རྒྱ་གར་སྐད་དུ། །ཱརྱ་བཛྲ་པཱ་ཏཱ་ལ་ནཱ་མ་ཏནྟྲ་རཱ་ཛ། བོད་སྐད་དུ།་འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི་གཙུག་ལག་ཁང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང ། ལྷའི་ཚོགས་དང ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་དང ། བློ་གྲོས་ཐམས་ཅད་བ་དང ། བློ་གྲོས་འཕེལ་བ་དང ། འཇིག་རྟེན་གསུམ་རྣམ་པར་གནོན་པའི་བློ་གྲོས་དང ། 111b ནམ་མཁའི་མཛོད་དང ། ཀུན་ཏུ་བཟང་པོ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་དང ། མི་ཐུབ་སེལ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དྲུག་དང ། ཉན་ཐོས་ཀྱི་དགེ་འདུན་ལ་འདི་ལྟ་སྟེ། རབ་འབྱོར་དང ། ཀ་ཏྱའི་བུ་དང ། འོད་སྲུང་དང ། ལྟེང་རྒྱས་འོད་སྲུང་དང ། མཽད་གལ་གྱི་བུ་དང ། མཽད་གལ་གྱི་བུ་ཆེན་པོ་དང ། གླང་པོའི་མཆོད་རྟེན་དང ། ཤཱ་ར་དྭ་ཏིའི་བུ་དང ། དེ་དག་ལ་སོགས་པ་ཉན་ཐོས་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ཀྱིས་བཅོམ་ལྡན་འདས་ལ་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་བཞུགས་སོ། །གཞན་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ཅིའི་སྐྱེས་བུ་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་འཁོར་འདུས་པ་དེའི་ནང་དུ་ཆོས་ཉན་པའི་ཕྱིར་ལྷགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེར་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ལ་བཀའ་སྩལ་པ། དྲི་མ་མེད་པའི་བློ་གྲོས། ཁྱོད་ཀྱིས་ཤར་གྱི་ཕྱོགས་ཀྱི་སྣང་བ་ཆེན་པོ་འདི་མཐོང་ངམ། དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ 112a ༄#། །ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་མངོན་པར་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མཐོང་ལགས་སོ། །ཤར་ཕྱོགས་ཀྱི་ངོས་ཀྱི་སྣང་བ་ཤིན་ཏུ་ཆེན་པོ་ཡོངས་སུ་འཕྲོ་བ་འདི་འཚལ་ལགས་ན། བཅོམ་ལྡན་འདས། འདི་ལྟ་བུའི་སྣང་བ་འདི་ཅི་ལགས། དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ཀྱིས་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འོད་ཆེན་པོ་འདི་སུས་བགྱིས་པ་བཀའ་སྩལ་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཅུང་ཟད་བཞད་པ་དང་བཅས་པས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲི་མ་མེད་པའི་བློ་གྲོས། །འདིར་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དགའ་བ་དང་ཚིམ་པས་རང་གི་རིག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང ། །གཞན་ཡང་ལྷ་མ་ཡིན་དང ། སྲིན་པོ་དང ། ཤ་ཟ་དང ། འབྱུང་བོ་སྟོང་ཕྲག་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་འཁོར་གྱི་དཀྱིལ་འཁོར་འདིར་འོང་བར་འདོད་པའི་སྣང་བ་ཡིན་ནོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དེ་ཉིད་དུ་འཁོར་འདུས་པའི་དཀྱིལ་ 112b འཁོར་དེར་ཕྱིན་པར་གྱུར་ཏོ། །ཕྱིན་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་གཅིག་ཏུ་འཁོད་པར་མཁྱེན་ནས་མཁྱེན་བཞིན་དུ་དགྱེས་ཤིང་རངས་པས་ཡོངས་སུ་དྲིས་པ། ལག་ན་རྡོ་རྗེ། གལ་ཏེ་ངའི་ཐད་དུ་ཅུང་ཟད་གླེང་བར་འདོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པས་གདོན་མི་ཟ་བར་རྟོགས་པར་གྱིས་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་སླར་ཡང་བཅོམ་ལྡན་འདས་ལ་བལྟས་ནས་དེ་ནས་ཡང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས་ངོ་ཕབ་སྟེ་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ཅང་མི་སྨྲ་བར་འཁོད་པར་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་པའི་རྒྱལ་པོ་དཔག་ཏུ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པའི་རྡོ་རྗེ་འཛིན་པ་ཆེན་པོ། འཁོར་ཐམས་ཅད་སྤྲོ་བའི་སེམས་སུ་གྱུར་པས་ཅང་མི་སྨྲ་བར་འཁོད་ཀྱི། སྨྲོས་ཤིག་སྨྲོས་ཤིག་།དེ་སྐད་ཅེས་བཀའ་སྩལ་པ། ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ 113a ༄#། །ན།་བདག་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་ཞེས་བྱ་བས་ཉེ་བར་བོས་ཏེ་ལྷ་མ་ཡིན་གྱི་འཁོར་ཆེན་པོས་ཡོངས་སུ་བསྐོར་ནས་རང་གི་གནས་སུ་མཆིས་སོ། །བཅོམ་ལྡན་འདས། གནས་དེར་བདག་གིས་སྔོན་མ་འཚལ་བའི་ཁང་པ་དང ། སྒོ་དང ། རྟ་བབས་དང ། ཡང་ཐོག་དང ། ཕྱིར་དང ། མཚོ་དང ། མྟེའུ་དང ། རྫིང་དང ། ཁྲོན་པ་དང ། སྒོ་དང ། སྒོ་གསེང་རྣམས་མཐོང་ལགས་སོ། །བཅོམ་ལྡན་འདས། བདག་གིས་ཏིང་ངེ་འཛིན་གྱི་ཁྱད་པར་གང་གིས་ཀྱང་སྔོན་མ་འཚལ་ཏེ། བདག་གིས་དེའི་རྣམ་པར་རྣལ་འབྱོར་བས་བསམ་གཏན་མཆོག་ལ་མཉམ་པར་བཞག་ལགས་སོ། །དེར་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་བདག་ལ་བཅོམ་ལྡན་འདས། གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་དང་སྟོབས་དང་རྣམ་པར་རོལ་པས་ནམ་མཁའ་ཁྱབ་པའི་སྐུ་མངའ་བ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་འཇོག་པར་གྱུར། བཅོམ་ལྡན་འདས། བདག་གིས་གནས་ཁང་ན་ཉམས་མི་དགའ་བ་ཅུང་ཟད་ཀྱང་མ་མཆིས་ན། གང་གི་དོན་དུ་བསམ་གཏན་མཉམ་པར་འཇོག་པ་ལགས་པར་བཀའ་སྩལ་དུ་གསོལ་ཞེས་མཆིའོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་དེས་སྒྱུ་མ་ཐམས་ཅད་ 113b དང ། འཁྲུལ་འཁོར་དང ། སྒོ་གླེགས་ལ་སོགས་པ་གླེང་ལགས་སོ། །བཅོམ་ལྡན་འདས། བདག་གིས་དེ་ཟིལ་གྱིས་མནན་པའི་ཕྱིར་སྣང་བ་ཆེན་པོ་འཛིན་པའི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྡོ་རྗེས་འོག་ཅེས་བགྱི་བ་འཁྲུལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ་མར་གྱུར་བ། འཁྲུལ་འཁོར་བརྒྱ་རྩ་བརྒྱད་པོ་ཐམས་ཅད་འཇོམས་པར་བྱེད་པ། ཉེ་བར་ཞི་བར་བྱེད་པ། ལྟུང་བར་བྱེད་པ། ངེས་པར་འཇོམས་པར་བཤད་ལགས་སོ། །བཅོམ་ལྡན་འདས་ཀྱིས་འདི་རྗེས་སུ་མཁྱེན་ནོ། །བདག་གིས་དགའ་བའི་བཞིན་གྱིས་བཤད་པ་དང ། སྐྱེ་བོ་མང་པོ་ལ་ཕན་པ་དང ། བདེ་བར་འགྱུར་བར་བཅོམ་ལྡན་འདས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སེམས་ཅན་སྐྱབས་མེད་པ་རྣམས་ཞི་བ་དང ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཁྲུལ་འཁོར་བརྒྱ་རྩ་བརྒྱད་པོ་ཐམས་ཅད་འཇོམས་པའི་རྡོ་རྗེ་ས་འོག་ཅེས་བྱ་བ་འཁྲལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ་མ་བདག་གིས་བཤད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེས་སྨྲས་པ་འདི་སྲོག་ཆགས་རྣམས་ཀྱིས་སྒྲུབ་པར་དཀའོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས། བརྗོད་པ་འདི་བསྒྲུབ་པར་དཀའ་བ་མ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཛད་དུ་གསོལ། བདེ་བར་གཤེགས་པས་རྗེས་སུ་གནང་ 114a ༄#། །བ་མཛད་དུ་གསོལ། །བཅོམ་ལྡན་འདས། བདག་གིས་བསྒྲུབ་པར་དཀའ་བ་བརྗོད་པར་མི་བགྱིའོ། །ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱི་འཁྲུལ་འཁོར་བདེ་བླག་ཏུ་སྒྲུབ་པར་བྱེད་པ་དེ་དག་གིས་རྗེས་སུ་དྲན་ཏེ་བཤད་པར་བགྱི་ལགས་ན། བཅོམ་ལྡན་འདས་ཀྱིས་དེ་བདག་ལ་རྗེས་སུ་གནང་བ་མཛད་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་རྗེས་སུ་གནང་གི་།ཁྱོད་ཀྱིས་རྗེས་སུ་ཤོད་ཅིག་།ལག་ན་རྡོ་རྗེ། སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། ཐབས་ལ་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཁྲུལ་འཁོར་གྱི་བླ་མ་རྟོག་པ་དང་བཅས་པའི་གསང་བ་ཆེན་པོ་སྟོན་ཅིག་།དེ་ནས་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ནས་ཅ་ཅོའི་སྒྲ་ཡང་དང་ཡང་དུ་ཕྱུང་ནས་རྡོ་རྗེ་གྱེན་དུ་གསོར་ཞིང་རྡོ་རྗེ་འབར་བའི་ཕྲེང་བ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་ས་འོག་གི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀཥ་སེ་ནཱ་པ་ཏ་ཡེ། ཨོཾ་ཧྲཱིཿ ་པོ་ཏྲི་བཛྲ་པཱ་ཏཱ་ལ་ཧཱ་ནཱ་མ་ཐཱ་བདྙྫ་པཱ་ཏ་ཡ་མཱ་ཙི་ར་མ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། དེ་ནས་རྡོ་རྗེ་ཁྲོ་བོ་ཆེན་པོས་ཀུན་འོད་ཟེར་གྱིས་སྣང་བར་བྱས་ཏེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་ 114b གཡོས་སོ། །ལྷ་མ་ཡིན་དང ། ལྷ་མ་ཡིན་གྱི་བུ་མོ་རྣམས་རྡོ་རྗེ་ཁྲོ་བོས་གཟིར་བས་སྐྱབས་མེད་པར་གྱུར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ ། །དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་འདི་སྐད་ཅེས་སྨྲ་ཞིང་འདུད་པར་བྱེད་དོ། །བཅོམ་ལྡན་འདས། བདག་སྲུང་དུ་གསོལ། །བདེ་བར་གཤེགས་པ། ཡོངས་སུ་བསྐྱང་དུ་གསོལ། །རྡོ་རྗེ་ཁྲོ་བོས་བདག་ཅག་ཡོངས་སུ་གཟིར་ཏོ། །བཅོམ་ལྡན་འདས། རྡོ་རྗེ་ཁྲོ་བོ་འདི་བཤད་པས་བདག་ཅག་གི་ཁང་པ་རྣམས་ཀྱི་འཁྲུལ་འཁོར་རྣམས་མེད་པར་གྱུར། སྒོ་གཏན་རྣམས་མེད་པར་གྱུར།་སྒོ་རྣམས་གྲོལ་བར་གྱུར་ཏོ། །བཅོམ་ལྡན་འདས། མ་བྱུང་བའི་སེམས་ཅན་རྣམས་ཀྱང་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས། འདིར་ཇི་ལྟར་གནས་པར་བགྱི་བཀའ་སྩལ་དུ་གསོལ།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་།མ་འཇིགས་ཤིག་མ་འཇིགས་ཤིག་།ལག་ན་རྡོ་རྗེའི་དམ་ཚིག་ལ་མནོས་ཤིག་།དེ་ལྟ་ན་བདེ་བ་ལ་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་གཟིགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། ལྷ་མ་ཡིན་གྱི་དབང་པོ་ལ་སོགས་པ་རྨད་དུ་བྱུང་བའི་དམ་ཚིག་སྟོན་ལ་བདེ་བར་གྱིས་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ཕྱག་ན་རྡོ་རྗེས་ལྷ་མ་ཡིན་དང ། ལྷ་མ་ཡིན་གྱི་ཆུང་མ་དག་ལ་བཀའ་སྩལ་པ། འདིར་ཐོག་ 115a ༄#། །མར་རྡོ་རྗེ་ས་འོག་གི་ཁྲོ་བོ་ཆེན་པོའི་ས་འོག་གི་དཀྱིལ་འཁོར་གྱི་དམ་ཚིག་ལ་གང་འཇུག་པ་དེ་དག་འདིར་འཁྲུལ་འཁོར་ཆེན་པོའི་བླ་མའི་རྩི་སྨན་དང ། ཕྱེ་མ་དང ། རྩ་བ་དང ། སྦྱར་སྨན་དང ། གྲུབ་པའི་རྫས་དང ། དངུལ་ཆུ་དང ། བཅུད་ལེན་དང ། གཞོན་ནུ་མ་དང ། ལྷ་མ་ཡིན་གྱི་བུ་ག་དང ། སྒོར་འཇུག་པ་དང ། འཁྲུལ་འཁོར་ཐམས་ཅད་འཇོམས་པ་དང ། སྐེམ་པར་བྱེད་པ་དེ་དག་ནི། འཇུག་ངོགས་བདེ་བར་འགྱུར་རོ། །གཞན་དུ་ན་དེ་དག་འགྲུབ་པར་མི་འགྱུར་བ་དེའི་ཕྱིར་ས་འོག་གི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ལྷ་མ་ཡིན་རྣམས་ལ་བཀའ་སྩལ་པ། བུ་གར་འཇུག་ནུས་པ་དང ། བྱ་བའི་རྒྱུད་ཀྱི་ཁམས་དང ། གསེར་འགྱུར་དང ། དུག་སྨན་དང ། ས་འོག་དང ། ཞིང་གི་དངོས་གྲུབ་དག་རང་ཉིད་ཀྱི་ཁང་པར་འཇུག་པ་ལྟར་རྡོ་རྗེའི་བྱེ་བྲག་གིས་འགྲུབ་པར་འགྱུར་རོ། །ཞེས་ང་སྨྲའོ། །གཞན་དུ་ན་སྐྱིལ་འཁོར་མ་མཐོང་ན་ཉམས་པར་འགྱུར་རོ། །རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་འདིའི་རང་ཉིད་ཀྱི་རྟོག་པ་དང ། རྒྱུད་གཞན་དུ་གསུངས་པའི་སྒྲུབ་པའི་ཐབས་རྣམ་པ་སྣ་ཚོགས་ཀྱི་བྱ་བ་མི་བྱ་ལ། རྟོག་པ་གཞན་གྱི་ཆོ་ག་འདོད་པས་བསྒྲུབ་པར་མི་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ལྷ་མ་ཡིན་དང ། ལྷ་མ་ཡིན་གྱི་དབང་པོ་དགའ་ཞིང་རངས་ཏེ་རབ་ཏུ་ཚིམ་པ་དང ། མགུ་བ་སྐྱེས་ནས་ 115b རང་ཉིད་ཀྱིས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་མཐོང་ནས་ངེས་པར་འབྱུང་བར་བྱས་ཏེ་བཅོམ་ལྡན་འདས་ཐམས་ཅད་ཀྱི་བྲན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ལྷའི་མིག་གིས་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་དམ་ཚིག་གི་དཀྱིལ་འཁོར་བཀའ་སྩལ་པ། གྲོང་ངམ་གྲོང་ཁྱེར་གྱི་སའི་ཕྱོགས་ལེགས་པར་བརྟགས་ནས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་རྡོ་དང ། གསེག་མ་དང ། རུས་པ་དོར་ནས་རྒྱུ་སྐར་དགེ་བ་ལ་རྗེས་སུ་མཐུན་པའི་ཚོན་རྩི་ལྔའི་ཕྱེ་མས་དཀྱིལ་འཁོར་གྲུ་བཞི་བ། ཁྲུ་བཞི་པ་སྒོ་བཞི་པ་དྲུག་པ་ཅན་ཡང་དག་པར་བྲི་བར་བྱའོ། །སྒོ་དང་སྒོའི་མཚམས་རྣམས་སུ་རྡོ་རྗེ་དང་ཡུངས་ཀར་གཞག་པར་བྱའོ། །ཤར་ཕྱོགས་ཀྱི་ཆར་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ། །བྱང་དུ་འཇིག་རྟེན་དབང་ཕྱུག་།ལྷོར་རྡོ་རྗེ་འཆང ། ནུབ་ཏུ་ཆུང་མ་དང་བཅས་པའི་ཁྱུ་མཆོག་གི་རྒྱལ་མཚན་ཅན་ནོ། །དབར་ལྡན་དུ་དྲི་མ་མེད་པའི་བློ་གྲོས་ལག་པར་རྔ་ཡབ་འཛིན་པའོ། །མེར་སྙིང་པོའོ། །ལུས་ངན་དུ་རྗེས་སུ་སྤྱོད་པའོ། །རླུང་དུ་ལས་ཐམས་ཅད་པའོ། །དབུས་སུ་རྡོ་རྗེ་ས་འོག་ལག་པར་རྡོ་རྗེ་དང་དགྲ་སྟ་འཛིན་པ་བྲི་བར་བྱའོ། །སྙིང་པོ་དང་རྗེས་སུ་སྤྱོད་པ་ལ་དབྱུག་གུ་དང་ཐོ་བ་བྲི་བར་བྱའོ། །ལས་ཐམས་ཅད་པ་ལ་རྡོ་རྗེའོ། །ཤར་གྱི་སྒོར་སྨན་ཐམས་ཅད་དང ། རྒྱན་ཐམས་ 116a ༄#། །ཅད་དང ། དངུལ་ཆུ་དང ། བཅུད་ལེན་དང ། ལྷ་མ་ཡིན་གྱི་བུ་མོ་དང ། གྲུབ་པའི་རྫས་ལ་སོགས་པ་དང ། སྨིག་སྨན་དང ། ལྡོང་རོས་དང ། རལ་གྲི་དང ། རིན་པོ་ཆེ་སྔོན་དུ་འགྲོ་བ་གཞག་པར་བྱའོ། །ལྷོའི་སྒོར་ལྷ་མ་ཡིན་བརྒྱད་ནི། སྟོབས་ཅན་དང ། སྟོབས་ཅན་གྱི་བུ་དང ། བདེ་མཆོག་དང ། ཐག་བཟང་རིས་དང ། བདེ་ལྡན་དང ། དུས་ཀྱི་མུ་ཁྱུད་དང ། གཞན་ལེན་དང ། དབྱིག་ཟའོ། །ནུབ་ཀྱི་སྒོར་འཁྲུལ་འཁོར་བརྒྱ་རྩ་བརྒྱད་གཞག་པར་བྱའོ། །དེའང་བརྒྱད་རྣམ་པ་དང་བཅས་པ་བྲི་སྟེ། སྲད་བུ་དང ། གྲི་གུག་དང ། བུད་མེད་དང ། སེངྒེ་དང ། ལུག་དང ། མདའ་དང་བཅས་པའི་གཞུ་དང ། ཆུ་རྒྱུན་དང ། སྦྱིན་དང ། འདོ་ལི་དང ། བདག་ཉིད་ཀྱི་འཁྲུལ་འཁོར་རྣམས་སོ། །བྱང་གི་སྒོར་བུ་ག་བརྒྱད་པ་དང་བཅས་པ་བྲི་སྟེ། དེའང་ལུག་གི་རྣམ་པ་དང ། ཆུ་སྲིན་གྱི་རྣམ་པ་དང ། གླང་པོའི་གདོང་གི་རྣམ་པ་དང ། ལྟོ་འཕྱེའི་རྣམ་པ་དང ། བྱི་བའི་རྣམ་པ་དང ། མིའི་གདོང་གི་རྣམ་པ་དང ། དཀྱིལ་འཁོར་གྱི་རྣམ་པ་དང ། མ་བྱས་པའི་གདོང་གི་རྣམ་པའོ། །སྟེགས་བུའི་མཚམས་རྣམས་སུ་སྒོ་བྲལ་བཞི་བྲི་བར་བྱའོ། །མེའི་ཕྱོགས་སུ་མེའི་ཐབ་ཁུང་ངོ ། ། བདེན་བྲལ་དུ་བདུག་སྤོས་ཀྱི་ཐབ་ཁུང་ངོ ། །རླུང་གི་མཚམས་རྣམས་སུ་ཆུའི་ཐབ་ཁུང་ངོ ། །དབང་ལྡན་དུ་རུས་སྦལ་གཞག་པར་བྱའོ། །དེ་ནས་དྲི་ཐམས་ཅད་དང ། མེ་ཏོག་ 116b ཐམས་ཅད་དང ། བདུག་པ་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་པའི་གཏོར་མ་དང ། མཆོད་པ་སྦྱིན་པར་བྱའོ། །དེ་ནས་སྐྱེས་བུ་དཔའ་བོ་དག་གི་དྲི་ཞིམ་པོས་ཡན་ལག་བྱུགས་ལ་ཤིན་ཏུ་ཕྲ་བའི་རས་ཀྱིས་གདོང་གཡོགས་ཏེ་སྲུང་བ་བྱས་ལ་འཁྲུལ་འཁོར་གྱི་བླ་མའི་བྱ་བ་བྱས་ལ་འཇུག་པར་བྱའོ། །སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་ལ་སོགས་པའི་སྒོ་ནས་སོ། །འདིར་རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་མཐོང་བའི་སྐྱེས་བུ་དཔའ་བོ་དེ་ལ་བླ་མས་རྗེས་སུ་གནང་བ་བྱིན་ལ་དམ་ཚིག་ཤེས་པས་འཁྲུལ་འཁོར་གྱི་བླ་མའི་ཕྱག་རྒྱའམ། ལྷ་མ་ཡིན་གྱི་ཕྱག་རྒྱ་བཅིངས་པས་དབང་དུ་བྱེད་པར་འགྱུར་རོ། །ལྷ་མ་ཡིན་གྱི་ཆུང་མ་དང་ཁྱིམ་རྣམས་སུ་འཇུག་པར་འགྱུར་རོ། །གཞན་ལེན་གྱིས་བྱས་པའི་འཁྲུལ་འཁོར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་རྫས་རྣམས་དབང་དུ་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་གི་དམ་ཚིག་གི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་ཕྱག་རྒྱ་དང་སྔགས་སུ་གྱུར་པ་ནི། སོར་མོ་ཕན་ཚུན་ཁུ་ཚུར་དུ་བྱས་ལ་མཐེ་བོང་སྦྲུལ་མགོའི་རྣམ་པ་ལྟར་བྱས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཛི་ན་ཛི་ཀ། གཉེན་གྱི་ཕྱོགས་སུ་པདྨའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་དང་སྔགས་ནི། ཨཱ་རོ་ལྀ་ཀ། ལྷོ་ཕྱོགས་ 117a ༄#། །སུ་རཏྣ་དྷརྀ་ཀ་།བྱང་ཕྱོགས་སུ་པདྨ་དྷརྀ་ཀ། རྡོ་རྗེའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་དང་སྔགས་ནི། བཛྲ་དྷརྀ་ཀ་།མཐེ་ཆུང་དང ། མིང་མེད་སྦྱར་ལ་རྩེ་གཅིག་ཏུ་བྱས་པ་ལ་བསྡིགས་མཛུབ་བཞག་པ་ནི། རྡོ་རྗེ་ས་འོག་གི་རྩ་བའི་ཕྱག་རྒྱའོ། །སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧྲཱིཿ ་པོ་ཏྲི་བཛྲ་པཱ་ཏཱ་ལ་ཧཱ་ནཱ་མ་ཐ་བྷཉྫ་པྲཱ་ཏཱ་ཡ། མཱ་ཙི་རཾ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རྩ་བའི་སྔགས་དང་ཕྱག་རྒྱས་ལུས་ཐམས་ཅད་བྱིན་གྱིས་བརླབ་བོ། །ཕྱག་འཚལ་བའི་ཐལ་མོ་ལས་མིང་མེད་ཀྱི་རྩེ་མོ་སྦྱར་ལ་མཐེ་ཆུང་སྦས་ཏེ་གུང་མོ་དང་མཐེ་བོའི་རྩེ་སྦྱར་ལ་གཡོན་པའི་མཛུབ་མོས་ཕྱི་ནས་བཀུག་སྟེ་གཡས་པའི་མཛུབ་མོ་རྡོ་རྗེའི་རྣམ་པ་ལྟར་བསྐུམ་པ་ནི། རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། །གཡས་པའི་ལག་པ་དང་གཡོན་པའི་ལག་པ་མཉམ་པར་བཞག་ལ་མཐེ་བོ་དང་མཛུབ་མོ་སྦྱར་ཏེ་གཡས་པའི་མཐེ་བོས་སོར་མོ་གསུམ་གྱི་སེན་མོ་བཀབ་ལ་མཉམ་པར་མཛུབ་མོ་གཡོན་པའི་མཐེ་བོའི་རྩ་བར་སྦྱར་བ་ནི། ཞགས་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་ལའོ། །ོཾ་བི་བིནད་བིནད་ཧཱུཾ་ཕཊ་སཝཱཧཱ། སྙིང་གར་རོ། །ོཾ་བཛྲ་པཱ་ཏཱ་ལ་ཧཱུཾ་ཕཊ་སྤྱི་བོར་རོ། །ོཾ་ཧཿ བཛྲ་ཧཱུཾ་ཕཊ་སྤྱི་གཙུག་གོ། ཨོཾ་ཧྲཱི་བནྡྷ་བནྡྷ་སཝཱཧཱ་གོ་ཆའོ། ཨོཾ་བཛྲ་བཛྲ་ས་ཧཱ་ཤྲཱི་ཤི་ར་སེ་ཛྭ་ལི་ཏ་ཨ་ན་ལ་ཧ་ན་བྷཉྫ་ཨུཙྪཱ་ཊ་ཡ་ཧཱུཾ་ཕཊ། མཚམས་བཅིངས་པའི་ 117b སྔགས་སོ། །འདི་དག་དང་རྩ་བའི་ཕྱག་རྒྱ་སྦྱར་བར་བྱའོ། །ལག་མཐིལ་མཉམ་པོར་བྱས་ཏེ་མཐེ་བོང་དང་མཐེ་ཆུང་སྦྱར་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་པ་འདི་ནི། ལས་ཐམས་ཅད་པ་ས་གསུམ་གྱི་ཕྱག་རྒྱའོ། །སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧི་རི་མི་རི་བི་ར་ར་རི་ཎི་སཝཱཧཱ། སོ་སོར་སྦྱར་བར་བྱའོ། །སོར་མོ་ཕན་ཚུན་སྦྱར་ལ་ཁུ་ཚུར་དུ་བྱས་ཏེ་གུང་མོ་བརྐྱང་ལ་སྦྱར་ནས་དེའི་ཕྱི་རོལ་ཏུ་མཛུབ་མོ་ཅུང་ཟད་བསྐུམས་ལ་མཐེ་བོང་གཉིས་དབུས་སུ་བཞག་པ་ནི། དབང་ཕྱུག་ཆེན་པོའི་ཕྱག་རྒྱའོ། ། སྔགས་ནི། ན་མཿ ་ས་མནྟ་བུདྡྷ་ནཱཾ་རུ་དྲཱ་ཡ་སཝཱཧཱ། དབང་ཕྱུག་ཆེན་པོའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བརྐྱང་བ་འདི་ནི། ལྷ་མོ་ཆུ་ལོན་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿ ་ས་མནྟ་བུདྡྷ་ནཾ་ཨུ་མ་ཡེ་སཝཱཧཱ།་ཐལ་མོ་ཕྱེ་བ་ལས་མཐེ་ཆུང་རྩེ་མོ་སྦྱར་ལ་དེའི་རྒྱབ་ཏུ་སྲིན་ལག་སྦྱར་ནས་དེའི་ཚིགས་གསུམ་པར་གུང་མོ་གཉིས་སྦྱར་ལ་དེའི་ཚིགས་དང་པོར་མཛུབ་མོ་གཉིས་སྦྱར་བ་ནི། ལྷ་མ་ཡིན་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱའོ། །གཉིས་ཀ་ཡང་རྡོ་རྗེ་མཚན་ཉིད་དང་གཅིག་ཏུ་སྦྱར་བར་བྱའོ། །ལྷ་མ་ཡིན་ཐམས་ཅད་ཀྱི་འཁྲུལ་འཁོར་འཇོམས་ཤིང་འབྱེད་པའི་ཕྱག་རྒྱ་ནི། འདིར་སོར་མོ་རྣམས་རྣམ་པར་བཟློག་ལ་རུས་སྤལ་གྱི་རྣམ་པར་བྱ་བ་ནི། རུས་སྦལ་གྱི་ཕྱག་རྒྱའོ། །སྤྱི་བོར་བཞག་པ་ནི། ལྷ་མ་ཡིན་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱའོ། །ལག་པ་ 118a ༄#། །གཡོན་པ་འོག་ཏུ་བཞག་ལ་དེའི་སྟེང་དུ་ལག་པ་གཡས་པ་སྦྱར་ལ་མཐེ་བོང་སོ་སོར་བྱ་བ་འདི་ནི། རུས་སྦལ་དབང་བསྐུར་བའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེའི་ཚུལ་དུ་བཞག་ལ་ལག་པ་གཡས་པ་རྡོ་རྗེ་ཐུར་དུ་བཞག་ལ་ཐད་ཀར་སྦྱར་བར་བྱས་པ་འདི་ནི། རུས་སྦལ་གྱི་ཕྱག་རྒྱ་གཞན་ནོ། །བླ་འོག་གི་ལག་པ་རྣམ་པར་བཟློག་ལ་སྙིང་གར་སོར་མོ་གྱེན་དུ་བྱས་ལ་མཐེ་བོང་མཉམ་པར་གཤིབས་པ་ནི། རུས་སྦལ་གྱི་ཕྱག་རྒྱའོ། །རྡོ་རྗེ་ས་འོག་གི་མཛུབ་མོ་སྟེང་དུ་མཉམ་དུ་གཤིབས་པ་ནི། རྡོ་རྗེ་ས་འོག་གི་ཕྱག་རྒྱའོ། ། ཁུ་ཚུར་བྱས་པའི་མཛུབ་མོ་བརྐྱང་ལ་གུང་མོ་དང་སྲིན་ལག་གི་སྟེང་དུ་མཐེ་བོང་སྦྱར་བ་ནི། དབྱུག་གུའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་མཛུབ་མོའི་རྩ་བར་སྦྱར་བ་ནི། ཐོ་བའི་ཕྱག་རྒྱའོ། །ཁུ་ཚུར་དུ་བྱས་ལ་གུང་མོ་དང་མཐེ་བོང་མཉམ་པོར་སྦྱར་བ་ནི། བྱ་རོག་གི་མཆུའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེའི་ཚུལ་དུ་བྱས་ལ་སྙིང་གའི་ཕྱོགས་སུ་སྐྱར་ལ་ལག་པ་གཡས་པ་རྡོ་རྗེ་སྟེང་དུ་ཕྱར་ནས་རྐང་པ་བརྐྱང་བསྐུམ་དུ་གནས་པ་ནི། རྡོ་རྗེ་སྨོད་པའི་ཕྱག་རྒྱའོ། །ལག་པ་གཡོན་པ་རྡོ་རྗེ་རྩེ་གཅིག་པ་སྙིང་གའི་ཕྱོགས་སུ་བཞག་ལ་ལག་པ་གཡས་པའི་སོར་མོ་གསུམ་གྱིས་རྒྱས་བཏབ་ནས་བརྐྱང་བསྐུམ་དུ་གནས་པ་འདི་ནི། རྡོ་རྗེ་གཞན་ལ་སྨོད་པའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་བི་བིནྡྷ་བི་བིནྡྷ་ཧཱུཾ་ཕཊ། འཕགས་པ་རྡོ་རྗེ་ས་འོག་ 118b གི་རྒྱུད་ཇི་སྙེད་པ་ལས། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གཉིས་པའོ།། །།གང་གི་ཚེ་སྐྱེས་བུ་དཔའ་བོ་དཔལ་གྱི་སྒོར་འཇུག་པར་འདོད་པར་གྱུར་ན། དེས་རྡོ་རྗེ་ཁྲོ་བོའི་བསྙེན་པ་སྔོན་དུ་བྱས་ལ་ཕྱིས་འཇུག་པར་བྱའོ། །དེ་ལ་སྔོན་དུ་བསྙེན་པ་ནི། འབུམ་ཕྲག་བརྒྱད་སློང་མོ་ཟ་ཞིང་སྨྲ་བ་བཅད་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང ། དེ་བཞིན་གཤེགས་པ་མཆོད་པ་ལ་དགའ་བས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་མཆོད་རྟེན་བྱས་ལ། དེའི་མདུན་དུ་རི་བོའམ། ཆུ་བོ་འདུས་པའམ། ཤིང་གཅིག་པའམ། བ་ལང་གི་ལྷས་སམ། བས་མཐའ་མ། མཆོད་རྟེན་གང་ཡང་རུང་བའི་གནས་སུ་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་ནས་སྡིག་པ་བཤགས་ཏེ་བླ་ན་མེད་པར་བསྔོས་ལ་དམ་པའི་ཆོས་བཏོན་ཏེ་རྗེས་སུ་དྲན་པར་བྱས་ལ་མཆོད་རྟེན་གྱི་ལས་ལ་རྗེས་སུ་གནས་ནས་ལུས་དང་སྲོག་ལ་དགའ་བ་དོར་ཏེ་དུས་གསུམ་དུ་ཕྱག་རྒྱ་དང ། དབང་བསྐུར་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། དེའི་ལྟ་བུའི་ཚུལ་གྱིས་བསྙེན་པ་བྱའོ། །གང་དག་རྨི་ལམ་མམ་མངོན་སུམ་མཚན་མ་མཐོང་ན་རེ་ཞིག་མི་འཇུག་སྟེ། དེའང་རྨི་ལམ་ནི། གླང་པོ་ཆེ་ཆེན་པོས་ཟིལ་གྱིས་མནན་པའམ། གཟིར་བའམ། བྲོས་པའམ། འགྱེལ་བའམ། གང་དག་ཤི་བ་དེ་ལྟ་བུ་མཐོང་ན། དེ་ནས་འཇུག་པར་བྱའོ། །ཡང་ན་མངོན་སུམ་སྟེ། སྒོ་འཕར་ 119a ༄#། །གྱི་མཚམས་བཅོམ་པའམ། རྡོ་ཆེན་པོ་ལྟུང་བའམ། ཁྲོས་ནས་གཟའ་ཆེན་པོ་འགུགས་པའམ། གདུག་པ་རྣམས་དང ། གཏུམ་པོ་དང ། འཇིགས་བྱེད་དང ། ཀླུ་དང ། གླང་པོ་ཆེ་ཆེན་པོ་དང ། སེངྒེ་དང ། སྟག་དང ། མ་ཧེ་དང ། དགྲའི་དབུས་སུ་ཕྱིན་ཡང་བལྟ་དཀའ་བར་འགྱུར་བ་དང ། དེ་དག་ཐམས་ཅད་བྱམས་པའི་སེམས་སུ་གྱུར་ན་དེ་ནས་འཇུག་པར་བྱའོ། །ལྷ་ཐམས་ཅད་མངག་གཞུག་ཏུ་འགྱུར་རོ། །འདི་ནི། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་གི་སྔོན་དུ་བསྙེན་པའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། །།བུ་གའི་མཚན་ཉིད་ཤེས་བྱ་བ། །ཆུ་འབབ་གང་དག་རྩེ་མོ་མེད། །ས་ཡི་སྒྲ་ནི་སྒྲོག་པ་དང ། །ལྟོས་འཕྱེའི་གནས་ཁང་ཇི་ལྟ་བར། །རྡོ་རྗེ་ས་འོག་མཚན་ཉིད་ནི། །མཁས་པ་ཡིས་ནི་མཚོན་པར་བྱ། །རྣམ་པ་གང་གི་ཚུལ་གྱིས་ནི། །བུ་ག་རྣམས་སུ་བརྗོད་པ་ཡི། །འཇུག་པ་ན་ནི་དོག་གྱུར་ལ། །བུ་ག་དེར་ནི་ཕྱིན་པ་ན། །ཀུན་ནས་ས་གཞི་མཉམ་པ་ནི། །དཔལ་གྱི་སྒོར་ནི་རྣམ་པར་བསྟན། །གླ་རྩི་མཆོག་གི་དྲི་ལྡན་ཞིང ། །འཁྲིལ་ཤིང་ལྕུག་མས་ཁྱབ་པ་དང ། །དྲི་སྣུམ་ལྡན་པའི་ཁ་དོག་ཅན། །དཔལ་གྱི་སྒོར་ནི་དེ་བཤད་དོ། །དྲི་དང་ལྡན་ཞིང་ངོས་བརླན་པ། །དྲོ་བ་ཡིས་ནི་འཁྲུགས་འགྱུར་བ། །ཞུགས་པ་ཙམ་གྱིས་ཡང་དང་ཡང ། །འཁྲུག་པ་ཉིད་དུ་འགྱུར་བ་ནི། །དཔལ་གྱི་སྒོར་ནི་དེ་ཤེས་བྱ། །དེ་ན་དངུལ་ཆུ་ཡོད་པར་བསྟན། །བུ་ག་ཡི་ནི་སྒོར་ཞུགས་པས། །དེ་ཡི་སེམས་ནི་འདོད་ལྡན་འགྱུར། ། 119b ཁྲོ་བོའི་སེམས་སུ་གྱུར་པ་ན། །བུ་གར་མཛེས་མ་གནས་པ་ཡིན། །འཇིགས་པ་མེད་ཅིང་ང་རྒྱལ་དང ། །རློམ་པའི་སེམས་དང་ལྡན་པ་ཡིས། །དེར་ནི་ཞུགས་པས་ཚིམ་འགྱུར་ན། །བུ་གར་དཀར་རྫས་ལྡན་པས་ཁྱབ། །བུ་ག་དག་ནི་གང་དག་ཏུ། །ཚུལ་མེད་ང་རྒྱལ་ཅན་ཁྲོ་བ། །བརྩེ་མེད་སེར་སྣ་དང་ལྡན་ཞིང ། །ཕན་ཚུན་དུ་ནི་རྨོངས་བྱེད་པའམ། །ཡང་ན་བུ་གའི་སྒོ་ན་ནི། །སྲིན་བུ་རྣམས་ནི་རྟེན་གྱུར་པ། །དེར་ནི་ལྟོ་འཕྱེ་ཤེས་བྱ་སྟེ། །བུ་ག་དེར་ནི་རྙེད་དཀའ་འོ། །གང་དག་དཀར་པོའི་བྱ་བ་ནི། །བུག་སྒོར་ཡང་དག་གནས་མཐོང་ན། །དེ་ན་བུད་མེད་སྟོང་ཕྲག་གནས། །གསེར་ནི་རྣམ་པ་དུ་མ་གནས། །ནོར་བུ་མུ་ཏིག་བྱི་རུ་དང ། །རིན་ཆེན་རྣམ་པ་སྣ་ཚོགས་དང ། །བཅུད་ལེན་དུ་མའི་རྫས་རྣམས་ནི། །བུ་ག་མཆོག་དེར་གནས་པ་ཡིན། །བུ་ག་གང་གི་སྒོ་ལ་ནི། །རྐང་གདུབ་སྒྲ་ནི་གྲགས་གྱུར་ན། །བུ་ག་དེ་ནི་རིན་ཆེན་གང ། །བུད་མེད་སྟོང་ཕྲག་དེ་ན་གནས། །བུ་ག་གང་གི་སྒོ་ན་ནི། །ཚང་བྱེའུ་གར་བྱེད་གནས་གྱུར་ན། །བུ་ག་དེ་ནི་འབྲས་མེད་ཤེས། །དེར་ནི་བློ་ལྡན་འཇུག་མི་བྱ། །གང་གི་ནང་ན་རྐང་གཉིས་ནི། །ཡང་དག་བརྟེན་པར་མཐོང་གྱུར་ན། །དེར་ནི་རབ་ཏུ་སྤྲོ་བ་ཡིས། །མཁས་པ་ཡིས་ནི་འཇུག་པར་བྱ། །མི་གང་འཐུངས་པས་འཆི་མེད་པའི།། མཆོག་གི་བཅུད་ལེན་དེ་ན་གནས། །གང་དག་བུ་གའི་སྒོ་ལ་ནི། །གང་པོ་ཡང་དག་བརྟེན་མཐོང་ནས། །མཐོང་ནས་མ་མཐོང་གྱུར་ན་ནི། །བུ་ག་དེས་ནི་ལས་ཀུན་བྱེད། །གང་དག་བུ་ག་ 120a ༄#། །དེར་འཇུག་པའི། །ལྟོ་འཕྱེའི་དབང་ཕྱུག་རྣམས་མཐོང་ནས། །དཔའ་བོས་དེར་ནི་འཇུག་མི་བྱ། །དེ་མ་ཐག་ཏུ་སྲོག་འཕྲོག་བྱེད། །བུ་གའི་དྲུང་ན་འཇིགས་བྱེད་པའི། །ཅེ་སྤྱང་མི་ཡི་སྒྲ་གྲག་ན། །དེར་ནི་བག་མེད་མི་བྱ་སྟེ། །འཁོར་དང་བཅས་པ་སྐྲག་པར་འགྱུར། །གང་ན་ཁྲུང་ཁྲུང་སྒྲ་སྒྲོག་པ། །བུ་གའི་ནང་ན་གནས་གྱུར་ན། །བུ་ག་དེ་ནི་ཀུན་གྱིས་གང ། །འདོད་པ་རྣམས་ཀྱིས་རྣམ་པར་བརྒྱན། །གང་དག་བུ་གའི་སྒོར་བརྟེན་པའི། །ཉ་ནི་ཡང་དག་མཐོང་གྱུར་ན། །དེར་ནི་བརྩོན་པས་འཇུག་པར་བྱ། །བུད་མེད་སྟོང་གི་བདག་པོར་འགྱུར། །བུད་མེད་གཞོན་ནུ་བུམ་པའི་ལག་།བུ་གའི་སྒོར་ནི་ཡང་དག་མཐོང ། །གདོན་མི་ཟ་བར་བུ་གའི་ལས། །དེར་ནི་གྲུབ་པར་ཤེས་པར་བྱ། །བུ་གའི་ལས་ལ་འཇུག་པ་ན། ། སྒྲ་སྐད་ཆེན་པོ་བྱུང་གྱུར་ན། །བུ་ག་དེ་ནི་མཐའ་མེད་ཤེས། །དེར་ནི་གྲུབ་པར་རྗེས་སུ་བསྟན། །བུ་ག་ཡི་ནི་སྒོ་རུ་ཡང ། །བྱི་བ་ཀ་ཀ་རུ་དཀར་པོ། །གང་དག་ལྷན་ཅིག་གནས་མཐོང་ན། །བུ་ག་དེ་ནི་ལས་ཀུན་བྱེད། །བུ་གའི་སྒོ་རུ་ཁྱད་པར་དུ། །དེར་ནི་རས་ཀྱི་དྲི་བྱུང་ན། །བུ་མོ་རྣམས་ནི་སྟོང་ཕྲག་དག་།དགུ་དང་བདུན་བརྒྱ་རྣམས་དང་ནི། །བཅུད་ཀྱིས་ལེན་དང་གསེར་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་གནས། །གང་དུ་བཞུགས་པའི་འབྱུང་འགྱུར་བ། །ཀཱ་ར་བའི་རའི་མེ་ཏོག་རྒྱས། །དེ་ན་དངུལ་ཆུ་གནས་པ་ན། །མཁས་པ་ཡིས་ནི་བླང་ 120b བར་བྱ། །བུ་ག་གང་ན་སྒྲེ་མོ་ནི། །གནས་པར་མཐོང་ན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་བྱས་ལ། །དེར་ནི་བརྟག་དཔྱད་མི་བྱའོ། །བུད་མེད་དག་ནི་ཚིག་སྟོང་དང ། །བརྒྱ་ཕྲག་དག་ནི་བཅུ་གཉིས་ནི། །པདྨའི་སྙིང་པོ་ལྟར་འཇམ་ཞིང ། །རྟག་ཏུ་རོལ་པས་སྤྱོད་པར་བྱེད། །ཐམས་ཅད་ཀྱང་ནི་ཚུལ་གཅིག་ཀྱང ། །ཀུན་གྱིས་མཐོང་ན་དགའ་བའོ། །དེ་ལ་རིན་ཆེན་དུ་མ་དང ། །གོས་དག་དང་ནི་རྒྱན་དག་དང ། །བཅུད་ཀྱིས་ལེན་གྱི་གཙོ་བོ་དང ། །དམ་པ་སྣ་ཚོགས་མཛེས་པའོ། །དེ་ནས་ལྡོང་རོས་དག་དང་ནི། །མིག་སྨན་དང་ནི་དངུལ་ཆུ་དང ། །མཛེས་པའི་མཚོན་ཆ་སྣ་ཚོགས་རྣམས། །བུ་གའི་གྲོང་གི་མཆོག་ནའོ། །བུ་ག་དེ་ཡི་ནང་འགྲམ་ན། །དུ་བ་འཐུལ་བ་མཐོང་གྱུར་ན། །གསེར་ནི་རྣམ་པ་མང་པོ་དང ། །དེར་ནི་དངུལ་ཆུར་ཤེས་པར་བྱ། །བུ་ག་དེ་ཡི་ལོགས་ལ་ནི། །ཚངས་པ་ཁ་དོག་སྣ་ཚོགས་པའམ། །རང་བཞིན་དཀར་པོ་རྟེན་གྱུར་ན། །བུ་ག་དེ་ཡང་ལས་ཀུན་བྱེད། །དབུས་ནས་མཆི་མ་འཛག་པ་ཡི། །བྱ་རོག་ཐོན་པ་གང་ཡིན་པ། །དེ་ནི་བྫའ་བ་སྣ་ཚོགས་པའི། །བུ་ག་རུ་ནི་རྣམ་པར་བསྟན། །གང་ན་མ་ཧེ་མཐོང་བ་ན། །ཁྱད་པར་དུ་ནི་སྤྲིན་གྱི་མདོག་།བུ་ག་དེར་ནི་འབད་པ་ཡིས། །མཁས་པ་ཡིས་ནི་འཇུག་པར་བྱ། །མ་མྱོས་པ་དང་ལྷན་ཅིག་ཏུ། །ལག་ན་རལ་གྲིས་རྒྱུན་དུ་ནི། །བུ་ག་དེར་ནི་དོར་བར་བྱ། །ཐམས་ཅད་དུ་ནི་བྱང་གི་ཆར། །ཟབ་མོ་སྤྲིན་གྱི་མདོག་འདྲ་བའི། ། 121a ༄#། །དངུལ་ཆུ་དེར་ནི་ཤེས་པར་བྱ། །གང་ན་མེ་ཏོག་དྲི་ཡོད་ཅིང ། །ཁྱད་པར་དུ་ནི་སྤང་སྤོས་དྲི། །བུ་ག་དེ་ཡི་ནང་ན་ནི། །བུད་མེད་གནས་པར་རྣམ་པར་བསྟན། །འཇུག་པ་པོས་ནི་ཁྱད་པར་དུ། །དེར་ནི་ཐེ་ཚོམ་མི་བྱའོ། །དེ་ནས་ར་བ་རྣམ་ལྔ་དང ། །རྒྱལ་པོའི་སྒོ་དང་རྟ་བབས་དང ། །གསེར་གྱི་རང་བཞིན་ཀ་བ་ནི། །བུད་མེད་རིན་ཆེན་རྣམས་ཀྱིས་སྤྲས། །བཅུད་ལེན་རྣམས་དང་རིན་ཆེན་རྣམས། །གདོན་མི་ཟ་བར་དེ་ན་གནས། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་པདྨའི་དྲི་ཡོད་དང ། །གཞན་ལེན་བུ་གར་དེར་ཤེས་བྱ། །འདོད་པ་ཀུན་གྱིས་རྣམ་པར་བརྒྱན། །བརྟུལ་ཞུགས་ཅན་གྱིས་དེར་འཇུག་གོ་།བརྟུལ་ཞུགས་མེད་པས་ནམ་ཡང་མིན། །དེ་ནས་རྣམ་པ་དུ་མ་གནས། །གང་འདོད་དེ་ནི་བརྟག་པར་བྱ། །པུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་སྦྲང་རྩིའི་དྲི་ཡོད་ན། །བུ་གའི་ལོགས་ནི་ཐམས་ཅད་ལ། །དེ་ན་བུང་བ་ཡོད་པ་སྟེ། །དེ་ལ་ཐེ་ཚོམ་མི་བྱའོ། །དེ་ན་གནས་པའི་བུང་བ་སོགས། །རིག་པ་འཛིན་པ་ཁྱད་པར་དུ། །སྔགས་གྲུབ་པ་ལ་རྩེད་མི་འགྱུར། །བུ་གའི་སྒོ་ནི་ཐམས་ཅད་དུ། །གང་ནས་ཡི་དྲི་ཡོད་པ། །ས་ལ་རིན་ཆེན་ཇི་སྙེད་པ། །རྒྱ་མཚོ་ཡང་ནི་ཁྱད་པར་དུའོ། །ལྷ་མ་ཡིན་རྣམས་ཀུན་གྱི་དང ། །མི་ཡི་གཙོ་བོ་རྣམས་ཀྱི་དང ། །གནོད་སྦྱིན་དག་ནི་རྣམས་ཀྱི་ཡང ། །བུ་ 121b གའི་མཆོག་དེར་ཐམས་ཅད་གནས། །རིག་པ་འཛིན་པས་དེར་བཞུགས་པས། །འདོད་པ་ཐམས་ཅད་ཐོབ་པར་འགྱུར། །བུ་གའི་ནང་ན་ལུག་གི་དྲི། །གང་དག་ཡོད་ན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་པར་བྱ། །འདོད་པ་ཀུན་གྱིས་རྣམ་པར་བརྒྱན། །ཆུ་སྐྱར་དང་ནི་ཆུ་སྐྱར་མོ། །མཉམ་དུ་སྤྱོད་ཅིང་ལྷན་ཅིག་ཏུ། །བུ་གའི་ནང་ན་གནས་ན་ནི། །བུ་ག་དེ་ཡི་འཁྲུལ་འཁོར་མེད། །དེ་ན་དངུལ་ཆུ་བཅུ་གཅིག་ཡོད། །དེ་ནི་བུ་གའི་དམ་པའོ། །བུ་ག་དག་ནི་བརྐོས་པ་ན། །གང་དུ་ལུགས་ཀོང་མཐོང་གྱུར་ན། །བུ་ག་དེ་ནི་རིན་ཆེན་གང ། །མཁས་པ་ཡིས་ནི་འཇུག་པར་བྱ། །ཞུགས་པ་ཙམ་ནི་མཐོང་འགྱུར་བ། །དཀྱུས་སུ་དཔག་ཚད་ཕྱེད་པ་ཡི། །དེ་ན་ཐང་ནི་ལེགས་པར་ཡོད། །འཛམ་བུ་ཆུ་བོ་འདྲ་བའི་འོད། །དེར་ནི་མི་ཡིས་འབྲས་ཐོབ་སྟེ། །ལོ་ནི་ཁྲི་ཕྲག་བརྒྱར་འཚོ་འོ། །གང་ན་མི་མོ་སྒྲོན་མའི་ལག་།བུ་གའི་ནང་ན་གནས་པ་ན། །འདི་ནི་དེ་ཡི་བུ་གར་ཤེས། །གདོན་མི་ཟ་བར་དངུལ་ཆུས་གང ། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་ཤ་ཡི་དྲི་ཡོད་པ། །སྲིན་པོ་རྣམས་ཀྱི་བུ་གར་ཤེས། །བློ་དང་ལྡན་པས་དེར་མི་འཇུག་།བུ་གའི་དྲུང་ན་གར་བྱེད་པའི། །རྨ་བྱ་མཐོང་ན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་པར་བྱ། །འདོད་པ་ཀུན་གྱིས་རྣམ་པར་བརྒྱན། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་ཁྲག་ནི་མཐོང་བ་ན། །གཅིག་པུ་ཉིད་དུ་དེར་འཇུག་སྟེ། །རང་གི་ཁྱིམ་བཞིན་འཇིགས་ 122a ༄#། །པ་མེད། །གང་ན་ཉ་ཡི་དྲི་ཡོད་ཅིང ། །ཁྱད་པར་དུ་ཡང་ཞག་དྲི་ཡོད། །དེ་དང་དེར་ནི་བརྩོན་པ་ཡིས། །མཁས་པ་ཡིས་ནི་འཇུག་པར་བྱ། །ཞུགས་པས་ཆུ་རྒྱུན་མཐོང་གྱུར་ན། །འདོད་པ་ཀུན་གྱི་འབྲས་བུ་སྟེ། །དེ་ཡི་འགྲམ་དུ་བཟང་ལྡན་པའི། །ཁང་པ་རབ་ཏུ་སྦྱངས་གྱུར་པ། །ལྷ་ཁང་དང་ནི་ཤིང་ཁང་ལ། །བ་དན་རྣམས་ཀྱིས་མངོན་པར་སྤྲས། །དེ་ན་རིན་ཆེན་བཟང་པོ་དང ། །དགའ་མ་འདྲ་བའི་བུད་མེད་དང ། །དེ་ན་དངུལ་ཆུ་མང་ཡོད་པར། །ཐམས་ཅད་དུ་ནི་ཐེ་ཚོམ་མེད། །བུ་ག་གང་དག་བརྐོས་པ་ན། །ཁྲག་གི་ཆར་པ་བབ་གྱུར་ན། །དེར་ནི་འཇུག་པར་མི་འགྱུར་སྟེ། །དེ་མ་ཐག་ཏུ་སྲོག་འཕྲོག་བྱེད། །བུ་ག་བརྟགས་ཤིང་དཔྱད་པ་ན། །གང་ན་མུན་པ་ཡོད་གྱུར་ན། །དེར་ནི་འཇིགས་པ་མེད་པར་འཇུག་།བུ་ག་དེ་ནི་རང་ཁྱིམ་མཚུངས། །བུ་གའི་སྒོ་རུ་ཁྱད་པར་དུ། །གང་ན་རས་ཀྱི་དྲི་ཡོད་པ། །དེ་ནི་རིན་ཆེན་དུ་མ་དང ། །དངུལ་ཆུ་ལྡོང་རོས་དེ་བཞིན་དུ། །མིག་སྨན་བཟང་པོ་རྣམས་དང་ནི། །རིན་ཆེན་རྣམས་ཀྱི་རྒྱན་དག་ནི། །དུ་མ་རྣམ་པ་སྣ་ཚོགས་དང ། །གསེར་ནི་རྣམ་པ་དུ་མ་ཡོད། །བུ་གའི་ནང་ནི་གང་དག་ན། །སྒྲོན་མ་ཡི་ནི་དྲི་ཡོད་པ། །དེ་རུ་ཡང་ནི་འཇུག་པར་བྱ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར། །བུ་ག་ཡི་ནི་འགྲམ་ལོགས་ན། །གང་ན་གདུག་པ་གནས་གྱུར་ན། །དེ་ནི་ཤ་ཟའི་གནས་ 122b ཡིན་ཞིང ། །བཟང་ངན་གནས་པར་གདོན་མི་ཟ། །གང་ན་ཧ་ཧའི་སྒྲ་སྒྲོག་པ། །དབང་ལྡན་གྱི་ནི་ཕྱོགས་ལ་བརྟེན། །བུ་ག་དེ་ནི་འཇིག་ཤེས་བྱ། །དེ་བས་མྱུར་བར་འབྲོས་པར་བྱ། ། གང་ན་སྒྲ་དག་གིས་གང་བར། །ཤར་གྱི་ཕྱོགས་ལ་ཡང་དག་བརྟེན། །དེ་ནི་འབད་པར་བྱས་ན་ནི། །བུ་ག་དེ་ཡང་ལས་ཀུན་བྱེད། །བུ་ག་དེ་ཡི་ཐན་འཁོར་དུ། །གང་ན་རྡོ་རྗེའི་ཆར་འབབ་ན། །དེར་ནི་དངུལ་ཆུར་ཤེས་བྱ་སྟེ། །སེམས་ཅན་ཐམས་ཅད་གྲུབ་པར་བྱེད། །བུ་ག་དེ་ཡི་ཐན་འཁོར་དུ། །མེ་ཏོག་དྲི་ལྡན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་པར་བྱ། ། འདོད་པ་ཐམས་ཅད་སྒྲུབ་པར་བྱེད། །བུ་ག་དེ་ཡི་ནང་ན་ནི། །གང་ན་རྒྱལ་པོའི་སྒྲ་ཡོད་པ། །བུ་ག་འཁྲུལ་འཁོར་མེད་ཤེས་བྱ། །དེར་ནི་མཁས་པས་འཇུག་པར་བྱ། །བུ་ག་ཡི་ནི་ཐན་འཁོར་དུ། །གང་ན་ཁྱུ་མཆོག་མཐོད་བ་དང ། །དེ་ཡང་དཔའ་བོས་འཇུག་པར་བྱ། །བུ་ག་དེ་ཡི་རིན་ཆེན་གང ། །གང་ན་སྐྱེས་བུ་གཅེར་བུ་ནི། །ནག་པོ་ཤ་དེའི་ཁྱིམ་ཆེན་དག་།མཐོང་ནས་ཡང་ནི་མ་མཐོང་ན། །བུ་ག་དེ་ཡང་ལས་ཀུན་བྱེད། །གང་ན་དགེ་སྦྱོང་གཅེར་བུ་དང ། །སྤྱི་ཅེར་དང་ནི་སྣ་རིང་པོའམ། །གང་དག་ཏུ་ནི་ཁྱིམ་མཐོང་ན། །དེར་ནི་གྲུབ་པར་བསྟན་པའོ། །བུ་ག་གང་གི་ཐན་འཁོར་དུ། །རྔ་མོ་ཡོ་ནི་དེ་ཡོད་ན། །བུ་ག་དེ་ཡི་ལམ་གྱི་རྒྱུད། །དཔག་ཚད་བརྒྱ་རུ་ཤེས་པར་བྱ། །གང་ན་རྩེ་གསུམ་མཚན་ཉིད་ནི། །ཐམས་ཅད་དུ་ནི་མཐོང་བ་ན། །མི་ 123a ༄#། །རྣམས་ཀྱིས་ནི་ཁྱད་པར་དུ། །བུ་ག་དེར་འཇུག་ནུས་མ་ཡིན། །གང་དུ་མེ་ཏོག་དྲིས་བརྒྱན་པའི། །བྲམ་ཟེ་མཐོང་ན་བུ་ག་དེ། །འཁྲུལ་འཁོར་མེད་པར་ཤེས་བྱ་སྟེ། །འདོད་པ་ཀུན་གྱི་འབྲས་བུ་འགྲུབ། །བུ་གའི་སྒོ་རུ་ཡང་དག་བརྟེན། །གང་ན་དཀར་པོའི་སྦྲུལ་ཡོད་ན། །དེར་ཡང་བརྩོན་པར་བྱས་ནས་སུ། །མཁས་པ་ཡིས་ནི་འཇུག་པར་བྱ། །བུ་གའི་སྒོ་ཡི་ཐན་འཁོར་ནི། །གང་དུ་དོམ་ནི་མཐོང་བ་ན། །བུ་ག་འཁྲུལ་འཁོར་མེད་ཤེས་བྱ། །འདོད་པ་ཀུན་གྱི་དོན་འགྲུབ་བྱེད། །བུ་གའི་ལས་ནི་བྱེད་པ་ན། །གང་དུ་ཕག་ནི་མཐོང་གྱུར་ན། །བུ་ག་འཁྲུལ་འཁོར་མེད་ཤེས་བྱ། །གདོན་མི་ཟ་བར་རིན་ཆེན་གང ། །བུ་གའི་སྒོ་ཡི་ཐན་འཁོར་ནི། །གང་ན་ཆུ་ཡི་དྲི་ཡོད་པ། །དེར་ནི་དངུལ་ཆུར་ཤེས་བྱ་སྟེ། །སེམས་ཅན་ཀུན་ལ་ཕན་པར་བྱེད། །བུ་ག་དེ་ཡི་ཐན་འཁོར་ནི། །གང་ལ་བདུག་པའི་དྲི་ཡོད་པ། །བུ་ག་འཁྲུལ་འཁོར་མེད་ཤེས་བྱ། །གདོན་མི་ཟ་བར་རིན་ཆེན་གང ། །བུ་གའི་སྒོ་ལ་གནས་པ་ཡི། །གང་ན་བུར་ཆང་དྲི་ཡོད་ན། །བུད་མེད་རིན་ཆེན་གཟུགས་མཛེས་དང ། །བཟའ་དང་བཏུང་བར་ཤེས་པར་བྱ། །བུ་ག་ཡི་ནི་ཐན་འཁོར་ན། །གང་ན་ར་ཡི་དྲི་ཡོད་པ། །དེར་ཡང་དཔའ་བོས་འཇུག་བྱ་སྟེ། །འགའ་ཞིག་དང་ནི་འཇུག་མ་ཡིན། །མ་མྱོས་པར་ནི་ཞུགས་ནས་སུ། །དེར་ནི་ཇི་ལྟར་འདོད་པ་བསྡད། །དད་ 123b ལྡན་གཙང་ཞིང་མཁས་པ་དང ། བྱ་བ་བྱས་པས་ཁྱད་པར་དུ། །དཀོན་མཆོག་གསུམ་ལ་ཕྱག་བྱའོ། །དེ་བཞིན་རིག་པའི་བདག་པོ་དང ། །རིག་པའི་རྒྱལ་པོ་ལྷ་མོ་དང ། །རིག་པའི་ཚོགས་ལའང་ཁྱད་པར་དུའོ། །ོཾ་བ་ར་བཛྲ་ཧཱུཾ་ཕཊ། འཕགས་པ་རྡོ་རྗེ་ས་འོག་གི་སྙིང་པོའོ། །ལས་ཐམས་ཅད་པའི་ཉེ་བའི་དབང་པོའང་དེ་ཉིད་དོ། །ོཾ་ཧྲཱིཿ ་ཧཱུཾ་ཕཊ། ཨོཾ་བི་བིནྡྷ་བིནྡྷ་ཧཱུཾ་ཕཊ། འདིས་སྒོ་དང་འཁྲུལ་འཁོར་གྱི་ཕྱོགས་སམ་མཆོད་པའི་དུས་སུ་བསྲུང་བར་བྱའོ། །འདི་ནི། རྡོ་རྗེ་ས་འོག་གི་རྒྱུད་ལས། བུ་གའི་མཚན་ཉིད་མཚོན་པའི་ལེའུ་སྟེ་བཞི་པའོ།། །།སྔགས་པས་དཔལ་གྱི་སྒོར་འཇུག་པར་འདོད་ན། དེས་བརྗོད་པ་དང་སྦྱང་བ་བྱས་ལ་འཇུག་པར་བྱའོ། །དེ་ལ་བརྗོད་པ་ནི། གང ། སྦྱང་བ་ནི། གང་ཞེ་ན། དེ་ལ་ཐོག་མར་ས་རྙིང་པ་དང ། ཆུ་དང ། སྨན་གྱི་ལུས་ཉེ་བར་བྱུགས་ལ་ཀུ་མུ་ད་དང ། ུཏྤལ་དང ། རུ་རྟ་དང ། ནི་ར་གུཎྜི་དང ། ལྡོང་རོས་མཉམ་པོར་སྦྱར་བའི་སྨན་གྱི་དམ་པ་འདིས་སྲིན་པོ་འཇོམས་པ་དང ། དུག་འཇོམས་ཤིང་གཞོན་ནུ་རྣམས་སྐྱེད་འཕེལ་བ་དང ། མཆོད་སྦྱིན་གྱི་བགེགས་སེལ་བ་དང ། ཚངས་པའི་སྲིན་པོ་སྲུང་བ་དང ། དྲག་པོ་དང་སྐེམ་བྱེད་ཀྱིས་བཟུང་བ་དང ། གང་དག་ལུས་སྲུལ་པོས་བཟུང་བ་དང ། བུད་མེད་མངལ་ཉམས་པ་རྣམས་ཀྱིས་ཉེར་གནས་ལ་བྱུགས་པས་བཟང་པོར་འགྱུར་བ་དང ། དེ་དག་གིས་ཡན་ 124a ༄#། །ལག་བྱུགས་པ་གང་ཡིན་པས་ནི། དུག་ཧ་ལ་ཧ་ལ་ཡང་འཐུང་བར་བྱེད་དོ། །དེ་དག་གིས་འདིར་ཡན་ལག་བྱུགས་ནས་ཞུགས་པས་སྒོ་གྲོལ་བར་འགྱུར་ལ། སྒོ་བསྒྲིབས་པ་དེ་གྲོལ་ནས་གང་དག་མཚམས་རིང་དུ་སྦྱར་བའི་རླུང་ཡང་འབྱུང་བར་འགྱུར་རོ། །དེ་དག་ནི། བརྗོད་པའོ། །སྦྱོར་བ་ཡང་མ་ཏུ་ལུང་ཀ་དང ། ཀ་རཉྫ་དང ། ནྱ་གྲོ་དྷའི་ཡལ་ག་ལ་སོགས་པའི་ཤིང་རྣམས་ཀྱིས་བུ་གའི་སྒོ་བཀག་ལ་མཚམས་མེད་པར་བྱས་ཏེ་སྒོ་འཕར་གྱིས་ཀུན་ནས་བསྒྲིབས་ལ་མེ་སྦར་བར་བྱའོ། །གང་དག་ནང་ན་གནས་པའི་མེ་རབ་ཏུ་ཞི་བ་ནི། སྦྱོར་བའོ། །དེ་ནས་སྐྱེས་བུ་དཔའ་བོས་བ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་ཉེ་བར་བྱུགས་ལ་བུ་གའི་སྒོར་མཆོད་པ་དང་གཏོར་མའི་ཆོ་ག་བྱས་ཏེ་ཨ་པ་མརྒའི་ཡ་མ་ཤིང་ལ་མེ་རབ་ཏུ་སྦར་ལ། ཨ་པ་མརྒའི་འབྲས་བུ་དང ། མར་དང ། སྦྲང་རྩི་བཏགས་ཏེ་སྲེག་བླུག་བརྒྱ་རྩ་བརྒྱད་ཁྲོ་བོའི་འཁྲུལ་འཁོར་གྱི་བླ་མས་དབུལ་བར་བྱའོ། །འདིས་འཁྲུལ་འཁོར་ཐམས་ཅད་ལྟུང་བ་དང་བརླག་པར་འགྱུར་རོ། །དེ་ནས་རའི་པགས་པའི་རལ་གུ་གྱོན་ལ། ཉི་མ་ཤར་བ་ན་འཁོར་དང་བཅས་པ་ཐམས་ཅད་སྨན་གྱིས་ལུས་བྱུགས་ཏེ་བྱ་བ་བྱས་ལ་གྲོགས་བཟང་པོ་དང་འཇུག་པར་བྱའོ། །ཤིང་མངར་དང ། ཀོ་བི་ད་ར་དཀར་པོ་དང ། ཀུ་ཌུ་ཀ་ 124b བླུགས་པའི་ཡུང་བ་གཉིས་ཀྱིས་སྦྲུལ་གྱི་དཔའ་བ་འཇོམས་པ་དང ། མངོན་པར་འདོད་པའི་དོན་སྒྲུབ་པ་དང ། སྐྱེས་བུ་གཞོན་ནུ་སྲུང་བ་དང ། བུད་མེད་སྐལ་བ་བཟང་པོར་བྱེད་པ་དང་འདོད་པའི་གདུང་བ་ཐམས་ཅད་སེལ་བ་དང ། རྩོད་པ་ཞི་བར་བྱེད་པ་དང ། སའི་བདག་པོ་རྒྱས་པ་སྟེར་བ་དང ། དགྲ་ཐམས་ཅད་རྟག་ཏུ་འཇོམས་པ་དང ། ཉི་མ་ཤར་བ་ན་དབང་དུ་བྱེད་པར་བརྗོད་དོ། །འདིར་འདི་དག་གིས་ལུས་ལ་བྱུགས་ལ། རའི་པགས་པའི་རལ་གུ་གྱོན་ཏེ། ཆུ་གྲི་བཟུང་ལ་མུན་པའི་ཕྱིར་སྒྲོན་མ་ཤལ་མ་ལིའི་དོག་པ་ལས་སྡོང་བུ་བྱས་ཏེ་འཁྲུལ་འཁོར་གྱི་བླ་མ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ་རབ་ཏུ་སྦར་ཏེ། བྱི་བའི་རྣམ་པ་ཡིན་ན་བྱི་བའི་ཞག་དང ། ཆུ་སྲིན་གྱི་ཞག་སྔ་མ་བཞིན་ནོ། །ཇི་ལྟར་གླང་པོའི་གདོང་གི་རྣམ་པ་ཡིན་ན། སྔ་མ་བཞིན་དུ་གླང་པོའི་ཞག་གིས་སོ། །ཇི་ལྟར་ལྟོ་འཕྱེའི་རྣམ་པ་ཡིན་ན། སྔ་མ་བཞིན་དུ་ལྟོ་འཕྱེའི་ཞག་གིས་སོ། །མིའི་གདོང་གི་རྣམ་པ་ཡིན་ན། མིའི་ཞག་གིས་ཤལ་མ་ལིའི་དོག་པའི་སྡོང་བུ་སྟང་དུ་བཞག་ལ་མུན་པའི་ཕྱོགས་སུ་གཟུང་བར་བྱ་།གང་གི་གདོང་གི་རྣམ་པར་འདུག་པ་དེའི་ཞག་གིས་བསྐུས་ལ་འཁྲུལ་འཁོར་གྱི་བླ་མ་ཉི་ཤུ་རྩ་གཅིག་བཟླས་ལ་མེ་སྦར་རོ། །མུན་པ་མུན་ནག་ཐམས་ཅད་འཇོམས་པར་འགྱུར་རོ། །འཇུག་པ་ན་ལྷན་ཅིག་པ་རྣམས་ལ་ཡང་ཉེ་བར་བྱུག་གོ་།ཏ་ཀ་རའི་མེ་ཏོག་དང ། རུ་རྟ་དང ། སྤང་ 125a ༄#། །སྤོས་དང ། སུག་སྨེལ་དང ། ུཏྤ་ལ་ཝ་ཏི་དང ། སིཾགྷྲི་དང ། བྱཱ་གྷྲི་དང ། ན་མ་སྐ་རི་དང ། ་ནནྟ་དང ། ཛ་ཡནྟི་དང ། རྨ་བྱའི་གཙུག་ཕུད་དང ། དུང་གི་མེ་ཏོག་སྟེ། དེ་དག་གི་ཕྱེ་མས་སྒྱུ་མ་ཐམས་ཅད་འཇོམས་པ་དང ། འབྱེད་པ་དང ། སྲེག་པར་བརྗོད་དོ། །ཆུ་དང ། སྤྱིན་དང ། དེ་བཞིན་དུ་བཅུད་དང ། བཅུད་ལེན་དང ། རྔའི་ཁང་བུ་དང ། དུག་གི་གདུག་པ་དང ། པདྨའི་མཚོ་དང ། ལྷ་མ་ཡིན་གྱི་བུ་མོ་འགུགས་པ་དང ། དབང་དུ་བྱེད་པ་དང ། བུད་མེད་འབེབས་པ་དང ། དེ་དག་གི་གནས་རྣམས་སམ། གཞན་དུ་ཡང་སྐྱེ་བུ་དཔའ་བོས་འཁྲུལ་འཁོར་གྱི་བླ་མ་ཉི་ཤུ་རྩ་གཅིག་བཟླས་ལ་བསྣུན་པར་བྱའོ། །ཆུར་འཇུག་པ་དང ། དུག་གི་དུ་བ་དང ། དུག་གི་རླུང་གིས་རང་གི་རྐང་མཐིལ་དང ། སྤྱི་གཙུག་གི་བར་དུ་ཡོངས་སུ་བྱུགས་ལ་འཇུག་གོ་།དེ་དག་ཐམས་ཅད་ལས་སྲུང་བ་བྱས་པར་འགྱུར་རོ། །འཇུག་པ་ན་འཁྲུལ་འཁོར་གྱི་བླ་མ་བཟླའོ། །ཟློས་ཤིང་འཇུག་པར་བྱའོ། །རྡོ་རྗེ་འཛིན་པའི་གཟི་བརྗིད་ལྟ་བུར་ཐམས་ཅད་ཀྱིས་ཚུགས་པར་མི་ནུས་ཏེ། རང་གི་ཁྱིམ་དུ་འཇུག་པ་བཞིན་ནོ། །རའི་འོ་མ་དང་ཀ་ར་ལྷན་ཅིག་ཏུ་བཛྲ་ཏནྡུ་ལ་དང་བསླགས་ལ་ཁྲོ་བོ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཟོས་ལ་འཇུག་གོ་།གང་གི་ཚེ་ལྷ་ཆེན་པོའི་ཁང་པའི་ལྷ་བཤོས་ཡོད་པ་ལས་ཕྱོགས་ཏེ་གཡས་ཕྱོགས་ནས་བསྐོར་ལ་ 125b འཁྲུལ་འཁོར་གྱི་\?\་མ་ཟློས་ཤིང་འཇུག་པར་བྱའོ། །ཞུགས་པ་དང ། རྔའི་དབྱུག་གུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་བརྡུང་པར་བྱའོ། །གང་གི་ཚེ་རྔའི་སྒྲ་གྲགས་པ་ལ་བུད་མེད་ཀྱི་ཚོགས་མ་འོངས་ན། དེ་ནས་ལྷ་ཆེན་པོའི་ལྷོའི་ས་ལ་བསྡད་ལ་འཁྲུལ་འཁོར་གྱི་བླ་མ་བཟླའོ། །དེའི་སྐད་ཅིག་ལ་བུད་མེད་ཀྱི་ཚོགས་ཐམས་ཅད་ཐད་དུ་འོངས་ཏེ་མཆོད་ཡོན་སྦྲེངས་ནས་སྐྱེས་བུ་དཔའ་བོ་རྣམས་འཇུག་པར་བྱེད་དོ། །ཞུགས་པ་དང་ཇི་སྲིད་འཚོའི་བར་དུ་བཞུགས་ཤིག་ཅེས་འཕྲིན་ཡིག་གདས་པར་བྱེད་དོ། །དཀོན་མཆོག་གསུམ་དང་འཕགས་པ་ཕྱག་ན་རྡོ་རྗེ་རྟག་ཏུ་རྗེས་སུ་དྲན་པས་བཟླ་བར་བྱའོ། །འདི་ལྟར་བུད་མེད་ཀྱི་དབུས་སུ་ཉི་མ་དང ། ཟླ་བ་དང ། སྐར་མ་གནས་ཀྱི་བར་དུ་སྡོད་དོ། །ཇི་སྲིད་འགྲོ་བར་འདོད་ན། དེས་སྦྱར་སྨན་གྱིས་བསྐུ་བ་བྱུགས་ལ། དངུལ་ཆུ་དང ། བཅུད་ལེན་དང ། གྲུབ་པའི་རྫས་གང་འདོད་པ་དེ་གཟུང་བར་བྱའོ། །གཞུའི་འཁྲུལ་འཁོར་ལས་བྱོལ་ལ་ཡུངས་ཀར་ལ་ལན་བདུན་བཟླས་ལ་བསྣུན་པར་བྱའོ། །དེ་ལྟ་ན་ཡང་མི་ལྟུང་ན། དེ་ནས་འཁྲུལ་འཁོར་དེ་ལ་ལྟོའི་རྩ་བ་ནས་བསྣུན་པར་བྱའོ། །དེ་ནས་ལྟུང་ངོ ། །ཐོག་མར་འཁོར་རྣམས་སྔོན་དུ་བཏང་ལ་བདག་ཉིད་ཕྱི་ནས་འཇུག་པར་བྱའོ། །མར་མེའི་མཆོད་སྡོང་ལ་སྦྱིན་སྲེག་གི་གི་ཐབ་ནས་མེ་སྦར་ལ་འཇུག་གོ་།ཁྲོན་པ་རྣམས་སུ་འཁྲུལ་འཁོར་གྱི་བླ་མ་སྟོང་ཕྲག་ 126a ༄#། །བརྒྱད་བཟླས་པས་སྒོ་འབྱུང་ངོ ། །ཁྲོན་པ་དེ་ན་ཡང་ཏ་ལའི་ཤིང་སྦྲུལ་གྱི་རྣམ་པར་སྣང་བ་ལ་དྲི་མ་མེད་པའི་མིག་སྨན་དང ། རྒྱ་སྤོས་དང ། རུ་རྟ་དང ། བཱ་ལཱ་དང ། སྤང་སྤོས་དང ། ལྡོང་རོས་དང ། གི་ཝང་རྣམས་མཉམ་པོར་སྐར་མ་རྒྱལ་ལ་སྦྱར་བའི་རིལ་བུར་བྱས་ལ་སྨན་གྱི་མཆོག་དུག་འཇོམས་པ་དེ་ཤེས་རབ་ཅན་གྱིས་བསྣུན་པར་བྱའོ། །དེ་ནས་ཏ་ལའི་ཤིང་ཉིད་དུ་འགྱུར་རོ། །འདི་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་སྩལ་ཏོ། །འཕགས་པ་ཕྱག་ན་རྡོ་རྗེས་བཀའ་སྩལ་བའི་འཁྲུལ་འཁོར་འབའ་ཞིག་བའི་ལེའུ་སྟེ་ལྔ་བའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་གནས་ན་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ཇི་ལྟར་ལྷ་མ་ཡིན་ཐམས་ཅད་ཀྱི་དྲེགས་པ་གཞོམ་པ་དང ། དམ་ཚིག་ལ་གནས་པར་བྱ་བའི་ཕྱིར་རྡོ་རྗེ་ཁྲོ་བོའི་དམ་ཚིག་འདི་སྒྲོགས་ཤིག་།དེ་ནས་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་བཏུད་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་རྡོ་རྗེ་ཁྲོ་བོས་སྨྲས་སོ། །སྨྲས་པ་ཙམ་གྱིས་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་མེ་ལྕེ་གཅིག་ཏུ་འབར་ཏེ་འཇིག་ 126b རྟེན་གསུམ་བཀང་ནས་སྒྲ་ཆེན་པོ་ཕྱུང་ངོ ། །དེ་ནས་དེ་ལྟ་བུའི་མཚན་མ་ཆེན་པོ་དེས་ལྷ་མ་ཡིན་འཁོར་དང་བཅས་པ་ཐམས་ཅད་འདིར་ལྷ་དང་ལྷ་མ་ཡིན་རྣམས་གཡུལ་འགྱེད་པར་གྱུར་ཏོ་སྙམ་དུ་སེམས་ཏེ། ལྷ་མ་ཡིན་རྣམས་ལ་ཐགས་བཟང་རིས་དང ། སྟོབས་ཅན་དང ། རྣམ་པར་སྣང་བྱེད་དང ། རབ་བདེ་དང ། བདེ་མཆོག་དང ། དུས་ཀྱི་མུ་ཁྱུད་དང ། དབྱིག་ཟ་དང ། རུས་སྦལ་ལ་སོགས་པ་འཁོར་དང་བཅས་པ་དང ། གཞན་ཡང་བགྲོད་དཀའ་ཆེན་པོ་དང ། གློག་གི་ལྕེ་དང ། སྒྲ་གཅན་དང ། སྣང་བའི་ཕྲེང་བ་ཅན་དང ། འཕྲོག་བྱེད་སེར་སྐྱ་ལ་སོགས་པ་དང ། ཡི་དྭགས་དང ། ལྷ་མ་ཡིན་གྱི་རྗེས་སུ་དཔྱོད་པ་དཔུང་དང་བཅས་པ། གཞོན་པ་དང་བཅས་པ་འདུས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ལྷ་རྣམས་ཀྱིས་ཀྱང་དེ་ལྟ་བུའི་མཚན་མ་ཆེན་པོ་དེ་མཐོང་ནས་ལྷའི་ཚོགས་གཞན་རྣམས་དང ། རང་རང་གི་རྣམ་པར་རྟོག་པ་ཇི་ལྟ་དེ་ལྟར་ལྷ་རྣམས་ཀྱི་དབང་པོ་ལ་སྨྲ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། །གང་འདིར་དུས་ལ་བབ་བར་ཤེས་ན། དེང་འདིར་ས་འོག་གི་དབང་བསྐུར་བ་རྔའི་སྒྲ་དབྱངས་ཞེས་བྱ་བས་བྱིན་གྱིས་རློབས་ཤིག་།སྐྱེ་བོ་མང་པོ་ལ་ཕན་པ་དང ། དོན་དང ། བདེ་བར་འགྱུར་རོ། །བཅོམ་ལྡན་ 127a ༄#། །འདས།་བདག་གིས་ཐེག་པ་ཆེན་པོ་ལ་དད་པ་དང་ལྡན་པའི་རིགས་ཀྱི་བུའི་དོན་དུ་དམ་ཚིག་བསྟན་པས་བྱིན་གྱིས་བརླབ་ལགས་ཀྱི། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་བྱིན་གྱིས་བརླབས་ལགས་སོ། །དེ་བདག་གིས་ཀྱང་བྱིན་གྱིས་བརླབ་པར་བགྱིའོ། །དབང་ལྡན་གྱི་ཕྱོགས་སུ་བསྡད་ལ་གནས་མཆོག་དེར་མགལ་དུམ་དང ། རྡོ་བ་དོར་ཏེ་འཁྲུལ་འཁོར་དང་ཤིང་སྡོང་སྤངས་ལ། གཞན་ཡང་བསང་གཏོར་དང ། ལྷའི་མཆོད་སྦྱིན་དང ། དཀྱིལ་འཁོར་དང ། དབང་བསྐུར་བ་བྱས་པ་དང ། བགེགས་དང ། ལོག་འདྲེན་དང ། གནོད་སྦྱིན་མཆོད་པ་བྱས་པ་དང ། དགེ་འདུན་དབང་བསྐུར་བའི་གནས་རྣམས་དོར་ལ། དེར་ཡང་ཆུ་སྣུམ་པ་དང ། མཚོ་དང ། མཚེའུ་དང ། རི་བོ་དང ། སྣུམ་པའི་ཕྱོགས་མཚོན་པར་བྱས་ལ། དེ་རྣམས་སུ་སྔོན་བཞིན་དུ་བྱི་དོར་དང་ཡོངས་སུ་སྦྱང་བ་བྱས་ཏེ་ཚོན་སྣ་ལྔས་གྲུ་བཞི་སྒོ་བཞི་བའི་རི་མོ་བྲིས་ལ་དཀྱིལ་འཁོར་གྱི་དབུས་ཆ་བརྒྱད་པར་བྱས་ཏེ་ཡུངས་ཀར་དཀར་པོས་བྱིན་གྱིས་བརླབས་པའི་རྡོ་རྗེ་གྲ་བཞིར་གཞག་པར་བྱའོ། །དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཀྱི་དྲུང་དུ་འཕགས་པ་ཕྱག་ན་རྡོ་ 127b རྗེ་འབར་བའི་ཕྱག་ཅན་གཞག་པར་བྱའོ། །དེའི་དྲུང་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་རྡོ་རྗེ་དགྲ་སྟའི་ཕྱག་ཅན་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་དྲུང་དུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་རྔ་ཡབ་ཀྱི་ཕྱག་ཅན་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་མདུན་དུ་ལྷ་ཆེན་པོ་ཆུང་མ་དང་བཅས་པ་གཞག་པར་བྱའོ། །དེའི་མདུན་དུ་ཁྱུ་མཆོག་ཁ་འོག་ཏུ་ལྟ་བ་ནག་པོའི་གོས་ཅན་གཞག་གོ་།ཤར་གྱི་སྒོར་སྨན་ཐམས་ཅད་གཞག་པར་བྱ་སྟེ། ཨེ་ར་བ་ཏི་དང ། མེ་ཁ་བ་ཏི་དང ། ཛྱོ་ཏི་ར་ས་དང ། བེ་ག་བ་ཏི་དང ། སཱུརྱ་བ་ཏི་དང ། ་ཛ་གནྡྷ་དང ། ཡཀྵ་ཀ་ནཡ་སྟེ། སྨན་ཆེན་པོ་འདི་བརྒྱད་གཞག་པར་བྱའོ། །དེའི་གཟུགས་ནི། སེངྒེ་དང ། ཁྱུ་མཆོག་དང ། བྱ་རྒོད་དང ། རུས་སྦལ་དང ། སྦལ་བ་དང ། རྩངས་པ་དང་མེ་འབར་བ་དང ། དངུལ་ཆུ་རྣམས་གནས་རྣམས་སུ་གོ་རིམ་བཞིན་དུ་བྲི་བར་བྱའོ། །སྨན་རྣམས་དངུལ་ཆུ་དང ། བཅུད་ལེན་དང ། རིགས་ཀྱི་བུད་མེད་ཀྱི་དབྱིབས་སུ་གཞག་པར་བྱའོ།། རྒྱན་རྣམས་དང ། གྲུབ་པའི་རྫས་རྣམས་དང ། ལྡོང་རོས་དང ། མིག་སྨན་དང ། གི་ཝང་དང ། བུམ་པ་བཟང་པོ་དང ། རྐང་བྱུག་དང ། མཆོད་ཕྱིར་ཐོགས་དང ། འཁོར་ལོ་དང ། རལ་གྲི་དང ། དབྱུག་གུ་དང ། རྩེ་གསུམ་དང ། ཞགས་པ་ལ་སོགས་པ་བྲི་བར་བྱའོ། །དེའི་ལྷོའི་སྒོར་ལྷ་མ་ཡིན་བརྒྱད་བྲི་སྟེ། སྟོབས་ཅན་དང ། སྟོབས་ཅན་གྱི་བུ་དང ། བདེ་མཆོག་དང ། 128a ༄#། །དུས་ཀྱི་མུ་ཁྱུད་དང ། ཐགས་བཟང་རིས་དང ། རབ་བདེ་དང ། གཞན་ལེན་དང ། དབྱིག་ཟའོ། །ནུབ་ཀྱི་སྒོར་འཁྲུལ་འཁོར་སུམ་ཅུ་ལྷག་པའི་སྟོང་གཞག་པར་བྱའོ། །དེ་ལ་འཁྲུལ་འཁོར་ཆེན་པོ་བརྒྱད་རྣམ་པ་དང་བཅས་པ་གཞག་པར་བྱ་སྟེ། དེ་ལ་སྲད་བུ་དང ། གྲི་གུག་དང ། བུད་མེད་དང ། གཞིའི་འཁྲུལ་འཁོར་དང ། འཕང་འཛིན་པའི་ལག་པ་དང ། འོག་ཏུ་ལྟ་བའི་ཚུལ་དང ། གཞིའི་འཁྲུལ་འཁོར་ལ་ལྟ་བ་བྲི་བར་བྱའོ། །དེ་ནས་སེངྒེ་དང ། ལུག་དང ། ཆུ་སྲིན་དང ། གླང་པོ་ཆེ་དང ། ལྟོ་འཕྱེའི་རྣམ་པ་དང ། དཀྱིལ་འཁོར་གྱི་རྣམ་པ་དང ། མ་བྱས་པའི་གདོང་དང ། དཔལ་གྱི་སྒོ་འདི་བརྒྱད་རྣམ་པ་དང་བཅས་པ་བྲི་བར་བྱའོ། །གདོང་གི་འཁྲུལ་འཁོར་མཆུ་བཙུམ་པ་བྲི་བར་བྱའོ། །ལུག་གི་སྤྱི་བོར་ཕུར་བུའི་འཁྲུལ་འཁོར་བྲི་བར་བྱའོ། །མདའ་དང་བཅས་པའི་གཞུ་དང ། ཆུ་རྒྱུན་གྱི་ལྟེ་བར་ཕུར་བུ་གཞག་པར་བྱའོ། །སྦྱིན་དང ། འདལ་གྲུ་བཞི་བ་དང ། བསྐོར་བའི་འཁྲུལ་འཁོར་བྲིའོ། །གཉིས་དང ། འོད་འཕྲོ་བའི་རྣམ་པ་བྲི་བར་བྱའོ། །དེའང་གོ་རིམ་བཞིན་དུ་རྣམ་པ་དང་བཅས་པའི་འཁྲུལ་འཁོར་ལ་ཕུར་བུ་བསྣུན་པ་བྲི་བར་བྱའོ། །དེ་ནས་བྱང་གི་སྒོར་བུ་ག་རྣམ་པ་དང་བཅས་པ་བྲི་བར་བྱ་སྟེ། སེངྒེ་དང ། ལུག་དང ། ཆུ་སྲིན་དང ། གླང་པོ་ཆེའི་གདོང་དང ། ལྟོ་འཕྱེའི་གདོང་དང ། བ་ལང་གི་དགོད་ 128b དང།་དཀྱིལ་འཁོར་དང ། མ་བྱས་པའི་གདོང་གི་རྣམ་པ་སྟེ། དཔལ་གྱི་སྒོ་བརྒྱད་ཕུར་བུས་བསྣུན་པའི་རྣམ་པ་དང་བཅས་པ་བྲི་བར་བྱའོ། །དེའི་དབུས་སུ་ཆུ་རྒྱུན་དབྱུག་གུ་དང་བཅས་པ་བྲི་བར་བྱའོ། །གྲ་བཞིར་སྒོ་བྲལ་བཞི་བྲི་བར་བྱའོ། །མར་མེའི་ཐབ་ཁུང་ངོ ། །བདེན་བྲལ་དུ་དུ་བའི་ཐབ་ཁུང་ངོ ། །རླུང་དུ་ཆུའི་ཐབ་ཁུང་ངོ ། །དབང་ལྡན་དུ་སྦྲུལ་གཞག་པར་བྱའོ། །དེ་ནས་རས་དཀར་པོ་ཕྲ་བ་དྲི་ཞིམ་པའི་གདུགས་བཞི་དང ། དབྱིག་དང་བཅས་པའི་ནོར་བུས་བྱིན་གྱིས་བརླབས་ལ་ཤིན་ཏུ་བྲི་ཞིམ་པའི་ཆུ་གཙང་མས་ཡོངས་སུ་བཀང་བའི་བུམ་པ་རྩ་བ་ནག་པོ་མེད་ཅིང་དྲི་ཞིམ་པོས་ཡོངས་སུ་བྱུགས་པ་གཞག་གོ་།ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་གྲ་བཞི་བའི་ཤར་གྱི་སྒོར་གནས་གཅིག་ཏུ་ལྷ་མ་ཡིན་གྱི་དབང་པོ་ཆེན་པོ་སྟོབས་ཅན་དང ། བགྲོད་དཀའ་ཆེན་པོ་བྲི་བར་བྱའོ། །དེའི་ལྷོར་རྣམ་པར་སྣང་བྱེད་དང ། ཧ་རི་ཏའི་པི་ག་ལ་ཞེས་བྱ་བ་བྲི་བར་བྱའོ། །དེའི་ནུབ་ཀྱི་སྒོར་སྣང་བའི་ཕྲེང་བ་ཅན་དང ། རྔ་བོ་ཆེ་སྟེ། ལྷ་མ་ཡིན་གྱི་དབང་པོ་དེ་དག་བྲི་བར་བྱའོ། །དེ་ནས་མཆོད་པ་ཤ་མེད་པའི་ལྷ་བཤོས་བྱ་བ་སྟེ། གཅིག་ནི། སངས་རྒྱས་བཅོམ་ལྡན་འདས་ལའོ། །གཉིས་པ་ནི། དྲི་མ་མེད་པའི་བློ་གྲོས་ལའོ། །གསུམ་པ་ནི། རྡོ་རྗེ་འཛིན་པ་ལའོ། །བཞི་པ་ནི། ཁྲོ་བོའི་རྒྱལ་པོ་ལའོ། །ལྔ་པ་ནི། ལྷ་ཆེན་པོ་ལའོ། །དེ་ནས་ 129a ༄#། །ཇི་ལྟར་འབྱོར་པས་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱི་གཏོར་མ་དང ། འབྱུང་པོ་ཐམས་ཅད་བའི་གཏོར་མ་སྦྱིན་པར་བྱའོ། །དེ་ནས་དྲི་ཐམས་ཅད་དང ། མེ་ཏོག་དང ། ཕྱེ་མ་ལ་སོགས་པའི་ལྷ་བཤོས་སྦྱིན་ནོ། །དེ་ནས་ལྷ་རྣམས་འཆིང་བར་བྱེད་པའི་སྔགས་ནི། ཨོཾ་བཛྲ་གརྦྷེ་བཛྲ་གརྦྷྱེ་ཕཊ་ཧཱ་དྷི་ཀི་རི་ཎི་སཝཱ་ཧཱ། དེ་ནས་མཚམས་བཞིར་ལག་པ་ཕྱག་རྒྱས་བྱིན་གྱིས་བརླབས་པས་ལོག་འདྲེན་བཅིང་བར་བྱའོ། །དེའི་སྔགས་ནི། ན་མཿ ་ས་མནྟ་བཛྲ་ཎཱཾ། ཨོཾ་བྫྲ་པཱ་ལ་ཡ་སཝཱ་ཧཱ། ཞེས་ལན་གསུམ་དུ་བརྗོད་དོ། །རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བ་དང་དགུག་པར་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང ། ལྷ་ཐམས་ཅད་མེ་ཏོག་གིས་དགུག་པར་བྱའོ། །ན་མ་སྟྲཻ་ཡ་དྷྭི་ཀཝ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་ན་ལ་བྷཱ་ཀཱ་ནཱཾ་ན་མཿ ་སཝཱ་ཧཱ། དེ་ནས་སྐྱེས་བུ་དཔའ་བོས་སྔགས་འདིས་བསྲུང་བར་བྱ་སྟེ། ཨོཾ་དུ་རྦ་རེ་ཛྭ་ལ་ཛྭ་ལ་ན་མོ་བཛྲ་སཱ་ག་རཱ་ཡ་སཝཱ་ཧཱ། འདིས་བསྲུངས་ནས་རས་དཀར་པོ་ཕྲ་བ་དྲི་ཞིམ་པོས་གདོང་གཡོགས་ཏེ་འཁྲུལ་འཁོར་གྱི་བླ་མ་བཟླས་ལ་སྐྱེས་བུ་དབའ་བོས་ཆོས་ཀྱི་གྲུ་ལྟ་བུའི་ཤིང་ལྷམ་གོན་ཏེ་ལག་པ་གཡས་པ་རུས་སྦལ་གྱི་ཕྱག་རྒྱའམ། ལྷ་མ་ཡིན་གྱི་ཕྱག་རྒྱ་བཅིངས་ལ། རྩ་བ་ནག་པོ་མེད་པའི་བུམ་པ་ལོ་མ་བཟང་པོ་དང་ལྡན་པའི་ཆུས་ཤར་གྱི་སྒོར་འཁྲུལ་འཁོར་གྱི་བླ་མ་ཟློས་ཤིང་དབང་བསྐུར་བར་བྱའོ། །དེ་ལྟར་དབང་ 129b བསྐུར་བ་དེའི་རྗེས་སུ་ལག་པ་རྡོ་རྗེའི་ཕྱག་རྒྱས་མེ་ཏོག་དོར་རོ། །མེ་ཏོག་གང་ལ་ལྷུང་བ་དེའི་ལྷའི་རིགས་འགྲུབ་བོ། །དེ་ནས་གདོང་བཅིངས་པ་བཀྲོལ་ལ་དབང་བསྐུར་བ་དེ་ལ་སྐྱེས་བུ་དཔའ་བོས་དཀྱིལ་འཁོར་བསྟན་པར་བྱའོ། །ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱི་གནས་དང ། མཚོན་ཆ་དང ། དངུལ་ཆུ་དང ། བཅུད་ལེན་དང ། བུད་མེད་ཀྱི་ཚོགས་དང ། གྲུབ་པའི་རྫས་དང ། དེ་དག་གི་དཀྱིལ་འཁོར་མཐོང་ན། ལྷ་དང ། ལྷ་མ་ཡིན་གྱི་དམ་ཚིག་གི་ཚོགས་སུ་འགྲོ་བར་འགྱུར་རོ། །སྔོན་དུ་བསྙེན་པ་མ་བྱས་ཀྱང་འཁྲུལ་འཁོར་འཇིག་པར་འགྱུར་རོ། །དེ་དག་གིས་ཉེ་བར་མི་རྩེད་དོ། །ལྷ་མ་ཡིན་ཐམས་ཅད་ཀྱི་ཁང་པ་དང ། དངུལ་ཆུ་དང ། བཅུད་ལེན་དང ། བུད་མེད་དང ། མཚོན་ཆ་དང ། རྒྱན་དང ། སྒྱུ་མ་ལ་སོགས་པའི་འཁྲུལ་འཁོར་རྣམ་པ་སྣ་ཚོགས་པ་དེས་དབང་དུ་འགྱུར་རོ། །སྒྱུར་མས་སྤྲུལ་པའམ། །ལྷ་མ་ཡིན་གྱི་སྤྲུལ་པ་རྣམས་སམ། །གཞན་ཡང་སྲང་སྲོང་དང ། གྲུབ་པས་རབ་ཏུ་སྦྱར་བའི་འཁྲུལ་འཁོར་ལ་སོགས་པ་ལྟུང་བ་དང ། དབང་དུ་བྱེད་ནུས་པར་འགྱུར་རོ། །གང་དག་དཔལ་གྱི་སྒོར་འཇུག་པར་འདོད་ན། སྔོན་དུ་རྡོ་རྗེ་ཁྲོ་བོས་བཟླས་ལ་དཔལ་གྱི་སྒོར་བརྗོད་པ་དང ། སྦྱོར་བས་སྲེག་པ་ལ་སོགས་པ་བྱས་ཏེ་བ་སེར་སྐྱའི་ལྕི་བས་དཀྱིལ་འཁོར་བྱུགས་ལ་གཏོར་མའི་ཆོ་ག་བྱས་ནས་ཁའི་རྣམ་པའི་ཐུབ་ཁུང་གི་སྟེང་དུ་ཨ་པ་མརྒའི་ཡམ་ཤིང་ལ་མེ་སྦར་ལ། ཨ་པ་མརྒའི་ 130a ༄#། །འབྲས་བུ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །དེས་འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ། །དེ་ནས་རའི་པགས་པའི་རལ་གུ་གྱོན་ལ་ལག་ཏུ་མཚོན་ཆ་ཐོགས་ཏེ་མར་མེའི་མཆོད་སྡོང་བ་ལང་གི་རྔ་མའི་པགས་པ་བཅིངས་ལ། ཤལ་མ་ལིའི་དོག་པས་བཀང་སྟེ་ཛྱོ་ཏི་སྨྲ་ཏའི་འབྲུ་མར་ལ་སྔགས་འདིས་མེ་སྦར་རོ། །ོཾ་དཱུ་བི་དཱུ་བི་པྲ་ཛྭ་ལི་ནི་སཝཱ་ཧཱ། ཡང་ན་བུ་ག་གང་གི་རྣམ་པར་གྱུར་པ་དེ་བཞག་ལ་སྣགས་འདིས་མེ་སྤར་ཏེ་འཁྲུལ་ཁོར་གྱི་བླ་མ་བཟླའོ། །ཀུན་པ་མུན་ནག་ཐམས་ཅད་འཇོམས་པར་འགྱུར་རོ། །བདག་དང་ལྷན་ཅིག་སྤྱོད་པ་ཐམས་ཅད་སྨན་གྱིས་ལུས་བྱུག་གོ། །སྨན་ནི། །འདི་དག་སྟེ། རྒྱ་སྤོས་དང ། གུར་གུམ་དང ། རུ་རྟ་དང ། སྤང་སྤོས་དང ། སུག་སྨེལ་དང ། མུ་ལི་ཀ་དང ། དཎྜ་ཨུཏྤ་ལ་དང ། སིཾ་གྷྲི་དང ། བྱ་གྷརྀ་དང ། ན་མ་སྐ་རི་དང ། ་ནནྟ་དང ། ཛ་ཡིན་ཏ་དང ། རྨ་བྱའི་གཙུག་ཕུད་དག་སྟེ། འདི་རྣམས་ཀྱི་ཕྱེ་མ་སྒྱུ་མ་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་སྟེ། ཆུའི་འཁྲུལ་འཁོར་དང ། སྦྱིན་དང ། དངུལ་ཆུ་དང ། བཅུད་ལེན་དང ། བུད་མེད་ཀྱི་དབུས་སུ་འཇུག་པ་དང ། ལྷ་མ་ཡིན་གྱི་བུ་མོ་འགུགས་པ་ན་ཆོ་ག་ཕྲ་མོ་བྱས་ཏེ་འཁྲུལ་འཁོར་གྱི་བླ་མ་བཟླས་ནས་དེའི་རྐང་པ་ལེགས་པར་བྱུགས་པས་སྤྱིན་ལ་སོགས་པའི་འཁྲུལ་འཁོར་ཐམས་ཅད་འབྱུང་ 130b བར་འགྱུར་རོ། །དེར་འཇུག་པ་ན་སྔོན་དུ་བཛྲ་ཏནྟུ་ལི་བཀླགས་ལ་ཀ་ར་དང་ལྷན་ཅིག་ཏུ་ཟོས་ལ་འཇུག་གོ་།ལྷའི་ཁང་བའི་ལྷ་བཤོས་མི་བཟའོ། །ལྷའི་གྲང་ལ་གཡས་ཕྱོགས་ནས་བསྐོར་ལ་འགྲོའོ། །རྔའི་ཁང་པར་འཇུག་གོ། །རྔའི་འོག་ཏུ་རུལ་སྦལ་གྱི་ཕྱག་རྒྱ་འབྲིའོ། །དབྱུག་གུ་ལ་འཁྲུལ་འཁོར་གྱི་བླ་མ་བརྒྱ་རྩ་བརྒྱད་བཟླས་ཏེ་རྐང་པ་གཡོན་པས་མནན་ལ་ཁྲོ་བོའི་རྒྱལ་པོ་བཟློས་ཤིང་བརྡུང་ངོ ། །འཇུག་པའི་སྔོན་དུ་མཆོད་ཡོན་དང ། ཞབས་བསིལ་དང ། །འཐོར་འཐུང་བཟུང་ནས་མ་འོངས་ན། ཐམས་ཅད་དེར་འཆི་བར་འགྱུར་རོ།། ཅི་ནས་ཀྱང་འོང་བར་འགྱུར་རོ། །འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས་སོ། །ཡང་ན་ཕྱག་རྒྱའི་སྟེང་དུ་རྐང་པས་རྐང་པ་མནན་ལ་ཁ་བྱང་དུ་ཕྱོགས་ཏེ་ཕྱག་རྒྱ་བཅིངས་ལ་ཅུང་ཟད་ཅིག་བཟླའོ། །རྐང་འོག་ཏུ་ནང་ན་གནས་པ་ཐམས་ཅད་དང ། ལྷ་མ་ཡིན་གྱི་བུ་མོ་ངེས་པར་འོང་བར་འགྱུར་རོ། །ཇི་ལྟར་འདོད་པའི་དངུལ་ཆུ་དང ། བཅུད་ལེན་དང ། གྲུབ་པའི་རྫས་རྣམས་སྟེར་རོ། །དེ་ནས་ཇི་ལྟར་འདོད་པའི་དུས་དེ་སྲིད་དུ་དེ་རྣམས་དང་ལྷན་ཅིག་ཏུ་གནས་སོ། །དེ་ནས་འོང་བར་འདོད་ན། སེམས་ཅན་ལ་ཕན་པར་བྱེད་པའི་རྫས་མཛེས་པ་ཇི་ལྟར་འདོད་པ་བཟུང་ལ་གང་འདོད་པ་དེ་གདོན་མི་ཟ་བར་འདོང་བར་བྱའོ། །དེ་ནས་འཁྲུལ་འཁོར་གྱི་དབྱིབས་ཀྱི་རྣམ་པ་སེམས་ལ་བྲིས་ལ་ལྷ་མ་ཡིན་གྱི་ཕྱག་ 131a ༄#། །རྒྱའམ།་གཞན་གྱི་ཕྱག་རྒྱ་བཅིངས་ལ་བཟླའོ། །དེའི་སྐད་ཅིག་ལ་སྣང་བ་ཆེན་པོ་བྱུང་ནས་སྒོ་གྲོལ་བར་འགྱུར་རོ། །སོམ་ཉི་མེད་པར་ཇི་ལྟར་འདོད་པར་འགྲོའོ། །དཔག་ཏུ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ། །ཡིད་ལྟར་མགྱོགས་པ་དང ། ཇི་ལྟར་འདོད་པའི་རྒྱལ་པོ་གདུལ་དཀའ་བར་འདུལ་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །རྡོ་རྗེ་རྔ་བོ་ཆེ་ས་འོག་གི་དཀྱིལ་འཁོར་ཞེས་བྱ་བ་དོན་ཡོད་པ་ལྷ་མ་ཡིན་གྱི་གཙོ་བོ་སྐྱེས་བུ་དཔའ་བོ་རྣམས་དབང་བསྐུར་བ་འདི་ལས་གཞན་པ་མེད་དོ། །རྡོ་རྗེ་རྔ་བོ་ཆེ་ས་འོག་གི་ཕྱག་རྒྱ་དང་དཀྱིལ་འཁོར་ཞེས་བྱ་བ་ལས། དོན་ཡོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་ས་འོག་ལས། ། གསུངས་པའི་དབང་བསྐུར་རབ་བཤད་བྱ། །ས་འོག་དཀྱིལ་འཁོར་གསང་བ་ཡི། །རྔ་ཡི་སྒྲ་དབྱངས་བྲི་བར་བྱ། །དེ་ནས་རུས་སྦལ་ཕྱག་རྒྱ་གཞག་།ཡུངས་ཀར་དཀར་པོའི་སྟེང་དུའོ། །མཆོད་པའི་ཆོ་ག་བྱས་ནས་སུ། །བྲ་བའི་རས་ཀྱི་བརྒྱན་པ་ཡི། །བུམ་པ་རྩ་བ་མི་ནག་པ། །རིན་ཆེན་སྨན་གྱིས་ཡོངས་བཀང་ལ། །གཏོར་མ་གཡས་བསྐོར་བྱིན་ནས་སུ། ། ཕྱག་རྒྱའི་སྟེང་དུ་གཞག་པར་བྱ། །སྔོན་དུ་བཤད་པའི་ཆོ་ག་ཡིས། །དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ། །ལྷ་དང་སྤྱན་དྲང་བྱས་ནས་སུ། །ཇི་ལྟར་རིགས་པའི་མཆོད་པ་བྱ།། 131b བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །སྡིག་པ་ཡང་ནི་བཤགས་པར་བྱ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་བཅིང ། །གསང་བའི་དཀྱིལ་འཁོར་ཕྱི་རོལ་ཏུ། །གྲུབ་ངའི་རྡོ་རྗེའི་ཆུ་ཡིས་སུ། །དེ་ནས་དབང་བསྐུར་བ་ནི་བྱ། །ཇི་ལྟ་བ་ཡི་དབང་བསྐུར་ལ། །དེ་ལྟ་བུ་ཡི་བུམ་པ་དགོད། །གང་གི་དཀྱིལ་འཁོར་ཆོ་ག་ལ། །ཕྱག་རྒྱ་གཏོར་མའི་ཆོ་གར་བཤད། །དབང་བསྐུར་ཕྱིར་ནི་འབད་པ་ཡིས། །ཕྱག་རྒྱ་བཅིངས་ལ་གནས་པར་བྱ། །སྔོན་དུ་བསྙེན་པ་བྱས་ནས་སུ། །དངུལ་ཆུའི་བྱ་བ་སྤང་བར་བྱ། །མདོ་སྡེའི་རྗེས་འབྲང་ཆོ་ག་ཡིས། །མཆོད་རྟེན་གྱི་ནི་ལས་བྱའོ། ། གྲོགས་རྣམས་ཀུན་དང་རྣམ་གྲོལ་ཏེ། སློང་མོ་ཟ་ཞིང་མཉམ་བཞག་པས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཕྱག་ན་རྡོ་རྗེས་བྱིན་གྱིས་རློབ། །འཕགས་པ་རྡོ་རྗེས་འོག་གི་སྒྲུབ་པར་བྱེད་པའི་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་འདིར་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱིས་ཞབས་ལ་རྗེད་ལ། ཁྲོ་བོ་ཆེན་པོ་རྡོ་རྗེ་ས་འོག་གི་བྲིས་སྐུའི་ཆོ་ག་བརྗོད་པར་བྱའོ། །གཞོན་ནུ་མས་བཀལ་བའི་སྲད་བུ་བ་ལང་གི་ཆུས་བཀྲུས་ཏེ་ཡན་ལག་བརྒྱད་པའི་གསོ་སྦྱོང་ལ་གནས་པའི་ཐགས་མཁན་གྱིས་འཐག་པར་བྱའོ། །རས་སུ་གྱུར་པ་དང་སྔགས་པའི་ཁྲུ་དོ་པའི་སྲིད་ལ་ཞེང་དུ་ཁྲུ་གང་དང་སོར་བརྒྱད་པ་ལ་རི་མོ་མཁན་ཡན་ལག་བརྒྱད་པའི་གསོ་སྦྱོང་དང་ལྡན་པ་ལ་སྲུང་བ་བྱས་ཏེ་མཆོད་ཡོན་ཕུལ་ལ། བཅོམ་ 132a ༄#། །ལྡན་འདས་ཨུཏྤ་ལ་སྔོན་པོའི་ཁ་དོག་ཅན་ཁྲོ་བོ་སྤྱན་དམར་པོ། །ཡ་སོས་མ་མཆུ་མནན་པ། གནས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པ། གདུ་བུ་དང ། སྐ་རགས་དང ། རྐང་གདུབ་དང ། དཔུང་རྒྱན་དང ། རིན་པོ་ཆེའི་ཅོད་པན་གྱིས་སྤྲས་པའི་རལ་པའི་ཐོར་ཚུགས་ཅན། མི་མགོ་རློན་པའི་ཕྲེང་བས་བརྒྱན་པའི་མཆོད་ཕྱིར་ཐོགས་འཆང་བ།། གདུ་བུ་དང་འཁྱིལ་པས་རྣ་བ་བརྒྱན་པ། རལ་བའི་ཐོར་ཚུགས་ཀྱི་སྟེང་དུ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། ཆོས་འཆད་པའི་ཚུལ་ཅན། བཅོམ་ལྡན་འདས་མི་འཁྲུགས་པ་བྲི་བར་བྱའོ། །ལག་པ་གཡས་པར་རབ་ཏུ་འབར་བའི་རྡོ་རྗེའོ། །གཉིས་པར་ལྕགས་ཀྱུའོ། །གཡོན་པར་པདྨའི་མཛོད་ཀྱི་ནང་དུ་ཡིད་བཞིན་གྱི་ནོར་བུས་གང་བ་འཛིན་པའོ། །གཡོན་པའི་གཉིས་པ་ལྷ་མ་ཡིན་སྡིགས་པའི་མཛུབ་མོའོ། །རྒྱ་མཚོ་ཆེན་པོའི་ནང་དུ་པདྨ་ཆེན་པོའི་སྟེང་ན་བཞུགས་པ། འགྲན་ཟླ་དང་བྲལ་བ་གཅིག་པུའོ། །གཡས་པའི་ལག་པའི་འོག་ཏུ་སྒྲུབ་བྱེད་པདྨེའི་སྟེང་དུ་པུས་མོ་བཙུགས་པ་པདྨའི་སྡོང་བུས་བརྒྱན་པའི་ལག་པ་ཅན་བྲི་བར་བྱའོ། །དེ་ནས་སྔར་བཤད་པའི་གནས་རྣམས་སུ་རྗེས་སུ་མཐུན་པའི་རབ་ཏུ་གནས་པ་དང ། མཆོད་པ་བྱས་ལ་རིང་བསྲེལ་ཅན་གྱིས་མཆོད་རྟེན་གྱི་མདུན་དུ་འབུམ་ཕྲག་བཅུ་བཟླས་པར་བྱའོ། །དེ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དཔལ་གྱི་སྒོར་བྲིས་སྐུ་ 132b གཞག་པར་བྱའོ། །ཇི་ལྟར་འདོད་པར་རོ། །དཔལ་དང་ལྡན་པས་བ་ལང་གི་པགས་པའི་སྟན་ལ་གོས་དམར་པོ་གྱོན་ཏེ་དུག་དང་ཁྲག་བསྲེས་ལ་མིའི་རུས་པས་བཅུས་ཤིང་བརྒྱ་ཕྲ་བརྒྱད་སྲེག་བླུག་བྱའོ། །བུ་གའི་འཁྲུལ་འཁོར་ཐམས་ཅད་འཇོམས་པར་འགྱུར་རོ། །བཅོམ་པ་དང ། དངུལ་ཆུ་དང ། བཅུད་ལན་དང ། བུད་མེད་ཀྱི་གྲོང་དུ་འཇུག་པར་འགྱུར་རོ། །འཁྲུལ་འཁོར་རྣམས་བཀའ་བཞིན་དུ་སྒྲུབ་པར་འགྱུར་རོ། །ཕྱག་རྒྱས་ལྷ་ཐམས་ཅད་འགུགས་པར་བྱེད་དོ། །འདི་ལྟ་བུས་གང་ཇི་ལྟར་སམས་པའི་བསམ་པ་དང ། གང་ཇི་ལྟར་སེམས་པའི་ལས་དང ། གང་ཇི་ལྟར་སེམས་པའི་ཆོ་ག་ཐམས་ཅད་བཀའ་བཞིན་དུ་བྱེད་པར་འགྱུར་རོ། །བསྒོ་བ་ཉན་པར་འགྱུར་རོ། །གང་ཞིག་ཀླུའི་རྒྱལ་པོ་བྲིས་ནས་དེའི་མདུན་དུ་བྲིས་སྐུ་བཀྲམ་སྟེ། རྐང་པ་གཡོན་པས་མནན་ལ་སྟོང་ཕྲག་བརྒྱ་བཟླ་བར་བྱའོ། །ཀླུའི་རྒྱལ་པོ་དེ་འོངས་ནས་ཅི་བགྱི་ཞེས་སྨྲ་བར་འགྱུར་རོ། །དེས་སྨྲས་པ། ངའི་བཀའ་བཞིན་དུ་གྱིས་ཤིག་ཅེས་བརྗོད་དོ། །དེས་ཅི་བསྒོ་བ་ཉན་པར་འགྱུར་རོ། །ཀླུ་ཐམས་ཅད་ཀྱི་ཁང་པ་རྣམས་སུ་འཇུག་པར་འགྱུར་རོ། །དེ་དག་ལ་འདི་དག་ཐམས་ཅད་གྱིས་ཤིག་ཅེས་བཀའི་བསྒོ་བ་ཉན་ནོ། །དེ་བཞིན་དུ་ལུས་ངན་རྣམས་དང ། གནོད་སྦྱིན་རྣམས་དང ། འབྱུང་པོ་རྣམས་དང ། སྲིན་པོ་རྣམས་དང ། བྱར་འདབས་རྣམས་ཀྱི་གནོད་སྦྱིན་མོ་ལ་སོགས་པ་ཐམས་ཅད་བཀའ་བཞིན་བྱེད་པར་འགྱུར་རོ། ། 133a ༄#། །ཅི་བསྒོ་བ་ཉན་ནོ། །གྲགས་མཁར་བདུན་གྱི་རྩེ་མོའི་ས་བསྡུས་ཏེ། དེ་ལས་ནམ་མཁའ་ལྡིང་བྱས་ལ་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་དྲུང་དུ་བྲིས་སྐུ་བཀྲམ་སྟེ་དགོན་པའམ། གཞན་གང་ཡང་རུང་བར་དེའི་སྟེང་དུ་བསྡད་ལ་སྟོང་ཕྲག་བརྒྱ་བཟླའོ། །དེའི་སྟེང་དུ་འགྲོའོ། །སྲེད་མེད་ཀྱི་བུ་ཆེན་པོ་སྟོབས་སུ་འགྱུར་རོ། །སྦྲུལ་པ་ཆེན་པོ་བྱེད་དོ། །ཐམས་ཅད་གྲུབ་པའི་རིག་པ་འཛིན་པ་རྣམས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་རོ། །ལས་ཐམས་ཅད་པ་ལྟ་བུར་ཚེ་དཔག་ཏུ་མེད་པ་དང ། འཆི་བ་ལ་དབང་ཐོབས་པར། འདོད་ན་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བ་དང ། དེ་ནས་ཡང་ཤི་འཕོས་ནས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པར་འགྱུར་རོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་སྤྲིན་ཆེན་པོ་འབེབས་པར་བྱེད་ཅིང་རྐང་འོག་ཐམས་ཅད་ཀྱི་ནང་དུ་རིག་པ་དང ། སྤྱོད་པ་དང ། རིན་པོ་ཆེའི་འབྱུང་ཁུངས་ཐམས་ཅད་ཀྱི་གཙོ་བོ་དང ། མཆོག་སྟེར་བ་དང ། འཁོར་ལོ་འཛིན་པ་ལྟར་གཅིག་ཏུ་དཔའ་བའི་རྒྱལ་པོ་ཆེན་པོར་འགྱུར་རོ། །འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། ཐམས་ཅད་སྒྲུབ་པར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་མཆོད་པ་མཆོག་ཏུ་གསང་བའི་བྲིས་སྐུ་བཤད་ 133b པར་བྱའོ། །གཞོན་ནུ་མས་བཀལ་བའི་ཁ་ཚར་མ་བཅད་ཅིང་སྐྲ་མེད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་ཁ་དོག་མ་འདྲེས་པ་སྣོད་གསར་པར་བཞག་ལ། ཁ་དོག་དམར་པོ་ཕྱག་བཞི་པ་སྦྲུལ་གྱི་སྐ་རགས་ཀྱིས་བརྒྱན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། སྤྲིན་གསར་པ་ལྟ་བུ་མཆུ་སྦྱར་པ། དཔྲལ་བར་ཁྲོ་གཉེར་བསྡུས་པ། རྡོ་རྗེ་དང་བཅས་པའི་མགོ་བོའི་ཕྲེང་བ་ཅན། གཡས་པར་དགྲ་སྟ་དང ། ཡང་རྡོ་རྗེའོ། །གཡོན་པའི་སྡིགས་མཛུབ་ཀྱིས་དཔལ་གྱི་སྒོའི་བུ་ག་གསལ་བར་བྱེད་པ། གཡོན་པའི་གཉིས་པར་ལྟོ་འགྲོ་ཆེན་པོ་བསྐྱིལ་བའི་ཞགས་པ་འཆང་བའོ། །འོག་ཏུ་གཟིགས་པ། ཞལ་མཆེ་བ་གཙིགས་པ། དྲག་པོའི་གཟུགས་ཅན་མ་མོས་པར་གྱུར་པས་བྲི་བར་བྱའོ། །རྣམ་པར་བྲལ་བའམ། སྟོང་པའི་ཕྱོགས་མེ་ཏོག་དང་འབྲས་བུར་ལྡན་པའམ། བུ་གའི་སྒོར་འབུམ་ཕྲག་དྲུག་བཟླའོ། །དེའི་སྔོན་དུ་ཇི་ལྟར་བྲིས་སྐུ་དེ་གདུག་པ་ཅན་འགས་ཀྱང་མ་མཐོང་བ་དེ་ལྟར་བྱའོ། །དེ་ནས་རྡོ་རྗེས་བསྣུན་པའི་ཤིང་གིས་ས་བསྲེགས་ལ་ཕྱོགས་དེར་ཡུངས་ཀར་དཀར་པོ་ལ་རྡོ་རྗེ་ཁྲོ་བོས་ཡོངས་སུ་བསྔགས་ཏེ་གདབ་པར་བྱའོ། །དེ་ལས་སྐྱེས་པའི་ས་བོན་དེ་གཟུང་བར་བྱའོ། །དེ་ནས་རྡོ་རྗེས་བསྣུན་པའི་ཤིང་ལ་མེ་སྦར་ཏེ་རྡོ་རྗེའི་རྣམ་པའི་ཐབ་ཁུང་དུ་ཡུངས་ཀར་དེ་དང ། ཙནྡན་དམར་པོ་བསྲེས་ལ་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །ཉི་མ་བཞི་ 134a ༄#། །པ་ལ་ལྷ་མ་ཡིན་གྱི་གྲོང་ན་གནས་པའི་བུད་མེད་ལས་དྲོ་བ་དང་ལྡན་པས་ངེས་པར་འོངས་ནས་སྟོན་པར་འགྱུར་རོ། །དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་མི་བྱའོ། །དེ་རྣམས་དང་སྨྲ་བར་མི་བྱའོ། །ཉི་མ་ལྔ་པ་ལ་སྲེག་བླུགས་བྱས་པའི་མཐར་འཁྲུལ་འཁོར་ཐམས་ཅད་ལ་དུ་བ་འབྱུང་བར་འགྱུར་རོ། །དེ་ནས་བུད་མེད་དེ་དག་འོངས་ཏེ་སྐྱེས་བུ་དཔའ་བོ་བྱོན་པར་ཞུ་ཞེས་སྨྲ་བར་འགྱུར་རོ། །དེར་ཡང་འཇུག་པར་མི་བྱའོ། །སྲེག་བླུགས་བྱས་པ་དང ། ཉི་མ་དྲུག་པ་ལ་ཁང་པ་ཐམས་ཅད་ལ་དུ་བ་འཐུལ་བར་འགྱུར་རོ། །འཁྲུལ་འཁོར་གྱི་གནས་སུ་ཀི་ཊི་ཀི་ཊི་ཞེས་སྒྲོག་པར་འགྱུར་རོ། །དེ་ནས་བུད་མེད་དེ་རྣམས་མིག་མཆི་མས་གང་བཞིན་དུ་གྲུབ་པའི་རྫས་དང ། རིན་པོ་ཆེ་ཐམས་ཅད་བཟུང་ནས་འོང་བར་འགྱུར་རོ། །རང་གི་ཕྱག་རྒྱ་བསྟན་ལ་བླང་བར་བྱའོ། །གལ་ཏེ་མི་འདོད་ན་ཡང་ཉི་མ་བདུན་པ་ལ་སྦྱིན་སྲེག་བྱའོ། །གང་སྔོན་དུ་ཞུགས་པ་དེ་ཐམས་ཅད་འཆི་བར་འགྱུར་རོ། ། འཁྲུལ་འཁོར་ཐམས་ཅད་ལྟུང་བ་དང་འཇོམས་པར་འགྱུར་རོ། །ཆོ་ངེས་འདེབས་ཤིང་ངེས་པར་འོད་བར་འགྱུར་རོ། །དེ་དག་ལ་མི་འཇིགས་པ་བྱིན་ལ་ཕྱི་ནས་འཇུག་པར་བྱའོ། ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། ལྷ་མ་ཡིན་གྱི་བུ་མོ་ལ་དྲག་ཤུལ་སྤྱོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་རིམ་པར་ཕྱེ་བར་གྱུར་པ་ནི། བཅོམ་ལྡན་ 134b འདས་དེ་ཉིད་རྣམ་པར་འགྱུར་བ་སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་བཞི་པ། ལྷ་མ་ཡིན་ཆེན་པོ་གཞན་ལེན་གྱི་མགོ་ལ་ཕྱག་གཉིས་ཀྱིས་རྡོ་རྗེས་བསྣུན་ནས་གསོད་པར་མཛད་དོ། །ཕྱག་གཡས་པར་ཆུ་སྲིན་གྱི་མཆེ་བའི་རྣམ་པའི་སོར་མོའི་རྩ་མོ་ལྕགས་ཀྱུས་མེ་ཏོག་འདོན་པ་ལྟར་བསྣུན་པའོ། །གཡོན་པ་བསྡིགས་མཛུབ་མཛད་པའོ། །དེའི་མདུན་དུ་རྡོ་རྗེས་བསྣུན་པའི་ཤིང་ལ་མེ་རབ་ཏུ་འབར་ལ་མེ་ཏོག་དང་འབྲས་བུ་ལྡན་པར་རྡོ་རྗེ་རྩེ་མོ་དྲུག་པ། ཉི་མ་གཅིག་ཏུ་ཕཊ་ཀྱི་ཡི་གེ་དང་ལྡན་པར་བསྲེག་པར་བྱའོ། །དེ་བསྲེགས་པས་ལྷ་མ་ཡིན་ཐམས་ཅད་ཀྱི་རིགས་ཀྱི་བུད་མེད་ཆོ་ངེས་འདེབས་ཤིང ། སྐྱབས་མེད་པར་འོང་བར་འགྱུར་རོ། །དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་འགྱུར་རོ། །དེ་ན་ལྷ་མོ་གཡོན་ཕྱོགས་པ་ཞེས་འཇིག་རྟེན་དུ་གྲགས་པའི་རྣམ་པ་སྤྲ་ཚིལ་དང ། ཚ་བ་གསུམ་དང ། ལུགས་ཕྱེ་བསྲེས་པ་ལས་གཟུགས་བརྙན་བྱས་ལ། རྡོ་རྗེས་བསྣུན་པའི་ཤིང་ལ་མེ་སྦར་ཏེ། རྡོ་རྗེས་སྙིང་གར་གཟེར་ལ་ཇི་སྲིད་ལངས་ཀྱི་བར་དེ་སྲིད་དུ་བསྲོ་བར་བྱའོ། །གལ་ཏེ་མི་ལྡང་ན། རྡོ་རྗེའི་རྣམ་པའི་ཐབ་ཁུང་དུ་ཤིང་དེ་ཉིད་ལ་མེ་སྦར་ལ་དུམ་བུར་གཏུབས་ཏེ་སྦྱིན་སྲེག་བྱའོ། །འཁྲུལ་འཁོར་ཐམས་ཅད་ལ་དུ་བ་དེས་རེག་པ་ཙམ་གྱིས་ལྟུང་སྟེ། སླར་འབྱུང་བའི་མཐུ་མེད་པར་འགྱུར་རོ། །གསང་བ་ཆེན་པོ་འདི་དཀྱིལ་འཁོར་མ་མཐོང་བ་དང ། ཆོ་ག་ 135a ༄#། །མི་ཤེས་པ་དང ། ལས་ཀྱིས་གྲིབ་པ་མ་སྦྱངས་པ་དང ། དམ་ཚིག་མེད་པ་ལ་སྦྱིན་པར་མི་བྱའོ། །བསོད་ནམས་བྱས་པ་དང ། བུ་གའི་འཁྲུལ་འཁོར་འཇོམས་པ་དང ། སྤྲོ་བའི་སེམས་དང་ལྡན་པ་དང ། ཁ་ན་མ་ཐོ་བ་མེད་པའི་ཡིད་དང ། ཕ་དང་མ་ལ་གུས་པ་དང ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང ། དེ་བཞིན་གཤེགས་པ་ལ་བསམ་པ་མི་ཕྱེད་པ་དག་ལ་སྦྱིན་པར་བྱའོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱི་གཙུག་ཏུ་བྲི་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གཞན་ཡང་རིམ་པར་ཕྱེ་བར་གྱུར་པ་ནི། ཧཱ་ཡང་ཙའི་དབུས་སུ་ཡུངས་ཀར་སྐྱ་བོས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །དེ་ནས་བུད་མེད་རྣམས་འོང་བར་འགྱུར་རོ། ། ལག་པ་ཡོངས་སུ་བཟུང་ནས་འཇུག་པར་བྱེད་དོ། །ཡང་ན་གང་འདོད་པ་དེ་སྟེར་རོ། །འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་པས་རི་བོ་དང་བགེགས་རྣམ་པ་སྣ་ཚོགས་པ་རྣམ་པར་འཇོམས་པར་བྱེད་དོ། །འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། རྡོ་རྗེ་ཉིད་ཁུའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་འདིར་རྟོག་པ་གཞན་ཡང་བཤད་པར་བྱ་སྟེ། ལོ་མ་དང ། ནས་ཀྱི་བཟའ་བ་དང ། སློང་མོའི་ཟས་ཟ་ཞིང་སྔར་བཤད་པའི་ཚུལ་གྱིས་འབུམ་ཕྲག་གསུམ་བཟླ་བར་བྱའོ།། 135b བཟླས་པ་ཡོངས་སུ་རྫོགས་པ་དང ། རྡོ་རྗེས་བསྣུན་པའི་ཤིང་ལ་རྡོ་རྗེ་ཁྲོ་བོ་ཚོན་གང་ཁྲོ་གཉེར་བསྙེར་ཞིང་མཆུ་བསྡམས་པ། འཇིགས་པར་བྱེད་པ། རྡོ་རྗེ་འཕྱར་བའི་ལག་པ་ཅན། གཡོན་པའི་མཛུབ་མོ་སྡིག་མཛུབ་ཏུ་བྱས་པ། དེ་ནས་ཟླ་བ་ཆེར་གཟས་བཟུང་ནས་མི་མཐོང་བ་ན་དུར་ཁྲོད་དུ་ཙནྡན་དམར་པོའི་སྟན་ནམ། ཆུ་བོའི་འགྲམ་གྱི་འཇིམ་པ་ལ་བཞུགས་པར་བྱའོ། །དེ་ལ་རྒྱ་ཆེན་པོའི་མཆོད་པ་བྱས་ནས་དེའི་མདུན་དུ་རྡོ་རྗེས་བསྣུན་པའི་ཤིང་ལ་སོར་དྲུག་པའི་རྡོ་རྗེ་རྩེ་མོ་ལྔ་པ་བྱས་ཏེ་དྲི་དང ། མེ་ཏོག་གིས་མཆོད་ལ་ཇི་ལྟར་འབྱོར་པའི་མཆོད་པ་དང ། གཏོར་མ་བྱས་ཏེ་ཨ་ཤཝཏྠའི་འདབ་མ་བཞིའི་སྟེང་དུ་བཞག་ལ་ལོ་མ་གསུམ་གྱིས་དགབ་པར་བྱའོ། །ལག་པ་གཡོན་པའི་མཐིལ་དུ་དུར་ཁྲོད་ཀྱིས་སོལ་བས་རྡོ་རྗེ་བྲིས་ལ་ལག་པ་དེ་བཀབ་སྟེ། དེ་ཉིད་ཇི་སྲིད་ས་མི་འགུལ་བ་དེ་སྲིད་ཀྱི་བར་དུ་བཟླས་པས་དེ་ནས་འགྲུབ་པར་འགྱུར་རོ། །རྡོ་རྗེ་དེ་ཉིད་ལག་པར་བཟུང་བས་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་འཇོམས་པར་བྱེད་དེ། འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །དེ་ནས་བུད་མེད་རྣམས་ཕྱི་རོལ་ཏུ་དགུག་པར་འདོད་ན། དཔལ་གྱི་བུ་གའི་སྒོར་རྡོ་རྗེ་ཁྲོ་བོ་དེ་ཉིད་བཞག་ལ་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་ཏེ། རྡོ་རྗེ་དེ་ལག་པ་གཡོན་པར་བཟུང་ལ་གཡས་པ་མ་ཡིན་པའི་ལག་པས་ཡུངས་ཀར་སྐྱ་བོ་རྣམས་སྟོང་ཕྲག་བརྒྱད་དུ་ 136a ༄#། །སྦྱིན་སྲེག་བྱའོ། །དེ་ནས་བུད་མེད་རྣམས་འོང་བར་འགྱུར་རོ། །ལག་པ་ནས་བཟུང་སྟེ་འཇུག་པར་བྱེད་དོ། །ཡང་ན་གང་འདོད་པ་དེ་སྟེར་བར་འགྱུར་རོ། །འབུམ་ཕྲག་ཉི་ཤུ་རྩ་གཅིག་ཏུ་བཟླས་པས་རི་མོ་མཁྲང་པོ་རྣམ་པ་སྣ་ཚོགས་འཇོམས་པར་འགྱུར་རོ། །འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། རྡོ་རྗེ་སྒྲུབ་པར་བྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྨན་འདི་སྒྲུབ་པ་པོས་ཅི་ནས་ཀྱང་བསྒྲུབ་པར་བྱའོ། །བགེགས་རྣམས་དང་ལོག་པར་འདྲེན་པ་མེད་པར་བྱེད་དོ། །ཟླ་བ་ཤར་བ་དང ། དབང་པོ་ལག་པ་དང ། སིཾ་གྷྲི་དང ། བྱཱ་གྷརྀ་དང ། ལག་པ་བཞི་པ་དང ། བྷ་ར་ཧ་ཀརྟི་ཀ་དང ། ག་ཛྲཾ་ཀ་དང ། ར་ཙ་ནི་དང ། རུ་རྟ་དང ། གུར་གུམ་དང ། དུང་གི་ཕྱེ་མ་རྣམས་གླང་པོའི་གཅིན་གྱིས་སྦྲུས་ལ་ཇི་ལྟར་འདོད་པའི་རིལ་བུ་བྱའོ། །དྲི་དང ། མེ་ཏོག་དང ། གཏོར་མ་དང ། བདུག་པ་རྣམས་གནས་རྣམས་སུ་བཞག་ལ། ཆུ་འཆག་པ་དང ། དྲི་མ་འདོར་པ་ན་རས་ཀྱིས་བཅིང་བར་བྱའོ། །དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །གཞན་དུ་ན་ལོག་པར་འདྲེན་པ་རྣམས་ཞུགས་ཏེ་མ་རུངས་པར་བྱེད་པར་འགྱུར་རོ། །བཤད་མ་ཐག་པའི་སྨན་གྱིས་ལོག་པར་འདྲེན་པ་ལ་སོགས་པ་ཐམས་ཅད་རྣམ་པར་ཉམས་ནས་ཕན་ཚུན་ལྟ་ཞིང་འདི་སྐད་ཅེས། འདི་ན་ཇི་སྲིད་ 136b སྨན་ཡོད་པ་དེ་སྲིད་འགྲོ་བར་མི་བྱའོ། །ཞེས་སྨྲ་ཞིང ། ཕྱོགས་དང་ཉེ་བའི་ཕྱོགས་རྣམས་སུ་འབྱོར་བར་འགྱུར་རོ། །དཔག་ཚད་གཅིག་གི་ཁོངས་སུ་བགེགས་ལྡང་བར་མི་འགྱུར་རོ། །ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །གང་ཡང་རིག་པ་འཛིན་པས་དུས་གསུམ་དུ་ཉེ་བར་བྱུགས་ན། དེ་ལ་འགའ་ཞིག་གིས་ཀྱང་འཇུག་པར་མི་ནུས་སོ། །བཱ་ལ་ཀ་དང ། སཱ་རི་བ་དང་ལོ་དྲ་མ་དང ། ལངྒ་ལི་དང ། སྒོག་པ་དང ། བྱི་བའི་སྤུ་རྣམས་སྦྱར་བའི་བདུག་པ་འབད་པས་བྱས་ན། བུ་གའི་སྒོར་འགྲོ་བ་ན་ཐིགས་པ་ཞི་བར་བྱེད་དོ། །ུཏྤ་ལ་སྔོན་པོ་དང ། དྲི་ཞིམ་པོའི་མར་དང ། རུ་རྟ་དང ། ས་ར་བི་དང ། ཙནྡན་དང ། བོ་ལ་ཀ་དང ། བ་ལང་གི་གཅིན་གྱིས་སྦྲུས་པའི་སྨན་གྱིས་དུག་འཇོམས་པར་བྱེད་ཅིང་དཔལ་གྱི་སྒོའི་དྲོད་གཤེར་ལས་སྐྱེས་པ་འཇོམས་པར་བྱེད་དོ། །ཆུ་ཤིང་དང ། གླ་སྒང་དང ། བཱ་ཎ་དང ། ཀོཥྛ་དང ། ུ་དུམ་ཝ་ར་དང ། བ་ལ་དང ། ་ཤཝ་གནྡྷ་དང ། ཤུ་དག་དང ། གེ་རི་ཀརྞྞི་ཀ་དཀར་པོ་སྟེ། འདི་རྣམས་སྦྱར་བས་ཐམས་ཅད་ཀྱི་གཉིད་དང ། འཁྲུལ་འཁོར་དང ། མུན་པ་འཇོམས་པར་བྱེད་དོ། ཤི་བྷ་ཨཉྩ་པའི་ས་བོན་དང ། ུཏྤ་ལ་དང ། ནཱ་ག་གེ་སར་དང ། ག་པུར་རྣམས་མཉམ་པོར་སྦྱར་བའི་མིག་སྨན་གྱིས་གཉིད་མེད་པར་བྱེད་དོ། །ཀ་ར་དང ། རྟའི་ཁ་ཆུ་དང ། ནཱ་ག་གེ་སར་དང ། ས་རི་བས་མིག་སྨན་བྱས་ལ་ཁྲོ་བོ་བཟླས་པ་ཉིད་ཀྱི་འཁྲུལ་འཁོར་ 137a ༄#། །ཟློག་པར་བྱེད་དོ། །རྨ་བྱའི་གཙུག་ཕུད་དང་མཉམ་པོར་སྦྱར་ལ། ན་ལེ་ཤམ་དཀར་པོ་དང་བཏགས་ཏེ་ལན་བདུན་བཟླས་པས་རྩོད་པ་ཟློག་པར་བྱེད་དོ། །སེམས་རྣམ་པར་གཡེང་བ་མེད་པ་དང ། བརྩེ་བ་དང་ལྡན་པ་དང ། ཆོས་ཤེས་པ་དང ། རིང་དུ་མཐོང་བ་གང་གི་ཁྱིམ་དུ་ཆོ་ག་དང་ལྡན་པས་སྨན་བཞག་ནས་ཁྲོ་བོ་རྡོ་རྗེ་ས་འོག་ལ་མཆོག་ཏུ་གུས་པར་གྱུར་ན། དེས་རྐང་འོག་གི་དཔལ་གྱི་སྒོ་འགྲུབ་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །ཡ་བའི་མེ་ཏོག་དང ། རྒྱ་སྲན་གྱི་ཕྱེ་མ་དང ། ཡུངས་ཀར་དང ། བཱི་ལ་དང ། ིང་གུ་རྣམས་སྲང་རེ་རེ་སི་ཏ་དང་ལྷན་ཅིག་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པས་བཀྲེས་པའི་འཁྲུལ་འཁོར་ཟློག་པར་བྱེད་དོ། ། པ་མརྒའི་ས་བོན་དང ། བི་ཛ་ཨཀྵའི་ས་བོན་དང ། ུ་དུམ་ཝ་རའི་རི་བུ་ལ་ལན་བདུན་བཟླས་ན། བཀྲེས་པ་སེལ་བར་བྱེད་དོ། །གླང་པོའི་རྣ་བའི་པ་ལ་ཤའི་ཁུ་བ་བླངས་ལ་རྡོ་རྗེའི་སྡོང་སྐྱེས་དང ། རྡོ་རྗེའི་འོ་མ་དང་མཉམ་པོར་སྦྱར་ལ། ཏིལ་མར་དང་བསྐོལ་ཏེ་སྦྱིན་རྣམས་ཐམས་ཅད་ལ་མར་ཁུའི་མཆོག་དེས་བྱུག་པར་བྱའོ། །རྡོ་རྗེ་ལྗོན་པའི་ཁྲག་དང་ནི། །དེ་བཞིན་རྡོ་རྗེ་སྡོང་བུའི་བཅུད། །སེ་པ་ལ་ཡི་བཅུད་དང་སྦྱར། །གསེར་གྱི་མར་དང་བཙོ་བར་བྱ། །ཐོག་མར་དེ་དག་བཅངས་ནས་སུ། །མཁས་པ་ཡིས་ནི་འབད་པར་བསྡད། །འབྲུ་མར་གྱིས་ནི་ལུས་བྱུགས་ན། །སྦྱིན་གྱི་སྟེང་ནས་འགྲོ་བར་ 137b བྱ།་ྀང་གུ་བི་ལེའི་མར་ཁུ་དང ། །ཁ་བ་ཡི་ནི་ནས་དག་ནི། །རྟ་ཡི་དྲི་དང་མཉམ་བསྲེས་ནས། །རྟ་ཡི་གཅིན་དང་བསྐོལ་བར་བྱ། །འདི་དག་གིས་ནི་ལུས་བྱུགས་ན། །སྦྱིན་གྱིས་གོས་པར་མི་འགྱུར་རོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། །སྨན་དང་རྩིའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་སེངྒེའི་ལྟ་སྟངས་ཀྱིས་བུ་གར་འཇུག་པར་བྱའོ། །མཁས་པས་མཚན་མ་མཚོན་པར་བྱ་སྟེ། དཔལ་གྱི་སྒོར་རྐང་བཞི་པ་དང ། དངུལ་ཆུ་དང ། བཅུད་ལེན་དང ། བུད་མེད་དང ། གྲུབ་པའི་རྫས་ཀྱིས་ཡང་དག་པར་ཁྱབ་པ་དང ། བུ་ག་གང་དག་ཤང་ཤོང་ཅན། །ལ་ལ་རྡོ་བས་ཁྱབ་པ་ནི། །དེ་ནི་རད་རོད་ཅན་ཤེས་བྱ། །ས་ནི་འབར་བས་ཆུ་སྐེམ་ཞིང ། །ཕྱི་རོལ་བཤད་པའི་དྲི་མནམ་ཞིང ། །ཀེང་རུས་ཀྱི་ནི་རུས་པས་ཁྱབ། །གདུག་པའི་རྡོ་བ་དག་གིས་གང ། །དེ་ནི་རད་རོད་ཅན་དུ་བསྟེན། །འགའ་ཞིག་འཇིམ་པ་དག་གིས་ཁྱབ། །ལ་ལ་རྡོ་དང་ཆུ་ཡིས་གང ། །དྲི་མི་ཞིམ་པའི་ཤིང་མང་བ། །རད་རོད་འཇིགས་པ་ཉིད་དུ་འགྱུར། །བཤད་དང་ལྗན་ལྗིན་དྲི་མནམ་ཞིང ། །ཁ་ཅིག་ན་ནི་སྦྲུལ་གྱི་དྲི། །པགས་པ་དང་ནི་བྱ་ཡིས་ཁྱབ། །དེ་ནི་ངེས་པར་ཅེ་སྤྱང་གནས། །ཡང་ན་རྡོ་རྗེ་ས་འོག་ལས་བསྟན་པའི་ཇི་ལྟ་བུའི་རྣམ་པའི་སྒོ་མཁས་པས་ཕྱི་རོལ་ཏུ་བརྟགས་ནས་འཇུག་པར་བྱའོ། །ཡོ་བྱད་ཐམས་ཅད་དང་ལྡན་པས། །ཁྲོ་བོའི་དམ་པ་ལེགས་པར་བཟླས། །དབང་བསྐུར་བས་ནི་དབང་བསྐུར་ 138a ༄#། །ལ། །བློ་དང་ལྡན་པས་བསྲུང་བར་བྱ། །འདི་ཡི་ཚུལ་གྱིས་དཔའ་བོ་ཡིས། །ས་འོག་མཐོ་རིས་དཔལ་གྱི་སྒོ། །དེར་ནི་སོམ་ཉི་མེད་པར་འཇུག་།དེ་ཡིས་འདོད་འབྲས་ཐོབ་པར་འགྱུར། །དཔའ་བོ་དེ་ཡིས་ཆེར་སྤྲོ་བས། །གཏོང་དང་བརྩེ་དང་ལྡན་གཙང་བ་དང ། །དྲེགས་མེད་མངོན་པའི་ང་རྒྱལ་བྲལ། །འཇིགས་བྲལ་ཁྱད་པར་འཕགས་པའི་ཡིད། །མེ་འོད་དང་ནི་ལྟས་ཆེན་པོ། །མཐོང་ནས་ཟུག་རྔུ་མེད་པའི་སེམས། །རྡོ་རྗེ་ལྟ་བུར་བརྟན་པ་ཡིས། །སྒྲུབ་པར་དཀའ་བའང་བསྒྲུབ་པར་བྱ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། འཁྲུལ་འཁོར་བརྟག་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་དཔལ་གྱི་སྒོར་འཇུག་པའི་རིམ་པར་ཕྱེ་བར་གྱུར་པ་ནི། འཁྲུལ་འཁོར་གྱི་ནི་དྲུང་འགྲོ་བ། །ཤིན་ཏུ་མྱུར་དང་བུ་ལ་མིན་པར། །རྐང་པ་འཇོག་ཅིང་འབད་པ་ཡིས། །ཀུན་ནས་འཁྲུལ་འཁོར་བལྟ་བར་བྱ། །གང་ཚེ་འཁྲུལ་འཁོར་གཡོ་བ་དང ། །འགུལ་བ་དང་ནི་ལྡེག་པའམ། །ཡང་ན་མཚོན་ཆ་ཐོགས་པ་སྟེ། །མདའ་དང་ཤཀྟི་དབྱུག་གུ་དང ། །རལ་གྲི་འཁོར་ལོ་མཚོན་ཆ་ཡི། །འཁྲུལ་འཁོར་གྱིས་ནི་གང་མཐོང་ཞིང ། །གྲི་གུག་སྤུ་གྲིའི་སོ་དག་དང ། །དེ་བཞིན་ལུག་ལ་སོགས་འགྲོ་བ། །དེ་ལྟའི་རྣམ་པ་མཐོང་ན་ནི། །ཕྱག་རྒྱ་ལེགས་པར་བཅིང་བར་བྱ། །ཡུངས་ཀར་སྐྱ་བོ་ཉིད་དམ་ནི། །ཐལ་བ་ལ་ཡང་ཁྲོས་པ་ཡིས།། 138b ཁྲོ་བོ་ལན་བདུན་བཟླས་ནས་སུ། །འཁྲུལ་འཁོར་ལ་ནི་མཁས་པས་བསྣུན། །གདོན་མི་ཟ་བར་དེ་ལྟུང་ངོ ། །ལྷ་ཡི་ཁང་པར་འཇུག་པར་བྱ། །གང་དག་ལྷ་ཆེན་པོར་གྱུར་པ། །དེར་ནི་ཡི་དྭགས་གཏོར་མ་མཐོང ། །ཇི་ལྟར་བཀྲེས་ཀྱང་མི་ཟའོ། །དེ་ཉིད་དུ་ནི་ངེས་མཐོང་བ། །སྐད་ཅིག་ཙམ་ཡང་མི་འགྲུལ་ཞིང ། །དེ་ཚེ་དེ་ནི་མི་སྨྲ་སྟེ། །ལྷ་མིན་སྟོང་གིས་རྒྱས་བཏབ་པས། །དེ་མཐོང་ནས་ནི་རུས་སྦལ་གྱི། །རྒྱ་ལྡན་ལན་བདུན་བཟླས་པས་གཡོ། །དེ་ནི་རང་བཞིན་དང་བ་ཡིས། །གུས་དང་བཅས་པས་ཕྱག་འཚལ་ཏེ། །ལེགས་པར་བྱོན་ཏམ་དཔའ་བོ་རྣམས། །ཅི་བདེ་བར་ཡང་འཇུག་པར་མཛོད། །གྲུབ་པའི་ཆོ་གའི་སྦྱོར་བ་རྣམས། །རིན་ཆེན་རྣམ་པ་དུ་མ་དང ། །དངུལ་ཆུ་དང་ནི་བཅུད་ལེན་དང ། །ནོར་བུ་རྣམས་དང་བུད་མེད་དང ། །གཞན་ཡང་ནང་ན་གང་བ་ཡིས། །རལ་གྲི་དང་ནི་མཚོན་ཆ་རྣམས། །དེ་དག་གི་ནི་ལག་པ་ནས། །བཟུང་ནས་ཇི་ལྟར་བདེ་བར་སྟོན། །ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས། །དེར་ནི་ཇི་ལྟར་འདོད་པར་བྱ། །དེར་ནི་ཇི་ལྟར་སྡོད་ཀྱི་བར། །ལྷ་མིན་བུ་མོ་རྣམས་དང་རྩེ། །དེ་རྣམས་ཀྱིས་བསྟན་ལམ་ནས་ནི། །ཅི་བདེ་བར་ནི་ངེས་པར་འདོང ། །ལྷ་མིན་གྲོང་དུ་བདེ་བར་འགྲོ།། ཇི་ལྟར་བདེ་བར་སླར་ཡང་འོང ། །གང་དག་དེར་ནི་སྔོན་སོང་བ། །རྡོ་རྗེ་ས་འོག་གིས་གཟིར་བས། །གལ་ཏེ་འོངས་པར་མ་གྱུར་ན། །དེར་ནི་རྨོངས་ནས་འཆི་བར་འགྱུར། །དེ་ན་སྔོན་རྒྱུ་ 139a ༄#། །ཞུགས་རྣམས་ལ། །བློ་གྲོས་ལྡན་པས་གཟིར་མ་བྱ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། དཔལ་གྱི་སྒོར་འཇུག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་དཔལ་གྱི་སྒོའི་རྟོགས་པར་བརྗོད་པའི་རིམ་པར་ཕྱེ་བར་གྱུར་པ་ནི། དཔལ་གྱི་སྒོ་ཡི་ཕྱིར་གནས་པའི། །མཚན་ཉིད་མཐོང་ནས་ཤེས་པ་ཡིས། །སྨྲ་སྤངས་སློང་བ་ཟ་བ་དང ། ། འཁྲུལ་པ་མེད་པའི་སེམས་ལྡན་པས། །བློ་གྲོས་ཅན་གྱིས་འབུམ་ཕྲག་གསུམ། །དཔལ་གྱི་སྒོ་ལ་བརྟེན་ཏེ་བཟླས། །འབུམ་ཕྲག་དང་པོ་བཟླས་པ་ཡིས། །འཁྲུལ་འཁོར་རྣམས་ནི་ལྟུང་བར་འགྱུར། །གཉིས་པ་ཡིས་ནི་ས་གཡོ་ཞིང ། །དུ་བ་ཆེན་པོ་འཁྲུག་པར་འགྱུར། །གསུམ་པ་ཡིས་ནི་དྲོ་ལྡན་པའི། །རྒྱན་དང་སྐ་རགས་གྲོལ་བ་ཡི། །ལྷ་མིན་བུ་མོ་ངེས་པར་འོངས། ། ཁྲོ་བོ་མེ་ཡིས་བསྲོས་པ་ན། །བསྐལ་པའི་མེ་སྙམ་སེམས་པ་ཡིས། །ཅ་ཅོ་འདོན་ཞིང་རྣམ་པར་འབྲོས། །དེར་ནི་ཞི་བར་བྱ་དོན་དུ། །ཙནྡན་ལྡན་མར་སྦྱིན་སྲེག་གིས། །དེ་ཡི་ལུས་ནི་རྣལ་མར་གནས། །བསམ་པ་ཐག་པས་འདུད་པར་འགྱུར། །དཔལ་གྱི་སྒོ་དེར་ནོར་རྣམས་དང ། །རལ་གྲི་ལྡོང་རོས་མིག་ལ་སོགས། །དངུལ་ཆུ་བཅུད་ལེན་བཟང་པོ་དང ། །བུད་མེད་སྟོང་ཕྲག་བརྒྱ་རྣམས་གནས། །བདག་གི་བདག་པོ་ཁྱོད་ཀྱིས་མཛོད། །མཐོ་རིས་ས་འོག་བཟང་པོ་སྟེ། །གལ་ཏེ་དེར་ནི་མི་འཇུག་ནའང ། །ཇི་ལྟར་བཞེད་པ་དེ་བཞིན་མཛོད། 139b རལ་གྲི་གྲུབ་པའི་མིག་སྨན་སོགས། །དེ་ཡི་མདུན་དུ་བཞག་ནས་ཀྱང ། །རྡོ་རྗེ་ཁྲོ་བོས་གཟིར་བས་ན། །ཡིད་ལ་གཅགས་བཞིན་སྟེར་བར་འགྱུར། །ཇི་ལྟར་འདོད་པ་དེ་བཟུང་སྟེ། །དེ་ནི་བཏང་བ་ཉིད་དུ་བྱ། །དེར་ནི་དཀྱིལ་འཁོར་བསྡུ་བྱས་ཏེ། །ལྷ་དག་མཉེས་པར་བྱས་ནས་སུ། །ཁྲོ་བོ་དེ་ཡང་གཤེགས་སུ་གསོལ། །བརྒྱ་རྩ་བརྒྱད་བཟླས་ཤིང་དེར་འགྲོ་།གོ་ཆ་ཆེན་པོ་གྱོན་པ་ཡིས། །བློ་དང་ལྡན་པས་དབང་བླངས་ཏེ། །སེར་སྣ་ཁྲོ་དང་འགྱོད་པ་དང ། །ཕྲག་དོག་ལ་སོགས་དོར་ནས་སུ། །རྟག་ཏུ་སྤྲོ་བར་འགྱུར་བ་ཡི། །བྱ་བ་བྱས་ན་ལེགས་པར་འགྲུབ། །འདི་ནི་བཅོམ་ལྡན་རྡོར་འཛིན་གསུངས། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། དཔལ་གྱི་སྒོར་དྲག་ཤུལ་སྤྱོད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་མཚན་ཉིད་གཞན་གྱིས་རིམ་པར་ཕྱེ་བར་གྱུར་པ་ནི། སྔོན་དུ་འབུམ་ཕྲག་གསུམ་བཟླས་ལ་དེ་ནས་བུ་གའི་སྒོར་ལུས་དྲི་ཞིམ་པོས་འོ་མ་དང་ནས་ཟན་ཟ་ཞིང་འབུམ་ཕྲག་གསུམ་བཟླའོ། ། དེ་ནས་བུ་གའི་འཁྲུལ་འཁོར་ཐམས་ཅད་འཇོམས་པར་འགྱུར་རོ། །དེ་ནས་ཐེ་ཚོམ་མེད་པར་གྱུར་པའི་ཡིད་ཀྱིས་སྒོ་དྲུང་དུ་སྲེག་བླུགས་བརྒྱ་རྩ་བརྒྱད་བྱས་ལ་འཇུག་པར་བྱ་སྟེ། རང་གི་ཁྱིམ་བཞིན་ནོ། །ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་བསྒྲགས་པའི་གསང་བ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ས་འོག་གི་གསང་བ་ 140a ༄#། །ཆེན་པོའི་དཔལ་གྱི་སྒོ་བཀའ་སྩལ་པ། རྡོ་རྗེ་འཁོར་ལོ་དེ་བཞིན་དུ། །རྩེ་གསུམ་ཀུ་མུད་པདྨ་དང ། །བཀྲ་ཤིས་དང་ནི་དུང་ཉིད་དང ། །ཆུ་སྲིན་དུ་ནི་མཚོན་པར་བྱ། །རྡོ་རྗེས་གནོད་སྦྱིན་རྣམས་སུ་འགྲོ། །འཁོར་ལོས་སྲིན་པོ་རྣམས་འགྲོ་སྟེ། །ཀླུ་ཡི་ཁང་པར་རྩེ་གསུམ་གྱིས། །རྐང་འོག་ཏུ་ནི་ཀུ་མུ་དས། །ལམ་པོ་ཆེར་ནི་པདྨས་འགྲོ། བཀྲ་ཤིས་ཁྱིམ་གྱིས་མཛོད་ཁྱིམ་དོང ། །ཆུ་སྲིན་གྱིས་ནི་བུད་མེད་ཁྱིམ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། །མཚན་ཉིད་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་རིག་པ་འཛིན་པའི་རྣལ་འབྱོར་གྱི་རིམ་པར་གྱུར་པ་ནི། མུན་པ་ལས་ནི་འདས་པ་ན། །གང་ཚེ་སྒྲོན་མའི་འོད་གསལ་བ། །དེ་ནི་འཁྲུལ་འཁོར་གནས་ཞེས་བྱ། །གནས་དེར་བློ་ལྡན་འགྲོ་མི་བྱ། །འཁྲུལ་འཁོར་གཞོམ་པར་བྱ་བའི་ཕྱིར། །རྡོ་རྗེ་འཕྱར་བ་སྦྱར་བར་བྱ། །རྐང་པ་གཡས་པ་བཏེག་ནས་སུ། །གཡོན་པའི་སྟེང་དུ་སྦྱར་བར་བྱ། །ལྟེ་བའི་གནས་སུ་ཁུ་ཚུར་གྱིས། །གར་གྱི་སྦྱོར་བས་བསྐོར་བར་བྱ། །ལག་པ་གཡས་པ་བསྒྲེངས་ནས་སུ། །གཡོན་པ་ལ་ནི་བསྣུན་པར་བྱ། །སྟེང་དུ་ལག་པ་འོག་ཏུ་བལྟ། །ཕྱི་རུ་འདི་ཡིས་བསྣུན་པར་བྱ། །ཡུངས་ཀར་དང་ནི་ཐལ་བ་ཡིས། །བསྣུན་པས་ས་ནི་གཡོ་འགྱུར་ཏེ། །འཁོར་འཁོར་ལྷོད་པ་ཉིད་དུ་འགྱུར། །སླར་ཡང་དེ་ཡིས་བསྣུན་པ་ཡིས། །གདོན་མི་ཟ་ 140b བར་ལྟུང་བར་འགྱུར། །རྐང་པ་མཉམ་པར་གནས་བྱས་ནས། །ལག་པ་གཡོན་པ་སྙིང་གར་གཞག་།གནས་དེ་ཕྱི་རུ་གར་བྱས་ཏེ། །གང་ཡང་རུང་བས་བསྣུན་པར་བྱ། །ཧཱུཾ་དང་ལྡན་པའི་ཁྲོ་བོ་ཡིས། །ཕྱེ་མར་གྱུར་ནས་ས་ལ་ལྟུང ། །རྡོ་རྗེ་འཕྱར་བའི་ཆོ་ག་ཡིས། །ས་ལ་ལྟུང་བའི་འཁྲུལ་འཁོར་རྣམས། །སླན་ཆད་དེར་ནི་འབྱུང་མི་འགྱུར། །འཁྲུལ་འཁོར་མེད་པའི་བུ་གར་ཤེས། །ནམ་མཁའི་འཁྲུལ་འཁོར་གང་བཤད་དང ། །གང་ཡང་དུག་གི་རླུང་འབྱུང་བ། །དེ་ཡང་ཆོ་ག་འདི་ཡིས་སུ། །མཐོང་བ་ཙམ་གྱིས་ལྟུང་བར་འགྱུར། །དམ་ཚིག་ཤེས་པ་བློ་ལྡན་དེས། །ཡང་ན་ལྷ་ཡི་གནས་མཐོང་ན། །འཕྱར་བའི་ཕྱག་རྒྱས་ལེགས་བསྣུན་ཞིང ། །བསྐོར་ཞིང་རབ་ཏུ་འཕེན་པ་ཡིས། །འབྱུང་པོ་རྣམས་ནི་དགུག་པར་བྱ། །དེ་བཞིན་དམ་ཚིག་ཉིད་ཀྱང་བསྟན། །སྒྲུབ་པ་དབང་བསྐུར་ལྡན་པ་དང ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དེ་ཉིད་འདི་ནི་བསྟན་པར་བྱ། །གཞན་དུ་ན་ནི་འཆི་བར་འགྱུར། །དཔལ་གྱི་སྒོ་ཡི་སྨན་རྣམས་དག་དངུལ་ཆུ་གྲུབ་པའི་མིག་སྨན་སོགས། །དེ་བཞིན་དུ་བུད་མེད་རྣམས་དང་ནི། །དེ་ཉིད་དུ་ནི་མི་སྣང་འགྱུར། །གཏེར་དང་གསེར་འགྱུར་བུ་གའི་སྒོར། །དབང་དུ་བྱེད་པའང་དེ་བཞིན་དུ། ། དབང་བསྐུར་མེད་པའི་བློ་ལྡན་གྱིས། །མཐོང་ཡང་ཐོབ་པར་མི་འགྱུར་རོ། །ལྷ་མ་ཡིན་གྱི་ཆོ་ག་དང ། །རྡོ་རྗེ་ས་འོག་དཀྱིལ་འཁོར་དུ། །ཇི་ལྟར་ཞུགས་པར་གྱུར་པ་ཡི། །དཀྱིལ་འཁོར་ 141a ༄#། །སྲུང་བ་བྱས་ནས་སུ། །བླ་མ་ལ་ནི་ཡོན་ཕུལ་ཏེ། །དྲི་དང་མེ་ཏོག་མཆོད་པར་བྱ། །རྡོ་རྗེ་ཆུ་ཡི་ཆུས་བཀང་ནས། །ཕྲ་བའི་རས་ཀྱིས་མགྲིན་བཅིངས་པའི། །བུམ་པ་ལྡན་པའི་གཞན་དག་གིས། །མཚན་ཉིད་དེ་ཡིས་དབང་བསྐུར་བྱ། །དེ་ནས་རུས་སྦལ་ཕྱག་རྒྱ་བཅིང ། །བྱིན་རླབས་ཕྱག་རྒྱ་འམ་དེ་བཞིན་དུ། །ལྷ་མིན་ཕྱག་རྒྱས་རྗེས་གནང་ནི། །བླ་མས་བྱིན་པས་དོན་ཀུན་འགྲུབ། །ལྷ་མིན་རྣམས་དང་འཁྲུལ་འཁོར་རྣམས། །སྒྱུ་མ་ཡིས་ནི་བརྒྱན་པ་རྣམས། །འབྱེད་དང་རབ་ཏུ་བྱེད་པ་ནི། །རིག་པ་འཛིན་པ་དེ་ཡིས་འགྲུབ། །འཁྲུལ་འཁོར་གྱིས་མིན་དུག་གིས་མིན། །ཆུ་ཡིས་མ་ཡིན་མེས་ཀྱང་མིན། །གླང་པོ་སོགས་མིན་ལྟོ་འཕྱེས་མིན། །དེ་ལ་འཁྲུལ་འཁོར་བཞིས་ཀྱང་མིན། །རལ་གྲི་དབྱུག་གུ་མུ་སཎྜ། །ཆུ་བོ་ཨཉྫ་ག་སྦྲུལ་མིན། །གཞན་ཡང་འཁྲུལ་འཁོར་སྣ་ཚོགས་པ། །གསང་བའི་མཚམས་ན་རྟེན་རྣམས་ཀྱང ། །དབང་བསྐུར་དམ་ཚིག་དག་གིས་ནི། །བྱིན་རླབས་དེ་ལ་བསྣུན་མི་འགྱུར།། དེ་ཡི་མཐུ་ཡིས་ཅུང་ཟད་ཅིག་།བཟླས་པས་འཁྲུལ་འཁོར་ཐམས་ཅད་འཇོམས། །དེ་ནི་རིག་པ་འཛིན་པ་ཡིས། །རིགས་ཀྱི་བྱིན་གྱིས་བརླབས་པར་འགྱུར། །དེས་ན་འབད་པ་ཐམས་ཅད་ཀྱིས། །དབང་བསྐུར་བ་ནི་སྦྱར་བར་བྱ། །དོན་ཀུན་གྲུབ་པ་ཐོབ་འགྱུར་ཞིང ། །དེ་ལ་ལྷས་ཀྱང་བྱིན་གྱིས་རློབ། །དམན་པའི་བྱ་བ་དོར་བར་བྱ། །མངོན་སྤྱོད་ཀྱི་ནི་ལས་ཀྱང་སྤང ། ། 141b འབེབས་དང་དབང་དུ་བྱ་བ་དང ། གདོན་གྱི་ལས་ཀྱང་དོར་བར་བྱ། །བློ་དང་ལྡན་པས་རྒྱུན་དུ་བཟླས། །ཉོན་མོངས་བྲལ་བའི་སྙོམས་འཇུག་གིས། །འཕགས་པ་རྡོ་རྗེས་འོག་གི་རྒྱུད་ལས། རིག་པ་འཛིན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་རྡོ་རྗེས་འོག་གིས་བྱིན་གྱིས་བརླབས་པ་མཆོག་ཏུ་གསང་བའི་དཀྱིལ་འཁོར་བཤད་པར་བྱའོ། །དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འཁོད་ལ། གྲོང་གི་མཐའམ། གྲོང་ཁྱེར་གྱི་ཕྱོགས་ཀྱི་མཐར་རྡོ་དང ། རུས་པ་དང ། གསེག་མ་དང ། དམན་པའི་སོལ་བ་དང ། ཐལ་བ་དང ། གྱ་མོ་དང ། སོ་ཕག་དང ། གནོད་སྦྱིན་ལ་བཙུགས་པའི་ཤིང་དང ། མགལ་དུམ་རྙིང་པ་དང ། ཆུ་འཛག་པ་དང ། ཁམ་ཕོར་གྱི་ཕུང་པོ་དོར་ཏེ་བཀྲ་ཤིས་ཀྱི་ཉིན་པར་སྲུང་བ་བྱས་ལ། །ཁ་དོག་ལྔས་ཁྲུ་བཞི་པ། གྲཝ་བཞི་པ། སྒོའི་མཚམས་སུ་སྒོ་ཁང་དང ། དཀྱིལ་འཁོར་དབུས་ཟླུམ་པོར་གནས་པ། །གནས་གཡས་བསྐོར་དུའོ། །ཕྱོགས་བྲལ་གྱི་མཚམས་སུ་ཟླུམ་པོ་མ་ཡིན་པའི་དཀྱིལ་འཁོར་རོ། །ཆེར་བརྟགས་ཏེ་རི་མོ་རྡོ་རྗེས་བྱིན་གྱིས་བརླབ་བོ། །གོ་རིམ་བཞིན་དུ་ལྷ་མ་ཡིན་གྱི་རྒྱལ་པོ་རྣམས་ཀྱི་གནས་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ། །བློ་གྲོས་དང་ལྡན་པས་དཔལ་གྱི་སྒོ་བྲི་བར་བྱའོ། །རིན་པོ་ཆེའི་རྣམ་པ་མཚན་ཉིད་དང་ལྡན་པ་དང ། འཁྲུལ་འཁོར་གྱི་གནས་དང ། སྨན་དང ། དངུལ་ཆུ་དང ། བཅུད་ལེན་དང ། གྲུབ་པའི་རྫས་དང ། ཉེ་བར་སྤྱོད་ 142a ༄#། །པ་དང ། གཏོར་མ་དང ། བུམ་པ་གང་བ་སྟེ། དེ་རྣམས་ཀྱི་གནས་རྣམས་ཐིག་གིས་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་གཞག་པར་བྱའོ། །དེའི་གཡས་སུ་ལག་ན་རྡོ་རྗེའོ། །དེ་དང་ཉེ་བར་ཁྲོ་བོ་རྡོ་རྗེ་ས་འོག་ལག་པར་རྡོ་རྗེ་དགྲ་སྟེ་ཅན་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་གྱི་དྲུང་དུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་རྔ་ཡབ་འཛིན་པ་གཞག་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་འོག་ཏུ་ཆུང་མ་དང་བཅས་པའི་དབང་ཕྱུག་གི་མདུན་དུ་ཁྱུ་མཆོག་དང་ལྡན་པ་གཞག་པར་བྱའོ། །དེ་ནས་ཤར་གྱི་སྒོར་འཕར་མ་དང་པོ་ལ་སྨན་ཐམས་ཅད་དང ། དངུལ་ཆུ་དང ། བཅུད་ལེན་དང ། རྒྱན་དང ། གཞོན་ནུ་མ་ལ་སོགས་པ་གཞག་པར་བྱའོ། །དེ་ནས་ལྷོའི་སྒོར་ལྷ་མ་ཡིན་བརྒྱད་གཞག་པར་བྱའོ། །སྟོབས་ཅན་དང ། སྟོབས་ཅན་གྱི་བུ་དང ། བདེ་མཆོག་དང ། གཞན་ལེན་དང ། དུས་ཀྱི་མུ་ཁྱུད་དང ། ཐགས་བཟང་རིས་དང ། རབ་སིམ་དང ། དབྱིག་ཟའོ། །དེ་ནས་ནུབ་ཀྱི་སྒོར་འཁྲུལ་འཁོར་སྟོང་སུམ་ཅུ་གཞག་པར་བྱ་སྟེ། དེ་ལ་འཁྲུལ་འཁོར་བརྒྱད་རྣམ་པ་དང་བཅས་པ་བྲིའོ། །སྲད་བུ་དང ། གྲི་གུག་དང ། བུད་མེད་དང ། སེངྒེ་དང ། ལུག་དང ། མདའ་དང་བཅས་པའི་གཞུ་དང ། ཆུ་རྒྱུན་དང ། སྦྱིན་དང ། གཉིད་ཀྱི་འཁྲུལ་འཁོར་རྣམས་སོ། །དེ་ནས་བྱང་གི་སྒོའི་ 142b འཕར་མར་བུ་ག་བརྒྱད་རྣམ་པ་དང་བཅས་པ་བྲི་བར་བྱ་སྟེ། ལུག་གི་གདོང་དང ། ཆུ་སྲིན་གྱི་གདོང་དང་།གླང་པོ་ཆེའི་གདོང་དང ། ལྟོ་འཕྱེའི་གདོང་དང ། བྱི་བའི་གདོང་དང ། སྐྱེས་བུའི་གདོང་དང ། དཀྱིལ་འཁོར་གྱི་རྣམ་པ་དང ། མ་བྱས་པའི་གདོང་གི་རྣམ་པ་རྣམས་སོ། །དེ་ནས་མཚམས་རྡོ་རྗེས་བྱིན་གྱིས་བརླབས་པའི་འོག་ཏུ་སྒོ་བྲལ་བཞི་གཞག་པར་བྱའོ།། མེའི་མཚམས་སུ་མེའི་ཐབ་ཁུང་ངོ ། །རླུང་དུ་ཆུའི་ཐབ་ཁུང་ངོ ། །བདེན་བྲལ་དུ་བདུག་སྤོས་ཀྱི་ཐབ་ཁུང་ངོ ། །དབང་ལྡན་དུ་སྦྲུལ་གྱི་རྣམ་པ་གཞག་པར་བྱའོ། །དེ་ནས་དེ་རྣམས་སྤྱན་དྲངས་ལ་རྡོ་རྗེ་ཁྲོ་བོ་འབེབས་པ་ཆེན་པོས་བྱིན་གྱིས་བརླབ་པར་བྱའོ། །བུམ་པ་རྩ་བ་ནག་པོ་མེད་པ་བཞི་ལྗོན་པ་ལྔ་དང ། སྨན་ལྔ་དང ། རིན་པོ་ཆེ་ལྔ་དང་ལྡན་པ་ལ་རས་ཕྲ་བ།་དྲི་ཞིམ་པ། སྐྲ་མེད་པས་མགུལ་བ་བཅིངས་ཏེ་མཚམས་བཞི་པོ་རྣམས་སུ་རྡོ་རྗེས་བྱིན་གྱིས་བརླབས་པ་ལ་ཡུངས་ཀར་གྱིས་བྱིན་གྱིས་བརླབས་ཏེ་གཞག་པར་བྱའོ། །དེ་ནས་རྡོ་རྗེའི་ཆུ་དང ། ཕྱག་རྒྱས་བྱིན་གྱིས་བརླབས་པའི་མེ་ཏོག་དང ། བདུག་པ་དང ། མར་མེ་དང ། དྲི་ལ་སོགས་པ་དང ། ལྷ་བཤོས་དབུལ་བར་བྱའོ། །དེ་ནས་སྣ་ཚོགས་པའི་རོ་དང ། འབྲས་བུ་དང ། འབྲས་ཀྱི་རྒྱལ་པོའི་འབྲས་བུ་ལེགས་པར་སྦྱར་བ། ཆང་དང ། ཤ་མེད་པའི་ལྷ་བཤོས་དང ། གཏོར་མ་ཡིད་དུ་འོང་བ་དམ་པ་རྒྱ་ཆེན་པོའི་འབྱུང་པོ་ཐམས་ཅད་ལ་ཕྱོགས་ 143a ༄#། །དང་མཚམས་རྣམས་སུ་བྱིན་ལ་ཉེ་རེག་བྱའོ། །ཆོ་ག་བཞིན་དུ་ཕྱག་རྒྱ་དང ། དཀྱིལ་འཁོར་གྱི་བྱ་བ་བྱས་ལ་ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་རྡོ་རྗེ་ས་འོག་རྗེས་སུ་དྲན་པས་བཟླས་པར་བྱའོ། །སྐྱེས་བུ་དཔའ་བོས་བྱིན་གྱིས་བརླབ་པའི་དོན་གྱི་ཕྱིར་ལྷ་མ་ཡིན་གྱི་ཕྱག་རྒྱའི་འོག་ཏུ་སོན་པར་རྐང་མཐིལ་ནས་སྤྱི་གཙུག་གི་བར་དུ་གོ་ཆས་བྱིན་གྱིས་བརླབ་བོ། །ཇི་ལྟར་མི་འབབ་ན། དེས་དྲི་བཟང་པོ་དང ། བདུག་སྤོས་ཀྱིས་བདུགས་ལ། རས་དཀར་པོ་ཕྲ་བས་གདོང་གཡོགས་ཏེ་ལག་པ་རྡོ་རྗེ་ཐལ་མོའི་ཕྱག་རྒྱ་སྦྱར་ལ་ལས་ཀྱི་གྲུ་ལ་རྐང་པ་གཉིས་བཞག་སྟེ་ཡོན་ཕུལ་ལ། །རྣ་བ་དམ་ཚིག་གི་བྱིན་གྱིས་བརླབས་པས་སངས་རྒྱས་དང ། ཆོས་དང་དགེ་འདུན་དང ། བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱི་དམ་ཚིག་ཕྱེ་བ་རྣམས་དང་དམ་ཚིག་མཚུངས་པར་འགྱུར་རོ། །འདི་ལྟ་བུའི་དམ་ཚིག་ཐོས་ནས་མེ་ཏོག་དོར་བར་བྱའོ། །གང་གི་སྟེང་དུ་ལྷུང་བ་དེའི་ལྷའི་རིགས་སོ། །ཐོག་མར་ཕྱག་རྒྱ་བཅིངས་པས་བྱིན་གྱིས་བརླབས་ནས་དེ་ལ་ཡོན་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་ཞགས་པའི་ཕྱག་རྒྱས་དཀྱིལ་འཁོར་བསྡུས་ཏེ་ཆོ་ག་བཞིན་དུ་ཕྱག་རྒྱ་དང ། སྔགས་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་མཐོང་ནས་དམ་ཚིག་དམ་པས་བྱིན་གྱིས་བརླབས་པ་དང ། གསང་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ 143b པ་དང ། ལེགས་པར་བགྲོད་པ་དང ། འདོད་པའི་དོན་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པ་དང ། འདུལ་བ་རྣམས་ལ་རབ་ཏུ་སྦྱོར་བ་དང ། རྒྱུན་རྣམས་ཀྱི་འགོག་པ་དང ། འཆིང་བ་དང ། སྟོན་པ་དང ། བྱེད་པ་དང ། བསྐྱོད་པ་དང ། ཕུར་བུས་བསྣུན་པ་དང ། འབྱེད་པ་དང ། རྒྱུད་ཐམས་ཅད་ཀྱི་དོན་ཐོབ་པ་དང ། སྒྲོག་པ་དང ། དཔྱོད་པ་དང ། ཟློས་པ་དང ། སྒོམ་པ་དང ། རྣལ་འབྱོར་དུ་བྱེད་པ་དང ། གདུག་པ་ཐམས་ཅད་ལ་དྲག་ཤུལ་སྤྱོད་པ་དང ། གཞོན་ནུ་མ་རྣམས་དང ། འཁྲུལ་འཁོར་རྣམས་འབྱེད་པ་དང ། གཅོད་པ་དང ། སྒྲུབ་པ་དང ། རྣམ་པ་ཐམས་ཅད་དུ་དོན་ཐམས་ཅད་གྲུབ་པ་རྙེད་པ་འདི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། གྲུབ་པའི་དཀྱིལ་འཁོར་གྱི་བྱ་བ་ས་འོག་གི་རྡོ་རྗེ་དཔའ་བོ་གཅིག་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཞན་ཡང་ལས་རྒྱས་པའི་རིམ་པར་བྱེ་བ་ནི། རྡོ་རྗེ་བསྣུན་པའི་ཤིང་ལས་རྡོ་རྗེ་བྱས་ལ་འབུམ་ཕྲག་གསུམ་བཟླ་བར་བྱའོ། ། དེ་ནས་ཟླ་བ་ཉ་བ་ལ་མཆོད་པ་བྱས་ཏེ་ལག་མཐིལ་དུ་བཟུང་ལ་ཇི་སྲིད་ཙི་ཊི་ཙི་ཊི་ཞེས་སྒྲོག་གི་བར་དུ་བཟླ་བར་བྱའོ། །དེ་ནས་འགྲུབ་པར་འགྱུར་རོ། །འཁྲུལ་འཁོར་ཐམས་ཅད་འཇོམས་པར་འགྱུར་རོ། །སྲེག་པར་འགྱུར་རོ། །དེ་ནས་བུད་མེད་རྣམས་མཆོད་ཡོན་བཟུང་ནས་འོང་བར་འགྱུར་རོ། །དེ་ནས་འཁྲུལ་འཁོར་མེད་པར་འཇུག་པར་བྱེད་དོ། །གང་འདོད་པའི་རྫས་དེ་ལ་སྟེར་ 144a ༄#། །རོ། །བཅོམ་ལྡན་འདས་ལྷའི་ལྷས་ཕྱག་བྱས་ཤིང་མཆོད་པ། རིག་པའི་རྒྱལ་པོ་ཆེན་པོའི་བདག་པོ་དཔལ་དང་ལྡན་པའི་ཁྲོ་བོའི་རྒྱལ་པོ་འདི་མ་བསྒྲུབས་ཀྱང་ལས་རྣམས་བྱེད་པར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་ལ་དམིགས་ཏེ་བུ་གའི་སྒོར་སྟོང་ཕྲག་བརྒྱ་བཟླ་བར་བྱའོ། །ལྷ་མ་ཡིན་གྱི་བུ་མོ་བསྐྱོད་པར་འགྱུར་རོ། །ནད་མི་བཟད་པས་བཟུང་ནས་སྟོང་ཕྲག་བརྒྱ་པོ་ཡོངས་སུ་རྫོགས་པ་འོང་བར་འགྱུར་རོ། །གལ་ཏེ་མི་འོངས་ན་དུག་དང་བསྲེས་པ་ལ་ཡུངས་ཀར་སྐྱ་བོར་སྦྱར་བའི་སྲེག་བླུགས་སྟོང་ཕྲག་བརྒྱད་སེང་ལྡེང་གི་སོལ་བ་ལ་བྱའོ། །འོང་བར་འགྱུར་རོ། །གལ་ཏེ་མི་འོངས་ན། ཀཱ་ར་བཱི་རའི་མེ་ཏོག་དམར་པོས་སྲེག་བླུགས་སྟོང་ཕྲག་བརྒྱད་བྱའོ། །དེ་ནས་རྡོ་རྗེ་ལ་བསྣུན་པས་ཅི་ནས་ཀྱང་འོང་བར་འགྱུར་རོ། །དེ་ནས་སྐྱེས་བུ་དཔའ་བོའི་ལག་པ་ནས་བཟུང་ནས་འཇུག་པར་བྱའོ། །རྡོ་རྗེ་ལག་པར་བཅངས་ལ་འཇུག་པར་བྱའོ། །ཡང་ན་རྡོ་རྗེས་བསྣུན་པའི་ཤིང་ལ་འཁོར་ལོ་བྱས་ལ་དུར་ཁྲོད་དུ་ནི་མ་པའི་སོལ་བ་ལ་ཚ་བའི་མར་ཁུ་དང་བསྲེས་ཏེ་སཝཱཧཱའི་ཡི་གེ་དང་ལྡན་པས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །དེ་ཉིད་དུ་འགྲུབ་པར་འགྱུར་རོ། །དུག་དང ། ཁྲག་དང ། ཡུངས་ཀར་སྐྱ་བོ་བསྲེས་ཏེ་སྟོང་ཕྲག་བརྒྱད་སྲེག་བླུགས་བྱས་པས་བུ་གའི་སྒོ་འབྱེ་བར་འགྱུར་རོ། །དེ་ནས་བུ་གའི་སྒོར་བ་ལང་གི་ལྕི་བས་དཀྱིལ་འཁོར་ 144b ཉེ་བར་བྱུགས་ལ་སྟེང་དུ་དྲིས་བྱུགས་ཏེ། དེ་ནས་རྡོ་རྗེ་དེས་དེའི་སྟེང་དུ་རྡོ་རྗེ་བྲི་བར་བྱའོ། །དེ་ནས་རྡོ་རྗེ་དེ་ལག་པ་གཡས་པར་བཟུང་ལ་ཡུངས་ཀར་ལ་ཅུང་ཟད་ཅིག་བསྔགས་ཏེ་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །ཅི་བདེ་བར་རྫས་བཟུང་ནས་འོང་བར་འགྱུར་རོ། །དེ་གཟུང་བར་བྱའོ། །གལ་ཏེ་མི་འདོད་ན། དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་བྱའོ། །ཡང་ན་གཏེར་འདོན་པར་འདོད་པས་ལྕགས་ལས་བྱས་པའི་ཕུར་བུ་བཞི་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕྱོགས་བཞིར་བཏབ་ལ་གསང་སྔགས་བཟླ་བར་བྱའོ། །དེ་ནས་དེར་གཏེར་འབྱུང་བར་འགྱུར་རོ། །འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩ་ཎཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བཛྲེ་བཛྲེ་ཎི། བཛྲོ་ཏྟ་རེ། བཛྲཱ་བི་ཛ་ཡེ། བཛཱ་པ་ར་ཛི་ཏི། བཛྲ་སཝཱཧཱ། ལི་ནི་ཧཱུཾ་ཕཊ་ཧཱུཾ་ཕཊ་སཝཱ་ཧཱ། རྡོ་རྗེས་བསྣུན་པའི་ཤིང་ལ་སོར་བརྒྱད་པའི་རྡོ་རྗེ་རྩེ་གཅིག་པ་བྱས་ཏེ་ཙནྡན་དམར་པོ་ལས་བྱས་པའི་རྡོ་རྗེའི་རྣམ་པ་སོར་བཅུ་དྲུག་པའི་སྟན་བྱས་ལ་དེའི་སྟེང་དུ་རྡོ་རྗེ་བཞག་ལ་གསོ་སྦྱོང་དང་ལྡན་པས་ཐམས་ཅད་ལ་ཙནྡན་གྱི་རང་བཞིན་དུ་བྱས་ཏེ་དཔལ་གྱི་སྒོར་གཞག་པར་བྱའོ། །ལོ་མ་དང ། ནས་ཟན་དང ། སློང་བ་ཟ་ཞིང་འབུམ་ཕྲག་གསུམ་བཟླ་བར་བྱའོ། །དེ་ནས་འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ། །དེ་རྣམས་རང་ཉིད་འོངས་ནས་འཇུག་པར་བྱེད་དོ། །གལ་ཏེ་དེ་རྣམས་མ་འོངས་ན། ལས་གཞན་ཡང་ 145a ༄#། །བཤད་པར་བྱ་སྟེ། ཡུངས་ཀར་སྐྱ་བོ་དང ། དུག་དང ། ཁྲག་བསྲེས་པས་སྟོང་ཕྲག་བརྒྱད་བཟུང་ལ་རེ་རེ་ལ་ཡོངས་སུ་བཟླས་ཏེ་རྡོ་རྗེ་ལ་བསྣུན་པས་དེ་ནས་འོངས་ཏེ་ལག་ནས་བཟུང་ནས་འཇུག་པར་བྱེད་དོ། །སྐྱེས་བུ་དཔའ་བོས་ལས་སུ་གྱུར་པ་གཞན་ཡང་དུག་དང་ཁྲག་བསྲེས་པས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱས་པས་དེ་ནས་འོང་བར་འགྱུར་རོ། །རྡོ་རྗེ་བཟུང་ལ་འཇུག་པར་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །དེ་ནས་ལས་གཞན་ཡང་བཤད་པར་བྱ་སྟེ། ལོ་མ་ལ་སོགས་པ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་འབུམ་ཕྲག་གསུམ་བཟླ་བར་བྱའོ། །དེ་ནས་རྡོ་རྗེས་བསྣུན་པའི་ཤིང་ལ་མཐེ་བོང་ཙམ་གྱི་རྡོ་རྗེ་ཆ་ཤས་བཅུ་དྲུག་པ་རྩེ་མོ་གསུམ་པ་བྱས་ཏེ་ཙནྡན་དམར་བའི་ཁྲི་ལ་རྡོ་རྗེ་དེ་གཞག་པར་བྱའོ། །མེ་ཏོག་དམར་པོ་དག་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་དེ་གཏོར་མ་བྱིན་ལ་ཉིན་མཚན་དུ་གསོ་སྦྱོང་དང་ལྡན་པས་ཀཱ་ར་བཱི་རའི་མེ་ཏོག་གིས་རྡོ་རྗེ་ལ་བརྒྱད་བརྒྱར་བསྣུན་པར་བྱའོ། །དེ་ནས་རྣམ་པ་གསུམ་འགྲུབ་པར་འགྱུར་ཏེ། རྡོ་རྗེ་ལ་ཙི་ཊི་ཙི་ཊི་འབྱུང་བ་དང ། བུ་གར་དུ་བའི་སྡོང་བུ་འབྱུང་བ་དང ། གཞོན་ནུ་མ་རྣམས་འོང་བར་འགྱུར་རོ། །གང་གི་ཚེ་ཞུགས་ཤིག་ཅེས་སྨྲ་ན། དེ་ནས་འཇུག་པའི་དུས་སུ་ཉིན་མཚན་དུ་གསོ་སྦྱོང་ལ་གནས་པས་ 145b ལྟས་བརྟག་པར་བྱ་སྟེ། གང་གི་ཚེ་རྡོ་རྗེ་ལ་ཙི་ཊི་ཙི་ཊི་ཞེས་སྒྲོག་ན། འཁྲུལ་འཁོར་རྣམས་འབྱེད་པ་ཡིན་ནོ། །གང་གི་ཚད་དུ་བ་འབྱུང་བར་མཐོང་ན། དེ་ནས་འཁྲུལ་འཁོར་ཐམས་ཅད་འཇིག་པ་ཡིན་ནོ། །དེ་ནས་རང་གི་ཁང་པ་བཞིན་དུ་འཇུག་པར་བྱའོ། །གང་འདོད་པའི་རྫས་དེས་སྟེར་བར་འགྱུར་རོ། །གལ་ཏེ་མི་འདོད་ན། བུ་གའི་སྒོ་དེ་ཉིད་དུ་ཨརྒའི་ཡམ་ཤིང་དམ། སེང་ལྡེང་གི་ཡམ་ཤིང་ལ་མེ་རབ་ཏུ་སྦར་ཏེ་ཡུངས་ཀར་སྐྱ་བོ་རྣམས་དང་རང་གི་ཁྲག་བསྲེས་ལ་སྟོང་ཕྲག་བརྒྱད་སྲེག་བླུགས་བྱའོ། །དེ་ནས་གཞོན་ནུ་མ་རྣམས་འོང་ངོ ། ། འོངས་ནས་ཀྱང་ལག་ནས་བཟུང་སྟེ་འཇུག་པར་བྱེད་དོ། །ཇི་ལྟར་འདོད་པའི་རྫས་རྣམས་སྟེར་རོ། །གཞན་དུ་ན་བུད་མེད་དེ་རྣམས་འཆི་བར་འགྱུར་རོ། །ཚོན་སྣ་ལྔའི་སྲད་བུས་དཀྱིལ་འཁོར་གདབ་པར་བྱའོ། །རྡོ་རྗེ་ས་འོག་གི་རྒྱུད་ལས། རྒྱས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ངེས་ས་འོག་ཆེན་པོའི་ཆོ་གར་གྱུར་པ་ནི། གཞོན་ནུ་མས་བཀལ་བའི་སྲད་བུ་ལས་བ་ལང་གི་གཅིན་གྱིས་བཀྲུས་ཏེ་གསོ་སྦྱོང་དང་ལྡན་པའི་ཐགས་མཁན་གྱིས་ནག་པོའི་ཕྱོགས་ཀྱི་བཅུ་བཞི་པའམ། བརྒྱད་པའམ། ཡང་ན་ཉ་ལ་རྣམ་པར་བྲལ་བའི་ཕྱོགས་སུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་སྟེ་དྲི་དང ། མེ་ཏོག་དང ། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ལ། 146a ༄#། །རྒྱ་ཆེན་པོའི་གཏོར་མ་དང ། ལྷ་བཤོས་བྱས་ཏེ་བདེ་བར་གཤེགས་པའི་མཐོ་གང་ལས་ལྷག་པ་ཇི་ཙམ་འདོད་པའི་ཚད་ཀྱིས་བྲིས་སྐུ་འཚམ་པར་བྱས་ལ། དེ་ལ་རིན་ཆེན་དང ། སྨན་དང ། འབྲུས་བྱིན་གྱིས་བརླབས་པའི་བུམ་པས་མཆོད་ཡོན་སྦྲེངས་ལ་གཏོར་མ་དང ། ལྷ་བཤོས་རྒྱ་ཆེན་པོ་བྱས་ཏེ། ཇི་ལྟར་འབྱོར་བའི་དགེ་སློང་ལ་གྱ་ནོམ་པའི་བཟའ་བས་ཚིམ་པར་བྱས་ནས་ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་སྨོན་ཏེ་ཡན་ལག་བརྒྱད་པའི་གསོ་སྦྱོང་དང་ལྡན་པའི་རི་མོ་མཁན་ལ་སྲུང་བ་བྱས་ལ་དཔའ་བོས་རིན་ཐང་ངེས་པ་མི་གཟུང་བར་ཡོན་བྱིན་ཏེ། ཁ་དོག་མ་འདྲེས་པས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་རྡོ་རྗེ་ས་འོག་ཆེན་པོ་བྲི་བར་བྱའོ། །བཻཌྱཱུརྱ་སྔོན་པོ་དང་སྤྲིན་ཆེན་པོ་འདྲ་བ། སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་སྐ་རགས་བྱས་པ། དགའ་བོ་དང་སྟོབས་ཀྱི་རྒྱུས་རྣ་བ་བརྒྱན་པ། ཨ་ཤི་བི་ཤས་ལག་པ་དང་རྐང་པ་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྤྱན་གསུམ་པ་འཇིགས་བྱེད་ཆེན་པོ་ཊ་ཊས་བཞད་པ། མཆེ་བ་གཙིགས་ཤིང་འབར་བས་འཁྲུགས་པ། ཐམས་ཅད་རབ་ཏུ་འབར་བའི་འོད་ཀྱི་ཚོགས་ཅན་ཕྱག་བཞི་པ། ཕྱག་གཡས་པར་འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཅན་གྱི་རྡོ་རྗེ་རྩེ་གསུམ་པའོ། །གཞན་པར་ཆུ་སྲིན་གྱི་གདོང་གི་རྣམ་པའི་ལྕགས་ 146b ཀྱུའི་སོར་མོས་མེ་ཏོག་གི་སྡོང་བུ་ལྟར་འགུགས་པའོ། །གཡོན་པར་ལྟོ་འཕྱེ་ཆེན་པོ་བསྐྱིལ་བའི་ཞགས་པའོ། །གཉིས་པའི་འོག་ཏུ་སོན་པར་བགེགས་རྣམས་དང ། ལྷ་མ་ཡིན་རྣམས་དང ། ཀླུ་དང ། གནོད་སྦྱིན་ལ་སོགས་པ་རྣམས་ལ་བསྡིགས་པའོ། །འོག་ཏུ་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ། །དེའི་དབུས་སུ་རི་བོ་ཆེན་པོའི་སྟེང་དུ་པདྨ་ཆེན་པོ་ལ་བཞུགས་པ་ནི། བཅོམ་ལྡན་འདས་སོ། །རྒྱ་མཚོ་ཆེན་པོ་དེའི་ནང་དུ་ལུས་ཕྱེད་ནུབ་པའི་འོག་ཏུ་ལྟ་བའི་ལྷ་མ་ཡིན་ཆེན་པོ་བརྒྱད་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་སྟེང་དུ་འོད་ཀྱི་དཀྱིལ་འཁོར་གྱི་དྲུང་དུ་པདྨོའི་གདན་ལ་བཞུགས་པ་དང ། ཁྲོ་བོའི་གདན་ལ་བཞུགས་པ་སྟེང་དུ་ཕྱག་བརྐྱངས་ནས་ཁྲོ་བོ་ཆེན་པོ་དབུགས་འབྱིན་པར་མཛད་པ་དེ་བཞིན་གཤེགས་པའི་སྐུ་འོད་དཔག་ཏུ་མེད་པ་དང ། མི་བསྐྱོད་པ་དག་བྲི་བར་བྱའོ། །དེ་ལྟ་བུའི་བྲིས་སྐུ་ཡོངས་སུ་རྫོགས་པ་དང ། རིག་པ་འཛིན་པ་གཅིག་པུས་མི་སྨྲ་བའམ། གྲོགས་བཟང་པོ་དང་བཅས་ཏེ། རི་བོའམ། སྒྲ་མེད་པའི་ཕུག་རྙིང་པའམ། ཤིང་གཅིག་པའི་གནས་ཇི་ལྟར་རྙེད་པར་ལོ་མ་དང ། འབྲས་བུ་དང ། འོ་མ་དང ། སློང་བ་ཟ་ཞིང་སྡིགས་པ་བཤགས་ལ་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང ། ཆོས་ལ་དགའ་བས་བྲིས་སྐུ་རབ་ཏུ་གནས་པར་བྱ་སྟེ། འབུམ་ཕྲག་བཅུ་བཟླའོ། །ཆོ་ག་འདིས་ཧཱུཾ་ཞེས་བརྗོད་པས་རི་རབ་ཀྱང་ཕྱེ་མར་རློག་ཅིང་རྒྱ་མཚོ་ཡང་སྐེམ་མོ། །ལྷའི་གནས་ལྟུང་བར་བྱེད་དོ། །དེ་ལྟ་ 147a ༄#། །བུས་སྔོན་དུ་བསྙེན་པ་བྱས་ཏེ་དཔལ་གྱི་སྒོའི་སྒོར་བྲིས་སྐུ་བཞག་ལ་སྟོང་ཕྲག་བཅུ་བཟླའོ། །གང་དེའི་ཉེ་བར་གནས་པ་རྣམས་དེར་འོང་ངོ ། །ཐམས་ཅད་ལ་བཀའ་བསྒོ་བར་བྱའོ། །དངུལ་ཆུ་དང ། བཅུད་ལེན་དང ། མིག་སྨན་དང ། གྲུབ་པའི་རྫས་ལ་སོགས་པ་སྟེར་རོ། །སྒོ་འབྱེད་པར་འགྱུར་རོ། །སྦྱིན་ཐམས་ཅད་ཀྱིས་གོས་པར་མི་འགྱུར་རོ། །སྒྲ་མེད་པར་བྱེད་དོ། །ཆུ་རྒྱུན་སྐེམ་པར་འགྱུར་རོ། །འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ། །སྡིག་པ་ཐམས་ཅད་བྲལ་བར་འགྱུར་རོ། །མར་དང་འབྲས་ཡོས་ཀྱི་སྦྱིན་སྲེག་གིས་ཞི་བར་བྱེད་དོ། །མར་དང་འོ་མའི་སྦྱིན་སྲེག་གིས་སྟོབས་འཕེལ་བར་བྱེད་དོ། །མར་དང་ཏནྟུ་ལའི་སྦྱིན་སྲེག་གིས་ནད་ཆེན་པོ་ཞི་བར་བྱེད་དོ། །དུག་དང་ཁྲག་གི་སྦྱིན་སྲེག་གིས་ལོག་པར་འདྲེན་པ་རྣམས་གསོད་པར་བྱེད་དོ། །ནིམ་པའི་ལོ་མའི་སྦྱིན་སྲེག་གིས་སྐྲོད་པར་བྱེད་དོ། །བྱི་བའི་སྦུ་དང ། རང་གི་ཁྲག་བསྲེས་པའི་སྦྱིན་སྲེག་གིས་ལྷ་མ་ཡིན་ཆེན་པོའི་བུ་མོ་འགུགས་པར་བྱེད་དོ། །སྲེ་མོའི་སྤུའི་སྦྱིན་སྲེག་གིས་ཀླུ་རྣམས་འགུགས་པར་བྱེད་དོ། །འདི་ཡི་ཆོ་གས་རྟོག་པ་གཞན་དུ་བཤད་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། ། འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། ཐམས་ཅད་སྒྲུབ་པར་བྱེད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་ 147b འཁྲུལ་འཁོར་འཇོམས་པར་བྱེད་པ་རྒྱལ་བའི་རིམ་པར་ཕྱེ་བར་གྱུར་པ་ནི། སེངྒེ་དང ། སྟག་དང ། གླང་པོའི་དབང་པོ་དང ། རྟ་དང ། ཁྱུ་མཆོག་དང ། ལུག་དང ། བསེ་རུ་དང ། དོམ་དང ། སྤྲེའུ་དང ། ཕག་དང ། མ་ཧེ་དང ། རི་དྭགས་ཏེ། འཁྲུལ་འཁོར་བཅུ་གཅིག་སྤྲུལ་པ་ལེགས་པར་སྦྱངས་པ། ས་འོག་གི་སྒོ་གཏན་གྱི་འཁྲུལ་འཁོར་བསྡམས་པ་ལ་ཁུ་ཚུར་འཕྱར་བས་བསྣུན་པར་བྱའོ། །རྡོ་རྗེས་བསྣུན་པ་ལྟར་འཇིག་པར་འགྱུར་རོ། །འུག་པ་བྱ་རོག་བྱ་རྒོད་དང ། །ཁྲ་དང་ལོ་མ་བརྒྱ་པ་དང ། །མཁའ་ལྡིང་བཞད་དང་གཙུག་ཕུད་དང ། །འཁྲུལ་འཁོར་འདི་དག་རབ་གྲགས་པ། །ས་ཆེན་པོ་ལ་བསྡིགས་པ་ཡིས། །ཐེ་ཚོམ་མེད་པར་བསྣུན་པར་བྱ། །རལ་གྲི་མུ་སཎྜི་སྒོ་གླགས། །འཁོར་ལོ་སྤྲུལ་དང་དབྱུག་གུ་དང ། །སྐྱེས་བུ་གཞུ་ཡི་ལག་པ་དང ། །སྤུ་གྲི་ཞགས་པ་འཛིན་པ་ལ། །མདའ་ཆེན་བློ་གྲོས་ལྡན་པས་བསྣུན། །རླུང་གི་འཁྲུལ་འཁོར་མེའི་འཁྲུལ་འཁོར། །བཀྲེས་དང་གཉིད་དང་འདར་བ་དང ། །མགོ་ནད་དང་ནི་མིག་ནད་ལ། །འཁོར་ལོའི་གུར་གྱིས་བསྣུན་པར་བྱ། །བཞི་པའི་འོད་ལི་ཆུ་བོའི་རྒྱུན། །དུག་གི་རླུང་དང་མུན་ནག་དང ། །ཆུ་སྲིན་རུས་སྦལ་བྱི་བ་དང ། །སྦལ་པ་སྡིག་པ་དེ་བཞིན་དུ། །ཀ་ཀ་རུ་ཡིས་གཅོད་པ་ལ། །རྫ་རྔ་རྡུང་བའི་སྐྱེས་བུ་ཡིས། །རྡོ་རྗེ་བསྡིགས་པས་བསྣུན་པར་བྱ། །གར་གྱི་སྦྱོར་བའི་དེ་ཉིད་ཀྱིས། །གཞན་ཡང་འཁྲུལ་འཁོར་དུ་མ་ནི། །རླུང་དང་མེ་རུ་རབ་གྲགས་པ། །ས་ 148a ༄#། །དང་ཆུ་ཡི་ཟུག་རྔུ་དང ། །ནམ་མཁའ་དུག་དང་ལྷན་ཅིག་པ། །ཐམས་ཅད་རྐང་འོག་རྡོ་རྗེ་ཡིས། །གར་གྱི་སྦྱོར་བས་བསྣུན་པར་བྱ། །རྡོ་རྗེ་བསྡིགས་པའི་སྦྱོར་བ་ཡིས། །རྡོ་རྗེ་ཁུ་ཚུར་གྱིས་ནི་བསྣུན། །བསྣུན་པས་འཁྲུལ་འཁོར་ཐམས་ཅད་ནི། །གདོན་མི་ཟ་བར་ལྟུང་བར་འགྱུར། །ཉི་མ་དང་ནི་རྡོར་འཛིན་ཡང ། །དཔལ་ལྡན་གྱིས་བསྣུན་གཡོ་འགྱུར་ན། །ཕལ་བའི་འཁྲུལ་འཁོར་སྨོས་ཅི་དགོས། །ལྷ་མིན་བུ་མོ་རྙེད་དཀའ་མིན། །རལ་གྲི་འཁོར་ལོས་དབྱུག་གུ་སོགས། །འདོ་ལི་ཨ་ཛ་ག་ར་དང ། །གསང་བའི་མཚམས་ཀྱི་སྒོ་གླེགས་དང ། །བུང་བའི་ཕྲེང་བ་དེ་བཞིན་དུ། །དྲག་པོའི་སྒྲ་དང་གད་རྒྱངས་ཚེ། །ཚར་གཅོད་པ་རུ་གང་གྱུར་པ། །ཕྱི་རོལ་ཏུ་ནི་ཆོ་ག་དེས། །ཇི་ལྟར་འཇོམས་པ་དེ་བཞིན་བསྣུན། །ཁྲོས་པས་མཆེ་བས་མཆུ་མནན་ཏེ། །ས་འོག་བཟླས་པས་བསྣུན་པར་བྱ། །ཁྲོན་པར་འཇུག་པའི་འཁྲུལ་འཁོར་ནི། །དེ་ནི་འོག་གི་འཁྲུལ་འཁོར་བཤད། །དཔལ་གྱི་སྒོ་ནི་གང་ཚེ་མཐོང ། །བཟང་ཡང་མཚན་ཉིད་ཉམས་པ་དང ། །སྲ་བའི་མཚམས་དང་སྦས་པ་དང ། །རི་མོ་ཡིས་ནི་ཡོངས་བྲེས་པ། །དེ་ལ་ས་གའི་ཆོ་ག་ཡིས། །ལག་པ་སྟེང་དུ་བྱས་ནས་སུ།། རྡོ་ལ་བརྒྱད་བརྒྱ་བཟླས་ནས་ཀྱང ། །མཚམས་ལ་དྲག་ཏུ་བརྡེག་པར་བྱ། །བསྣུན་པ་ཙམ་གྱིས་འཁྲུལ་འཁོར་དེ། །གདོན་མི་ཟ་བར་མཐོང་བར་འགྱུར། །བྱ་རོག་མཆུ་དང་དབྱུག་ 148b གུ་དང ། །མཐོ་བ་འཆིང་བའང་དེ་བཞིན་ཏེ། །རུས་སྦལ་ཕྱག་རྒྱའི་ཆོ་ག་ཡིས། །གཡས་ལས་གཞན་པས་རེག་པར་བྱ། །ཕུར་བུ་བཅིང་བར་བྱས་ནས་སུ། །བྱ་རོག་མཆུ་ལ་གཟེར་བར་བྱ། གཡོན་བརྐྱང་བའམ། མཉམ་པ་ཡིས། །གཡས་པ་མོས་ནི་ད་བསྐོར་རོ། །འཁྲུལ་འཁོར་གྱིས་ནི་མཚམས་རྙེད་འགྱུར། །དེ་ནི་མྱུར་བས་གདོན་པར་བྱ། །དེ་ནས་པུས་མོ་གཡས་བསྐུམས་ཏེ། །རྐང་པ་གཡོན་པ་བརྐྱང་བར་བྱ། །མཐོ་བས་ཕུར་བུ་ལ་བསྣུན་པས། །མཚམས་ཀྱི་འཁྲུལ་འཁོར་བསྐྱོད་པར་འགྱུར། །རྡོ་རྗེ་ཁྲོ་བ་དེ་མ་ཐག་།གསང་སྔགས་བཟླས་ལས་གདོན་པར་བྱ། །དེར་ནི་དུ་བ་འབྱུང་བ་ན། །རླུང་གི་འཁྲུལ་འཁོར་གྱིས་བྱས་ཡིན། །གེ་སར་རྒྱ་སྤོས་རུ་རྟ་དང ། །པུ་ནར་ན་བ་ཁྱབ་འཇུག་གནོན། །དེ་དག་རྣམས་ལས་བདུག་པ་བྱ།། རླུང་གི་འཁྲུལ་འཁོར་ཟློག་པར་འགྱུར། །འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། འཁྲུལ་འཁོར་འཇོམས་པ་རྒྱལ་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་རྡོ་རྗེ་ཁྲོ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ཀྱིས་རྣམ་པར་རྒྱལ་བ་རྡོ་རྗེའི་རྒྱུད་ཆེན་པོ་བཀའ་སྩལ་ལགས་ན། བདག་ཀྱང་རིག་པ་འཛིན་པ་རྣམས་ལ་སྨན་པའི་སླད་དུ་བཤད་པས་བཅོམ་ལྡན་འདས་ལ་ཞུའོ། །བཅོམ་ལྡན་འདས། རིག་པ་འཛིན་པ་ཇི་ལྟར་གནས་པར་ 149a ༄#། །བགྱི།་ཇི་ལྟར་རིག་པ་སྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་པའི་བདག་པོས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ཁྲོ་བོ། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་འཛིན་པ་འགྲུབ་པའི་རྒྱུ་དྲིས་པ་ལེགས་སོ་ལེགས་སོ། །རིག་པ་འཛིན་པས་ཇི་ལྟར་རིག་པ་སྒྲུབ་པ་རྡོ་རྗེ་ཁྲོ་བོ་ཉོན་ཅིག་།དེ་ལ་རེ་ཞིག་དང་པོར་རིག་པ་འཛིན་པས་བསླབ་པའི་གནས་ལྔ་ཡོངས་སུ་བཟུང་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་ལ་གནས་པ་དེའི་རིག་པ་འཛིན་པའི་འདུལ་བ་ངས་བཤད་པར་བྱའོ། །དང་པོར་རེ་ཞིག་བཟླས་པའི་ཕྲེང་བ་ཡོངས་སུ་བཟུང་སྟེ་ནོར་བུ་དང ། བུས་འཚོ་བ་དང ། དྲག་པོའི་རིལ་བུ་དང ། ཙནྡན་དམར་པོ་དང ། རྡོ་རྗེའི་མིག་རྣམས་ལས་དྲག་པོའི་མིག་ཁྱད་པར་དུ་འཕགས་པས་དེ་བརྒྱུ་བའི་སྔགས་སུ་གྱུར་པ་ནི། ན་མོ་བཛྲ་པཱ་ཎ་ཡེ། ཨོཾ་ཀི་རི་ཀི་རི་རཽ་དྲི་ཎི་སཝཱ་ཧཱ། སྔགས་འདིས་ཕྲེང་བ་བརྒྱུ་བར་བྱའོ། །དེ་ནས་སློབ་དཔོན་ལས་གནང་པ་ནོད་དེ་སློབ་དཔོན་ལ་ཕུལ་དུ་བྱུང་བའི་ཡོན་ཕུལ་ལ་སྔགས་བཟླ་བར་བྱའོ། །དེ་ལྟ་བུའི་བྱ་བ་དང་ལྡན་པས་སྔགས་བསྒྲུབས་པས་ངེས་པར་འགྲུབ་པར་འགྱུར་རོ། །བགེགས་རྣམས་ཀྱིས་བར་དུ་ 149b གཅོད་པར་མི་འགྱུར་རོ། །དཀྱིལ་འཁོར་དུ་མ་ཞུགས་ན་ཚིག་ཙམ་ཡང་སྦྱིན་པར་མི་བྱ་ན། སྔགས་འགྲུབ་པ་ལྟ་ཅི་སྨོས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་སྔགས་འགྲུབ་པ་གསང་བ་བཤད་པར་བྱའོ། །རིག་པ་འཛིན་པས་ཞི་བ་དང ། རྒྱས་པ་དང ། མངོན་སྤྱོད་དང ། དབང་དུ་བྱ་བ་དང ། གསོད་པ་དང ། བསྐྲད་པ་རྣམས་བསྒྲུབ་པའི་དོན་དུ་གནས་ཡོངས་སུ་གཟུང་བར་བྱའོ། །དེ་ལ་རེ་ཞིག་གནས་སུ་གྱུར་པ་ནི། རིའི་རྩེ་མོ་དང ། ཤིང་གཅིག་པ་དང ། དུར་ཁྲོད་དང ། རིང་བསྲེལ་ཅན་གྱི་མཆོད་རྟེན་རྣམས་སུ་བུམ་པ་རྩ་བ་ནག་པོ་མེད་པར་ནོར་བུ་དང ། འབྲུ་དང ། སྨན་ཐམས་ཅད་ཀྱིས་ཡོངས་སུ་བཀང་ལ་བཅོམ་ལྡན་འདས་ཀྱི་མདུན་དུ་བརྒྱད་བརྒྱ་བཟླའོ། །ོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། འཁྲུལ་འཁོར་གྱི་གནས་སུ་སྔགས་འདིས་བཟླ་བར་བྱའོ། །དེ་ནས་སའི་ཕྱོགས་སུ་བུམ་པ་ལ་ཁྲོ་བོས་བསྔགས་ཏེ་ཐམས་ཅད་ལ་བསང་གཏོར་བྱའོ། །ཆུའི་རྒྱུན་མ་ཆད་པས་ཐམས་ཅད་ལ་བསྐོར་བ་བྱའོ། ། དུག་དང་ཁྲག་དང་ཡུངས་ཀར་བསྲེས་པས་ཨརྒའི་ཤིང་ལ་མེ་སྦར་ལ་སྟོང་ཕྲག་བརྒྱད་བསྲེགས་ལ་འདི་སྐད་ཅེས་ཁོ་བོས་གནས་འདི་ཡོངས་སུ་གཟུང་ངོ ། །ཞེས་བརྗོད་པར་བྱའོ།། དེ་ནས་རིག་པ་འཛིན་པ་དེའི་རིག་པ་རྣམས་དང ། གཞན་ཡང་གླགས་ལྟ་བ་འཇུག་པའི་གོ་སྐབས་རྙེད་པར་མི་འགྱུར་རོ། །ཇི་ལྟར་འདོད་པར་སེམས་པ་བསྒྲུབ་པར་བྱའོ། །ཆོ་ག་གང་སྒྲུབ་ན། 150a ༄#། །དེ་ནས་རིག་པ་འཛིན་པས་བ་ལང་གི་འོ་མ་དང ། ནས་དང ། འོ་མ་དང ། །སློང་བ་ཟ་ཞིང་དེ་བཞིན་གཤེགས་པ་ལ་ཕྱོགས་པས་འབུམ་ཕྲག་གཅིག་བཟླ་བར་བྱའོ། །སྔགས་ཀྱི་མཐར་གསོལ་བ་གདབ་པར་བྱ་སྟེ། གང་གི་ཚེ་བཅོམ་ལྡན་འདས། བདག་གི་སྒྲུབ་པ་འདི་གདོན་མི་ཟ་བར་འགྲུབ་པར་འགྱུར་བ་དེ་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བརྗོད་ལ། དེ་ནས་རྗེ་བཙུན་སངས་རྒྱས་ཀྱི་མདུན་དུ་ནག་པོའི་བརྒྱད་པའི་ཉིན་མཚན་གསོ་སྦྱོང་དང་ལྡན་པས་དགོང་གའི་དུས་སུ་ཇི་ལྟར་ནུས་པས་མཆོད་པ་བྱས་ཏེ་ཀུ་ཤའི་ཆུན་པོའི་སྟེང་དུ་བསྡད་ལ་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་ཏེ་རིག་པ་ཁོར་མོར་ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་བཟླ་བར་བྱའོ། །དེ་ནས་དེར་ཀུ་ཤ་སྡོམ་པ་ལ་ཉལ་ཏེ་གཉིད་ཀྱི་མཚན་མོ་ཐུན་ཚོད་ཕྱི་མ་ལ་ལྷ་དེ་ཉིད་གྲུབ་པ་ཡང་བཀའ་སྩོལ་བར་འགྱུར་རོ། །གལ་ཏེ་མི་གསུང་ན། ཉི་མ་ཕྱི་མ་ལ་དེ་བཞིན་དུ་མཆོད་པའི་ཆོ་གས་བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་མཆོད་དེ་སྣ་མའི་མེ་ཏོག་ལ་བརྒྱད་བརྒྱ་ཡོངས་སུ་བཟླས་ལ་ཕྱོགས་བཞིར་གཏོར་ཏེ་ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་ཀྱི་བར་དུ་བཟླ་བར་བྱའོ། །ངེས་པར་གསུང་བར་འགྱུར་རོ། །དེ་ནས་ཐེ་ཚོམ་མེད་པར་སླར་ཡང་སྔར་བཤད་པའི་ཆོ་ག་བཞིན་དུ་གསང་སྔགས་ཆེན་མོ་འབུམ་ཕྲག་གསུམ་དང ། སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །དེ་ 150b ནས་སྦྱིན་སྲེག་གི་ཆོ་ག་ནི། མངོན་སྤྱོད་ལ་སྟེགས་བུ་གྲུ་གསུམ་པ་བྱའོ། །རྒྱས་པ་ལ་གྲུ་བཞིའོ། །ཞི་བ་ལ་ཟླུམ་པའོ། །སྒྲུབ་པ་ཆེན་པོ་ལ་པདྨའི་རྣམ་པའོ། །དབང་དུ་བྱ་བ་ལ་ལྕགས་ཀྱུའི་རྣམ་པའོ། །རིག་པ་དང་ལྷན་ཅིག་ཏུ་དྲི་ཞིམ་པོའི་མེ་ཏོག་དང ། ཡམ་ཤིང་བསྲེག་པར་བྱའོ། །མངོན་སྤྱོད་ལ་དུར་ཁྲོད་ཀྱི་ཤིང་ལ་ཚ་བ་གསུམ་དང ། སྐྱེ་ཚེ་དང ། ཡུངས་ཀར་དང ། ལན་ཚཝ་དང ། ཐལ་བ་དང་ཁྲག་ལ་སོགས་པས་ཁྲོ་བོ་ལ་སྲེག་བླུགས་བྱའོ། །ཞི་བ་ལ་སྨན་གྱི་ལྗོན་པའི་ཡམ་ཤིང་གིས་སོ། །རྒྱས་པ་ལ་འོ་མ་ཅན་གྱི་ཡམ་ཤིང་གིས་སོ། །ཞི་བ་ལ་མེ་ཏོག་དང་དྲི་དཀར་པོས་སོ། །རྒྱས་པ་ལ་མེ་ཏོག་དང་དྲི་སེར་པོས་སོ། །མངོན་སྤྱོད་ལ་མེ་ཏོག་དང་དྲི་དམར་པོས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པའི་སྔགས་ཀྱིས་ཐུན་གསུམ་དུ་ལས་བྱའོ། །སྒྲུབ་པ་ཆེན་པོ་ལ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པས་ལས་བྱའོ། །ཞི་བ་ལ་སྐྱིལ་ཀྲུང་གིས་སོ། །རྒྱས་པ་ལ་ཙོག་པུས་སོ།། མངོན་སྤྱོད་ལ་རྐང་པས་རྐང་པ་མནན་པས་སོ། །ཟས་མི་ཟ་བར་སྲེག་བླུགས་བྱའོ། །སྒྲུབ་པ་ཆེན་པོ་དང ། ཞི་བ་ལ་ཧཱུཾ་གི་ཡི་གེ་བཟླའོ། །མངོན་སྤྱོད་ལ་ཕཊ་ཀྱི་ཡི་གེའོ། །ཞི་བ་ལ་སྲོད་ཀྱི་ཐུན་ལའོ། །རྒྱས་པ་ལ་སྔ་དྲོའི་ཐུན་ལའོ། །མངོན་སྤྱོད་ལ་ཉི་མ་གུང་ངམ་ནམ་གུང་གི་དུས་སུ་ཁ་ལྷོར་བལྟས་ཏེ་ལས་བྱའོ། །སྒྲུབ་པ་ཆེན་པོ་དང་ཞི་བ་ལ་ཁ་ཤར་དུ་ཕྱོགས་པས་སོ། ། 151a ༄#། །རྒྱས་པ་ལ་བྱང་དུ་ཕྱོགས་པས་སོ། །དབང་དུ་བྱ་བ་ལ་བྱང་དུ་ཕྱོགས་པས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷ་ལ་མཆོད་པ་བྱས་ཏེ་རྒྱས་པའི་ལས་བྱའོ། །དུར་ཁྲོད་དང ། རྟགས་གཅིག་པར་དབང་དུ་བྱ་བ་ལ་མངོན་སྤྱོད་དོ། །ཞི་བ་ལ་སོགས་པ་ལ་མེ་སྤར་ཏེ་བྱའོ། །གང་གི་ཚེ་དེར་མེ་བཟང་པོར་གྱུར་ན། དེ་ནས་ལས་འགྲུབ་པར་འགྱུར་རོ། །ཐོག་མ་ཁོ་ནར་སྔགས་ཀྱིས་ལྷ་སྤྱན་དྲངས་ཏེ་ཕྱིས་བཅིང་བར་བྱའོ། །ཐོག་མར་དེ་ལྟར་མ་བྱས་ན། རིག་པ་འགྲུབ་པར་མི་འགྱུར་རོ། །སྤྱན་དྲངས་ནས་དྲིའི་ཆུས་གང་པའི་སྣོད་དུ་མེ་ཏོག་དཀར་པོ་དང་ལྡན་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་ཏེ་གསང་སྔགས་བརྒྱད་བརྒྱ་བགྲང་བར་བྱའོ། ། སྒྲུབ་པ་ཆེན་པོ་འབྱུང་བའི་མཚན་མ་རྣམས་འབྱུང་སྟེ། གློ་བུར་དུ་དུང་གི་སྒྲའམ། འབྲུག་གི་སྒྲ་ཐོས་པ་དང ། དྲི་ཞིམ་པོ་བྱུང་ན། དེ་ནས་རིག་པའི་ལྷ་འོངས་པར་ཤེས་པར་བྱའོ། །གལ་ཏེ་མ་འོངས་ན། བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་ལ་སྔར་བཞིན་དུ་མཆོད་ཡོན་བཟུང་སྟེ་བརྒྱད་བརྒྱ་བཟླའོ། །འོང་བར་འགྱུར་རོ། །བྱོན་པ་དང ། དཀྱིལ་འཁོར་བཅིང་བ་དང ། ཕྱོགས་བཅིངས་ལ་གཏོར་མ་དང ། ལྷ་བཤོས་དབུལ་བར་བྱའོ། །དེ་ནས་མིག་སྨན་དང ། ལྡོང་རོས་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ། །སྔོན་ 151b དུ་སྦྱངས་ཏེ་ཕྱིས་བསྒྲུབ་པར་བྱའོ། །མིག་སྨན་དང ། ལྡོང་རོས་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་འོ་མས་བྲན་ཞིང་གཞག་གོ་།དེ་ནས་བཏོན་ལ་ཇི་ལྟར་ནུས་པས་དགེ་འདུན་ལ་དགའ་སྟོན་བྱའོ། །སྐར་མ་རྒྱལ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པས་མཆོད་ལ་རས་དཀར་པོ་མ་ཉམས་པས་གཡོགས་ཏེ་བསོད་ནམས་མཆོད་ལ་བརྟག་པར་བྱའོ། །བརྟགས་པ་ན་སྔོན་གྱི་མཚན་མ་བྱུང་ན། ལས་འགྲུབ་པར་ཤེས་པར་བྱའོ། །མཚན་མ་གཞན་ཡང་སིལ་སྙན་གྱི་སྒྲ་དང ། དུང་གི་སྒྲ་དང ། རྒྱལ་བའི་སྒྲ་བྱུང་ན། སིལ་སྙན་གྱི་སྒྲས་རིག་པ་འཛིན་པ་ཆེན་པོ་འགྲུབ་པར་འགྱུར་རོ། །རྒྱལ་བའི་སྒྲས་མཁའ་ལ་འགྲོ་བ་འགྲུབ་པར་འགྱུར་རོ། །དུང་གི་སྒྲས་དབང་དུ་བྱེད་པ་འགྲུབ་པར་འགྱུར་རོ། །རྫས་བཏགས་ཏེ་མིང་མེད་ཀྱིས་རིལ་བུ་ལྔ་བྱའོ། །རས་མ་ཉམས་པའི་སྟེང་དུ་བཞག་སྟེ་གྲིབ་མ་ལ་བསྐམ་པར་བྱའོ། །དེ་ནས་ཨ་ཤཝཏྠའི་ཤིང་གི་སྟེང་དུ་བཞག་ནས་ཞག་བདུན་དུ་ལྷག་པར་གནས་པར་བྱའོ། །དེ་ནས་ཐོག་མ་སྒྲུབ་པའི་ཉིན་མོ་སྔ་དྲོའི་ཚེ་ཡོངས་སུ་ལྷུང་བས་བསྣུན་པ་ལ་ལན་སྟོང་ཕྲག་གཅིག་བསྔགས་ཏེ། དེ་ནས་ཕྱེ་མ་རེད་སྒྲུབ་པ་ལ་འཇུག་པར་བྱ་སྟེ།་ཨ་ཤཝཏྠའི་ལོ་མ་བཞི་གཡས་བསྐོར་དུ་བསྐོར་བ་ལ་བཞག་སྟེ་གསུམ་གྱིས་དགབ་བོ། ། ཤཝཏྠའི་ལོ་མ་རྣམས་འདི་ལྟ་བུའི་གནས་ནས་བླང་བར་བྱ་སྟེ། ལྗོན་ཤིང་གཞན་ 152a ༄#། །གྱི་གྲིབ་མས་མ་ཕོག་པ་དང ། ལྷའི་ཁང་པས་མ་ཕོག་པ་དང ། དུར་ཁྲོད་དུ་སྐྱེས་པ་རྣམས་ཀྱི་ཨ་ཤཝཏྠའི་ལོ་མ་ཡོངས་སུ་གཟུང་བར་མི་བྱའོ། །དེ་དག་ལས་གཞན་གནས་བསྔགས་པའི་ཨ་ཤཝཏྠའི་ཤིང་གི་ལོ་མ་རྩེ་མོ་དཀར་པོ་རྣམས་ཀྱི་སྟེང་དུ་གྲུབ་པའི་རྫས་ཆ་གསུམ་དུ་བྱས་ཏེ་བླ་མ་དང ། བདག་ཉིད་དང ། ལྷན་ཅིག་པ་རྣམས་ཀྱིའོ། །རྡོ་རྗེ་དང ། འཁོར་ལོ་དང ། རལ་གྲི་རྣམས་སུ་བློས་བརྟགས་ནས་དེ་དག་ཐུན་ཚོད་ལྔར་ཡོངས་སུ་བསྐམས་ཏེ། དེ་ནས་པ་ལང་གི་ལྕི་བའི་ཚོགས་ཀྱི་དབུས་སུ་བཅུག་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་གཞག་གོ་།དེ་ནས་བཏོན་ཏེ་བའི་རྣམ་ལྔས་བཀྲུས་ལ་དེ་ཉིད་དུ་ཞག་བདུན་ལྷག་པར་གནས་པར་བྱས་ཏེ་ཡོངས་སུ་ལྟུང་བས་བསྣུན་པ་ལ་སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ལ། དེ་ནས་སྒྲུབ་པ་ལ་འཇུག་གོ་།མིག་སྨན་དེ་དང ། རུ་རྟ་དང ། རྒྱ་སྤོས་དང ། ལོ་དྲ་རྣམས་བསྲེས་ལ་བཅོམ་ལྡན་འདས་སྤྱན་མའི་སྙིང་པོ་སྟོང་ཕྲག་བརྒྱད་མངོན་པར་བསྔགས་ཏེ། སྒྲུབ་པའི་དུས་སུ་མིག་ལ་བྱུགས་པས་གཉིད་མི་འབྱུང་ངོ ། །གཞན་ཡང་སྨན་དུ་གྱུར་པ་ནི། ཨ་བ་མརྒ་དཀར་པོའི་རྩ་བ་དང ། ཤུ་དག་སྐྱ་བོ་དང ། རུ་རྟ་དང ། རྒྱ་སྤོས་དང ། གི་ཝང་དང ། གུར་གུམ་དང ། ཙནྡན་དཀར་པོ་དང ། ཐོག་མར་རིང་བསྲེལ་ཅན་གྱི་མཆོད་རྟེན་གྱི་མདུན་དུ་ཞག་གསུམ་དུ་སྨྱུང་བ་བྱས་ཏེ་རྡ་ 152b རྗེ་གོ་ཆའི་སྔགས་སྟོང་ཕྲག་བརྒྱད་མངོན་པར་བསྔགས་སོ། །དེ་ནས་སྒྲུབ་པའི་དུས་སུ་བ་ལང་གི་གཅིན་དང་བཏགས་ཏེ་ལུས་ལ་ཡོངས་སུ་བསྐུས་ནས་སྒྲུབ་པ་ལ་འཇུག་གོ་།ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། རིག་པ་འཛིན་པ་དང ། ལོག་འདྲེན་ཐམས་ཅད་ཀྱིས་རྒྱང་ནས་འོད་དང་ལྡན་པའི་མེའི་ཕུང་པོ་ལྟར་འབར་བར་མཐོང་སྟེ། མཐོང་ནས་ཕྱག་འཚལ་བར་འགྱུར་རོ། ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རིགས་རྣམས་མཚུངས་པར་འགྲུབ་པར་འགྱུར་རོ། །གང་གི་ཚེ་རིག་པ་འཛིན་པས་རྫས་གྲུབ་པར་གྱུར་ན། དེ་ནས་སྔོན་བཞིན་བཅོམ་ལྡན་འདས་སྤྱན་མའི་སྔགས་ཀྱིས་མེ་ཏོག་དཀར་པོ་ལ་བརྒྱད་བརྒྱ་བཟླས་ལ་རྫས་ཀྱི་དབུས་སུ་བཅུག་པས་རྫས་བརྟན་པར་འགྱུར་རོ། །གཞན་དུ་ན་དངོས་གྲུབ་འཕྲོག་པར་འགྱུར་རོ། །གལ་ཏེ་རིག་པ་འཛིན་པས་གསང་སྔགས་གྲུབ་པར་མ་གྱུར་ན། རིག་པ་འཛིན་པ་དེས་འདི་ལྟར་བྱ་སྟེ། རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོའི་འགྲམ་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་ཁྲུ་གང་བ་བརྒྱད་བརྒྱ་བྱས་ལ། མཆོད་རྟེན་རེ་རེ་ལ་ཇི་ལྟར་ནུས་པའི་དྲི་དང ། མེ་ཏོག་དང ། བདུག་སྤོས་ཕུལ་ཏེ་དུས་གསུམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་སྡིག་པ་བཤགས་ཏེ་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་དམ། བརྒྱད་བརྒྱ་བཟླའོ། །གལ་ཏེ་མཚན་མ་མ་བྱུང་ན། ཆོ་ག་འདིས་མཆོད་རྟེན་སྟོང་ཕྲག་གཅིག་བྱས་ཏེ། དེའི་ནུབ་ 153a ༄#། །ཕྱོགས་མ་ཡིན་པའི་མཆོད་རྟེན་འབར་ན། ལས་ཀྱི་སྒྲིབ་པ་ཟད་པར་ཤེས་པར་བྱའོ། །དེ་ནས་གང་ཅི་སྒྲུབ་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྒྲུབ་པ་ཆེན་པོ་བརྩམས་ནས་ལས་གཞན་དབབ་པ་དང ། གསོད་པ་ལ་སོགས་པ་རྣམས་མི་བྱའོ། །གལ་ཏེ་བྱས་ན། རིག་པ་འགྲུབ་པར་མི་འགྱུར་རོ། །ལོང་བ་དང ། སྒུར་བོ་དང ། རླིག་རླུགས་དང ། འོན་པ་དང ། སེན་མོ་ངན་པ་དང ། ཤ་བཀྲ་ཅན་དང ། ལུས་ཞ་བ་དང ། སྤོ་ནག་པ་རྣམས་ཀྱིས་སྒྲུབ་པ་ཆེན་པོ་འགྲུབ་པར་མི་འགྱུར་རོ། །གཞན་གཟའ་ལ་སོགས་པ་འགྲུབ་པར་འགྱུར་རོ། །མི་གང་སངས་རྒྱས་དང་ཆོས་ལ་དད་པ་དང་ལྡན་པ་དང ། འདུན་པ་དང་ལྡན་པ་དང ། སེན་མོ་ཟངས་ཀྱི་མདོག་ཅན་དང་ལྡན་པ་དང ། ཕ་མ་ལ་གུས་པ་དང ། བླ་མ་ལ་སྲི་ཞུ་ཆེ་བ་དེས་ཐམས་ཅད་འགྲུབ་པར་འགྱུར་རོ། །རིག་པ་འཛིན་པས་སྔགས་སྒྲུབ་པ་སྔོན་བཞིན་སྒྲུབ་པ་དང་ལྡན་ན། ཚེའི་དུས་བྱས་ཀྱང་གང་འདོད་པ་སེམས་ཤིང་ཤིབས། དེ་ཤི་བ་ཙམ་གྱིས་དེ་དང་དེར་སྐྱེ་བར་འགྱུར་ཏེ། རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཆེན་པོའམ། ཡང་ན་རིག་པ་འཛིན་པའི་རིགས་སམ། དབང་ཕྱུག་ཆེན་པོའི་རིགས་སམ། གདོལ་པའི་རིགས་འཛིན་པའི་རིགས་དེ་ལྟ་བུའི་རིམ་པ་གང་འདོད་པའི་བསམ་པས་སྔགས་བསྒྲུབས་པས་དེ་ལྟ་བུའི་རིགས་སུ་འགྲུབ་པར་འགྱུར་རོ། །སྒྲུབ་ 153b པ་ཆེན་པོ་ལ་འབད་པའི་རིག་པ་འཛིན་པས་རྡོ་རྗེ་དང ། འཁོར་ལོ་དང ། རྩེ་གསུམ་དང ། དབྱུག་གུ་དང ། ཞགས་པ་དང ། མདུང་ཐུང་དང ། དབྱུག་ཐོ་དང ། པདྨ་དང ། དུང་དང ། ལྕགས་ཀྱུ་དང ། སྤྱི་བླུགས་ལ་སོགས་པ་རྣམས་ལ་རྐང་པས་བརྫི་བར་མི་བྱའོ། །ས་ལ་བྲིས་པ་ཡང་དེ་བཞིན་དུ་བྱའོ། །འདི་ལྟར་རྡོ་རྗེ་འཆང་བའི་རྡོ་རྗེ་དང ། ཁྱབ་འཇུག་གི་འཁོར་ལོ་དང ། ལྷ་ཆེན་པོའི་རྩ་གསུམ་དང ། གཤིན་རྗེའི་དབྱུག་གུ་དང ། ཆུ་ལྷའི་ཞགས་པ་དང ། གཞོན་ནུའི་མདུང་ཐུང་དང ། སྟོབས་ལྷའི་དབྱུག་ཐོ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་པདྨ་དང ། རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུ་དང ། ཚངས་པའི་སྤྱི་བླུགས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་ཐོབ་པར་འདོད་པས་བདག་ཉིད་ཀྱིས་རྡོ་རྗེ་ལ་སོགས་པ་དེ་དང་དེ་དག་ཕྱག་རྒྱ་ཆེན་པོའི་རྐང་པས་བརྫི་བར་མི་བྱའོ། །གང་གི་ཚེ་རིག་པ་འཛིན་པའི་གསང་སྔགས་བསྒྲུབས་པ་ན་རིག་པའི་ལྷ་དངོས་གྲུབ་མི་སྟེར་ན། དེས་ལས་འདིས་རིག་པ་མཉེས་པར་བྱ་སྟེ།་དྲི་ཐམས་ཅད་ཀྱིས་རིག་པའི་ལྷའི་གཟུགས་བརྙན་བྱས་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་སྟེ་ཞག་གསུམ་དུ་མྱུང་བར་གནས་ལ་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་ལ་སྤྱན་དང་ལྷན་ཅིག་པའི་རིག་སྔགས་ཀྱིས་སྣ་མའི་མེ་ཏོག་སྟོང་ཕྲག་བརྒྱད་དེའི་གཟུགས་བརྙན་གྱི་སྙིང་གར་བརྡེག་པར་བྱ་ཞིང ། མར་ནག་དང་མར་ 154a ༄#། །བསྲེས་པས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱས་ལ། དེ་ཉིད་དུ་འཁོད་དེ་ཇི་ལྟར་ནུས་པའི་མཆོད་པ་དང ། གཏོར་མའི་ཆོ་ག་བྱའོ། །དེ་ནས་རིག་པ་འཛིན་པ་དེ་རངས་པས་གཉིད་ལོག་པ་དང ། སྟོན་པར་འགྱུར་བའམ། རྗེས་སུ་གདམས་པ་སྟོན་པར་འགྱུར་རོ། །གལ་ཏེ་མ་འོངས་ན། ཉི་མ་ཕྱི་མ་ལ་དེ་བཞིན་དུ་གཏོར་མའི་ཆོ་ག་བྱས་ཏེ་རྡོ་རྗེ་ཁྲོ་བོ་དང་ལྷན་ཅིག་ཏུ་སྟོང་ཕྲག་བརྒྱད་བཟླའོ། །དེ་ནས་རིག་པའི་ལྷ་དེ་ཉིད་ཁྲོ་བོ་དང་ལྷན་ཅིག་ཏུ་རྨི་ལམ་དུ་མཐོང་ནས་ཆད་པ་དང ། ལྷག་པ་དང ། ཕྱི་མོ་དམན་པ་དང ། ཡི་གེ་གཞན་དུ་གྱུར་པ་ཡང་སྟོང་པར་འགྱུར་རོ། །གལ་ཏེ་ཡོངས་སུ་རྫོགས་པར་གྱུར་ན། དེ་ནས་དངོས་གྲུབ་སྟེར་བར་འགྱུར་རོ། །སྒྲུབ་པ་དང་པོ་ལ་ལས་འདི་མི་བྱ་ལ་ཇི་སྲིད་ལན་བདུན་བསྒྲུབས་ཀྱང་མ་གྲུབ་ན། དེ་ནས་ལས་འདི་བྱའོ། །དེ་ནས་རྫས་སྒྲུབ་པའི་དུས་སུ་གྱུར་ན། དེའི་མཐར་སྲོད་དམ། ནམ་གུང་དང ། ཉི་མ་ཤར་བ་ན་རིག་པ་འཛིན་པས་རྨི་ལམ་ལྟ་བུར་གསང་སྔགས་གང་འདོད་པ་ཡིད་ལ་སེམས་ཤིང་བཟླ་བར་བྱའོ། །གཞན་དུ་ན་ལོག་པར་འདྲེན་པ་རྣམས་ཞུགས་པར་གྱུར་ནས་རིག་པའི་ལྷ་མངོན་དུ་མི་འགྱུར་རོ། །གཞན་གྱི་གོས་ལ་རེག་པར་མི་བྱ་ཞིང་བགོ་བ་གསུམ་བྱས་ཏེ་གཅིག་གྱོན་ལ་ཁྲུས་བྱའོ། །གཉིས་པས་བཟླ་བར་བྱའོ། །གསུམ་ 154b པས་མཚན་མོ་གྱོན་པར་བྱའོ། །སྐྱིལ་ཀྲུང་གིས་གནས་ཏེ་རིག་པའི་ལྷའི་མཚན་མ་མཐོང་ནས་ཏིལ་དང ། མར་བསྲེས་པའི་སྲེག་བླུགས་བྱའོ། །རིག་པའི་སྟོབས་འཕེལ་བར་འགྱུར་རོ། །ཏིལ་མེད་ན། དནྟུ་ལ་དང ། སྲན་མ་མ་ཤ་དང ། མུད་ག་རྣམས་ཀྱིས་བྱའོ། །ཉ་དང་ཤ་དང ། ཆང་བཏུང་བར་མི་བྱ་སྟེ། ཉེས་པ་དེས་ལོག་པར་འདྲེན་པ་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །རྟག་ཏུ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་བསྙེན་བཀུར་བ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པར་བྱའོ། །དམ་ཚིག་ཤེས་པར་གྱུར་པས་འདི་ལྟར་བྱས་ན། རིང་པོ་མི་ཐོགས་པར་འགྲུབ་པར་འགྱུར་རོ། །རིག་པ་འཛིན་པས་སྔར་བཤད་པར་བྱའོ། །རྟག་ཏུ་ལྷ་ཐམས་ཅད་ལ་བདུག་དང ། ལྷ་བཤོས་ཀྱི་འབྲས་ཆེན་རང་གི་ལག་གིས་དབུལ་བར་བྱའོ། །ཟློས་པ་ན་ཁ་ཤར་དུ་ཕྱོགས་ཏེ་བྲིས་སྐུ་བྲིས་པའི་སྔོན་དུ་བཟླ་བར་བྱའོ། །བྲིས་སྐུའི་ཚད་ཆེན་པོ་ཁྲུ་བཅུ་པའི་རས་ལའོ། །དེའི་ཕྱེད་དང ། ཕྱེད་ལ་འབྲིང་དང ། ཐ་མར་འགྱུར་རོ། །སྐམས་འདིར་རིག་པ་འཛིན་པས་སྔར་བཤད་པ་རྣམས་བྱའོ། །གལ་ཏེ་བརྒྱ་ལ་རྫས་སམ། གོས་སམ། རྒྱན་སྟེར་ན། དེ་གཟུང་བར་མི་བྱ་སྟེ། འབྲས་བུ་ཙམ་བཟུང་ན་ཡང་གསང་སྔགས་འགྲུབ་པར་མི་འགྱུར་རོ། །ཆུ་ཉུང་དུས་བཀྲུ་བར་མི་བྱ་ཞིང་རྐང་པས་མེ་ལ་རེག་ 155a ༄#། །པར་མི་བྱ་ལ། སེན་མོས་ས་ལ་རི་མོ་བྲི་བར་མི་བྱ་ཞིང ། ལྷའི་ཁང་པའི་གྲིབ་མ་ལ་འགོམ་པར་མི་བྱ་སྟེ། འདི་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་དེ་དག་དོར་བའི་སྔགས་པས་མྱུར་དུ་རིག་སྔགས་འགྲུབ་པར་འགྱུར་རོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། རིག་སྔགས་ཀྱིས་འདུལ་བ་ཞེས་བྱ་བ་རྡོ་རྗེ་ཁྲོ་བོས་ཡོངས་སུ་ཞུས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་རུ་འབད་པས་འཇུག་པ་ན། །ཁང་བཟང་དམ་བརྙེད་པ་ཡིས། །བསྟན་བཅོས་ལས་ནི་ངེས་བཞིན་པའི། །ཕྱོགས་ཀྱི་ཆ་ནི་རིབ་བཤད་བྱ། །ཤར་ན་ནྱ་གྲོ་དྷ་ཡི་ཤིང ། །དབང་ལྡན་དུ་ནི་པ་ལཀྵ། །ལྷོ་རུ་ཡང་ན་ཨ་ཤྭྟྠའི། །ནུབ་ཏུ་དེ་བཞིན་པ་ལཀྵ། །བྱང་ཆུབ་དུ་ལྗོན་ཤིང་མ་དུ་ག་།གནས་རྣམས་སུ་ནི་གདོན་མི་ཟ། །གང་དག་ཏུ་ནི་ཤིང་མེད་ན། །དེ་ལ་ཡང་ནི་མཚན་བཟང་པོ། །ཤར་ན་གཞན་པའི་ལུས་གཅིག་སྟེ། །ལྷོ་རུ་ཡང་ནི་བཞི་རུ་འགྱུར། །ནུབ་ཏུ་གསུམ་དུ་བསྟན་པ་སྟེ། །བྱང་དུ་གཉིས་སུ་བསྒྲགས་པའོ། །མཛེས་པའི་བུ་མོ་རྟག་ཏུ་གནས། །གྲུབ་པའི་རྫས་དང་དངུལ་ཆུ་ནི། །ལྷ་ཡི་བྱང་ན་རྟག་ཏུ་ཡང ། །དངུལ་ཆུ་རུ་ནི་ཤེས་པར་བྱ། །དབང་ལྡན་དུ་ཡང་དངུལ་ཆུ་སྟེ། །དབང་པོར་རྫས་ནི་དེ་བཞིན་ནོ། །ཆུ་ལྷར་རྟག་ཏུ་རྫས་བཟང་པོ། །གྲུབ་པའི་རྫས་ནི་བླ་ན་མེད། །བདེན་བྲལ་དུ་ནི་རལ་གྲིར་འགྱུར། ། 155b གཤིན་རྗེར་དེ་བཞིན་མིག་སྨན་ཉིད། །རླུང་གི་ཕྱོགས་སུ་རྟག་གནས་པ། །ཡིད་བཞིན་ནོར་བུ་ཞེས་བྱའོ། །ལྷ་ཉིད་ཀྱི་ནི་མདུན་དུ་ཡང ། །འབབ་སྟེགས་ཅན་གྱི་རྫིང་བུར་བསྟན།། ཁང་བཟང་གི་ནི་ནང་ན་ཡང ། །གྲུབ་པའི་རྫས་ལ་ཐེ་ཚོམ་མེད། །ལྷོ་ཡི་སྒོ་རུ་གང་གྱུར་པ། །ལྷོ་ཡི་ཕྱོགས་སུ་མངོན་ཕྱོགས་པ། །དེ་ན་རྫས་རྣམས་ཐམས་ཅད་དེ། །ལྷ་ཡི་ཁང་པར་རྣམ་པར་བསྟན། །དབང་པོའི་ཕྱོགས་སུ་མངོན་ཕྱོགས་པ། །དེ་ནས་རྫས་རྣམས་ཀུན་བསྡུས་པའོ། །བྱང་དུ་ཕྱོགས་ཏེ་ལེགས་གནས་པ། །བྲིས་སྐུས་བཀབ་པའི་རྫས་སུ་བཤད། །ནུབ་ཏུ་ཕྱོགས་ཏེ་ལེགས་གནས་པ། །དེ་ན་ཡང་ནི་བསྒྲིབས་ནས་གནས། །རིག་སྔགས་བཀླགས་པས་འགྲུབ་འགྱུར་ཏེ། །འཇིག་རྟེན་གསུམ་ཤེས་བླ་ན་མེད། ། རིན་ཆེན་རྣམ་པ་སྣ་ཚོགས་པའི། །ལྷ་ཡི་གནས་སུ་རྣམ་པར་བསྟན། །ཤར་ནས་ཤར་དུ་མངོན་ཕྱོགས་པའི། །འཁྲུལ་འཁོར་དུ་ནི་རྣམ་པར་བཤད། །ལྷོ་རུ་མངོན་པར་ཕྱོགས་གནས་པ། །ལྷོ་ཡི་ཕྱོགས་ཀྱིས་རྣམ་པར་བསྟན། །ནུབ་ཀྱི་ཕྱོགས་སུ་མངོན་ཕྱོགས་པ། །ནུབ་ཀྱི་ཕྱོགས་པར་རྣམ་པར་བསྟན། །འདི་ཡིས་བྱང་དུ་བཤད་པ་དང ། །དབང་ལྡན་གྱི་ཡང་དེ་བཞིན་ནོ། །ཕྱོགས་རྣམས་ཀྱི་ཡང་མཚན་ཉིད་ནི། །བསྟན་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཤེས་པའི་མཁས་པ་ཡིས། ཡ།ཕྱོགས་ཀྱི་འཁྲུལ་འཁོར་མཚོན་ 156a ༄#། །པར་བྱ། །སྔོན་བཞིན་ལེགས་པར་ཤེས་པ་ཡིས། །རྫས་རྣམས་ཀྱང་ནི་བློ་ལྡན་གྱིས། །དེ་འདྲའི་ཕྱོགས་སུ་འཁོད་ནས་ནི། །དེ་ཡིས་ལམ་ནི་བལྟ་བར་བྱ། །གཉིས་པ་ཡིན་ནི་ལམ་གྱུར་པ། །འཁྲུལ་འཁོར་མེད་པས་བརྟག་མི་དགོས། །གསུམ་པ་ཡང་ནི་ཤེས་བྱ་སྟེ། །བཞི་པ་ཡང་ནི་མཚུངས་པའོ། །ལམ་ནི་རྣམ་པ་བཞིར་བཤད་པས། །འདོད་ལྡན་ལ་ནི་འབྲས་བུ་སྟེར། །དང་པོ་རུ་ནི་མི་དཔྱད་པར། །བཟའ་བར་བྱ་བ་མ་ཡིན་ནོ། །གཉིས་པ་རུ་ནི་བཟའ་བར་བྱ། །གསུམ་པ་ལ་ཡང་དེ་བཞིན་ནོ། །བཞི་པ་ཡང་ནི་བཟའ་བར་བྱ། །དེ་དག་འཁྲུལ་འཁོར་མེད་པར་བསྟན། །ཕྱོགས་ཀྱི་ཆ་ནི་ཐམས་ཅད་དུ། །ཡོངས་སུ་གང་བར་ཤེས་པར་བྱ། །ཕྱི་མ་ཡི་ནི་ཆོ་ག་ཡིས། ། ཚོང་འདུས་ཟེ་འབྲུ་རྒྱུ་བའོ། །འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། ཕྱོགས་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།འཕགས་པ་རྡོ་རྗེ་ས་འོག་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་སླར་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པའི་མགོན་པོ་ལ་གུས་པས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་གསོལ་པ། སྦྱོར་བ་བཅུ་གཉིས་པོ་འདི་རྣམས་གང་དང་གང་བྱུང་བ་དང ། བུ་ག་ཐམས་ཅད་ཀྱི་ 156b འཁྲུལ་འཁོར་ནམ་མེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། དབྱར་ཟླ་ཐ་ཆུང་གི་ནག་པོའི་བཅུ་བཞི་ལ་གཟའ་ཕུར་བུའི་ཉི་མ་དང ། སྐར་མ་རྒྱལ་འཛོམས་པ་ལ་ངེས་པར་བུ་གའི་སྒོ་འབྱེད་པར་འགྱུར་རོ། །སྟོན་ཟླ་ཐ་ཆུང་གི་གནམ་སྟོང་ལ་ཕུར་བུའི་ཉི་མ་དང ། རྒྱུ་སྐར་ས་རི་འཛོམས་པ་ལ་ངེས་པར་བུ་གའི་སྒོ་གྲོལ་བར་འགྱུར་རོ། །གཞོན་ནུ་མ་རང་ཉིད་འོངས་ནས་འཇུག་པར་བྱེད་དོ། །སྟོན་ཟླ་ཐ་ཆུང་གི་ཉ་ལ་ཕུར་བུའི་ཉི་མ་དང ། སྐར་མ་བྲ་ཉེ་འཛོམས་པ་ལ་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་མེད་པར་འགྱུར་རོ། །དགུན་ཟླ་འབྲིང་པོའི་ནག་པོའི་བཅུ་བཞི་ལ་ཕུར་བུའི་ཉི་མ་དང ། སྐར་མ་རྒྱལ་འཛོམས་པ་ལ་འཁྲུལ་འཁོར་ཐམས་ཅད་གྲོལ་བར་འགྱུར་རོ། །དགུན་ཟླ་ཐ་ཆུང་གི་ནག་པོའི་བཅུ་བཞི་ལ་ཕུར་བུ་དང ། སྐར་མ་གྲོ་ཞུན་ལ་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་མེད་པར་འགྱུར་རོ། །དགུན་ཟླ་ཐ་ཆུང་གི་དཀར་པོའི་བཅུ་བཞི་ལ་ཕུར་བུའི་ཉི་མ་དང ། སྐར་མ་རྒྱལ་འཛོམས་པ་ན་འཁྲུལ་འཁོར་མ་ལུས་པ་གྲོལ་བར་འགྱུར་རོ། །སྟོན་ཟླ་ར་བའི་ནག་པོའི་ཚེས་བརྒྱད་ལ་ཕུར་བུའི་ཉི་མ་དང ། སྐར་མ་ནམ་གྲུ་འཛོམས་པ་ན་བུ་གའི་སྒོ་ཐམས་ཅད་གྲོལ་བར་འགྱུར་རོ། །དབྱར་ཟླ་འབྲིང་པོའི་ནག་པོའི་བཅུ་བཞི་ལ་ཕུར་བུའི་ཉི་མ་དང ། སྐར་མ་རྒྱལ་ལམ་ནམ་གྲུ་འཛོམས་པ་ལ་བུ་ག་ཐམས་ཅད་ངེས་པར་གྲོལ་བར་ 157a ༄#། །འགྱུར་རོ། །གྲོང་གི་མི་འཁོར་དང་བཅས་པ་ཐམས་ཅད་འཇུག་པར་བྱའོ། །སྟོན་ཟླ་ར་བའི་ནག་པོའི་བཅུ་བཞི་ལ་ཕུར་བུའི་ཉི་མ་དང ། སྐར་མ་ཕལ་གུ་ནི་འཛོམས་པ་ན་ངེས་པར་བུ་གའི་སྒོ་གྲོལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་རྗེ་བཙུན་འཕགས་པ་ཕྱག་ན་རྡོ་རྗེ་རབ་ཏུ་དགྱེས་པའི་དོན་དུས་འོག་གི་གསང་བ་ཆེན་པོ་སྨྲས་པའོ། །སྔགས་དང་སྦྱིན་སྲེག་རྣམ་པར་སྤང་ངོ ། །ས་འོག་གི་གསང་བ་ཆེན་པོ་ཡོངས་སུ་རྫོགས་སོ།། །།འཕགས་པ་ཕྱག་ན་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ས་འོག་ཅེས་བྱ་བ་ཇི་སྙེད་པ་ཡོངས་སུ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བརྡ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང ། སྒྲ་སྒྱུར་གྱི་མཁས་པ་སྒྲའི་གཙུག་ལག་ལ་མ་རྨོངས་པ། གསང་སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་དཔེན་གནས་དམ་པར་བསྒྱུར། ལྷ་མིན་དབང་པོའི་སྒོ་གླེགས་འཇོམས་བྱེད་པ། །གསུང་རབ་དམ་པ་དཔལ་ལྡན་ཀུན་དགའ་ཡི། །རྒྱལ་མཚན་གྱིས་བསྒྱུར་འདི་ལ་སྒྲ་ཉམས་པ། །གང་ལགས་དེ་ལ་མཁས་རྣམས་བཟོད་པར་མཛོད། ས་འོག་འཁྲུལ་འཁོར་བདེ་ལེགས་རིན་ཆེན་གཏེར། །གསང་བདག་རྡོ་རྗེ་འཛིན་པ་དམ་པའི་བཀའ། །གངས་ཅན་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས། །བསྒྱུར་བའི་བསོད་ནམས་ 157b འཛིན་བཅས་རྣམས་ལ་བྱིན།། །། |