་བ་མ་ལགས་སོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་དགུང་ལོ་སྟོང་ཕྲག་དྲུག་ཅུའི་བར་དུ་གནས་པར་གྱུར་ཏེ། ཞུགས་ཤིང་དེ་དག་ལས་ཀྱང་སྒྲ་དེ་དག་དེ་སླན་ཆད་མི་འབྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་དེའི་ཚེ་དགེ་སློང་བྱང་ཆུབ་སེམས་དཔའ་ཆོས་སྨྲ
55.319b
བ་རབ་ཏུ་དགའ་བའི་དབང་པོ་ཞེས་བགྱི་བ་བྱུང་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོ་དེ་ནི་སྔོན་སྤྱོད་སྤྱོད་པ་སྟེ། སྤྱོད་ལམ་བཅོས་མི་འཚལ་བ་འཇིག་རྟེན་པའི་ཆོས་ཐམས་ཅད་ལས་སླར་ལོག་པ་མ་མཆིས་པ་སྟེ། སེམས་ཅན་དེ་དག་ཀྱང་དབང་པོ་རྣོ་ཞིང་ཕྱེ་བ་ཙམ་གྱིས་འཚལ་ལ་ཟབ་མོ་ལ་མོས་པ་ཤ་སྟག་སྟེ། དེ་ནི་སེམས་ཅན་དེ་དག་ལ་འདོད་པ་ཆུང་བའི་བསྔགས་པ་ཡང་མི་རྗོད། ཆོག་ཤེས་པ་དང ། སྡོམ་པ་དང ། གཅིག་པུར་དགའ་བའི་བསྔགས་པ་ཡང་མི་རྗོད། འདུ་འཛི་མ་མཆིས་པའི་བསྔགས་པ་ཡང་མི་རྗོད་ཅིང ། དེས་སེམས་ཅན་དེ་དག་ལ་ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་ངོ་བོ་ཉིད་དོ་ཞེས་བགྱི་བར་བསྟན། ཆོས་ཐམས་ཅད་ནི་ཞེ་སྡང་གི་ངོ་བོ་ཉིད་དོ་ཞེས་བགྱི་བར་བསྟན། ཆོས་ཐམས་ཅད་ནི་གཏི་མུག་གི་ངོ་བོ་ཉིད་དོ་ཞེས་བགྱི་བར་བསྟན། ཆོས་ཐམས་ཅད་ནི་སྒྲིབ་པ་མེད་པའོ་ཞེས་བགྱི་བར་བསྟན་ཏེ། དེས་ཐབས་དེས་སྤྱོད་པ་ཐམས་ཅད་ཀྱང་མཚན་ཉིད་གཅིག་པའོ་ཞེས་བགྱི་བར་བསྟན་ནས། སེམས་ཅན་ཐབས་དེ་ལྟ་བུས་བསྟན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེའི་སྤྱོད་པ་ལ་མི་དགའ་བར་མ་གྱུར་ཏེ། ཁོང་ཁྲོ་བའི་སེམས་མ་མཆིས་པ་དེ་དག་བཟོད་པའི་ས་ཐོབ་པར་གྱུར། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་མི་ཕྱེད་ཅིང་ངེས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་རྒྱལ་བའི་བློ་གྲོས་ཞེས་བགྱི་བ་བྱུང་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་རྒྱལ་བའི་བློ་གྲོས་ཞེས་བགྱི་བ་དེ་ནི་བསམ་གཏན་བཞི་ཐོབ་པ། གཟུགས་མ་མཆིས་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་སྟེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ཀྱིས་འདུལ་བར་གྱུར་པ་དེ་དག་ནི་སྐྱོན་འཛིན་ཅིང་སྐྱོན་རྗོད་པ། བློ་མི་བརྟན་པ་ཤ་སྟག་ཏུ་གྱུར་ཏེ། བཅོམ་ལྡན་འདས་དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་བསོད་ནམས་ལ་སྤྱོད་པ་ཞིག་གི་ཚེ། མ་རིག་ནས་བྱང་ཆུབ་སེམས་དཔའ
55.320a
རབ་ཏུ་དགའ་བའི་དབང་པོའི་བསླང་བའི་གྲོང་དེར་མཆིས་ཏེ། དེས་དེ་ན་ཁྱིམ་བདག་གི་བུའི་གནས་ཤིག་མཆིས་པར་མཐོང་ནས། ཁྱིམ་བདག་གི་བུ་གང་ན་བ་དེར་མཆིས་ནས་ཕྱིན་པ་དང ། སྟན་བཏིང་བ་ལ་མཆིས་ཏེ། ཁྱིམ་བདག་གི་བུ་དེ་ལ་འདོད་པ་ཆུང་བའི་བཀའ་མཆིད་བརྗོད། ཆོག་ཤེས་པའི་བཀའ་མཆིད་བརྗོད། སྡོམ་པའི་བཀའ་མཆིད་བརྗོད། འདུ་འཛིའི་ནོངས་པ་བརྗོད། གཅིག་པུར་དགའ་བའི་བསྔགས་པ་བརྗོད། འདུ་འཛི་མ་མཆིས་པའི་བསྔགས་པ་བརྗོད་ནས། ཁྱིམ་བདག་གི་བུ་དེའི་མདུན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོ་ལ་མི་སྙན་པ་རྗོད་པ་དགེ་སློང་དེས་ནི་སྐྱེ་བོ་མང་པོ་ལོག་པར་བསྟན་ཏོ། །དགེ་སློང་དེས་ནི་སྐྱེ་བོ་མང་པོ་ལོག་པར་ལྟ་བར་བྱས་སོ། །དགེ་སློང་དེ་ནི་འདུ་འཛིའི་ནང་ན་རྣམ་པར་སྤྱོད་པ་སྟེ། འདོད་ཆགས་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཞེ་སྡང་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །གཏི་མུག་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་ནི་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ་ཞེས་བརྗོད་པ་དང ། ཁྱིམ་བདག་གི་བུ་དེ་ཡང་དབང་པོ་རྣོ་བ་བཟོད་པ་ཐོབ་པ་ཞིག་སྟེ། དེས་དགེ་སློང་དེ་ལ་སྨྲས་པ། བཙུན་པ་ཁྱོད་ཀྱིས་འདོད་ཆགས་ཇི་ལྟར་མཁྱེན། དེས་སྨྲས་པ། ཁྱིམ་བདག་གི་བུ་འདོད་ཆགས་ནི་ཀུན་ནས་ཉོན་མོངས་པར་ཤེས་སོ། །སྨྲས་པ། བཙུན་པ་འོ་ན་འདོད་ཆགས་དེ་ནང་ན་མཆིས་སམ། ཕྱི་རོལ་ན་མཆིས། སྨྲས་པ། འདོད་ཆགས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་དོ། །སྨྲས་པ། བཙུན་པ་དེ་ལྟར་འདོད་ཆགས་ནང་ན་ཡང་མ་མཆིས། ཕྱི་རོལ་ན་ཡང་མ་མཆིས་ཤར་ཕྱོགས་ན་ཡང་མ་མཆིས། ལྷོ་ཕྱོགས་ན་ཡང་མ་མཆིས། ནུབ་ཕྱོགས་ན་ཡང་མ་མཆིས། བྱང་ཕྱོགས་ན་ཡང་མ་མཆིས། སྟེང་ན་ཡང་མ་མཆིས། འོག་ན་ཡང་མ་མཆིས། ཕྱོགས་མཚམས་རྣམས་ན་ཡང་མ་མཆིས་ཏེ། ་
55.320b
དེ་ལྟ་ལགས་ན་དེ་ནི་མ་སྐྱེས་པ་ལགས་ཏེ། གང་ལ་མ་སྐྱེས་པ་དེ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའང་ཅི་ཞིག་མཆིས། དེ་ནས་དགེ་སློང་རྒྱལ་བའི་བློ་གྲོས་ཀྱིས་བསྟན་པ་དེ་ཐོས་ནས་འཁྲུགས་ཏེ་ཤིན་ཏུ་མི་དགའ་ནས། བསོད་སྙོམས་ཀྱང་མ་བླངས་པར་སྟན་ལས་ལངས་ཏེ་མཆིས་སོ། །འདི་སྐད་ཀྱི་ཚིག་ཀྱང་རྗོད་དེ། ཀྱེ་མ་དགེ་སློང་དེས་ནི། སྐྱེ་བོ་མང་པོ་ལོག་པར་བསྟན་ཏོ་ཞེས་ཀྱང་བརྗོད་ནས་དེ་ཁྱིམ་དེ་ནས་བྱུང་སྟེ། དགོན་པ་ལོགས་སུ་མཆིས་སོ། །དེ་སླད་ཀྱིས་གཙུག་ལག་ཁང་དུ་མཆིས་ནས་དགེ་སློང་ལྷག་མ་རྣམས་ལ་ཡང་བསྒོའོ། །དགེ་འདུན་གྱི་ནང་དུ་ཡང་དགེ་སློང་དེ་མཐོང་ནས། འདི་སྐད་དུ་དགེ་སློང་འདི་ནི་སྐྱེ་བོ་མང་པོ་ལོག་པར་སྟོན་ཅིང ། འདི་ནི་འདོད་ཆགས་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཞེ་སྡང་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །གཏི་མུག་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་སྒྲིབ་པ་མེད་དོ་ཞེས་སྟོན་ཏོ་ཞེས་བགྱིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོ་དེ་འདི་སྙམ་དུ་གྱུར་ཏེ། དགེ་སློང་འདིས་ནི་གདོན་མི་ཟ་བར་ལས་ཀྱི་སྒྲིབ་པ་བསགས་པར་གྱུར་གོར་མ་ཆག་ན་དེ་ལ་བདག་གིས་ཟབ་མོའི་གཏམ་བྱའོ། །དེས་ནི་མ་ནུས་ནའང་འདིའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པའི་རྒྱུ་ཙམ་དུའང་འགྱུར་རོ་སྙམ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བའི་དབང་པོས། དགེ་སློང་གི་དགེ་འདུན་ཐམས་ཅད་གཅིག་ཏུ་འདུན་པར་བགྱིས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདོད་ཆགས་མྱ་ངན་འདས་པར་གསུངས། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །བྱང་ཆུབ་དེ་དག་གནས་ཉིད་ཡིན། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །འདོད་ཆགས་གང་གིས་རྣམ་བརྟགས་པ། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །སངས་རྒྱས་བྱང་ཆུབ་དེ་ལ་རིང ། །གནམ་དང་ས་གཉིས་ཅི་བཞིན
55.321a
ནོ། །བྱང་ཆུབ་འདོད་ཆགས་གཉིས་ནི་གཉིས་སུ་མེད། །འཇུག་པ་གཅིག་པ་མཉམ་ཉིད་ལྡན་པ་སྟེ། །འདི་དག་ཆོས་ལ་བྱིས་པ་གང་འཇིགས་པ། །དེ་དག་སངས་རྒྱས་བྱང་ཆུབ་རིང་བ་ཡིན། །འདོད་ཆགས་སྐྱེ་མིན་འཇིག་པ་མ་ཡིན་ཏེ། །སེམས་ཀྱང་ཀུན་ནས་ཉོན་མོངས་འགྱུར་བ་མེད། །གང་ཞིག་དམིགས་པའི་བདག་ལ་བློ་ཆགས་པ། །འདོད་ཆགས་ངན་སོང་དེ་དག་ལྟུང་བར་བྱེད། །གང་ཞིག་འདོད་ཆགས་ཆོས་ཀྱང་སངས་རྒྱས་ཆོས། །དེ་དག་ཁྱད་པར་གང་ཡང་མེད་པ་སྟེ། །ཡི་གེ་གཅིག་ཅིང་ཚུལ་གཅིག་མཚན་ཉིད་མེད། །དེ་ལྟར་ཤེས་པ་བདེ་གཤེགས་ཉིད་དུ་འགྱུར། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་རྣམ་བརྟགས་ཤིང ། །གང་ཞིག་ཚུལ་ཁྲིམས་རློམ་པས་མྱོས་གྱུར་པ། །དམིགས་པའི་ལྟ་ལ་རབ་གནས་དེ་ལ་ནི། །བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །གང་ཞིག་དགོན་པའི་གནས་ལ་རྟོག་བྱེད་ཅིང ། །བདག་ལ་སྟོད་བྱེད་གཞན་ལ་སྨོད་བྱེད་པ། །དགོན་པར་ལྟ་ལ་རབ་གནས་དེ་ལ་ནི། །མཐོ་རིས་མེད་ན་བྱང་ཆུབ་ག་ལ་ཡོད། །བྱང་ཆུབ་ལྟ་བ་གཉིས་སུ་མེད་གསུངས་ཏེ། །མིང་དང་ཡི་གེ་གྲངས་དང་སྒྲ་འཇུག་པ། །དེ་དག་གང་གིས་ཡང་དག་རྟོགས་གྱུར་པ། །དེ་ལ་སངས་རྒྱས་བྱང་ཆུབ་རིང་བ་མིན། །ཀུན་ནས་ཉོན་མོངས་དེ་ལ་རྣམ་རྟོག་ཅིང ། །རྣམ་བྱང་ལྟ་ལ་བྱིས་པ་གང་ཆགས་པ། །དམིགས་པའི་ལྟ་ལ་རབ་གནས་དེ་ལ་ནི། །བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །གང་ཞིག་སངས་རྒྱས་ཆོས་ལ་འདོད་སྐྱེད་པ། །དེ་ལ་སངས་རྒྱས་བྱང་ཆུབ་རིང་བ་སྟེ། །ཡོད་མིན་ཆོས་ལ་འདོད་པ་སྐྱེད་པས་ན། །དེ་ནི་སྡུག་བསྔལ་ཡོངས་སུ་མྱོང་བར་འགྱུར། །གང་ཞིག་འདོད་ཆགས་ཞེ་སྡང་མི་རྟོག་ཅིང ། །གཏི་མུག་ཆུང་བས་བྱང་ཆུབ་ཡིན་ལྟ་བ། །དེ་ལ་སངས་རྒྱས་བྱང་ཆུབ་རིང་བ་མིན། །བཟོད་པ་མཆོག་ཀྱང་མྱུར་དུ་དེས་འཐོབ
55.321b
འགྱུར། །འདུས་མ་བྱས་དང་འདུས་བྱས་སུས་མཐོང་བ། །དེ་ནི་འཁོར་བའི་ཆོས་ལས་གཞར་མི་འགྲོལ། །གང་གིས་ཁམས་དེ་མཉམ་པ་ཉིད་རྟོགས་པ། །དེ་མྱུར་སྐྱེས་བུ་སངས་རྒྱས་མཆོག་ཏུ་འགྱུར། །གང་གིས་སངས་རྒྱས་ཆོས་དང་སངས་རྒྱས་དག་།ཐམས་ཅད་ཀུན་ཏུ་ནམ་ཡང་མ་མཐོང་ན། །ཆོས་རྣམས་ཀུན་གྱིས་གོས་པ་མེད་པ་དེ། །བདུད་བཅོམ་བྱང་ཆུབ་མངོན་པར་འཚང་ཡང་རྒྱ། །སུ་ཞིག་སེམས་ཅན་རྣམ་པར་འགྲེལ་འདོད་པ། །དེས་ནི་སེམས་ཅན་ཁམས་སུ་བལྟ་མི་བྱ། །མ་ལུས་སེམས་ཅན་མྱ་ངན་འདས་དང་འདྲ། །དེ་ལྟར་སུས་ཤེས་དེ་ནི་རང་བྱུང་འགྱུར། །དགོན་པའི་ཆོས་ལ་གང་ཞིག་མི་སྣང་ཞིང ། །གྲོང་དུ་ཕྱིན་ན་སྤྱོད་ལམ་འཆོས་བྱེད་པ། །དེ་ནི་འཇིག་རྟེན་ལྷར་བཅས་རྐུན་པོ་སྟེ། །དེ་ལ་བྱང་ཆུབ་སངས་རྒྱས་ཆོས་རྣམས་མེད། །བདག་ནི་སངས་རྒྱས་འགྱུར་ཞེས་གང་རློམ་པ། །བྱིས་པ་དེ་ནི་གཏི་མུག་དབང་གིས་ནོན། །སངས་རྒྱས་ཆོས་ནི་ནམ་མཁའ་མཚུངས་པ་སྟེ། །བླང་དང་དོར་བའི་སྒྲ་ནི་དེ་ལ་མེད། །རྒྱལ་བས་ནམ་ཡང་བྱང་ཆུབ་སངས་མ་རྒྱས། །དེས་ནི་ནམ་ཡང་སེམས་ཅན་བཀྲོལ་བ་མེད། །མེད་པའི་ཆོས་རྣམས་བརྟགས་ཤིང་བྱིས་པ་རྣམས། །སངས་རྒྱས་བྱང་ཆུབ་ལས་ནི་རིང་བ་ཡིན། །སེམས་ཅན་འདི་དག་ཉོན་མོངས་སུས་མཐོང་བ། །དེ་ལ་ཉོན་མོངས་མཐའ་ཡས་འབྱུང་བར་འགྱུར། །སེམས་ཅན་དེ་དག་སེམས་ཅན་མེད་ཅེས་གསུངས། །སེམས་ཅན་འདུ་ཤེས་གནས་ལ་བྱང་ཆུབ་མེད། །གང་གིས་སེམས་ཅན་ཤིན་ཏུ་གྲོལ་མཐོང་ཞིང ། །འདོད་ཆགས་ཞེ་སྡང་གཏི་མུག་རྟག་མེད་ལ། །སེམས་ཅན་ཞི་ཞིང་རབ་ཞི་རྣམ་ཞི་བར། །གང་གིས་ཤེས་པ་དེ་ནི་མགོན་པོར་འགྱུར། །གང་གིས་སེམས་ཅན་སེམས་ཅན་མེད་མ་མཐོང ། །ཡང་དག་ཉིད་དུ་སངས་རྒྱས་ཆོས་མ་དམིགས། །ཇི་ལྟར་སེམས་ཅན་དེ་བཞིན་སངས་རྒྱས་ཤེས། །དེ་ལྟར་སུས་ཤེས་དེ་ནི་མགོན་པོར་འགྱུར། །
55.322a
ཉོན་མོངས་རྟོག་ན་ཉོན་མོངས་ཡོད་པར་འགྱུར། །ཚུལ་བཞིན་ལམ་སེམས་དེ་བཞིན་ཉོན་མོངས་ཡོད། །ཉོན་མོངས་ལམ་དུ་ནམ་ཡང་མ་བརྟགས་ན། །དེས་ནི་བྱང་ཆུབ་མི་རྟོག་ས་འཐོབ་བོ། །སྟོང་པའི་ཆོས་ཀྱིས་མི་མཁས་གང་འཇིགས་པ། །དེ་དག་སངས་རྒྱས་ཆོས་ལས་རིང་བ་ཡིན། །སྟོང་ཉིད་ཆོས་ལ་ཐེ་ཙོམ་སུ་མེད་པ། །དེ་དག་སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །བྱང་ཆུབ་མཆོག་ཐོབ་པར་ནི་སུ་འདོད་པ། །དེས་ནི་འདོད་ཆགས་ཆོས་ལ་བརྟག་མི་བྱ། །འདོད་ཆགས་ཆོས་ཀྱི་མཚན་ཉིད་གང་ཡིན་པ། །དེ་དག་སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །གང་ཞིག་སངས་རྒྱས་ཆོས་ལ་མི་འཇུག་ཅིང ། །སེམས་དང་བྱང་ཆུབ་སྐྱེ་བ་མེད་པ་དང ། །སེམས་དང་སངས་རྒྱས་བྱང་ཆུབ་གཉིས་མེད་པར། །ཤེས་པར་གྱུར་ན་དེ་ནི་མགོན་པོར་འགྱུར། །སྡིག་སེམས་མུ་སྟེགས་ཅན་གྱིས་གང་བརྗོད་དང ། །སངས་རྒྱས་རྣམས་ཀྱིས་གསུང་གང་བཀའ་སྩལ་པ། །དེ་དག་ཐ་དད་ཚུལ་གྱུར་མེད་པ་སྟེ། །དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །གང་གིས་བྱང་ཆུབ་མཐོང་ཞིང་སྨོན་བྱེད་པ། །དེ་དང་བྱང་ཆུབ་རིང་སྟེ་བྱང་ཆུབ་མེད། །སངས་རྒྱས་སངས་རྒྱས་མིན་པ་མི་མཉམ་ཞེའམ། །སངས་རྒྱས་འདི་ཞེས་མི་རྟོག་མགོན་པོར་འགྱུར། །གང་ཞིག་བདག་ནི་སེམས་ཅན་འགྲེལ་པ་ཞེས། །རློམ་ན་སེམས་ཅན་འདུ་ཤེས་ཆགས་རྨོངས་པས། །དམིགས་པའི་ལྟ་ལ་རབ་གནས་དེ་ལ་ནི། །བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །འདོད་ཆགས་ནང་དང་ཕྱི་ན་མི་གནས་ཏེ། །ཕྱོགས་དང་ཕྱོགས་མཚམས་གང་ནའང་ཡོད་པ་མིན། །ཆོས་རྣམས་ཡོད་མིན་རྣམ་པར་བརྟག་བྱས་ཤིང ། །བྱིས་པ་འདོད་ཆགས་འདུ་ཤེས་དེ་ལྟར་རྨོངས། །སྒྱུ་མ་སྨིག་རྒྱུ་བྲག་ཅ་ལྟ་བུ་སྟེ། །མོ་གཤམ་བུ་དང་རྨི་ལམ་འདྲ་བ་ནི། །ཉོན་མོངས་འདི་དག་ཐམས་ཅད་དམིགས་སུ་མེད། །བྱིས་པ་དེ་ལྟར་མི
55.322b
ཤེས་རྣམ་པར་རྨོངས། །འདུས་བྱས་ཆོས་དང་འདུས་མ་བྱས་ཀྱི་ཆོས། །དེ་དག་ཐ་དད་གཉིས་སུ་ནམ་ཡང་མེད། །གང་ལ་གྲངས་དང་བགྲང་དུ་མེད་པ་དང ། །དེ་ཡི་ཚུལ་གྱིས་གཉིས་སུ་མེད་པར་འཇུག་།བྱིས་པ་གང་ཞིག་བྱང་ཆུབ་སེམས་རློམ་ཞིང ། །སངས་རྒྱས་འགྱུར་ཞེས་རློམ་སེམས་བྱེད་གྱུར་ན། །ཆོས་ཀྱི་དངོས་ཉིད་ཕྱག་རྒྱ་འདི་བོར་བས། །དེ་ལ་སངས་རྒྱས་ཆོས་དང་བྱང་ཆུབ་མེད། །སྨྲ་ལ་གང་དགའ་ཡོངས་རྟོག་སྤྱོད་ཡུལ་ཅན། །སྨྲ་བའི་དོན་ལ་རྣམ་པར་མི་སེམས་ཤིང ། །མིང་དང་ལེགས་ལ་དེ་བཞིན་ཆགས་གྱུར་པ། །དེ་དག་བྱང་ཆུབ་འགྱུར་བ་ཐེ་ཙོམ་ཡོད། །ལྟ་བའི་རྣམ་པ་བྱང་ཆུབ་གཉིས་མེད་གསུངས། །མིང་དང་ཡི་གེ་གྲངས་དང་སྐད་འཇུག་པ། །མི་མཁས་གང་གིས་ཆོས་འདི་མ་རྟོགས་པ། །དེ་དག་སངས་རྒྱས་བྱང་ཆུབ་རིང་བར་གནས། །མིང་ལ་ཆགས་ཤིང་སྨྲ་ལ་དགའ་བ་དང ། །བདག་ཏུ་ལྟ་ལ་གང་ཞིག་གནས་གྱུར་ཅིང ། །འདོད་པ་ཆུང་དང་ཆོག་ཤེས་རྣམ་བརྟགས་པས། །འདོད་པའི་དབང་གིས་ད་དུང་དེ་འདུག་གོ་།འདོད་ཆགས་ཆོས་ལས་ཤེད་སྐྱེས་གང་འབྲོས་པ། །དེ་ནི་འདོད་ཆགས་ཆོས་ལས་གཞར་མི་འགྲོལ། །གང་གིས་ཡང་དག་འདོད་ཆགས་ཆོས་ཤེས་ན། །འདོད་ཆགས་བྲལ་བའི་འདོད་ཆགས་ཆོས་ཤེས་འགྱུར། །ཡུན་རིང་དུས་སུ་ཚུལ་ཁྲིམས་བསྲུང་བྱས་ཤིང ། །བསྐལ་པ་བྱེ་བར་བསམ་གཏན་བསྐྱེད་བྱས་ཀྱང ། །ཡང་དག་ཉིད་མཐའ་འདི་ནི་མ་རྟོགས་ན། །བསྟན་པ་འདི་ལ་དེ་དག་བློ་ཡོད་མིན། །ཅི་ཡང་མ་ཡིན་ཆོས་འདི་སུས་ཤེས་པ། །ནམ་ཡང་དེ་ནི་ཆོས་ཀུན་ཆགས་མི་འགྱུར། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་རྣམ་བརྟགས་པས། །བྱིས་པ་དམིགས་པའི་སྤྱོད་ཡུལ་ཐར་མི་འགྱུར། །ཚུལ་ཁྲིམས་ཚུལ་ཁྲིམས་མེད་པར་སུས་ཤེས་ཤིང ། །ཚུལ
55.323a
ཁྲིམས་འཆལ་དང་ཚུལ་ཁྲིམས་ཚུལ་གཅིག་ཅེས། །ཚུལ་ཁྲིམས་ངང་ཚུལ་དེ་ལྟར་སུས་ཤེས་པ། །ཚུལ་ཁྲིམས་འཆལ་པ་དེ་ལ་ནམ་ཡང་མེད། །ཆོས་རྒྱལ་ཆོས་ལ་རྟོག་པར་མ་གྱུར་ན། །ཐབས་ཀྱི་ས་ལ་སེམས་ཅན་རྣམ་འདུལ་ཞིང ། །བྱང་ཆུབ་ཟག་མེད་ཞི་བ་འདི་ལ་ཡང ། །ཚུལ་གཅིག་ཆོས་ཀྱིས་སེམས་ཅན་འཛུད་པ་ཡིན། །ཆོས་རྒྱལ་དམ་པའི་ཆོས་འདི་མི་གཡོ་ཞིང ། །དངོས་མེད་མཚན་ཉིད་མེད་ལ་ཚུལ་གཅིག་པར། །ངོ་བོ་ཉིད་ཀྱིས་སྟོང་ཆོས་མ་ཐོས་པས། །གཡང་ས་ཆེན་པོར་བྱིས་པ་དེ་དག་ལྟུང ། །ཆོས་འདི་ཐོས་ཤིང་མི་དངང་གང་གྱུར་པའི། །འདོད་པའི་ཡོན་ཏན་ལྔ་ཆགས་ཁྱིམ་པའང་བླའི། །བསྟན་པ་འདི་ལ་རབ་ཏུ་བྱུང་གྱུར་ཅིང ། །དམིགས་སྟ་སྦྱངས་པའི་ཡོན་ཏན་རློམ་པ་མིན། །ཕྱོགས་བཅུ་ཀུན་ན་སངས་རྒྱས་རང་བྱུང་བ། །འཇིག་རྟེན་དོན་མཛད་གང་དག་བཞུགས་པ་རྣམས། །དེ་དག་ཀུན་གྱིས་ནམ་མཁའ་མཚུངས་པའི་ཆོས། །གཡོ་བ་མེད་ཤེས་བྱང་ཆུབ་འགྱུར་ཞེས་གསུངས། །མི་མཁས་གང་རྣམས་མི་སྡུག་བསྒོམ་སེམས་ཤིང ། །ཆོས་རབ་འདི་ཐོས་འཇིགས་པར་འགྱུར་བ་དག་།རྟག་པར་སྡུག་བསྔལ་ཆེ་དང་ལྡན་གྱུར་ཅིང ། །བསྐལ་པ་བྱེ་བ་མང་པོར་སྡུག་བསྔལ་འགྱུར། །ཚིགས་སུ་བཅད་པ་བསྟན་པ་འདི་བཤད་པའི་ཚེ། ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་སྟོང་ཕྲག་བརྒྱད་ཅུ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ཀྱང་འཆི་བའི་དུས་བགྱིས་ནས་དོག་སའི་སྒོ་ཕྱེ་སྟེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ ། །དེ་སུག་ལས་ཀྱི་སྒྲིབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་སེམས་ཅན་དམྱལ
55.323b
བ་ཆེན་པོ་དག་ཏུ་སྡུག་བསྔལ་ཚ་ཞིང་རྩུབ་ལ་ཡིད་དུ་མི་འོང་བའི་ཚོར་བ་མི་བཟད་པ་མྱོང་བར་གྱུར་ཏོ། །ཚེ་རབས་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་བཞིར་མི་སྙན་པར་བརྗོད་པ་ཐོབ་པར་གྱུར་ཏོ། །བསྐལ་པ་བརྒྱ་སྟོང་མང་པོར་དེ་བཞིན་གཤེགས་པའི་མཚན་ཙམ་ཡང་མ་ཐོས་པར་གྱུར་ཏོ། །དེ་དེ་ནས་སླད་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་དག་དང་མཇལ་ཏེ། དེ་དག་གི་བསྟན་པ་ལ་རབ་ཏུ་བྱུང་ནས་མངོན་པར་མོས་པར་མ་གྱུར་ཏེ། ཚེ་རབས་སྟོང་ཕྲག་བདུན་ཅུ་རྩ་དྲུག་རབ་ཏུ་བྱུང་བ་ལས་སླར་བབས་པར་གྱུར་ཏོ། །སུག་ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱི་ལྷག་མས་ཚེ་རབས་སྟོང་ཕྲག་མང་པོར་དབང་པོ་རྟུལ་པོར་གྱུར་ཏོ། །བཅོམ་ལྡན་འདས་དེའི་ཚེ་བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་སྨྲ་བ་རབ་ཏུ་དགའ་བའི་དབང་པོ་ཞེས་བགྱི་བ་བྱུང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ད་ལྟར་བཞུགས་ཤིང་འཚོ་གཞེས་ཆོས་ཀྱང་སྟོན་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་སྟོང་འདས་པ་ན། སངས་རྒྱས་ཀྱི་ཞིང་རིན་ཆེན་སྣ་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་སྟུག་ཅིང་དྲི་མ་མེད་ལ་ཉི་ཟླ་ཟིལ་གྱིས་གནོན་པ་བཞུགས་ཤིང་འཚོ་གཞེས་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གང་གྱུར་པ་དེ་ནི་བདག་ཉིད་དེའི་ཚེ་དེའི་དུས་ན། དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བགྱི་བར་གྱུར་ཏེ། བཅོམ་ལྡན་འདས་བདག་གི་དེའི་ཚེ་ཚུལ་འདི་མ་འཚལ་བས་དེ་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་བདག་ནི་དེ་འདྲ་བའི་གནས་སུ་གྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་མ་མཆིས་པའི་སྡུག་བསྔལ་ཡོངས་སུ་བརྟགས་པའི་སྡུག་བསྔལ། ཕྱིན་ཅི་ལོག་གི་སྡུག་བསྔལ་རྣམ་པ་དེ་ལྟ་བུ་མྱོང་བར་གྱུར་ཏོ། །བཅོམ
55.324a
ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའམ། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་གང་ཡང་རུང་སྟེ། དེ་ལྟ་བུའི་སུག་ལས་ཀྱི་སྒྲིབ་པ་མི་འཚལ་ཞིང ། དེ་ལྟ་བུའི་སྡུག་བསྔལ་མི་འཚལ་ན་དེས་དམ་པའི་ཆོས་སྤང་བར་མི་བགྱིའོ། །དམ་པའི་ཆོས་ལ་དཔྱ་བར་མི་བགྱིའོ། །ཆོས་གང་ལ་ཡང་ཁོང་ཁྲོ་བར་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཚིགས་སུ་བཅད་པ་དེ་ཐོས་པས་ཁྱོད་ལ་ཁྱད་པར་ཅི་ཞིག་ཏུ་གྱུར། གསོལ་པ། བཅོམ་ལྡན་འདས་ཚིགས་སུ་བཅད་པ་དེ་ཐོས་པས་སུག་ལས་ཀྱི་སྒྲིབ་པ་དེ་ལས་ལངས་ནས་གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་ཡང་ཟབ་མོའི་བཟོད་པ་ཅན། ངེས་པའི་བཟོད་པ་ཅན་དུ་གྱུར་ཏེ། ཆོས་ཟབ་མོ་སྟོན་པ་ལ་མཁས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སུའི་མཐུས་ཁྱོད་ཀྱིས་དེ་ལྟར་ཡུན་རིང་པོ་ན་མངོན་པར་འདུ་བྱས་པའི་ལས་ཀྱི་སྒྲིབ་པ་རྗེས་སུ་དྲན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ཅི་སེམས་ཅི་སྨྲ། རྗེས་སུ་ཅི་དྲན་ཡང་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་མཐུ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལས་བྱུང་བ་ནི་ཆོས་ཐམས་ཅད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པ་དང ། འདི་ཐོས་པ་དེ་ནི་མཚུངས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང ། འདི་ཐོས་པ་དེ་ནི་མཚུངས་སོ། །འཇམ་དཔལ་གྱིས་གསོལ་པ། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི
55.324b
བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་བསམ་གྱིས་མི་ཁྱབ་བོ། །འོན་ཀྱང་སྦྱོར་བ་མེད་པ་ལ་ལ་དེ་ཐོས་ནས་མོས་པར་མི་འགྱུར་དུ་འོང་བའི་ཕྱིར། དེ་བཞིན་གཤེགས་པ་ལུང་མི་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་ཅི་ནས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་འགྱུར་ཞིང་སྐྱེ་བོ་མང་པོའི་སུག་པར་ཕྱིན་པར་འགྱུར་བ་དང ། དེ་ལ་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་གླགས་རྙེད་པར་མི་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པའི་ཕྱིར་གཡས་གཡོན་དུ་གཟིགས་སོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་གཟིགས་མ་ཐག་ཏུ་དེའི་ཚེ་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་པར་གྱུར། རབ་ཏུ་གཡོས་པར་གྱུར། ཀུན་ཏུ་གཡོས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་གཞན་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་ཕྱོགས་བཅུ་ན་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་ཡོད་ལ་དེ་བས་ཀྱང་ཤིན་ཏུ་མང་བའི་སེམས་ཅན་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །གང་དག་ཉན་ཐོས་ཉིད་ལ་གནས་པར་གྱུར
55.325a
པ་དང ། སློབ་པའི་སའམ། མི་སློབ་པའི་ས་ལ་གནས་པར་གྱུར་པ་དག་ནི་སྨོས་ཀྱང་མི་སྨོས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ཞེས་བགྱི། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བར་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་བྱམས་པ་དང ། ལྷའི་བུ་པད་མོ་རྣམ་པར་རོལ་བའི་མངོན་པར་ཤེས་པ་དང ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དང ། དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་དགའོ།། །།འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། ལོ་ཙྪ་བ་བན་དེ་རིན་ཆེན་འཚོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུ་ནྟེ། ་ཥཱ་ན་ཏ་ཐཱ་ག་ཏོ་ཧྱ་པ་དཱ། ཏེ་ཥཱ་ཉ་ཙ་ཡོ། ནི་རོ་དྷ་ཨེ་བཾབཱ་དཱི་མ་ཧཱ་ཤྲ་མ་ཎ:་སརྦ་བཱ་པ་སྱཱ་ཀ་ར་ཎ་ཀུ་ཤ་ལ་སྱོ་པ་སྨྤ་དི། སྦ་ཙི་ཏྟི་པ་རི་རམ་ནུ། མ་ཏ་དྥུ་ནུ་ཤཱ་ས་ནི།། ་་་་་་་་་་་་་་་་་་་་་་་་་་་།། ་་་་་་་་་་་་་་་་་་་་་་་་་།། ་་་་་་་་་་་་་་་་་་།། ་་་་་་་་་་་་་་་་་་་་་།། །།།། ་་་་་་་་་་་་་་་་་་་་་།། ་་་་་་་་་་་་་་་་་་་་་་་་་།། ་་་་་་་་་་་་་་་་་་་་་་་།། ་་་་་་་་་་་་་་་་་་་་་་་་་་་་།། ་་་་་་་་་་་#