rKTs


H686

(e-text produced by ACIP)

see text in transliteration
110a
དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། དཔལ་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་གྱི་འཇིག་རྟེན་ན་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་
110b
གཅིག་ཏུ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྷ་མོ་ཆེན་མོ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་དྲུང་དུ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྤྱན་རས་གཟིགས་དབང་ཕྱུག་།དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། སེམས་ཅན་གང་སུ་ཡང་རུང་བས་དཔལ་ཆེན་མོ་འདིའི་མིང་བཅུ་གཉིས་ཤེས་ཏེ་འཆང་བ་དང ། ཀློག་པ་དང ། སྒྲུབ་པར་བྱེད་པ་དང ། བརྗོད་པར་བྱེད་ན། དེ་དབུལ་པོ་སྤངས་ནས་ཕྱུག་པོ་ཆེན་པོར་འགྱུར་རོ། །དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །དཔལ་ལྷ་མོ་ཆེན་མོའི་མིང་བཅུ་གཉིས་འདི་ལྟ་སྟེ། བཀྲ་ཤིས་མ། དཔལ་ལྡན་མ། པདྨའི་ཕྲེང་ཐོགས་མ། ནོར་བདག་མ། དཀར་ཤམ་མ། གྲགས་ཆེན་མ།་པདྨ་སྤྱན་མངའ་མ། འོད་ཆེན་མ། བྱེད་པ་མོ། ཟས་སྦྱིན་མ། རིན་ཆེན་འོད་ལྡན་མ། དཔལ་ཆེན་མོ་མ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ཆེན་མོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཛི་ནི། གྷྲི་ནི། དགོས་པ་ཐམས་ཅད་སྒྲུབ་པར་མཛད་མ། སི་མི་སི་མི། ནི་མི་ནི་མི། བདག་གི་མི་
111a
༄#། །ཤེས་པ་ཐམས་ཅད་བསལ་བར་མཛོད་ཅིག་སཝཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།