rKTs


H692

(e-text produced by ACIP)

see text in transliteration
283a
འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་བཅས་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏ། །བཅོམ་ལྡན་འདས། སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས་པ། གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱི། བཅོམ་ལྡན་འདས། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་གདུལ་བར་འཚལ་ལོ། །དེ་སྐད་
283b
ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། གང་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི། ཁྱོད་གཏུམ་པ་ཡིན། བསྟེན་པར་དཀའ་བ་ཡིན། ཤིན་ཏུ་ཐུབ་པར་དཀའ་བ་ཡིན། འཕགས་པའི་ཚུལ་མེད་པ་ཡིན་ཏེ། ལག་ན་རྡོ་རྗེ། ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི། གསང་བ་མེད་པར་ལས་མི་བྱེད་དོ། །ལག་ན་རྡོ་རྗེ། དེ་བས་ན། རྡོ་རྗེའི་རིགས་འདི་དང ། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བདེ་བླག་ཏུ་འགྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱི་མིང་བརྒྱད་པ། གསང་བ། གསང་སྔགས་ཀྱི་འཁོར་དང་བཅས་པ་གང་ཐོས་ན་མཚམས་མེད་པ་ལྔ་བྱེད་པ་ཡང་སྡིག་པ་འབྱང་བར་འགྱུར་བ་དང ། ལག་ན་རྡོ་རྗེ་ཁྱོད་ཀྱང་མཐོང་བར་འགྱུར་བ་དང ། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེར་བར་འགྱུར་བ་དང ། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང ། གང་ཐོས་ན་ཚངས་པར་མ་སྤྱད་བ་ཡང་ཚངས་པར་སྤྱོད་པར་འགྱུར་བ་དང ། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་བ་དང ། སྨྱུང་བར་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་བ་དང ། དགེ་
284a
༄#། །སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སྲུང་བར་མཛད་པ་དང་ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བར་འགྱུར་བ་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གི་མིང་བརྒྱད་པ། གསང་བ། གསང་སྔགས་ཀྱི་འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ངས་བཤད་ཀྱི། ཉོན་ཅིག་།འདི་ལྟ་སྟེ། ཁྱོད་ནི། གླང་པོ་ཆེའི་རྣ་བ་ཅན་ཡིན། ཁྱོད་ནི། རྒྱན་བཟང་པོ་དང་ལྡན་པ་ཡིན།་ཁྱོད་ནི། རྣམ་པར་གནོན་པ་ཡིན། ཁྱོད་ནི། རིན་པོ་ཆེའི་འབྱུང་གནས་ཡིན། ཁྱོད་ནི། བདེན་པ་ཉིད་ཡིན། ཁྱོད་ནི། གཟུགས་སྡུག་པའི་རྒྱན་དང་ལྡན་པ་ཡིན། ། ཁྱོད་ནི།་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི། གཟུགས་མཛེས་པ་ཡིན་ནོ། །ཁྱོད་ཀྱི་མིང་འདི་དག་མཁས་པ་དག་གིས་ཐོས་ན། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེམ་དུ།
284b
ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ། །ཆོས་བསྟན་པ་དེས་ན་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ། །ན་མོ་དྷ་རྨ་སྱ། ན་མོ་དྷ་རྨ་སྱ། ན་མཿ ་སཾ་གྷ་སྱ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཨཊྚེ། མཊྚེ། ཁ་རཊྚེ། སོ་མེ་སོ་མེ་སུ་ཁི། ཧི་རི་ཧི་རི། མི་རི་ཀི་རི། བྷི་རི་བི་ས་ནི་སིནྡྱ་ནྟུ། སརྦ་ཀཱརྱ་ཎི་སཱ་དྷ་ཡ་མནྟ་པཱ་དཿ ་སཝཱཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལེགས་སོ་ལེགས་སོ། །འདི་ལྟར་གསང་བ་ཆེན་པོ་བཀའ་སྩལ་པ་གང་ལགས་པ་དེ་ནི། ལེགས་ཏེ། བཅོམ་ལྡན་འདས། དེ་དེ་ལགས་སོ། །དེ་དེ་ལགས་ཏེ། བཅོམ་ལྡན་འདས། རིག་པ་མཆོག་སྒྲུབ་པ་ན་བཟླས་བརྗོད་བགྱིད་པ་དང ། སྒྲུབ་པའི་ཚེ་མཆོད་པ་བགྱིས་ལ་མིང་བརྒྱད་པ་བཀླག་པར་བགྱིའོ། །བཀླགས་ན་བདག་བསྟོད་པར་འགྱུར་ཏེ། དགའ་ན་དངོས་གྲུབ་སྩལ་བར་འཚལ་ལོ། །བགེགས་ཀྱང་འབྱུང་བར་མི་འགྱུར་ལ། ལྷ་རྣམས་ཀྱང་དགའ་ནས་མྱུར་དུ་དངོས་གྲུབ་སྩོལ་བར་བགྱིད་དོ། །ཉལ་བའི་ཚེ་བཀླགས་ན། རྨི་ལམ་ངན་པ་མཐོང་བར་མི་འགྱུར། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་དུ་བཟླས་བརྗོད་བགྱིས་ན།
285a
༄#། །སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མཚམས་མེད་པ་ལྔ་བགྱིད་པ་ཡང་བསྐལ་པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་བདག་མཆིའོ། །ལན་འབུམ་བཟླས་བརྗོད་བགྱིས་ན། སློབ་དཔོན་དུ་འགྱུར་རོ། །ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་བཅས་པ་རྫོགས་སོ།། །།