rKTs


J108

(e-text produced by ADARSHA)

see text in transliteration
54.164a
༄#། ་་།རྒྱ་གར་སྐད་དུ། ཨཱརྱ་རད་ན་ཙན་ཏྲ་པ་རི་པྲིཙྪཱ་ན་མ་མ་ཧཱ་ཡ་ནཱ་སཱུ་ཏྲ། ་བོད་སྐད་དུ། ་་འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཤཱ་རིའི་བུ་དང ། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་འབུམ་ཕྲག་བདུན་བཅུ་རྩ་གཉིས་ཀྱི་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་དང ། ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དགུ་ཁྲི་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས་གསུམ་རྣམ་པར་གནོན་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་སྡུག་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་དགུ་ཁྲི་དང ། ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དང ། རྒྱལ་པོ་ཆེན་པོ་བཞི་དང ། ལྷ་རྣམ་ཀྱི་དབང་པོ་བརྒྱ་བྱིན་གཡོག་འཁོར་ལྷའི་བུ་འབུམ་ཕྲག་དུ་མ་དང་བཅས་པ་དང ། མི་འཇེད་ཀྱི་བདག་པོ་ཚངས་པ་གཡོག་འཁོར་ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མ་དང་བཅས་པ་དང ། ཀླུའི་རྒྱལ་པོ་རྒྱ་མཚོ་དང ། ཀླུའི་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང ། ཀླུའི་རྒྱལ་པོ་ཀུན་དུ་གྲགས་དང ། དེ་དག་ལ་སོགས་པ་ཀླུ་འབུམ་ཕྲག་དུ་མ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་དང ། ཁབ་སྤུ་ཅན་དང ། རྩེ་སྨན་དང ། བོང་བུ་དང ། དེ་དག་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན
54.164b
འབུམ་ཕྲག་དུ་མ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་ཞེས་བྱ་བ་གླང་པོ་ཆེའི་ལྷག་བརྒྱད་པ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཅིང་གསེར་གྱི་དྲ་བས་གཡོགས་པ། དྲིལ་བུ་གཡེར་ཁ་སྦྱངས་པ། གསེར་གྱིས་སྤྲས་པའི་དར་གྱི་ལྡ་ལྡི་མང་པོས་མཛེས་པར་བྱས་པ། བདུག་པས་གདུགས་པ། མེ་ཏོག་སིལ་མས་གཏོར་བ། རྒྱལ་མཚན་དང་བ་དན་སྒྲེང་བ། གདུགས་དང་ར་བས་བརྒྱན་པ། རིན་པོ་ཆེའི་ཤིང་ལྗོན་པས་མཛེས་པར་བྱས་པ། སྟིག་བུ་བདུན་གྱིས་ཁོར་ར་ཁོར་ཡུག་དག་བསྐོར་བ་ལ་ཞོན་ནས་རྒྱལ་པོའི་འབྱོར་པ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་དག་སྦྱིན་ཞིང་སོང་བ་ལས་གཞོན་ནུ་རིན་ཆེན་ཟླ་བས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཛེས་པ། དད་པར་བྱ་བ། དབང་པོ་དུལ་བ། ཐུགས་དུལ་བ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དུལ་བ་དང་ཞི་བའི་མཆོག་།དུལ་བ་དང་ཞི་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ། གཙོ་བོ་ཆེན་པོ། དབང་པོ་བསྲུང་པ། དབང་པོ་ཐུལ་བ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན་པའི་སྐུ་གསེར་གྱི་མཆོད་སྡོང་ལྟར་འཕགས་ལ་དཔལ་གྱི་མཆོག་གིས་ལམ་མེ། ལྷན་ནེ། ལྷང་ངེ་སྟེ་གཤེགས་པ་མཐོང་ངོ ། །མཐོང་ནས་ཀྱང ། སེམས་དད་པར་གྱུར་ཏོ། །སེམས་དད་པར་གྱུར་ནས་གླང་པོ་ཆེའི་སྟེང་ནས་སྐྱེན་པར་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ལ་ཞེ་ས་དང་བཅས། གུས་པ་དང་བཅས་པས་ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ
54.165a
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་གང་དག་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་དག་གི་མཚན་ཐོས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ལེགས་སོ། །ལེགས་སོ། །གཞོན་ནུ་ཁྱོད་འདི་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་དང ། ལྷ་དང་མི་རྣམས་ལ་ཕན་པ་དང ། བདེ་བའི་ཕྱིར་ཞུགས་པ་དང ། ད་ལྟར་དང ། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཞུགས་ཏེ། གཞོན་ནུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཞུ་བར་སེམས་པ་ལེགས་སོ། །གཞོན་ནུ་ཁྱོད་ཀྱི་ཞུ་བ་བཟང་སྟེ་སྤོབས་པ་དགེའོ། །དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །སེམས་རྩེ་གཅིག་ཏུ་རྣ་བ་བླགས་ཏེ་སེམས་སྡུས་ལ་སོམས་ཤིག་དང ། དོན་དེ་ངས་ཁྱོད་ལ་བཤད་དོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་ཞིག་ཡོད་དོ། །འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པ་ན་ཡོད་ཅེ་ན། གཞོན་ནུ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོའི་བར
54.165b
དུ་བྱེ་མས་ཡོངས་སུ་གང་བར་གྱུར་ལ། དེ་ནས་མི་ལ་ལ་ཞིག་གིས་བྱེ་མ་དེའི་ས་འབྲུ་རེ་རེ་ནས་བླངས་ཤིང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་འབྲུ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེ་མ་དེ་ཐམས་ཅད་ཤར་ཕྱོགས་སུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་གྱུར་ཀྱང ། སངས་རྒྱས་ཀྱི་ཞིང་དེ་དག་གི་ཚད་དམ་མཐའ་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་གརྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་པར་གྱུར་པ། རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ། གསེར་གྱི་ས་གཞིར་འདུག་ཅིང ། མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པས་བརྒྱན་པ། སེམས་ཅན་མྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། ཡི་དགས་དང ། ལྷ་མ་ཡིན་གྱི་ཚོགས་རྣམས་མེད་པ། རྩཝ་དང ། ཤིང་སྐམ་དང ། ཚེར་མ་དང ། རྡོ་དང་གསག་མ་དང ། གྱོ་མོ་དག་མེད་པ། ངམ་གྲོག་དང་གཡང་ས་མེད་པ། མེ་ཏོག་སིལ་མ་དག་བཀྲམ་པ། ཡིན་ཏེ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཅིང ། བྱང་ཆུབ་སེམས་དཔས་མདུན་གྱིས་ལྟས་པ། རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱིས་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེ་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ། གསེར་ལེགས་པར་བཙོས་ཤིང་ལེགས་པར་དུལ་བ་ལྟ་བུ་རིན་པོ་ཆེའི་བརྒྱན་ལེགས་པར་བཀོད་པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །འདི་སྐད་ཅེས་ཀྱང་སྟོན་ཏེ། འདི་ལྟར་སའི་ཁམས་ནི་མེད་པར་མི་འགྱུར་རོ། །དེ་བཞིན་དུ་ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང །
54.166a
སྐྱེ་དགུ་བདག་པོ་ཚངས་པ་དང ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །གཞོན་ནུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་བསྐལ་པ་བྱེ་བ་ཕྲག་དྲུག་བཅུ་ལོན་ནོ། །གཞོན་ནུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཉིན་མོ་དང ། མཚན་མོའི་མིང་ཡང་མེད་དེ། འཛམ་བུ་གླིང་གི་རྩི་བའི་ཐབས་འདིས་དཔེར་བྱ་བ་ནི་མ་གཏོགས་སོ། །སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ཀྱང་རྟག་ཏུ་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་སྣང་བར་འདུག་གོ། །གཞོན་ནུ་གཞན་ཡང་དེ་བཞིན་གཤེགས་པ་དེས་ཆོས་བསྟན་པ་རེ་རེས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་འགོད་པར་མཛད་དོ། །བཟོད་པ་དང་པོ་དང ། བཟོད་པ་གཉིས་པ་དང ། བཟོད་པ་གསུམ་པ་ལ་ནི་དེའི་ཉིས་འགྱུར་འགོད་པར་མཛད་དོ། །གཞོན་ནུ་གཞན་ཡང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གཞན་དག་ན་གང་དག་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་དག་གི་ལུས་ལ་འོད་ཀྱིས་རེག་པ་དེ་དག་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །གཞོན་ནུ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་འདི་ནས་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ
54.166b
སེམས་དཔས་མདུན་གྱིས་བལྟས་པ་ལ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་ཙན་དན་དཔལ་ཞེས་བྱ་ཞེ་ན། གཞོན་ནུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ཙན་དན་གྱི་ཁང་པ་བརྩིགས་པས་ཡོངསུ་ཁྱབ་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་དེའི་མཚན་ཙན་དན་དཔལ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་ཏེ། ཇི་ལྟར་གོང་དུ་བསྟན་པ་བཞིན་ནོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཤེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངསུ་བསྐོར་ཅིང ། བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །འདི་སྐད་ཅེས་ཀྱང་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་འོད་དེ་ཡང་ཉམས་སུ་མྱོང་ངོ ། །གཞོན་ནུ་འདི་ནས་བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་འཁྲུག་མེད་ཅེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར
54.167a
གྱུར་པ་ཞེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ལྷ་དང་བཅས་པའི་འཇིག་རྟེན་གྱི་རྒྱལ་མཚན་ལྟ་བུར་འགྱུར་རོ། །གཞོན་ནུ་འདི་ནས་ཤར་ལྷོའི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་སྣང་བར་བྱས་པས་ན། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཟླ་བ་སྣང་བ་ཞེས་བྱའོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང ། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། གཞོན་ནུ་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཏོག་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ
54.167b
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་མཆོད་སྡོང་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མ་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་འཇིག་རྟེན་ན་རིན་པོ་ཆེ་ལྟར་མངོན་པར་འཕགས་པར་འགྱུར་རོ། །གཞོན་ནུ་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྒྲ་ལྡན་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སྒྲ་དང་ལྡན་ཞེས་བྱ་ཞེ་ན་འཇིག་རྟེན་གྱི་ཁམས་དེ་སྒྲ་འདི་ལྟ་བུ་དག་དང་ལྡན་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་སྒྲ་དང ། ཆོས་ཀྱི་སྒྲ་དང ། དགེ་འདུན་གྱི་སྒྲ་དང ། སྟོང་པ་ཉིད་ཀྱི་སྒྲ་དང ། མཚན་མ་མེད་པའི་སྒྲ་དང ། སྨོན་པ་མེད་པའི་སྒྲ་དང ། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་སྒྲ་དང ། རྣམ་པར་གྲོལ་བའི་སྒྲ་དང ། རྣམ་པར་གྲོལ་བ་ཡེ་ཤེས་གཟིགས་པའི་སྒྲ་རྣམས་དང་ལྡན་ནོ། །གཞོན་ནུ་འཇིག་རྟེན་གྱི་ཁམས་དེ་སྒྲ་དེ་ལྟ་བུ་དག་དང་ལྡན་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སྒྲ་དང་ལྡན་ཞེས་བྱའོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་ལྟས་པ་ལ་ཆོས་སྟོན་ཏོ། ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང ། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མེ་ཏོག་ལྟར་མི་དགེ་བའི་ཆོས་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་རོ། །གཞོན་ནུ་འདི་ནས་བྱང་ཤར་
54.168a
གྱི་ཕྱོགས་འཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཞིག་ཡོད་དེ། འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང ། མི་མང་པོས་གང་ཞིང་ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པ་ཆུང་ངུ་དང ། འབྲིང་དང ། ཆེན་པོས་རྣམ་པར་རོལ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང ། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཚུལ་ཐམས་ཅད་ལ་མཁས་ཤིང་ཕ་རོལ་ཏུ་ཕྱིན་པའི་ཤེས་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །གཞོན་ནུ་འདི་ནས་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡངས་པ་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡངས་པ་དང་ལྡན་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ལག་མཐིལ་ལྟར་མཉམ་པར་གྱུར་པ། རི་མེད་ཅིང་འཁོར་ཡུག་དང ། ཁོར་ཡུག་ཆེན་པོ་མེད་དེ། སངས་རྒྱས་ཀྱི་ཞིང་དེ་ན་རི་ཞེས་བྱ་བའི་མིང་ཡང་ཡེ་མེད་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡངས་པ་དང་ལྡན་པ་ཞེས་བྱའོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང ། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
54.168b
ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཉེ་བར་ལེན་པའི་ཉོན་མོངས་པ་ཐམས་ཅད་ཟད་པར་ཡང་རྗེས་སུ་འཛིན་པར་འགྱུར་རོ། །གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད། དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ཞིག་ཡོད་དོ། འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པ་ན་ཡོད་ཅེ་ན། གཞོན་ནུ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོའི་བར་དུ་བྱེ་མས་ཡོངསུ་གང་བར་གྱུར་ལ། དེ་ནས་མི་ལ་ལ་ཞིག་གིས་བྱེ་མ་དེ་ལས་འབྲུ་རེ་རེ་ནས་བླངས་ཤིང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་འབྲུ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེ་མ་དེ་ཐམས་ཅད་སྟེང་གི་ཕྱོགས་སུ་ཡོངསུ་ཟད་ཅིང་ཡོངསུ་གཏུགས་པར་གྱུར་ཀྱང་སངས་རྒྱས་ཀྱི་ཞིང་དེ་དག་གི་ཚད་དམ་མཐའ་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་པར་གྱུར་པ། རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ། གསེར་གྱི་ས་གཞིར་འདུག་ཅིང་མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། ཡི་དགས་དང ། ལྷ་མ་ཡིན་གྱི་ཚོགས་རྣམས་མེད་པ། རྩཝ་དང ། ཤིང་སྐམ་དང ། ཚེར་མ་དང ། རྡོ་དང ། གསེག་མ་དང ། གྱོ་མོ་དག་མེད་པ། ངམ་གྲོག་དང ། གཡང་ས་མེད་པ། མེ་ཏོག་གི་སིལ་མ་དག་བཀྲམ་པ་ཡིན་ཏེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་དཔལ་ཞེས་བྱས་པ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ
54.169a
སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་གསེར་ལེགས་པར་བཙོས་ཤིང་ལེགས་པར་དུལ་བ་ལྟ་བུ། རིན་པོ་ཆེའི་རྒྱན་ལེགས་པར་བཀོད་པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །འདི་སྐད་ཅེས་ཀྱང་སྟོན་ཏེ། འདི་ལྟར་སའི་ཁམས་མེད་པར་མི་འགྱུར་རོ། །དེ་བཞིན་དུ་ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། སྐྱེ་དགུའི་བདག་པོ་ཚངས་པ་དང ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཆོས་རིན་པོ་ཆེ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ། །གཞོན་ནུ་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་དང ། ཡོན་ཏན་ཕུན་སུམ་ཚོགས་པ་དང ། ཡེ་ཤེས་ཕུན་སུམ་ཚོགས་པ་དང ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་གི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་ཚད་མེད་པ་འདས་པ་དེའི་ཚེ་རིན་ཆེན་འབྱུང་གནས་ཞེས་བྱ་བའི་བསྐལ་པ་ཞིག་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་པ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོའི་དཔལ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་འདི་དག་ཐམས
54.169b
ཐམས་ཅད་ལྷན་གཅིག་ཏུ་འཐུན་པར་དགེ་བའི་རྩ་བ་བསྐྱེད་དེ། ཟས་དང ། སྐོམ་དང ། བཟའ་བ་དང ། བཅའ་བ་རྣམ་པ་སྣ་ཚོགས་དང ། མེ་ཏོག་དང ། སྤོས་དང ། མེ་ཏོག་ཕྲེང་བ་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་གྱི་རྣམ་པ་དཔག་ཏུ་མེད་གྲངས་མེད་པས་བཅོམ་ལྡན་འདས་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཐམས་ཅད་ཀྱིས་ལྷན་གཅིག་ཏུ་འཐུན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་ཀྱིས་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་དེ་དག་གིས་རིམ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་རང་རང་གི་སངས་རྒྱས་ཀྱི་ཞི་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཐམས་ཅད་ཀྱི་ཚེའི་ཚད་ཀྱང་མཉམ་མོ། །གཞོན་ནུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྐུ་ཚེའི་ཚད་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་གིས་ནི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་སྐུ་ཚེའི་ཚད་དེ་ཙམ་དུ་རིང་བ་བཞེས་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་ཚེའི་ཚད་འདི་ལ་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་བགྱིད། འདོར་བར་མི་བགྱིད་པ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང ། དེ་བཞིན་གཤེགས་པ་བཅུ་པོ་དེ་དག་གི་སངས་རྒྱས
54.170a
ཀྱི་ཞིང་དེ་དག་དང ། སངས་རྒྱས་ཀྱི་ཞིང་བཅུ་པོ་རྣམས་ལྷའི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཉིན་གཅིག་བཞིན་དུ་སྦྱིན་པ་བྱིན་ཏེ། དེ་ལྟ་བུར་བསྐལ་པ་གྲངས་མེད་པར་སྦྱིན་པ་སྦྱིན་པར་བྱེད་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་མཚན་འདི་རྣམས་དང ། སྐུ་ཚེའི་ཚད་འདི་རྣམས་ཐོས་ནས་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་བྱེད། སྨོད་པར་མི་བྱེད་དེ། མོས་པར་བྱེད་ཅིང་འཐུན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང ། དཔེའི་བར་དུ་ཡང་མི་བཟོད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང ། མི་འཇེད་ཀྱི་བདག་པོ་ཚངས་པ་དང ། རྒྱལ་པོ་ཆེན་པོ་བཞི་དང ། ལྷའི་བུ་དབང་ཕྱུག་དང ། དབང་ཕྱུག་ཆེན་པོ་དང ། དཔལ་ལྡན་ལེགས་དང ། དགའ་ལྡན་དང ། ལྷའི་བུ་ཡོངས་སུ་དགའ་ལྡན་གྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དང ། དེ་བཞིན་གཤེགས་པ་བཅུ་པོ་དེ་རྣམས་ལ་མཆོད་པ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་དང ། ཙན་དན་གྱི་ཕྱེ་མས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། བརྗོད་པར་བགྱིད་པ་དེ་དག་ནི་ཕྱག་བགྱི་བའི་འོས་ལགས་སོ། །བཅོམ་ལྡན་འདས་ཐ་ན་ཆོས་ཀྱི་རྣམ་གྲངས་འདི་གང་དག་གིས་སུག་པ་ན་མཆིས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་གྲགས་པར་འགྱུར་བ་དེ་དག་ནི་བདུད་སྡིག་ཅན་གྱི་དབང་དུ་མཆི་བར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་ཚིགས་སུ་བཅད་པས་གསོལ་པ། ཕུང་པོ་མེད་པ་བཅོམ་ལྡན་འདས། །ཁྱོད་ཀྱིས་ལེགས་གསུངས་དཔག་ཏུ་མེད། །བདག་དང་ལྷར་བཅས་འཇིག་རྟེན་རྣམས། །ཁྱོད་ཀྱིས་འདི་ལ་ཡིད་རང་ངོ ། །
54.170b
འཇིག་རྟེན་མགོན་པོ་འདས་པ་ན། །གང་དག་ད་དུང་མ་བྱོན་དང ། །ཕྱོགས་རྣམས་མ་ལུས་གང་བཞུགས་པའི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆིས། །སངས་རྒྱས་རྣམས་ཀྱི་ཡུལ་གཅིག་པ། །ཆོས་དང་དགེ་འདུན་ཞི་བའི་མཆོག་།ཡོན་ཏན་ལེགས་པར་བསམ་མི་ཁྱབ། །དགེ་འདུན་ལ་ཡང་སྐྱབས་སུ་མཆིས། །བྱང་ཆུབ་སེམས་དཔའ་འཇིགས་པ་མེད། །གང་དག་བཟོད་ལ་རབ་གནས་ཤིང ། །གང་དག་གཟུངས་ལ་གནས་པ་དང ། །གང་དག་མཚུངས་མེད་སྟོང་ཉིད་ཚུལ། །མཚན་ཉིད་ཀྱི་ནི་མདོ་སྡེ་དང ། །བྱང་ཆུབ་རྒྱུར་འགྱུར་སྡེ་སྣོད་དང ། །འཐུན་པར་འཇུག་པའི་མདོ་སྡེ་ལ། །ལེགས་བསླབས་བྱང་ཆུབ་སེམས་རྣམས་ལྟར། །ཐུབ་པ་བདག་ནི་བྱང་ཆུབ་ཀྱི། །སྤྱད་པ་སྤྱོད་ཅིང་སློབ་པར་འཚལ། །རང་བྱུང་དེ་དག་ཇི་བཞིན་དུ། །ཞིང་གི་བཀོད་པ་རྣམ་དག་དང ། །སྤྱོད་དང་སྤྱོད་ཡུལ་ཏིང་འཛིན་དང ། །དེ་དག་གི་ནི་ཡོན་ཏན་དང ། །དྲང་སྲོང་མཆོག་རྣམས་སྐུ་ཚེའི་ཚད། །གསུངས་པ་གང་ལགས་རྫོགས་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་དང ། རིན་ཆེན་ཟླ་བ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་མགོན་པོ་དེ་རྣམས་ཀྱི། །མཚན་ནི་གང་ཞིག་འཛིན་བྱེད་པ། །མ་འོངས་དུས་ན་དེ་དག་ཀུན། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །ང་ཡིས་ཇི་སྐད་གསུངས་པ་བཞིན། །དྲང་སྲོང་མཆོག་བཞུགས་དེ་དག་ལྟར། །དེ་དག་ཚེ་ཡང་བསྐལ་པ་ནི། །བྱེ་བ་བསམ་ཡས་སྙེད་དུ་འགྱུར། །གང་ཞིག་སྐྱོབ་པ་དེ་དག་གི་།མཚན་འདི་དག་ནི་འཛིན་འདི་ལ། །མེ་དང་ཆོམ་རྐུན་དུག་རྣམས་དང ། །མཚོན་གྱིས་ཚུགས་པར་མི་འགྱུར་རོ། །མཚན་འདི་དག་ནི་འཛིན་བྱེད་ན། །ཆུ་ཆེན་དག་གིས་དེ་མི་འཆི། །རྒྱལ་པོའི་གནོད་པས་མ་ཡིན་ཏེ། །དེ་ནི་ནམས་ཀྱང་ཆོས་མི་སྤོང ། །མཚན་མོ་ཐུན་ཚོད་དང་པོ་དང ། །གུང་དང་ཐ་མའང་དེ་བཞིན་ཏེ། །དུས་གསུམ་དག་དུ་མཚན་སྒྲོགས་དང ། །དྲང་སྲོང་མཆོག་ནི་དེ་དག་གི་།མཚན་རྣམས་སྔ་དྲོ་སྒྲོགས་བྱེད་ཅིང ། །ཉི་མའི་གུང་ལ་སྒྲོགས་བྱེད་དང ། །མཁས་པ་ནུབ་ཀར་སྒྲོགས་བྱེད་པ། །རྨི་ལམ་བཟང་པོ་མཐོང་བར་འགྱུར། །མཚན་རྣམས་བཟུང་ནས་དེ་འོག་ཏུ། །
54.171a
བསྐལ་པ་བྱེ་བ་སྟོང་རྣམས་སུ། །སྔོན་ཆད་སྡིག་པ་ཅི་བསགས་པ། །མི་དག་ཐམས་ཅད་བཤགས་པར་བྱ། །དེ་ཡིས་ལུས་ངག་ཡིད་ཀྱི་ལས། །མི་དགེ་གང་དག་བྱས་གྱུར་ན། །མཚན་རྣམས་བཟུང་ནས་དེ་འོག་ཏུ། །ཉེས་བྱས་དེ་ཡང་བཤགས་པར་བྱ། །ཡན་ལག་ལྔ་ཡིས་གཏུགས་ནས་ནི། །རྒྱལ་རྣམས་བྱང་ཆུབ་སྔོན་རོལ་དུ། །དུས་གསུམ་དགེ་བ་ཅི་བསགས་པ། །དེ་ཀུན་རྗེས་སུ་ཡིད་རངས་བྱ། །འཇིག་རྟེན་རྩ་ལག་རྣམས་ཀྱིས་ནི། །བྱང་ཆུབ་བརྙེས་ནས་ཆོས་གསུངས་དང ། །ལུས་ཅན་གང་དག་འཇིག་རྟེན་གྱི། །མགོན་པོ་རྣམས་ལ་མཆོད་བྱེད་པ། །དེ་ལ་རྒྱལ་བའི་སྲས་རྣམས་ཀྱིས། །ཉིན་མཚན་དུས་གསུམ་ཡི་རངས་བྱ། །དེས་ན་བདག་གཞན་དོན་བྱེད་པའི། །ཕ་རོལ་ཕྱིན་པ་རྫོགས་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་སློང་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་ཤུདྷ་སིང་ཧ་དང ། ལོ་ཙ་བ་བན་དེ་དགེ་བ་དཔལ་གྱིས་བསྒྱུར། ་རྒྱ་གར་གྱི་མཁན་པོ་བི་དྱཱ་ཀ་ར་སིངྷ་དང ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་དེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ། །