རྒྱ་གར་སྐད་དུ། ཨཱརྱ་སུ་བཱ་ཧུ་བ་རི་པྲྀཙྪ་ནཱ་མ་ཏནྟྲ། བོད་སྐད་དུ། འཕགས་པ་དཔུང་བཟང་གིས་ཞུས་པ་ཞེས་བྱ་བའི་རྒྱུད། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི། །ཐུགས་རྗེས་རྩེ་གཅིག་ཡིད་གྱུར་བཞུགས་པ་ལ། །དཔུང་བཟང་ཚུལ་བཞིན་གུས་པས་ཕྱག་བཙལ་ནས། །རིག་དང་གསང་སྔགས་ཚོགས་ཀུན་གྲུབ་པ་ཞུས། །བདག་གིས་ས་སྟེང་མི་རྣམས་བཟླས་བརྗོད་དང ། །སྨྱུང་དང་དཀའ་ཐུབ་ཉེས་པར་སྤྱད་རྣམས་ཀྱིས། །རབ་ཏུ་བསྒྲིམས་ཀྱང་གྲུབ་པ་མ་མཐོང་ན། །ཡབ་གཅིག་ཅིས་ཀྱང་དཀའ་ཐུབ་དོན་མ་མཆིས། །གཙོ་བོ་གཟི་བརྗིད་ཉི་མ་མེ་ལྟ་བུ། །ཁྱོད་ཀྱི་སྡིག་འཇོམས་དག་བྱེད་རྣམས་ཀྱི་མཆོག་།བདེན་པའི་གསུང་གིས་རབ་ཏུ་བཀའ་སྩལ་ན། །ཇི་ལྟར་སྔགས་རྣམས་འབྲས་བུ་མ་མཆིས་འགྱུར། །རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས། །བསྒྲུབས་ཀྱང་གསང་སྔགས་འབྲས་བུ་མ་སྩོལ་ 140a ༄#། །ལ། །བསྙེན་པས་ཅི་སྟེ་ཅུང་ཟད་འགྲུབ་མེད་ན། །བསྒྲུབས་པས་ཉོན་མོངས་ཁོ་ན་ཅི་རུང་ལགས། །རྒྱལ་བས་ཡེ་ཤེས་ཞི་བ་གང་ཡིན་པ། །དེ་ཡིས་འདི་དག་གསོ་བར་སྔོན་གསུངས་ན། །གང་ལའང་སྔགས་དང་རིག་པ་གྲུབ་མེད་པ། །དེ་དག་རྣམས་ཀྱང་ཇི་ལྟར་གསོ་བར་བགྱི། །ཐུགས་རྗེ་ལྡན་པས་འགྲོ་ལ་སྨན་སླད་དུ། །ཁྱོད་ཀྱིས་གསང་སྔགས་སྣ་ཚོགས་བཤད་པ་རྣམས། །དེ་དག་བཟླས་བརྗོད་སྦྱིན་སྲེག་བརྟུལ་ཞུགས་དང ། །བསྙེན་ལ་སོགས་པས་མ་གྲུབ་ཅི་ལས་གྱུར། ། ཆོ་ག་ཉམས་སམ་འོན་ཏེ་མཐུ་མ་མཆིས། །དུས་ཀྱི་རང་བཞིན་ལགས་སམ་སྡིག་པས་བསྒྲིབས། །གསང་སྔགས་གཞན་དུ་གྱུར་ཏམ་འཆོལ་ལས་གྱུར། །ཐམས་ཅད་མ་ལུས་བཅོམ་ལྡན་འདས་ཀྱིས་གསུངས། །སྲས་ཀྱི་ཚིག་དེ་ངེས་པར་གསན་གྱུར་ནས། །ཡུད་ཙམ་དགོངས་ནས་དཀྱུས་རིང་སྤྱན་ཕྱེ་སྟེ། །ཕྱག་གི་རྡོ་རྗེ་མེ་སྟག་ཟེར་འཕྲོ་བ། །གསོར་ནས་རྡོ་རྗེ་ཅན་གྱིས་འདི་སྐད་གསུངས། །ེ་མའོ་ཟླ་བའི་འོད་ལྟར་ལྷམ་མེ་བའི། །སྙིང་རྗེས་སེམས་ཅན་ཕན་ཕྱིར་ཁྱོད་འདྲི་བ། །ཤིན་ཏུ་དྲི་མ་མེད་པའི་སེམས་འདི་ཡིས། །བདེ་གཤེགས་སྲས་ནང་ཕ་རོལ་ཕྱིན་པར་འགྱུར། །བྱང་ཆུབ་སེམས་དཔའ་རང་གི་བདེ་མ་ཆགས། །རང་གི་སྡུག་བསྔལ་རྣམས་ཀྱིས་མི་བརྫི་ཡང་།། 140b གཞན་གྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་ཏེ། །དེ་དག་བདེ་བས་དགའ་དང་ལྡན་པར་འགྱུར། །བུ་ཁྱོད་རང་བཞིན་བཟང་པོ་འདི་ལྟ་བུས། །གང་ཕྱིར་སེམས་ཅན་ཕན་ཕྱིན་འདི་འདྲི་བ། །དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱོས་དང ། །གསང་སྔགས་མདོ་སྡེའི་ཚུལ་དུ་ངས་བཤད་ཉོན། །གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ། །དེ་ཡི་བརྟུལ་ཞུགས་དང་པོར་ངས་བཤད་དོ། །དེ་ཡིས་བདེ་བར་གཤེགས་ལ་དད་བསྐྱེད་ནས། །དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །སེར་སྣ་དྲེགས་དང་རྒྱགས་པ་རྣམས་སྤངས་ཏེ། །དཀོན་མཆོག་གསུམ་ལ་དད་པས་བསྟེན་པར་བྱ། །རྡོ་རྗེའི་རིགས་ཞེས་བརྗོད་པ་རྒྱ་ཆེན་དང ། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱ། །ཚིག་རྩུབ་ཕྲ་མ་འཁྱལ་པ་སྨྲ་བ་དང ། །གཞན་གྱི་བུད་མེད་བགྲོད་དང་བརྫུན་སྨྲ་ཞིང ། །རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང ། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་གིས་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས་བསགས་བྱས་ཀྱང ། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང། །ས་བོན་ཚིག་པ་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལས་དགེ་བའི་ཆོས་རྣམས་མི་སྐྱེ་འོ། །དེ་ཕྱིར་ལོག་པར་ལྟ་བ་རྣམ་སྤངས་ཏེ། ། 141a ༄#། །ཡང་དག་ལྟ་བ་ལ་ནི་བསྟེན་པར་གྱིས། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གི་།ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །ལྷ་དང་ལྷ་མིན་ཤ་ཟ་ཁྲག་འཐུང་བ། །མཚན་མོ་རྒྱུ་བ་མི་བཟད་འཇིག་རྟེན་ན། །སེམས་ཅན་རྣམས་ལ་གནོད་པ་བྱེད་ཅིང་རྒྱུ། །བཟླས་བརྗོད་བརྩོན་པའི་སེམས་ནི་གཡེང་བར་བྱེད། །དེ་དག་རྣམས་ཀྱི་གཉེན་པོར་གྱུར་པའི་ཕྱིར། །ང་ཡི་གསང་སྔགས་རིག་པའི་ཚོགས་མཐོང་ན། །སྐྲག་པར་བྱེད་དོ་སྙམ་དུ་དོགས་སྐྱེས་པ། །དེ་ཕྱིར་ཟློས་པའི་སེམས་ནི་གཡེང་བར་བྱེད། །དེ་ལྟར་གནོད་བྱེད་དེ་དག་གཞོམ་པ་དང ། །བདག་ཉིད་འབྱོར་པར་བྱ་ཕྱིར་ངས་གསུངས་པའི། །དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ། །དམ་ཚིག་ཇི་བཞིན་བསོད་ནམས་དོན་དུ་ལྟ། །སྣ་ཚོགས་པ་ཡི་གདོན་རྣམས་གནོས་པ་ལ། །གང་ཞིག་རྣམ་པ་སྣ་ཚོགས་ལས་བྱེད་པའི། །དཀྱིལ་འཁོར་དེར་ནི་གནོད་བྱེད་གཞོམ་པའི་ཕྱིར། །མི་ཡིས་རབ་ཏུ་བསྒྲིམས་ནས་འཇུག་པར་བྱ། །གང་ཡང་རིག་པ་མཆོག་ཏུ་གསུངས་པ་དང ། །ཁྲོ་བོའི་དཀྱིལ་འཁོར་དུ་ཡང་འཇུག་པར་བྱ། །དེར་ནི་དམ་ཚིག་སྣ་ཚོགས་ངས་བཤད་པ། །སྡིག་པ་བསལ་ཕྱིར་རྒྱུན་དུ་བལྟ་བར་བྱ། །རྡོ་རྗེའི་རིགས་གཙོ་ཕོ་ཉ་མོ་ཡི་ཚོགས། །རིག་པ་མང་པོས་བསྟེན་པའི་ལྷ་མོ་དེ། །ཟློས་པ་མཐོང་ན་བགེགས་རྣམས་ཕུང་བ་ 141b དང། །རྔམ་པ་འདོན་ཅིང་ཤིན་ཏུ་སྐྲག་པར་འགྱུར། །ཇི་ལྟ་ཇི་ལྟར་དཀྱིལ་འཁོར་མཐོང་བ་དང ། །དེ་ལྟ་དེ་ལྟར་རྡོ་རྗེའི་རིགས་བསྟེན་དང ། །རིག་པའི་ཚོགས་ལ་བསྟེན་པའི་བསོད་ནམས་ཀྱིས། །དེ་ཡི་ལུས་ལ་ལུས་ཀྱི་བྱིན་རླབས་འཇུག་།མི་ཚུགས་རྡོ་རྗེའི་བདག་ཉིད་དེ་མཐོང་དང ། །ས་ཕྱོགས་རྡོ་རྗེའི་མེ་འབར་དེ་ཤེས་ན། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པ་རྣམས། །བཟླས་བརྗོད་བྱེད་པས་སྐྲག་ནས་འབྱེར་བར་འགྱུར། །ང་ཡི་དམ་ཚིག་མཐོང་བའི་བུ་དག་གིས། །འཇིག་རྟེན་འཇིག་རྟེན་འདས་པས་བཤད་པ་ཡི། །གསང་སྔགས་དེ་ནི་མ་བསྒྲིམས་བཞིན་དུ་འགྲུབ། །བགེགས་རྣམས་ཐམས་ཅད་བརླག་པར་བྱེད་པར་འགྱུར། །རིག་དང་དམ་ཚིག་མ་མཐོང་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང། །སངས་རྒྱས་མ་དད་ལྷ་གཞན་ལ་བརྟེན་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །བསམ་པ་ཞན་ཅིང་ཉམས་ཀྱིས་མི་ལྕོགས་པས། །དཀྱིལ་འཁོར་དེ་ཀུན་བལྟ་བར་མི་ནུས་ནའང ། །དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི། །གཅིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན། །གནོད་སྦྱིན་ཚོགས་དང་མཚན་མོ་རྒྱུ་བ་དང ། །ས་བླའི་གདོན་རྣམས་ཀུན་དང་ཀླུ་དག་དང ། །ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས། །བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྟ། །དཔེར་ན་ལོ་ཏོག་ཐམས་ཅད་ས་བདག་ 142a ༄#། །ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག་།སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱོན་རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡང ། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ནས། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བ་དང་ནི་ལྡན་གྱུར་པ། །བཟླས་པས་སྐྱོན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་རབ་ཏུ་དབེན་པའི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་སྐུ་གཟུགས་མཆོད་རྟེན་ལ། །བསྟོད་ཅིང་དྲི་དང་ཕྲེང་བ་མར་མེ་དང ། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང ། །མཆོག་ཏུ་དད་པ་ཡིས་ནི་མཆོད་པར་བགྱི། །ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་སྒྲུབ་པ་པོ་ཡི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ། །རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང ། 142b སྤོབས་པ་ཆེ་ཞིང་དཔའ་ལ་དབང་པོ་དུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང ། །བྲམ་ཟེ་དག་དང་ལྷ་གཞན་མཆོད་མི་བྱེད། ། སྒྲིན་ཞིང་གཟོ་ལ་བྱས་པ་གཟོ་བ་དང ། །དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །དེ་ལྟར་མ་ལུས་ཡོན་ཏན་ལྡན་པ་དག་།རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དང་བཞི་ཆ་བརྒྱད་ཆ་ཙམ། །དེ་ལྟ་བུ་དག་སྔགས་པའི་གྲོགས་པོར་བསྟེན། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་དང་པོའོ།། །།རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང ། །རྒྱལ་བ་སྔོན་ཆད་གང་ན་བཞུགས་པ་ཡི། །གནས་གང་བསོད་ནམས་ལྡན་ཞིང་ཡིད་དགའ་བ། །ལྷ་དང་ལྷ་མིན་ལ་སོགས་ཕྱག་བྱས་མཆོད། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །བདག་ཉིད་དག་པར་བྱ་ཕྱིར་བསྙེན་པར་བྱ། །དེ་ལྟ་བུ་དག་མ་རྙེད་གཞན་ཡང་ནི། །ཆུ་བོ་ཆུ་ཀླུང་འབབ་ཆུ་མོད་པ་དང ། །པདྨ་ཨུཏྤ་ལས་ནི་བརྒྱན་པའི་མཚོ། །སྐྱེ་བོ་རྣམས་ཀྱང་ཤིན་ཏུ་མི་རྒྱུ་བ། །དྭང་ཞིང་ཞིམ་པའི་ཆུ་ནི་མང་བ་དང ། །མི་བཟད་གདོན་རྣམས་ཀྱང་ནི་མི་གནས་པ། །མེ་ཏོག་འབྲས་བུ་གཙང་མ་ཡོད་པ་དང ། །སྨན་ལྗོངས་ལྗོན་ཤིང་སྣ་ཚོགས་དཀྲིགས་པ་དང ། །ས་སྟེང་གནས་མལ་ཤིན་ཏུ་གཙང་བ་དང ། །གང་ན་སྟག་གཟིགས་སེངྒེ་མེད་པ་དང ། །ཡིད་འོང་མཉམ་ཞིང་ 143a ༄#། །ཚེར་མ་མེད་པ་དག་།མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན། །གྲོགས་པོ་གྲོག་མཁར་ཐལ་བ་སྒྲ་ཤད་དང ། །ཉལ་ཉིལ་སོལ་བ་ཚཝ་སྒོའམ་བཙོག་ཅན་སྤང ། །དེར་ནི་ས་བརྐོས་སྦྱངས་ནས་གནས་བརྩིགས་པ། །དྲོ་ལ་བརྟན་ཞིང་འཇིམ་པས་ཞལ་ཞལ་བྱ། །ཤར་རམ་བྱང་ངམ་ནུབ་ཏུ་སྒོ་གཏོད་ཅིང ། ། ལྷོ་ཕྱོགས་སུ་ནི་ནམ་ཡང་སྒོ་མི་གཏོད། །དྲི་གཙང་ཁང་པ་དེ་ཡི་ཕྱོགས་གཅིག་ཏུ། །རྒྱལ་བ་ལམ་མཆོག་རྣམ་པར་སྟོན་པ་ཡི། །རས་ཀྱི་སྐུ་གཟུགས་ལས་ཕྱིར་བརྟན་པར་གདགས། །ཡང་ན་ཤིང་གཟུགས་ལེགས་པ་མཆོད་ཕྱིར་བཞག་།ཐ་ག་པས་བཏགས་འཇམ་ལ་སྙོམས་པ་དང ། །ཐགས་བཟང་དེ་བཞིན་སྐྲ་ཤད་མེད་པ་དང ། །ཁོ་ལག་ཆེ་ཞིང་མ་ཉམས་ཁ་ཚར་བཅས། །རས་ཀྱི་གཟུགས་དེས་མི་ལ་དངོས་གྲུབ་སྟེར། །གཙང་མའི་སྤོས་ཆུའི་བཏབ་པ་དེ་ལ་ནི། །ཚོན་རྩི་སྤྱིན་མེད་སྣོད་གསར་བླུགས་པ་ཡིས།། ཁྲུས་བྱས་གཙང་ལ་གསོ་སྦྱོང་བཟུང་བའི་མི། །མཁས་པས་བ་ལང་སྐུ་ཡིས་བྲི་བར་བྱ། །ཕྲེང་བ་བདུག་སྤོས་མར་མེ་ཕྲེང་བ་དང ། །བྱུགས་པ་དག་གི་སྐུ་གཟུགས་ཆེར་མཆོད་དེ། །ནུབ་ཕྱོགས་ཞལ་བསྟན་མི་གཡོ་བརྟན་པ་གདགས། །དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ། །གཙུག་ཕུད་བཞག་ནས་སྐྲ་ནི་བྲེགས་ནས་སུ། །འབྱུང་ 143b ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །གོས་དཀར་དག་གམ་ཤིང་ལོའམ་གོས་མའམ། །ཟར་མའམ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པའི། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང ། །མ་ཆགས་ཟླུམ་ཞིང་མ་གས་རྨ་མེད་པ། །ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ། །ཧ་ཅང་མི་ཉེ་ཧ་ཅང་མི་རིང་ལ། ། བཟའ་བཏུང་མོད་ཅིང་དམངས་རིགས་མང་བ་དང ། །མགྲོན་ལ་མཆོད་བྱེད་ལེགས་པར་བྱིན་པའི་གྲོང ། །བྲམ་ཟེ་ཕྱི་རོལ་སྐྱེ་བ་མེད་པར་བསྟེན། །ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས། །རིགས་ཀྱིས་རློམ་ཞིང་སྙིང་རྗེར་མི་ལྡན་པ། །དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པ་མཐོང་ནས་བགེགས་ཀྱང་བྱེད་པར་འ་གྱུར། །བྲམ་ཟེ་སངས་རྒྱས་པ་ལས་ཇི་ལྟར་དམན། །སྨྲང་ལས་བྲམ་ཟེ་དག་ལས་དམངས་རིགས་རྣམས། །བསྙེན་བཀུར་དང་ནི་མཆོད་པ་འབྱུང་བས་ན། །དམངས་རིགས་ཀྱིས་ཀྱང་གསང་སྔགས་ཇི་ལྟར་བཟླས། །ལྷ་དང་འགྲོན་མཆོད་པ་དང་ལས་དྲུག་དང ། །རྒྱལ་པོ་དང་ནི་མེ་ལྷ་བསྟེན་པ་དང ། །བུ་ཡི་དོན་དུ་འགྲོ་བར་བྱ་བ་དག་།བྲམ་ཟེ་རྣམས་ཀྱིས་ངེས་པར་འགྲུབ་པ་ཡིན། །རྒྱལ་རིགས་རྗེའུ་རིགས་རྣམས་ཀྱང་རང་གི་ལས། །གྲུབ་པས་འདི་ལ་ཐེ་ཚོམ་མ་བྱེད་ཅེས། །རྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས། །བདག་དང་གཞན་གྱི་སེམས་ 144a ༄#། །ནི་སྲེག་པར་བྱེད། །ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། །ཉི་མ་ཕྱེད་མཚམས་ཚུན་ཆད་བླང་བར་བྱ། །བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན། །དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ། །དགེ་དང་མི་དགེ་ཤེས་པ་བཟུང་ན་ནི། །བྲམ་ཟེ་དམངས་རིགས་དག་ལས་ཁྱད་པར་མེད། །འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང ། །འདི་ནི་དམངས་རིགས་ཡིན་ཞེས་བརྟགས་པར་ཟད། །བདེན་པའི་ལམ་དམིགས་དགེ་བའི་རྗེས་འབྲངས་ན། །དམངས་རིགས་དག་ཀྱང་རྒ་ཤི་མེད་པར་འགྲོ། །ལོག་པའི་ལམ་ཞུགས་ཉེས་པར་སྤྱོད་ལྡན་ན། །བྲམ་ཟེ་གང་ཡིན་མི་བཟད་དམྱལ་བར་ལྟུང ། །ལུས་ཅན་ཤིན་ཏུ་དྲི་མ་ལྡན་པ་དག་།འདི་ན་གཞན་གྱིས་དག་པར་མི་འགྱུར་ཏེ། །དེ་ནི་སྡིག་པ་རྣམ་པར་བསལ་བ་དང ། །བསོད་ནམས་མ་ལུས་ཡོངས་སུ་བཟུང་བས་འདག་།དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨིན་པ་སྦྱིན་པ་ལྟར། །དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག། །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། །ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ཤ་།ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་ཞིང ། །ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་ན་ 144b རྩོལ་མེད་མཐོ་བ་དང ། །དེ་བཞིན་ཉུང་དུས་སྲང་ནི་དམའ་འགྱུར་ལ། །རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ་བཙུགས་པ་ལྟར། །དེ་བཞིན་ལུས་ཀྱིས་འཁྲུལ་འཁོར་གནས་པ་དང ། །ཤིང་རྟའི་མིག་བསྐུ་བཞིན་དུ་ཁ་ཟས་བཟའ། །འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་པ། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བ་དང ། །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས། །གཉའ་ཤིང་གང་དུ་ལྟ་ཞིང་བསོད་སྙོམས་སྤྱད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་ཟུར་མིག་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འདེབས་འདྲ་བས། །སྐྱེས་པའི་སེམས་དག་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་བླ་ཡི། ། ཉེ་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིངས་མིག་ཅན་བཞིན་ནི་མ་མཐོང་བླ། །གང་དུ་དགའ་བར་འགྲོ་ཞིང་འཛིན་མེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་འདུལ་ 145a ༄#། །བཞིན་དུ། །རབ་འབྲིང་ལ་སོགས་རྣམ་པར་སྤངས་ནས་སུ། །མི་སྨྲ་བར་ནི་གཞན་གྱི་ཁྱིམ་དུ་འགྲོ། །གང་ན་བཞོན་བེའུ་ཕྲུག་ཆུང་བ་དང ། ། གང་ན་སྐྱེས་བུ་ཆང་ནི་འཐུང་བ་དང ། །གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང ། །དེ་བཞིན་གང་ན་གཞོན་ནུ་རྩེ་བ་དང ། །གང་ན་དགའ་སྟོན་ཁྱི་ཟ་བྱེད་པ་དང ། །གང་ན་སྐྱེ་བོ་མང་པོ་འདུས་པ་དང ། །གང་ན་དེ་བཞིན་རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །བསོད་སྙོམས་ཅི་སྙེད་ཁྱེར་ཏེ་འོངས་ནས་ཀྱང ། །དང་པོར་ཇི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ། །ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། །དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱས་ཏེ། །ཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲེས་ལ་འདུག་ནས་བཟླས་བརྗོད་བྱ། །བདུག་པ་བྱུག་སྤོས་ལ་སོགས་མ་རྙེད་ན། །དྲི་ཞིམ་མེ་ཏོག་སྣ་ཚོགས་དབུལ་བར་བྱ། །སྤྲ་བ་ཨརྒ་བིལ་བ་བྲི་ཧ་ཏི། །ཀུ་ཤ་དྲི་ངན་ཡིད་དུ་མིའོང་སྤང ། །འགྲེང་དང་འདུག་དང་མ་ལོག་ཉལ་བ་དང ། །འགྲོ་འཕྲེས་\?\་གློག་བཟླས་བརྗོད་བྱེད་པ་ན། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དང ། །རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་སྟེ་ 145b གཉིས་པའོ།། །།འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། ། སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། །དཔེར་ན་དྲི་མེད་ཆུ་ནི་ཆུར་སོགས་ཀྱིས། །སྐད་ཅིག་ཏུ་ཡང་རྙོག་པར་བྱེད་པ་ལྟར། །དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས། ། འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོག་པར་འགྱུར། །བོ་དེ་ཙེ་དང་དུང་ཤེལ་རུ་རག་ཤ་།ལུང་ཏང་པདྨའི་སྙིང་པོ་ཞ་ཉེ་ཟངས། །འཁར་བའི་བགྲང་ཕྲེང་བརྒྱ་ནི་རྩ་བརྒྱད་པ། །དེ་དག་ལས་ནི་བགྲང་ཕྲེང་གཅིག་བླངས་ཏེ། །དེ་ནི་ལག་པ་གཡས་པས་གཟུང་བའམ། །ལག་པ་གཡོན་པས་བསྒྲིམས་ཏེ་མི་འཁྲུལ་གཟུང ། །ཚར་རེ་ཕྱིན་ཅིང་ནོར་བུ་རེ་རེ་ནས། ། སྔགས་པ་ཡིས་ནི་རིམ་བཞིན་དྲང་བར་བྱ། །འདུག་ནས་དབང་པོ་ཡང་དག་བསྡམས་པ་དང ། །ལུས་ཀྱང་དྲང་ཞིང་བརྟན་པར་བཞག་ནས་སུ། །ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པར་ཡང ། །བསྐུལ་ཞིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ། །སེམས་ནི་གློག་དང་སྤྲིན་དང་རླུང་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། །གང་ཚེ་ཟློས་དགའི་སེམས་ནི་ཞི་བ་ལ། །བསྟེན་པས་གཉིད་ཀྱིས་དྲན་བ་རྨོངས་གྱུར་ན། །ལངས་ནས་ 146a ༄#། །བཅག་ཅིང་ཕྱོགས་སུ་ལྟ་བ་དང ། །ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ། །ལས་ཀྱི་དབང་བསྒྱུར་བདག་པོ་མེད་པ་དང ། །མགོན་མེད་རྟེན་མེད་ཚེ་རབས་གཅིག་ནས་གཅིག་།ལུས་ཀྱི་ཁ་བརྒྱུད་རྗེས་སུ་རབ་འགྲོ་བ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང ། །ཚོལ་དང་མཛའ་བཤེས་དང་ནི་རྣམ་པར་བྲལ། །མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས། །ངན་པ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཅན། །ཡུལ་རྣམས་ཀུན་ཏུ་སོང་ནའང་མེད་པ་མིན། །ཤ་སྦྲང་ཚ་གྲང་བཀྲེས་དང་ངལ་ལ་སོགས། །གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པས། །ཡུལ་ལ་མངོན་དགའི་སེམས་ནི་འབྱུང་བ་ན། །རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ། །འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང ། །པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག་།བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ།། རེ་ཞིག་ན་ནི་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་དག་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་ལྟར་མཛའ་བཤེས་འགྱུར་བར་རིག་བྱ་སྟེ། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག་།བཟློག་ 146b ནས་དགེ་ལ་བདེ་བར་གཞག་པར་བྱ། །དང་པོ་ཟློས་ནས་བཟླས་བརྗོད་ཟིན་པར་དུ། །བྲམ་ཟེ་རྒྱལ་རིགས་རྡེའུ་རིགས་ཞིང་པ་དང ། །བུད་མེད་མ་ནིང་ཁྱེའུ་དང་བུ་མོ་དང ། །སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ། །ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང ། །བཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ་བར་བྱ། །སྨྲས་ན་ལུད་པ་བཤང་གཅི་བོར་ནས་ཀྱང ། ། ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ། །མེ་ཏོག་དྲི་སྣོད་མར་མེ་ཕུལ་བ་དང ། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། །སངས་རྒྱས་བྱང་ཆུབ་བླ་ན་མེད་པར་བསྔོ། །དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚཝའི་རོར་ནི་གཅིག་ཏུ་གྱུར་པ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡི། །བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། །དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །སཱ་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ལས། །སཱ་ལུ་རྙེད་ནས་བསྒྲིམས་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་བཞིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པ་ཡིས། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང ། །སོག་མའི་ཕུང་པོ་དག་དང་མཚུངས་པར་ནི། །མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཚེ་རིང་བ་འདི་ལེགས་པར་ཐོབ་པ་དང ། །ཆོས་བཞིན་བསྒྲུབ་པའི་ཡུལ་དག་རྙེད་པའམ། ། 147a ༄#། །སྐྱོ་བ་མེད་པར་འགྱུར་ཞིང་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང ། །བདེ་དང་སྡུག་བསྔལ་དེ་བཞིན་སྟོད་སྨད་དག་།སེམས་ཀྱིས་འཇིག་རྟེན་ཚོགས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི། །མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར། །དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ། །སྔགས་པས་སྐད་ཅིག་ཙམ་ཡང་གནས་མི་བྱ། །དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་གཙུག་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །སྟངས་དང་མཆོངས་པ་དང་ནི་གར་བྱེད་དང ། །གླུ་ལེན་རྔ་དུང་སྐྱེ་བོས་དཔྱས་འགྱུར་དང ། །ལྷག་པའི་ང་རྒྱལ་འདྲིད་དང་འདོད་ཆེན་དང ། །རྒྱན་པོ་དང་ནི་འདུས་ལ་ལྟ་འདོད་དང ། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང ། །བསྟན་བཅོས་ངན་དང་སྙན་དངགས་ཀློག་འདོན་དང ། །ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང ། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྦང ། །ཤ་ཆང་ཀེའུ་དང་ཙོང་དང་སྒོག་རྡོག་དང ། །འབྲུ་དང་ཏིལ་དང་ལ་ཕུག་སུ་ར་ཎ། །འབྱུང་པོའི་ཟས་དང་ལྷ་ 147b བཤོས་གཏོར་མ་དང ། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པས་ཁ་ཟས་དཀར་གསུམ་དང ། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང ། །ཞོ་དང་ནས་དང་འོ་མ་མར་དག་དང ། །འབྲུ་མར་ཚིགས་མ་དར་བ་འོ་བསྐོལ་དང ། །ཐུག་པ་དག་ནི་བཟའ་བཏུང་ཡིན་པར་གསུངས། །ཤ་ཟ་སྲིན་པོ་དག་དང་གནོན་པོ་དང ། །རོ་ལངས་དང་ནི་འཇིག་པ་སྒྲུབ་པ་དང ། །ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ། །འབྲུ་མར་ཚིགས་མའི་བཟའ་བ་མཆོག་ཏུ་བསྔགས། །དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས། །ཉིན་གཅིག་བཞིན་དུ་བྱས་ནས་བཟླས་པ་ནི། །ཕུལ་ནས་ཆོ་ག་བཞིན་དུ་གཤེགས་སུ་གསོལ། །ནུབ་མོ་ཀུ་ཤ་བཏིང་ནས་ཉལ་བར་བྱ། །བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ལྡན་པ་དང ། །བདེ་གཤེགས་ཆོས་དང་དགེ་འདུན་བཅས་པ་དྲན་བྱ་སྟེ། །ཤཱ་རིའི་བུ་དང་ང་ལ་བཏུད་ནས་ཐལ་སྦྱར་ཉལ། །དེ་ལྟར་སྔགས་པའི་སྡིག་པ་མཐའ་དག་ཟད་པར་བྱ། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་གསུམ་པའོ།། །།སྒྲུབ་པ་པོས་ནི་ངེས་པར་བཅང་བ་ཡི། །རྡོ་རྗེ་དེ་དག་གང་ཡིན་བཤད་པར་བྱ། །སོར་བཅུ་བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་དང ། །མཆོག་གི་ཚད་ནི་སོར་ཡང་ཉི་ཤུ་པའོ། །གསེར་གྱི་རྡོ་རྗེ་རིག་འཛིན་ཉིད་དང་ནི། །ས་རྣམས་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས། །རྒྱལ་ 148a ༄#། །པོའི་དོན་དུ་དངུལ་གྱི་མཆོག་ཡིན་ཏེ། །ཟངས་ཀྱི་རིན་ཆེན་འབྱུང་བའི་ཀླུ་བསྒྲུབས་ལ། །ལྷ་མིན་དབང་པོའི་འཁྲུལ་འཁོར་གཞིག་པ་དང ། །ཕུག་ཏུ་འགྲོ་ལ་རྡོ་ཡི་རྡོ་རྗེ་འོ། །དོན་ཀུན་བསྒྲུབ་པ་ལ་ནི་ལྕགས་གསུམ་གྱི། །གསང་བའི་སྡེ་གཞོམ་པ་ལ་ལྕགས་ཀྱི་འོ། །གདོན་གཞན་ལ་ནི་སེང་ལྡེང་དཔལ་དང་ཚེ། །ནད་མེད་ནོར་རྫས་ལ་ནི་བིལ་པའོ། །གནོད་སྦྱིན་མ་མོའི་སྒྲུབ་ལ་མ་དུའི་ཤིང ། །ཆོས་ཀྱི་དོན་ལ་ཨ་ཤཝད་ལས་བྱས་ཤིས། །གསལ་ཞིང་རྩེ་མོའི་དགྲ་རྣམས་གཞིག་པ་ལ། ། མི་རྣམས་བསད་པ་ལ་ནི་མི་རུས་ཀྱི། །ཤེལ་ལས་བྱས་པ་མིག་འཕྲུལ་ཆེན་པོ་ལ། །དབྱེ་ཕྱིར་འཇིམ་པ་ལས་བྱས་རབ་ཏུ་ཤིས། །གསད་ཅིང་བསྐམ་པར་བ་རུ་ར་ཡི་ཤིང་།། ཤ་ཟ་བསྒྲུབ་པ་ལ་ཡང་རྟག་ཏུ་ཤིས། །ལྷ་དང་གནོད་སྦྱིན་དྲི་ཟ་བསྒྲུབ་པ་ལ། །སྒྲོན་ཤིང་ལས་ནི་བྱས་པའི་རྡོ་རྗེ་འོ། །ཅི་སྟེ་ཀླུ་ནི་དབང་དུ་བྱེད་འདོད་ན། །དེ་ཚེ་ཀླུ་ཤིང་རྩ་བ་ལས་བྱས་པའི། །གཟུགས་བསྒྱུར་བ་ལ་ས་ལས་བྱས་པ་སྟེ། །རོ་ལངས་སྒྲུབ་པ་ལ་ནི་ཀ་དམ་པའོ། །པུན་ད་ཀ་དང་ར་ཛ་ཨརྒ་དང ། ། ཤཝད་ཤིང་གི་རྡོ་རྗེ་ནོར་གྱི་ཕྱིར། །གླ་བ་ཨ་མྲ་ཤྲི་བརྞ་བ་ཡི། །རྫུ་ལ་སོགས་པ་ལས་བྱས་པ་དག་།མི་རྣམས་གཡུལ་ལས་རྒྱལ་བར་བྱ་ཕྱིར་རོ། །ཡིད་དུ་འོང་བའི་འདོད་པ་ཐོབ་བྱའི་ཕྱིར། །ཙནྡན་ 148b དཀར་པོ་དང་ནི་དམར་པོ་སྟེ། །དབྱིབས་ལེགས་འཇམ་ཞིང་མ་ཉམས་རྨ་མེད་པའི། །རྡོ་རྗེ་རྩེ་ལྔ་སྲ་བ་བཅང་བར་བྱ། །དང་པོ་ཟློས་ཚེ་དེ་ནི་ཐོགས་ནས་སུ། །བཟླས་བརྗོད་ཟིན་ནས་མྱུར་བ་ཁོ་ནར་ཡང ། །དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས། །མཆོད་ནས་རྡོ་རྗེ་རྒྱལ་བའི་ཞབས་དྲུང་བཞག་།ང་ཡི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས། །རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ། །དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན། །ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས། །ལྡོང་རོས་གི་ཝང་རལ་གྲི་ཨཉྫ་ན། །སྤང་མ་བ་བླ་ཞགས་པ་ལི་ཁྲི་བཙག་།མར་དང་ཤུ་དག་འཁོར་ལོ་རྡོ་རྗེ་མདུང ། །པགས་པ་གོ་ཆ་མདུང་ནི་རྩེ་གསུམ་པ། །རྫས་ནི་བཅུ་བདུན་བསྒྲུབས་པ་དེ་རྣམས་ཀྱིས། །གྲུབ་པ་རྣམ་པ་གསུམ་རྣམས་ཐོབ་པར་བྱེད། །རང་སྔགས་ཆོ་ག་ལྷག་པར་བཤད་པ་གང ། །དེར་ཡང་གྲུབ་པ་རྣམ་པ་གསུམ་དུ་མཐོང ། །བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་བ། །རིག་པའི་ཚོགས་རྣམས་ཀྱི་ནི་མདུན་ན་རྒྱུ། །རིག་འཛིན་བརྩོན་པའི་བདག་ཉིད་ཅན་དག་ལ། །རྣམ་པ་སྣ་ཚོགས་གླགས་སྐབས་ཚོལ་ཞིང་རྒྱུ། །བགེགས་ཀྱི་རིགས་ནི་རྣམ་པ་བཞི་ཡོད་དེ། །ས་སྟེང་འདི་ན་འཁོད་པའི་བགེགས་རྣམས་ནི། །རྣམ་པར་འཇིག་དང་ཝ་དང་ནེའུ་ལེ་དང ། །དེ་བཞིན་སོ་གཅིག་པ་དང་རིགས་རྣམས་བཞི། །དེ་དང་དེ་ལས་ 149a ༄#། །འཕྲོས་པ་མཐའ་ཡས་སོ། །ས་སྟེང་འཇིག་རྟེན་སྐྱོང་བ་བཞི་གང་ཡིན། །དེ་དག་གཡོག་འཁོར་མྱ་ངན་མེད་པ་ཡིན། །དེ་ཡི་གཡོག་འཁོར་བྱེ་བ་ཕྲག་བདུན་རྣམས། །དེ་དག་གསང་སྔགས་སྒྲུབ་ལ་གེགས་བྱེད་དོ། །ཝ་ཡི་རིགས་ནི་བྱེ་བ་བཅོ་བརྒྱད་དག་།དབང་ཕྱུག་ཆེན་པོའི་འཁོར་ཏེ་དེ་རྣམས་ཀྱི། །སྡེ་དཔོན་གླང་ཆེན་གདོང་སྟེ་སྟོབས་པོ་ཆེ། །ས་སྟེང་མཐའ་དག་ཀུན་ཏུ་བགེགས་ཀྱང་བྱེད། །སོ་གཅིག་རིགས་ཀྱི་སྡེ་དཔོན་གཙུག་འཕྱང་སྟེ། །བྱེ་བ་དྲུག་ཅུའི་བགེགས་ལ་དབང་བསྒྱུར་ཞིང་།། ཚངས་དབང་ཁྱབ་འཇུག་ཉི་མ་ཟླ་བ་རླུང ། །དེ་རྣམས་ཀྱིས་བཤད་སྔགས་ལ་བགེགས་བྱེད་དོ། །ནེའུ་ལེའི་རིགས་གང་ཡིན་པ་རྒྱ་ཆེ་སྟེ། །ཁྲག་ཁྲིག་བྱེ་བ་ཐོར་འབུམ་ཕྲག་སྟོང་དང ། །དེ་དག་རྣམས་ཀྱི་སྡེ་དཔོན་གཙུག་ནས་ཕྱུང ། །ང་ཡི་རིག་དང་སྔགས་ལ་བགེགས་བྱེད་དོ། །དགའ་བྱེད་པདྨ་འདྲ་བར་དཀྱུས་རིང་མིག་།ལྡས་རྩེན་སྔགས་རྒྱུད་མ་ནི་བགེགས་ཀྱང་བྱེད། །ནོར་སྤྱོད་བུ་ནི་གང་ཡིན་གང་པོ་བ། །རང་གི་གསང་སྔགས་རྒྱུད་ལ་བགེགས་ཀྱང་བྱེད། །སྒྲུབ་པ་པོ་ལ་འབྱོར་བར་མི་དགའ་བ། །བརྩེ་མེད་རང་རང་རིགས་ལ་བགེགས་བྱེད་དོ། །རང་གི་གསང་སྔགས་གཟུགས་སུ་རྣམ་སྤྲུལ་ནས། །ཕྲེང་བ་དང་ནི་གཏོར་མ་མངོན་དུ་ལེན། །ལྷ་ཡི་ལོག་འདྲེན་གྱིས་ 149b བྱས་དེ་མཐོང་ནས། །ཁྲོས་ཤིང་འཁྲུགས་ནས་ཕྱིར་ཡང་ཕྱོགས་པར་འགྱུར། །སྔོན་ཆད་སེམས་ནི་འཇུངས་དང་རྨོངས་པ་ཡིས། །ལྷ་ཡིས་ལོག་འདྲེན་བགེགས་ཀྱི་ལུས་འདི་སྟོན།། ལུགས་འདི་ལྷ་དང་ཀླུ་དང་གྲུབ་པ་དང ། །སུམ་ཅུ་རྩ་གསུམ་ལྷས་ཀྱང་བཟློག་མི་ནུས། །བགེགས་ཀྱིས་འཇིགས་སུ་རུང་བར་བྱོས་པ་དག་།སྔར་བཤད་པས་ནི་དེ་དག་ཟློག་པར་བྱེད། །བཟླས་བརྗོད་ཟིན་ནས་ལེགས་པར་བསྲུང་བ་དང ། །དཀྱིལ་འཁོར་མང་བྱས་བསྒྲུབ་ལ་འཇུག་པར་བྱ། །གཞན་དུ་མཆོད་པ་ཆོ་ག་མེད་པ་དང ། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་བྲལ་བའམ། །གང་ཞིག་རྟག་ཏུ་སེམས་ནི་འདི་ལྟར་སེམས། །རིག་པ་གང་ཞིག་བདག་གིས་བཟླས་པ་བྱ། །ཡུལ་དང་རྒྱལ་སོགས་གཏམ་ལ་ཆགས་པ་དེའི། །ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག་།འདི་ལྟར་ཕན་ཚུན་དུ་ནི་འགྲོ་བ་ན། །རིག་པ་འདོད་པའི་སེམས་དག་གཡེང་བར་བྱེད། །དཔེར་ན་ཆུ་ནང་གྲིབ་མ་སྣང་བ་ལྟར། །དེ་བཞིན་མི་ཡི་ལུས་ལ་འཇུག་པར་འགྱུར། །འཁྲུ་ཚེ་གཞན་ལ་ཟློས་པ་ན་ཡང་གཞན། །ཉལ་ན་གཞན་ཡིན་མེ་ཏོག་བདུག་པ་དང ། །མར་མེ་འབུལ་བའི་ཚེ་ནའང་གཞན་ཡིན་ལ། །སྦྱིན་སྲེག་བྱེད་པ་ན་ཡང་བགེགས་གཞན་འཇུག་།དཔེར་ན་ཉི་ཟེར་མེ་ཤེལ་བབ་པ་ཡི། །རྐྱེན་གྱིས་མ་བསྒྲིམས་མེ་ནི་འབྱུང་བ་ལྟར། །དེ་བཞིན་བགེགས་ཀྱང་ལུས་ལ་ཞུགས་བྱུང་ན། ། 150a ༄#། །འདོད་ཆགས་མེ་ཆེན་ཀུན་ཏུ་སྐྱེད་པར་བྱེད། །གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས། །ཆུ་ནང་སྐྱེས་བུ་འཁྲུ་བའི་ཚེ་ན་འཛིན། །བཀྲེས་ཤིང་ལུས་ལ་སྙོམས་ཤིང་གཉིད་ཀྱང་ཆ། །དེ་བཞིན་ལུས་ལྕི་མཆོག་ཏུ་ཁྲོ་བར་འགྱུར། །དེ་བཞིན་དྲི་ཟ་ཞེས་ནི་བྱ་བའི་བགེགས། །དེ་ནི་དྲི་འབུལ་བ་ན་ལུས་ལ་འཇུག་།ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས། །སྙོམ་ཞིང་བུད་མེད་དག་ལ་ཆགས་པར་འགྱུར། །ནག་པོའི་ལུས་ཆེ་ས་ནི་བརྟོལ་ནས་སུ། །བདུག་པ་རབ་ཏུ་འབུལ་བའི་ཚེ་ན་འཇུག་།འཇུངས་དང་གཡོ་སྒྱུ་བྱེད་ཅིང་མི་སྲུན་ལ། །འདོད་ཆེན་ཆེ་ལ་རབ་ཏུ་ཁུ་ཆུ་འཛག་།མར་མེ་གཙུག་ཕུད་གཅིག་པ་གེགས་བྱེད་པ། །སྙིང་ག་ཚ་ཞིང་གཟེར་ཐབས་སེམས་ཉམས་བྱེད། །བགྲེང་བའི་ཚེ་ན་གཙུག་འཕྱང་འཇུག་འགྱུར་ཏེ། །རིམས་དང་འཁྲུ་སྐྱུགས་དྲག་པོས་འདེབས་པར་བྱེད། །མེ་ཏོག་འབུལ་ཚེ་མེ་ཏོག་ཆེར་བཀོད་པ། །རང་གི་གནས་སྐབས་རྙེད་ནས་ལུས་ལ་འཇུག་།རིམས་དང་ཆམ་པ་ལུས་ཚིགས་ན་བ་དང ། །གྲོག་པོ་དག་དང་རྣམ་པར་བྲལ་བར་བྱེད། ། བགེགས་ཀྱིས་བརླམས་པ་ཕྱོགས་ན་ལམ་མིན་ལམ་དུ་མཐོང ། །སྤྱོད་པ་སྣ་ཚོགས་བྱེད་ཅིང་འདོད་ཆགས་རྣམས་ཀྱིས་གདུངས། །གློ་བུར་སྨྲ་ཞིང་ཀློག་ལ་དོན་མེད་ཀུན་ཏུ་ 150b འཕྱན། །དོན་དུ་སྒྲུབ་པ་རྣམས་ལ་སེམས་ཀྱང་ཡིད་གཉིས་བྱེད། །སེམས་ནི་ལོག་པར་ལྟ་བས་ནོན་པས་ན། །གསང་སྔགས་མེད་ཅིང་མཐོ་རིས་ལྷ་ཡང་མེད། །བསོད་ནམས་མེད་ཅིང་སྡིག་པ་ཅུང་ཟད་མེད། །ཐར་པ་མེད་ཅིང་འཆིང་བའི་རྒྱུ་ཡང་མེད། །སྐྱེ་བོ་དོན་མེད་ཉོན་མོངས་དཀའ་ཐུབ་ཆེས། །སྣ་ཚོགས་འཁྱལ་བའི་ཚིག་འདི་རྟག་ཏུ་སྨྲ། །སེན་མོས་རྩཝ་གཅོད་བོང་རྡོ་འཇིག་པ་དང ། །མཚན་མོ་སོ་ཡང་ཁྲིག་ཁྲིག་འཆའ་བ་དང ། །བུ་མོ་བདག་འདོད་ཁྱོ་ནི་མི་རྙེད་ཅིང ། །སྐྱེས་པ་བདག་འདོད་ཆུང་མ་གཞར་མི་རྙེད། །དགོས་པའི་དོན་མི་འགྲུབ་ཅིང་མི་དགོས་འགྲུབ། །གར་ཡང་འགྲོ་དགོས་གཉིད་མེད་མི་ཡང་བརླམས། །དེ་བཞིན་སྟག་གཟིག་སེངྒེ་ཁྱི་དང་ཕག་།བོང་བུ་རྔ་མོ་བྱི་ལ་ཤ་ཟ་ཝ། །བྱ་རྒོད་འུག་པ་སྐྱར་མོ་མིའུ་ཐུང་ཧྲུལ། །གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། །ཁྲོན་སྐམས་ཐོད་པ་རུས་གོང་ཕུང་པོ་དང ། །ལྕགས་དང་རྡོ་ཁུང་མི་གཙང་ཁང་རུལ་དང ། །ཁ་བཞིན་གྱུར་ཅིང་རལ་གྲི་མདུང་ཐོགས་པ། །རྨི་ལམ་འདི་རྣམས་རྨིས་པའི་མི་ཡང་བརླམས། །བགེགས་དང་ལོག་འདྲེན་རྣམ་པར་གཞིག་པའི་ཕྱིར། །བདུད་རྩི་ཐབ་སྦྱོར་དྲག་ཤུལ་ཐབས་ལས་སྦྱར། །སྔགས་པ་དེ་ཡི་གསང་སྔགས་ལས་ཞུགས་པ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོངས་མི་ཚུགས། །ཕྱུགས་ལྷས་ཤིང་གཅིག་ལྷ་ 151a ༄#། །ཡི་ཁང་པའམ། །ལམ་གྱི་བཞི་མདོའམ་ཁང་སྟོང་ནགས་ཚལ་དུ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་དག་གིས་བྲིས། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་བཟུང ། །སྒོ་བཞི་པ་ལ་ཀུ་ཤའི་རྩཝ་ཡང་བཀྲམ། །བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །བུམ་པ་པདྨ་དམར་པོའི་མདོག་འདྲ་བ། །ནག་པོ་ར་རི་མེད་ཅིང་རིན་ཆེན་བཅས། །སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བཞི། །ལྡུམ་བུས་ཁ་བརྒྱན་རས་ཀྱིས་མགུལ་བ་དཀྲི། །ལུས་དམར་པོ་དང་ཀཱི་ལི་ཀཱི་ལ་དང ། །འགྲོ་ལྡིང་བ་ལ་སོགས་པས་བརྒྱ་བཟླས་ཏེ། །དཀྱིལ་འཁོར་ཁོར་ཡུག་ཏུ་ནི་བཞག་པར་བྱ། ། དེ་ནས་བྱུག་སྤོས་བདུག་སྤོས་ལ་སོགས་དབུལ། །བགེགས་ཀྱིས་བརླམས་པས་ཤར་ཕྱོགས་ཁ་བསྟན་ཏེ། །དཀྱིལ་འཁོར་དབུས་སུ་བདེ་བའི་སྟན་ལ་བཞག་།བཟླས་བརྗོད་བྱེད་ཅིང་བུམ་པ་རེ་རེས་བཀྲུ། །འོན་ཀྱང་ལོག་འདྲེན་རྣམས་ལས་ཐར་བར་འགྱུར། །སྒྲུབ་པ་པོ་ཡི་མི་ནི་འབའ་ཞིག་ལ། །བགེགས་རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི། །རྒྱལ་པོའི་འཁོར་དང་བུད་མེད་བུ་མེད་དང ། །བུ་མོ་དག་དང་རོལ་མོ་མཁན་རྣམས་དང ། །བུད་མེད་ཕལ་དང་ཚོང་པ་རྣམས་ཀྱང་རུང ། །ཞིང་པ་རྣམས་དང་ 151b དབུལ་ཞིང་ཕོངས་པ་དང ། །གདོན་གྱིས་ཟིན་ཅིང་རིམ་གྱིས་བཏབ་པ་དང ། །བུས་པའི་གདེན་དང་མེ་ཏོག་འབྲས་བུ་འཕྲོག་།རྨི་ལམ་སྨྱོ་དང་སེམས་ནི་གཡེངས་པ་དང ། །དུག་ཀྱང་སེལ་ཏེ་ཁྲུས་འདིས་དག་པར་བྱེད། །འཕགས་པ་དཔུང་བཟང་གི་ཞུས་པའི་ལེའུ་བཞི་པའོ།། །།བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད། །དེ་བས་མི་ཡིས་གསང་སྔགས་འགྲུབ་མི་འགྱུར། །ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར། །དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ། །དཔེར་ནས་ཆུ་དུས་རྣམས་བྲལ་བ་ཡི། །སྣོད་གནས་འབྲས་བུ་མེ་ཏོག་མྱུ་གུ་མེད། །དེ་དང་མ་བྲལ་མྱུ་གུ་ལོ་མ་དང ། །སྡོང་བུ་དག་དང་མེ་ཏོག་འབྲས་བུ་སྐྱེ། །ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡིས། །གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །དཔེར་ན་དབྱར་གྱི་དུས་ནི་ཆར་སྤྲིན་དག་།སྐྱེ་པོའི་སྐལ་བཞིན་ཆར་པ་ལེགས་པར་འབེབས། །དེ་བཞིན་མི་ཡི་སྐལ་བ་གཟིགས་ནས་ནི། །འདོད་པ་བཞིན་དུ་གསང་སྔགས་དངོས་གྲུབ་སྩོལ། །ཡུལ་དང་དུས་དང་ཆོ་ག་ལས་རྣམས་དང ། །སྡིག་པ་སྦྱང་ཞིང་བསོད་ནམས་བསགས་པ་དང ། །གུས་དང་བཟླས་བརྗོད་ཀུན་ལ་གཟིགས་ནས་ནི། །དེ་དག་གསང་སྔགས་འབྲས་བུ་རྣམ་པར་སྩོལ། །ཇི་ 152a ༄#། །ཙམ་སྡིག་པ་མང་པོས་རབ་གང་ཞིང ། །ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང ། །ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པ། །དེ་སྲིད་སྔགས་པས་དངོས་གྲུབ་མི་འཐོབ་བོ། །ཆོ་ག་ཉམས་སམ་བར་ཆད་སྔགས་གཞན་བཟླས། །བཟླས་པ་བཏང་ངམ་གཞན་ལ་བྱིན་གྱུར་ན། །དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། །སླར་ཡང་འབུམ་བཟླས་བསྒྲུབ་ལ་འཇུག་པར་བྱ། །སྟོང་ཕྲག་བཅུ་འམ་བརྒྱད་དམ་བདུན་ནམ་བཞི། །བཟླས་མཐར་དེ་ལ་མར་གྱི་སྦྱིན་སྲེག་བྱ། །ཡང་ན་མ་གྲུགས་ནས་སམ་ཏིལ་ནག་གམ། །ཡུངས་ཀར་མར་དང་བསྲེས་པའི་སྦྱིན་སྲེག་བྱ། །འཛམ་བུ་མ་དུ་བླག་ཤ་པ་ལ་ཤ། །ུ་དུམ་སེང་ལྡེང་ཨ་ཤཝད་ཨ་པ་མར། །རྐ་ཨ་ཤོ་ཀ་དང་རརྫ་ཀ་།ནྱ་གྲོ་བིལ་པ་ཨ་མྲ་ཤའི་མེ་ཡི། །ཡམ་ཤིང་གཞོན་ནུ་སོར་ནི་བཅུ་གཉིས་པ། །བཙལ་ནས་ཞོ་མར་སྦྲང་རྩི་ལ་བཏགས་ནས། །རྟག་ཏུ་མེ་ལ་སྦྱིན་སྲེག་བྱ་བར་བྱ། །དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་འཐོབ། །གཞན་གྱི་གསང་སྔགས་ཀྱིས་ནི་གསང་སྔགས་གང ། །བཅད་དམ་བཅིངས་སམ་མནན་པར་གྱུར་ཀྱང་རུང ། ། དེ་ཡི་གཟུགས་བརྙན་ས་ལས་བྱས་ནས་སུ། །ང་ཡི་ཞབས་དྲུང་མངོན་དུ་ཕྱོགས་བཞག་སྟེ། །སྔགས་པས་ཀཱི་ལི་ཀཱི་ལི་སོགས་སྙིང་པོས། །མར་དང་འོ་མས་དེ་ཡིས་གཟུགས་ 152b བརྙན་བཀྲུ། །དེ་ལྟར་ཞག་བདུན་བྱས་པས་གསང་སྔགས་དག་།བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར། །མཆོད་པ་ལ་སོགས་ཆོ་ག་ལྡན་ཡང་ནི། །ཅི་སྟེ་གསང་སྔགས་འབྲས་བུ་མི་སྟེར་ན། །དེའི་གཟུགས་དུག་དང་སྐེ་ཚེས་བྱུགས་ནས་སུ། །ཀཱི་ལི་ཀཱི་ལི་འགྲོ་ལྡིང་ལ་སོགས་པས། །སྔགས་ཀྱིས་དེ་ལ་ཡུངས་མར་ཚཝ་སྦྱར་བས། །ཞག་བདུན་དུས་གསུམ་སྦྱིན་སྲེག་ལས་བྱས་ན། །གསང་སྔགས་འོངས་ནས་རྨི་ལམ་དག་ཏུ་ནི། །ཆོ་ག་ཉམས་པའམ་ཡི་གེ་ལྷག་ཆད་སྟོན། །སྔོན་ནི་གསང་སྔགས་ལུགས་འཆང་བསྟན་མོད་ཀྱི། ། ཇི་ལྟར་རྒྱ་མཚོ་དུས་ལས་མི་འདའ་ལྟར། །སྔགས་ཀྱིས་གཞན་གྱིས་གསང་སྔགས་མི་བསྣན་ཅིང ། །བཅིང་དང་གཅད་པ་ནམ་ཡང་མི་བྱེད་དོ། །དཔེར་ན་བྱམས་པའི་མི་ཡིས་མི་གཞན་ལ། །ཆེ་གེ་མོ་ཡི་ཁྱིམ་འདིར་ཕྱིན་ཆད་ཁྱོད། །བལྟ་བའི་ཕྱིར་ཡང་འགྲོ་བར་མི་བྱའོ་ཞེས། །རིགས་པའི་ཚིག་གིས་རྣམ་པར་བསྟན་པ་དང ། །དེས་ཀྱང་དེ་ཡིས་ཚིག་དེ་མཉན་ནས་སུ། །ཁྱིམ་དུ་སྨྲ་དང་བལྟ་ཕྱིར་མི་འགྲོ་བ། །དེ་བཞིན་གསང་སྔགས་གང་ཡང་རུང་བའི་སྔགས། །བཟླས་པས་གཞན་གྱི་གསང་སྔགས་བསྣན་མི་བྱ། །གསང་སྔགས་བཅད་དང་བཅིང་བ་མི་བྱ་ཞིང ། །ཡི་གེ་ལྷག་ཆད་གསང་སྔགས་མི་སྦྱིན་ནོ། །ལས་རྣམས་སྤྱད་པ་གཞན་དུ་བསྒྱུར་མི་བྱ། །གནས་རྣམས་གཟིར་བར་ནམ་ཡང་མི་བྱའོ། །དབབ་དང་བཅིང་ 153a ༄#། །དང་བརྡེག་དང་རྨོངས་བྱ་དང ། །ཡན་ལག་མི་གཞིག་རིགས་ཀྱང་མི་བརླག་ཅིང ། །སྔགས་པས་ཀླུ་དང་གདོན་ལ་སོགས་པ་རྣམས། །གཞན་དུ་བསྐད་པ་རྣམ་ཡང་མི་བྱའོ། །དགར་དང་བསྐྲད་པ་དང་ནི་བསད་པ་དང ། །བྱིས་པ་གདོན་གྱིས་ཟིན་པ་མི་གསོ་ཞིང ། །རྒྱ་མོ་ས་མདའ་སྙི་དང་འཛོལ་བུ་ཡིས། །སེམས་ཅན་གནོད་པ་ནམ་ཡང་མི་བྱའོ། །དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །གཞན་ནི་རྫས་དང་ས་གཞི་ལྷ་དང་སྔགས། །ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ། །སྒྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དང་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། །སྔགས་རིག་རང་རང་བློ་ཡི་རྣམ་པར་འཆད། །སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ། །སྒྲུབ་པ་གང་ཞིག་རང་གི་ཡོན་ཏན་རྫོགས།། བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང ། །གཞན་གྱིས་རྙེད་པ་དག་ལ་ཕྲག་དོག་མེད། །འདོད་ལ་མ་ཆགས་ལུས་ཀྱིས་ཉོན་མོངས་བཟོད། །གུག་སྐྱེད་ཀླད་ཀོར་ཚེག་ 153b ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡི། །གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ། །ཇི་ལྟར་རི་དྭགས་རྒྱལ་པོ་བཀྲེས་པ་དག་།མཐུ་སྟོབས་ཆེན་པོས་གླང་ཆེན་གསོད་པ་དང ། །དེ་བཞིན་སྤྱང་ཀི་ཕག་དང་རི་དྭགས་དང ། །ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟར། །དེ་བཞིན་སྔགས་པ་སེངྒེའི་ཚུལ་གྱིས་སུ། །རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ། །བརྩོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང ། །འབད་པའི་མཆོག་རྣམས་ཀྱིས་ཀྱང་བསྟེན་པར་བྱ། །རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང ། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དག་དང ། །གད་རྒྱངས་བཤུགས་གླུ་དག་དང་གླུ་གར་དང ། །གླིང་བུ་པི་ཝང་རྫ་རྔ་ཆེན་པོའི་སྒྲ། ། བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང ། །བུད་མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང ། །ཤ་སྦྲང་ཚ་གྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད། །བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང ། །སྒྲ་ཆེར་མི་དབྱུང་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀློར་ཚེག་རྣམས་ཉམས་པར་མིན། །ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི། །རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། །བསོད་ནམས་ལུས་ཅན་ 154a ༄#། །ལ་ནི་འཕེལ་བར་འགྱུར། །ལེ་ལོ་འདོད་ཆགས་མི་དགེར་ལྡན་པའི་སེམས། །གང་ནས་གང་དུ་གཡེང་ཞིང་རྒྱུ་བ་དག་།དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི། །གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར། །སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང ། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་བར་འགྱུར་བར་ངེས། །རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེད། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་འཐོབ། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། །དེ་ཚེ་བཟླས་བརྗོད་ཐོགས་པ་མེད་པར་འགྱུར། །ཚེ་རབས་གཞན་དུ་གང་དང་གང་བྱས་པའི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱང ། །བཟླས་པས་སྡིག་པ་མ་ལུས་བྱང་གྱུར་ནས། །དང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ་ཡིས། །ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་གསུངས། །སེམས་ནི་དང་བས་ལྷ་མིའི་བདེ་བ་དང ། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །སེམས་ཀྱི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང ། །སེམས་དམྱལ་གནས་ཤིང་མི་སྡུག་དབུལ་པོར་འགྱུར། །སེམས་ནི་རབ་ཏུ་དང་བར་ 154b གྱུར་པའི་མིས། །ས་ཆུ་མེ་རླུང་སྐྱེ་རྒ་ན་འཆི་སོགས། །བར་དང་ཐ་མར་གནོད་པ་ཀུན་བྲལ་བ། །རྣམ་གྲོལ་བདེ་ཞིང་ཞི་བ་ཐོབ་པར་འགྱུར། །གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། །བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲེལ། །ཉོན་མོངས་དུག་བཅས་རྣམ་པར་འཇིག་པར་འགྱུར། །དང་བའི་སེམས་ཀྱིས་ཐོབ་པར་འགྱུར་བ་ཡིན། །འདོད་རྒྱལ་ལས་ལས་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་བ་མིན། །རྒྱུ་མེད་ཅན་མིན་སྐྱེས་བུས་མ་བྱས་ཀྱང ། །ལས་དང་ཉོན་མོངས་པ་ལས་སེམས་ཅན་བྱུང ། ། གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་ ཌ ་ ་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའོ་ཕུང་བཞིའང་རིག་པར་གྱིས། །གཟུགས་ནི་དབུ་བ་དག་དང་འདྲ་བ་སྟེ། །ཚོར་བ་ཆུ་བུར་བཞིན་དུ་རྟག་པ་མེད། །དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན། །གང་ཞིག་གཞན་གྱུར་དེ་ནི་ལྟ་ངན་གསུང ། །དེ་ལྟར་ཟློས་པའི་གསང་སྔགས་ཉེ་གྱུར་ན། །མཚན་མོ་ཉལ་ན་རྨི་ལམ་འདི་དག་མཐོང ། །ཁང་བཟང་ལྗོན་ཤིང་རྒྱལ་མཚན་སེངྒེ་རྟ། །རི་བོ་ཤིང་རྟ་སྒྲ་ལྡན་སྤྲིན་དང་གླུ། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ན་ནི་དགའ་བས་རྨིས་པ་དང ། །མེ་ཏོག་ཕྲེང་བ་སྤོས་དང་དྲི་རྣམས་དང ། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང་།། 155a ༄#། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང ། །ཤིང་རྟ་གང་བའམ་བ་བཞོན་བེའུ་ཕྲུག་ཅན། །གདུགས་དཀར་རྔ་ཡབ་ལྷམ་དང་རལ་གྲི་དང ། ། བསིལ་ཡབ་གསེར་གཡུ་ཅན་དང་ཕྲེང་བ་དང ། །ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ། །བུད་མེད་གཟུགས་བཟང་ཡིད་འོང་བུ་མོ་དང ། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། །མལ་སྟན་དཀར་པོ་བཏིང་བ་རྙེད་པ་དང ། །ཐོ་རངས་ཁར་ནི་ཆུ་བོ་ཆུ་ཀླུང་དང ། །འབབ་ཆུའམ་རྒྱ་མཚོ་དང་ནི་རྫིང་བུ་དང ། །ལུ་མ་ལ་ནི་འཐུང་ངམ་རྐྱལ་རྨི་དང ། །དེ་བཞིན་ཁྲག་གིས་ལུས་ཁྲུས་བྱེད་པའམ། །ལྷ་ཁང་མཆོད་རྟེན་འདུག་ནས་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་མཆོག་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང ། །མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང ། །མི་དང་མི་མཆོག་ཕྱུག་ཅིང་འབྱོར་པའི་བུ། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང ། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་རྣམས་དང ། །ཇི་སྙེད་ཉི་མ་ཟླ་བ་ཟ་བ་དང ། །ས་ཡི་ནང་འགྲོ་ས་བོན་འཐུང་བ་དང་།། མེ་ལ་སྲི་ཞིང་ཤ་ནི་ཟ་བ་དང ། །ལུས་ཀྱི་ནང་དུ་མེ་ནི་ཞུགས་པ་མཐོང ། །རྨི་ལམ་བཟང་པོ་འདི་དག་མཐོང་བ་གང ། །དེ་དག་རིང་པོར་མི་ཐོགས་གྲུབ་པར་འགྱུར། །ཟླ་བ་ 155b གཅིག་དང་ཟླ་ཕྱེད་ཉིན་ཞག་དང ། །སྐད་ཅིག་གིས་ནི་ཕྱི་ཕྱིར་ཉེ་བར་འགྱུར། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་ལྔ་པའོ།། །།དངོས་གྲུབ་ཉེ་ན་ཟློས་ལ་དགའ་བ་དང ། །སེམས་ནི་ནམ་ཡང་སྡིག་ལ་དགའ་མི་འགྱུར། །བཀྲེས་སྐོམ་ཚ་གྲང་རླུང་དང་ངལ་བ་ཡི། །སྡུག་བསྔལ་དྲག་པོས་ཉེན་ཀྱང་གཡོ་མི་འགྱུར། །སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་སྦུར་དང ། །སྡིག་སྦྲུལ་རྐང་བརྒྱ་པ་དང་སྦྲུལ་དང་དྲེད། །ཤ་ཟ་སྤྲུལ་པོ་རྣམས་ཀྱང་དེ་དག་གི་།ལུས་དང་གྲིབ་མ་ལ་ནི་མི་འགོང་ངོ ། །ཚིག་ནི་གཟུང་བར་འོས་ཤིང་ཡིད་གཞུངས་ལ། །སྙན་ངག་དང་ནི་དྲི་བ་རྣམས་ལ་མཁས། །ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང ། །ལུས་ཀྱི་ནད་དང་དྲི་མ་མེད་པར་འགྱུར། །སྐྱེ་བོས་མཐོང་ངམ་ཐོས་པར་གྱུར་ཀྱང་རུང ། །མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར། །བུད་མེད་འདོད་ལྷའི་མཛས་ཕོག་པ་རྣམས་ཀྱིས། །འདོད་ལྷའི་ལོངས་སྤྱོད་ཕྱིར་ནི་འབོད་པར་འགྱུར། །གང་ཚེ་མཁས་པས་ལྷ་དང་གནོད་སྦྱིན་དང ། །དྲི་ཟ་ལྷ་ཡི་བུ་མོའི་གཟུགས་དང་སྒྲ། །མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐོས་ན། །དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། །ལུས་ནི་དྲི་མེད་དག་པར་རིག་པ་དང ། །གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས། །ཉིན་ཞག་གཅིག་གམ་གཉིས་སམ་གསུམ་དུ་ནི། །ཁ་ཟས་སྤང་ཞིང་སྨྱུང་བར་གནས་པ་ཡི། །ཉིན་ཞག་དེ་དག་ 156a ༄#། །འདས་པར་བྱས་ནས་སུ། །རང་གི་འབྱོར་ཕྱིར་བསྒྲུབ་ལ་འཇུག་པར་བྱ། །གསུང་དེ་དཔུང་བཟང་གིས་ཐོས་སླར་གསོལ་པ། །ཟས་ཀྱིས་མི་འདག་ཅེས་སྔར་གསུངས་པ་དང ། །མཆོད་འོས་ཁྱོད་ཀྱིས་ལུས་དག་བགྱི་ཕྱིར་ཡང ། །ཅི་སླད་སྨྱུང་བ་མི་བཟད་བགྱི་བར་གསུངས། །སྲིད་པའི་མཐར་ཕྱིན་བདེ་བར་གཤེགས་པ་ཡིས། །ཤིང་རྟའི་མིག་བསྐུ་བཟའ་བའང་ཅི་ཕྱིར་གསུངས། །རྡོ་རྗེ་ཅན་གྱིས་དཔུང་བཟང་ཚིག་གསན་ནས། །འབྲུག་སྒྲ་ཟབ་འདྲའི་གསུང་གིས་བཀའ་སྩལ་པ། །བུ་གཅིག་ལུས་དག་བྱ་ཕྱིར་སྨྱུང་བྱ་བར། །བདེ་གཤེགས་འདི་ན་ནམ་ཡང་མི་གསུང་ཡང ། །ལུས་འདི་མི་གཙང་པགས་བ་ཤ་ཁྲག་རྐང ། །ཀླད་རྒྱས་རྒྱུ་མ་མཆེར་མཆིན་མཁལ་མ་ཞག་།མཁྲིས་པ་བད་ཀན་ཁུ་ཆུ་ཕྱི་ས་དང ། །གཅིན་སྣབས་བ་སྤུ་སྐྲ་དང་རུས་པ་དང ། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤང་སྒོ་མཚན་དང་བུ་ག་དགུ་པ་ཡི། །རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ། །འཛག་པའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡིན། །དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང ། །ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན། །དྲི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས། །ཐམས་ཅད་ལྡན་པའི་གཟུགས་ལ་གནས་པ་ཡི། །བཤང་གཅི་སྣབས་དང་མཆིལ་མ་བད་ཀན་དང་།། 156b འདི་དག་ཟད་པར་བྱ་ཕྱིར་སྨྱུང་བར་གསུངས། །དྲི་མ་ཟད་ནས་མི་ཡི་ལུས་དག་ཏུ། །རང་གི་འབྱོར་ཕྱིར་བསྒྲུབ་ལ་བདེ་བར་འཇུག་།འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང ། །ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག་།དེ་ལྟར་རང་གིས་ངེས་པར་བརྟགས་པ་ན། །ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི། །འདོད་ཆགས་རྩད་ནས་ཡོངས་ཡེ་ཞི་འགྱུར་ཏེ། །ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན། །ཕན་ཡོན་དེ་ཡིས་གསང་སྔགས་ཉེ་བསྙེན་ནས། །རང་གི་ལས་ལ་ཉེ་བར་རིག་པ་དང ། །ཡར་གྱི་ཚེས་བརྒྱད་དང་ནི་བཅུ་བཞི་འམ། །ཡང་ན་བཅོ་ལྔ་ལ་ནི་བཟླས་བརྗོད་བྱ། །ལྷ་ཡི་གནས་ཀྱི་ས་དག་བསྟར་བའི་ཕྱིར། །ས་དང་ལྕི་བསྲེས་བ་ལ་སོགས་པས་བྱུག་།དད་པས་བདེ་གཤེགས་ཀུན་ལ་ཕྲེང་བ་དང ། །ལྷ་བཤོས་མེ་ཏོག་དྲི་དང་མར་མེས་མཆོད། །དེ་ནས་རྡོ་རྗེ་འཛིན་པ་དང་འཁོར་མཆོད། །དེ་ནས་རང་སྔགས་ལྷ་ལ་དབུལ་བར་བྱ། །བསྟོད་འོས་སངས་རྒྱས་རྣམས་ལའང་བསྟོད་ནས་སུ། །ཕྱིར་ཞིང་བྱང་ཆུབ་སེམས་ཀྱང་དྲན་བྱས་ཏེ། །སེམས་ཅན་སྐྱེ་རྒན་འཆིས་གཟིར་བ་ལ། །ཇི་ལྟར་རིགས་པར་སྙིང་རྗེའང་བསྒོམ་པར་བྱ། །འདུས་ཆེན་མདོ་སྡེ་བཀླག་པའམ་བཀྲ་ཤིས་ཀྱི། །ཚིགས་སུ་བཅད་པའམ་ཆོས་ཀྱི་འཁོར་ 157a ༄#། །ལོ་མཆོག་།དེ་བཞིན་གཤེགས་པའི་གསང་བའམ་སྒྲོན་མ་ཆེ། །གང་ཡང་རུང་བ་གཅིག་ནི་རིམ་བཞིན་བཀླག་།དེ་ནས་བླ་འོག་ཕྱོགས་རྣམས་བཅིངས་ནས་སུ། །ལུས་ལ་གོ་ཆ་བགོ་བར་བྱས་ནས་ནི། །གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས། །གཅིག་ཅིག་ཚོན་རྩི་རྣམས་ཀྱིས་བྲི་བར་བྱ། །རྡོ་རྗེ་མེ་ཆུ་རླུང་དང་མདུང་ཐུང་དག་།རིམ་བཞིན་དཀྱིལ་འཁོར་འདིར་ནི་བྲི་བར་བྱ། །ར་བར་བྲིས་ལ་ལྷ་དང་ལྷ་མིན་དང ། །སྣང་བའི་བདག་ཉིད་སེམས་ནི་མྱོས་པར་འགྱུར། །སེངྒེའི་གདན་གྱིས་མངོན་པར་བསྔགས་པའི་སྟན། །དེ་ནི་དཀྱིལ་འཁོར་དབུས་སུ་བཞག་པར་བྱ། །བདག་ཉིད་བསྲུང་བ་བྱས་ཏེ་དེར་འདུག་ནས། །རྫས་བླངས་མྱུར་དུ་བཟླས་བརྗོད་བྱས་ནས་ནི། །བདུག་པའི་སྦྱིན་སྲེག་སྟོང་ཡང་སྦྱིན་སྲེག་བྱ། །དེ་ནས་དེ་ནི་དྲི་ཆུས་བཀྲུས་ནས་སུ། །བགེགས་མང་རྣམས་ཀྱང་རབ་ཏུ་བསལ་བྱས་ནས། །བྱང་ཆུབ་ཤིང་ལོ་གསུམ་གྱི་སྟེང་དུ་བཞག་།བཞི་ཡིས་བཀབ་ནས་ཇི་སྲིད་གྲུབ་པ་ནི། །རྣམ་གསུམ་མཐོང་གི་བར་དུ་གསང་སྔགས་བཟླས། །དྲོད་དང་དུད་འཐུལ་མེ་བཞིན་འབར་བ་འམ། །རིམ་བཞིན་བཟློག་ནས་འབྱུང་ནའང་འགྲུབ་པར་གསུངས། །དྲོ་བས་འགྲོ་བ་ཐམས་ཅད་དབང་འགྱུར་ཏེ། །དུ་བ་འཐུལ་བས་ལུས་ནི་མི་སྣང་འགྱུར། །འབར་བས་ 157b མཁའ་ལ་ཤིན་ཏུ་འགྲོ་འགྱུར་ཏེ། །མི་ཡི་ལུས་ནི་ལྷ་ལྟར་གསལ་བར་འགྱུར། །ཇི་ལྟར་ལུས་ལ་གྲང་བ་འཇུག་པ་དང ། །ཇི་ལྟར་མངལ་དུ་དྲི་ཟ་འཇུག་པ་དང ། །ཉི་ཟེར་མེ་ཤེལ་ཞུགས་ནས་མེ་འབྱུང་ལྟར། །དེ་བཞིན་དངོས་གྲུབ་ལུས་ལ་འཇུག་པར་འགྱུར། །མར་མེ་མཆེད་ཅིང་ཤིན་ཏུ་འབར་བ་དག་།སྣུམ་ཞིང་དཀྱུས་རིང་གསེར་གྱི་མདོག་ལྟར་དང ། །འབྲུ་མར་ཟད་ཀྱང་འབར་བར་གྱུར་ན་ནི། །དེ་ཚེ་སྔགས་པས་དངོས་གྲུབ་ཐོབ་འགྱུར་ཏེ། །དེ་དག་རྫས་ལས་བྱུང་བའི་དངོས་གྲུབ་བོ། །མིས་ནི་རི་མོའི་སྐུ་གཟུགས་འགུལ་བ་འམ། །ཕྲེང་བ་སྨིན་མ་མིག་དང་རྔ་ཡབ་བམ། །གལ་ཏེ་རྒྱན་རྣམས་གཡོ་བར་གྱུར་པ་འམ། །མཁའ་ལས་མེ་ཏོག་ཆར་རམ་རྫི་ཆར་འབབ། །ས་ནི་མྱུར་དུ་གཡོ་བར་གྱུར་པ་འམ། །ལུས་མི་སྣང་བར་མཁའ་ལས་ཚིག་ཏུ་ནི། །བུ་ཅིག་དམ་པ་ཅི་འདོད་སློངས་ཤིག་ཅེས། །ལྷ་ཡི་རྔ་སྒྲའམ་ལུས་ཀྱི་བ་སྤུ་ལྡང ། །རྒྱན་གྱི་ཆར་ཆེན་རབ་ཏུ་འབབ་པ་འམ། །ཇི་སྟེ་མཁའ་ལ་ལྷ་དང་ལྷ་མིན་དང ། །གསང་སྔགས་གཟུགས་ནི་མངོན་དུ་མཐོང་ན་གྲུབ། །མ་ཉམས་མེ་ཏོག་དབྱིག་དང་ཆུ་བསྲེས་ཤིང ། །བསྟོད་དང་བཅས་པར་མཆོད་ཡོན་རྒྱུན་སྦྲེང་ནས། །རྩེ་གཅིག་སེམས་ཀྱི་མགོ་བཏུད་ཕྱག་བྱས་ཏེ། །དད་དང་འབད་པའི་རྗེས་མཐུན་མཆོག་བླང་ངོ ། །མཆོག་ཐོབ་ནས་ནི་དགའ་བས་ཕྱག་ 158a ༄#། །བྱས་ཏེ། །དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ། །གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ། །གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡིན་ནོ། །གང་ཞིག་སེམས་སྟོབས་མཆོག་ཏུ་ལྡན་པ་དེས། །འདིར་ནི་འཇིགས་དང་བཅས་པའི་ལས་བྱའོ། །སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས། ། གླགས་མཐོང་ནས་ནི་ཕུང་བར་བྱེད་པར་འགྱུར། །དཔའ་བོ་གོ་བགོས་མཚོན་ཆའི་ཐབས་མཁས་པས། །ཆས་པའི་གླང་ཆེན་མཆོག་ཞོན་གཞུ་ཐོགས་ནས། །མདའ་འཕེན་མཐུ་དང་ལྡན་པ་གཅིག་པུས་ཀྱང ། །དགྲ་ཡི་ཚོགས་ཀུན་ལས་ནི་རྒྱལ་བར་ནུས། །དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱིས། །གོ་བགོས་ལེགས་བསྲུངས་གླང་ཆེན་ཞོན་ནས་སུ། །གསང་སྔགས་གཞུ་ཐོགས་བཟླས་བརྗོད་མདའ་འཕེན་པས། །འབྱུང་པོ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ། །སྒུར་པོའམ་ཡན་ལག་ལྷག་ཆད་ཐུང་དུ་དང ། །དེ་བཞིན་རིང་པོ་ཡང་ན་སྦོམ་པོ་འམ། །སྨད་པའི་མངལ་ན་སྐྱེས་པའམ་མ་ནིང་ངམ། །རྣམ་པ་དེ་འདྲའི་རོ་དག་སྤང་བར་བྱའོ། །མ་ཞུ་བ་དང་རིམས་དྲག་ཚད་པ་དང ། །འཁྲུ་སྐྱུག་བཅིངས་དང་ཆུ་དང་གསལ་ཤིང་དང ། །སྦྲུལ་གྱིས་གསད་དམ་དུག་གིས་ཤི་བ་འམ། །བད་ཀན་སྦྲུལ་སོགས་མཐོང་མིན་བསད་པ་ལ། །ཡན་ 158b ལག་ཚང་ཞིང་ཁ་ན་མ་སྨད་པ། །ལུས་ལ་རྨ་མེད་སྐྱེས་པའི་རོ་མཐོང་ན། །རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས། །ཉིན་པར་ཐོག་ཐག་ཏུ་ནི་བསྲུང་བར་བྱ། །དུར་ཁྲོད་ཁང་སྟོང་དང་ནི་ཤིང་གཅིག་དང ། །བཞི་མདོའམ་འབབ་ཆུ་དག་གམ་ཆུ་ཀླུང་ངམ། །མཚོ་འམ་རྒྱ་མཚོ་འམ་ནི་རི་བོ་ལ། །སྐད་ཅིག་གིས་ཀྱང་རོ་ལངས་འགྲུབ་པར་འགྱུར། །གང་ཡང་རུང་བའི་གནས་གཅིག་བརྟགས་ནས་ནི། །ས་དང་ལྕི་བ་ལ་སོགས་བྱུག་པར་བྱ། །གཙང་མ་དེར་ནི་དཀར་ནག་དམར་པོ་འམ། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་དམ་ཚིག་བྲི། ། གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས། །བསམས་ནས་འདོད་པ་གང་ཡང་རུང་བ་གཅིག་།དད་པ་ཆེན་པོས་རིགས་ཀྱི་ཡུམ་གྱི་མཆོག་།ཟློས་ཤིང་རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །འཇིགས་པ་མེད་པའི་གཡོག་གིས་དེ་བླངས་ནས། །ཁྱེར་ཏེ་འོངས་ནས་ཀུ་ཤའི་སྟེང་བཞག་སྟེ། །སྐྲ་དང་ཁ་སྤུ་རྣམས་ཀྱང་བྲེགས་བྱས་ནས། །དེ་ཡི་མོད་ལ་འབྲུ་མར་དག་གིས་བསྐུ། །དེ་ནས་བུམ་པ་ཞབས་མི་གནག་པ་བཞི། །གཙང་མའི་ཆུས་བཀང་ཁྲུས་རྩིས་སྦྱར་ཏེ་བཀྲུ། །དེ་ནས་གོས་དམར་ཕྲུགས་གཅིག་བསྐོན་ནས་སུ། །དེ་ནས་དཀྱིལ་འཁོར་དབུས་སུ་རྩཝ་སྟན་དང ། །མ་ཉམས་མེ་ཏོག་སྟེང་དུ་རོ་བཞག་ཅིང ། །རོ་ཡི་མགོ་བོ་ཤར་རམ་བྱང་དུ་བསྟན། །དྲི་ཡིས་བྱུག་ཅིང་བདུག་པས་བདུག་པར་བྱ། །ཕྲེང་ 159a ༄#། །བ་གདགས་ཤིང་མེ་ཏོག་སིལ་མས་གཏོར། །ཤ་དང་ཉ་ཤ་མར་ཁུ་ཏིལ་བསྲེས་པའི། །ཁུར་བ་ལ་སོགས་ཇི་སྙེད་བུངས་བསྐྱེད་དེ། །འབྱུང་པོ་ཀླུ་དང་ཤ་ཟ་གནོད་སྦྱིན་དང ། །འདྲེ་ལ་བླ་འོག་ཕྱོགས་སུ་སྤྱིན་པར་བྱ། །གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱ་སྟེ། །རྩེ་གཅིག་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ། །རོ་ནི་ལྡང་དུ་ཉེ་བའི་ཚེ་ན་ནི། །འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང ། །གཙུག་ཏོར་རྒྱལ་པོའི་སྔགས་ཀྱིས་ཐལ་བའམ། །མ་གྲུགས་ཡུངས་ཀར་སོགས་ལ་སྔགས་ནས་སུ། །གཏོར་ནས་ཕྱོགས་བཞི་དག་ནས་འོངས་པའི་བགེགས། །གསང་སྔགས་མཐུ་ཡིས་དེ་དག་འབྱོར་བར་འགྱུར། །དེ་དག་ཞི་བར་བྱ་ཕྱིར་ཁྲོ་བོ་ནི། །བདུད་རྩི་ཐབས་སྦྱོར་དྲག་ཤུལ་ལས་ཅན་སྦྱར། །བགེགས་རྣམས་བཅོམ་པས་དེ་ནས་འོངས་བའི་བགེགས། །གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར། །གང་ཞིག་གསང་སྔགས་ཆོ་ག་ཞིབ་མོ་ལས། །མཐོང་བ་དེ་ནི་ཐོགས་མེད་ངེས་པར་འགྲུབ། །གལ་ཏེ་རོ་དེ་ལངས་པར་གྱུར་པ་ལས། །དེ་ཡི་གསང་སྔགས་ཆོ་ག་མི་ཤེས་ནའང ། །གསང་སྔགས་གཞན་དུ་བསྟན་པའི་ཆོ་ག་ཡིས། །ལངས་པ་དེ་ལ་རང་གིས་དངོས་གྲུབ་བླང ། །གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང ། །རལ་གྲི་ 159b ཉྫ་བཞོན་པ་མངག་གཞུག་དང ། །འབྱུང་ཁུངས་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་སྟེར། །བསྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང ། །དཀའ་ཐུབ་སྟོབས་མེད་སེམས་སྟོབས་མེད་པ་ཡི། །བློ་ཞན་གང་ཞིག་རོ་ལངས་དངོས་གྲུབ་ཚོལ། །དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་དྲུག་པའོ།། །།མི་གང་མི་ཡི་ཤ་ནི་འཚོང་འདོད་དེས། །མར་གྱི་ངོ་ལ་དུར་ཁྲོད་སོང་ནས་སུ། །ཤིང་རྡོ་མཚོན་དང་དུག་དང་དབྱུག་ཏོ་སྨན། །བགེགས་ལ་སོགས་པས་ཤི་བར་གྱུར་པ་ཡི། །བྱིན་པ་བརླ་དང་སྐེ་དང་མགོ་བོ་དག་།འཇིགས་པ་མེད་པས་མཚན་མོ་བླངས་ནས་སུ། །བཏུབས་ཏེ་སྐོན་བུའམ་གྱོ་དུམ་སར་པ་འམ། །གཙང་མ་དེར་ནི་མི་ཉུང་བཞག་པར་བྱ། །ལུས་ལ་ཁྲག་གིས་ལག་རྗེས་བྲིས་ནས་སུ། །རྒྱུ་མས་མགོ་དང་མགྲིན་པ་དཀྲི་བར་བྱ། །ལུས་ལ་མི་ལྤགས་སར་པ་བགོས་ནས་ཀྱང ། །ལག་གཡོན་ཤས་བཀང་གྱོ་མོ་དེ་ཐོགས་ནས། །ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱིས། །རབ་ཏུ་བསྒྲིམས་ནས་དེ་ནི་ཐོགས་ནས་ཀྱང། །སྒྲ་ཆེར་འབོད་ཅིང་ཚིག་ཏུ་ཤ་འདི་དག་།ཁྱེད་ཅག་སུ་ཞིག་ཉོ་བར་བྱེད་འདོད་ཅེས། །ཤར་དང་བྱང་དང་ལྷོ་དང་ནུབ་ཕྱོགས་སུ། །མྱུར་དུ་བསྐོར་ཞིང་ཤིན་ཏུ་བརྗོད་ 160a ༄#། །པར་བྱ། །ཅི་སྟེ་ལུས་ནི་སྣང་ངམ་མི་སྣང་བར། །ཚིག་གིས་ཁྱོད་ནི་ནོར་རམ་རིག་པ་འམ། །བཅུད་ཀྱིས་ལེན་པའམ་གྲོང་ངམ་རྒྱལ་སྲིད་དམ། །ཕུག་ཏུ་འགྲོ་འམ་ཅི་འདོད་ཅེས་ཟེར་ན། །སྔར་ནི་གང་ཞིག་སེམས་ཀྱིས་བསམས་པའི་དོན། །དེ་ཉིད་སྨྲ་ཞིང་གཞན་ནི་སྨྲ་མི་བྱ། །རིག་པ་མང་པོས་བསྟེན་པའི་དུར་ཁྲོད་འདིར། །དོན་འདིའི་ཕྱིར་ནི་སྡུག་བསྔལ་དྲག་པོ་ཡིས། །བདག་ཀྱང་གདུངས་བཞིན་འོངས་ཀྱི་འདི་ཉིད་ན། །ཡོད་ན་ཤ་འདི་ཁྱེར་ལ་བདག་ལ་བྱིན། །ཅི་སྟེ་སྲང་ལ་བཅལ་ཏེ་མ་གང་ན། །རང་གི་ཤ་ཡིས་དེ་ནི་དགང་བར་བྱ། །གལ་ཏེ་དུར་ཁྲོད་འདི་ནི་སྟོང་པ་སྟེ། །ནོར་མེད་བུ་ཁྱོད་གཞན་དུ་སོང་ཤིག་ཅེས། །མཚན་མོ་རྒྱུ་བས་དེ་སྐད་བསྒོ་ན་ནི། །དེ་ལ་བདག་ནི་གང་དུ་འགྲོ་ཞེས་དྲི། །ལན་ཐོབ་དེ་ཉིད་རང་གིས་བརྟགས་ནས་སུ། །ཤ་དེ་བོར་ནས་དེ་ནས་འགྲོ་བར་བྱ། །ཤ་ཡི་ཆོ་ག་ངས་གསུངས་དེ་དག་ནི། །གསང་སྔགས་མ་བཟླས་པས་ནི་བསྟེན་མི་བྱ། །རིགས་མཆོག་གཙུག་ཏོར་སྟོབས་ཆེན་ལ་སོགས་པས། །དུར་ཁྲོད་དུ་ནི་བསྲུང་བར་ངས་གསུངས་སོ། །གསང་སྔགས་དྲག་པོས་གང་ཞིག་ཤ་ཟ་བ། །དེ་ལ་དུར་ཁྲོད་མི་ཤའི་སྦྱིན་སྲེག་བྱ། །རལ་གྲིས་སོར་གཉིས་སོར་གསུམ་ཚད་ཙམ་དུ། །བཏུབས་ནས་མེ་ལ་སྦྱིན་སྲེག་སྟོང་བྱ་ 160b འོ། །མེ་ཏོག་མ་ཉམས་འབྲས་ཡོས་ཤ་ཁྲག་ཉ། །ཆང་དང་སྦྲང་རྩི་བུ་རམ་ཆང་དང་ཏིལ། །བདུག་པ་ཕྲེང་བ་མར་མེ་བྱུག་པ་ཅན། །ལྷ་བཤོས་གཏོར་མ་དུར་ཁྲོད་གཏོར་བར་བྱ། ། དབབ་དང་བསྐྲད་དང་གཉིད་ཀྱིས་མྱོས་བྱ་དང ། །དམག་གཞོམ་གྲོང་ཁྱེར་ཕུང་བར་བྱ་བ་ལ། །ཤ་ཟ་མ་མོའམ་དྲག་མོ་སྲིན་མོའི་ཚོགས། །གནོད་སྦྱིན་རྣམས་ལ་མི་ཤའི་སྦྱིན་སྲེག་བྱ།། མི་ཡི་ཤ་ནི་རྙེད་པར་མ་གྱུར་ན། །བ་ལང་ཤ་ཡི་སྦྱིན་སྲེག་དེ་བཞིན་ཤིས། །མ་ཧེའི་ཤ་འམ་ཁྱི་ཤ་མར་བསྲེས་ལ། །ཚེས་གྲངས་དག་ལ་སྨྱུང་བྱས་སྦྱིན་སྲེག་བྱ། །གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མོར་ནི། །བསང་སྔགས་མཉེས་བྱས་གྲུབ་པ་འདི་རྣམས་སྟེར། །མ་དང་སྒྱུག་མོ་སྲུ་མོ་གྲོགས་མོ་དང ། །བུ་མོ་ཆུང་མ་མནའ་མར་གྲུབ་པར་འགྱུར། །མ་དང་སྒྱུག་མོ་སྲུ་མོ་གང་ཡིན་དེ། །མེད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག་།ཡིད་འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང ། །ཆུང་མ་མནའ་མ་གྲུབ་པ་ཐ་མར་བསྒྲགས། །དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི། །མར་རམ་འབྲུ་མར་མར་མེ་ཙནྡན་དང ། ། གར་དྲི་ཞིམ་བདུག་པས་མཆོད་པ་དང ། །གཏོར་མ་སྣ་ཚོགས་རྟག་ཏུ་མཚན་མོ་སྦྱིན། །གནོད་སྦྱིན་མོ་ནི་དགའ་ནས་མངོན་ཕྱོགས་ནས། །རྙེད་པ་རྙེད་ཅིང་ས་བོན་འབྱུང་བར་བྱེད། །འདོད་ཆགས་ཟིལ་གྱིས་ནོན་པའི་བུད་མེད་དག་།གནོད་པར་བྱེད་པ་ངེས་པར་གནས་པར་ 161a ༄#། །འགྱུར། །བུད་མེད་གནོད་པ་བྱེད་ཚེ་འགྲོ་མི་བྱ། །རྙེད་པ་མང་ཉུང་ལ་ཡང་འདོད་མི་སྐྱེད། །སྔགས་པས་མཚན་མོ་ཁུ་བ་དགག་བྱས་ལ། །བརྩོན་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ། །སེམས་རྨོངས་གང་ཞིག་གཞན་དུ་བརྩམ་བྱས་ན། །གནོད་སྦྱིན་མོས་ནི་མྱུར་དུ་ཕུང་བར་བྱེད། །བསམས་ན་ཕུང་བར་ཡང་ནི་འགྱུར་བ་ཉིད། །ཤ་ཟ་གནོད་སྦྱིན་མོ་ལའང་དེ་ཉིད་དེ། །དེ་ལས་ཆོ་ག་ལྷག་པ་འདི་རྣམས་བྱ། །ཤ་ཆང་ལ་ཕུག་ཚོད་མ་ཅུང་པེང་དང ། །ནས་ཆན་མ་ཤ་ཅན་དང་འབྲས་ཆན་ཉ། ། གཏོར་མ་དེ་དག་ཀུན་ཏུ་བདུག་པ་དབུལ། །གནས་ནི་ཁང་སྟོང་དག་གམ་དུར་ཁྲོད་ཤིས། །མེ་ཏོག་ཤིར་ཤ་ཀུན་དུར་ཨརྒ་དང ། །བིལ་པ་པྲི་ཧ་ཀུ་ཤ་ར་ཛ་རྐ། ། ཀས་ཨུཏྤལ་ཨ་ཏ་རུ་ཤ་ཀ། སེའུ་ཅན་མྱ་ངན་ཚང་སོགས་མེ་ཏོག་དབུལ། །ཀླུ་ལ་བུ་རམ་འོ་མ་མར་སྦྱར་བའི། །བདུག་པ་དྲི་ཞིམ་ཨ་གར་ཙནྡན་དྲི། །ཕྲེང་བ་མེ་ཏོག་དྲི་ཞིམ་སྣ་ཚོགས་དང། །འབྲས་ཆན་ཞོ་དང་འབྲས་ཡོས་འབྲས་བུ་དབུལ། །བ་དན་སྔོན་པོ་བུམ་པ་སྔོན་པོ་དང ། །གོས་ཀྱང་སྔོན་པོ་ལྷ་བཤོས་གཏོར་མ་དྲི། །ཕྲེང་བ་བྱུག་པ་མེ་ཏོག་སྔོན་པོ་དག་།ཇི་སྙེད་བྲང་གིས་འགྲོ་བ་རྣམས་ལ་དབུལ། །མཐེ་བོང་མེ་ལོང་རལ་གྲི་ཆུ་དང་ཤེལ། །མར་མེ་ས་གཞི་བཅས་དང་ནམ་མཁའ་དང ། །ལྷུང་བཟེད་ནོར་བུ་ 161b དག་དང་མེ་འབར་བ། །འདི་ལ་གསལ་བར་སྟོན་པ་རྟག་ཏུ་འབྱུང ། །འདས་པ་དང་ནི་མ་འོངས་ད་ལྟར་བྱུང ། །མཐོ་རིས་ས་སྟེང་དུས་དང་མི་ལྡན་ཡང ། །ལྷ་དང་ལྷ་མིན་དག་དང་མི་དགེ་བའི། །ལས་རྣམས་ཐམས་ཅད་གསལ་བར་སྟོན་པར་རྟོགས། །ཆོ་ག་ཉམས་པའམ་ཡང་ན་ཕྱེད་བཟླས་པ་འམ། །ཡི་གེ་ཆད་དམ་ཡི་གེ་ལྷག་པ་འམ། །བཟླས་བརྗོད་མ་བྱས་དད་པ་མེད་པ་དང ། །མཆོད་པ་མེད་ཅིང་ས་གཞི་མི་གཙང་དང ། །སྤྲིན་གྱི་ཚོགས་ཀྱིས་ཉི་ཟེར་བསྒྲིབས་པ་དང ། །བྱིས་པ་ཡན་ལག་ཉམས་ཤིང་ལྷག་པ་དང ། །དེ་ལྟ་བུ་ལ་མི་ཡི་གསལ་སྟོན་པ། །འབད་པར་མི་འགྱུར་དགོས་པ་ཡོང་མི་སྟོན། །གསལ་སྟོན་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན། །བཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང ། །སྨྱུང་བྱས་དགོངས་ཀར་ས་དང་ལྕི་བ་ཡིས། །བ་ཀོ་ཙམ་གྱིས་ས་གཞི་ལེགས་པར་བྱུག་།བྱུག་སྤོས་དང་ནི་མེ་ཏོག་བདུག་སྤོས་དང ། །ལྷ་བཤོས་མར་མེ་དག་ཀྱང་ཕུལ་ནས་སུ།། བྱིས་པ་གཞོན་ནུ་སྟ་གོན་གནས་པར་བྱ། །དེ་ནས་ནང་བར་ཆོ་ག་འདི་ཀུན་བྱ། །ཁྲུས་བྱས་ལུས་ལ་གོས་དཀར་གཙང་བགོས་ཏེ། །ཤར་ཕྱོགས་ཁ་བལྟས་ཀུ་ཤའི་གདན་སྟེང་དུ། །འདུག་ནས་གསང་སྔགས་རྗེས་སུ་དྲན་པར་བྱ། །མེ་ལོང་ཐལ་བ་གཙང་མས་ལན་བདུན་ནམ། །བརྒྱད་དམ་ཡང་ན་བཅུར་ནི་ཕྱིས་ནས་སུ། །རྩེ་གཅིག་སེམས་ཀྱིས་ 162a ༄#། །གསང་སྔགས་ཟློས་བཞིན་དུ། །བྱིས་པ་གཞོན་ནུ་ནུབ་ཏུ་ཁ་བསྟན་པས། །ལྷ་ཡི་མིག་གིས་བལྟས་ན་འདས་པ་དང ། །ད་ལྟར་དང་ནི་མ་འོངས་མཐོང་བར་འགྱུར། །མེ་ལོང་ཞེས་བྱའི་ཆོ་ག་མཐའ་དག་ནི། །རལ་གྲི་གསལ་བར་སྟོན་ལ་སྦྱར་བར་བྱ། །མཐེ་བོང་རྒྱ་སྐྱེགས་ཁུ་བས་བསྐུས་ནས་སུ། །འབྲུ་མར་དྲི་ཞིམ་དག་གིས་བསྐུ་བར་བྱ། །བུམ་པ་གཙང་མ་ཆུས་བཀང་མི་གཡོར་བཞག་།ས་བཙུགས་ལྷུང་བཟེད་ནོར་བུ་ཆུ་ཡིས་དགང ། །སྐུ་གཟུགས་ལ་ནི་བདུག་སྤོས་མེ་ཏོག་དབུལ།། དེ་ནས་བྱིས་པ་གཞོན་ནུས་བལྟ་བར་བྱ། །གསལ་བར་སྟོན་ནམ་རྨི་ལམ་ལ་སོགས་པས། །དངོས་གྲུབ་བརྟགས་ཏེ་དེ་ནས་བཟླས་བརྗོད་བྱ། །གལ་ཏེ་ཡིད་ནི་ཆེས་པར་མ་གྱུར་ན། །དེ་ནས་རིག་སྔགས་མི་གདུག་བཟླས་བརྗོད་བྱ། །ང་ཡི་གསང་སྔགས་དག་པ་གང་ཡང་རུང ། །གསོ་སྦྱོང་བྱས་ནས་ནན་ཏན་བཟུང་ནས་སུ། །རྒྱལ་བའི་རིང་བསྲེལ་མཆོད་རྟེན་དྲུང་དུ་བཟླས། །ཡང་ན་སྐུ་གཟུགས་མ་ཉམས་སྤྱན་སྔར་བཟླས། །ལུས་དང་ངག་ཡིད་ལག་པ་མིག་དང་ནི། །སྨིན་མཚམས་ཡན་ལག་རྣམ་པར་གཡོ་བ་དག་།རབ་ཏུ་བསྔམས་ནས་དེ་ལ་ཡིད་གཞོལ་ཞིང ། །བྱམས་ལ་གནས་ཤིང་ཀུ་ཤའི་ཁྲེས་ལ་འདུག་།ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ། །དེ་སྲིད་དུ་ནི་འབུམ་མམ་ 162b ཉིས་\?\་འབུམ་བཟླས། །ང་ཡི་གསང་སྔགས་ཧཱུཾ་ཞེས་བྱ་བ་འདིས། །ཤིང་ལའང་འབབ་ན་མི་ལ་སྨོས་ཅི་དགོས། །དེ་ནས་དབབ་པའི་སྣོད་རྣམས་བརྟག་པར་བྱ། །བུ་མོ་གཞོན་ནུ་ལོ་བཅུའམ་བཅུ་གཉིས་པ། །བཅུ་པའམ་བརྒྱད་དམ་བདུན་ནམ་བཞི་འམ་གསུམ། །ཡང་ན་ཁྱེའུ་འང་རུང་སྟེ་གཉིས་སམ་ལྔ། །ཚིགས་རུས་རྩ་མི་མངོན་ཅིང་གཟུགས་བཟང་བ། །ཡན་ལག་རྫོགས་ཤིང་མིག་དཀྱུས་རིང་ལ་དཀར། །ཁ་བཞིན་ཟླ་འདྲ་མཆེ་བ་མཉམ་ལ་རྣོ། །སོར་མོ་ཐགས་བཟང་མཛེས་ལ་ལོང་བུ་ནུབ། །ལྟེ་བ་ཟབ་ཅིང་མཛེས་ལ་ནུ་མཇིང་ལེགས། །བ་སྤུ་རེ་རེ་སྐྲ་ཡང་གནག་ལ་སྟུག་།ལྟོ་བ་མི་རློག་གཉེར་མ་གསུམ་དང་ལྡན། །མདོག་ཀྱང་བཟང་ཞིང་མངའ་བྱད་དང་ཡང་ལྡན། །གང་ལ་ཡིད་དགའ་ལྟ་བ་བརྟན་པར་འགྱུར། །བལྟ་བས་ཀྱང་ནི་ངོམས་པར་མི་འགྱུར་དང ། །ལྷ་གཞན་དག་ལ་མི་ཕྱོགས་དབབ་པའི་སྣོད། །ཚེས་གྲངས་བཟང་ལ་ཉིན་ཞག་གཅིག་ཏུ་ནི། །སྨྱུང་བ་བྱས་པས་བདུག་སྤོས་ཕྲེང་བ་དང ། །ཙནྡན་མར་མེ་མེ་ཏོག་རྣམས་ཀྱིས་མཆོད། །བཟའ་དང་འབྲས་ཆན་ལ་སོགས་གཏོར་མ་མང ། །ལྷ་དང་ལྷ་མིན་གནོད་སྦྱིན་རྣམས་ལ་སྦྱིན། །དབབ་པའི་སྣོད་རྣམས་ཁྲུས་བྱས་གོས་དཀར་བསྐོན། །ཤར་ཕྱོགས་ཁ་བལྟས་བརྒྱན་ནི་རྣམ་པར་སྤང ། །བྱུག་སྤོས་མེ་ཏོག་ལ་སོགས་དེ་ལ་སྦྱིན། །བདུག་པས་བདུག་ཅིང་གསང་ 163a ༄#། །སྔགས་བཟླས་བརྗོད་བྱ། །ཧཱུཾ་གིས་གསང་སྔགས་ཐོག་མར་བཟླས་ནས་སུ། །གྲྀཧྞ་ཨཱ་བི་ཤ་ཞེས་བརྗོད་པར་བྱ། །མིག་ནི་གདངས་ཤིང་འཛུམས་པར་མི་བྱེད་ན། །རྫོགས་པར་གྱུར་པར་ཤེས་པར་བྱས་ནས་སུ། །འཇིགས་པ་མེད་པར་དེ་ཚེ་དྲི་བར་བྱ། །མཆོད་ཡོན་དང་ནི་བདུག་པ་ཕུལ་ནས་སུ། །རིག་པ་མཆོག་གིས་གསང་སྔགས་དྲན་བྱས་ནས། །ཕྱག་འཚལ་ནས་ནི་ལྷ་ཚོགས་གང་ཡིན་དྲི། །དུས་གསུམ་དག་གིས་བདག་གི་དགོས་པ་གང ། །དེ་ནི་ལེགས་པར་དགོངས་ལ་བཀའ་སྩོལ་ཅིག ། བདེ་དང་སྡུག་བསྔལ་དངོས་གྲུབ་ཐོབ་མི་ཐོབ། །ཤེས་ནས་དེ་ཡང་དེ་བཞིན་བཟུང་ནས་སུ། །དེ་མ་ཐག་ཏུ་སླར་ཡང་གཏང་བར་བྱ། །མི་སྡུག་སྔགས་བཟླས་ཆོ་ག་འདི་རྣམས་ཀྱིས། །དབབ་པའི་དོན་ལ་སེམས་ནི་ཕེབས་འགྱུར་གྱིས། །གང་ཞིག་བླུན་པས་གཞན་དུ་བརྩམས་ན་ནི། །དེ་ནི་མི་ཀུན་རྣམས་ཀྱིས་དཔྱས་པར་འགྱུར། །ཞི་ཞིང་གཞུངས་ལ་རྒྱ་ཆེར་དཀྱུས་ཀྱང་རིང ། །བརྟན་ཞིང་གཟི་ཆེ་མདངས་ལྡན་དམར་བར་སྣང ། །འཛུམས་ཤིང་འཕྱད་མེད་ལྷ་ཡི་མིག་འདྲ་བ། །དབབ་པའི་སྣོད་ལ་ལྷ་བབས་དེ་ལྟར་འགྱུར།། མིག་ནི་རབ་ཏུ་དམར་ཞིང་ཟླུམ་པོར་འདུག་།བགྲང་ཅིང་མི་སྡུག་རབ་ཏུ་འཇིགས་འཇིགས་ལྟ། །འཛུམས་པ་མེད་ཅིང་འཇིགས་མེད་བལྟ་བ་ནི། །སྲིན་པོ་ལྟོ་འཕྱེ་གནོད་སྦྱིན་ 163b བབས་པའི་མིག་།གལ་ཏེ་བབས་པ་སྣོད་ནི་མི་གཏོང་ན། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་བརྗོད་པ་འམ། །སྟོབས་པོ་ཆེ་འམ་དགོད་པའམ་ལྕགས་ཀྱུ་བཟླས། །ཡང་ན་རབ་ཏུ་འདུས་པའི་མདོ་སྡེ་བཀླག་།སེངྒེའི་གདན་གྱི་ཨརྒའམ་པ་ལ་ཤའི། །ཡམ་ཤིང་མར་གྱིས་བསྐུས་པ་བརྒྱ་རྩ་བསྲེག་།མ་གྲུགས་ཏིལ་ནི་སྦྲང་རྩིའམ་མར་གྱིས་སྐུས། །གཏུམ་པོས་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱ། །སྔ་མ་བཞིན་དུ་གསང་སྔགས་ཆོ་ག་དག་།དམ་ཚིག་ཆོ་ག་ཇི་བཞིན་སྤྱད་ནས་ནི། །བདག་གིས་ཡིད་དང་མཐུན་པའི་དངོས་གྲུབ་ཐོབ། །སྔགས་པ་ཡུན་རིང་ཉོན་མོངས་མི་འགྱུར་རོ། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བདུན་པའོ།། །།སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་ལམ་ནི། །ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག་།རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡང་དག་བསྟེན་པར་བྱ། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང ། །དེ་བཞིན་འདིས་ནི་མཐོ་རིས་ཐར་པ་ཐོབ། །རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དག་།འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །ངོམས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱིས། །གུས་པར་བསོད་ནམས་གང་དག་བསགས་པ་ཡང ། །བདེ་གཤེགས་གསུངས་པའི་བདེན་པའི་ལམ་དམིགས་ན། །དགེ་བའི་ལམ་དེ་ཡང་དག་བསྐྱེད་ 164a ༄#། །པ་ཡིན། །ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་དོན་དང ། །སྨན་དང་མལ་སྟན་ངན་དོན་ཙམ་གྱིས་ཀྱང། །ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ། །བདག་ལ་བསྟོད་པ་ནམ་མང་མི་བྱ་ཞིང ། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །སྟག་དང་སྤྲུལ་དང་མེ་འདྲར་འཇིག་རྟེན་དག་།བསམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང ། །སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟེག་པའམ་རྟ་དཔྱད་རང་བཟོ་འམ། །བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང ། །གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། །གོང་མོ་སྲེག་པ་འུག་པ་སྐྱེས་པ་དང ། །བུད་མེད་བུ་མོ་བྱིས་པར་ལུག་སོགས། །འཐབ་མོ་འགྱེད་པ་མི་བལྟ་མི་བྱའོ། །ཡུལ་སའི་གཏམ་དང་མི་དབང་བསྟེན་པ་དང ། །དམག་དང་གྱད་དང་ན་ཆུང་གཏམ་དག་དང ། །སྒྲུང་སྡེབས་དང་ནི་སྔོན་གྱི་ལོ་རྒྱུས་དང ། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ། །སྔགས་པ་གསང་སྔགས་བཟླས་པ་མནོས་པ་ནི། །གྲོང་དང་གྲོང་ཁྱེར་ཁྱིམ་དང་གཅུག་ལག་ཁང ། །མཆོད་རྟེན་བསྟི་གནས་རི་དང་དཀའ་ཐུབ་གནས། །ཀུན་དགའི་ལུ་མའམ་རྫིང་བུར་འགྲོ་མི་བྱ། ། 164b སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན། །ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ངམ། །རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང ། །ནགས་ཚལ་སྟོང་པ་དག་དང་ཡུལ་སྟོང་དང ། །གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས། །ཡང་ན་གནས་ནི་ངེས་པར་མ་བྱས་ན། །ཟླ་བ་བརྒྱད་པོ་འདི་ཡིས་དུས་དག་ཏུ། །གནས་འདི་གང་ཡང་རུང་བ་གཅིག་ཏུ་བསྟེན།། མཚོ་དང་ཤིང་དང་རི་བོ་དགོན་པའི་གནས། །མཚེའུ་དང་ཁང་པ་གནས་སམ་ཆུ་ངོགས་སུ། །དགུན་དཔྱིད་ཟླ་བ་རྣམས་ལ་གནས་བྱས་ནས། །སྔགས་པས་དབྱར་ནི་གཅིག་ཏུ་གནས་བྱ་སྟེ། །ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། །ཚུལ་ཞུགས་གནས་གཞན་མི་འགྲོར་གསུངས་པ་བཞིན། །དེ་བཞིན་བཅོམ་ལྡན་འདས་ཀྱིས་སྔགས་པ་ཡང ། །ཟླ་བ་གསུམ་དུ་གཅིག་ཏུ་གནས་པར་གསུངས། །སྔགས་པས་དབྱར་ནི་བསྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱིས་ནི་དུས་ཀྱང་བཟླས་པར་བྱ། །དབྱར་འདས་ནས་ནི་གསང་སྔགས་གཟི་བསྐྱེད་པས། །བདག་ཉིད་བསྲུང་བྱས་བསྒྲུབ་ལ་འཇུག་པར་བྱ། །མེ་ཐབ་ཟླུམ་པོ་གྲུ་གསུམ་གྲུ་བཞི་དང ། །པདྨ་ལྟ་བུར་བྱ་ཞིང་དབྱིབས་ལེགས་ཤིང ། །འཇམ་ཞིང་ཤིན་ཏུ་མཉམ་པར་བྱས་ནས་སུ། །དེ་དག་ས་དང་ལྕི་བས་ལེགས་པར་བྱུག་།ཟླུམ་པོར་དབང་ཐང་བསྐྱེད་དང་ནོར་དགུག་དང ། །སྤྱན་དྲང་ཞི་བའི་ཆོ་ག་བྱ་བར་ཤིས། །གྲུ་གསུམ་དུ་ནི་དགར་བསྐྲད་ 165a ༄#། །བསད་པ་དང ། །གཤེད་བྱེད་ལ་སོགས་དྲག་པོ་རྣམས་ཀྱང་བྱ། །གྲུ་བཞི་པར་ནི་ཀླུ་དང་གསང་བ་པའི། །སྲོག་བསྐམ་པ་འམ་ཡན་ལག་གཞིག་པར་བྱ། །པདྨའི་དབྱིབས་སུ་བུད་མེད་བུ་མོའི་གྲོང ། །ཡུལ་འཁོར་ཐོབ་པའམ་དོན་ཀུན་བསྒྲུབ་པར་ཤིས། །མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང ། །ཐ་མ་ཐོག་ཐག་ཀུ་ཤ་དགྲམ་པར་བྱ། །དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་དང ། །ཡུམ་ལའང་དད་པས་ཕྲེང་བ་བདུག་པ་དང ། །དྲི་དང་མཉམས་མེ་ཏོག་ཅི་སྙེད་པས། །ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱ། །ཡམ་ཤིང་མང་པོ་ཐབ་ཀྱི་དྲུང་བཞག་སྟེ། །རླུང་ཡབ་ཀྱིས་ནི་མེ་ནི་སྦར་བྱས་ནས། །སངས་རྒྱས་རྣམས་ལ་ཕྱག་བྱས་ཁྲོ་བོ་ནི། །བདུད་རྩི་འཁྱིལ་པས་མ་ཉམས་པདྨ་འམ། །མ་གྲུགས་ཏིལ་ནག་ལས་ནི་བདུན་ནམ་བརྒྱད། །བཅུ་འམ་ཉི་ཤུར་སྲེག་བླུགས་མེ་ལ་བསྲེག་།ཀུ་ཤ་བཏིང་བའམ་ཁྲེས་སམ་རྩཝ་སྟན་ལ། ། འདུག་ནས་ཤར་ཕྱོགས་ཁ་བལྟས་རྫས་རྣམས་ནི། །མར་རམ་སྦྲང་རྩི་འོ་མ་ལ་བཏགས་ནས། །རང་གི་གསང་སྔགས་སྒྲུབ་ཕྱིར་སྦྱིན་སྲེག་བྱ། །མེ་ཡི་མཚན་མ་ཉེ་བར་བརྟག་པ་ནི། །མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ལས། །དེ་བཞིན་འགྲུབ་དང་མི་འགྲུབ་ཐམས་ཅད་ཀྱང ། །སྔགས་ཀྱིས་བྱིན་རླབས་མེ་ནི་སྟོན་པར་བྱེད། །དུ་བ་མེད་ཅིང་ 165b གསེར་གྱི་མདོག་ལྟར་དྭངས། །མེ་ལྕེ་རབ་ཏུ་ཆེ་ལ་གཡས་སུ་འཁྱིལ། །ཁ་དོག་འཇའ་འདྲ་ཡང་ན་དཀར་ཡང་རུང ། །ཡང་ན་བྱུ་རུ་བཅག་པའི་ཁ་དོག་འདྲ། །ཤིན་ཏུ་སྣུམ་ལ་མེ་ལྕེ་འགབ་ནས་འཕྲོ། །རབ་ཏུ་འབར་བ་ཉི་མའི་འོད་ཟེར་འདྲ། །དབྱིབས་ནི་བུམ་པ་རྒྱལ་མཚན་གདུགས་ཀྱང་འདྲ། །དཔལ་བེའུ་དང་པདྨ་བླུགས་གཟར་འདྲ། །མེ་ལྕེ་ཏྲི་ཤུལ་རྡོ་རྗེ་རལ་གྲི་འདྲ། །ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ། །རྫ་རྔ་རྔ་ཆེན་དང་ནི་གླིང་བུའི་སྒྲ། །དུ་བ་མེ་ལྕེ་དྲི་ཞིམ་མེ་སྟག་བཟང ། །ཡང་ན་མ་སྦར་བར་ཡང་འབར་གྱུར་ན། །དེ་ཚེ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །དུ་བ་ཆེ་ཞིང་མེ་སྟག་རྒོད་པ་དང ། །འབར་བར་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར། །མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད། །རྩུབ་གནག་སྤྲིན་དང་པ་ལ་ཤ་ཡི་མདོག་།གསལ་ཤིང་འདྲ་ཞིང་ཞིབ་མའི་གཟུགས་ཀྱང་འདྲ། །ཕྱུགས་ཀྱི་མགོ་འདྲ་སྐྲ་ཡང་རབ་ཏུ་རྩུབ། །མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་པ་ཚིག་།མི་རོའི་དྲི་ང་དངོས་གྲུབ་མེད་པ་སྟོན། །མེ་ལྕེའི་མཚན་མ་འདི་འདྲ་མཐོང་ནས་ཀྱང ། །སྟོབས་པོ་ཆེ་ཡི་མར་གྱིས་སྦྱིན་སྲེག་བྱ། །བྱིན་པ་དག་དང་མཆན་ཁུང་སྤུ་རྣམས་ནི། །ལག་པས་ཀྱང་ནི་བཏོག་པར་མི་བྱ་ཞིང ། །མེ་ཡིས་མི་སྲེག་སྤུ་གྲིས་དྲེག་མི་བྱ། །སྤུ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ་།ཇི་ལྟར་རལ་གྲི་སོ་ལ་འཛིན་པའི་མིས། །ལེགས་པར་མ་བཟུང་ལག་ 166a ༄#། །པ་ཆོད་པ་ལྟར། །དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། །འབྲས་བུ་མེད་པའམ་ཡང་ན་ཕུང་བར་འགྱུར། །མི་ནི་ཚུལ་ཁྲིམས་གཙང་སྦྲ་མི་ལྡན་ཡང ། །གསང་སྔགས་ལྷ་ནི་ནམ་ཡང་གནོད་མི་མཛད། །ལྷ་ཡི་འཁོར་དུ་གྱུར་པ་གང་ཡིན་རྣམས། །མི་ཡི་གླགས་མཐོང་ནས་ནི་ཕུང་བར་བྱེད། །སྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི། །ལྷ་བཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ། །སྔགས་པའི་ལས་གྲུབ་ནས་ཀྱང་དུས་ཀུན་ཏུ། །རང་གི་ཉམས་ཀྱིས་ཇི་སྙེད་དབུལ་བར་བྱ། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་བ། །དྲི་ཟ་འབྱུང་པོ་གདོན་གྱི་རིགས་རྣམས་དང ། །གང་དགས་ལ་གནས་པའི་རྫུ་འཕྲུལ་ཅན། བུ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ལ། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་ཕྱིར་ནི་ལོངས་སྤྱོད་ཅིག་།འབྱུང་པོ་གང་དག་རི་རབ་སྟེང་གནས་དང ། །དགའ་བའི་ཆལ་དང་ལྷ་ཡི་གནས་རྣམས་དང ། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང ། །རི་བོ་ཀུན་ལ་གང་དག་གནས་པ་དང ། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང ། །རིན་ཆེན་གནས་ན་ལྷག་པར་གང་གནས་དང ། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང ། 166b གཡའ་ཆུ་སིལ་མ་ཅན་ན་གང་གནས་དང ། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང ། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང ། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དག་དང ། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང ། །ལམ་སྲང་འདུན་ཁང་དང་ནི་བཞི་མདོ་དང ། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དང ། །དུར་ཁྲོད་ཆེན་པོའམ་ནགས་ཚལ་ཆེན་པོ་དང ། །སེངྒེ་དྲེད་དང་གཅན་གཟན་གནས་དག་དང ། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང ། །གང་དག་གླིང་མཆོག་རྣམས་ན་གནས་པ་དང ། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པ་དང ། །བསྟོད་དང་གཏོར་མ་མར་མེ་གུས་དབུལ་བ། །འདི་བཞེས་ནས་ནི་བཏུང་ཞིང་བསྣམས་ནས་སུ། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གདོན་ལ་མཆོད་པ་བྱས་ནས་སུ། །དེ་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་བྱ། །དབང་པོ་འབྱུང་པོའི་ཚོགས་དང་བཅས་པ་ཡིས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་སྲིན་པོ་ཆུ་བདག་དང ། །རླུང་དང་ལུས་ངན་འབྱུང་པོ་གདོན་དང་བཅས། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང ། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང ། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ 167a ༄#། །ལ། །སོ་སོ་སོ་སོར་གཏོར་མ་ཕུལ་འདི་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང ། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ་རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང ། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང ། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ། །གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི། །དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད། །ཡིད་དུ་འོང་བའི་འདོད་པའང་ཐོབ་བར་འགྱུར། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བརྒྱད་པའོ།། །། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང ། །མཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང ། །དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། །ནམ་ཞིག་མི་དག་སྐུ་མཚལ་འབྱིན་པར་བྱེད། །ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་ཡིན་པར་བཤད། །གཏི་མུག་ཅན་གྱིས་སྡིག་པ་གཅིག་བྱས་ཀྱང ། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །མཆོད་རྟེན་བཤིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པའི་མ་ནི་སུན་འབྱིན་དང ། །སློབ་པ་གསོད་ཅིང་དགེ་འདུན་ 167b མངའ་བ་ལ། །གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་པ། །མཚམས་མེད་ཉེ་ལྔར་དེ་བཞིན་གཤེགས་པས་གསུངས། །ཚུལ་ཉམས་མི་གང་ཞིག་ནི་འདི་བྱེད་པ། །བསྐལ་བའི་བར་དུ་མནར་མེད་སྡུག་བསྔལ་མྱོང ། །གསང་སྔགས་དངོས་གྲུབ་བསྒྲིམས་ཀྱང་ཡོང་མི་ཐོབ། །གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག་།ཆུད་གསོན་པ་དང་མེས་ནི་བསྲེག་པ་དང ། །བསམ་པ་ངན་པས་ཆུར་ནི་འདོར་བ་དང ། །ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བའམ། །བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི། །དགེ་སློང་དག་གམ་དགེ་སློང་མ་གསོད་དམ། །དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དམ། །ངན་པའི་སེམས་ཀྱིས་ལྷ་ཁང་བསྲེགས་ཀྱང་རུང ། །མི་ཡི་ཡུལ་ན་སྡིག་པ་འདི་བྱས་པ། །དཀའ་བ་སྤྱོད་པ་ལྡན་ཡང་གྲུབ་མི་ཐོབ། །གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི། །བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང ། །བདག་ཉིད་ངན་པས་དམྱལ་བར་བཅོས་པར་འགྱུར། །དེ་ནས་ཤི་ནས་ལས་ཀྱི་དབང་གིས་ཀྱང ། །རིགས་ངན་མི་དང་དུད་འགྲོར་སྐྱེ་བ་འཐོབ། །འདི་དག་ངས་ནི་ཁྱོད་ལ་མདོར་བཤད་པའོ། །གང་ཞིག་བྱང་ཆུབ་སེམས་ནི་བླངས་པ་ལས། །རྨོངས་པས་འཇིག་རྟེན་ལྷ་ཚོགས་ཕྱག་བྱས་ན། །དེ་དག་དེ་ལ་མི་དགར་གྱུར་ནས་སུ། །དེ་ཡི་གསང་སྔགས་དངོས་གྲུབ་ཉམས་པར་བྱེད། །གང་གི་ཚེ་ན་སེམས་ནི་དང་བ་ཡིས། །མི་ཡི་ཡུལ་ 168a ༄#། །ན་བྱང་ཆུབ་སེམས་བླངས་པ། །དེ་ནི་ཕྱིན་ཆད་ལྷ་དང་ལྷ་མིན་དང ། །འཇིག་རྟེན་མ་ལུས་རྣམས་ཀྱིས་ཕྱག་བྱར་འོས། །མིས་ནི་མངོན་པར་མཐོ་བ་མ་ལུས་པའི། །བསླབ་པ་མཐའ་དག་བླངས་པར་གྱུར་པ་དང ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང ། །དཀོན་མཆོག་གསུམ་གྱི་གདུང་ཡང་བསབས་པ་ཡིན།། གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །རིག་སྔགས་གཅོད་དམ་གནོད་པར་བྱེད་པའམ། །བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད། །དོན་མེད་བཞིན་དུ་སེན་མོས་རྩཝ་གཅོད་དང ། །རྐང་པས་རྐང་པ་ཉེད་པར་བྱེད་པ་དང ། །ཕྱུགས་ལ་སོགས་པ་སྣ་ཚོགས་སྣ་འབུགས་དང ། །འཕགས་པའི་དགེ་འདུན་ལ་ནི་མི་གུས་པ། །འབྱུང་པོར་བྱིན་ནམ་ལྷ་ཡི་གཏོར་མའམ། །ས་ལ་ལྷུང་བས་སྔགས་པས་བཟའ་མི་བྱ། །འདོད་ཆགས་ཟིལ་གྱིས་གནོན་པས་དུད་འགྲོ་དང ། །བུད་མེད་བགྲོད་བྱ་མིན་པར་འགྲོ་མི་བྱ། །གླང་ཆེན་མི་གདུལ་སྤྲུལ་ཡང་མི་གཟུང་ཞིང ། །རྟ་རྒྱུག་གློ་རྡེབས་ལྕགས་ཀྱིས་གཞུ་མི་བྱ། །ལས་དེ་རྣམས་དང་ལྡན་པར་གྱུར་པ་དེའི། །དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར་རོ། །སེམས་ཅན་ནད་ཀྱིས་གདུངས་དང་སྡུག་བསྔལ་ལ། །རྟག་ཏུ་བྱམས་པའི་སེམས་ནི་ཡིད་ལ་བྱ། །དཔེར་ན་ནམ་མཁའ་མཐར་ཐུག་མེད་པ་ལ། 168b འདོམ་གྱིས་གཞལ་བས་མཐའ་རྟོགས་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་གནོད་བྱས་པའི་དགེ་སྡིག་མཐའ་མི་རྟོགས། །རྒྱ་དང་རྙི་དང་བོད་རྒྱ་འཇོལ་བུ་མིས། །ཁྱི་ལ་སོགས་པའི་སེམས་ཅན་གསོད་པ་དང ། །བྱ་རོག་ལ་སོགས་གཟེབ་ཀྱིས་བཅིངས་བྱས་ནས། །འདི་དང་ཕ་རོལ་ཏུ་ཡང་གྲུབ་མི་ཐོབ། །བདུད་དགྲའི་མེ་ཏོག་རྙིང་པ་པོར་བ་རྣམས། །རྐང་པས་མི་རྫི་མགོ་ལ་གདགས་མི་བྱ། །བཀྲེས་པས་གདུང་ཀྱང་དེ་དག་རྣམས་ལ་ནི། །ཕུལ་བའི་ལྷ་བཤོས་རྣམས་ཀྱང་བཟའ་མི་བྱ། །འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང ། །དྲག་པོ་རླུང་ལྷ་སོགས་ལ་ཕྱག་མི་བྱ། །དེས་བཤད་པ་ཡི་ཆོས་ལ་མི་བསྟེན་ཞིང ། །དེ་དག་དཀའ་ཐུབ་མི་སྤྱད་རྟགས་མི་མཆོད།། དེ་དག་ཆོས་ལའང་ངན་སེམས་མི་བྱ་ཞིང ། །དེ་ཡི་སྤྱོད་ལ་ནམ་ཡང་དགའ་མི་བྱ། །དེ་དག་བསྟོད་པ་མི་གདོན་སྔགས་མི་བཟླས། །སྦྱིན་པ་བྱིན་ཚེ་སྙིང་རྗེ་བསྐྱེད་ནས་སྦྱིན།། བདེ་བར་གཤེགས་པ་རྣམས་ཀྱིས་བརྟེན་པ་ཡི། །གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་རྣམས། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ནི། །ཕྱག་འཚལ་ཉ་ལ་ལུས་ཅན་ཕྱག་མི་འཚལ། །དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། །ཕྱག་བྱ་དེ་ལྟར་བདེ་བར་ 169a ༄#། །གཤེགས་ལ་མིན། །འཇིག་རྟེན་ཀུན་གྱི་མངོན་མཐོ་བསླབ་པ་ཅན། །སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི། །སྐྱེ་བ་ལེན་པ་དེ་ལ་ཅི་ཡི་ཕྱིར།། བུ་གཅིག་བདག་ཉིད་ཀུན་དེར་ཕྱག་མི་བྱ། །སྐྱེས་བུ་བསམ་ཡས་རྨད་བྱུང་རྫུ་འཕྲུལ་ཅན། །དེ་ལ་མི་ངན་གང་ཞིག་མི་འདུད་པ། །དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུར་ནས། །དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ཏོ། །དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི། །ཡིད་འོང་ཕྱི་ནས་འབྲས་བུར་འགྱུར་བ་ལྟར། །སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས། །འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས། །གང་ཞིག་རང་བཞིན་ཆགས་སྡང་རྣམ་བྲལ་ཡང ། །བརྩེལ་སྙིང་རྗེ་ཁྲོ་ལ་ཁྲོ་བ་དང ། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་ཚུལ་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་ལ་ཇི་ལྟར་མཐུན་པ་ཡི། ། གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་དགུ་པའོ།། །། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག་།བྱ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་བཤད་ 169b པར་རྒྱལ་བས་གསུངས། །ངས་ནི་གསང་བ་པ་རྣམས་གཞོམ་པ་དང ། །དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། །དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡི།། གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད། །ཕོ་ཉ་བཅུ་དང་རིག་པའི་རྒྱལ་པོ་བདུན། །དེ་བཞིན་ཕྱག་བརྙན་དྲུག་ཅུ་རྩ་བཞི་དང ། །ང་ཡི་སྙིང་པོ་དམ་པ་བརྒྱད་རྣམས་དང ། ཁྲོ་བོ་དྲག་པོ་བདུད་རྩི་ཐབ་སྦྱོར་དང ། །རིག་པ་མཆོག་ལ་སོགས་པ་མཐུ་བོ་ཆེ། །རིག་པའི་བདག་པོ་གསང་སྔགས་རྗེས་འབྲང་བཅས། །དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་བ། དེ་དར་ནི་འདི་དག་ང་ཡིས་རྒྱ་ཆེར་བཤད། །སྤྱན་རས་གཟིགས་ཀྱི་གསང་སྔགས་བྱེ་བ་ཕྲག་།གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། །དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང ། །དེ་ཡི་མིང་ཅན་དཀྱིལ་འཁོར་དམ་པ་གསུམ། །བཅུ་གཉིས་ཕྱག་དང་ཕྱག་དྲུག་པ་དང་ནི། །ཐོར་ཚུག་ཅོད་པན་འདོད་པ་འབྱོར་བྱེད་དང ། །ཞལ་བཞི་དོན་ཡོད་ཞགས་ལའང་བདུན་བསྟན་པ། །ས་སྟེང་གསང་སྔགས་ཉི་མ་བདུན་ལྟར་འབར། །དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ། །མི་ལ་མཆོག་སྦྱིན་འཇིག་རྟེན་གསུམ་གྱིས་འདུད། །སྒྲོལ་མ་དཀར་མོ་གོས་དཀར་ཅན་མ་དང ། །རྣམ་གཟིགས་རལ་པ་གཅིག་མ་དཀར་ཤམ་དང ། །གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས། །པདྨའི་རིགས་ 170a ༄#། །ཀྱི་རིག་སྔགས་རྒྱལ་མོ་མཆོག་།དེ་དག་དཀྱིལ་འཁོར་སྨྲ་ཚོགས་གཟུགས་ཅན་དང ། །ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། །རྒྱལ་བའི་གསང་སྔགས་རྒྱུད་དུ་འོག་པག་ཅན། །རིག་པའི་དབང་ཕྱུག་གསང་སྔགས་བདག་པོར་བསྒོམ། །དེ་ཡི་གསང་སྔགས་མི་ལ་གྲུབ་མཆོག་སྟེར། །དེ་ལ་ལྔས་རྩེན་ཡང་ནི་མངོན་པར་དགའ། །གནོད་སྦྱིན་དབང་ཕྱུག་དེ་དང་རྟགས་མཐུན་པས། །དེ་ཡི་བཀའ་ཡིས་གསང་སྔགས་ཚོགས་རྣམས་བཤད། །ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། །དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ། །ནོར་གྱི་བདག་པོས་སྟོང་ཕྲག་སུམ་ཅུ་སྟེ། །གང་པོའི་ཕ་ཡིས་ཀྱང་ནི་འབུམ་བཤད་དོ། །ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ། །དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད། །ཁ་ཅིག་ང་ཡི་རིགས་སུ་གཏོགས་པ་སྟེ། །ཁ་ཅིག་ཀྱང་ནི་པདྨའི་རིགས་སུ་གཏོགས། །ཁ་ཅིག་ནོར་གྱི་རིགས་སུ་གཏོགས་པ་ཡིན། །གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམ། །ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུངས། །ང་ནི་རྡོ་རྗེའི་རིགས་ལས་རབ་ཏུ་བསྟན། །སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། །རིགས་བཞི་པ་ནི་འདིར་ཡང་ལྔས་རྩེན་ཡིན། །གསང་སྔགས་མདོ་སྡེར་ངས་བཤད་གང་ཡིན་དེ། །བཞི་པོ་འདིར་ནི་རྣམ་པར་སྦྱར་བར་བྱ། །གཞན་ 170b ཡང་འདི་ན་ཁ་ཅིག་གནས་མེད་པར། །བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམ་པ། །མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང ། །འབྱོར་བར་འདོད་པའི་མིས་ནི་རྣམ་པར་སྦྱར། །ལམ་འདི་ཉིད་དུ་ཞུགས་པའི་སྔགས་པས་ནི། །ཡིད་དང་མཐུན་པའི་དངོས་གྲུབ་ཐོབ་བར་འགྱུར། །སྲིད་གསུམ་ནང་ན་རྒྱལ་བ་དཀོན་མཆོག་སྟེ། །དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས། །དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ། །སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ། །འདི་གསུམ་བསོད་ནམས་རྣམ་འཕེལ་རྒྱུ་ཡིན་པས། །དངོས་གྲུབ་འདོད་པས་གསང་སྔགས་མགོ་ལ་གདོན། །བསོད་ནམས་ཆེད་དང་ལོག་འདྲེན་རྨོངས་བྱའི་ཕྱིར། །ཕྱག་ན་རྡོ་རྗེ་གཏུམ་མཆོག་ཕྱག་འཚལ་ཞེས། །གསང་སྔགས་རྣམས་ཀྱི་མགོ་ལ་སྦྱར་བར་བྱ། །གནོད་སྦྱིན་མགོན་པོ་ངས་ནི་བཤད་པ་ཡིན། །ནོར་གྱི་རིགས་དང་པདྨའི་རིགས་ལ་ཡང ། །རང་གི་གསང་སྔགས་བདག་པོར་ལྡན་པར་བྱ། །བདེ་བར་གཤེགས་མིན་ཉན་ཐོས་ལམ་ཞུགས་དང ། །རང་རྒྱལ་རྣམས་ཀྱི་ལམ་ལ་གནས་པ་དང ། །དད་པ་མེད་ཅིང་ཚུལ་ཁྲིམས་འཇུངས་པ་ཡིས། །ང་ཡི་རྡོ་རྗེ་ནམ་ཡང་བཅང་མི་བྱ། །གང་ཞིག་ཐེག་པ་མཆོག་ལ་སྡང་བ་དང ། །བདུད་ཀྱིས་བཤད་པ་ཡིན་ཞེས་སྨྲ་བ་དང ། །རྨོངས་ནས་ང་ལ་གནོད་སྦྱིན་ཞེས་སྨྲ་དང ། །བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི། 171a ༄#། །དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང ། །དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས། །ང་ཡི་རིགས་ཀྱི་གསང་སྔགས་བཟླས་བརྗོད་ན། །དེ་དག་རྣམས་ཀྱིས་ལུས་ནི་མྱུར་དུ་འཇིག་།གང་ཞིག་ང་རིགས་རྗེས་སུ་འབྲང་བའི་གདོན། །འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡིས། །ང་ཡི་སྔགས་ཟློས་རྡོ་རྗེ་ཐོགས་པ་དག་མཐོང་ནས་ཁྲོས་ནས་ཕུང་བར་བྱེད་པར་འགྱུར། །གང་ཞིག་ཐེག་མཆོག་རྒྱ་ཆེན་ཀློག་པ་དང ། །དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ། །བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ། །དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིན་མཛད། །ངས་ནི་འགྲོ་ལ་ཕན་ཕྱིར་སངས་རྒྱས་པའི། །གསང་སྔགས་ཡངས་ཤིང་རྒྱས་པར་བཤད་པ་ཡིན། །དེ་ནས་གཞན་ཡང་འཇིག་རྟེན་པ་བསྡུས་ནས། །ཞར་ལ་བཤད་པ་འདི་དག་ཁྱོད་ཀྱིས་ཉོན། །དྲག་པོ་ཡིས་ནི་བྱེ་བ་ཕྲག་བཅུ་བཤད། །ནོར་ལྷའི་བུས་ནི་སྟོང་ཕྲག་སུམ་ཅུ་སྟེ། །ཚངས་པ་ཡིས་ནི་སྟོང་ཕྲག་དྲུག་ཅུ་ཉིད། །ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ། །ནམ་མཁའ་ལྡིང་གིས་སྟོང་ཕྲག་བཅོ་བརྒྱད་དེ། །གཏུམ་བྱེད་མས་ནི་སྟོང་ཕྲག་བརྒྱད་བཤད་དོ། །མེ་ཡིས་ཀྱང་ནི་བརྒྱ་ཕྲག་བདུན་ཉིད་དང ། །ཕུར་བུ་གསུམ་པ་ཡིས་ནི་སྟོང་བཤད་དོ། །ཀླུ་མི་རྒྱལ་པོ་རྣམས་ཀྱིས་ལྔ་སྟོང་སྟེ། །མཚན་མོ་ 171b རྒྱུ་དབང་སྟོང་ཕྲག་བཅུ་གཉིས་བཤད། །འགྲོ་ལ་ཕན་ཕྱིར་འཇིག་རྟེན་བདག་པོ་བཞིས། །འབུམ་ཕྲག་བཞི་ནི་རབ་ཏུ་བཤད་པ་ཡིན། །ལྷ་མིན་དབང་པོས་འབུམ་ཕྲག་གཉིས་ཉིད་དེ། །ལྷ་ཡི་དབང་པོས་ཀྱང་ནི་འབུམ་ཕྲག་གསུམ། །གསང་སྔགས་ཕྱག་རྒྱ་སྣ་ཚོགས་ཆོ་གར་ལྡན། །སོ་སོའི་གཞུང་གི་དཀྱིལ་འཁོར་རྣམས་དང་བཅས། །རང་སྔགས་རྡོ་རྗེའི་རྗེས་འབྲངས་དད་བསྐྱེད་ན། །མ་བསྒྲིམས་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ། །དེ་ལས་བཟློག་ན་དངོས་གྲུབ་མི་ཐོབ་ལ། །སྡུག་བསྔལ་མང་པོ་ཡང་ནི་འཐོབ་པར་འགྱུར། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་པའོ།། །།བཅུད་ཀྱིས་ལེན་དང་གཏེར་དང་ཕུག་འགྲོ་དང ། །ནོར་བསྒྱུར་འབྱུང་ཁུངས་སྔགས་དང་གསེར་བསྒྱུར་རྩི། །རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ། །བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲགས་པ་ཡིན། །སྔགས་དང་ཕུག་ཏུ་འགྲོ་དང་བཅུད་ཀྱིས་ལེན། །སྡིག་པ་སྤོང་བར་བྱེད་པ་མཆོག་ཏུ་བསྟན། །རིན་ཆེན་དང་ནི་གཏེར་དང་འབྱུང་ཁུངས་འབྲིང ། །གསེར་བསྒྱུར་རྩི་དང་ནོར་བསྒྱུར་ཐ་མ་འོ། །མི་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན། །དཀའ་ཐུབ་གྱིས་ཕྱུག་དང་པོར་བསྟན་པའི་སྣོད། །རྡུལ་ཤས་ཆེ་བ་ལ་ནི་འབྲིང་པོར་གསུངས། །ཐ་མ་ལ་ནི་མུན་པ་ཅན་གྱིས་བསྟེན། །གང་ཞིག་མཆོག་ཏུ་བསྟན་པ་བསྟེན་འདོད་པ། །དེས་ནི་ཐ་མར་ 172a ༄#། །བསྟན་པ་རྣམ་པར་སྤང ། །གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས། །གདུངས་ན་འབྲིང་པོ་ལ་ནི་བསྟན་པར་བྱ། །ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང ། །ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང ། །ཐོས་མང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང ། །དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱི་འཐོབ། ། ཆགས་དང་རྣམ་བྲལ་དགེ་ལ་དགའ་བ་དང ། །རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་དང ། །སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་པ་ཡི། །མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། །རྡོ་རྗེ་མཚོན་མེ་གནམ་ལྕགས་མཐུ་འདྲ་བའི། །གསང་སྔགས་མི་ཡི་འཇིག་རྟེན་མཆོག་སྦྱིན་མཛད། །འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང ། ། སྡུག་བསྔལ་སེལ་ཅིང་སྡིག་འཇོམས་གཞན་མེད་དོ། །གང་ཞིག་དཔག་བསམ་ལྗོན་པའི་ཤིང་ལྟ་བུ། །ལ་ལར་དངོས་གྲུབ་ལ་ལར་བསོད་ནམས་དང ། །གཞན་ལ་གཟུགས་སྟོབས་ཆེ་དང་བདེ་བ་དག་།ཡིད་མཐུན་འབྲས་བུ་འདོད་པའི་མི་ལ་སྩོལ། །གསང་སྔགས་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། །གང་ཞིག་སྡུག་བསྔལ་གང་ཞིག་འཇིགས་སྐྲག་པའམ། །རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི། །འགྲོ་བའི་ཚོགས་ཆེན་མཐའ་དག་སྐྱོབ་པར་མཛད། །གང་ཞིག་ཡུལ་དང་ཁྱིམ་ལ་བསྟེན་ཀྱང་རུང ། ། 172b དཀའ་ཐུབ་མ་ཉམས་རྩེ་གཅིག་སེམས་ཀྱིས་ནི། །ཉིན་ཞག་གཅིག་ཏུ་ཅུང་ཟད་སྔགས་བཟླས་ན། །དེ་ཡི་གསང་སྔགས་དུས་ཤིག་ན་ནི་འགྲུབ། །ཆོ་ག་བཞིན་དུ་དང་པོར་འབུམ་བཟླས་ནས། །དེ་ནས་སྔགས་པ་བསྒྲུབ་ལ་འཇུག་པར་བྱ། །དེ་ནས་དངོས་གྲུབ་མྱུར་དུ་ཐོབ་འགྱུར་ལ། །གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས། །ལུས་ལ་ས་ཡིས་དྲིལ་ཕྱིས་བྱས་ནས་སུ། །ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་ཀྱང ། །ཅི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །བྱུང་ནས་ཤར་རམ་བྱང་དུ་ཁ་བལྟས་ནས། །ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ། །པུས་མོ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་དབུ་བ་མེད་པས་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང ། །སྦྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ། །རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང ། ། གཞོན་ནུ་མ་དང་བྲམ་ཟེ་རྒན་མོ་རྣམས། །དེ་ལ་ནམ་ཡང་སྔགས་པས་རེག་མི་བྱ། །སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། །བརྒྱ་ལ་དེ་དག་རྣམས་ཀྱིས་རེག་གྱུར་ཏམ། སྒྲུབ་པོས་དེ་དག་རྣམས་ལ་རེག་གྱུར་ན། །སླར་ཡང་ཁྲུས་དང་འཐོར་འཐུང་བྱས་ནས་སུ། །དེ་ནས་ཕྱིར་ཡང་བཟླས་ལ་འཇུག་པར་བྱ། །གཙང་སྦྲ་ལ་དད་ཟློས་དགའ་སྙིང་ 173a ༄#། །རྗེ་ཅན། །རྟག་ཏུ་ལེན་པ་ལས་ནི་ལོག་པ་དང ། །སློང་མོའི་ཟས་ཟ་ལྷ་ཡི་ལས་ལ་བརྩོན། །དེ་ཡི་ལུས་ལ་གསང་སྔགས་འཇུག་པར་འགྱུར།། འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང ། །བཞོན་པ་རྒྱན་དང་བྱུག་པ་བཟའ་བཏུང་དང ། །མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན། །དེ་ལ་སྒྲུབ་ལ་གནས་པར་མི་བླང་ངོ ། །ས་ཕུང་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡིས་ཇི་སྲིད་དུ། །དྲི་མ་དྲི་བྲལ་དེ་སྲིད་བར་དུ་བྱ། །སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེགས་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག་།ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་པ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ན་གནས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅི་སྟེ་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱིས། །གསང་སྔགས་བསྒྲུབས་ཀྱང་དངོས་ 173b གྲུབ་མ་ཐོབ་ན། །འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པའམ། །ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ། །དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་གྱུར་ན། །དེས་ནི་གསང་སྔགས་མཐུ་ཡིས་འདི་ཉིད་དུ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ། །སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང ། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །དེ་ལྟར་མི་དབང་ཡན་ལག་བདུན་ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པའང་ཡན་ལག་འདི་བདུན་དང ། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །དང་པོ་བཟླས་བརྗོད་ཕལ་ཆེར་བྱས་ནས་སུ། །དེ་ཡི་འོག་ཏུ་འདིར་ནི་སྦྱིན་སྲེག་བྱ། །སྦྱིན་སྲེག་དག་གིས་གསང་སྔགས་མཆོག་མྱུར་སྩོལ། །ཡིད་དུ་འོང་བའི་འདོད་པའང་སྦྱིན་པར་མཛད། །གང་གིས་དཔག་ཚད་བརྒྱ་ཡི་ཕ་རོལ་ནས། ། གསང་སྔགས་མཐུ་ཡིས་བུད་མེད་བཀུག་ཀྱང་ནི། །བུད་མེད་མ་ཡིན་གནོད་སྦྱིན་བུ་མོ་སྟེ། །དེ་གཟུགས་ཆ་བྱད་ཀྱིས་ནི་སྔགས་པ་བསྟེན། །འདོད་པའི་དོན་ཕྱིར་བསྒྲུབས་པ་གང་ཡིན་ཏེ། །གྲུབ་ནའང་གནོད་སྦྱིན་བུ་མོས་སྦྱིན་པར་བྱེད། །དེ་ནི་བུད་མེད་དེ་ཡི་ལུས་སུ་ཡང ། །སྤྲུལ་ནས་མཚན་མོ་འདོད་པ་བསྟེན་པར་བྱེད། །ཇི་ལྟར་མི་དག་འདོད་ཕྱིར་ 174a ༄#། །བུད་མེད་ལ། །བསྟེན་པའི་མི་ནི་ནོར་ནི་ཟད་འགྱུར་ལྟར། །དེ་བཞིན་གནོད་སྦྱིན་མོ་འམ་བྲན་མོ་དག་།གསང་སྔགས་མཐུས་བཀུག་བསྟེན་པར་བྱེད་པའོ། །གཞན་གྱིས་ཆུང་མར་ཡིད་ལ་བཞག་ནས་སུ། །གང་ཞིག་དེ་ལ་འདོད་གདུངས་སྟེན་བྱེད་པ། །མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། །འདོད་པ་སྤྱད་པས་སྡིག་པ་མང་དུ་ཐོབ། །རྒྱལ་བ་ལ་དང་གཞན་ལ་ཕན་བརྩོན་པའི། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་དྲི་ཟ་དང ། །གྲུབ་པར་བཅས་པའི་སྔགས་བཤད་གང་ཡིན་པ། །དེ་དག་རྒྱལ་བའི་ཉན་ཐོས་རང་སངས་རྒྱས། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། །མ་འོངས་སེམས་ཅན་མགོན་སྐྱབས་མེད་རྣམས་ལ། ། རབ་ཏུ་གཟིགས་ནས་བྱིན་གྱིས་བརླབ་པ་མཛད། །དེ་དག་འབྲས་བུ་རབ་དང་འབྲིང་དང་ནི། །ཐ་མར་དབྱེ་བས་རྣམ་པ་གསུམ་དུ་བསྟན། །མཁའ་ལ་འགྲོ་དང་དཔལ་གྱི་ཕུག་ཏུ་འཇུག་།འདོད་དགུའི་གཟུགས་ཅན་མི་སྣང་རྣམ་པ་དང ། །གནོད་སྦྱིན་མོ་ཡི་ཁྱོ་དང་བཅུད་ཀྱིས་ལེན། །མིག་འཕྲུལ་སྒྱུ་མ་མཚན་མོ་རྒྱུ་བ་སྟེ། །དེ་དག་མཆོག་ཡིན་འབྲིང་ནི་ས་བདག་གོ་།གྲོང་དང་ནོར་དང་དབྱེ་དང་དགུག་པ་དང ། །དགར་དང་བསྐྲད་པ་དང་ནི་གསད་པ་དང ། །ཀླུ་ཡི་གདོན་གྱིས་ཟིན་པ་གསོ་བ་དང་།། 174b གང་ཡང་འདི་ལྟ་བུ་དང་མཐུན་པའི་ལས། །དེ་ནི་མཁས་པས་ཕྲན་ཚེགས་ཡིན་པར་བསྟན། །བྱེ་ཕྲག་ཏུ་ནི་ཀླུ་དང་གནོད་སྦྱིན་དང ། །བྱིས་པ་གདོན་གྱིས་ཟིན་དང་གང་དག་ཏུ།། ལུས་ཅན་རྣམས་ལ་ངོ་མཚར་སྣ་ཚོགས་དག་།སྟོན་པར་བྱེད་པར་ཕྲ་མོ་ཕྲན་ཚེགས་ཡིན། །བྱ་བ་དང་ཁུ་ཚུར་ཐལ་ལྕག་སྐྲ་དྲང་དང ། །རྣ་བར་བཟླས་དང་དབང་དང་བསྐྲད་པ་པ་དང ། །བསད་དང་བཅིང་ལ་སོགས་པས་ཚར་གཅད་དང ། །བོད་དང་རིག་པའི་གོས་དང་སྔགས་གོས་དང ། །རྡོག་པས་བསྣུན་དང་རྣམ་པར་བསྐྱོད་པ་དང ། །མིག་ཏུ་དུག་སོང་\?\་ལྟར་ནི་གཞུག་པ་དང ། །ཁབ་ཀྱིས་གཟུགས་དང་ཁ་བཅིང་སྐྱུག་ཏུ་གཞུག་།ཕུ་ཞེས་བུད་དང་ཡན་ལག་གཞིག་པ་དང ། །བྲང་གིས་འགྲོ་བ་དག་དང་དགུག་པ་དང ། །ཕྱིར་ཡང་བཅིང་དང་མནན་པར་བྱ་བ་དང ། །རྨོངས་པར་བྱེད་དང་དུག་ཟར་གཞུག་པ་དང ། །དུག་ནི་གཞན་ལ་སྤོ་བར་བྱ་བ་དང ། །ལྕགས་ཀྱུར་ལྡན་པས་དྲང་བར་བྱ་བ་འམ། །ལུས་ལ་ཞེན་པའི་དུག་ནི་བསླང་བ་འམ། །ཟོས་པར་བཟའ་དང་ཟོས་པ་བཅད་པ་དང ། །ས་བཅིང་བ་དང་ཕོ་ཉ་བཏང་བ་དང ། །བསྐྲད་པ་དང་ནི་ཀླུ་ལ་བསྟན་པ་དང ། །དུང་དང་རྫ་རྔའི་སྒྲས་ནི་བསླང་པ་སྟེ། །རྣམ་པ་འདི་དག་དུག་གི་རྒྱུད་དུ་བཤད། །ས་ཡི་སྟེང་ན་སྦྲུལ་ནི་བརྒྱད་ཅུ་དག་།གཞན་ལ་གནོད་པར་བྱེད་ཅིང་རྣམ་པར་འཁྱམ། །དེ་དག་རྣམས་ནི་ 175a ༄#། །ཉི་ཤུ་གདེངས་ཀ་ཅན། །འཁྱིལ་པ་དྲུག་དང་དུག་མེད་བཅུ་གཉིས་དང ། །དེ་བཞིན་སྤྲུལ་ནི་ཁྲོ་བོ་བཅུ་གསུམ་སྟེ། །སུམ་ཅུ་གང་ཡིན་རིགས་དེའི་ནང་དུ་གཏོགས། །སྦལ་པའི་མགོ་དང་སྡིག་པ་ཁ་བརྒྱད་དང ། །རྣམ་པར་དབྱེ་ན་རབ་ཏུ་མང་པོ་ཡོད། །གཅིན་རྟུག་ཁ་ཆུ་རེག་དང་མཐོང་བ་དང ། །མཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང ། །དེ་ལ་དུག་གི་རྒྱུད་ལ་མཁས་པ་ཡིས། །རབ་འབྲིང་ཐ་མ་རྣམ་པ་གསུམ་དུ་དབྱེ། །དུག་མོད་ཁྲོ་བོའི་དབང་བསྒྱུར་སྐྲག་པ་དང ། ། དེ་བཞིན་སྔགས་པའམ། བཀྲེས་པའི་ཟས་ཕྱིར་རམ། །ཤ་ཁོན་ཡོད་པའམ་གཤིན་རྗེས་བསྟན་པའམ། །ལུས་ལ་བརྫིས་ན་དེ་དག་ཟ་བར་བྱེད། །ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། །མཆེ་བས་འཛིན་དང་སོས་བཅད་བཏབ་པའོ། །གང་དུ་མཆེ་བ་གཅིག་གིས་ཁྲག་ཕྱུང་རྗེས། །དེ་ནི་དུག་ཆུང་བས་ནི་ཟིན་པར་བཤད། །གང་དུ་མཆེ་བ་གཉིས་ཀྱིས་བཏབ་ནས་སུ། །ཁྲག་དག་བྱུང་བར་གྱུར་པ་ཟོས་པའོ། །གལ་ཏེ་མཆེ་བ་གསུམ་གྱིས་ཤ་བཅད་ན། །དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན།། གང་དུ་མཆེ་བ་བཞི་ཡིས་བཏབ་ནས་སུ། །སྦྲུལ་གྱི་ལུས་ནི་ཟོས་པར་གྱུར་པ་དེ། །བཏབ་ནས་ཟོས་པ་ཡིན་ཞེས་བཤད་པ་སྟེ། །དེ་ནི་སྨན་རྣམས་ཀྱིས་ཀྱང་བཟློག་པར་ 175b དཀའ། །མེ་ཡི་རང་བཞིན་གནད་རྣམས་འདྲལ་བའི་དུག་།མཚོན་དང་མེ་དང་གཟི་བརྗིད་མཚུངས་པ་དང ། །ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞི་འགྱུར་བ། །དེ་ལྟར་སྨན་པས་སྦྱོར་བར་མི་ནུས་སོ། །ཇི་ལྟར་མེ་དཔུང་ཆེན་པོས་བུད་ཤིང་ལ། །ངེས་པར་སྲེག་ལ་ཆར་བབ་སྐད་ཅིག་གིས། །ཞི་བར་གྱུར་པ་དེ་བཞིན་དུག་དག་གིས། །མེ་དཔུང་ལྟ་བུའང་སྔགས་ཀྱིས་ཞི་བར་བྱེད། །དུག་གི་མཐུ་སྟོབས་ཤེས་ནས་རབ་བསྒྲིམས་ཏེ། །གསང་སྔགས་ཆོ་ག་ཇི་བཞིན་བཟླས་ནས་ནི། །བ་ལང་ཁྱུ་ན་སེངྒེ་ཇི་ལྟ་བར། །དུག་ཅན་སྤྲུལ་དང་དོགས་མེད་ལྷན་ཅིག་རྩེ། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པ་དང ། །དྲི་ཟ་འབྱུང་པོས་མཚུན་དང་གསང་བ་པ། །ཡི་དྭགས་ཤ་ཟ་དག་དང་ལུས་སྲུལ་པོ། །སྨྱོ་བྱེད་དག་དང་འཕྲོག་མ་གྲིབ་གནོན་དག་།ས་ཡི་སྟེང་ན་གདོན་ནི་སྣ་ཚོགས་པ། །མི་ཡི་ཤ་ཚིལ་ཟ་ཞིང་ཁྲག་ཀྱང་འཐུང ། །མི་ངན་འདོད་གདུངས་ཁྲོ་བས་ཉམ་ཐག་པའི། །གླགས་སྐབས་རྙེད་ནས་ལུས་ལ་འཇུག་པར་བྱེད། །དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཅིང ། །གླུ་ལེན་གར་བྱེད་དགོད་ཅིང་ཁྲོ་བ་དག་།དགའ་ཞིང་རྔམ་པ་ཚེ་ལ་སྨྲ་འདོད་དང ། །སྤྱོད་པ་སྣ་ཚོགས་བྱེད་ཅིང་ལྷ་རྣམས་དང ། །ལྷ་མིན་ལྟར་བཅོས་སྐྱེ་བོའི་བཞད་གང་བྱེད། །གཏོར་མ་འདོད་པའམ་རྩེ་མོ་བྱེད་འདོད་པས། །གསང་བའི་དོན་ཏུ་ལུས་ལ་འབབ་ཅིང་འཇུག་།གསང་པ་པ་རྣམས་གཞིག་ཕྱིར་རིག་ 176a ༄#། །པའི་མཆོག་།མཐུ་ཅན་མཆོག་སྦྱིན་རྡོ་རྗེ་ལྕགས་ཀྱུ་འམ། །གཞན་ཡང་ང་ཡི་རིགས་བྱུང་རིག་པའམ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་སོགས་པས་གསོ། །ཅི་ལྟར་གསང་སྔགས་འཛིན་པའི་མི་དག་ལ། །གདོན་རྣམས་འཇིགས་པར་གྱུར་པ་དེ་ལྟར་ནི། །མི་མིན་རླུང་མིན་གྲོང་ཁྱེར་སུམ་བརྩེགས་དང ། །འཇོམས་བྱེད་གཟི་བྱིན་ཉི་མ་མེས་པོ་དང ། །ཆུ་བདག་མ་ཡིན་ལྷ་མིན་རྣམས་ཀྱི་མིན། །ནོར་བདག་མ་ཡིན་གནོད་སྦྱིན་རྒྱལ་པོས་མིན། །ལྷག་མ་མཁའ་ལྡིང་བྱ་ཡི་རྒྱལ་པོ་དང ། །ས་བསྲུངས་བུ་ཞོན་ཁྱེར་འཇིགས་རྣམས་ཀྱི་མིན། །འབྱུང་པོའི་རིག་སྔགས་འདིར་ནི་ཀུན་མཐོང་དང ། །གདོན་གྱི་སྤྱོད་པ་མ་ལུས་ཤེས་ནས་སུ། །ཕྱི་ནས་གདོན་རྣམས་དོགས་མེད་བཏུལ་ནས་ནི། །གདོན་གྱིས་མི་འཇིགས་སླར་ཡང་ཚུགས་མི་འགྱུར། །རིག་གསུམ་འཕེལ་དང་སྲིད་གསུམ་མཐར་ཕྱིན་དང ། །ཉེས་པ་གསུམ་སྤངས་ལམ་གསུམ་ཐུགས་སུ་ཆུད། །དེ་ཡིས་སྲས་དང་དེའི་ལམ་རྗེས་འགྲོ་བའི། །ལྷ་དང་ལྷ་མིན་སོགས་པས་བཤད་པའི་སྔགས། །བདག་ཉིད་ཆེན་པོ་མུན་པ་སེལ་བ་ཡི། ། གསང་སྔགས་ཀྱིས་ནི་བྱིན་གྱིས་བརླབས་དེ་ལ། །འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས་བསྔགས་པ་ཡི། །གསང་སྔགས་མཐུ་ཡིས་དེ་ལ་བསྐྱོད་དུ་མེད། །རྡོ་རྗེ་འཆང་གི་ 176b གསུང་ཐོས་ལྷ་དེ་རྣམས། །ཚངས་སོགས་ལྷ་མིན་གནོད་སྦྱིན་གྲུབ་པ་དང ། །རིག་འཛིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང ། །གསང་བབ་དང་མཚུན་དང་འབྱུང་པོ་རྣམས། །དད་པས་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ། །གུས་པས་ཐལ་མོ་སྦྱར་ནས་ཚིག་གསོལ་པ། །ཀྱེ་མའོ་སྲོག་ཆགས་རྣམས་ལ་ཐུགས་རྗེར་ལྡན། །ཀྱེ་མའོ་ཁྱོད་ཀྱི་སྤྱོད་པ་སྣ་ཚོགས་པས། ། ཁ་ཅིག་གིས་ནི་རྡོ་རྗེ་འབར་བར་མཐོང ། །གཞན་གྱིས་དབྱུག་ཏོ་གཞན་གྱིས་འཁོར་ལོ་ཅན། །དེ་བཞིན་གཞན་གྱིས་རྩེ་གསུམ་ཞགས་པ་ཅན། །གཞན་གྱིས་རལ་གྲི་གཞུ་དང་བེ་ཅོན་དང ། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཀུན་ཐོགས་དང ། །གཞན་དག་གིས་ནི་ཞི་བ་ཉིད་དུ་མཐོང ། །དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར། །ལྷ་དང་གནོད་སྦྱིན་གྱིས་མཆོད་དེ་ལ་འདུད། །ལྷ་མིན་ལྷ་ཡིས་ཞབས་ལ་ཕྱག་བགྱིས་པ། །བྱང་ཆུབ་སེམས་དཔའ་མཆོག་ལ་ཕྱག་འཚལ་འདུད། །རིག་པའི་དབང་ཕྱུག་གཞུ་འགེངས་ཁྱོད་ལ་འདུད། །ཁྱོད་ལ་བདག་ཅག་ཐམས་ཅད་ཕྱག་འཚལ་འདུད། །ཁྱོད་ལ་བདག་ཅག་དེང་ནས་སྐྱབས་སུ་མཆི། །ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ། །མི་ཡིས་ལེགས་པར་སྤྱད་པར་བགྱིས་ནས་ནི། །དེ་དག་མྱུར་དུ་དབུལ་བའི་མུན་བསལ་ནས། །ཉི་མ་བཞིན་དུ་ཤིན་ཏུ་རབ་འབར་འགྱུར། །ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ 177a ༄#། །ཤིང། །ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ། །ཁྱོད་ལ་དད་པའི་མིས་ནི་ཐོབ་པར་འགྱུར། །དེ་སྐད་ཀུན་གྱིས་ཚིག་ཏུ་སྨྲས་ནས་ཀྱང་།། རྡོ་རྗེ་འཛིན་ལ་ཡང་ཡང་ཕྱག་བཙལ་ཏེ། །གཞལ་མེད་ཁང་དུ་མངོན་པར་ཞུགས་ནས་ཀྱང ། །ཇི་ལྟར་འོངས་པའི་ནམ་མཁའི་ལམ་ལ་དོང ། །ལྷ་རྣམས་དོང་ནས་ཕྱག་ན་རྡོ་རྗེ་ཡིས། །དཔུང་བཟང་ལ་ནི་ཚིག་ཏུ་ཡང་གསུངས་པ། །ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱི། །ཁྱོད་ཀྱིས་འཇིག་རྟེན་འདིར་ནི་གྲགས་པར་གྱིས། །དེ་སྐད་གསུངས་ནས་དཔུང་བཟང་དེ་ཡིས་ནི། །ལངས་ཏེ་གུས་པར་རབ་ཏུ་ཕྱག་བཙལ་ནས། །གཙང་བྱེད་སྡིག་འཇོམས་དཔལ་ཡོན་ལྡན་པ་འདི། །མི་ཡི་འཇིག་རྟེན་འདིར་ནི་བསྒྲགས་པར་བགྱི། །འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་གཅིག་པའོ།། །།འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་རྫོགས་སོ།། །། |