དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ། ལམ་གང་གིས་ན་སངས་རྒྱས་འབྱུང་བ་དང ། །རྒྱལ་བ་སྲས་བཅས་ཆོས་ཀྱི་བླ་མར་གྱུར། །མཁྱེན་པའི་རིམ་པར་ས་རྣམས་བཀོད་པ་ཡི། །ཤེས་རབ་དཀྱིལ་འཁོར་མང་ལ་སྐྱབས་སུ་མཆི། །ཕྱག་འཚལ་དཔལ་ལྡན་ལྷ་མོ་དབྱངས་ཅན་མ། །འཇིག་རྟེན་ཁམས་འདིར་སྨྲ་ལ་དབང་བརྙེས་ཤིང ། །དྲང་སྲོང་རིག་གསུམ་རིག་པའི་ཕ་རོལ་གཤེགས། །དེ་ནི་སྤྱོད་པ་རྒྱ་ 102a ༄#། །ཆེན་རྣམས་ལས་བྱུང ། །སེམས་ཅན་དོན་ཕྱིར་འཕྲིན་ལས་ཆེན་པོའི་ཁུར། །སྤྲོ་བར་དཀའ་བ་ཀུན་ཀྱང་ཁྱོད་ཀྱིས་མཛད། །ས་དང་ཕ་རོལ་ཕྱིན་པ་བཅུ་སྤྱད་པས། །དགེ་བའི་ཚོགས་བརྟན་ཡིད་བཞིན་ལས་སུ་བསྒྱུར། །ཞལ་གྱི་དཀྱིལ་འཁོར་ཟླ་བ་དྲི་མེད་རྒྱས། །ཐུགས་རྗེའི་སྤྱན་གྱིས་འགྲོ་བའི་མིག་བྱེད་པ། །དུས་རིང་འཇིག་རྟེན་ཀུན་ལ་བདེ་བར་གཟིགས།། དེ་ལ་དབང་པོ་ཚངས་སོགས་ཤིན་ཏུ་འདུད། །བྱམས་ཤིང་བཟོད་ལྡན་སྙིང་རྗེ་བསྐྱེད་པའི་མ། །ལྷ་མོ་མཆོག་དེ་འགྲོ་ཀུན་སྐྱོང་བར་དགྱེས། །ཐོར་ཚུགས་རི་བོ་རྩེ་འདྲ་སྤོབས་པ་འཕགས། ། ཤེས་རབ་ཟབ་ཅིང་ཤེས་པའི་རྟེན་བྱེད་ཀྱང ། །རིག་པའི་གནས་ལ་མངའ་བརྙེས་ཚིག་གི་བདག་།འཇིག་རྟེན་ན་ཡང་ལྷ་ཡི་ལྷར་གྱུར་ལ། །སྡུག་བསྔལ་བསལ་བར་རབ་བརྩོན་གཉེན་མཆོག་པས། །མུ་སུ་རྟོག་གེ་བ་རྣམས་ཀུན་ཀྱང་འདུད། །ཡན་ལག་རྣམ་པར་འབྱེས་ཤིང་གསུང་སྙན་པ། །ཡོན་ཏན་དྲི་མེད་བསོད་ནམས་འབར་བར་བསྒྱིངས། །རིག་པ་མཆོག་གི་དངོས་གྲུབ་སྦྱིན་མཛད་པ། །བློ་མྱུར་ཚིག་འཆང་སྤོབས་པའི་མཆོག་སྩོལ་ཅིག་།སེམས་ཅན་ཀུན་ལ་རྟག་ཏུ་ཕན་སེམས་པ། །མི་བསླུ་མཆོག་ཁྱོད་རྣམ་གྲོལ་ས་ལ་བཞུགས། །ཐུགས་དམ་བརྟན་བཅས་བསྐུལ་བ་རྣམས་ལ་ཡང ། །དཔལ་གྱིས་དགོངས་ཤིག་དོན་ཀུན་ཉེ་བར་སྐོངས། །འདི་ལྟར་འཇིག་རྟེན་དག་ན་སྣང་བ་ཀུན། །སྒྲ་འཇོམས་ཁྱད་པར་ཚིག་གིས་དོན་མཚོན་ཏེ། ། 102b ཕན་ཚུན་ཤེས་ཤིང་ཡང་དག་བརྡ་སྤྲོད་པའང ། །དབྱངས་ཅན་ཁྱོད་ཀྱི་མཐུ་སྟེ་བསམ་མི་ཁྱབ། །གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་བརྙེས་པ། དམ་ཚིག་བདེན་གྲུབ་དྲང་སྲོང་ཤེས་ཉེན་ཅན། ། ལུས་སེམས་ངག་རྣམས་བྱིན་གྱིས་རློབ་པ་དང ། །ཡིད་འོང་སྒྲས་ཀྱང་འཇིག་རྟེན་ཚིམ་པར་བྱེད། །བྱང་ཆུབ་མཆོག་གི་སྤྱོད་ཕྱིར་སུ་དག་མོས། །བདག་དང་གཞན་དོན་ཕུན་སུམ་ཚོགས་འགྱུར་བའི། །ལུས་དང་ངག་ཡིད་རྣམ་དག་མཆོག་འདོད་ལ། །བཅོམ་ལྡན་འདས་མས་རྟག་ཏུ་དོན་མཆོག་སྩོལ། །བདག་ནི་དཔའ་ཞིང་བྱང་ཆུབ་ལམ་བརྩོན་དང ། །ལྕེ་ཡི་དབང་པོ་དག་ཅིང་ཚིག་བཙུན་ལ། །རིག་པའི་གཏེར་ལྡན་སྨྲ་ལ་ཐོགས་མེད་དང ། །བདེ་གཤེགས་སྤོབས་པ་ཉེ་བར་སྒྲུབ་ཏུ་གསོལ། །རིག་པའི་ཡུམ་གྱི་རང་བཞིན་རྟོག་ལས་བདེན། །སྙན་པའི་རྒྱལ་མཚན་དགའ་བའི་ཤུགས་ཀྱིས་བསྐྱོད། །མཁའ་ལ་སྣ་ཚོགས་རྣམ་པར་དྲི་འདོད་ལྟར། །མཚན་ཉིད་རྟོགས་དཀའ་ཡོན་ཏན་གཏིང་མཐའ་མེད། །ན་མོ་བྷ་ག་ཝ་ཏེ། བྲཧྨ་ཎེ། ན་མཿ ་སཝ་ར་སཝ་ཏྱཻ་དེ་བི་སིདྡྷྱ་ནྟུ་མནྟྲ་པཱ་ད་ཏཾ་བྲ་ཧྨཱ་ནུ་མནྟྲ་སཝཱ་ཧཱ། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ་རྫོགས་སོ།། །། |