rKTs


H83

(e-text produced by ACIP)

see text in transliteration
139b
།།རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་བཱ་ལ་ཤྲེཥྣཱི་པ་རི་པྲྀཙྪཱ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་
140a
༄#། །པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། ཤཱ་རིའི་བུ་ལ་སོགས་པ་བྱ་བ་བྱས་པ། བྱེད་པ་བྱས་པ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ཐད་ན་ལུས་སྙོམ་པ་དང ། གཉིད་ཀྱིས་གནས་པས་ལུས་ཉོན་མོངས་པ་མེད་ཅིང་ལུས་སྙོམས་པ་མེད་པར་གནས་སོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་མདངས་མེ་ཏོག་པདྨའི་ཚལ་རྒྱས་པ་ལྟ་བུར་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་མདངས་པདྨའི་ཚལ་རྒྱས་པ་ལྟ་བུར་སྣང་བར་གྱུར་པ་ལས་ན། བཅོམ་ལྡན་འདས་འདི་ཆོས་ཀྱི་ཚུལ་ཇི་ལྟ་བུ་ཞིག་སྟོན་པར་དགོངས་ཤིག་གུ་སྙམ་མོ། །དེ་ནས་དེའི་ཚེ་ཚོང་དཔོན་བཟང་སྐྱོང་ཞེས་བྱ་བ་འཁོར་ཚོང་པ་དྲུག་ཁྲི་དང་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ ། །དེ་ནས་བཟང་སྐྱོང་ཤིན་ཏུ་གཞོན་ཤ་ཅན་ལ་ལུས་ཀྱི་མདོག་བཟང་ཞིང་རྒྱས་པ་དང་ལྡན་པ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་ཞུགས་པ་རབ་ཏུ་ཞི་བ་དང་དུལ་བའི་ཡོན་ཏན་གྱི་གཏེར་དུ་གྱུར་པ་གསེར་གྱི་ཤིང་ལྗོན་པ་ལྟར་གཟི་བརྗིད་འབར་
140b
བར་མཐོང་ངོ ། །དེ་ནས་བཟང་སྐྱོང་དད་པ་སྐྱེས་ཏེ། མཉམ་པར་བཞག་པའི་ཡིད་ཀྱིས་འདི་སྙམ་དུ་སེམས་ཏེ།་ཀྱེ་མ་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇིག་རྟེན་དུ་སྙན་པ་དག་གྲགས་པ་འདི་ནི་མི་རྫུན་ནོ་སྙམ་མོ། །དེ་ནས་བཟང་སྐྱོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། དེ་བཞིན་གཤེགས་པའི་ཞལ་དུ་ལྟ་བ་གཏད་དེ་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་ལ་གཟིགས་ནས་སྐུ་ལས་འོད་ཟེར་ཕྱུང་ངོ ། །འོད་ཟེར་དེས་ཀྱང་ཚོང་དཔོན་བཟང་སྐྱོང་མི་འཇིགས་པ་སྐྱེས་ནས།་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། །བདག་ནི་བཅོམ་ལྡན་འདས་ལ་ད་གདོད་དད་པ་ཐོབ་པ་ལགས་སོ། །བཅོམ་ལྡན་འདས། དེ་ལྟ་ལགས་པས་ཕྱོགས་འགའ་ལ་རེ་བ། ཆོས་འཚལ་བ་འཁོར་བའི་གནོད་པ་རྣམས་ཀྱིས་ཡོངས་སུ་ཉོན་མོངས་པ། རྣམ་པར་རྟོག་པའི་ཤས་ཆེ་བ་ངོ་མཚར་དུ་གྱུར་པ་ཅན་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས། བདག་ནི་ཐེ་ཚོམ་ཅན་ལགས། བདེ་བར་གཤེགས་པ། བདག་ནི་སོམ་ཉི་ཅན་ལགས་ན། གང་གིས་བདག་རྨོངས་པར་འགྱུར་ཞིང་འཁོར་བ་ལས་ངེས་པར་འབྱུང་བ་མ་འཚལ་ཏོ། །བཅོམ་ལྡན་འདས།
141a
༄#། །ནི།་ཐམས་ཅད་མཁྱེན་པ་ལགས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་འགྲུབ་པར་མཛད་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་འཇིག་རྟེན་དུ་དེའུ་མ་བྱུང་སྟེ་བྱུང་ངོ ། །བཅོམ་ལྡན་འདས་ནི། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པས་ན་ཕ་མ་ལྟ་བུ་ཡང་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང ། དེའི་ཕྱིར་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་སེམས་རངས་པར་བྱའོ། །དེ་ནས་བཟང་སྐྱོང་ཞུ་བར་འདོད་པ་ཕྱོགས་གཅིག་ཏུ་འདུག་གོ་།ཚོང་དཔོན་བཟང་སྐྱོང་གཟི་བརྗིད་འབར་ཞིང་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་ཕྱོགས་གཅིག་ཏུ་འདུག་པ། ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཟང་སྐྱོང་འདིའི་མདོག་བཟང་ཞིང་རྒྱས་པས་རྒྱལ་པོའི་དཔལ་ཡང་ཟིལ་གྱིས་ནོན་ཏེ། ལྷག་པར་མཛེས་པ་ནི་ངོ་མཚར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། བཟང་སྐྱོང་འདིའི་བདེ་བའི་ཡོ་བྱད་གང་ཡིན་པ་དང ། དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་པ་གང་ཡིན་པ་དེ་ནི་ཚོང་དཔོན་གཞོན་ནུ་ཟླ་བ་འབྱོར་པ་མ་གཏོགས་པར། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ཡང་མེད་དོ། །འཛམ་བུའི་
141b
གླིང་ན་ཁྱད་པར་དུ་འཕགས་པ་རྣམས་ལ་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚོང་དཔོན་བཟང་སྐྱོང་འདིའི་ནོར་དུ་གྱུར་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེའི་ཕྱིར་ཁྱོད་ཀྱིས་ཚོང་དཔོན་དགེ་བའི་རྩ་བ་བྱས་པ་འདིའི་འབྱོར་པ་དང་ལོངས་སྤྱོད་རྒྱས་པ་ཉོན་ཅིག་།ཀུན་དགའ་བོ། ནོར་དང་གསེར་ཕུན་སུམ་ཚོགས་པའི་ཚོང་པ་དྲུག་ཁྲི་འདིའི་ཕྱི་བཞིན་འབྲང་ངོ ། །མལ་ཁྲི་ཚོན་སྣ་ཚོགས་སྤེལ་བས་མཛེས་པར་བྱས་པ་སྨིག་ཐགས་ཅན་ལ་སྟན་ནང་ཚངས་ཅན་བཏིང་བ། གཡས་གཡོན་དུ་སྔས་དམར་པོ་བཞག་པ་དྲུག་ཁྲི་དང ། བུད་མེད་བགོ་བ་དར་དང ། དུ་ཀུ་ལའི་རས་དང ། མེན་ཏྲི་དང ། མོན་དར་དང ། མས་སྦྱངས་པའི་གོས་དང ། ལ་ཚིག་གུའི་སྟོད་ཀོར་དང ། དམར་པོ་དང ། རྣམ་པ་སྣ་ཚོགས་ཀྱི་སྣམ་ཕྲན་ཅན་གྱི་གོས་གྱོན་པ། འདོད་ཆགས་པའི་རྒྱན་གྱིས་བརྒྱན་པ། ལག་མཐིལ་རེག་ན་སྙི་ཞིང་ཤིན་ཏུ་འཇམ་པ་རྣམ་པ་སྣ་ཚོགས་སུ་འགྱུར་བ། རྒོད་ཅིང་དགའ་བ་དང ། ཚིག་འཆོས་ཤིང་སྒེག་ལ་སྙན་པའི་གཏམ་བརྗོད་པས་བསྐྱེད་པའི་དགའ་བ་དང ། མཆོག་ཏུ་དགའ་བས་རྒོད་པར་བྱེད་པ། ཁྱིམ་ཐབ་ལ་བསྙེན་བཀུར་བྱེད་པའི་ཚུལ་གྱིས་ལུས་ལ་བསྟོད་པར་བྱེད་པ། སྐྱེས་པ་གཞན་ལ་འདོད་པའི་རྒྱུད་སྤངས་པ། མཛེས་
142a
༄#། །པས་འདུད་ཅིང་བླ་གོས་བཟང་པོ་བགོས་པ། གཅིག་ལ་གཅིག་ཕྲག་དོག་གིས་འཐབ་པ་དང་རྩེ་བས་བཞིན་ཁྲོ་གཉེར་གཙིགས་ཤིང་འཁུ་བར་འགྱུར་བ་མེད་པ། རྐང་ལག་དང་སོར་མོ་ཤིན་ཏུ་འཇམ་པ། རྐང་ལག་གི་ཚིགས་ཀྱི་བར་མཚམས་མི་མངོན་པ། རྐང་ལག་རྒྱས་པ། སྐྲ་མཉམ་ཞིང་བཅོས་ལ་གཡས་སུ་འཁྱིལ་ཞིང་མཛེས་པ། སྙིང་ཆགས་པ་དང་ལྡན་ཞིང ། ཤིན་ཏུ་སྙིང་ཉེ་བ་སྙན་པར་གྲགས་པའི་རིགས་དང ། རུས་ལས་བྱུང་བས་གྲགས་པ་དང་ལེགས་པ་བསྐྱེད་པ། ལུས་ཤིན་ཏུ་འཇམ་པ། རིགས་མཐོ་བའི་བུད་མེད་རྩེ་བར་འོས་པའི་ཁང་པ་དང ། མལ་ཆ་རྒྱས་པ་དང་ལྡན་པ་དྲུག་ཁྲི་དང ། བཙོ་ཟངས་དྲུག་ཁྲི་གང་བའི་འབྲས་ཆན་བཟང་པོ། ཚོད་མ་ཤིན་ཏུ་དྲི་ཞིམ་པོས་སྣ་ཐ་དད་པར་ཕྱེ་བ་སཱ་ལུ་བཟང་པོའི་ཆན་དང ། ཆུ་ཡན་ལག་བརྒྱད་དང་ལྡན་པ། ལྷ་བུའི་ཁ་ཟས་རྣམ་པ་སྣ་ཚོགས་དྲི་ཞིམ་ཞིང་ཡིད་དུ་འོང་ལ་དགའ་བ་སྐྱེད་པར་བྱེད་པ། ཉོན་མ་མོངས་པར་གྲུབ་ཅིང་བསོད་ནམས་ཀྱིས་བྱུང་ལ། དྲི་ང་ཞིང་མི་གཙང་བ་དང་ལུས་ཀྱི་སྐྱོན་དུ་འགྱུར་བ་མེད་པ་དག་དང ། ཁང་པ་བརྩེགས་པ་ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། རྣམ་པར་ཕྱེ་ལ་སྡུག་ཅིང་མཛེས་པར་བྱས་པ་དང ། རས་སྦྱངས་ཤིང་རླུང་གིས་བསྐྱོད་
142b
པའི་བུན་ལོང་དང ། མེ་ཏོག་སིལ་མས་གཏོང་བ་དང ། བསིལ་བའི་ཆུས་རེག་ན་བདེ་བས་ཁྱབ་པས་བསིལ་བར་གྱུར་པ། འཁར་རྔ་དང ། པི་ཝང་རྒྱུད་གཅིག་པ་དང ། པི་ཝང་དང ། གླིང་བུ་དང ། རྫ་རྔ་ཆེན་པོ་ལས་བྱུང་བའི་སྒྲ་སྙན་པའི་དར་དིར་དང ། ཕུག་རོན་གྱི་སྐད་ཡིད་དུ་འོང་ཞིང་ཆགས་སུ་རུང་བས་མཛེས་པར་བྱས་པ། མེ་ཏོག་གི་འཁྲི་ཤིང་གིས་རྩེ་མོ་འཁྲིས་པ་ལ། སྦྲང་མ་སྒྲ་སྙན་འབྱིན་པ། ལྷའི་གནས་དང ། རི་རབ་ཀྱི་ཕྲག་གི་བར་ལྟ་བུའི་རླུང་སྐྱབས་དང་ལྡན་པའི་མར་མེ་འབར་བའི་གཟི་བརྗིད་དང ། སྨན་གྱི་སྒྲོན་མ་དངར་བ་དྲུག་ཁྲི་དང ། གྲོང་ཁྱེར་བཞི་མདོ་དང ། སུམ་མདོ་དང ། བ་གམ་དང ། སྲང་སྡུག་གུས་མཛེས་པར་བྱས་པ། ཡུལ་སྣ་ཚོགས་ཀྱི་སྐད་དང ། སྤྱོད་པ་དང ། ཟོང་དང ། ཚོང་ཁང་སྣ་ཚོགས་སྤེལ་བས་མཛེས་པར་བྱས་པ། ཚོང་པའི་ཚོགས་སྟོང་དག་གིས་ལང་ལོང་དུ་གྱུར་པ། ནགས་དང ། ཤིང་ལྗོན་པ་སྣ་ཚོགས་བརྒྱ་སྟོང་དག་གིས་འཁྲིགས་པ།་ཀུ་མུ་ཏའི་མེ་ཏོག་རྒྱས་པ། དྲི་མ་མེད་པ་སྤེལ་བས་མཛེས་པར་བྱས་པ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟའི་མཆོག་གིས་བུན་ལོང་དུ་གྱུར་པ་དྲུག་ཁྲི་ཡོད་དོ། །ཀུན་དགའ་བོ། གྲོང་ཁྱེར་དེ་དག་གི་ནང་ན་ཚོང་དཔོན་དང ། ཚོང་པ་དང ། ཡུལ་གྱི་མི་དང ། དེད་དཔོན་འཁོད་པ་རྣམས་ཀྱང་ཚོང་དཔོན་གཞོན་ནུ་བཟང་སྐྱོང་དེའི་བསྔགས་པ་བརྗོད་ཅིང་སྙན་པར་སྨྲ་བར་བྱེད་
143a
༄#། །དེ།་ཉིན་གཅིག་བཞིན་དུ་ཐལ་མོ་སྦྱར་ནས་འདུད་པར་བྱེད་དོ། །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡང་དེའི་དབང་ཕྱུག་དང ། འབྱོར་པ་དང་ལོངས་སྤྱོད་རྒྱས་པ་མཐོང་ན་བདག་ཉིད་ལ་མི་དབུལ་པོ་ལྟ་བུར་འཛིན་ཏོ། །ཀུན་དགའ་བོ། ཚོང་དཔོན་གཞོན་ནུ་ཟླ་བ་འབྱོར་པ་འདི་ནི་བཙོ་ཟངས་འབུམ་གྱིས་གཡོས་བྱེད་པ་དང་ལྡན་པའི་འཁོར་གྱིས་བསྐོར་ཏེ། ཀུན་དགའ་བོ། དེའི་བསྙེན་བཀུར་བྱེད་པ་ཡང་བུད་མེད་ལྔ་སྟོང་ཡོད་དོ། །ཀུན་དགའ་བོ། ཟླ་བ་འབྱོར་པ་དེ་ལ་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་བདེ་བའི་ཡོ་བྱད་ཀྱིས་ཀྱང་ཆ་ཙམ་དུ་ཡང་མི་ཕོད་དོ། །ཀུན་དགའ་བོ། ཚོང་དཔོན་གཞོན་ནུ་ཟླ་བ་འབྱོར་པ་དེ་ལ་ནི་ཚོང་དཔོན་བཟང་སྐྱོང་གི་གཟུགས་བཟང་བ་དང ། ཁ་དོག་རྒྱས་པ་དང ། དབང་ཕྱུག་དང ། བདེ་པའི་ཡོ་བྱད་ཀྱིས་བརྒྱའི་ཆར་ཡང་མི་ཕོད་དོ། །ཀུན་དགའ་བོ། འོན་ཀྱང་བཟང་སྐྱོང་ལ་ནི་ལྷའི་ཤིང་རྟ་ལྷའི་ནོར་བུ་རིན་པོ་ཆེ་འོད་འབར་བ་ནམ་མཁའ་སྐར་མས་སྤྲས་པ་དང་འདྲ་བ། ལྷའི་གསེར་ཚེར་བས་ངོས་སྤྲས་པ། རྡོ་རྗེ་དང ། སྤུག་དང ། མེ་ཤེལ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། རླུང་གི་ཤུགས་ལྟར་མགྱོགས་ཤིང་ནམ་མཁའ་ལྡིང་གི་ཤུགས་ལྟར་འགྲོ་བ་དེ་ལ་ཞོན་ན། རིན་པོ་ཆེའི་གླིང་དུ་ཡང་འགྲོ་ཞིང་བདེ་བ་དང་ལྡན་ལ། རྩེད་མོ་ཉམས་སུ་མྱོང་ནས་ཕྱིར་འོང་བའི་ཤིང་རྟའི་མཆོག་ཡིད་འཕྲོག་པ་ཞེས་བྱ་བ་ཡོད་དོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་
143b
འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚོང་དཔོན་གཞོན་ནུ་བཟང་སྐྱོང་འདིས་དགེ་བའི་རྩ་བ་ཇི་ལྟ་བུ་ཞིག་བསགས་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། འདིར་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྱེད་པ་དག་གི་རྣམ་པར་སྨིན་པ་ནི་འདི་ཡིན་ཏེ། ཀུན་དགའ་བོ། འདས་པའི་དུས་ན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་འོད་ཅེས་བྱ་བ་བྱུང་ངོ ། །ཀུན་དགའ་བོ།་ཚོང་དཔོན་བཟང་སྐྱོང་དེ་ནི་དེའི་ཉན་ཐོས་གཙུག་ཕུད་བཟང་ཞེས་བྱ་བར་གྱུར་ཏེ། བསླབ་པའི་གཞི་མ་ཉམས་ཤིང་ཚུལ་ཁྲིམས་མ་འཆལ་པར་སྤྱོད་པ། ཆོས་སྨྲ་བ་ཐོས་པའི་མཛོད་འཛིན་པ་དང ། འདུལ་བ་འཛིན་པར་གྱུར་ཏེ། དེས་ཉིན་གཅིག་བཞིན་དུ་སེམས་ཅན་རྣམས་ལ་སྐད་སྙན་ཅིང་ཡིད་དུ་འོང་བ་དང ། ཟབ་ཅིང་བརྟན་པ་དང ། གསང་མཐོ་ཞིང་ཟུར་ཕྱིན་པས་ཆོས་བསྟན་ཏོ། །གང་གིས་ཆོས་དེ་ཐོས་ཤིང་ཀུན་ཆུབ་པར་བྱས་པ་དེ་ཡང་ཕྱིན་ཆད་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །ཀུན་དགའ་བོ། དེ་ཆོས་ཀྱི་སྦྱིན་པ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལྷ་དང་མི་རྣམས་མགུ་བར་བྱས་སོ། །ཀུན་དགའ་བོ། དེའི་ཤིང་རྟའི་གཞལ་མེད་ཁང་གང་ཡིན་པ་དེ་ཡང་བཤད་པར་བྱ་སྟེ། ཀུན་དགའ་བོ། འདིས་དགེ་སློང་ཚངས་པར་སྤྱོད་
144a
༄#། །ཅིང་ཚུལ་ཁྲིམས་དང་ལྡན་པ། ལུས་ཉམ་ཆུང་བ་ཞིག་ལ་དད་པའི་སེམས་ཀྱིས་བསོད་སྙོམས་བྱིན་ནས་ལྷམ་ཟུང་གཅིག་ཀྱང་བྱིན་ཏེ། དེའི་བསོད་ནམས་རྣམ་པར་སྨིན་པ་དས་\་ཌཱེཥ?\་ན་ལྷའི་ཤིང་རྟའི་མཆོག་མངོན་པར་གྲུབ་པར་གྱུར་ཏོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཀྱང་འདི་སྐད་དུ་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འབྱུང་བ་དེས་ཁྱོད་ལུང་བསྟན་པར་འགྱུར་རོ་ཞེས་གསུངས་སོ། །ཀུན་དགའ་བོ། ཚོང་དཔོན་བཟང་སྐྱོང་འདི་ནི་ངས་འདུལ་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚོང་དཔོན་འདི་ནི་ནོར་དང ། གསེར་ཕུན་སུམ་ཚོགས་པ་འདོད་པ་དང་ལྡན་པའི་ཡུལ་རྣམས་ཀྱིས་ཀྱང་དྲེགས་པར་མ་གྱུར་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁས་པ་དག་ནི་འདོད་པའི་ལོངས་སྤྱོད་རྒྱས་པའི་ཁྱད་པར་དག་གིས་དྲེགས་པར་མི་འགྱུར་ཏེ། ཀུན་དགའ་བོ། ཚོང་དཔོན་འདི་ནི་དགེ་བའི་ཆོས་ཅན། དགེ་བའི་རྩ་བ་ཉམས་སུ་མྱོང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་ནས། ཚོང་དཔོན་གཞོན་ནུ་བཟང་སྐྱོང་གིས་བདག་ཉིད་ཀྱི་སྐབས་ཕྱེ་བར་རྟོགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་
144b
ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་འདོགས་ཤིང་ཐུགས་བརྩེ་བ་ཅན་ལ་བདག་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། དེའི་ཕྱིར་ཁྱོད་ཀྱི་དྲི་བ་དང་མཐུན་པའི་དུས་ལ་བབ་ཀྱི། བཟང་སྐྱོང ། ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་ཁྱོད་ལ་བཤད་དོ། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ནི་སེམས་ཅན་རྣམས་རྣམ་པར་ཤེས་པ་མ་འཚལ་ཏེ། ཟ་མ་ཏོག་གི་ནང་གི་རིན་པོ་ཆེ་མི་རིག་པ་བཞིན་དུ་ཐམས་ཅད་ཀྱིས་རྣམ་པར་ཤེས་པ་མི་རྟོགས་ན། །བཅོམ་ལྡན་འདས། རྣམ་པར་ཤེས་པ་དེ་གང་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་ཞེས་བགྱི། བཅོམ་ལྡན་འདས། ཇི་ལྟར་ན། མི་གུམ་པའི་རྐང་ལག་དང་མིག་ཉམས་ཤིང ། འགུམ་པའི་དུས་ཀྱི་ཚེ་དབང་པོ་རྣམས་འགག་ཅིང་ཁམས་རྣམས་དང་མི་ལྡན་པར་གྱུར་པ་ན། རྣམ་པར་ཤེས་པ་འདི་ལུས་ལས་ཇི་ལྟར་འཕོ་ཞིང་མཆི། གཟུགས་ནི་ཇི་ལྟ་བུ་ལགས། རང་བཞིན་ནི་ཇི་ལྟ་བུ་ལགས། ལུས་དང་ནི་ཇི་ལྟར་འབྲལ་བར་འགྱུར། རྣམ་པར་ཤེས་པ་འདིས་ལུས་ཡོངས་སུ་བཏང་ནས་ལུས་གཞན་ཇི་ལྟར་ལེན་པར་གྱུར། ཇི་ལྟར་ན་ཁམས་རྣམས་ཡོངས་སུ་བཏང་ཞིང་སྐྱེ་མཆེད་རྣམས་བོར་ནས། འདི་ནས་འཇིག་རྟེན་ཕ་རོལ་ཏུ་མཆི་བར་འགྱུར། ཇི་ལྟར་ན་ལུས་ཐ་དད་པ་དག་ལེན་པར་བགྱིད་
145a
༄#། །བཅོམ་ལྡན་འདས། ཇི་ལྟར་ན་མི་གུམ་པའི་སྐྱེ་མཆེད་རྣམས་རྗེས་སུ་འབྲང་བར་འགྱུར། བཅོམ་ལྡན་འདས། འཇིག་རྟེན་འདིར་དགེ་བའི་རྩ་བ་བསགས་པ་འཇིག་རྟེན་ཕ་རོལ་ཏུ་ཇི་ལྟར་མྱོང་བར་འགྱུར། ཇི་ལྟར་ན་ཕུང་པོ་འདི་དག་གིས་དགེ་བའི་རྩ་བ་བསགས་ལ། ཕྱིས་ཕུང་པོ་གཞན་དག་གིས་ཉམས་སུ་མྱོང་བར་འགྱུར། ཇི་ལྟར་ན་རྣམ་པར་ཤེས་པ་འདི་ལུས་ཀྱིས་རྗེས་སུ་འབྲང་བར་འགྱུར། ཇི་ལྟར་ན་སྐྱེ་མཆེད་རྣམས་ལུས་ཀྱི་རྗེས་སུ་འབྲང་བར་འགྱུར། དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་སྐྱོང ། ལེགས་སོ། །ལེགས་སོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ང་ལ་བསྐུལ་བ་བཞིན་ནོ། །བཟང་སྐྱོང ། དེའི་ཕྱིར་རྣམ་པར་ཤེས་པའི་འོང་བ་དང ། འགྲོ་བ་དང ། འཕོ་བ་དང ། འགག་པ་ཉོན་ཅིག་།བཟང་སྐྱོང ། དཔེར་ན། རླུང་གི་ཁམས་གཟུགས་ཅན་མ་ཡིན་པ་ཡིན་ཡང་བསྟན་དུ་ཡོད་ཅིང ། གཟུང་དུ་ཡོད་པ་དག་ལས་གཟུགས་སུ་སྣང་ངོ ། །དེ་ལ་བསྟན་དུ་ཡོད་པ་ནི་ཤིང་འགུལ་ཞིང་གཡོ་བ་དང ། སྒྲ་སྐད་འུར་འུར་པོའི་སྒྲ་འབྱིན་པ་དང ། གྲང་བ་དང ། དྲོ་བའི་རེག་པས་ཚོར་བ་སྐྱེད་པ་ཡིན་ཡང ། དེ་ལ་རྐང་ལག་དང ། མིག་དང ། གདོང་དམིགས་པར་མི་འགྱུར་ཏེ། སྔོ་སངས་དང ། དཀར་བ་ཞེས་ཁ་དོག་ལྷག་པར་མི་དམིགས་སོ། །བཟང་སྐྱོང ། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་གཟུགས་སུ་མི་དམིགས་ཤིང ། གཟུགས་སུ་སྣང་
145b
བར་མི་འགྱུར་ཏེ། ཁྱོད་ཀྱིས་རྒྱུའི་བྱེ་བྲག་དག་གིས་རྣམ་པར་ཤེས་པའི་ཁམས་རྟོགས་པར་བྱའོ། །དེ་ལ་རྒྱུ་གང་ཞེ་ན། སེམས་པ་དང ། ཚོར་བ་དང ། ཆོས་ཀྱི་ཁམས་སོ། །དེ་ལ་ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་འདི་ལུས་ཡོངས་སུ་བཏང་ནས། ཚོར་བ་དང ། སེམས་པ་ལེན་ཅེ་ན། དཔེར་ན་རླུང་གི་ཁམས་ཀྱིས་མེ་ཏོག་གི་དྲི་བསྡུས་ནས་འཕོས་ཏེ་འགྲོ་བ་དེ་ལས་ལྷའི་མེ་ཏོག་གི་དྲི་འདི་ངད་ལྡང་ངོ་ཞེས་ཤེས་མོད་ཀྱི། རླུང་གི་ཁམས་ཀྱང་མེ་ཏོག་གི་དྲི་མི་འཛིན་ལ། རླུང་གི་ཁམས་མེད་པར་ཡང་མེ་ཏོག་རྣམས་ཀྱི་དྲི་མི་དམིགས་སོ། །དྲི་དེ་ཡང་གཟུགས་ཅན་མ་ཡིན་ལ། རླུང་གི་ཁམས་དེ་ཡང་གཟུགས་ཅན་མ་ཡིན། སྣའི་དབང་པོ་དེ་ཡང་གཟུགས་ཅན་མ་ཡིན་ནོ། །བཟང་སྐྱོང ། དེ་བཞིན་དུ་མི་ཤི་བའི་རྣམ་པར་ཤེས་པ་དེས་ཚོར་བ་ཡོངས་སུ་བླངས་ཤིང་སེམས་པ་ཀུན་དུ་བླངས་ཏེ། ཆོས་ཀྱི་ཁམས་ཡང་དག་པར་བླངས་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་སྟེ། ཕ་མ་ཕྲད་པ་ལས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །རྣམ་པར་ཤེས་པ་སྐྱེས་ན་ཚོར་བ་རྣམས་དང ། སེམས་པ་རྣམས་འདུ་བར་འགྱུར་ཏེ། དཔེར་ན། མེ་ཏོག་གི་དབང་གིས་སྣས་ཚོར་ལ། སྣའི་དབང་གིས་དྲི་དམིགས་པར་འགྱུར་བ་དང ། གཞན་ཡང་ལུས་ཀྱི་དབང་གིས་རླུང་གི་རང་བཞིན་གྱི་རེག་པ་དམིགས་པར་འགྱུར་ལ། རླུང་གི་དབང་གིས་མེ་ཏོག་གི་དྲི་འབྱུང་བར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་དབང་གིས་ཚོར་བ་འབྱུང་བར་འགྱུར་ལ། ཚོར་བའི་དབང་གིས་སེམས་པ་འབྱུང་བར་
146a
༄#། །འགྱུར་རོ། །སེམས་པའི་དབང་གིས་གང་གིས་དགེ་བའམ་མི་དགེ་བ་ཤེས་པའི་ཆོས་ཀྱི་ཁམས་འབྱུང་བར་འགྱུར་ཏེ། དཔེར་ན། རི་མོ་མཁན་རྩིག་པ་དང ། ཤིང་ལེབ་ཤིན་ཏུ་བྱི་དོར་བྱས་པ་ལ་ཅི་འདོད་པ་བཞིན་དུ་ལས་བྱེད་དེ། ལས་ལ་བློ་སྦྱངས་པས་ཅི་འདོད་པ་བཞིན་དུ་གཟུགས་རྣམས་མངོན་པར་འགྲུབ་པར་བྱེད་ཀྱང ། དེའི་རྣམ་པར་ཤེས་པ་དེ་ཡང་གཟུགས་ཅན་མ་ཡིན་ལ། རྣམ་པར་ཤེས་པ་གཟུགས་ཅན་མ་ཡིན་པས་ཀྱང ། གཟུགས་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་གཟུགས་ཅན་མ་ཡིན་པ་འདིས། གཟུགས་ཀྱི་ལུས་དྲུག་མངོན་པར་འགྲུབ་པར་བྱེད་དེ། འདི་ལྟ་སྟེ། མིག་གི་རྐྱེན་གྱིས་གཟུགས་མཐོང་ལ། རྣམ་པར་ཤེས་པ་མིག་ལ་བརྟེན་པ་གང་ཡིན་པ་དེ་ཡང་གཟུགས་ཅན་མ་ཡིན་ནོ། །རྣ་བའི་རྐྱེན་གྱིས་སྒྲ་སྟེ། དེ་ཡང་གཟུགས་ཅན་མ་ཡིན་ནོ། །སྣའི་རྐྱེན་གྱིས་དྲི་སྟེ། དེ་ཡང་གཟུགས་ཅན་མ་ཡིན་ནོ། །ལྕེའི་རྐྱེན་གྱིས་རོ་སྟེ། དེ་ཡང་གཟུགས་ཅན་མ་ཡིན་ནོ། །ལུས་ཀྱི་རྐྱེན་གྱི་རེག་བྱ་སྟེ། དེ་ཡང་གཟུགས་ཅན་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་ཀྱང་གཟུགས་ཅན་མ་ཡིན་ནོ། །རབ་ཏུ་ཤེས་པ་གང་ཡིན་པ་དེ་ཡང་གཟུགས་ཅན་མ་ཡིན་པ་སྟེ། དེ་བས་ན་སྤྱོད་ཡུལ་རྣམས་ཀྱང་གཟུགས་ཅན་མ་ཡིན་པར་བལྟ་བར་བྱའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་གཟུགས་ཅན་མ་ཡིན་པར་བལྟ་བར་
146b
བྱའོ། །ཇི་ལྟར་རྣམ་པར་ཤེས་པའི་ཁམས་འདིས་ལུས་ཡོངས་སུ་བཏང་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་ཞེ་ན། བཟང་སྐྱོང ། འདིར་འཆི་བའི་དུས་ཀྱི་ཚེ་ལས་ཟད་པས་ཚེ་འགག་པ་ན། ལས་ཀྱི་སྒྲིབ་པས་ཟིན་པའི་རྣམ་པར་ཤེས་པའི་ཁམས་འདི་འཕོ་བར་འགྱུར་ཏེ། དཔེར་ན། དགྲ་བཅོམ་པ་འགོག་པའི་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པའི་ཁམས་དེ་ཁོང་བར་འགག་ནས་ཡོངས་སུ་འཕྱན་པ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་ཡང་སྐྱེ་བ་པོ་ཤི་བའི་ལུས་ཡོངས་སུ་བཏང་ཞིང་ཁམས་རྣམས་བོར་ནས་དྲན་པ་སྟོབས་དང་ལྡན་པར་འགྱུར་ཏེ། འདི་ལྟར་བདག་ནི་མཆོད་སྦྱིན་གྱིས་བྱིན་ཞེས་བྱ་བ་དེ་ཉིད་ཡིན་ཏེ། ལུས་ཀྱི་ཚོར་བ་དང ། ཡིད་ཀྱི་ཚོར་བ་དང ། ཚོར་བ་རྣམ་པ་གཉིས་ཀྱིས་ཟིན་ཏོ་སྙམ་དུ་རབ་ཏུ་ཤེས་ཏེ། དེ་འཆི་བའི་དུས་ཀྱི་ཚེ་ནི་ལུས་ཀྱི་ཚོར་བ་དང་ལྡན་པར་འགྱུར་རོ། ། ཤི་ནས་ནི་ཡིད་ཀྱི་ཚོར་བ་དང་ལྡན་པར་འགྱུར་རོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ས་བོན་གྱིས་ལུས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་ལ། སེམས་པས་ཤེས་པ་དྲན་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ས་བོན་དང ། ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱའོ། །གཞན་ཡང་བདེ་བ་དང་སྡུག་བསྔལ་གྱི་ཚོར་བས་ཤེས་པ་དེ་རྟོགས་པས་ན་དེའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱའོ། །གཞན་ཡང་དེ་དགེ་བ་དང་མི་དགེ་བའི་རིག་པ་དང ། དགེ་བ་དང་མི་དགེ་བའི་སྤྱོད་ཡུལ་ཤེས་པས་ན། དེའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱའོ། །ས་བོན་གྱིས་མྱུ་གུ་
147a
༄#། །བསྐྱེད་པ་བཞིན་དུ་ལུས་འགྲུབ་པས་དེའི་ཕྱིར་ཡང་རྣམ་པར་ཤེས་པ་ཞེས་བྱའོ། །བཟང་སྐྱོང ། གཞན་ཡང་ཅི་ལྟར་རྣམ་པར་ཤེས་པའི་ཁམས་ཀྱིས་ལུས་ཡོངས་སུ་བཏང་ནས་འཕོ་ཞིང་འགྲོ་བར་འགྱུར་ཞེས་ཁྱོད་ཀྱིས་སྨྲས་པ་དེ་ནི། དཔེར་ན། མེ་ལོང་གི་གཟུགས་བརྙན་ལྟ་བུ་དང ། འཇིམ་པ་ལ་རྒྱས་བཏབ་པའི་འབུར་བཞིན་ནོ། །དཔེར་ན། ཉི་མ་ཤར་ན་རབ་རིབ་དང་མུན་པ་མེད་པར་འགྱུར་ལ། ཉི་མ་མེད་པར་གྱུར་ན་ཡང་མུན་པ་འབྱུང་བར་འགྱུར་མོད་ཀྱི། མུན་པ་དེའི་གནས་ཐེར་ཟུག་པའམ། ཐེར་ཟུག་པ་མ་ཡིན་པ་ཡང་མེད་ལ།་མུན་པ་དེ་ལ་ཡང་གཟུགས་དང ། ཚོར་བ་མི་སྣང་བ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་ཡང་ལུས་སྐྱེས་ནས། མུན་པ་བཞིན་དུ་ལུས་ལ་གནས་པར་འགྱུར་ཏེ། མིས་ཀྱང་རྣམ་པར་ཤེས་པ་མི་མཐོང་ལ། རྣམ་པར་ཤེས་པའི་ཁམས་ཀྱང་ལུས་འདི་འཛིན་པར་བྱེད་དོ། །དཔེར་ན། བུད་མེད་ཀྱི་མངལ་ན་བུ་གནས་པ་ལ་ཅི་བདག་གི་ལྟོ་ན་འདུག་པ་འདི་ཁྱེའུ་འམ། བུ་མོའམ། སྔོ་སངས་སམ། དཀར་རམ། སེར་རམ། དབང་པོ་ཚང་བའམ། དབང་པོ་མ་ཚང་བ་མ་ཡིན་པའམ། རྐང་ལག་མཉམ་པ་ཡིན་པར་མི་ཤེས་ལ། ལྟོའི་མངལ་ན་གནས་པ་དེ་ཡང་ཁ་ཟས་ཧ་ཅང་ཚ་བས་འགུལ་ཞིང་རིག་ལ། ཚོར་བར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་འགྲོ་བ་དང ། འོང་བ་དང ། བརྐྱང་བ་དང ། བསྐུམ་པ་དང ། མིག་
147b
འཛུམ་པ་དང ། འབྱེད་པ་དང ། ལས་ཐམས་ཅད་ཡོངས་སུ་སྤྱད་ཅིང ། རྒོད་པ་དང ། གཏམ་དང ། བསམ་པ་བསྐྱེད་པའི་རང་བཞིན་ཅན་ལུས་ལ་གནས་པའི་རྣམ་པར་ཤེས་པ་ལ་བདག་གི་ལུས་ལ་རྣམ་པར་ཤེས་པ་གནས་པ་འདི་རང་བཞིན་ཇི་ལྟ་བུ་ཞིག་སྙམ་དུ་སེམས་ཅན་རྣམས་ཀྱིས་མི་ཤེས་སོ། །བཟང་སྐྱོང ། གཞན་ཡང་རྣམ་པར་ཤེས་པའི་ཁམས་འདི་ནི་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པ་དང ། དངོས་པོ་ཐམས་ཅད་ལ་ཆུབ་པ་ཡིན་ལ། དངོས་པོ་རྣམས་ཀྱིས་ཀྱང་གོས་པ་མེད་དོ། །བཟང་སྐྱོང ། འདི་ན་རྣམ་པར་ཤེས་པ་ནི་བསྒོས་པ་ཡིན་ཏེ། དབང་པོ་དྲུག་པོ་རྣམས་དང ། དབང་པོ་དྲུག་གི་སྤྱོད་ཡུལ་རྣམས་དང ། ཁམས་བཞི་པོ་རྣམས་དང ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་དང ། བཟང་སྐྱོང ། འདི་དག་ནི་རྣམ་པར་ཤེས་པ་ལ་བསྒོ་བར་བྱ་བ་ཡིན་པར་བལྟའོ།། དཔེར་ན། ཤིང་གི་འཁྲུལ་འཁོར་ཕུར་བུ་གཅིག་གིས་གཟུགས་བྱས་པ་དེ་བྱ་བ་ཐམས་ཅད་བྱེད་དེ། རྒྱུག་པ་དང ། མཆོང་བ་དང ། གར་བྱེད་པ་དང ། བྱ་བ་རྣམ་པ་སྣ་ཚོགས་དག་ལ་འཇུག་ན།་བཟང་སྐྱོང ། འདི་ཇི་སྙམ་དུ་སེམས། འཁྲུལ་འཁོར་དེ་གང་གི་དབང་གིས་འཇུག་པར་འགྱུར། བཟང་སྐྱོང་གིས་གསོལ་པ། བཅོམ་ལྡན་འདས། བཀས་རྨས་པ་དེའི་རྒྱུས་ནི་བདག་གིས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། འཁྲུལ་འཁོར་དེ་ནི་ལས་ཀྱི་དབང་གིས་འཇུག་སྟེ། ལས་དེ་ཡང་གཟུགས་ཅན་མ་ཡིན་ཞིང་རྣམ་པར་ཤེས་པ་ལས་མངོན་
148a
༄#། །པར་འགྲུབ་པའོ། །དེ་བཞིན་དུ་ལུས་ཀྱི་འཁྲུལ་འཁོར་འདི་ཡང་རྣམ་པར་ཤེས་པའི་དབང་གིས་འབྱུང་སྟེ། རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྣ་ཚོགས་ལ་འཇུག་པ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྐྱེད་པར་བྱེད་པའི་ཕྱིར་བྱེད་པ་པོ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་ཀྱི་ཁམས་ལ་བརྟེན་པའི་ཕྱིར་མི་ཟད་པ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་སྔོན་གྱི་ལུས་ཀྱི་གནས་རྗེས་སུ་དྲན་པའི་ཕྱིར་བློ་ཕུན་སུམ་ཚོགས་པ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ཉི་མའི་འོད་ཟེར་དང་འདྲ་བར་བལྟ་བར་བྱ་སྟེ། དཔེར་ན། ཉི་མའི་འོད་ཟེར་ནི་དྲི་ང་བ་དག་དང ། མི་གཙང་བ་དག་དང ། རོ་དག་ལ་ཡང་འབབ་སྟེ། འོན་ཀྱང་དེ་དག་ལ་དྲི་དེས་གོས་པར་མི་འགྱུར་ལ། ཉི་མ་ཡང་དྲི་ང་བ་བོར་ཏེ་ཡང་མི་འགྲོའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ཕྱི་ས་དང ། སྙག་སྙིག་ཟ་བའི་ཁྱི་དང ། ཕག་གི་སྐྱེ་གནས་དག་ཏུ་ཡང་སྐྱེ་བ་ཡོངས་སུ་འཛིན་ཏེ། འོན་ཀྱང་རྣམ་པར་ཤེས་པའི་ཁམས་ལ་སྤྱོད་པ་ངན་པ་དེ་དག་གིས་གོས་པ་མེད་དོ། །བཟང་སྐྱོང ། གཞན་ཡང་རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་ཡོངས་སུ་བཏང་ནས་དགེ་བ་དང་མི་དགེ་བའི་རྗེས་སུ་འཇུག་སྟེ། དེ་ཡང་ཇི་ལྟ་ཞེ་ན། རྣམ་པར་ཤེས་པའི་ཁམས་གཟུགས་ཅན་མ་ཡིན་པ་འདིས་ལུས་འདིར་བོར་ནས་བསོད་ནམས་དང ། བསོད་ནམས་མ་ཡིན་པ་ཡོངས་སུ་འཛིན་ཏོ། །
148b
དཔེར་ན། རླུང་གི་ཁམས་བྲག་གི་ཕྲག་ནས་བྱུང་ནས། ཤིང་ཙམ་པ་ཀ་དང་ཕྲད་དེ་སྤོས་ཤིན་ཏུ་དྲི་ཞིམ་པོ་ཁྱེར་ནས། ཡང་དྲི་ང་བ་དང ། མི་གཙང་བ་དང ། རོའི་དྲི་ཡང་ཁྱེར་ཏེ་འགྲོ་ལ། བཟང་སྐྱོང།་དེ་ལས་གང་ཆེས་ཤས་ཆེ་བ་དེའི་དྲི་དང་ལྡན་པར་འགྱུར་རོ། །ཇི་ལྟར་རླུང་གི་ཁམས་དེ་དྲི་རྣམ་པ་གཉིས་ཁྱེར་ཏེ་འགྲོ་ཡང ། རླུང་གི་ཁམས་དེ་ཡང་གཟུགས་ཅན་མ་ཡིན་ལ། དྲི་དེ་གཉིས་ཀྱང་གཟུགས་ཅན་མ་ཡིན་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ལུས་ལས་འཕོས་ཏེ། དགེ་བ་དང ། མི་དགེ་བ་ཁྱེར་ནས་འཕོ་སྟེ། དེ་ལྟར་ན་དེའི་འཕོ་བ་དམིགས་སོ། །དཔེར་ན། རྨི་ལམ་ན་མིས་དངོས་པོ་ཐམས་ཅད་ཤེས་ཀྱང་ལུས་དེས་མལ་ན་འདུག་པར་མི་ཤེས་པ་དེ་བཞིན་དུ། བསོད་ནམས་སུ་ཉེ་བར་འགྲོ་བའི་སེམས་ཅན་རྣམས་རྨི་ལམ་རྨི་བ་བཞིན་དུ་འཕོ་ཞིང་འགྲོ་ཡང་རྣམ་པར་ཤེས་པའི་ཁམས་འདི་ཡང་ལྐོག་མའི་མིད་པ་རྣམས་ནས་ཀྱང་མི་འབྱུང ། བུ་ག་རྣམས་ནས་ཀྱང་མ་ཡིན་ཏེ། དེ་ནི་ཁོང་བུ་དང་གསབ་རྣམས་མི་འཚོལ་ལོ། །དེ་ནས་བཟང་སྐྱོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་བྱ་གག་གི་སྒོ་ངའམ། ངང་པའི་སྒོ་ང་མ་ཕྲུགས་པ་ཤུན་པ་མ་རྡོལ་པར་སྒོ་ངའི་ནང་ནས་བྱེའུ་ཕྲུག་རྣམས་འཆི་འཕོ་བར་འགྱུར་བ་ལགས། ཇི་ལྟར་ན་བུ་ག་མ་བརྟོལ་བར་རྣམ་པར་ཤེས་པ་འཕོ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན།
149a
༄#། །ཏིལ་འབྲུ་ཙམ་པ་ཀའི་མེ་ཏོག་གིས་བསྒོས་ནས་ལེགས་པར་བརྡུངས་ཏེ་བཙིར་བ་ལས་ཏིལ་མར་བྱུང་བ་ནི་ཙམ་པ་ཀའི་ཏིལ་མར་ཞེས་བྱའོ། །འདི་ལྟ་སྟེ། དཔེར་ན།་དྲི་དེས་ཀྱང་ཏིལ་འབྲུ་མ་བརྟོལ་བཞིན་དུ་དྲི་ཞིམ་པོས་བསྒོས་ཏེ་འཕོས་ཏེ་འགྲོ་ཡང ། དྲི་དེས་སྣུམ་གྱི་རོ་མྱོང་བར་ཡང་མི་འགྱུར་ལ། འབྲུའི་རྐྱེན་དང་མེ་ཏོག་དང་ཕྲད་པས་ཏིལ་མར་དྲི་དང་འདྲིས་པའི་དངོས་པོར་འགྱུར་ཏེ། འོན་ཀྱང་ཏིལ་གྱི་འབྲུ་དེ་ལ་མེ་ཏོག་གི་དྲི་དེ་གསེབ་ནས་འགྲོ་བ་ནི་མེད་ལ། དེའི་རྐྱེན་གྱིས་དྲི་དེ་འཕོ་ཞིང་འགྲོ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་མེ་ཏོག་གི་དྲི་བཞིན་དུ་སྒོ་ངའི་ཤུན་པ་མ་བརྟོལ་བར་འཕོ་ཞིང་འགྲོ་སྟེ། དེའི་འཕོ་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །གཞན་ཡང་དེའི་འཕོ་བ་ནི་ཉི་མ་དང ། མེ་ཤེལ་དང ། བསྲེག་བྱ་དང་འདྲ་བར་ཡང་བལྟ་བར་བྱའོ། །གཞན་ཡང་ས་བོན་འཕོ་བ་དང་འདྲ་སྟེ། ས་ཕྱོགས་གང་དུ་ས་བོན་བཏབ་ན། སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་གཅིག་པ་ཁོ་ན་ལས་ས་བོན་དེ་ས་ལ་བརྟེན་ཅིང་སྡོང་བུ་དང ། ལོ་མ་སྔོན་པོར་འགྲུབ་པ། མེ་ཏོག་དཀར་པོའམ། སྔོན་པོའམ། དམར་པོར་སྣང་བའམ། ཁ་དོག་སྣ་ཚོགས་སམ། སྨིན་པའི་རོ་ཐ་དད་པར་འགྲུབ་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་ཆོས་ཀྱི་ཁམས་གཅིག་པུ་འདི་ལས་སྲིད་པར་སྐྱེ་བ་ཐམས་ཅད་དུ་ལུས་སྔོ་སངས་སམ། དཀར་བའམ། སེར་
149b
བའམ། ཁྲ་བོའམ། དམར་པོའམ། རང་བཞིན་གྱིས་མཉེན་པོར་སྐྱེ་བར་འགྱུར་རོ། །བཟང་སྐྱོང ། གཞན་ཡང་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པའི་ཁམས་འདི་ལུས་ཡོངས་སུ་བཏང་ནས་ས་བོན་དུ་འགྱུར་ཏེ། བདག་ཉིད་རྐང་ལག་དང་ལྡན་པར་ཤེས་སོ། །འོན་ཀྱང་དེ་ལ་ཡན་ལག་དང་ཉིང་ལག་ནི་མེད་དོ། །དེ་ཡང་སའི་ཁམས་ཡོངས་སུ་བཏང་ནས་ཆོས་ཀྱི་ཁམས་ཡོངས་སུ་འཛིན་ཏེ། ཆོས་ཀྱི་ཁམས་དེ་ཡང་དྲན་པ་དང་མཚུངས་པར་ལྡན་ནོ། །དྲན་པ་དེ་ཡང་སྤྱོད་ཡུལ་གྱི་སྟོབས་དང་ལྡན་ནོ། །ཆོས་ཀྱི་ཁམས་དྲན་པ་དང་མཚུངས་པར་ལྡན་པའི་ལེན་པའི་རྒྱུ་ནི་རྣམ་པར་ཤེས་པ་ཡིན་ཏེ། རྣམ་པར་ཤེས་པ་མ་གཏོགས་པར་ཡང་ཆོས་ཀྱི་ཁམས་མི་དམིགས་ལ། ཆོས་ཀྱི་ཁམས་མ་གཏོགས་པར་ཡང་རྣམ་པར་ཤེས་པའི་ཁམས་མེད་དོ། །རླུང་གི་ཁམས་ནི་རྣམ་པར་ཤེས་པ་དེའི་རྗེས་སུ་འཇུག་གོ་།གཞན་ཡང་ལྷའི་ཁམས་འདི་ལྟ་སྟེ། དྲན་པའི་ཁམས་དང ། ཚོར་བའི་ཁམས་དང ། ཆོས་ཀྱི་ཁམས་དང ། གཟུགས་ཀྱི་ཁམས་གང་ཡིན་པ་རྣམས་ཀྱང་རྗེས་སུ་འཇུག་གོ་།དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་རྣམ་པར་ཤེས་པ་དེ་གཟུགས་ཅན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། འདི་ལ་ནང་གི་གཟུགས་དང ། ཕྱི་རོལ་གྱི་གཟུགས་ཡོད་དེ། དེ་ལ་ནང་གི་གཟུགས་གང་ཞེ་ན། ཟིན་པའི་མིག་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་གཟུགས་སོ། །མིག་གི་རྣམ་པར་
150a
༄#། །ཤེས་པ་གང་ཡིན་པ་དེ་ནི་ནང་གི་གཟུགས་སོ། །རྣ་བ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་གཟུགས་སོ། །རྣ་བའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ནང་གི་གཟུགས་སོ། །སྣ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་གཟུགས་སོ། །སྣའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ནང་གི་གཟུགས་སོ། །ལྕེ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་གཟུགས་སོ། །ལྕེའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ནང་གི་གཟུགས་སོ། །ལུས་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་གཟུགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གང་ཡིན་པ་དེ་ནི་ནང་གི་གཟུགས་སོ། །བཟང་སྐྱོང ། འདི་ལྟ་སྟེ། དཔེར་ན། མི་དམུས་ལོང་ཞིག་ནུབ་མོ་གཉིད་ཀྱི་དབང་དུ་གྱུར་པ་ན། ལྷའི་གཟུགས་རྐང་ལག་མཉམ་ཤིང་མཆོག་ཏུ་ཡིད་དུ་འོང་བདག་མཐོང་ལ། དེས་དེ་དག་མཐོང་ནས་མཆོག་ཏུ་དགའ་བ་བསྐྱེད་དེ། གཉིད་ལོག་པ་ལས་སད་པ་དང་གཟུགས་དེ་དག་མ་མཐོང་ལ། ནམ་ལངས་ནས་འདི་སྐད་དུ། ཁྱོད་ཉོན་ཅིག་།མདང་མཚན་མོ་བདག་གི་རྨི་ལམ་དུ་བུད་མེད་ཀྱི་གཟུགས་མཆོག་ཏུ་ཡིད་དུ་འོང་བ་དང ། སྐྱེད་མོས་ཚལ་མི་སྟོང་གིས་གང་བ་མཐོང་སྟེ། དེར་བདག་གིས་མི་ལུས་ཤིན་ཏུ་གཞོན་ཤ་ཅན་ལག་པ་གླང་པོ་ཆེ་མཆོག་གི་སྣ་ལྟར་རིད་བ། ཐལ་གོང་ཡངས་ཤིང་རྒྱས་ལ། བྲང་ཡངས་ཤིང་མཁྲེགས་པ་དག་མཐོང་ངོ ། །ཞེས་སྨྲ་ཞིང ། མི་དེ་དག་གི་ལུས་ཀྱི་རྒྱན་མཛེས་པ་གང་ཡིན་པ་དེ་དག་བཟླས་ལ། དེ་ནས་དམུས་ལོང་དེས་མི་དེ་དག་ཉིད་ཀྱི་གཟུགས་རྣམས་མ་མཐོང་ན། བཟང་སྐྱོང ། འདི་ཇི་སྙམ་
150b
དུ་སེམས། མི་དམུས་ལོང་དེས་རྨི་ལམ་དུ་གཟུགས་རྣམས་ཇི་ལྟར་མཐོང ། བཟང་སྐྱོང་གིས་གསོལ་པ། བཅོམ་ལྡན་འདས། དེའི་སླད་དུ་བདག་ལ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། དེ་བས་ན་ནང་གི་མིག་ཤེས་པ་དང་ལྡན་པས་རྨི་ལམ་དུ་གཟུགས་རྣམས་མཐོང་གི། ཤའི་མིག་གིས་མ་ཡིན་ནོ། །ཇི་ལྟར་མི་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་ཡུད་ཙམ་ཞིག་དྲན་པར་འབྱུང་བ་བཞིན་དུ་ཤི་བའི་དྲན་པ་ཡང་དེ་དང་འདྲ་སྟེ། ནང་གི་གཟུགས་དེ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །བཟང་སྐྱོང ། གཞན་ཡང་མི་ཤི་བའི་རྣམ་པར་ཤེས་པའི་ཁམས་དེ་ས་བོན་གྱི་ཁམས་བཞིན་དུ་འཕོ་ཞིང་འགྲོ་བ་ངས་བཤད་པར་བྱ་སྟེ། དཔེར་ན། ས་བོན་གྱི་ཁམས་ས་གཞི་ལ་བཏབ་ན། ཁམས་བཞི་པོ་དག་སྡུད་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་དྲན་པ་རབ་ཏུ་འཛིན་ཅིང་ཚོར་བ་ཡོངས་སུ་འཛིན་ཏོ། །དགེ་བ་དང ། མི་དགེ་བ་ཡང་རྗེས་སུ་བཟུང་ནས། ལུས་ཡོངས་སུ་བཏང་སྟེ་འཕོ་ཞིང་འགྲོའོ། །བཅོམ་ལྡན་འདས། ཇི་ལྟར་ན་རྣམ་པར་ཤེས་པ་དེ་དགེ་བ་དང་མི་དགེ་བ་ཡོངས་སུ་འཛིན་པར་འགྱུར། བཟང་སྐྱོང ། དཔེར་ན། ནོར་བུ་རིན་པོ་ཆེ་པདྨ་རཱ་ག་ནི་འོད་ནག་པོའམ། དཀར་པོ་འཛིན་ཏེ། འོད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་ནོར་བུ་རིན་པོ་ཆེ་དེ་ལ་འབྱུང་ཞིང ། དེའི་རང་བཞིན་ཉིད་ནོར་བུ་རིན་པོ་ཆེ་དེ་ལ་སྣང་བར་འགྱུར་ཏེ། གནས་གང་དང་གང་དུ་འཕོས་པ་དེ་དང་དེར་ཁ་དོག་དག་སྣང་བ་དེ་བཞིན་དུ་རྣམ་པར་
151a
༄#། །ཤེས་པ་འདི་དགེ་བ་དང་མི་དགེ་བ་ཡོངས་སུ་བཟུང་ནས་འཕོ་ཞིང་འགྲོའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་ཇི་ལྟར་ན་ལུས་འདི་ལ་རྣམ་པར་ཤེས་པ་རྟོགས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། རྣམ་པར་ཤེས་པ་འདི་བསགས་པའམ་སྤུངས་པར་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཁམས་འདི་སྐྱེ་ཞིང་འགག་པའི་ཕྱིར་རོ། །བཟང་སྐྱོང ། དཔེར་ན། ས་བོན་ལས་ནི་མྱུ་གུ་འབྱུང་མོད་ཀྱི་ས་བོན་རུལ་པ་ལས་མྱུ་གུ་འབྱུང་བར་མི་འགྱུར་ལ། ས་བོན་ཉམས་པ་ལས་ཀྱང་མྱུ་གུ་འབྱུང་བར་མི་འགྱུར་ཏེ། མྱུ་གུ་ཡང་འགྲུབ་པར་འགྱུར་ན། བཟང་སྐྱོང ། འདི་ཇི་སྙམ་དུ་སེམས། མྱུ་གུ་དེའི་ས་བོན་སྡོང་བུའམ། ལོ་མ་འམ། སྦུབས་གང་ན་གནས། ས་བོན་ནི་ཤིང་གི་རྩེ་མོ་ན་ཡང་མི་གནས་སོ། །དེ་བཞིན་དུ་ལུས་འདི་ལ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཏེ། མིག་མིག་ལ་ཡང་མ་ཡིན། རྣ་བ་ལ་ཡང་མ་ཡིན། སྣའི་དབང་པོ་ལ་གནས་པ་ཡང་མ་ཡིན་ནོ། །ས་བོན་གྱིས་མྱུ་གུ་སྐྱེ་བ་གང་ཡིན་པ་དེ་ནི་སེམས་པ་ཆུང་བ་ཡིན་ནོ། །མངལ་དུ་སྐྱེ་བ་དེ་ནི་ཚོར་བ་ཆུང་བ་ཡིན་ནོ། །དཔེར་ན། མྱུ་གུ་འབྱུང་ཞིང་དུས་ཚིགས་དང་ལྡན་པ་ན་མེ་ཏོག་རྣམས་འགྲུབ་སྟེ། མེ་ཏོག་གྲུབ་ན་འབྲས་བུ་འགྲུབ་པ་ཡོད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ལུས་འགྲུབ་པར་འགྱུར་རོ། །ལུས་གྲུབ་
151b
བ་ན་ཡན་ལག་དང་ཉིང་ལག་གང་ལ་ཡང་རྣམ་པར་ཤེས་པ་མི་གནས་ལ། རྣམ་པར་ཤེས་པ་མེད་ན་ཡང་ལུས་སྐྱེ་བར་མི་འགྱུར་རོ། །དཔེར་ན། ཤིང་ཡོངས་སུ་སྨིན་པ་ལས་ས་བོན་འབྱུང་ལ། ཡོངས་སུ་མ་སྨིན་པ་ལས་མ་ཡིན་པ་དེ་བཞིན་དུ་འཆི་བའི་དུས་ཀྱི་ཚེ་ལུས་ལས་རྣམ་པར་ཤེས་པ་འདི་སྣང་བར་འགྱུར་ཏེ། ཚོར་བ་དང་མཚུངས་པར་ལྡན་པ། སྲིད་པས་བསྡམས་པ། དྲན་པས་ཡོངས་སུ་བཟུང་བ། དགེ་བ་ལ་དམིགས་པ་དང་མཚུངས་པར་ལྡན་པ། མི་དགེ་བ་ལ་མི་དམིགས་པ་དང་མཚུངས་པར་ལྡན་པ། རླུང་གི་ཁམས་ཀྱིས་ཡོངས་སུ་ཟིན་པ། ཤེས་པས་མངོན་པར་བརླན་པ། རྐྱེན་ལ་མངོན་དུ་ཕྱོགས་པའི་རྣམ་པར་ཤེས་པ་ནི་ཕ་མ་ཕྲད་པ་ན་སྐྱེ་བར་འགྱུར་རོ། །དཔེར་ན། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཕྱིས་པ་ལ་བཞིན་གྱི་གཟུགས་བརྙན་སྣང་ཡང ། བཞིན་མེད་པར་ཡང་གཟུགས་བརྙན་མི་འབྱུང་ལ། མེ་ལོང་མེད་པར་ཡང་གཟུགས་བརྙན་མི་འབྱུང་སྟེ། ཇི་ལྟར་བཞིན་དང་མེ་ལོང་ཕྲད་པ་ལས་གཟུགས་བརྙན་འབྱུང་བར་འགྱུར་ཞིང ། གཟུགས་བརྙན་དེ་ཡང་གཟུགས་ཅན་མ་ཡིན་ལ། དེ་ལ་ཚོར་བ་དང་རབ་ཏུ་ཤེས་པ་ཡང་མེད། ལུས་གང་དང་གང་དུ་བསྐྱོད་པ་དེ་དང་དེ་ཉིད་དུ་གཟུགས་བརྙན་འཕོ་ཞིང ། ཇི་ལྟ་བུར་ལུས་སྨྲ་བ་དང ། འབོད་པ་དང ། འགྲོ་བ་དང ། བསྐུམ་པ་དང ། བརྐྱང་བར་བྱེད་པ་དེ་བཞིན་དུ་བཞིན་གྱི་གཟུགས་བརྙན་ཡང་འགྱུར་བར་སྣང་ངོ ། །བཟང་སྐྱོང ། འདི་ཇི་སྙམ་དུ་སེམས། གང་གི་དབང་གིས་གཟུགས་བརྙན་དེ་དམིགས་པར་འགྱུར།
152a
༄#། །བཟང་སྐྱོང་གིས་གསོལ་པ། མིའི་དབང་པོའི་གཟུགས་བརྙན་གདའ་སྟེ། དེ་ཡང་མེ་ལོང་གི་རྐྱེན་གྱིས་བཞིན་གྱི་གཟུགས་བརྙན་གདའ་ལ། བཞིན་གྱི་མདོག་ཅི་འདྲ་བ་དང ། དབང་པོ་མ་ཚང་བ་དང ། དབང་པོ་ཚང་བ་དེ་ཉིད་ཀྱི་གཟུགས་བརྙན་འབྱུང་ལགས་སོ། །བཟང་སྐྱོང ། ཇི་ལྟར་ལུས་ཀྱི་དབང་དང ། མེ་ལོང་གི་དཀྱིལ་འཁོར་གྱི་རྐྱེན་གྱིས་གཟུགས་བརྙན་འགྲུབ་པར་འགྱུར་བ་དེ་བཞིན་དུ། རྣམ་པར་ཤེས་པའི་དབང་གིས་ལུས་འདི་ཚོར་བ་མྱོང་ཞིང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། ཡིད་ལ་བྱེད་པ་འགྲུབ་པར་བྱེད་དོ། །དེ་ལ་མེ་ལོང་གང་ཡིན་པ་དེ་ནི་ཕ་མ་ཕྲད་པ་ལྟ་བུར་བལྟའོ། །ཇི་ལྟར་ལུས་མི་སྣང་ན་གཟུགས་བརྙན་མི་སྣང་སྟེ། དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་གྱི་རང་བཞིན་ཡོད་པ་སྤངས་ནས། ཡང་ཆུའི་ནང་དུ་གཟུགས་བརྙན་འབྱུང་བར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ལུས་ཡོངས་སུ་བཏང་སྟེ། ལུས་ཀྱི་རང་བཞིན་འཕངས་ནས་ཕུང་པོ་གཞན་ཐོབ་པར་འགྱུར་རོ། །དཔེར་ན། ས་བོན་གྱི་ཁམས་ཆུང་ངུ་ཟིན་ཀྱང་ཤིང་ནྱ་གྲོ་ཏ་དང ། ུ་དུམ་ཝ་ར་ལ་སོགས་པའི་ཤིང་གི་ཕུང་པོ་ཆེན་པོ་བསྐྱེད་ནས། ཡང་ཤིང་དེ་ཡོངས་སུ་བཏང་སྟེ། ཤིང་གཞན་འཛིན་ལ་ས་བོན་གྱི་ཁམས་ཡོངས་སུ་བཏང་བ་ན། དུས་བཟློག་པར་འགྱུར་བས་ཤིང་དེའི་ཁམས་ཀྱི་བཅུད་མེད་པར་འགྱུར་རོ། །ཁམས་ཀྱི་བཅུད་རྣམས་མེད་པར་གྱུར་པས་ཤིང་དེ་ཡོངས་སུ་རྙིངས་ཤིང་ཡོངས་སུ་སྐམ་པར་འགྱུར་བ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་ཕྲ་ཞིང་མི་གསལ་བ་འདིས་ཀྱང་ལུས་རྣམས་
152b
བསྐྱེད་ནས། ཡང་ཡོངས་སུ་བཏང་སྟེ། ལུས་གཞན་དག་སྒྲུབ་པར་བྱེད་དོ། །དཔེར་ན། ནས་དང ། ཏིལ་དང ། གྲོ་དང ། མོན་སྲན་གྲེའུ་དང ། མོན་སྲན་སྡེའུ་ལ་སོགས་པའི་ས་བོན་ཅུང་ཟད་གང་ན་ཡོད་པ་དེར་ཅུང་ཟད་སེམས་པ་ལྟ་བུར་གནས་པར་འགྱུར་བ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་ཡང་སེམས་ཅན་གྱི་རིས་གང་དང་གང་དུ་འཕོ་བ་དེ་དང་དེར་སེམས་པ་ཡོངས་སུ་བཟུང་ཞིང ། འཚོ་བ་ཆུང་ངུ་དང ། བསོད་ནམས་དང ། བསོད་ནམས་མ་ཡིན་པ་རྗེས་སུ་བཟུང་ནས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོའོ། །དཔེར་ན། བུང་བ་རོ་ལ་སྲེད་པས་ཡུན་རིང་དུ་མེ་ཏོག་ལ་གནས་ཏེ།་ལོངས་སྤྱོད་ནས་མེ་ཏོག་ཡོངས་སུ་བཏང་སྟེ་མེ་ཏོག་གཞན་དུ་འཕོ་ལ། བུང་བ་དེ་ཡང་མེ་ཏོག་དྲི་མི་ཞིམ་པ་ལོངས་སྤྱད་ནས། དྲི་ཞིམ་པར་འགྲོ་བར་བྱེད་དོ། །མེ་ཏོག་གང་དང་གང་ལ་འབྱར་བ་དེ་དང་དེ་ལ་ཆགས་ཤིང་རོ་ཡང་མྱོང་བར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཀྱང་ལྷ་རྣམས་ཀྱི་ནང་དུ་ལྷའི་ལུས་བླངས་ཏེ་དགེ་བའི་རྩ་བ་ཤིན་ཏུ་ལོངས་སྤྱད་ནས། ཕྱིར་ཡང་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དྭགས་ཀྱི་ནང་དུ་ལུས་བླངས་ཏེ། དེས་མི་དགེ་བའི་རྩ་བ་ཡོངས་སུ་མྱོང་ནས་ཡང་ཕུང་པོ་ལྔ་པོ་གཞན་དག་ལེན་ཏོ། །དེ་ལ་རྣམ་པར་ཤེས་པའི་ཁམས་འདི་ཇི་ལྟར་བལྟ་བར་བྱ་ཞེ་ན། དཔེར་ན། གུར་གུམ་གྱི་ས་བོན་ནམ། ལེབ་རྒན་རྩིའི་ས་བོན་རྣམས་རང་བཞིན་གྱིས་དཀར་ལ་དེ་དག་གི་ཁོང་ན་མྱུ་གུ་ཡང་མི་སྣང ། མེ་ཏོག་ཀྱང་མི་སྣང ། ཁ་དོག་ཀྱང་མི་སྣང་ཡང་ས་བོན་
153a
༄#། །དེ་སའི་ཁམས་ལ་བཏབ་ན། ཆུའི་ཁམས་ཀྱིས་ཡོངས་སུ་བརླན་ནས་མྱུ་གུ་མངོན་པར་འགྲུབ་བར་བྱེད་དེ། མྱུ་གུ་མངོན་པར་གྲུབ་ནས་མེ་ཏོག་དམར་པོའམ། དཀར་པོའམ། སྔོན་པོ་འབྱུང་བར་འགྱུར་ཏེ། འོན་ཀྱང་ཁ་དོག་དེ་ཡང་ས་བོན་གྱི་ཁོང་ན་མི་གནས་ལ། ས་བོན་མེད་ན་ཡང་ཁ་དོག་དང་མྱུ་གུ་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཀྱང་ལུས་ཡོངས་སུ་བཏང་ནས། མིའི་ཤ་ཚུགས་ཅན་ཡིན་ལ། ཤ་སྣག་གུའི་དབང་པོ་འབྱུང་བའི་སྐྱེ་མཆེད་དང་ལྡན་པ་མ་ཡིན་ཏེ། དེ་ལྷའི་མིག་དང་ལྷའི་རྣ་བ་དང་ལྡན་ཞིང ། སྒྲ་དང ། དྲི་དང ། རོ་དང ། ཆོས་ཀྱི་སྐྱེ་མཆེད་རབ་ཏུ་ཤེས་པའི་བདག་ཉིད་ཅན་དུ་འགྱུར་ལ། འདི་སྙམ་དུ་གང་བདག་གིས་ལས་བྱས་པ་དེ་ཉིད་ནི་བདག་ཡིན་ནོ་སྙམ་དུ་ཡང་ཤེས་སོ། །ལུས་དེ་ཡང་རྣམ་པར་ཤེས་པའི་རྐྱེན་གྱིས་བསྡུས་པ་ཡིན་ཏེ།་དཔེར་ན། དར་གྱི་སྲིན་བུ་རང་གི་ལུས་ལས་སྐུད་པའི་རྒྱུད་བྱུང་བས་ཁྱིམ་བྱས་ལ་དེ་ཉིད་དེའི་ནང་དུ་འཆི་བའི་དུས་བྱེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཀྱང་ལུས་བསྐྱེད་ནས་དར་གྱི་སྲིན་བུ་བཞིན་དུ་བདག་ཉིད་ཡང་ལུས་ཡོངས་སུ་བཏང་ནས་མེད་པར་འགྱུར་རོ། །དཔེར་ན། པདྨ་ཆུའི་ནང་ནས་སྐྱེས་ཏེ། ལྷའི་དྲི་དང་ཁ་དོག་མངོན་པར་འགྲུབ་ཀྱང ། པདྨ་དཀར་པོ་དེ་ལ་ཆུའི་ཁམས་ཀྱང་མི་དམིགས་ལ། དེའི་ནང་དུ་མི་སྣང་བར་གྱུར་ནས། གང་དུ་ས་བོན་གནས་པ་དེར། ཁ་དོག་དང ། དྲི་དང ། རོ་རྣམས་གནས་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་གང་དུ་འཕོ་
153b
ཞིང་འགྲོ་བ་དེར་དབང་པོ་དག་གི་སྤྱོད་ཡུལ་རྣམས་འཕོ་བར་འགྱུར་ཏེ། ཚོར་བ་དང ། སེམས་པ་དང ། ཆོས་ཀྱི་ཁམས་རྣམས་ཀྱང་དེར་འཕོ་ཞིང་འགྲོ་བར་འགྱུར་རོ། །དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གང་དུ་འགྲོ་བ་དེར་ལོངས་སྤྱོད་ཐམས་ཅད་འཕོ་ཞིང་འགྲོ་བར་འགྱུར་རོ། །དཔེར་ན། ཉི་མ་དང་འབྲེལ་བའི་འོད་ཟེར་རྣམས་ཉི་མ་གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་འོད་ཟེར་རྣམས་ཀྱང་རྗེས་སུ་འགྲོ་བ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་དག་གང་དུ་འཕོ་བ་དེ་དང་དེ་ཉིད་དུ་ཚོར་བ་དང ། འདུ་ཤེས་དང ། ཆོས་ཀྱི་ཁམས་རྣམས་ཀྱང་འཕོ་ཞིང་འགྲོའོ། །གཞན་ཡང་རྣམ་པར་ཤེས་པའི་ཁམས་འདིས་ལུས་ཡོངས་སུ་བཏང་ནས། དངོས་པོ་ཐམས་ཅད་ཀྱི་ཕྲད་པ་ཡོངས་སུ་བཟུང་སྟེ། ཤ་མེད་པ་དང ། རུས་པ་མེད་པའི་ལུས་འགྲུབ་པར་བྱེད་དོ། །དེའི་ལུས་ལེན་པའི་རྒྱུ་ནི་གཟུགས་ཡིན་ནོ། །དབང་པོའི་དངོས་པོ་རྣམས་ནི་ཚོར་བས་མྱོང་ངོ ། །དྲན་པ་ནི་ལྷའི་ལྟ་བས་མཐོང་སྟེ། དགེ་བ་དང་མི་དགེ་བ་ཡོངས་སུ་ལེན་ཏོ། །དཔེར་ན། རྒྱ་ཤུག་དང ། འབྲ་གོ་དང ། ་མྲ་དང ། ཉོ་ཏི་དང།་སེའུ་དང ། བིལ་པ་དང ། ཀ་པིད་ཏ་ལ་སོགས་པའི་འབྲས་བུ་རྣམས་ནི་རོ་དུ་མར་འགྲུབ་སྟེ། ཚ་བ་དང ། ཁ་བ་དང ། སྐྱུར་བ་དང ། ལན་ཚཝའི་རོ་དང ། བསྐ་བ་ལ་སོགས་པའི་རོ་རེ་རེས་རྣམ་པར་སྨིན་པར་འགྱུར་ཏེ། ལ་ལ་ནི་རོ་ཚ་བར་འགྱུར། ལ་ལ་ནི་སྐྱུར། ལ་ལ་ནི་མངར་རོ། །འབྲས་བུ་དེ་དག་མེད་པར་གྱུར་པའི་ས་བོན་གང་དང་གང་དུ་འཕོ་བ་དེར་རོ་ཡང་འཕོ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་
154a
༄#། །འདི་གང་དང་གང་དུ་འཕོ་བ་དེ་དང་དེར་ཚོར་བ་འཕོ་བར་འགྱུར་རོ། །བསོད་ནམས་དང ། བསོད་ནམས་མ་ཡིན་པ་དང ། དྲན་པ་ཡང་འཕོ་བར་འགྱུར་རོ། །གཞན་ཡང་རྣམ་པར་ཤེས་པའི་ཁམས་འདིས་ནི་ལུས་ཡོངས་སུ་བཏང་ནས། བདག་གིས་ལུས་འདི་ཡོངས་སུ་བཏང་ངོ་སྙམ་དུ་རབ་ཏུ་ཤེས་སོ། །དེ་བས་ན་འདི་ལ་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ། །མི་དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ། །ལས་འདི་དག་ནི་བདག་གི་ཕྱི་བཞིན་འབྲང་ངོ ། །བདག་ཀྱང་འདི་དག་གི་ཕྱི་བཞིན་འབྲང་ངོ་སྙམ་དུ་དེ་ལྟར་རབ་ཏུ་ཤེས་ཏེ། དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ། །གཞན་ཡང་ལུས་འདི་བྱ་བ་ཐམས་ཅད་རབ་ཏུ་ཤེས་ཏེ། དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ། །དཔེར་ན། རླུང་གི་ཁམས་གྲང་བར་ཡང་འགྱུར་ཞིང ། ཚ་བར་ཡང་འགྱུར་ལ། དྲི་ཞིམ་པོ་ཡང་ལྡང་ཞིང ། དྲི་ང་བར་ཡང་ལྡང་སྟེ། སྤྱོད་པ་དེ་དག་ཐམས་ཅད་ནི་རླུང་གི་ཁམས་ཀྱི་རྐྱེན་ལས་བྱུང་ཡང ། རླུང་གི་ཁམས་དེ་ཡང་གཟུགས་ཅན་མ་ཡིན་ལ་ལེན་པའི་རྒྱུས་སྣང་སྟེ། ཇི་ལྟར་རླུང་གི་ཁམས་ཀྱིས་ཤིང་གཡོ་བ་དང ། གྲང་བ་དང ། ཚ་བའི་རེག་པ་ལེན་པའི་རྐྱེན་བྱེད་པ་ལས་རླུང་གི་ཁམས་ཤེས་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་གཟུགས་ཅན་མ་ཡིན་ཏེ། གཟུགས་ལེན་པའི་རྐྱེན་དང ། འདོད་པ་ལེན་པའི་རྐྱེན་
154b
དང།་ལྟ་བ་ལེན་པའི་རྐྱེན་དང ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལེན་པའི་རྐྱེན་གྱིས་ཚོར་བ་མྱོང་བར་འགྱུར་རོ། །ཚོར་བའི་རྐྱེན་གྱིས་ལུས་དང་ཁ་དོག་སྐྱེ་ཞིང་འགྲུབ་པར་བྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ནས་ཚོང་དཔོན་གཞོན་ནུ་ཟླ་བ་འབྱོར་པ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཟུགས་ཇི་ལྟར་ལྟ་བར་བགྱི། ལེན་པ་ནི་ཇི་ལྟ་བུ་ལགས། ལས་ལེན་པ་ནི་ཇི་ལྟར་ལྟ་བར་བགྱི། ལྟ་བ་ལེན་པ་ནི་ཇི་ལྟ་བུ་ལགས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལེན་པ་ནི་ཇི་ལྟར་ལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་འབྱོར་པ། ལེགས་སོ། །ལེགས་སོ། མཁས་པས་ནི་མཁས་པའི་མཚན་ཉིད་དེ་ལྟར་ཤེས་སོ། །ཟླ་བ་འབྱོར་པ། འདི་ན་ཁ་དོག་བཟང་པོའམ། ཁ་དོག་ངན་པ་ཡང་རུང་སྟེ། དེ་ནི་ཤ་ཁམ་ཚད་དང ། རྩ་དང ། རྒྱུས་པ་དང ། མགོ་བོ་དང ། ཀླད་པ་དང ། རུས་པ་དང ། རྐང་པ་དང ། རྒྱུ་མ་དང ། གཉེ་མ་དང ། མཁལ་མ་དང ། སྙིང་དང ། ལྟོ་དང ། གློ་བ་དང ། ཕྱི་ས་དང ། གཅིན་དང ། ལྒང་པ་དང ། ཕོ་བ་དང ། ལོང་ཀ་དང ། ཞག་དང ། ཆུ་སེར་དང ། རྣག་དང ། ཁྲག་དང ། མཁྲིས་པ་དང ། བད་ཀན་དང ། ངར་སྣབས་དང།་སྐྲ་དང ། ཁ་སྤུ་དང ། སེན་མོ་དང ། སྤུ་དང ། པགས་པས་གཡོགས་པ་ཤིན་ཏུ་གྱུར་པ། མི་སྡུག་པ་དང ། མི་གཙང་བ་མང་པོ་ལ་བརྟེན་པའོ། །གཟུགས་གང་ཅི་ཡང་རུང་བ་དེ་དག་ཐམས་
155a
༄#། །ཅད་ནི་འབྱུང་བ་ཆེན་པོ་བཞི་དང ། འབྱུང་བ་ཆེན་པོ་བཞིའི་རྒྱུར་བྱས་པ་ལས་མངོན་པར་འགྲུབ་སྟེ། དེ་ཡང་ཕ་མ་ཕྲད་པའི་རྐྱེན་གྱིས་འགྲུབ་པར་འགྱུར་ཏེ།་དེ་བས་ན་གཟུགས་ལེན་པའི་རྒྱུ་ཞེས་བཤད་དོ། །ཟླ་བ་འབྱོར་པ། ལུས་ཀྱི་སྲ་བ་ཉིད་གང་ཡིན་པ་དེ་ནི་སའི་ཁམས་སོ། །གཤེར་བ་ཉིད་གང་ཡིན་པ་དེ་ནི་ཆུའི་ཁམས་སོ། །དྲོ་བ་ཉིད་དང ། ཡོངས་སུ་སྨིན་བར་བྱེད་པ་གང་ཡིན་པ་དེ་ནི་མེའི་ཁམས་སོ། །གཡོ་བ་ཉིད་དང ། བསྐུམ་པ་དང ། བརྐྱང་པ་ཉིད་གང་ཡིན་པ་དེ་ནི་རླུང་གི་ཁམས་སོ། །ལུས་དེའི་རབ་ཏུ་ཤེས་པ་དང ། རོའི་ཁམས་དང།་དྲིའི་ཁམས་དང ། སྒྲའི་ཁམས་དང ། རེག་བྱའི་ཁམས་དང ། དྲན་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚོང་དཔོན་གཞོན་ནུ་ཟླ་བ་འབྱོར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འགུམ་པའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་འདིས་གཟུགས་ཀྱི་ཁམས་ཇི་ལྟར་ཡོངས་སུ་གཏོང་བར་འགྱུར། ལུས་ལས་རྣམ་པར་ཤེས་པ་ཇི་ལྟར་འབྱུང་བར་འགྱུར། ལུས་ཡོངས་སུ་བཏང་ནས་འདི་སྙམ་དུ་འདི་ནི་བདག་གི་ཁོག་པ་ཡིན་ནོ་སྙམ་དུ་ཇི་ལྟར་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་འབྱོར་པ། འདིར་ལུས་འདི་གནས་པར་གྱུར་ནས་དུས་ལོག་པར་གྱུར་བས། ཁམས་རྣམས་ཡོངས་སུ་གཏོང་བར་གྱུར་ཏེ། དཔེར་ན། འོ་མ་དང་ཆུ་བསྲེས་ཏེ་ལྷན་ཅིག་ཏུ་
155b
བཞག་པ་མེ་དང་ཕྲད་ན། འོ་མ་ཡང་ལོགས་ཤིག་ཏུ་འགྱུར་ཞིང ། ཆུ་ཡང་ལོགས་ཤིག་ཏུ་འགྱུར་ཏེ། འོ་མའི་སྣུམ་གྱི་ཁམས་གང་ཡིན་པ་དེ་ཡང་གཟུགས་ཅན་མ་ཡིན་ནོ། །ཟླ་བ་འབྱོར་པ། དེ་བཞིན་དུ་མི་ཤི་བའི་ཁོག་པ་ཡང་ལོགས་ཤིག་ཏུ་འགྱུར། ཁམས་རྣམས་ཀྱང་ལོགས་ཤིན་ཏུ་འགྱུར། རྣམ་པར་ཤེས་པ་ཡང་ལོགས་ཤིག་ཏུ་ཡང་འགྱུར་ཏེ། རྣམ་པར་ཤེས་པ་དེ་ཡང་ཁམས་ཀྱི་རྟེན་ཡོངས་སུ་བླངས་ནས། ཆོས་ཀྱི་ཁམས་ཡོངས་སུ་ལེན་ཏོ། །དྲན་པ་ནི་ཆོས་ཀྱི་ཁམས་དང་འབྲེལ་བར་འགྱུར་ཏེ། དྲན་པ་ཆོས་ཀྱི་ཁམས་འབྲེལ་པ་དང ། དགེ་བ་དང་མི་དགེ་བ་བླངས་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །དཔེར་ན། དགེ་བ་ཆེན་པོ་ཞེས་བྱའི་སྨན་མར་དེ་ནི་སྨན་རོ་ཚ་བ་དང ། ཁ་བ་དང ། སྐྱུར་བ་དང ། ལན་ཚཝའི་རོ་དང ། བསྐ་བའི་རོའི་མཐུ་དང ། རྣམ་པར་སྨིན་པ་དུ་མ་བླངས་ནས་ལུས་ཀྱི་ནང་དུ་འགྲོའོ། །དགེ་བའི་སྨན་མར་གྱི་རོའི་མཐུ་དང ། རྣམ་པར་སྨིན་བ་དེ་ནང་དུ་སོང་བས། ལུས་ལ་ཁ་དོག་དང ། དྲི་དང ། རོ་སྐྱེད་པར་བྱེད་ཅིང།་དེ་མར་གྱི་ཁམས་ཡོངས་སུ་བཏང་ནས། ལུས་ལ་འཕོ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཀྱང་ལུས་ཡོངས་སུ་བཏང་ནས། དགེ་བ་དང་མི་དགེ་བ་ཡོངས་སུ་བླངས་ཤིང་ཆོས་ཀྱི་ཁམས་ཡོངས་སུ་བླངས་ནས་རྣམ་པར་ཤེས་པ་འཕོ་བར་འགྱུར་ཏེ། མར་གྱི་ཁམས་གང་ཡིན་པ་དེ་ནི་ལུས་ལྟ་བུའོ། །སྨན་རྣམས་ཕྲད་པ་གང་ཡིན་པ་དེ་ནི་དབང་པོ་རྣམས་ཕྲད་པ་ལྟ་
156a
༄#། །བུའོ། །སྨན་རྣམས་ཀྱི་ཁ་དོག་དང ། དྲི་དང ། རོ་དང ། རེག་བྱ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ལྟ་བུའོ། །འཕོ་བ་གང་ཡིན་པ་དེ་ནི་ཤི་འཕོས་པའི་རྣམ་པར་ཤེས་པ་འཕོ་བ་ལྟ་བུར་བལྟ་བར་བྱའོ། །མིའི་ཁ་དོག་རྒྱས་པ་དང ། མདོག་བཟང་ཞིང་བདེ་བར་སྨིན་པ་གང་ཡིན་པ་དེ་ནི་དགེ་བ་ལྟ་བུར་བསྟན་ཏོ། །དགེ་བ་ཆེན་པོའི་སྨན་མར་དེས་མདོག་ངན་ཅིང་སྐྱ་བོར་འགྱུར་བ་གང་ཡིན་པ་དེ་ནི་མི་དགེ་བ་ལྟ་བུར་བསྟན་ཏོ། །དགེ་བ་ཆེན་པོའི་སྨན་མར་རིན་པོ་ཆེ་ཇི་ལྟ་བ་དེ་བཞིན་དུ་ནི་རྣམ་པར་ཤེས་པའི་ཁམས་བལྟ་བར་བྱའོ། །ཇི་ལྟར་དགེ་བ་ཆེན་པོའི་སྨན་མར་གྱིས་སྨན་རྣམས་ཀྱི་ཁ་དོག་འཇུག་པར་བྱེད་ཅིང ། རོ་དང ། དྲི་འཇུག་པར་བྱེད་ཀྱང ། མར་དེ་ལ་རྐང་ལག་དང་མིག་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཀྱང་ཡོངས་སུ་བཏང་ཞིང་ཁམས་རྣམས་བོར་ནས། ཆོས་ཀྱི་ཁམས་ཡོངས་སུ་ལེན་ཅིང ། ཚོར་བ་ཡོངས་སུ་ལེན་ཏེ། དགེ་བ་དང་མི་དགེ་བ་ཡོངས་སུ་ལེན་ཏོ། །ཟླ་བ་འབྱོར་པ།་མི་ཤི་འཕོས་པ་དེས་ཀྱང་ལྷའི་དྲན་པ་འཐོབ་པར་འགྱུར་ཏེ། འདོད་པ་ན་སྤྱོད་པ་དྲུག་གི་ལྷ་རྣམས་མཐོང་ངོ ། །སེམས་ཅན་དམྱལ་བ་བཅུ་དྲུག་ཀྱང་མཐོང་ངོ ། །བདག་ཉིད་ཀྱི་ལུས་རྐང་ལག་མཉམ་པ་ཡང་མཐོང་སྟེ། དེ་འདི་སྙམ་དུ་འདི་ནི་བདག་གི་ཁོག་པ་ཡིན་ནོ། །སྙམ་དུ་ཡང་ཤེས་སོ། །དེ་འཆི་བའི་དུས་ཀྱི་ཚེའི་དྲན་པས་ལྷའི་ལྟས་ཁང་པ་བརྩེགས་པ་རྣམ་པར་བཀྲ་
156b
ཞིང།་ཤིང་གལ་པ་དང ། འཁྲི་ཤིང་དང ། ལྡུམ་བུ་སྣ་ཚོགས་ཀྱིས་ཀུན་ནས་བསྐོར་བ་གསེར་བཙོ་མ་གསར་པའི་མདོག་ལྟར་སྤ་བ། སྤྲས་པ། རྣམ་པར་དབྱེ་བ་བྱས་པ་དག་མཐོང་ངོ ། །དེ་ལྟས་དེ་མཐོང་ནས། མཆོག་ཏུ་དགའ་བ་སྐྱེས་ཏེ། དེ་དགའ་བ་སྐྱེས་པ་དེས་བདེ་བའི་རྣམ་པར་སྨིན་པའི་འཆི་བའི་དུས་ཀྱི་ཆོས་དང་ལྡན་པར་འགྱུར་རོ། །དེའི་རྣམ་པར་ཤེས་པ་དེ་ནི་རྟ་ལ་ཞོན་པ་དང་འདྲ་བར་ལྟ་སྟེ། དཔེར་ན། གཡུལ་ངོར་ཆས་པ་ན། དམག་མིའི་ནང་ན་མི་ཅི་ལ་མ་རེག་པར་ཆས་པ་སྒ་ལས་བཟུང་སྟེ། མྱུར་བ་མྱུར་བར་ཞོན་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་དགེ་བ་ལ་དམིགས་པ་དང་འབྲེལ་ཅིང ། དབུགས་རྒྱུ་བ་རྒོད་པས་ཆོས་ཀྱི་ཁམས་ཡོངས་སུ་བླངས་ཤིང་སྐྱེ་མཆེད་འགགས་ཏེ། ལུས་བོར་ནས་ལྷའི་གནས་འོག་མིན་མན་ཆད་ཚངས་པའི་བར་དུ་ཡོངས་སུ་ལེན་པར་འགྱུར་རོ།། །།བམ་པོ་གཉིས་པ་སྟེ་ཐ་མའོ། །དེ་ནས་སྨན་ཆེན་གྱིས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྣམ་པར་ཤེས་པ་ལུས་ལས་འཕོ་བ་དེའི་རང་བཞིན་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། ད་ལྟར་ཁྱོད་ཀྱིས་ང་ལ་ཇི་སྐད་བསྐུལ་བ་དེ་ནི་དེ་བཞིན་ཏེ།་ལེགས་སོ། །ལེགས་སོ། །དྲི་བ་འདི་ནི་མཆོག་ཏུ་ཟབ་བོ། །དྲི་བ་འདྲི་ནི་དེ་བཞིན་གཤེགས་པས་བསྟན་པར་བྱ་བ་ཡིན་ཏེ། རྣམ་པར་ཤེས་པ་དེ་སྟོན་པ་ནི་དེ་བཞིན་གཤེགས་པ་མ་གཏོགས་
157a
༄#། །པར་གཞན་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་ནི་ཟབ་མོའི་ཞུ་བ་ཞུ་བ་ལ་མཁས་པ་ལགས་ཏེ། བློ་ཞིབ་ཅིང་མཛངས་ལ་མཁས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། དེ་བཞིན་ཏེ། རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་འདི་ནི་བཅོམ་ལྡན་འདས་རྣམ་པར་གཟིགས་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །བཟང་སྐྱོང ། རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་གཞན་མུ་སྟེགས་ཅན་དུ་གྱུར་ནས་དེ་འདི་སྙམ་དུ་རྟོག་སྟེ། རྣམ་པར་ཤེས་པའི་ཁམས་འདི་ཅི་ཡིན། རྣམ་པར་ཤེས་པའི་ཁམས་འདི་སུའི་ཡིན། རྣམ་པར་ཤེས་པའི་ཁམས་འདི་ཅི་ལྟ་བུ་ཞིག་ཡིན་སྙམ་མོ། །བཟང་སྐྱོང ། འོན་ཀྱང་རྣམ་ཤེས་པའི་འགྲོ་བ་དང་འོང་བ་ཁོང་དུ་མ་ཆུད་དེ། ངས་འདིའི་ཐེ་ཚོམ་བསལ་བར་བྱའོ། །དེ་ནས་ཚོང་དཔོན་བཟང་སྐྱོང་གིས་སྨན་ཆེན་ལ་འདི་སྐད་ཅེས་སྨྲས་སོ། །སྨན་ཆེན། ལེགས་སོ། །ལེགས་སོ། །ཁྱོད་ནི་ཤེས་རབ་རྒྱ་ཆེ་ཞིང་ཡངས་ལ་ཆོས་ཟབ་མོ་ཞུ་བ་ལ་མཁས་སོ། །སྨན་ཆེན། བཅོམ་ལྡན་འདས་ཡེ་ཤེས་ལ་འཇུག་པ་བློ་དག་པའི་རྩ་བར་གྱུར་པ་ལ་སྐུལ་ཅིག་།ཟླ་བ་འབྱོར་པ།་འདི་ནི་བྱིས་པ་སྟེ་ཡུལ་ལ་སྲེད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ལན་འགའ་ཡང་མ་བསྐུལ། བསྐུལ་བ་མ་བྱས་སོ། །དེ་བཞིན་གཤེགས་པ་འབྱུང་བ་ནི་
157b
རྙེད་པར་དཀའ་ལ། དམ་པའི་ཆོས་དང་ཕྲད་པ་ཡང་ཤིན་ཏུ་རྙེད་པར་དཀའི། བཅོམ་ལྡན་འདས་ཀྱི་ཟབ་པ་ཟབ་པའི་གནས་རྣམས་བཅོམ་ལྡན་འདས་ལ་སྐུལ་ཅིག་།དེ་ནས་སྨན་ཆེན་གྱིས་བཅོམ་ལྡན་འདས་ཀྱི་ཞལ་སྟོན་ཀའི་དུས་ཀྱི་མེ་ཏོག་པདྨའི་ཚལ་ལྟར་རྒྱས་པ་མཐོང་ངོ ། །མཐོང་ནས་ཀྱང་སྨན་ཆེན་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་ཆོས་འཚལ་བ་ལགས་ན་བདེ་བར་གཤེགས་པས་བདག་ལ་བསྟན་དུ་གསོལ། །བསྐལ་པའི་མཐར་མ་ཐུག་པར་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་པ་ཞིག་ཏུ་གྱུར་ན། དེའི་སླད་ན་སེམས་ཅན་འདི་དག་གིས་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་མ་འཚལ་ཏེ། འཁོར་བ་ན་ཡོངས་སུ་འཁྱམ་པར་འགྱུར་དུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། ངས་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་གྱི་ཕྱིར་ཡང་བྲག་གི་རྩེ་མོ་ནས་རང་གི་ལུས་བོར་ཏེ། དཀའ་བ་རྣམ་པ་བརྒྱ་སྟོང་དུ་མ་ཉམས་སུ་མྱོང་ངོ ། །སྨན་ཆེན་ཁྱེད་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་ཁྱོད་ལ་ལན་གདབ་བོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པར་ཤེས་པ་འདིའི་རང་བཞིན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། སྒྱུ་མ་མཁན་གྱི་མིའི་རང་བཞིན་གང་ཡིན་པ་དང ། མིའི་གྲིབ་མ་ཆུའི་ནང་དུ་འབྱུང་བ་གསལ་བ་མ་ཡིན་
158a
༄#། །ཞིང།་མི་གསལ་བའི་རང་བཞིན་གང་ཡིན་པ་དང ། མིག་དང་ནམ་མཁའི་རང་བཞིན་གང་ཡིན་པ་དང ། སྲེད་པའི་རང་བཞིན་གང་ཡིན་པ་བཞིན་ནོ། །སྨན་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས། སྲེད་པའི་རང་བཞིན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་དུ་སྡུག་པའི་མི་མཐོང་བ་ན་མིག་གི་དབང་པོ་འཕོ་བ་དང།་ཇི་ལྟར་མིས་མེ་ལོང་ལ་རང་གི་བཞིན་གྱི་གཟུགས་བརྙན་མཐོང་ལ། མེ་ལོང་གུད་དུ་ཕྱུང་ན་རང་གི་བཞིན་གྱི་གཟུགས་བརྙན་མི་མཐོང་བ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་འཕོ་ན། རང་གི་བསོད་ནམས་དང་བསོད་ནམས་མ་ཡིན་པ་རྣམ་པར་ཤེས་པའི་ཁམས་དེས་མཐོང་ངོ ། །དཔེར་ན། མི་དམུས་ལོང་གིས་ཉི་མ་འཆར་བའམ། ཉི་མ་གུང་ན་འདུག་པ་ཡང་མི་མཐོང་ལ། མཚན་མོ་ཡང་ཟླ་བ་འཆར་བ་དང ། ནུབ་པ་མི་མཐོང་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ལུས་ལ་མི་སྣང་ངོ ། །སྨན་ཆེན། འོན་ཀྱང་ལུས་ལ་སྲེད་པ་དང ། ཚོར་བ་དང ། འདུ་ཤེས་དང ། རབ་ཏུ་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ། དེ་ཡང་ལུས་འདིའི་ཁམས་རྣམས་དང ། སྐྱེ་མཆེད་རྣམས་དང ། ཕུང་པོ་རྣམས་ཕྲད་པར་བྱེད་པ་ཡིན་ནོ། །དེ་ལ་གཟུགས་ཅན་གྱི་དངོས་པོ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། མིག་དང ། རྣ་བ་དང ། སྣ་དང ། རོ་དང ། སྒྲ་རྣམས་སོ། །ཚོར་བ་དང ། སྡུག་བསྔལ་དང ། བདེ་བ་དང །
158b
ཡིད་རྣམས་ནི་གཟུགས་ཅན་མ་ཡིན་པའི་དངོས་པོ་སྟེ། དེ་ནི་རྣམ་པར་ཤེས་པའི་ཁམས་ཡིན་ནོ། །སྨན་ཆེན། ཇི་ལྟར་མིའི་ལྕེའི་ཐོར་ཏོས་རོ་ཁ་བ་དང ། ཚ་བ་དང ། སྐྱུར་བ་དང ། མངར་བ་དང ། ལན་ཚཝའི་རོ་དང ། བསྐ་བ་ཚོར་ཏེ། དེའི་ལྕེ་དེ་ཡང་གཟུགས་ཅན་ཡིན་ལ། རོའི་དངོས་པོ་ཡང་གཟུགས་ཅན་ཡིན་ནོ། །དེ་བཞིན་དུ་ལུས་འདི་ལ་ཡང་རུས་པ་དང ། རྐང་དང ། ཤ་དང ། ཁྲག་ནི་གཟུགས་ཅན་ཡིན་ལ། ཚོར་བ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་ཏེ། གང་གིས་རྣམ་པར་སྨིན་པ་དང ། བསོད་ནམས་དང་བསོད་ནམས་མ་ཡིན་པ་མྱོང་བ་དེ་ནི་རྣམ་པར་ཤེས་པའོ། །དེ་ནས་བཟང་སྐྱོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བསོད་ནམས་དང་བསོད་ནམས་མ་ལགས་པ་མྱོང་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། དེའི་ཕྱིར་ཉོན་ཅིག་།བདེན་པ་མ་མཐོང་བར་ནི། རྣམ་པར་ཤེས་པ་འདི་མི་མཐོང་སྟེ། དེ་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་མཐོང་བར་མི་འགྱུར་རོ། །དེ་ནི་མིག་ལ་ཡང་མི་གནས་ཏེ་མིག་ལས་ཀྱང་སྐྱེ་བ་མཐོང་བར་ཡང་མི་འགྱུར་རོ། །བཟང་སྐྱོང ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གིས་རྣམ་པར་ཤེས་པའི་ཁམས་འདི་ཅི་ལྟར་གཟིགས་པ་དེ་བཞིན་དུ། ངས་ཀྱང་གཟུགས་ཅན་མ་ཡིན་པར་ཐུགས་སུ་ཆུད་དེ། འོན་ཀྱང་བྱིས་པ་རྣམས་ཀྱིས་མི་ཤེས་པའི་ཕྱིར། རྣམ་པར་ཤེས་པའི་
159a
༄#། །ཁམས་འདི་དཔེས་བསྟན་ཏོ། །བཟང་སྐྱོང ། འདི་ནི་རྣམ་པར་ཤེས་པའི་ཁམས་འདིས་བསོད་ནམས་དང་བསོད་ནམས་མ་ཡིན་པ་ཇི་ལྟ་བ་བཞིན་དུ་རིག་སྟེ། དཔེར་ན། མི་ལ་ལ་སྐེམ་བྱེད་དམ། བརྗེད་བྱེད་དམ། དྲི་ཟའི་གདོན་ནམ། ལྷའི་གདོན་གྱིས་ཟིན་པར་གྱུར་ན། བཟང་སྐྱོང ། འདི་ཇི་སྙམ་དུ་སེམས། ཅི་མི་དེའི་ཁོང་ན་འདུག་པའི་སྐེམ་བྱེད་དམ། དྲི་ཟའམ། ལྷ་དེ་སྣང་ངམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །མི་དེའི་ནང་ངམ། སླད་རོལ་ན་ཡང་གདོན་མི་གདའ་སྟེ། གདོན་དེ་དག་ནི་གཟུགས་མ་མཆིས་པ་ལགས་སོ། །བཟང་སྐྱོང ། དཔེར་ན། ལྷའི་གདོན་ཆེན་པོས་མེ་ཏོག་ཤིན་ཏུ་དྲི་ཞིམ་པ་དང ། སྤོས་དང ། བདུག་པ་དང ། མེ་ཏོག་ཕྲེང་བྱིན་པ་ལེན་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་བསོད་ནམས་དང་ལྡན་པས་ཀྱང་ལུས་བླངས་ནས། རྒྱལ་སྲིད་ཀྱི་དབང་ཕྱུག་གམ། ཚོང་དཔོན་ཉིད་དམ། ལྷ་ཉིད་བྱེད་དུ་འཇུག་སྟེ། དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་འདི་ནི་བསོད་ནམས་མྱོང་བ་ཡིན་ནོ། །ཇི་ལྟར་ལྷའི་གདོན་དེ་ལྷའི་མེ་ཏོག་ཕྲེང་བ་བྱིན་པས་རངས་པར་འགྱུར་ཞིང་མི་དེའི་ལུས་ཀྱང་ཚིམ་པར་འགྱུར་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་རྒྱལ་སྲིད་ཀྱི་དབང་ཕྱུག་ཉིད་ལ་དགའ་བར་འགྱུར་ཞིང ། ལུས་དེ་ཡང་ཚིམ་པར་འགྱུར་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་འདི་ནི་བསོད་ནམས་མྱོང་བ་ཡིན་ནོ། །བཟང་སྐྱོང །
159b
དཔེར་ན། སྲུལ་པོའི་གདོན་མི་སྡུག་ཅིང་གཟུགས་མི་སྣང་བ་མིའི་ལུས་ལ་གནས་ཏེ། མི་གཙང་བ་དང ། རུལ་པ་དང ། ལྗན་ལྗིན་དང ། གཏོར་ཁུང་ནས་འབབ་པ་དང ། གཏོར་མ་འདོད་ཅིང་དེ་ཡང་གཏོར་མ་དེས་དགའ་བར་འགྱུར་ལ། མི་དེ་ཡང་གདོན་གྱི་དབང་གིས་དྲི་ང་ཞིང་མི་གཙང་བ་ལས་བྱུང་བའི་ཁ་ཟས་བཙོག་པ་དག་ལ་ཆགས་ཤིང་དགའ་བར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་ལས་ཀྱིས་སྐྱེ་གནས་ངན་པར་བསྐྱེད་དེ་དབུལ་པོའམ། ཡི་དྭགས་ངན་པའམ། ལྗན་ལྗིན་ཟ་བ་དག་ལ་ཆགས་ཤིང་དགའ་བར་འགྱུར་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་འདི་ནི་བསོད་ནམས་མ་ཡིན་པ་མྱོང་བ་ཡང་ཡིན་ནོ། །དཔེར་ན། ལྷའི་གདོན་ཆེན་པོ་གཟུགས་མེད་པ་དེ་ལྷའི་ལོངས་སྤྱོད་ལེན་པ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་གཟུགས་ཅན་མ་ཡིན་པ་འདི་ཡང་བསོད་ནམས་གཟུགས་ཅན་མ་ཡིན་པས་ཡོངས་སུ་བཟུང་ནས་ལྷའི་ལུས་རྣམས་སྐྱེད་པར་བྱེད་དོ། །དཔེར་ན། སྲུལ་པོའི་གདོན་གཟུགས་མེད་པ་མི་ལ་གནས་ཤིང་ཕྱི་ས་དང ། ལྗན་ལྗིན་ཟ་བར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་ལས་རྣམས་ཀྱིས་སྐྱེ་གནས་ངན་པར་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་འདི་ནི་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བར་ཡང་ལྟའོ། །བཟང་སྐྱོང ། དེ་བས་
160a
༄#། །ན་ཁྱོད་ཀྱིས་གདོན་གང་ཡིན་པ་དེ་ནི་གཟུགས་མེད་པའི་ཕྱིར་རྣམ་པར་ཤེས་པའི་ཁམས་ལྟ་བུར་བལྟའོ། །གདོན་གྱི་ལོངས་སྤྱོད་བཟང་པོ་དང ། ངན་པ་གང་ཡིན་པ་དེ་དག་ནི་དགེ་བ་དང ། མི་དགེ་བ་ལྟ་བུར་ལྟའོ། །མི་གང་ཡིན་པ་དེ་ནི་ལུས་ལྟ་བུར་ལྟའོ། །དེ་ནས་བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ནི་ལེན་པའི་རྒྱུ་ཇི་ལྟར་ལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་ཕན་ཚུན་གྱི་རྐྱེན་གྱིས་འདོད་པ་ལེན་པར་བྱེད་དེ། དཔེར་ན། གཙུབ་སྟན་ལས་ཀྱང་བརྟེན། གཙུབ་ཤིང་ལས་ཀྱང་བརྟེན། དེ་སྐྱེད་པ་མིའི་རྩོལ་བ་ལས་ཀྱང་བརྟེན་ཏེ། མེ་འགྲུབ་པར་འགྱུར་བ་དེ་བཞིན་དུ་ལུས་འདི་ལེན་པའི་རྒྱུ་སྐྱེས་པ་དང ། བུད་མེད་ཀྱི་རྐྱེན་གྱིས་སྒྲ་དང ། རེག་པ་དང ། རོ་དང ། གཟུགས་ལ་སོགས་པའི་འདོད་པ་འགྲུབ་པར་འགྱུར་རོ། །དཔེར་ན། མེ་ཏོག་ལས་འབྲས་བུ་འགྲུབ་པར་འགྱུར་ཏེ། འོན་ཀྱང་མེ་ཏོག་དེ་ལ་ཡང་འབྲས་བུ་མི་དམིགས་ལ།་འབྲས་བུར་གྲུབ་པ་ལ་ཡང་མེ་ཏོག་མི་དམིགས་པ་དེ་བཞིན་དུ་ལུས་འདི་ལས་རྣམ་པར་ཤེས་པ་འབྱུང་སྟེ། འོན་ཀྱང་ལུས་དེ་ལ་ཡང་རྣམ་པར་ཤེས་པ་མི་སྣང་ལ། རྣམ་པར་ཤེས་པ་ལྡོག་པས་ཀྱང ། ལུས་ཀྱི་རུས་པ་དང ། རྐང་དང ། མེར་མེར་པོ་དང ། མི་གཙང་བ་རྣམས་རྣམ་པར་འཇིག་པར་འགྱུར་རོ། །དཔེར་ན། ས་བོན་དེ་མེ་ཏོག་གི་ཁ་དོག་དང ། དྲི་དང །
160b
རོ་འདེབས་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཀྱང ། ལུས་ཡོངས་སུ་བཏང་ནས་དགེ་བ་དང ། མི་དགེ་བ་བཏབ་ཅིང ། ཚོར་བ་དང ། འདུ་ཤེས་དང ། ཡིད་ལ་བྱེད་པ་ཡང་བཏབ་ནས།་འཇིག་རྟེན་ཕ་རོལ་དུ་འགྲོའོ། །དཔེར་ན། སྐྱེས་པ་དང ། བུད་མེད་གཉིས་ཀྱི་དབང་པོ་གཉིས་ཕྲད་ནས། དགའ་བས་བརླན་ཏེ། བུད་མེད་ལ་ཤིན་ཏུ་དམ་པོར་འཁྱུད་ནས། ཉོན་མོངས་པ་འབྱིན་པར་བྱེད་དེ། དེ་གཉིས་ཀྱི་ཉོན་མོངས་པ་མེད་པར་གྱུར་ནས་ཡང་བྲལ་བར་འགྱུར་རོ། །དེ་གཉིས་ལ་འདོད་པ་དང་ལྡན་པའི་བདེ་བ་འབྱུང་བར་འགྱུར་ཏེ། དེར་ཉོན་མོངས་པ་ཕྱུང་ནས། འདོད་ཆགས་མེད་པར་གྱུར་ཏེ། ཡང་གཅིག་ལ་གཅིག་འདོད་ཆགས་དང་བྲལ་བར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ལུས་དང་ཕྲད་པ་རྙེད་ནས། དགའ་བ་བསྐྱེད་དེ་ཆགས་པ་འཕེལ་བར་བྱེད་དོ། །དཔེར་ན། ལུས་ཀྱི་རྐྱེན་གྱིས་བུད་མེད་ཀྱི་གཟུགས་མཐོང་ན། སྐྱེས་པའི་འདོད་ཆགས་བསྐྱེད་ལ། ཡང་ཕྲད་པ་ལས་བྲལ་ན། ཕྱིར་ལྡོག་པར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ལུས་ཡོངས་སུ་བླངས་ནས་ཡང་བོར་ཏེ་གཞན་དུ་འགྱུར་བ་མེད་པར་འགྱུར་རོ། །འདི་ལ་ཕ་མ་ཕྲད་པ་དང ། དྲི་ཟ་ཉེ་བར་གནས་པ་དང ། ལས་ལ་དམིགས་པའི་དངོས་པོ་ལས་རྣམ་པར་ཤེས་པས་ལུས་འགྲུབ་པར་བྱེད་དེ། ལས་དེ་དག་ཀྱང་གཟུགས་ཅན་མ་ཡིན་ལ། སྐྱེས་པ་དང་བུད་མེད་ཀྱི་རྐྱེན་གྱི་ངོ་བོ་དེ་ཡང་གཟུགས་ཅན་མ་ཡིན་ནོ། །ལེན་པའི་
161a
༄#། །རྐྱེན་ལས་འདོད་པ་འབྱུང་སྟེ། དེ་བས་ན་འདོད་པའི་ལེན་པ་ཞེས་བྱའོ། །གཟུགས་ཀྱི་འདོད་པ་ལེན་པས་ན། དེའི་ཕྱིར་ཡང་འདོད་པའི་ལེན་པ་ཞེས་བྱའོ། །སྨན་ཆེན། གཞན་ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལེན་པ་དེ་གང་ཞེ་ན། འདི་ལ་ཚུལ་ཁྲིམས་ནི་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལོག་པར་གཡེམ་པ་དང།་བརྫུན་དུ་སྨྲ་བ་དང ། འབྲུའི་ཆང་དང ། སྦྱར་བའི་ཆང་མྱོས་པར་བྱེད་པ་བག་མེད་པའི་གནས་སྤོང་བའོ། །དེའི་མཆོག་ཏུ་འཛིན་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །དེའི་ལེན་པ་ནི་སྲིད་པ་སྟེ། ལྷ་དང་མིར་སྐྱེ་ཞིང་སྐྱེ་བ་ཡོངས་སུ་འཛིན་པ་བསྐྱེད་པ་སྟེ། དེ་ནི་ཟག་པ་དང་བཅས་པ་དང ། ཟག་པ་མེད་པའི་དགེ་བའི་ཡོངས་སུ་སྨིན་པར་བྱེད་དོ། །ཕུང་པོ་རྣམས་ཀྱི་ས་བོན་ཡང་རླན་པར་བྱེད་དོ། །ལས་དགེ་བ་དང་མི་དགེ་བ་རྣམས་ཀྱང་སྡུད་པར་བྱེད་དོ། །རྣམ་པར་ཤེས་པ་ཡང་སྦྱོར་བར་བྱེད་དོ། །ཉོན་མོངས་པ་བླངས་པ་རྣམས་ཀྱང་སྲེག་པར་བྱེད་དེ། དེ་བས་ན་འདི་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལེན་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པར་ཤེས་པ་འདིས་ཇི་ལྟར་ལྷའི་ནང་དུ་ལུས་ཡོངས་སུ་ལེན་པ་ལགས། སེམས་ཅན་དམྱལ་བ་རྣམས་སུ་ཇི་ལྟར་ལེན་པ་
161b
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དེའི་ཕྱིར་ཉོན་ཅིག་།འདི་ལ་རྣམ་པར་ཤེས་པའི་ཁམས་འདིས་ཆོས་ཀྱི་ཁམས་ཡོངས་སུ་བླངས་ནས། ལྷའི་ལྟ་བ་བསྐྱེད་དེ། དེའི་ལྟ་བ་དེ་ཡང་ཤའི་མིག་ལ་བརྟེན་པ་མ་ཡིན་ནོ། །དེའི་ལྟ་བས་མཐོང་བ་གང་ཡིན་དེ་ནི་ལེན་པ་ཞེས་བྱ་སྟེ། དེ་བས་ན་ལྟ་བའི་ལེན་པ་ཞེས་བྱའོ། །དེའི་ལྷའི་ལྟ་བ་བསོད་ནམས་ལ་དམིགས་པ་དང་མཚུངས་པར་ལྡན་པ་དེས། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་ལྷའི་གནས་མཐོང་སྟེ། དེར་ལྷ་རྣམས་ལྷའི་རྩེ་བདག་གིས་རྩེ་བ་མཐོང་ནས། དེ་དེར་ཆགས་པ་སྐྱེའོ། །འདི་སྙམ་དུ་ཡང་སེམས་ཏེ། བདག་ནི་དེར་འགྲོའོ་སྙམ་མོ། །དེས་དེར་ཆགས་སུ་རུང་ཞིང་དྲན་པ་དང་ལྡན་པའི་སྲིད་པ་རབ་ཏུ་ཤེས་སོ། །དུར་ཁྲོད་ན་འདུག་པའི་ཁོག་པ་དེ་ཡང་དེས་མཐོང་ནས་འདི་སྙམ་དུ་སེམས་ཏེ། འདི་ནི་བདག་གི་དགེ་བའི་བཤེས་གཉེན་ཡིན་ཏེ། འདི་ལ་བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཡོངས་སུ་ལེན་པའི་བདག་གི་དགེ་བའི་རྩ་བ་བསགས་སོ་སྙམ་མོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པར་ཤེས་པ་ཁོག་པ་དེ་ལ་ཆགས་ན། ཅིའི་སླད་དུ་མི་གནས། ཁོག་པ་དེ་ཉིད་ཅིའི་སླད་དུ་མི་བརྟེན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དཔེར་ན། མི་ལ་ལའི་སྐྲ་དང ། ཁ་སྤུ་བྲེགས་ཏེ། སྐྲ་དང་ཁ་སྤུ་དེ་མཐོང་ནས། མི་དེ་འདི་སྙམ་དུ་སེམས་ཏེ། སྐྲ་འདི་དག་ནི་དྲི་ཞིམ་
162a
༄#། །ཞིང་གནག་པ་ཡིན་གྱི། འདི་དག་ནི་ཕྱིར་ཡང་མགོ་ལ་བསྐྱེད་པར་བྱའོ་སྙམ་ན། སྨན་ཆེན། འདི་ཇི་སྙམ་དུ་སེམས། ཅི་སྐྲ་དེ་དག་ཕྱིར་སྐྱེ་བར་འགྱུར་རམ། གསོལ་པ།་བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཁོག་པ་བོར་ནས་ཕྱིར་ཡང་ཁོག་པ་དེ་ཉིད་ལ་གནས་པ་འདི་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །རྣམ་པར་ཤེས་པའི་ཁམས་ཆ་ཕྲ་ཞིང་མི་མངོན་པ་འདིས་གླང་པོ་ཆེའི་ལུས་བོང་ཆེན་པོ་ཇི་ལྟར་བསྒྲུབ་པར་བགྱིད་ཅིང ། རྡོ་རྗེ་ལྟར་སྲ་བའི་ཁོག་པ་ཡང་ཇི་ལྟར་རྟོལ་བར་བགྱིད། གླང་པོ་ཆེ་དགུ་སྟོང་གི་སྟོབས་དང་ལྡན་པའི་མི་དང ། གླང་པོ་ཆེའི་རྒྱལ་པོ་ཡང་ཇི་ལྟར་འཛིན་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དཔེར་ན། རླུང་གི་ཁམས་གཟུགས་མེད་ཅིང་བསྟན་དུ་མེད་པའི་རི་ཕྲག་ན་གནས་པ་དེ་ཡང་རི་ཕྲག་དེ་ནས་བྱུང་སྟེ། རི་རབ་དང་འདྲ་ཞིང་མཚུངས་པའི་རིའི་རྩེ་མོ་སྙིལ་བར་བྱེད་ཅིང ། འགྱེས་པར་བྱེད་ན་སྨན་ཆེན་འདི་ཇི་སྙམ་དུ་སེམས། རླུང་གི་ཁམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རི་དེའི་རང་བཞིན་ཇི་ལྟ་བུ། སྨན་ཆེན་གྱིས་གསོལ་པ། རླུང་གི་ཁམས་ནི་སྙི་ཞིང་ལུས་མ་མཆིས་པར་ལྟ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དེ་དེ་བཞིན་ཏེ།
162b
ཇི་ལྟར་རླུང་གི་ཁམས་སྙི་ཞིང་ལུས་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་འདི་ཡང་ཞན་ཅིང་ལུས་མེད་མོད་ཀྱི་ལུས་ཆེན་པོ་དག་དང ། ཆུང་ངུ་དག་སྐྱེད་པར་བྱེད་དེ། སྦྲང་བུའི་ཡང་རྣམ་པར་ཤེས་པ་དེ་ཉིད་ཡིན་ནོ། །གླང་པོ་ཆེའི་ཡང་དེ་ཉིད་ཡིན་ནོ། །དཔེར་ན། མར་མེའི་མེ་ལྕེ་ཆུང་ཡང་ར་བའམ། ཁང་པའི་ནང་གི་མུན་པ་ཆེན་པོ་སེལ་བར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདིས་ཀྱང་ལུས་ལེན་པའི་རྒྱུ་དེས་ན་གཟུགས་ཆུང་ངུ་དང ། ཆེན་པོ་རྣམས་འགྲུབ་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཅི་ལགས། དེ་གཟུགས་ཅན་ཞིག་ལགས་སམ། འོན་ཏེ་གཟུགས་མ་མཆིས་པ་ཞིག་ལགས། རང་བཞིན་ནི་ཇི་ལྟ་བུ་ལགས། རྐྱེན་ནི་ཇི་ལྟ་བུ་དག་ལས་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། འདི་ལ་ལས་རྣམས་ཀྱི་སྤྱོད་ཡུལ་ནི་ལྷའི་བདེ་བ་དག་དང ། འབྱོར་པ་དག་དང ། ལྷའི་ཁ་ཟས་ཐོབ་པ་ཡིན་ཏེ། དཔེར་ན། མི་དབུལ་པོ་གཉིས་ཤིག་འབྲོག་ཏུ་འཁྱམ་པ་ལས། དེར་གཅིག་གིས་ནི་ཆུ་བསིལ་བ་རྙེད་ལ། གཅིག་ནི་སྐོམ་སྟེ་ཤི་ན། ཆུ་དེ་ལ་ལ་ཞིག་གིས་སྙིམ་པས་བཅུས་ཏེ། མི་དེ་ལ་བྱིན་པ་ཡང་མེད། ལ་ལ་ཞིག་གིས་མི་ཅིག་ཤོས་དེ་ལ་བཀག་པ་ཡང་མེད་ཀྱི། བསོད་ནམས་ཀྱི་མཐུ་འབའ་ཞིག་གིས་གཅིག་གིས་ནི་ཆུ་རྙེད་ལ། གཅིག་གིས་ནི་མ་རྙེད་པ་དེ་བཞིན་དུ་དགེ་བ་དང ། མི་དགེ་བའི་ཆོས་དེ་དག་ལ་བལྟ་བར་བྱའོ། །ཟླ་བ་ཡར་གྱི་
163a
༄#། །ངོ་དང ། མར་གྱི་ངོ་ཇི་ལྟ་བ་བཞིན་དུ་དགེ་བ་དང ། མི་དགེ་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དཔེར་ན། ཤིང་ཏོག་རློན་པ་ཡོངས་སུ་སྨིན་པ་ན། ཁ་དོག་གཞན་དུ་འགྱུར་ཏེ། ཁ་དོག་དེ་དག་དང་ཡོངས་སུ་སྨིན་པ་ཡང་མེའི་ཁམས་ཀྱི་དབང་གིས་འགྱུར་རོ། །དེ་བཞིན་དུ་ལུས་འདི་ཡང་བསོད་ནམས་ཀྱི་དབང་གིས་ཚོང་དཔོན་གྱི་ཁྱིམ་ནོར་དང་གསེར་དང་དངུལ་དག་ཏུ་རྒྱན་ཉེ་བར་སྟོན་ཏོ། །ལྷའི་གནས་དག་ཏུ་ལྷའི་རྒྱན་དག་ཉེ་བར་སྟོན་ཏེ། དབང་ཕྱུག་གི་རྒྱན་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་དཔེར་བསྟན་ཏོ། །དཔེར་ན། ས་བོན་ས་ལ་བཏབ་ན། ཤིང་གི་རྩེ་མོར་སྣང་བ་འགྱུར་ལ། ས་བོན་དེ་ཡང་སྡོང་བུ་ནས་སྡོང་བུའི་རྩེ་མོར་འཕོ་བ་མེད་ཅིང ། ཤིང་གི་ནང་ན་ཡང་ས་བོན་དེ་མི་དམིགས་ལ། མི་ལ་ལ་ཞིག་གིས་ལག་པ་གཉིས་ཀྱིས་ས་བོན་དེ་བླངས་ཏེ། ཤིང་གི་རྩེ་མོར་བཞག་པར་ཡང་མེད་ཅིང ། ས་བོན་རྩ་བ་ནས་འཕོ་བ་ཡང་མི་དམིགས་པ་དེ་བཞིན་དུ་ལས་དགེ་བ་དང ། མི་དགེ་བ་ལུས་ལ་གནས་པ་རྣམས་ཀྱང་ལུས་ལ་མི་སྣང་ངོ ། །དཔེར་ན། ས་བོན་ལས་མེ་ཏོག་འགྲུབ་པ་ན། ས་བོན་གྱི་ནང་ན་ཡང་མེ་ཏོག་མི་སྣང་ཞིང ། མེ་ཏོག་གི་ནང་ན་ཡང་འབྲས་བུ་མི་དམིགས་ལ། ས་བོན་དང་མེ་ཏོག་ཀྱང་གཉིས་སུ་དབྱེར་མེད་པ་དེ་བཞིན་དུ་ལུས་ལས་ཀྱང་ལས་འབྱུང ། ལས་ལས་ཀྱང་ལུས་འབྱུང་མོད་ཀྱི། ལུས་ཀྱི་ནང་ན་ལས་མི་སྣང ། ལས་ཀྱི་ནང་ན་ཡང་ལུས་མི་སྣང་ངོ ། །
163b
དཔེར་ན། མེ་ཏོག་ཡོངས་སུ་སྨིན་པ་ན་འབྲས་བུ་དམིགས་པ་དེ་བཞིན་དུ། ལུས་སྨིན་ན་ལས་རྣམས་དམིགས་སོ། །དཔེར་ན། གང་ན་ས་བོན་གནས་པ་དེར་མེ་ཏོག་འབྱུང་བར་སྣང་བ་དེ་བཞིན་དུ། ལུས་འདི་གང་དང་གང་དུ་སྐྱེས་པར་གྱུར་པ་དེ་དང་དེར་ལས་དགེ་བ་དང ། མི་དགེ་བ་འབྱུང་བར་སྣང་སྟེ། ལས་དེ་ཡང་གཟུགས་ཅན་མ་ཡིན་ལ། རྣམ་པར་སྨིན་པ་ཡང་གཟུགས་ཅན་མ་ཡིན་ནོ། །དཔེར་ན།་མིའི་ལུས་ལས་གྲིབ་མ་མི་གསལ་ཞིང ། གཟུགས་ཅན་མ་ཡིན་པ་འབྱུང་ལ། མི་དེ་ཉིད་ཀྱི་ཕྱི་བཞིན་འབྲང་སྟེ། གྲིབ་མ་དེ་ཡང་མི་དེའི་ལུས་དང་འབྲེལ་པ་མ་ཡིན་ལ། ལུས་མེད་པར་ཡང་གྲིབ་མ་འབྱུང་བར་མི་འགྱུར་བ་དེ་བཞིན་དུ། ལུས་འདི་ལ་དགེ་བ་དང ། མི་དགེ་བ་འབྲེལ་པར་འདུག་སྟེ། ལུས་གང་དང་གང་དུ་འཕོ་བ་དེ་དང་དེར་ལས་རྣམས་འབྲང་བར་འགྱུར་ཏེ། ལུས་ཀྱི་དབང་གིས་ལས་རྣམས་འབྲང་བ་མ་ཡིན་ལ། ལུས་མེད་ན་ཡང་ལས་རྣམས་སྐྱེ་བར་མི་འགྱུར་རོ། །དཔེར་ན། སྨན་ཚ་བ་དང ། ཁ་བ་དང ། བསྐ་བ་ལ་སོགས་པའི་བྱེ་བྲག་གིས་ལུས་ལ་བཀྲུ་སྨན་བཏང་ན། ནད་ཐམས་ཅད་ལས་ཐར་བར་འགྱུར་ཞིང ། ལྷའི་མདོག་རྒྱས་པ་ཡང་ལུས་ལ་སྣང་བར་འགྱུར་ཏེ། ཇི་ལྟར་སྨན་ཚ་བ་དང ། ཁ་བ་རྣམས་ཀྱིས་ལུས་ཀྱི་མདོག་གཞོན་ཤར་འདུག་པ་དང ། ཡིད་དུ་འོང་བ་སྒྲུབ་པར་བྱེད་ཅིང་འདི་སྙམ་དུ་མི་འདིས་ནི། སྨན་ཟོས་གོར་མ་ཆག་གོ་སྙམ་དུ་ཤེས་པར་འགྱུར་མོད་ཀྱི། སྨན་དེ་དག་གི་རོ་དང ། སྨིན་པ་དེ་ཡང་གཟུགས་ཅན་མ་ཡིན་ལ། རོ་དང་སྨིན་པ་གཟུགས་
164a
༄#། །ཅན་མ་ཡིན་པ་ཡང་མིའི་མདོག་རྒྱས་པ་ལས་སྣང་བར་འགྱུར་བ་དེ་བཞིན་དུ། དགེ་བའི་ལས་འདི་ཡང་གཟུགས་ཅན་མ་ཡིན་ཏེ། དེ་ལས་ལུས་འགྲུབ་ནས། ཁ་ཟས་དང ། ཉེ་བར་སྤྱད་པ་དང ། ལོངས་སྤྱོད་དང ། གོས་ཀྱི་བྱེ་བྲག་གི་དབང་གིས་རྐང་ལག་མཉམ་ཞིང ། མཆོག་ཏུ་བདེ་བ་དང་ལྡན་ཏེ། ནོར་བུ་དང ། གསེར་དང ། དངུལ་འབྱོར་པར་འགྱུར་བ་དེ་དག་ཐམས་ཅད་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་ནོ། །རིགས་དང་ལོངས་སྤྱོད་རྒྱས་ཤིང་འབྱོར་པ་ལས་ཉམས་པ་དང ། ཉེ་བར་སྤྱད་པ་དང་བྲལ་ཞིང་གཞན་ལ་རེ་བ་དང ། ཁ་ཟས་ངན་པ་ཟ་ཞིང་མལ་སྟན་ངན་པ་དང ། གཟུགས་ངན་ཅིང་མི་སྡུག་པའི་ལུས་ཅན་གང་ཡིན་པ་དེ་དག་ནི་མི་དགེ་བའི་ལས་དེའི་འབྲས་བུ་ཡིན་ནོ། །དཔེར་ན། མེ་ལོང་གི་དབང་གིས་བཞིན་གྱི་མདོག་སྡུག་པའམ་མི་སྡུག་པ་སྣང་ལ། མེ་ལོང་གི་གཟུགས་བརྙན་དེ་ཡང་གཟུགས་ཅན་མ་ཡིན་པ་དེ་བཞིན་དུ་དགེ་བ་དང ། མི་དགེ་བའི་ལས་ཀྱི་དབང་གིས་རྣམ་པར་ཤེས་པ་འདི་ལྷ་རྣམས་དང ། མི་རྣམས་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དྭགས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྨན་ཆེན། ལས་རྣམས་ནི་དེ་ལྟར་བལྟ་བར་བྱའོ། །དེ་ལྟར་ན་ལས་འདི་དག་ནི་རྣམ་པར་ཤེས་པའི་རྗེས་སུ་འབྲང་ངོ ། །གསོལ་པ། བཅོམ་ལྡན་འདས། རྣམ་པར་ཤེས་པ་འདིས་དབང་པོ་རྣམས་ཇི་ལྟར་འབེབས། ལུས་ཆེན་པོ་ཡང་ཇི་ལྟར་ཡོངས་སུ་འཛིན་པར་བགྱིད། བཅོམ་ལྡན་འདས་
164b
ཀྱིས་བཀའ་སྩལ་པ། སྨན་ཆེན། འདི་ལྟ་སྟེ། དཔེར་ན། རྔོན་པ་ནགས་ཐིབས་པོའི་ནང་དུ་སོང་ནས་གཞུ་ཤིན་ཏུ་བཀང་སྟེ། དུག་མདས་སྤོས་ཀྱི་གླང་པོ་ཆེ་བོང་ཚོད་ཆེ་བ་ལ་བསྣུན་ལ། དུག་དེ་ཡང་ཁྲག་དང་ཕྲད་ན་ཡན་ལག་དང ། ཉིང་ལག་རྣམས་སུ་འཕོ་ཞིང་འགྲོ་སྟེ། དབང་པོའི་སྤྱོད་ཡུལ་ཐམས་ཅད་འདོར་ལ། གནད་རྣམས་སུ་བསྣུན་ཅིང་ཁྲག་གིས་ཁ་དོག་བསྒྱུར་ཏེ། ཡན་ལག་དང ། ཉིང་ལག་ཐམས་ཅད་དུ་འཕོ་ཞིང་འགྲོ་ལ། ཕྱིར་ཡང་ལུས་བོར་ནས། དུག་དེ་ལུས་ཕྱིར་བྱུང་ན། སྨན་ཆེན། འདི་ཇི་སྙམ་དུ་སེམས། དུག་དེ་དང་གླང་པོ་ཆེའི་ཁོག་པ་དེའི་ཚོད་ཇི་ཙམ། གསོལ་པ། རི་རབ་དང ། ཡུངས་འབྲུ་བཞིན་ལགས་སོ། །བཀའ་སྩལ་པ། དུག་དེ་ཇི་ལྟར་འཕོ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ལུས་ཡོངས་སུ་སྤོང་ཞིང་དབང་པོ་རྣམས་ཀྱང་འདོར་ལ། ཁམས་རྣམས་ཀྱང་ཡོངས་སུ་གཏོང་ངོ ། །དེ་ལྟར་ན་རྣམ་པར་ཤེས་པ་འདི་དབང་པོ་རྣམས་འདོར་བར་བྱེད་དོ། །སྨན་ཆེན། གཞན་ཡང་ཁྱོད་ཀྱིས་བཅོམ་ལྡན་འདས་རྣམ་པར་ཤེས་པ་འདི་ཇི་ལྟར་ལུས་ཆེན་པོ་ཡོངས་སུ་འཛིན་པར་བགྱིད་ཅེས་ཟེར་བ་ནི། ཇི་ལྟར་ཁོ་ལག་ཆེ་ཞིང་རགས་པའི་ལུས་འདི་ལ་མི་སེམས་པ་བཞིན་ཏེ། དཔེར་ན། རིའི་རྒྱལ་པོ་རི་རབ་ཀྱི་འཕང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ།་དེ་ཡང་ཀླུའི་རྒྱལ་པོ་དགའ་བོ་དང ། ཉེ་དགའ་གཉིས་ཀྱིས་སུམ་ཁྲིས་སུ་ཡོངས་སུ་དཀྲིས་ཏེ། ཀླུའི་རྒྱལ་པོ་དེ་གཉིས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བས་རྒྱ་མཚོ་བཏུང་བར་མི་རུང་བར་འགྱུར་ཞིང །
165a
༄#། །དེ་གཉིས་ཀྱི་དབུགས་ཀྱིས་རི་རབ་ཀྱང་གཡོ་བར་བྱེད་དེ། དེ་གཉིས་ཇི་ལྟར་དུག་ཆེ་ལ་སྤྲོ་བ་ཆེ་ཞིང་ཡངས་པ་བཞིན་དུ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་གཉིས་ཀྱང་དེ་དང་འདྲའོ། །སྨན་ཆེན། འདི་ཇི་སྙམ་དུ་སེམས། དེ་དག་གི་རྣམ་པར་ཤེས་པ་ཡང་གཞན་ལ། སྦྲང་བུའི་ཡང་གཞན་ནོ་སྙམ་ན་དེ་ལྟར་ལྟ་བར་མི་བྱ་སྟེ། སྨན་ཆེན། འདི་ལྟར་རྣམ་པར་ཤེས་པ་དེ་ཉིད་སྦྲང་བུའི་ཡང་ཡིན་ལ། དེ་ཉིད་དེ་དག་གི་ཡང་ཡིན་ནོ། །དཔེར་ན། དུག་བད་ས་ན་བྷ་དང ། ཧ་ལ་ཧ་ལའི་ཐིགས་པ་ཆུང་ངུ་ཡང་ཀླུའི་རྒྱལ་པོ་དགའ་བོ་དང ། ཉེ་དགའ་ལ་སོགས་པ་དེ་དག་གིས་ཟོས་ན། དེ་དག་ཀྱང་འཆི་བར་འགྱུར་རོ། །སྨན་ཆེན། འདི་ཇི་སྙམ་དུ་སེམས། དགའ་བོ་དང ། ཉེ་དགའ་ལ་སོགས་པའི་དུག་གང་ཡིན་པ་དང ། བད་ས་ན་བྷ་དང ། ཧ་ལ་ཧ་ལའི་དུག་གི་ཐིགས་པ་གང་ཡིན་པ་དེའི་ནང་ན། ཆེས་མང་བ་གང་ཡིན། གསོལ་པ། བཅོམ་ལྡན་འདས། དགའ་བོ་དང ། ཉེ་དགའ་གཉིས་ཀྱི་དུག་ཆེས་མང་བར་ལྟ་བར་བགྱི་སྟེ། བད་ས་ན་བྷ་དང ། ཧ་ལ་ཧ་ལའི་དུག་ནི་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དེ་བཞིན་དུ་ལུས་ཆེན་པོ་གླང་པོ་ཆེ་དགུ་སྟོང་གི་སྟོབས་དང་ལྡན་པ་དེ་དག་གི་རྣམ་པར་ཤེས་པའི་ཁམས་ཀྱང་ཆུང་ཞིང་མི་གསལ་ལ། གཟུགས་ཅན་མ་ཡིན་པ་བལྟ་བར་བྱའོ། །རྣམ་པར་ཤེས་པ་དེ་ཡང་ལས་ཀྱི་རྐྱེན་གྱིས་ལུས་ཆེན་པོ་མངོན་པར་འགྲུབ་པར་
165b
བྱེད་དེ། དཔེར་ན། ཤིང་ནྱ་གྲོ་དའི་ས་བོན་ཆུང་ངུ་ལས། ཤིང་གི་རྒྱལ་པོ་མཐོ་ཞིང་རྒྱ་ཆེ་ལ། ཡལ་ག་དང ། ཡལ་ག་ཕྲེའུ་བརྒྱད་སྟོང་གིས་རྒྱས་པ་འགྲུབ་པར་འགྱུར་རོ། །སྨན་ཆེན། འདི་ཇི་སྙམ་དུ་སེམས། ས་བོན་དེའི་ཚད་ནི་ཇི་ཙམ། ཤིང་དེའི་ཚད་ནི་ཇི་ཙམ། གསོལ་པ། བཅོམ་ལྡན་འདས། ཡུངས་འབྲུའི་ནང་དང ། བར་སྣང་བཞིན་ཏེ། ཁྱད་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དེ་བཞིན་དུ་ས་བོན་དེའི་ནང་ན་ཡང་ཤིང་མི་སྣང་ལ། ས་བོན་མེད་ན་ཡང་ཤིང་སྐྱེ་བ་མི་དམིགས་ཏེ། ཇི་ལྟར་ས་བོན་ཕྲ་མོ་ལས་ཤིང་ཆེན་པོ་སྐྱེ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཆ་ཕྲ་བ་ལས་གཟུགས་ཆེན་པོ་འགྲུབ་པར་འགྱུར་ཏེ། ལུས་ལ་ཡང་རྣམ་པར་ཤེས་པ་མི་དམིགས་ལ། རྣམ་པར་ཤེས་པ་མེད་ན་ཡང་ལུས་སྐྱེ་བ་མི་དམིགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྡོ་རྗེའི་སྙིང་པོ་ལྟ་བུའི་རྣམ་པར་ཤེས་པ་དེས་ལུས་ཉམ་ཆུང་བ་རྣམས་ཇི་ལྟར་མངོན་པར་འགྲུབ་པར་བགྱིད། བཅོམ་ལྡན་འདས་ཀྱིས་སྩལ་པ། སྨན་ཆེན། དཔེར་ན། མི་དབུལ་པོ་ལ་ལ་ཞིག་གིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས་དེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་བླངས་ནས། ལྷའི་གནས་དང ། སྐྱེད་མོས་ཚལ་དང ། སྐྱེད་ཚལ་དང ། ཞིང་དང ། ར་བ་དང ། སྒོ་ཁང་དང ། ཤིང་གེལ་པ་དང ། འཁྲི་ཤིང་སྣ་ཚོགས་ཀྱིས་འཁོར་བ་དང ། ཁང་པ་མེ་
166a
༄#། །ཏོག་གིས་གཏོར་བ་དང ། རྫས་དང ། ཡོ་བྱད་དག་སྤྲུལ་ན། སྨན་ཆེན། དེ་དག་ཐམས་ཅད་ནི་མི་བརྟན་ཞིང་ཉམ་ཆུང་ལ། མྱུར་དུ་འགྱེས་ཤིང ། འཇིག་པའི་ཆོས་ཅན་ཡིན་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་མི་དེའི་ལག་ནས་སྟོར་ན། དེའི་བདེ་བའི་ལོངས་སྤྱོད་དེ་དག་ཀྱང་མེད་པར་འགྱུར་རོ། །ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་རྡོ་རྗེ་སྟོང་གིས་ཀྱང་མི་ཕྱེད་ལ་དེའི་ཡོ་བྱད་དེ་དག་འཇིག་པའི་རང་བཞིན་ཅན་ཡིན་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེའི་སྙིང་པོའི་རང་བཞིན་ལྟ་བུ་ཡིན་ལ། ལུས་གང་ཡིན་པ་དེ་ནི་སྙིང་པོ་མེད་དོ། །གསོལ་པ། བཅོམ་ལྡན་འདས། རྣམ་པར་ཤེས་པའི་ཁམས་ཞན་པ་དེ་ཇི་ལྟར་གཟུགས་མཁྲང་ཞིང་སྲ་བ་ཕྱེ་སྟེ་འཕོ་ཞིང་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་སྨན་ཆེན། དཔེར་ན། ཆུའི་རྒྱུན་ཤིན་ཏུ་འཇམ་པོ་རིའི་གསེབ་ན་འདུག་པས་རི་དེ་ཉིད་བརྟོལ་ཏེ་འབྱུང་ན། སྨན་ཆེན། འདི་ཇི་སྙམ་དུ་སེམས། དེའི་ནང་ན་ཆེས་སྲ་བ་གང་ཡིན། གསོལ་པ།་བཅོམ་ལྡན་འདས། རི་ནི་རང་བཞིན་གྱིས་མཁྲང་ལ་རྡོ་རྗེ་ལྟར་བརྟན་ཞིང་སྲ་པ་ལགས་ལ། ཆབ་ནི་རང་བཞིན་གྱིས་འཇམ་ཞིང་རེག་ན་བདེ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་རྣམ་པར་ཤེས་པ་རང་བཞིན་གྱིས་ཞན་པས་ལུས་ཆེན་པོ་དག་ཕྱེ་སྟེ་འགྲོ་བར་འགྱུར་རོ། །གསོལ་བ། བཅོམ་ལྡན་འདས། ཇི་ལྟར་སེམས་ཅན་གྱི་རིས་ན་སེམས་
166b
ཅན་ཤི་འཕོས་ཏེ། ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ལེན་པ་ལགས། ཇི་ལྟར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་ཡོངས་སུ་ལེན་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དེའི་ཕྱིར་ཉོན་ཅིག་།སེམས་ཅན་དེ་ཤི་འཕོས་ནས། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་ཀྱིས་ཡོངས་སུ་ཟིན་ན། ལུས་ཡོངས་སུ་བཏང་ནས་རྣམ་པར་ཤེས་པ་དེས་མིའི་ལྟ་བ་ཡོངས་སུ་སྤངས་ཏེ། ལྷའི་ལྟ་བ་ཐོབ་པར་འགྱུར་རོ། །དེ་ལྷའི་ལྟ་བ་དེས་འདོད་པ་ན་སྤྱོད་པ་དྲུག་གི་ལྷ་རྣམས་མཐོང་ངོ ། །སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཀྱང་མཐོང་ངོ ། །ལུས་དེ་ཡང་འདོར་བར་མཐོང་ངོ ། །ལྷ་རྫས་ཀྱི་ལྷའི་གནས་དང ། དགའ་ཚལ་དང ། འདྲེས་ཚལ་དང ། མེ་ཏོག་གི་རྣ་རྒྱན་དང ། ཤིང་ཀུ་ཤེ་ཤྱ་དང ། ཀོ་ཀ་ན་ད་དང ། གཞལ་མེད་ཁང་དང ། ཚལ་སྟུག་པོ་དང ། ལྷའི་བུ་མོ་རྩེ་བས་བསྐོར་བ་ཡང་མཐོང་ངོ ། །རྟག་ཏུ་མེ་ཏོག་རྒྱས་ཤིང་རྣམ་པར་བཀྲ་བར་བྱས་པའི་ལྷའི་ལོངས་སྤྱོད་སྡུག་གུས་མཛེས་པར་བྱས་པ་དང ། སེ་མོ་དོ་དང ། གདུབ་ཟླུམ་དང ། གདུབ་ལེབ་དང ། དཔུང་རྒྱན་སྤ་ཞིང་སྤྲས་པས་བརྒྱན་པ་དེ་དག་ཀྱང་དེས་མཐོང་ངོ ། །ལྷ་གཞོན་ནུ་དང ། ལྷ་མོ་ཁྲིའི་སྟེང་ན་འདུག་ཅིང་ཡིད་རབ་ཏུ་དགའ་བ་ཡང་དེས་མཐོང་ངོ ། །དེ་དག་མཐོང་ནས་ཀུན་དུ་ཆགས་པ་བསྐྱེད་དོ། །དེ་དེར་ཀུན་ཏུ་ཆགས་པས་དགའ་བ་ཐོབ་པར་འགྱུར་རོ། །དགའ་བ་ཐོབ་པས་ཡིད་རབ་ཏུ་དགའ་བར་འགྱུར་རོ། །དེ་སྙིང་དགའ་བས་དེའི་ཚེ་ལུས་ཀྱི་ཁ་དོག་རྒྱས་པར་འགྱུར་ཏེ། འདི་ལྟར་
167a
༄#། །བཞིན་གྱི་མདོག་པདྨ་ལྟ་བུར་སྣང་བར་འགྱུར་ཞིང་ལྟ་བ་ཕྱིན་ཅི་མ་ལོག་པར་འགྱུར་རོ། །སྣ་ཡང་ཡོ་པར་མི་འགྱུར། དེ་ཁ་ཡང་གནམ་པར་མི་འགྱུར་རོ། །དེ་བཞིན་དུ་དེའི་མིག་ཨུཏྤ་ལ་སྔོན་པོའི་འདབ་མ་འདྲ་བར་སྣང་བར་འགྱུར་རོ། །དེའི་གནད་རྣམས་ཀྱང་ཆད་པར་མི་འགྱུར། དེའི་ཁྲག་ཀྱང་ཟག་པར་མི་འགྱུར། ཕྱི་ས་ཡང་འབྱུང་བར་མི་འགྱུར། དེ་སྤུ་ཟིང་ཞེས་བྱེད་པར་མི་འགྱུར། དེའི་སེན་མོ་རྣམས་ཀྱང་ནག་པོར་མི་འགྱུར། ལག་པ་ཡང་སེར་པོར་སྣང་བར་མི་འགྱུར། རྐང་ལག་ཀྱང་གཡོས་པར་མི་བྱེད། རྐང་ལག་འཁུམས་བཞིན་དུ་འཆི་བའི་ཆོས་དང་ལྡན་པར་ཡང་མི་འགྱུར་རོ། །སྨན་ཆེན། དེ་འཆི་བའི་དུས་ཀྱི་ཚེ་ལྷའི་ལྟས་འབྱུང་བར་འགྱུར་ཏེ། འདི་ལྟར་ཁང་པ་བརྩེགས་པ་ཀ་བ་བརྒྱ་སྟོང་གིས་བརྒྱན་པ་མཐོང་སྟེ། ལྷའི་དྲིལ་བུ་གཡེར་ཁའི་དྲ་བ་སྒྲ་སྙན་པ་འབྱུང་བ་དང་ལྡན་པ་དང ། ལྷའི་མེ་ཏོག་སྣ་ཚོགས་སྤེལ་བའི་ཕྲེང་བ་ཤིན་ཏུ་ཞིམ་པ་དག་མཐོང་ངོ ། །ལྷ་གཞོན་ནུ་རྒྱན་དང ། གསེར་གྱི་མཆོག་དང ། སེ་མོ་དོ་དང ། གདུ་བུ་དང ། དཔུང་རྒྱན་གྱིས་མཛེས་པར་བྱས་ཤིང་ལུས་བརྒྱན་པ་དག་ཀྱང་མཐོང་ངོ ། །དེས་ལྷའི་གཞོན་ནུ་དག་མཐོང་ནས་མཆོག་ཏུ་དགའ་བ་སྐྱེའོ། །དེ་ཡིད་དགའ་བས་ཁོག་པ་ལ་ལྟས་གཉིས་འབྱུང་བར་འགྱུར་ཏེ། སོ་མེ་ཏོག་ཀུན་ད་དང ། ཀུ་མུ་ད་ལྟར་དཀར་བར་སྣང་ངོ ། །མིག་ཧ་ཅང་ཡང་
167b
མི་འཛུམ། ཧ་ཅང་ཡང་མི་འབྱེད་དོ། །སྒྲ་སྙན་པ་དག་ཀྱང་འབྱུང་ངོ ། །དེའི་བཞིན་ཡང་པདྨ་ལྟ་བུར་སྣང་བར་འགྱུར་རོ། །ཤི་བའི་ཁོག་པ་ཡང་ཧ་ཅང་ཚ་བར་ཡང་མི་འགྱུར། ཧ་ཅང་གྲང་བར་ཡང་མི་འགྱུར་རོ། །དེའི་གཉེན་སྡུག་པ་རྣམས་ཀྱང་སྨྲེ་སྔགས་ཆེན་པོ་འདོན་པར་མི་བྱེད་དོ། །དེ་ཉི་མ་འཆར་བའི་དུས་ཀྱི་ཚེ་འཆི་བའི་ཆོས་དང་ལྡན་པར་ཡང་འགྱུར་རོ། །ཕྱོགས་ཀྱང་མུན་པར་སྣང་བར་མི་འགྱུར་རོ། །དེ་འཆི་བའི་དུས་ཀྱི་ཚེ་ཕྱོགས་ཤིན་ཏུ་དྲི་ཞིམ་ཞིང་ཤིན་ཏུ་ཡོངས་སུ་དག་པ་ཚོར་བར་འགྱུར་རོ། །དེའི་མིག་ཀྱང་སེར་བར་མི་འགྱུར། དེའི་ལྟ་བ་ཡང་ཕྱིན་ཅི་ལོག་ཏུ་མི་འགྱུར། དེ་བཞིན་གཤེགས་པའི་སྐུ་གཟུགས་མཐོང་ན་ཡིད་ཆེས་ཤིང་དད་པ་སྐྱེ་བར་འགྱུར། གཉེན་སྡུག་པ་དག་མཐོང་ན་ག་ཞིག་ནས་ཕྱིར་འོངས་པའམ། རིང་མོ་ཞིག་ཏུ་གུད་ན་འདུག་འདུག་པ་བཞིན་དུ་མགུལ་ནས་འཁྱུད་ཅིང་ཡིད་རབ་ཏུ་དགའ་སྟེ། འདི་སྐད་དུ་སྲིད་པར་སྐྱེས་པ་ཐམས་ཅད་ཀྱི་ཚུལ་ནི་འདི་ཡིན་གྱི། ད་ང་དང་བྲལ་བའི་ཕྱིར་གདུང་བ་མ་བྱེད་པར་ཐོང་ཞིག ། ཅེས་དེས་གཉེན་དེ་དག་ཡང་དག་པར་དབུགས་འབྱིན་པར་བྱེད་དོ། །སྨན་ཆེན། གལ་ཏེ་སེམས་ཅན་བསོད་ནམས་སུ་ཉེ་བར་འགྲོ་བས་འཆི་བའི་དུས་ཀྱི་ཚེ་སྦྱིན་པ་ལ་སྲེད་ཅིང་ཡུད་ཙམ་རེ་རེ་ལ་ཚིགས་བཅད་དང ། ཚིགས་སུ་བཅད་པ་དང ། གཏམ་སྣ་ཚོགས་དང ། གཏན་ཚིགས་སྣ་ཚོགས་བརྗོད་ཅིང་སྨྲ་ལ། དེའི་ཚེ་གཉིད་ལ་ཡང་སྲེད་པར་མི་འགྱུར་ཞིང་གཉིད་ཀྱི་དབང་དུ་ཡང་མི་
168a
༄#། །འགྲོ་ལ། བདེ་བ་ཐམས་ཅད་དང་ལྡན་པས་ཚེའི་འདུ་བྱེད་འདོར་བར་འགྱུར་རོ། །དེ་འཆི་བའི་དུས་ཀྱི་ཚེ་ལྷ་དང་ལྷ་མོ་ལྷན་ཅིག་ཏུ་ཁྲི་གཅིག་གི་སྟེང་ན་འདུག་ལ། ལྷ་མོ་ཁྲིའི་སྟེང་ན་འདུག་པ་དེའི་ལག་པ་ལྷའི་ལག་པའི་སྟེང་དུ་བཞག་ཅིང ། དེའི་ལག་པ་གཉིས་ལས་མེ་ཏོག་དག་བྱུང་སྟེ། ལྷ་མོ་དེས་མེ་ཏོག་བྱུང་བ་དག་མཐོང་ནས། ལྷ་དེ་ལ་འདི་སྐད་དུ།་ལྷ་གཞོན་ནུ་སྐྱེ་བའི་དགའ་བའི་དུས་ལ་བབ་ཀྱི། དགྱེས་པར་མཛོད་ཅིག་།ཅེས་ཟེར་རོ། །དེས་ཀྱང་མེ་ཏོག་རྣམས་ལག་པས་མཉེ་ཞིང་ཕུར་བར་བྱེད་དོ། །དེས་མེ་ཏོག་དེ་དག་མཉེས་པས་སེམས་ཅན་དེ་འཆི་བའི་ཆོས་དང་ལྡན་པར་འགྱུར་རོ། །དེའི་རྣམ་པར་ཤེས་པ་དེས་ཀྱང ། དབང་པོ་རྣམས་བོར་ཞིང་དབང་པོའི་སྤྱོད་ཡུལ་རྣམས་བཏང་སྟེ། ཁམས་རྣམས་ཡོངས་སུ་བཏང་ནས། ཁམས་ཀྱི་དོན་ཡོངས་སུ་བླངས་ཏེ། མི་གསལ་ཞིང་གཟུགས་ཅན་མ་ཡིན་ལ། རྟ་ཞོན་པ་ལྟ་བུ་དང ། ཉི་མ་དང ། མེ་ཤེལ་དང ། བསྲེག་བྱ་ལྟ་བུ་དང ། ཆུ་ལ་ཟླ་བའི་གཟུགས་བརྙན་ལྟ་བུ་དང ། སྦུབས་ཀྱི་ནང་གི་རླུང་ལྟར་དགེ་བ་ལ་དམིགས་པ་བསྡུས་ནས་བྱུང་སྟེ་འཕོ་ཞིང་འགྲོའོ། །དེ་ཡང་དེའི་ཆེ་མེ་ཏོག་ལ་བརྟེན་ནས། ཕ་མ་ཁྲི་གཅིག་ལ་འདུག་ཅིང་ཕྲད་པས་རྣམ་པར་ཤེས་པ་མེ་ཏོག་དེ་དག་གི་ནང་དུ་འདྲེས་པར་འགྱུར་རོ། །ཡང་དེར་བདུད་རྩི་འདོད་པ་ཞེས་བྱ་བའི་རླུང་ལྡང་སྟེ། རླུང་དེས་རྣམ་པར་ཤེས་པ་དེ་ཞག་བདུན་
168b
ལོན་པ་དང ། ལྷ་གཞོན་ནུ་རྣ་ཆ་གདུབ་ཀོར་དྲི་མ་མེད་ཅིང་འགུལ་བ་དང་ལྡན་པ་འགྲུབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པར་ཤེས་པ་གཟུགས་ཅན་མ་ལགས་པའི་རྐྱེན་གྱི་དབང་གིས་གཟུགས་རྣམས་ཇི་ལྟར་མངོན་པར་འགྲུབ་པར་བགྱིད། རྐྱེན་རྣམས་ལ་ཡང་ཇི་ལྟར་གདའ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། དཔེར་ན། རླུང་གི་ཁམས་གཟུགས་མེད་ཅིང་བསྟན་དུ་མེད་པའི་རྐྱེན་གྱི་དབང་གིས་ལྷའི་གནས་དང ། རི་དང་ནགས་ཚལ་ལ་སོགས་པ་འཇིག་རྟེན་གྱི་ཁམས་རྣམས་འགྲུབ་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་འདི་ཡང་རྐྱེན་གྱི་དབང་གིས་གཟུགས་རྣམས་འགྲུབ་པར་བྱེད་དོ། །སྨན་ཆེན། གཞན་ཡང་ཤིང་འཛིངས་པ་གཉིས་ཕན་ཚུན་ཕྲད་དེ། གཅིག་ལ་གཅིག་དྲུད་ཅིང་གཙུབས་པ་ལས་མེ་འགྲུབ་པར་འགྱུར་ཏེ། མེ་དེ་ཡང་ཤིང་གི་ནང་ན་མི་སྣང་ལ། ཤིང་མེད་ན་ཡང་མེ་འབྱུང་བར་མི་འགྱུར་ཏེ། མེ་དེ་ཡང་རྐྱེན་གྱི་དབང་གིས་ཤིང་ལས་འགྲུབ་པར་འགྱུར་གྱི་རྐྱེན་མེད་པར་མི་འབྱུང་ངོ ། །གཟུགས་ཀྱི་དབང་གིས་ཀྱང་ཤིང་གི་ནང་ན་མེ་མི་སྣང་ལ། ཤིང་མ་གཏོགས་པ་ཡང་མེ་མི་དམིགས་སོ། །སྨན་ཆེན། དེ་བཞིན་དུ་རྣམ་པར་ཤེས་པ་དེ་ཡང་ཕ་མའི་དབང་གིས་འཇུག་སྟེ། རྣམ་པར་ཤེས་པ་ཡང་ལུས་ཀྱི་ནང་ན་མི་དམིགས་ལ། ལུས་མེད་པར་རྣམ་
169a
༄#། །པར་ཤེས་པ་མི་འབྱུང་ངོ ། །སྨན་ཆེན། དཔེར་ན། མེ་མ་བྱུང་བར་གཟུགས་དང ། དྲོ་བ་དང ། ཁ་དོག་གསལ་བར་མི་སྣང་ངོ ། །སྨན་ཆེན། དེ་བཞིན་དུ་ལུས་མ་གྲུབ་པར་རྣམ་པར་ཤེས་པ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་མི་སྣང་ངོ ། །སྨན་ཆེན། དཔེར་ན། ཉི་མའི་དཀྱིལ་འཁོར་ཆེན་པོ་གསལ་བར་སྣང་ཞིང ། གཟི་བརྗིད་ཀྱིས་ལམ་མེར་འདུག་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཉི་མའི་གཟུགས་གནག་གམ། སེར་རམ། དཀར་རམ། དམར་སེར་དུ་མི་མཐོང་ངོ ། །སྨན་ཆེན། དེ་བཞིན་དུ་རྣམ་པར་ཤེས་པ་ནི་ལྟ་བ་དང ། ཉན་པ་དང ། སྣོམ་པ་དང ། རོ་མྱང་བ་དང ། རེག་པའི་རྣམ་པ་དག་གིས་རྟོགས་པར་འགྱུར་གྱི། ལུས་ལ་རྣམ་པར་ཤེས་པ་གནག་པའམ། དཀར་བའམ། གཟུགས་སུ་སྣང་བར་མི་ས་མི་མཐོང་ངོ ། །དཔེར་ན། ཉི་མ་ཚ་བ་དང ། སེར་བ་དང ། འགྲོ་བ་དང ། ཕྱིར་ཡང་འཆར་བ་དག་གི་རྟགས་ལས་སྣང་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་རྟགས་དག་གིས་བལྟ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པར་ཤེས་པའི་རྟགས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཀྱི་རྟགས་དང ། ཚོར་བའི་རྟགས་དང ། འདུ་ཤེས་ཀྱི་རྟགས་དང ། སེམས་པ་དང ། མྱ་ངན་དང ། གདུང་བ་དང ། ཡིད་
169b
མི་བདེ་བ་ནི་རྣམ་པར་ཤེས་པའི་རྟགས་སུ་བལྟའོ། །གཞན་ཡང་རྣམ་པར་ཤེས་པའི་བག་ཆགས་འདི་ལྟར་དགེ་བར་ཉེ་བར་འགྲོ་བའི་སེམས་དང ། མི་དགེ་བར་ཉེ་བར་འགྲོ་བའི་སེམས་ལས་བལྟ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་རྣམ་པར་ཤེས་པ་ལུས་ལས་བྱུང་སྟེ་མྱུར་དུ་སྐྱེ་བ་ཡོངས་སུ་ལེན་པ་ལགས། རྣམ་པར་ཤེས་པ་ལུས་ལས་བྱུང་ནས་མ་སྐྱེས་ཤིང་ཡོངས་སུ་མ་བཟུང་བ་དེས་ཇི་ལྟར་ལུས་གཞན་ལ་གནས་པར་བགྱིད། རྣམ་པར་ཤེས་པ་འདི་ནི་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། སྨན་ཆེན། དཔེར་ན། མི་ལ་ལ་ལག་པ་རིང་ཞིང་ཐུར་དུ་བརྐྱང་ལ་གཡུལ་གྱི་གོ་ཆ་གྱོན་ཏེ། ལྷའི་རྟ་རླུང་གི་ཤུགས་དང་འདྲ་བར་མགྱོགས་པ་ལ་ཞོན་ནས་གཡུལ་དུ་འགྲོ་སྟེ། དེ་གཡུལ་ངོ་དེར་སོང་ནས། མདུང་དང ། རལ་གྲི་དང ། མདའ་དག་གིས་སྙིང་མྱོས་ཏེ། གཡུལ་ངོར་རྟའི་མཆོག་དེ་ལས་ས་ལ་ལྷུང་ལ། དེ་ཡང་ལུས་ཀྱིས་འཕོང་རྩལ་ཡོངས་སུ་སྦྱངས་པ་ཞིག་སྟེ། མྱུར་བ་མྱུར་བར་ས་ལས་རྟའི་རྒྱབ་ཏུ་འགོང་པར་བྱེད་ན། ཇི་ལྟར་མི་དེ་ལྷུང་ནས་རྟ་ཞོན་པ་དང ། འགོང་ཆེ་བས་ཇི་ལྟར་རྟ་ཉེ་བར་གནས་པ་ལ་རྟ་ལ་འགོང་བ་ན། རྟ་འགྲོ་བཞིན་དུ་འགོང་པ་ཆེན་པོས་འགོང་བར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་བལྟ་བར་བྱའོ། །ཇི་ལྟར་མི་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་ཤིང་སྐྲག་
170a
༄#། །ནས་རྟ་ཞོན་ཏེ་འབྲོས་པ་དེ་བཞིན་དུ་རྣམ་པར་ཤེས་པ་འདིས་ཐོག་མ་ཤི་འཕོས་ནས་ལྷའི་དམིགས་པས་ཡོངས་སུ་ཟིན་ཅིང ། ལྷ་དང་ལྷ་མོ་ཁྲི་སྟེང་ན་འདུག་པ་མཐོང་ནས་ཤིན་ཏུ་མྱུར་བར་སྐྱེ་བ་ཡོངས་སུ་ལེན་ཏོ། །སྨན་ཆེན། གཞན་ཡང་དང་པོ་ཤི་འཕོས་ནས་ད་དུང་མ་སྐྱེས་པའི་རྣམ་པར་ཤེས་པའི་རྣམ་པ་ཇི་ལྟར་བལྟ་བར་བྱ་ཞེས་གང་ཁྱོད་ཀྱིས་སྨྲས་པ་དེ་ནི། དཔེར་ན། མིའི་གྲིབ་མ་ཆུའི་སྟེང་དུ་བབ་པ་གཟུགས་སུ་ཡང་སྣང་མོད་ཀྱི། དེ་གཟུགས་སུ་གཏོགས་པར་ཡང་བལྟ་བར་མི་བྱའོ། །སྨན་ཆེན། དཔེར་ན། རྐང་ལག་མཉམ་པ་དང་ལྡན་པའི་གཟུགས་ཆུའི་སྟེང་དུ་བབ་པ་དེ་ལ་ནི་དྲོ་བའམ། གྲང་བའམ། ལུས་ངལ་བར་འགྱུར་བ་མེད་ཅིང ། ལུས་དེ་ལ་ནི་ཤའི་དུམ་བུ་ཡང་མེད་དོ། །གྲིབ་མ་དེ་ལ་ནི་ཁམས་ཀྱིས་བླངས་པ་ཡང་མེད་དོ། །མིའི་གཟུགས་བརྙན་ཆུའི་ནང་དུ་འབྱུང་བ་དེ་ལས་ནི་སྡུག་བསྔལ་བའི་སྒྲ་འམ། བདེ་བའི་སྒྲ་འབྱུང་བ་ཡང་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པ་དང་པོ་ཤི་འཕོས་ནས་ལུས་ཀྱི་ཁོག་པ་བོར་ཏེ། གཟུགས་བརྙན་གྱི་རྣམ་པ་ལྟ་བུར་འགྱུར་རོ། །སྨན་ཆེན། དེ་ལྟར་ན་རྣམ་པར་ཤེས་པ་བསོད་ནམས་སུ་ཉེ་བར་འགྲོ་བ་ནི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཡོངས་སུ་ལེན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པར་ཤེས་པ་སེམས་
170b
ཅན་དམྱལ་བ་རྣམས་སུ་ཇི་ལྟར་སྐྱེ་བ་ཡོངས་སུ་ལེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་སེམས་ཅན་ཇི་ལྟར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་ཡོངས་སུ་ལེན་པ་དེ་ཉོན་ཅིག་།སྨན་ཆེན། འདི་ལ་སེམས་ཅན་ལས་མི་དགེ་བས་ཡོངས་སུ་ཟིན་པ་དེ་ནི། སེམས་ཅན་གྱི་རིས་ནས་འཆི་འཕོ་སྟེ། ཤི་འཕོས་པ་དེ་འདི་སྙམ་དུ་མི་དེ་ནི་ང་ཉིད་ཡིན་ཏེ། སེམས་ཅན་དམྱལ་བ་འདི་ནས་ཤི་འཕོས་སོ། །འདི་གཉིས་ནི་བདག་གི་ཕ་མ་ཡིན་ནོ་སྙམ་དུ་དྲན་པ་སྐྱེའོ། །ཤི་འཕོས་པ་དེའི་ལུས་དེ་ནི་ཐ་མལ་པའི་གཟུགས་ཀྱི་རང་བཞིན་གྱི་རྣམ་པ་དང་ལྡན་པར་འགྱུར་ཏེ། ཡན་ལག་སྐྱེས་རྣམས་ཀྱང་དེ་དང་འདྲ་བ་ཉིད་དུ་སྣང་ངོ ། །དང་པོ་ཤི་འཕོས་པ་དེ་མྱ་ངན་གྱིས་གཡེངས་ནས་སེམས་ཅན་དམྱལ་བ་སྣ་ཚོགས་སྣང་བ་མཐོང་ངོ ། །རྣམ་པར་ཤེས་པ་དང་པོ་ཤི་འཕོས་པ་དེའི་ལས་སེམས་ཅན་དམྱལ་བ་དང་འབྲེལ་པར་འགྱུར་ཏེ། ཕྱོགས་ཁ་གཅིག་ན་ནི་སེམས་ཅན་དམྱལ་བའི་ས་གཞི་ཁྲག་གིས་གཏོར་བ་མཐོང་ནས་དེ་དེར་ཆགས་པ་བསྐྱེད་པར་འགྱུར་རོ། །དེ་ཆགས་པར་གྱུར་ནས་སེམས་ཅན་དམྱལ་བ་པའི་ལུས་འགྲུབ་པར་འགྱུར་ཏེ། དེའི་རྣམ་པར་ཤེས་པ་དེས་ལས་ཀྱི་རྐྱེན་གྱི་དབང་གིས་ཆུའི་རྗེན་ཤུལ་ཤིན་ཏུ་རུལ་ཅིང་མཆོག་ཏུ་དྲི་མི་ཞིམ་པ་མནམ་པའི་ནང་དུ་ལུས་སྐྱེ་བ་ཡོངས་སུ་ལེན་ཏེ། དཔེར་ན། མི་གཙང་བ་དང ། ལྗན་ལྗིན་མནམ་པོའི་རྐྱེན་གྱིས་སྲིན་བུ་
171a
༄#། །སྐྱེ་བ་དང ། དཔེར་ན། ཞོ་དང ། སྦྲང་རྩི་དང ། ཆང་མནམ་པོར་གྱུར་པའི་ཕྱིར་སྲོག་ཆགས་སྐྱེ་བར་འགྱུར་རོ། །སྨན་ཆེན། དེ་བཞིན་དུ་སེམས་ཅན་རྣམས། སེམས་ཅན་དམྱལ་བ་འབྱུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་ནས་བཟང་སྐྱོང་གིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་ཁ་དོག་གི་རྣམ་པ་ཇི་ལྟ་བུ་ལགས། ལུས་ཀྱི་རྣམ་པ་ནི་ཇི་ལྟ་བུར་འགྲུབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། དེར་ཁྲག་གི་ནང་ན་སྐྱེ་བ་གང་ཡིན་པ་དེ་དག་ནི་ཁྲག་གི་མདོག་འདྲ་བར་འབྱུང་བར་འགྱུར་རོ། །ཆུ་ཀླུང་རྒལ་དུ་མེད་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པ་དེ་དག་ནི་སྤྲིན་སྔོན་པོའི་ཁ་དོག་ལྟར་འགྱུར་རོ། །བ་ཚཝ་ཅན་གྱི་ཆུ་ཀླུང་གི་ནང་དུ་སྐྱེ་བ་གང་ཡིན་པ་དེ་དག་ནི་ཤ་གཟི་གུར་འབྱུང་བར་འགྱུར་རོ། །དེ་དག་གི་ལུས་ནི་རྒྱལ་པོའི་བུ་གཞོན་ནུ་བདེ་དགུར་རིམ་གྲོ་བྱས་པ་ལྟར་གཞོན་ཤ་ཅན་དུ་འགྱུར་རོ། །བཟང་སྐྱོང ། དེ་ན་དེ་དག་ལུས་བོང་ཆེ་བར་འགྱུར་ཏེ། མགོ་བོ་མ་གཏོགས་པར་ཁྲུ་བརྒྱད་པར་འགྱུར་རོ། །སེན་མོ་རིང་ཞིང་ཁ་སྤུ་ཡོད་ལ་སྤུན་པོར་འགྱུར་ཞིང་རྐང་ལག་མི་སྡུག་པར་འགྱུར་ཏེ། གལ་ཏེ་འཛམ་བུའི་གླིང་པའི་མི་སེམས་ཅན་དམྱལ་བ་པའི་མི་ལ་ལྟར་འགྲོ་ན། མཐོང་མ་ཐག་ཏུ་
171b
འཆི་བའི་ཆོས་དང་ལྡན་པར་འགྱུར་རོ། །བཟང་སྐྱོང ། གཞན་ཡང་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཁ་ཟས་ཟ་མོད་ཀྱི། དེ་དག་ལ་བདེ་བར་འགྱུར་བ་ཅུང་ཟད་ཀྱང་མེད་དོ།། དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་སྨན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་དེ་དག་ཁ་ཟས་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན། སེམས་ཅན་དམྱལ་བ་དེ་ན་དེ་དག་ཡོངས་སུ་འཁྱམ་ལ། ཤིན་ཏུ་རྒྱང་རིང་བ་ནས་ཟངས་དང་ར་གན་དམར་པོར་སྣང་བ་མཐོང་བར་འགྱུར་ཏེ། དེ་དག་མཐོང་ནས་ཁ་ཟས་ཀྱི་ཚིག་རྗོད་པར་བྱེད་དེ། ཁ་ཟས་འདོད་པ་ཁྱེད་ཚུར་ཤོག། ཅེས་ཟེར་རོ། །དེ་དག་ཀུན་ནས་འཕུངས་ཏེ། སྙིམ་པ་བཟེད་ནས་ཟངས་དང་ར་གན་བསྐོལ་བ་ག་ལ་བ་དེར་དོང་སྟེ་ལྷགས་ནས།་སྙིམ་པ་བཟེད་ཅིང་ཟངས་དང་ར་གན་བསྐོལ་བའི་ཁ་ཟས་དེ་དག་འདོད་པས་ཁ་གདངས་ཏེ། ཟངས་དང་ར་གན་ཟ་བར་བྱེད་དོ། །དེ་དག་ཟངས་དང་ར་གན་རབ་ཏུ་འབར་བ་དེས། སུ་རུ་རུར་རབ་ཏུ་འབར་ཞིང་ཁོག་པ་འབར་བར་འགྱུར་རོ། །སྨན་ཆེན། དེ་དག་ཁ་ཟས་འདྲ་བས་བསླུས་ནས་སྡུག་བསྔལ་ཤིན་ཏུ་ཆེ་བ་མྱོང་བར་འགྱུར་རོ། །སྨན་ཆེན། སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་གི་རྣམ་པར་ཤེས་པ་དེ་རུས་པའི་ལུས་དག་ལ་གནས་པར་འགྱུར་ཞིང ། རུས་པའི་ཚོགས་དང་འབྲལ་བར་མི་འགྱུར་ཏེ། སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་རྣམ་
172a
༄#། །པར་ཤེས་པ་དང་མི་འབྲལ་བའི་ཕྱིར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་དག་བྲུ་བ་ཚ་བས་གཟིར་བཞིན་དུ་དེ་ན་ཁ་ཟས་ཀྱི་བྱ་བ་ཡང་མེད་དོ། ། དེ་ན་ལྷའི་སྐྱེད་མོས་ཚལ་ཤིང་ལྗོན་པ་བརྒྱ་ཕྲག་མང་པོ་མེ་ཏོག་ཤིན་ཏུ་རྒྱས་པ་དག་དང ། གསིང་མ་སྔོན་པོ་ཡངས་པའི་ས་ཕྱོགས་དག་ཀྱང་ཡོད་པར་མཐོང་ངོ ། །དེ་དག་གིས་སྐྱེད་མོས་ཚལ་དེ་དག་མཐོང་ནས་ཡིད་རབ་ཏུ་དགའ་སྟེ། འདི་སྐད་དུ་གྲོགས་པོ་དག། སྐྱེད་མོས་ཚལ་འདི་ན་རེག་ན་བདེ་བའི་སེར་བུ་ལྡང་བ་ཡོད་ཀྱི་ཚུར་ཤོག་།ཅེས་ཟེར་ཏེ་དེ་དག་འདུས་ནས། མྱུར་བ་མྱུར་བར་སྐྱེད་མོས་ཚལ་དེའི་ནང་དུ་འགྲོའོ། །དེ་དག་དེའི་ནང་དུ་སོང་ནས་ཡུད་ཙམ་ཞིག་བདེ་བའི་འདུ་ཤེས་བསྐྱེད་དོ། །དེ་དག་གི་ཤིང་དེ་དག་ལས་བྱུང་བའི་མེ་ཏོག་དེ་དག་དང ། ལོ་མ་དེ་དག་རལ་གྲིར་འགྱུར་ཏེ། རལ་གྲི་དེ་དག་གིས་ཡན་ལག་གཅོད་ཅིང་གཤེགས་པར་བྱེད་དེ། དེ་དག་རལ་གྲིས་བཅད་ནས་ཉམས་ཐག་པའི་སྒྲ་ཆེན་པོ་འབྱིན་པར་བྱེད་ཅིང་ཕྱོགས་ཕྱོགས་སུ་འབྱེར་རོ། །དེ་དག་འབྱེར་བ་ན་ཡང་རང་གི་ལས་ལས་བྱུང་བའི་གཤིན་རྗེའི་མིའི་ལག་ན་སོག་ལེ་དང ། ཐོ་བ་ཐོགས་ཤིང་སོ་དང་བཞིན་བསྒྱུར་ལ། སྐྲ་འབར་ཞིང་ལུས་འབར་བའི་ཕྲེང་བས་གཡོགས་ལ། མཚོན་ཆ་གཟས་པ་དག་ཕྱི་བཞིན་དུ་སྒྲ་འབྱིན་ཅིང་འདི་སྐད་དུ། ཁྱེད་ཅག་སྡོད་ཅིག་ད་གར་འབྲོས། ཁྱེད་རང་གི་ལས་ཀྱིས་
172b
བསྒྲུབས་པའི་ཚལ་འདི་ཉམས་སུ་མྱོང་བར་གྱིས་ཤིག། ཅེས་ཟེར་ཏེ། སྨན་ཆེན། དེ་ལྟར་ན་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་སྐྱོ་བ་སྐྱེ་བར་འགྱུར་རོ། །སྨན་ཆེན། གཞན་ཡང་ཞག་བདུན་ལོན་ནས་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱིས་ལས་ཉམས་སུ་མྱོང་བར་འགྱུར་ཏེ། བུང་བ་མེ་ཏོག་ལ་འཕོ་བ་བཞིན་དུ་དངོས་པོ་སྣ་ཚོགས་ཀྱི་རྐྱེན་གྱི་དབང་གིས་རྣམ་པར་ཤེས་པ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་ཡོངས་སུ་ལེན་ཏོ། །དེ་ཡང་དང་པོ་ཤི་འཕོས་ནས་དབང་མེད་པར་ཁྲིད་དེ། སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ནས་མུན་པ་མུན་ནག་ཆེན་པོར་ཞུགས་ཏེ། མི་རྒོད་ཀྱིས་ཁྲིད་པ་བཞིན་དུ་འདི་སྙམ་དུ་སེམས་ཏེ། ཀྱེ་ཧུད། ད་ནི་བདག་འཛམ་བུའི་གླིང་རྣམ་པར་བཀྲ་པ་བོར་ཏེ་གཉེན་སྡུག་པ་ཡོངས་སུ་སྤངས་ནས།་སེམས་ཅན་དམྱལ་བ་དག་ཏུ་མངོན་དུ་གནས་པར་གྱུར་ཅིང་འདུག་ཅི་གུ། ད་ནི་མཐོ་རིས་ཀྱི་ལམ་མི་མཐོང་ངོ་སྙམ་མོ། །དེར་ཡང་དར་གྱི་སྲིན་བུ་རྒྱུད་གཅིག་གིས་དཀྲིས་པ་བཞིན་དུ་ཤིན་ཏུ་མྱུར་བར་སྐྱེ་བ་ཡོངས་སུ་ལེན་ཏེ། དེ་ཡང་བདག་ཉིད་ཀྱི་མགུལ་ནས་ཞགས་པས་བཏགས་པར་ཤེས་སོ། །བཟང་སྐྱོང ། དེ་ལྟར་ན་སེམས་ཅན་དམྱལ་བར་སེམས་ཅན་རྣམས་སུ་སྐྱེ་བར་འགྱུར་ཞིང ། དེ་ལྟར་ན་དེ་དག་ལ་རྒྱུའི་བྱེ་བྲག་དག་འབྱུང་བར་འགྱུར་རོ། །དེ་ནས་བཟང་སྐྱོང་སྤུ་ཟིང་ཞེས་བྱེད་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ ། །རྒྱལ་པོའི་
173a
༄#། །བུ་གཞོན་ནུ་སྨན་ཆེན་གྱིས་ཀྱང་འདི་སྐད་དུ་དམ་པའི་ཆོས་མཉན་བ་འདིས་ན་བདག་འཁོར་བ་ན་འཁོར་བའི་ཚེ་ལོག་པར་ལྟུང་བའི་ཆོས་ཅན་དུ་མ་གྱུར་ཅིག་།བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་ཡོངས་སུ་ལེན་པར་མ་གྱུར་ཅིག་།ཅེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་གསོལ་ཏོ། །ཡང་བཅོམ་ལྡན་འདས་ལ་བདག་ཞུ་བ་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག། བཟང་སྐྱོང་གིས་གསོལ་པ། བཅོམ་ལྡན་འདས། བསགས་པ་ནི་གང་ལགས། སྤུངས་པ་ནི་གང་ལགས། ཕུང་པོ་རྣམས་ནི་གང་ལགས། འཕོ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། འདི་ལ་ཁམས་ཕྲད་པའི་ཕྱིར། ཁམས་བཞི་པོ་དག་གིས་ལུས་འགྲུབ་པར་བྱེད་དེ། ཤེས་རབ་དང ། ལྟ་བ་དང ། ཡིད་དང ། མ་རིག་པ་དང ། ཁམས་དང ། སྤྱོད་ཡུལ་དང ། རྣམ་པར་ཤེས་པ་རྣམས་ནི་བསགས་པ་ཞེས་བྱའོ། །དེ་ལ་སྦུངས་པ་ནི་ཁམས་དྲུག་པོ་ཉིད་དང ། སྐྱེ་མཆེད་ཀྱི་སྤྱོད་ཡུལ་དྲུག་དང ། ཁམས་ཀྱི་རང་བཞིན་གསུམ་དང ། སྐྱེ་མཆེད་ལེན་པའི་རྒྱུ་གཉིས་དང ། སྐྲ་དང ། ཁ་སྤུ་དང ། སེན་མོ་དང ། བ་སྤུ་དང ། པགས་པ་དང ། ཤ་དང ། རྣག་དང ། མཁྲིས་པ་དང ། བད་ཀན་དང ། སྣབས་དང ། ཚིལ་དང ། ཆུ་སེར་དང ། རྐང་
173b
ལག་དང ། མིག་དང ། ཡན་ལག་དང ། ཉིང་ལག་ཚོགས་ལ་སྤུངས་ཞེས་བྱའོ། །དཔེར་ན། འབྲུ་སྤུངས་པ་བཞིན་ཏེ། ནས་དང ། ཏིལ་དང ། གྲོ་དང ། མོན་སྲན་སྡེའུ་མང་པོ་ལ་སྤུངས་པ་ཞེས་བྱ་བ་དེ་བཞིན་དུ་ལུས་ཀྱི་ཡན་ལག་དང ། ཉིང་ལག་ཏུ་གཏོགས་པ་ཚོགས་པ་ལ་སྤུངས་པ་ཞེས་བྱའོ། །ཁམས་དྲུག་པོ་དེ་དག་གང་ཞེ་ན། དེ་ལ་སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །སྐྱེ་མཆེད་དྲུག་གང་ཞེ་ན། འདི་ལ་མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཅེས་བྱའོ། །སྐྱེ་མཆེད་ཀྱི་སྤྱོད་ཡུལ་དྲུག་གང་ཞེ་ན། འདི་ལ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བ་སྟེ། དེ་དག་ནི་སྤྱོད་ཡུལ་དྲུག་ཡིན་ནོ། །དེ་ལ་ཁམས་ཀྱི་རང་བཞིན་གསུམ་གང་ཞེ་ན། འདི་ལ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཅེས་བྱ་བའོ། །དེ་ལ་དེ་དག་ཉིད་ཀྱི་ཀུན་ནས་ལྡང་བ་གསུམ་གང་ཞེ་ན། རླུང་དང ། མཁྲིས་པ་དང།་བད་ཀན་རྣམས་སོ། །དེ་ལ་སྐྱེ་མཆེད་ལེན་པའི་རྒྱུ་གཉིས་གང་ཞེ་ན། འདི་ལ་ཚུལ་ཁྲིམས་དང ། དད་པ་དང ། གཏོང་བ་དང ། ནོར་དང ། བརྩོན་འགྲུས་དང ། ཏིང་ངེ་འཛིན་དང ། དགེ་བ་དང ། མི་དགེ་བ་ཞེས་བྱའོ། །དེ་ལ་ཕུང་པོ་ཞེས་བྱ་བའི་དོན་གང་ཞེ་ན། འདི་ལ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཞེས་བྱ་བ་སྟེ། བཞི་པོ་འདི་དག་ནི་
174a
༄#། །གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་སོ། །དེ་ལ་ཚོར་བ་ནི་མྱོང་བའོ། །འདུ་ཤེས་ནི་ཤེས་པའོ། །བདེ་བ་དང་སྡུག་བསྔལ་ནི་འདུ་བྱེད་རྣམས་སོ། །བལྟ་བ་དང།་ཉན་པ་དང ། སྣོམ་པ་དང ། རོ་མྱང་བ་དང ། རེག་བྱ་རྣམས་རིག་པ་ནི་རྣམ་པར་ཤེས་པ་སྟེ། དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པས་ན་ལུས་ལ་དབང་བའི་དབང་ཕྱུག་དང ། ལེན་པ་དང་མཐུན་པ་ཡིན་ནོ། །དེ་ལ་འཕོ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཤིན་ཏུ་ཡོངས་སུ་དག་པ་དང ། ལུས་དང་ངག་གི་ལས་ཀྱི་འབྲས་བུ་ཐོབ་པའི་འཆི་བའི་དུས་བྱེད་པ་གང་ཡིན་པ་དེའི་ཚེ་རྣམ་པར་ཤེས་པ་དེས་ཕུང་པོ་རྣམས་ཡོངས་སུ་བཏང་ནས། ཡང་སྲིད་པར་མི་སྐྱེ་ཞིང་ཕྱིར་མི་ལྡོག་པས་ན་ཤིན་ཏུ་བདེ་བར་འཕོ་ཞིང་འགྲོ་སྟེ། འཕོས་པ་དེའི་ཕྱིར་ཡང་འཕོ་བ་ཅན་མ་ཡིན་པ་དེ་ལྟ་བུ་ནི་དེའི་འཕོ་བར་འགྱུར་བ་ཡིན་ནོ། །དེ་ནས་བཟང་སྐྱོང་དང ། སྨན་ཆེན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་སེམས་ཅན་རྣམས་ཚིམ་པར་བགྱིད་པ་གང་ལགས་པའི་ཆོས་ཀྱི་ཚོགས་འདི་ལེགས་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང ། དེ་བཞིན་གཤེགས་པའི་ཡེ་ཤེས་འདི་ནི་བཅོས་པ་མ་ཡིན་ཏེ། འདིའི་རང་བཞིན་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་རིག་པ་མ་ཡིན་ནོ། །ཤེས་རབ་ཀྱི་སྣང་བ་
174b
འདི་ནི་དཀའ་བ་སྤྱད་པ་བརྒྱ་སྟོང་དུ་མས་བསྒྲུབས་པ་སྟེ། འདི་ནི་ངས་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་ནོ། །ཆོས་ཀྱི་ཉི་མ་ཐམས་ཅད་མཁྱེན་པ་ཉིད་སྣང་བར་བྱེད་པ། ཡོན་ཏན་གྱི་གྲགས་པ་རྒྱས་པར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོའི་མཛོད། སེམས་ཅན་རྣམས་ཀྱི་རྒྱུད་འདུལ་བར་བྱེད་པ། འདུལ་བ་སྟོན་པ་འདི་ཡུལ་གང་ན་གནས་སམ། དེ་སྟོན་པར་འགྱུར་བ་དེར་ནི་མི་མ་ཡིན་པ་རྣམས་སྲུང་བར་བྱེད་དེ། ལྷ་དང ། ལྷ་མ་ཡིན་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཕྱག་བྱ་བའི་ཕྱིར་འོང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་གང་ཡིན་པ་དེ་ལ་ནི་མཚོན་གྱི་འཇིགས་པ་བྱུང་བར་མི་འགྱུར། དུག་གི་འཇིགས་པ་བྱུང་བར་མི་འགྱུར། མེའི་འཇིགས་པ་དང ། རྒྱལ་པོ་དང ། ཆུ་དང ། ཆོམ་རྐུན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དགེ་སློང་དག། ཁྱེད་ཀྱིས་དེང་ཕན་ཆད་མ་དད་པ་རྣམས་ལ་བཤད་པར་མི་བྱའོ། །ཀླན་ཀ་ཚོལ་བ་རྣམས་ལ་མ་ཡིན། གཅེར་བུ་པ་རྣམས་ལ་མ་ཡིན། གཅེར་བུ་པའི་ཉན་ཐོས་རྣམས་ལ་མ་ཡིན། གནས་གཞན་ལ་ཞུགས་པ་ལ་བཤད་པར་མི་བྱའོ། །མ་དྲིས་པར་ཡང་བཤད་པར་མི་བྱའོ། །དེ་བས་ན་གལ་ཏེ་ལ་འཁྲུལ་པར་གྱུར་ན། དེ་བཞིན་གཤེགས་པ་ལ་ལ་འཁྲུལ་པ་བྱས་པར་འགྱུར་རོ། །དགེ་སློང་ངམ། ཁྱིམ་ན་གནས་པ་གང་ལ་ལས་འདི་
175a
༄#། །རྟོགས་པ་དེ་ནི་ཕྱག་བྱ་བའི་གནས་སུ་འགྱུར་ཏེ། དེ་བཞིན་གཤེགས་པ་ལ་བྱ་བ་བཞིན་དུ་གུས་པ་བསྐྱེད་པར་བྱ་ཞིང ། འདི་ནི་མཛོད་འཛིན་པ་ཡིན་ནོ། །སྙམ་དུ་བཟུང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། ཆོས་ཀྱི་རྣམ་གྲངས་འདི་གཟུང་ཞིག། ཆོངས་ཤིག་།ལྷོགས་ཤིག། ཤོད་ཅིག་།གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག་།ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་འཚལ་ན།་བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རྣམ་པར་ཤེས་པ་འཕོ་བ་ཞེས་བྱ་བར་གཟུང་ཞིག་།བཟང་སྐྱོང་གིས་ཞུས་པ་ཞེས་བྱ་བར་ཡང་གཟུང་ཞིག་།བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་འདི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་མཐའ་མར་འབྱིན་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་བུ་གཞོན་ནུ་སྨན་ཆེན་དང ། ཚོང་དཔོན་
175b
བཟང་སྐྱོང་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་བ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་དགུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། སུ་རེནྡྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།