rKTs


H676

(e-text produced by ACIP)

see text in transliteration
51a
རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏཱ་མཱ་ཏ་ནཱི་ཏཱ་ར་བི་ཤཝ་ཀརྨ་བྷ་བ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
51b
བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་དང ། འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་དང ། ཀུ་རུ་ཀུལླེ་དང ། རི་ཁྲོད་མ་ལོ་མ་ཅན་ལ་སོགས་པ་དང ། ཚངས་པ་དང ། བརྒྱ་བྱིན་ལ་སོགས་པ་དཔག་ཏུ་མེད་པ་དག་གིས་ལྷ་རྫས་ཀྱི་མེ་ཏོག་པདྨ་དང ། ཀུ་མུ་ད་དང ། མནྡཱ་ར་བ་ལ་སོགས་པ་ལྷ་རྫས་ཀྱི་མེ་ཏོག་དཔག་ཏུ་མེད་པ་དག་དང ། དུང་དང ། པི་ཝང་དང ། རྔ་དང ། རྫ་རྔ་དང ། དགུ་པོ་རྒྱུད་མང་ལ་སོགས་པ་ལྷའི་རོལ་མོ་དཔག་ཏུ་མེད་པ་དང ། ལྷའི་གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པ་དཔག་ཏུ་མེད་པ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་ཏེ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པའི་སྤྲིན་གྱིས་མཆོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བཞག་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས། བདུད་ཀྱི་དཀྱིལ་འཁོར་ཡང་ཕམ་པར་བྱས་ཏེ་འོད་ཀྱི་སྣང་བ་ཆེན་པོ་ཡང་བཀྱེའོ། །དེ་ཡང་འདི་ལྟ་སྟེ། དཀར་པོ་དང ། དམར་པོ་དང ། སེར་པོ་དང ། ལྗང་གུ་དང ། མཐིང་ག་དང ། འདྲེས་པ་སྟེ། འོད་སྣ་ཚོགས་བཀྱེ་
52a
༄#། །སྟེ་སྡུག་བསྔལ་དང་བཅས་པ་རྣམས་སྦྱངས་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ཀུ་རུ་ཀུལླེའི་གཙུག་ཏུ་ནུབ་པར་གྱུར་ཏོ།། གཙུག་ཏུ་ནུབ་མ་ཐག་ཏུ་མཆོད་པའི་སྤྲིན་གྱི་ཆར་པ་ཡང་བབ་པར་གྱུར་ཏོ། །དེ་ནས་ལྷ་མོ་དེ་དཔེར་ན་སྤྲིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་ཏོ། དེའི་ཚེ་བསྟོད་པའི་ཚིགས་སུ་བཅད་པ་འདིས་བསྟོད་པ། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོའི་ཆར་དུ་ཕབ།། དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་གསོལ་པ།་བཅོམ་ལྡན་འདས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཟབ་པའི་ཕྱིར་ཅིའི་ཕྱིར་བསྐྱེད། གང་གིས་ན་ཡུམ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ། བདེན་མོད་ཀྱི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང ། བྲལ་བ་
52b
མེད་པ། འགྲིབ་པ་མེད་པ། འཕེལ་བ་མེད་པ། རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི། དེའོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། བཅོམ་ལྡན་འདས། དུས་གསུམ་གྱི་སངས་རྒྱས་ནི། མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། འགྲིབ་པ་མེད་པ། འཕེལ་བ་མེད་པ། རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ཇི་ལྟར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ།་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། དོན་དམ་པའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་སོ། །ཡང་དག་པའི་མཐའི་ཚིག་བླ་དྭགས་སོ། ། སྙིང་རྗེ་ཆེན་པོའོ། །ཀུན་རྫོབ་ངོ་བོ་འཁོར་བའི་ཚིག་བླ་དྭགས་སོ། །དེ་ལས་འདས་པ་ནི། དུས་གསུམ་གྱི་སངས་རྒྱས་སྐྱེད་པའི་ཡུམ་མོ། །དེ་ཕྱིར་འཁོར་བ་དང ། མྱ་ངན་ལས་འདས་པའོ། །འཇམ་དཔལ། དེ་ལྟར་ན། ཡུམ་དུ་ཡིད་ལ་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ། དེ་བས་ན། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་པས་འདི་བསྒོམ་པར་བྱའོ། །གཟུངས་སྔགས་འདི་བརྗོད་པར་བྱའོ། །ནན་ཏན་དུ་བསྒྲུབ་པར་བྱའོ། །འདིའི་ཡོན་ཏན་ཤེས་པར་བྱའོ། །འདི་མཆོད་པར་
53a
༄#། །བྱའོ། །ལུང་ནོད་པར་བྱའོ། །ཐེ་ཚོམ་མེད་པར་བྱའོ། །ལས་ལ་ནན་ཏན་དུ་བྱའོ། །འདིའི་བསྔགས་པ་ཡིད་ལ་བྱའོ། །སོ་སོའི་སྒོ་ནས་བསྒྲུབ་པར་བྱའོ། །དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྟན་ཏོ། །དེས་ནི། གླེང་གཞིའི་ལེའུ་བསྟན་པ་སྟེ་ལེའུ་དང་པོའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། འདི་ཇི་ལྟར་བསྒོམ་པར་བྱ། འདི་ལ་ཇི་ལྟར་ནན་ཏན་དུ་བགྱི་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ། འདི་ལྟར་ཡིད་ལ་བྱའོ། །འཇམ་དཔལ། ཆོས་ཐམས་ཅད་ནི། མ་སྐྱེས་པའོ། །ཆོས་ཐམས་ཅད་ནི།་མ་འགག་པའོ། །ཆོས་ཐམས་ཅད་ནི། དྲི་མ་དང་བྲལ་བའོ། །ཆོས་ཐམས་ཅད་ནི། མྱ་ངན་ལས་འདས་ཤིང་རང་བཞིན་གྱིས་རྣམ་པར་དག་པར་བསྒོམ་པར་བྱའོ། །འཇམ་དཔལ། དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །ོཾ་སཝ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སཝ་བྷཱ་ཝ་བི་ཤུདྡྷོ་ཉ་ཧཾ་ཞེས་བརྗོད་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མངལ་ནས་སྐྱེས་པ་དང ། སྒོ་ང་ལས་སྐྱེས་པ་དང ། དྲོད་གཤེར་ལས་སྐྱེས་པ་དང ། རྫུས་ཏེ་སྐྱེ་བ་དག་ལ་བལྟས་ཏེ་བྱམས་
53b
པ་བསྒོམ་པར་བྱའོ། །སྐྱེས་པ་དང ། རྒ་བ་དང ། ན་བ་དང ། འཆི་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། རང་བཞིན་གྱིས་འདུས་མ་བྱས་པ་ལ་དགའ་བ་དང ། བཏང་སྙོམས་བསྒོམ་པར་བྱའོ། །འཇམ་དཔལ། དེ་ལྟ་བས་ན། རྒྱུ་ནི། ཚད་མེད་པ་བཞིའོ། །དེས་བསྐྱེད་པ་ནི། བྱང་ཆུབ་ཀྱི་སེམས་སོ། །དེའི་ཕྱིར་དེ་ལ་ནན་དུ་ཡིད་ལ་བྱའོ། །འཇམ་དཔལ། དེའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །ོཾ་བོ་དྷི་ཙིཏྟ་ཨུ་ཏ་པཱ་ད་ཡ་ཨ་ཧཾ་ཞེས་བརྗོད་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མཆོད་པ་འདི་རྣམས་ཀྱིས་མཆོད་པར་བྱའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི། །ཕྱེ་མ་ཕུར་མ་བདུག་པའི་བྱེ་བྲག་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བྱའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དེ་བཞིན་གཤེགས་པའི་ཡུམ་མཆོག་སངས་རྒྱས་སྤྱན། །མེ་ཏོག་སིལ་མ་ཕྲེང་བའི་བྱེ་བྲག་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དེ་བཞིན་གཤེགས་པའི་ཡུམ་མཆོག་རིན་པོ་ཆེ། །རིན་ཆེན་
54a
༄#། །མར་མེ་ཕྲེང་བའི་བྱེ་བྲག་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དེ་བཞིན་གཤེགས་པའི་ཡུམ་མཆོག་ན་བཟའ་དཀར། །དྲི་ཞིམ་ཆུ་གཙང་སྤོས་ངད་ལྡན་པའི་ཆུ། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །རྒྱལ་བ་སྐྱེད་པའི་ཡུམ་མཆོག་འཕྲིན་ལས་ལྡན། །བཟའ་དང་བཅའ་བ་ལ་སོགས་ཞལ་ཟས་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །སྡུག་བསྔལ་ཐམས་ཅད་ཞི་བར་མཛད་པ་ཡི། །གླུ་དང་རོལ་མོ་སིལ་སྙན་བཅས་པའི་སྒྲ། ། གདུགས་དང་རྒྱལ་མཚན་བ་དན་འཕན་གདུགས་བཅས། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་གྱུར་ཅིག་།དཔག་བསམ་གྱི་ནི་ཤིང་དག་དང ། ། ལྗོན་པའི་ཤིང་དང་ཤིང་དག་གི་།དྲི་ཞིམ་ལོ་འདབ་བཅས་པའི་ཤིང ། །ཕྱོགས་བཅུ་ཀུན་ནས་གཏིབས་གྱུར་ཅིག་།སྤོས་ཀྱི་ངད་དང་ལྡན་པའི་ཆར། །འབྲུ་དང་མེ་ཏོག་ལ་སོགས་པའི། །ཡིད་དུ་འོང་བའི་དྲི་ཞིམ་ཆར། །ངེས་པར་ཀུན་ཏུ་འབབ་པར་ཤོག་།འབབ་ཆུ་ལྟེང་ཀ་ལུ་མ་དང ། །མཚོ་དང་རྫིང་བུ་དག་དང་ནི། །རོ་བརྒྱ་
54b
དག་དང་ལྡན་པའི་མཚོ། །ངང་པ་ལ་སོགས་བཅས་པ་ཡི། །རིན་ཆེན་ཁང་པ་ཡིད་འོང་བའི། །དྲ་བ་དྲ་བ་ཕྱེད་པ་དང ། །ཤར་དུབ་འོད་བཅས་ཉི་ཟླ་དག་དང་ནི། །ཁང་པ་ཤིན་ཏུ་ཡིད་དུ་འོང་བ་རྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བྱའོ། །འཇམ་དཔལ། དེའི་ཕྱིར་མཆོད་པའི་སྔགས་འདི་བརྗོད་པར་བྱའོ། །ོཾ་སརྦ་ཐཱ་ག་ཏ་དྷུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱ་པཱུ་ཛ་ཡེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །མཆོད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གསུངས་པ། འཇམ་དཔལ། ཡུམ་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །འཇམ་དཔལ། དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་འདི་འཇམ་དཔལ། ཁྱོད་ཀྱིས་ཡིད་ལ་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་གཟུངས་སྔགས་གསུངས་པ། ན་མཿ ་སརྦ་
55a
༄#། །ཏ་ཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ན་མཿ ་སཱུ་ཀ་སཾ་ན་མཿ ་ཏཱ་ར་ཡེ་ཏཱ་ར་མི་མི་ཏཱ། ན་མསྟཱ་རེ་ཏུ་རེ་བཱི་རེ་ཀྵ་ཎཻ་ར་དྱུ་ཏི་ནི་བྷཀྵ་ཎེ། ཏྲེ་ལོ་ཀྱ་ནཱ་ཐཱ་ན་བཀྟྲ། ཨབ་ཛ་བི་ཀ་སཏ་ཀེ་ཤ་རོ་ཏྦྷ་བེ། ནཱ་མཱཿ ་ཤ་ཏ་ས་རཙྩནྡྲ། སཾ་པུརྞ་པ་ཊ་ལཱ་ན་ནེ། ཏ་རཱ་ས་ཧ་སྲ་ནི་ཀ་ར། པྲ་ཧ་སཏ་ཀི་ར་ཎི་ཛྭེ་ལེ། ན་མཿ ་ཀ་ན་ཀི་ནཱི་ལ་ཨ་བ་ཛ། པཱ་ཎི་ང་པདྨ་བི་བྷུ་ཥི་ཏེ། དཱ་ན་བཱིརྱ་ཏ་པཿ ་ཤཱནྟི། ཏི་ཏིཀྵ་དྷྱ་ན་གོ་ཙ་རེ། ན་མསྟ་ཐཱ་ག་ཏོཥྞཱི་ཥ་བི་ཛ་ཡཱ་ནནྟ་ཙཱ་རི་ཎཱི། ཨ་ཤེ་ཥ་པཱ་ར་མི་ཏ་པྲཔྟ། ཛི་ན་པུ་ཏྲ་ནི་སེ་བི་ཏི། ན་མ་སྟུ་ཏྟཱ་ར་ཧཱུཾ་ཀཱ་ར། པཱུ་རི་ཏཱ་ཤཱ་དི་གན་ཏཱ་རེ། སཔྟ་ལོ་ཀ་ཀྲ་མཱ་ཀྲནྟི། ཨ་ཤེ་ཥཱ་ཎ་ཀྵ་མ། ན་མཿ ་ཤ་ཀྲ་ཨན་ལ་བྲཧྨ། མ་རུང་བི་ཤཝེ་ཤཝ་རཾ་ཨ་རཱ་ཙྪ་ཏེ། བྷུ་ཏ་བེ་ཏཱ་ལ་གནྡྷ་རྦ། ག་ཎ་ཡཀྵ་པཱུ་ར་སྐྲི་ཏེ། ན་མསྟྲ་ཌི་ཏི་ཕཊ་ཀཱ་ར། པ་ར་ཡནྟྲ་པྲ་མརད་ནི། པྲ་དྱ་ལཱི་ཌྷ་པ་ད་ནྱ་སེ། ཤི་ཁི་ཛྭཱ་ལ་ཀུ་ལ་ཀྵ་ཎེ། ན་མསྟུ་རེ་མ་ཧཱ་གྷོ་རེ། མཱ་ར་བཱི་ར་བི་ནཱ་ཤ་ནི།་བྷརྀ་ཀུ་ཊཱི་ཀྲི་ཏ་བཀྟྲ་ཨེབ་ཛ། སརྦ་ཤ་ཏྲུ་ནི་སཱུ་ད་ནི། ན་མཿ ་ཏྲི་རཏྣ་མུ་དྲཱཾ་ཀ་།ཧྲྀ་དྱཾ་གུ་ལི་བི་བྷུ་ཥི་ཏེ། བྷུ་ཥི་ཏཱ་ཤེ་ཥཱ་ཌི་ཀ་ཙ་ཀྲ་།ནི་ཀ་ར་སཝ་ཀ་རཱ་ཀུ་ལེ། ན་མཿ ་པྲ་མུ་དི་ཏཱ་ཊོ་པ་མུ་ཀུ་ཊཱ་ཀྵི་བཏ་མཱ་ལི་ནི། ཧ་སཏྤྲ་ཧ་སཏྟུ་ཏྟཱ་རེ། མ་ར་ལོ་ཀ་པ་ཤངྐ་རི། ན་མཿ ་ས་མ་ཏ་བྷུ་པཱ་ལ། པ་ཊ་ལཱ་ཀཪྵ་ཎ་ཀྵ་མེ། ཙ་ལད་བྷརྀ་ཀུ་ཊི་ཧཱུཾ་ཀཱ་ར། སརྦ་
55b
པ་ད་བི་མོ་ཙ་ནི། ན་མཿ ་ཤི་ཁཎྜ། ཁཎྜེཎྜུ། མུ་ཀུ་ཊཱ་བྷ་ར་ཎོཛྫྭ་ལེ། ཨ་མི་ཏཱ་བྷ་ཛ་ཊཱ་བྷཱ་ར། བྷ་སུ་རེ་ཀི་ར་ཎོ་ཌྷྲུ་པེ། ན་མཿ ་ཀལྦཱནྟ་ཧུ་ཏ་བྷུ་ག་།ཛྭཱ་ལཱ་མཱ་ལཱནྟ་ར་སྠི་ཏེ། ཨཱ་ལཱི་ཌྷ་མུ་དི་ཏཱ་བཾནྡྷ། རི་པུ་ཙ་ཀྲ་བི་ནཱ་ས་ནི། ན་མཿ ་ཀ་ར་ཏ་ལཱ་གྷཱ་ཏ། ཙ་ར་ཎ་ཧ་ཏ་བྷུ་ཏེ་ལེ། བྷརྀ་ཀུ་ཏཱི་ཀྲྀ་ཏ་ཧཱུཾ་ཀ་ར། སཔྟ་པཱ་ཏཱ་ལ་བྷེ་དི་ནི། ན་མཿ ་ཤི་བེ་ཤུ་བྷེ་ཤཱནྟེ། ཤཱནྟ་ནིརྦཱ་ཎ་གོ་ཙ་རེ་སཝཱཧཱ། ཨོཾ་པྲ་ཎ་བ་སི་ཡུཀྟེ། མ་ཧཱ་པཱ་པ་ཀ་ནཱ་ས་ནི། ན་མཿ ་པྲ་མུ་དིཏཱ་བནྡྷ། རི་བུ་གཱ་ཏྲ་པྲ་བྷེ་དི་ནི། ད་ཤཱཀྵ་ར་པ་ད་ནྱ་སེ། བིདྱ་ཧཱུཾ་ཀཱ་ར་དཱི་པི་ཏེ། ན་མསྟུ་རེ་པཱ་དཱ་གྷཱ་ཏ། ཧཱུཾ་ཀ་ར་ཀཱ་ར་བཱི་ཛི་ཏེ། མཻ་རུ་མནད་ར་ཀཱཻ་ལ་ས། བྷུ་བ་ན་ཏྲ་ཡ་ཙཱ་ལི་ནི། ན་མཿ ་སུ་ར་ས་རཱ་ཀཱ་ར། ཧ་ར་ཎཱི་ཀ་ཀ་ར་སྠི་ཏེ། ཧཱ་རཱ་དཱི་རུ་ཀ་ཏ་སྥུ་ཊ་ཀཱ་ར། ཨ་ཤེ་ཥ་བི་ཥ་ནཱ་ས་ནི།་ན་མཿ ་སུ་ར་ག་ཎཱ་དྷྱཀྵ། སུ་ར་ཀནྣི་ར་སེ་བི་ཏེ། ཨཱ་བིནྡྷ་མུ་དི་ཏཱ་བྷོ་ག་ཀ་ལི། དུཿ ་སཝཔྣ་ནཱ་ས་ནི། ན་མཿ ་ཙནྡྲ་ཨརྐ་སཾ་པུརྞ། ན་ཡ་ན་དྱུ་ཏི་བྷཱ་སུ་རེ། ཧ་ར་ད་དྭེ་རུ་ཀ་ཏ་ཏུཏྟཱུ་རེ། བི་ཥ་མ་ཛྲ་ར་ནཱ་ས་ནཾ། ན་མསྟྲི་ཏ་ཏྭ་བི་ནྱཱ་ས། ཤི་བ་ཤཀྚི་ས་མ་ནྭི་ཏེ། གྲ་ཧ་བེ་ཏཱ་ལ་ཡ་ཀྵོ་གྷ་ན། ནཱ་ཤ་ནི་པྲ་བ་རེ་ཏུ་རེ། མནྟྲ་མུ་ལ་མི་སྟོ་ཏྲཾ། ན་མ་སྐཱ་རེ་ཀཱ་བཾ་ཤ་ཀཾ།་ཡཿ ་བ་ཐིཏྤྲ་ཡཏྣ་དྷཱི་མཾ། དེ་བྱཱ་བྷཀྟི་ས་མན་བ་ཏ། ཤ་ཡམྦྷཱ་པྲཱ་ཏ་རུ་ཏ་ཐཱ་ཡཱ་ཡཿ ། སྨ་རེ་ཏ་སརྦཱ་བྷ་ཡ་པྲ་དཾ། སརྦ་པཱ་བ་པྲ་ཤ་མ་ནཾ། སརྦ་དུརྒ་ཏི་ནཱ་ཤ་ནཾ། ཨ་བྷི་ཥི་ཀ་
56a
༄#། །ཏོ་བྷ་བེཏྟུརྞྞཾ། སཔྟ་བྷི་ཛི་ན་ཀོ་ཊི་བྷིཿ ། ཨ་སྨིན་མ་ཧཱ་ཏྲ་མཱ་སཱ་དྱ། སོ་ཊནྟེ་བཽདྡྷ་པ་དཾ་པྲ་ཛེ་ཏ། བི་ཥནྟ་སྱ་མ་ཧཱ་གྷཽ་རཾ། སྠ་བ་རཾ་བཱ་ཐ་ཛ་ག་མཾ། སྨྲ་ཎཏཏྤྲ་ལ་ཡཾ་ཡཱ་ཏི། ཁཱ་ཧི་ཏཾ་པོ་ཏཱ་མེ་བ་བཱ། གྲ་ཧ་ཛྭཱ་ར་བི་ཥཱ་རཏྣཾ། པ་ར་མ་རཏྟི་བི་ནཱ་ཤ་ནཾ། ཨ་ནྱེ་ཥའཾ་ཙེ་བ་སཏྭཱ་ནཱཾ། དྭི་སྟྲ་སྤྟ་བྷི་བ་རཏྟི་ནཾ། པུ་ཏྲ་ཀཱ་མོ་ལ་བྷྲེ་ཏ་བུ་ཏྲཾ། དྷ་ན་ཀཱ་མོ་ལ་བྷེ་ཏ་དྷ་ནཾ། སརྦ་ཀཱ་མཱ་ན་བཱ་པ་ནོ་ཏི། ན་བི་གྷནི། པྲ་ཏི་ཧ་མ་ཏེ། ཏཱ་ར་བྷ་ག་པ་ཏེ་ཡཾ་སུ་ཏྲཾ། སམྱཀསཾ་བུདྡྷ་བྷ་ཤི་ཏཾ་སརྦ་ཀ་ར། ས་མ་ཡཱ་ཨུ་ལ་ཀ་ར་ཡེ། བུདྡྷ་ནི་ཙ། དྷརྨ་ཎི་ཙ། སཾ་གྷ་ནི་ཙ་ཏཱ་ར་ཡེ་སཝཱཧཱ། འཇམ་དཔལ། གཟུངས་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་སྒྲོལ་མ་ལ་མ་རུངས་པ་འཇོམས་པའི་སྒོ་ནས་བསྟོད་པ་སྟེ། ཕན་ཡོན་ནི། བསམ་གྱིས་མི་ཁྱབ་པའོ། །འཇམ་དཔལ། དེའི་ཕྱིར་བརྗོད་པར་བྱའོ། ། གཟུངས་འདི་བརྗོད་པའི་གང་ཟག་ནི། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོ་ལ་སོགས་པའི་གནས་སུ་ནམ་ཡང་སྐྱེ་བར་མི་འགྱུར། ཡུལ་མཐའ་འཁོབ་དང ། ཀླ་ཀློ་དང ། དབང་པོ་མ་ཚང་བ་ལ་སོགས་པར་ནམ་ཡང་སྐྱེ་བར་མི་འགྱུར་རོ། །རིམས་དང ། འབྲུམ་བུ་དང ། ནད་འགོ་བ་ལ་སོགས་པའི་ནད་ཀྱི་
56b
འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་ནད་ཀྱི་འཇིགས་པ་མི་འབྱུང་ངོ ། །འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་གྲོལ་བར་འགྱུར་རོ། །འཇམ་དཔལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་འདི་འཛིན་པའི་གང་ཟག་དེ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །འདི་འཛིན་པའི་གང་ཟག་དེ་ནི། མཚམས་མེད་པ་ལ་སོགས་པའི་སྡིག་པ་མ་ལུས་པ་བྱང་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་མི་འབྱུང་ཞིང་ནམ་འཆི་བའི་ཚེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་སྒྲོལ་མ་མཐོང་བར་འགྱུར་རོ། །འདི་འཛིན་པའི་གང་ཟག་དེ་ནི། ཡིད་ལ་ཅི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཟུགས་ཕུན་སུམ་ཚོགས་པ་དང ། ཁ་དོག་ཕུན་སུམ་ཚོགས་པ་ལ་སོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ། ། རྨི་ལམ་ངན་པ་དང ། སྡང་བ་དང ། མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ། །དུས་གསུམ་གྱི་བདེན་པ་ཡང་མཐོང་བར་འགྱུར་རོ། །ཡུམ་སྒྲོལ་མའི་སྐུ་དངོས་སུ་མཐོང་བར་འགྱུར། ན་མཿ ་སརྦ་ཏ་ཐཱ་ག་ཏ་སམྱ་ཀྶཾ་བུདྡྷ་ཡ་ཏྲེ་ཡ་ཏེ་ཏྲཱ་ར་ཏེ་ཏུ་ཏཱ་ར་ཞེས་བརྗོད་པར་བྱའོ། །བསྟོད་པའི་ལེའུ་སྟེ་གསུམ་པའོ།། །།
57a
༄#། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ལ་གསོལ་པ། གཟུངས་སྔགས་འདི་གང་ལ་བརྟེན་ནས་ཡིད་ལ་ནན་ཏན་དུ་བྱ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུག་བསྔལ་ལས་གྲོལ་བར་འདོད་ཅིང་ཟབ་མོའི་དོན་ལ་མོས་པས་ནན་ཏན་དུ་བྱའོ། །དེ་ནས་ཏཾ་ལས་བྱུང་བའི་འོད་ཟེར་ལས་སྟེང་འོག་ཐམས་ཅད་དུ་རྡོ་རྗེར་གྱུར་ཏེ། འཇམ་དཔལ། སྔགས་འདི་བརྗོད་པར་བྱའོ། །ོཾ་བཛྲ་ཛྭ་ལ་བཛྲ་ཏ་ན་ཧཱུཾ་ཕཊ་ཅེས་བརྗོད་པར་བྱའོ། །དེ་ནས་ཏཾ་ལས་བྱུང་བའི་ཡི་གེ་ཨ་དཀར་པོ་བསྒོམ་པར་བྱའོ། །དེའི་སྟེང་ན་པཾ་སྔོན་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་ལཾ་སེར་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡཾ་ལྗང་གུ་བསྒོམ་པར་བྱའོ། །དེའི་སྟེང་དུ་རཾ་དམར་པོ་བསྒོམ་པར་བྱའོ། །དེ་རྣམས་ཀྱིས་འོད་ཟེར་འཕྲོ་བ་དང་བསྡུ་བ་བྱས་ཏེ། ཨོཾ་དྷརྨ་དྷཱ་ཏུ་བི་ཤུདྡྷ་ཧཱུཾ། ཨོཾ་ཨཾ་དྷ་ཏུ་བི་ཤུདྡྷ་ཧཱུཾ། ཨོཾ་ས་མནྟ་བི་ཤུདྡྷ་ཧཱུཾ་ཨོཾ་པ་ཀཥ་བི་ཤུདྡྷ་ཧཱུཾ། ཨོཾ་ཀཥ་ཏ་བུ་ཐཱ་ན་བི་ཤུདྡྷ་ཧཱུཾ། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏཱ་མཎྜ་ལ་ས་མནྟ་བི་ཤུདྡྷ་ཧཱུཾ། འཇམ་དཔལ། དེ་ལྟར་སྔགས་དེ་བརྗོད་པས་དཀྱིལ་འཁོར་གྱི་ཁང་པ་བསྐྱེད་པར་བྱ་སྟེ། པདྨ་འདབ་མ་བཞི་པ་ཁ་དོག་སྣ་ཚོགས་པ་ལ་རྡོ་རྗེ་ར་བས་བསྐོར་བ་གྲུ་
57b
ཚད་བཞི་དང་ལྡན་པ་གྲུ་བཞིར་འདུག་ཅིང ། སྒོ་བཞིར་ཀ་བ་བརྒྱད་དང་ལྡན་པ། དྲ་བ་དང་དྲ་བ་ཕྱེད་པ་དང ། རིན་པོ་ཆེའི་ཆུན་འཕྱང་དང ། ཏ་ར་ནི་ལ་སོགས་པས་མཛེས་པའོ། །དེ་ལྟར་དཀྱིལ་འཁོར་གྱི་ཁང་པ་དེ་འདྲ་བ་བསྐྱེད་དེ་དབུས་ཀྱི་ཟེ་འབྲུ་ལ་ནི། ཟླ་བ་དང ། པདྨའི་སྟེང་དུ་ཏཾ་ལྗང་གུ་ལས་བྱུང་བའི་ཨུཏྤ་ལ་ཏཾ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མའི་སྐུ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱིས་མཆོག་སྦྱིན། གཡོན་སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། རྣ་ཆ་དང ། དཔུང་རྒྱན་དང ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་མ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། །ཤར་དུ་ཟླ་བ་དང ། པདྨའི་སྟེང་དུ་ཏཾ་ལས་བསྐྱེད་པའི་ཨུཏྤ་ལ་མཐིང་ག་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་
58a
༄#། །སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་མཐིང་ག་ཕྱག་གཉིས་པ། གཡས་ཀྱིས་ཏྲི་ཤུ་ལ་འཛིན་པ། ཕྱག་གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དཔུང་རྒྱན་དང ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་འཛུམ་པ་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། །ལྷོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་བསྐྱེད་པའི་ཨུཏྤ་ལ་སེར་པོ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་སྐུ་མདོག་གསེར་བསྲེགས་པ་ལྟ་བུ་ཕྱག་གཉིས་པ། ཕྱག་གཡས་ན་རལ་གྲི་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དཔུང་རྒྱན་དང ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་
58b
ནུ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། །ནུབ་ཏུ་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་བྱུང་བའི་ཨུཏྤ་ལ་དམར་པོ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་དང་བཅས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་དམར་མོ་ཕྱག་གཉིས་པ། གཡས་ན་འཁོར་ལོ་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དབུང་རྒྱན་དང ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ། །བྱང་དུ་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལས་བྱུང་བའི་ཨུཏྤ་ལ་ལྗང་གུ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་དུ་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤ་ལ་ལས་
59a
༄#། །བྱུང་བའི་སྒྲོལ་མ་ལྗང་གུ་ཕྱག་གཉིས་པ། གཡས་ན་གདུགས་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དཔུང་རྒྱན་དང ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་བཅས་པས་གདན་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། །ཤར་གྱི་སྒོར་ཟླ་བ་དང་པདྨའི་སྟེང་ན་ཏཾ་ལས་བྱུང་བའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་ཀྱུ་མ་སྐྱུ་མདོག་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དཔུང་རྒྱན་དང ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ། །ལྷོའི་སྒོར་པདྨ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤལ་ལས་ས་བོན་དང་བཅས་
59b
པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག་སེར་པོ། ཕྱག་གཉིས་ཞགས་པ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དཔུང་རྒྱན་དང ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ། །ནུབ་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་བསྐྱེད་པའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ། །ཕྱག་གཉིས་ལྕགས་སྒྲོག་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དཔུང་རྒྱན་དང ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་
60a
༄#། །པའོ། །བྱང་གི་སྒོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་བྱུང་བའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་མཐོང་ངོ ། །དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་དྲིལ་བུ་མ་སྐུ་མདོག་ལྗང་གུ་མ། ཕྱག་གཉིས་ན་དྲིལ་བུ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང ། སྙན་ཆ་དང ། དཔུང་རྒྱན་དང ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ། ། འཇམ་དཔལ། དེ་ལྟར་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སྤྲུལ་པ་ལ་སོགས་པ་རྣམས་ནི། ཇི་ལྟ་བུ། བཅོམ་ལྡན་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འགྲོ་བ་དྲུག་པོ་རྣམས་ཀྱི་ཉོན་མོངས་པ་དང་བཅས་པའི་ཁམས་སོ། །དེ་ལྟ་བས་ན། སྤྲུལ་པ་ལྟ་བུ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ལྟ་བུར་རིག་པར་བྱའོ། །ལྷའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཇམ་དཔལ་གྱིས་ཞུས་པ།
60b
བཅོམ་ལྡན་འདས། ལྷ་དེས་ལྷས་ཇི་ལྟ་བུས་བྱིན་གྱིས་བརླབ་པར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། སྤྲུལ་པ་ལྟ་བུ་དང ། སྒྱུ་མ་ལྟ་བུ་དང ། འཇའ་ཚོན་ལྟ་བུ་དང ། སྨིག་རྒྱུ་ལྟ་བུ་དང ། ཆུ་ཟླ་ལྟ་བུ་དང ། གཟུགས་བརྙན་ལྟ་བུས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སྤྲུལ་པ་ཞེས་བྱ་བ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ་ཞེས་བྱ་བ་ནི། ཡང་དག་པ་མ་ཡིན་ཞིང་གཉིས་ཀ་འཁྲུལ་བའོ། །སྒྱུ་མ་ནི། གཞན་འཁྲུལ་པའོ། །འཇའ་ཚོན་ནི། སྟོང་པའོ། །སྨིག་རྒྱུ་ནི། ཡུལ་འཁྲུལ་ཅིང་སྟོང་པའོ། །ཆུ་ཟླ་ནི། རྒྱུ་འབྲས་སོ། །གཟུགས་བརྙན་ནི། དྲི་ཟའི་གྲོང་ཁྱེར་ཏེ། འཇམ་དཔལ། འཁྲུལ་པ་ནི། དེ་བཞིན་ཏེ། ཉོན་མོངས་པ་དང་བཅས་པའི་ཁམས་དེ་བཞིན་ནོ། །འཇམ་དཔལ། དེ་ལྟ་བས་ན། ལྷས་ལྷ་ལ་བྱིན་གྱིས་བརླབས་པ་ཡང་འདྲའོ། །འཇམ་དཔལ། སྤྲུལ་པ་དང ། སྒྱུ་མ་དང ། འཇའ་ཚོན་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། གཟུགས་བརྙན་ནི། ཐོགས་པ་མེད་ཅིང་ཐོགས་པ་དང་བྲལ་པའོ། །ཐ་དད་པ་མེད་ཅིང་ཐ་དད་པ་དང་བྲལ་བའོ། །འཇམ་དཔལ། དེའི་ཕྱིར་དེའི་རང་བཞིན་ནི། དེ་དང་འདྲ་བར་ཡིད་ལ་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་མཛད་པ་ནི། ལག་པ་ཐལ་མོ་སྦྱར་ཏེ་གུང་མོ་གཉིས་བརྐྱང་སྟེ་རྩེ་སྦྱར་ནས་མཛུབ་མོ་
61a
༄#། །གཉིས་དང ། སྲིན་ལག་གཉིས་གུང་མོ་ལ་རེག་སྟེ་ཟུར་བཅག་ནས་མཐེའུ་ཆུང་དང ། མཐེ་བོ་རྩེ་སྤྲད་ནས་ནང་སྦྱར་བ་ནི་རྡོ་རྗེའི་ཕྱག་རྒྱའོ། །དེའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་ཏཾ་ཨ་ཧཾ་བཛྲ་སྟ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་ཏ་ན་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བར་མཛད་པ་ནི།་ལག་པ་ཐལ་མོ་སྦྱར་ཏེ་མཐེའུ་ཆུང་དང་སྲིན་ལག་གཉིས་ཕྱིར་བཀན་ཏེ་གུང་མོ་རྩེ་སྤྲད་ནས་མཐེ་བོས་མཛུབ་མོ་གཉིས་མནན་པ་ནི། རིན་པོ་ཆེའི་ཕྱག་རྒྱ་སྟེ། མགོ་བོའི་སྟེང་དུ་བཞག་ནས་སྔགས་བརྗོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིནྟ་མ་ཎི་ཛྭ་ལ་ནི་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཤུདྡྷ་པ་རི་ཤུདྡྷཱ་ཡ་སཝཱ་ཧཱ་ཞེས་བྱ་བའི་སྔགས་འདིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི།་ལག་པ་གཉིས་ཐལ་མོ་སྦྱར་ཏེ་སོར་མོ་རྣམས་ཕན་ཚུན་དུ་སོ་སོར་བསྣོལ། གུང་མོ་བསྒྲེང་སྟེ་མཐེ་བོང་དང ། མཐེ་ཆུང་ཡང་གཤིབས་ཏེ་བསྒྲེང་བ་ནི། དམ་ཚིག་གི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་པར་བྱའོ། །དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་
61b
དཔའ་འཇམ་དཔལ་གཞོན་ནུས་སྨྲས་པ། ཟླ་བ་ཉི་མའི་སྐུ་འདྲ་བའི། །ལྗང་གུའི་མདོག་ཅན་འགྱིང་བག་ཅན། །པདྨ་ཟླ་བའི་སྟེང་ན་བཞུགས། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །སེམས་ཅན་ཀུན་གྱི་སྐྱབས་གྱུར་བའི། །ུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །ཅེས་ཡུམ་ལ་བསྟོད་ནས་གསོལ་པ། བཅོམ་ལྡན་འདས། གསང་སྔགས་ནི། གང་གིས་འགྲུབ་ཅེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི་གཟུངས་ནི། འདིའོ། །ོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྟྲཻ་དྷྭ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མསྟཱ་རཱ་ཡེ། ན་མསྟཱ་རེ་ཏུ་རེ་བཱི་ར་ཀཥཱ་ཎེ་དྷུ་ཏི་ནི་བྷེཀྵ་ཎེ། ཏྲཻ་ལོ་ཀྱ་ན་ཐཱ་བཀྟྲཱ་བ་ཛ་བི་ཀ་སཏ་ཀེ་ས་རོད་བྷ་བེ། ན་མཿ ་ཤ་ཏ་ཤ་ར་ཙནྡྲ་སཾ་པུརྞ་པ་ཊ་ལཱ་ན་ནེ། ཏཱ་ར་ས་ཧ་སྲ་ནི་ཀ་ར་པྲ་ཧ་ས་ཏ་ཀི་ར་ཎོ་ཛྭ་ལི། ན་མཿ ་ཀ་ན་ཀཱ་ནི་ལཱ་བ་ཛ་པཱ་ཎི་པདྨ་བི་བྷུ་ཥི་ཏེ། དཱ་ན་བིདྱཱ་ཏ་པ་ཤནྟི་ཏི་ཏིཀྵ་དྷྱ་ན་གོ་ཙ་རེ། ན་མཿ ་སརྦ་ཏ་ཐཱ་ག་ཏོཥྞི་ཥ་བི་ཛ་ཡཱ་ནནྟ་ཙཱ་རི་ཎི། ཨ་ཤེ་ཥ་པཱ་ར་མི་ཏཱ་པྲཔྟ་ཛི་ན་པུ་ཏྲ་ནི་ཏྲེ་ཏ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། ཞེས་བཟླ་བར་བྱའོ། །གཟུངས་སྔགས་ནི། འདིའོ། །སྙིང་པོ་ནི། འདིའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། ཞེས་བཟླ་བར་བྱའོ། །ོཾ་ཏུཏྟཱ་རེ་ཏུ་ཏཱ་རེ་ཏུ་རེ་སཝཱ་ཧཱ། པདྨའི་རིགས་ཀྱི་སྙིང་པོའོ། །ོཾ་ཏཱ་རེ་ཏུ་རེ་ཏུ་རེ་སཝཱ་ཧཱ། རིན་པོ་ཆེའི་རིགས་ཀྱི་སྙིང་པོའོ། །ོཾ་ཏུ་རེ་ཏུཏྟཱ་རེ་སཝཱ་ཧཱ། ལས་ཀྱི་རིགས་ཀྱི་སྙིང་
62a
༄#། །པའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏ་རེ་སཝཱ་ཧཱ། རྡོ་རྗེ་རིགས་ཀྱི་སྙིང་པོའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། ལས་སྣ་ཚོགས་པའི་སྙིང་པོའོ། །ོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཧཱུཾ་ཀཱ་ར་པུ་རི་ཏ་ཤ་དི་གནྟ་རེ་སཔྟ་ལོ་ཀ་ཀྲ་མ་ཀྲཱནྟི། ་བྷི་ཥ་ཀ་ར་ཤ་ན་ཀྵ་མི་ཧྲཱིཿ ། དབང་དུ་བསྡུ་བའི་སྔགས་སོ། །ོཾ་ཏཱ་རེ་ཏཱ་རེ་ཏུཏྟཱུ་རེ་ཧཱུཾ་སཝཱ་ཧཱ། ཀཱ་རཱ་པུ་རི་ཏ་ཤ་དི་གནྟ་རེ་སཔྟ་ལོ་ཀ་ཀྲ་མ་ཀྲཱཾ་ཏི་ཨ་ཤེ་ཥ་པུཥྚིཾ་ཀུ་རུ་ཀ་ར་ཥ་ནཀྵ་མི་ཧོ། །རྒྱས་པའི་སྔགས་སོ། །ོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་ཧཱུཾ་ཀ་ར་པུ་ཏི་ཏ་ཤ་དི་གནྟ་རེ་སཔྟ་ལོ་ཀ་ཀྲ་མ་ཀྲཱནྟི་ཨུཥྞི་ཥ་ཨ་ཀཪྵ་ཡ་ཀ་རཱ་ཤཱ་ན་ཀྵ་མི་ཕཊ། དེ་ནི། ལས་ཀྱི་སྔགས་སོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཀཱ་ར་པུ་རི་ཏ་ཤ་དི་ག་ཏྣ་རེ་སཔྟ་ལོ་ཀ་ཀྲ་མ་ཀྲཱནྟི་ཨ་ཥེ་ཥ་ཤཱནྟི་ཀུ་རུ་ཀ་ར་ཤ་ན་ཀྵ་མི་སཝཱ་ཧཱ། ཀླུ་ཞི་བའི་སྔགས་སོ། །ོཾ་ཏཱ་རེ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཝཱ་ཧཱ། ཤ་ཀྲ་ནཱི་ལ་བྲཧྨ་རུ་དྲི་ཤྩེ་ར་ཙེ་ཏི་བྷུ་ཏཱ་བེ་ཏཱ་ལ་ག་དྷརྦ་ག་ཎ་ཡཀྵ་བཱི་ར་ས་ཀྲྀ་ཏེ་ཕཊ་ཀཱ་ར་པ་ར་ཡནྟྲ་པྲ་མརད་ནི་པྲ་ཏེ་ལི་ཌྷ་པ་ད་ནྱཱ་ས་ཤི་ཁི་ཛྭ་ལ་ཀུ་ལི་ཛ་ལི་རི་མ་ཧཱ་གྷོ་རི་མཱ་རཱ་བཱི་ར་བ་ནཱི་ཤ་ནི། བྷྲི་ཀུ་ཊི་ཀྲྀ་ཏ་བཀྲ་པ་ཛ་སརྦ་ཤ་ཏྲུ་ནི་སཱུ་ད་ནི་རཏྣ་མུ་ཏྲཱཾ་ཀ་ཧྲི་དྱཱཾ་གུ་ལི་བི་བྷུ་ཥི་ཏེ་བྷུ་ཥི་ཏ་ཤེ་ཥ་དིག་ཙ་ཀྲ་ཀ་ར་སཝ་ཀ་རཱ་ཀུ་ལེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ལས་སྣ་ཚོགས་པའི་སྔགས་སོ། །ོཾ་ཨིནྡྲཱ་ཡ། ཡ་མཱ་ཡ། ཝ་རུ་ཎཱ་ཡ། ཡཀྵ་ཡ། ཨགྣ་ཡེ། བཱ་ཡ་བེ། ནཻ་རི་ཏ་ཡེ་རཀྵ་སེ། ཨོཾ་ཨིནྡྲ་པཱ་
62b
ལཱ་ཡ། སཱུརྱ་ཙནྡྲ་ཡ། ཨུ་ཏི་ཨ་ཡ་བྷུ་མི་ཡེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ། ཨཱརྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿ ་ཧཱུཾ་ཕཊ་སཝཱཧཱ། ཞེས་བྱ་བ་ནི། ལས་ཐམས་ཅད་གྲུབ་པའི་སྔགས་སོ། །སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །།འཇམ་དཔལ། ལས་ནི། འདིའོ། །སྤོས་ཀྱི་ཁང་པ་ཡིད་དུ་འོང་བར་དྲི་ཞིམ་པའི་ཆག་ཆག་བཏབ་སྟེ་མཎྜལ་དཀར་པོ་ཙནྡན་དཀར་པོའི་ཆུས་བྱུགས་ལ་མེ་ཏོག་སིལ་མ་གཏོར་ཏེ། བུམ་པ་དཀར་པོ་རིན་པོ་ཆེ་ལས་བྱས་པའི་ནང་དུ་རིན་པོ་ཆེ་ལྔ་ནི། གསེར་དང ། མུ་ཏིག་དང ། མན་ཤེལ་དང ། བྱི་རུ་དང ། མུ་མེན་གཞུག་པར་བྱའོ། །སྤོས་ལྔ་ནི། ཙནྡན་དང ། ་ག་རུ་དང ། དུ་རུ་ཀ་དང ། ག་པུར་དང ། \?\་ཤེལ་ཙེ་གཞུག་པར་བྱའོ། །འབྲུ་ལྔ་ནི། ནས་དང ། གྲོ་དང ། སྲན་མ་དང ། འབྲས་དང ། ཏིལ་མར་གཞུག་པར་བྱའོ། །སྙིང་པོ་ལྔ་ནི། བུ་རམ་དང ། སྦྲང་རྩི་དང ། མར་དང ། ལན་ཚཝ་དང ། ཏིལ་གཞུག་པར་བྱའོ། །གཙང་མའི་རས་ཁ་ཚར་མ་ཉམས་པས་དཀྲིས་ཏེ་དབུས་སུ་གཞག་གོ་།གང་བའི་བུམ་པ་བཞི་གཞག་པར་བྱའོ། །པོག་ཕོར་བཞི་དང ། མེ་ཏོག་ལ་སོགས་པ་བཞི་ཡང་གཞག་པར་བྱའོ། །དེ་ལྟར་རྫོགས་པས་འདི་བསམ་གཏན་དུ་བྱའོ།། ཡི་གེ་ཏཾ་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་སྒོམ་པ་ནི། པདྨ་རྒྱས་པ་ལས་བྱུང་ཞིང་ཟླ་བ་རྒྱས་པ་ལ་བཞུགས་པ།
63a
༄#། །སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། གཞོན་ནུ་ལང་ཚོལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང ། དཔུང་རྒྱན་རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ། སྐྱིལ་ཀྲུང་ཕྱེད་པ་དང་བཅས་པ། ཞལ་གཅིག་ཕྱག་གཉིས་པ།་ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤ་ལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལས་འོད་ཟེར་འཕྲོ་ཞིང་པདྨ་དཀར་པོ་གེ་སར་དང་བཅས་པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་ཟེར་འཕྲོ་བ་ཅན་དུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསམས་ཏེ་བཟླ་བར་བྱའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱཧཱ། ཞེས་བཟླ་བར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ནི། གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་པས་གསོལ་བ་བཏབ་ན་གྲུབ་པར་འགྱུར་རོ། །འཇམ་དཔལ། དེའི་ཕན་ཡོན་ནི། མཚམས་མེད་པ་ལྔ་དང ། དེ་དང་ཉེ་བ་ལྔ་དང ། སྡང་བ་དང ། རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། ། འཇམ་དཔལ། དེའི་ཕན་ཡོན་ནི། ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུར་རོ། །མི་ཁོམ་པ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །འཇམ་དཔལ། དེའི་ཕན་ཡོན་ནི། ཚེ་
63b
རབས་དྲན་པ་དང ། དབང་པོ་གསལ་བ་དང ། ཡིད་གཞུངས་པར་འགྱུར་རོ། །བཟོའི་གནས་ཐམས་ཅད་ལ་མཁས་པར་འགྱུར་རོ། །སྟོབས་དང ། མདངས་དང ། གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ། འཇིག་རྟེན་སྐྱོང་བ་ཐམས་ཅད་སྲུང་བ་དང ། སྐྱོབ་པ་དང ། སྦེད་པ་དང ། ཕན་པ་བྱེད་དེ། གང་དུ་ཕྱིན་པ་ཐམས་ཅད་དུ་བཀྲ་ཤིས་པར་འགྱུར་རོ། །ཞི་བའི་ལས་ཀྱི་ལེའུ་སྟེ་བདུན་པའོ།། །།འཇམ་དཔལ། རྒྱས་པའི་ལས་འདིའོ། །སྤོས་ཀྱི་ཁང་པ་དྲི་ཞིམ་པ་དང་ལྡན་པའི་གནས་སུ་བ་སེར་སྐྱའི་རྣམ་ལྔས་སྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་བྱའོ། །མེ་ཏོག་གི་ཚོམ་བུ་ཡང་དགྲམ་པར་བྱའོ། །རྒྱས་པ་ལས་བྱུང་བའི་ཐང་ག་ཡང་དགྲམ་པར་བྱའོ། །རིན་པོ་ཆེ་རྣམ་པ་ལྔ་དང ། འབྲུ་དང ། སྨན་ལ་སོགས་པ་དག་ལ་རིལ་བུ་ཉི་ཤུ་རྩ་གཅིག་བྱས་ཏེ་རིན་པོ་ཆེའི་གའུར་བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ། །པོག་ཕོར་བཞི་ཡང་གཞག་པར་བྱའོ། །མེ་ཏོག་ལ་སོགས་པ་ཡང་གཞག་པར་བྱས་ནས་བསམ་གཏན་བསྒོམ་པར་བྱ་སྟེ། ཡི་གེ་ཏཾ་ལས་སྐྱེས་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་གཅིག་མ་རྣལ་འབྱོར་མའི་ལུགས་སུ་སྒོམ་པ་ནི། པདྨ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་དུ་རྒྱས་པའི་སྐུ་སྟོན་ཀའི་ཟླ་བ་ལྟར་གསལ་བའི་སྤྲིན་དང་བྲལ་བའི་
64a
༄#། །ཉི་མ་ལྟ་བུར་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་མདོག་སེར་པོ་དོ་ཤལ་དང ། དཔུང་རྒྱན་དང ། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ། སྐྱིལ་ཀྲུང་ཕྱེད་པ་དང་བཅས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་སྤྱན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུཏྤ་ལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལས་འོད་འཕྲོ་ཞིང་པདྨའི་གེ་སར་དང་བཅས་པའི་དཀྱིལ་ན་བདུད་རྩིའི་རྒྱུན་སྐུ་ལས་འོད་འཕྲོ་བ་ལྷའི་ཚོགས་དང ། ལྷ་མ་ཡིན་གྱི་ཚོགས་དང ། ནམ་མཁའ་ལྡིང་གི་ཚོགས་དང ། མིའམ་ཅིའི་ཚོགས་དང ། དྲི་ཟའི་ཚོགས་དང ། ལྟོ་འཕྱེ་ཆེན་པོའི་ཚོགས་དང ། སྲིན་པོའི་ཚོགས་ཀྱི་སྟོབས་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསྒོམས་ཏེ་བཟླས་པ་འདི་བྱའོ། །ོཾ་ཏཱ་རེ་ཏཱ་རེ་ཏུཏྟཱ་རེ་སཝཱཧཱ། ཞེས་བཟླ་བར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པས་ལན་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བརྗོད་ནས་གསོལ་བ་བཏབ་ན། འགྲུབ་པར་འགྱུར་རོ། །འཇམ་དཔལ། དེའི་ཕན་ཡོན་ནི། ལྷའི་ཚོགས་དང ། ལྷ་མ་ཡིན་གྱི་ཚོགས་དང ། མིའམ་ཅིའི་ཚོགས་
64b
དང ། ནམ་མཁའ་ལྡིང་གི་ཚོགས་དང ། མིའམ་ཅིའི་ཚོགས་དང ། མིའི་ཚོགས་དང ། དྲི་ཟའི་ཚོགས་དང ། ལྟོ་འཕྱེའི་ཚོགས་དང ། སྲིན་པོ་ལ་སོགས་པ་ཐམས་ཅད་ཀྱིས་དེའི་སྟོབས་ཐུབ་པར་མི་འགྱུར་ལ། སྲུང་བ་དང་སྐྱོབ་པ་ཡང་བྱེད་པར་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་དང ། རྩོད་པ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་དང ། རིམས་དང ། འབྲུམ་བུ་དང ། གཡན་པ་ལ་སོགས་པས་མི་ཚུགས་སོ། །ནམ་འཆི་བའི་ཚེ་ཡང་སྟོབས་དང་ལྡན་པར་འགྱུར་རོ། །ངན་སོང་གསུམ་དུ་མི་འགྱུར་རོ། །འཇམ་དཔལ། ལས་དེས་ཡོ་བྱད་དང ། ཚེ་དང ། བཀྲག་དང ། སྟོབས་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཐོང་བ་དང ། སྟོབས་དང་ལྡན་པར་འགྱུར་རོ། །རྒྱས་པའི་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།འཇམ་དཔལ། དབང་དུ་བསྡུ་བའི་ལས་ནི་འདིའོ། །དུར་ཁྲོད་དམ། ཤིང་གཅིག་གམ། ཆུ་ཆེན་པོའི་འགྲམ་མམ། གཙུག་ལག་ཁང་དུ་བྱའོ། །ཁང་པ་དེར་བའི་རྣམ་ལྔས་སྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་ལ་མེ་ཏོག་སིལ་མ་དགྲམ་པར་བྱའོ། །ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ་པོག་ཕོར་དང ། མེ་ཏོག་ལ་སོགས་པ་ཡང་བཤམ་པར་བྱའོ། །མེ་ཏོག་དང་འབྲས་བུ་ནུས་པ་དང་ལྡན་པའི་རྫས་དག་རིན་པོ་ཆེའི་ག་འུར་བཅུག་ལ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ། །དེ་ནས་བསམ་གཏན་སྒོམ་པ་ནི། ཏཾ་ལས་བྱུང་བའི་མྱུར་པའི་བརྩོན་འགྲུས་
65a
༄#། །དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་སྒོམ་པ་ནི། པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་བན་དུ་ཀའི་མེ་ཏོག་ལྟར་དམར་བ། གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང ། དཔུང་རྒྱན་དང ། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཇེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་རས་ཀྱིས་སྟོད་གཡོགས་པ། འགྱིང་བག་གི་ཚུལ་གྱིས་བཞེངས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་བཞད་ཅིང་ཆེར་བཞད་པ། སྤྱན་འཁྱུག་པ། ཕྱག་གཡས་ཀྱིས་ཐུགས་ཀ་ན་འདུད་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ། སྐུ་ལས་འོད་འཕྲོ་བ་དང་བཅས་པ་ལས་རང་དང་མཐུན་པའི་འོད་འཁྲུགས་པ་དང་བཅས་པའི་སྐུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསམས་ཏེ་བཟླས་པ་འདི་བྱའོ། །ོཾ་ཏུཏྟཱ་རེ་ཏུ་རེ་སཝཱཧཱ། ཞེས་བཟླ་བར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན། འགྲུབ་པར་འགྱུར་རོ། །འཇམ་དཔལ། དེའི་ཕན་ཡོན་ནི། ས་བདག་གི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་དབང་དུ་འགྱུར་རོ། །ཐམས་ཅད་ཁུགས་པར་འགྱུར་རོ། །དབང་གི་
65b
ལས་ཀྱི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།འཇམ་དཔལ། དྲག་པོའི་ལས་བྱ་བར་འདོད་ན། གནས་ནི། དུར་ཁྲོད་དམ། ཤིང་གཅིག་གམ། ཆུ་བོ་ཆེན་པོའི་འགྲམ་མམ།་གཙུག་ལག་ཁང་དུ་བྱའོ། །ཁང་པ་དེར་བའི་རྣམ་ལྔས་ཆག་ཆག་བཏབ་སྟེ་དྲི་ཞིམ་པོའི་ཆུས་མཎྜལ་བྱའོ། །སྐུ་གཟུགས་ལ་སོགས་པ་ཡང་དགྲམ་པར་བྱའོ། །གྲོ་གའམ། རས་སམ། ཤིང་ཤུན་ལ་རྒྱལ་པོ་ལ་སོགས་པའི་གཟུགས་ནིམ་པའི་ཆུས་བྲིས་ལ་མཎྜལ་གྱི་སྟེང་དུ་ཁམ་པའི་ག་འུར་གཞུག་པར་བྱའོ། །དེ་ནས་མཎྜལ་གྱི་སྟེང་དུ་གཞག་པར་བྱའོ། །པོག་ཕོར་ལ་སོགས་པའི་མཆོད་པ་ཡང་བཤམས་པར་བྱའོ། །དེ་ནས་བསམ་གཏན་བསྒོམ་པར་བྱ་སྟེ། །ཡི་གེ་ཏཾ་ལས་བསྐྱེད་པའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པདྨ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་བཞུགས་པ། སྐུ་མདོག་ལྗང་གུ་ཀུན་ནས་གསལ་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་དོ་ཤལ་དང ། དཔུང་རྒྱན་དང ། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་པ། ཞབས་གཡས་བརྐྱང་བ་གཡོན་བསྐུམ་པས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་མཆེ་བ་གཙིགས་པ། སྤྱན་ནི། རབ་ཏུ་འབར་ཞིང་དབུ་སྐྲ་
66a
༄#། །གྱེན་དུ་བརྫེས་པ། དབུའི་ཟླ་བའི་སྟེང་ན་ཨ་མི་དེ་བ་དང་བཅས་པ་བསྐལ་པའི་མེ་དཔུང་ནང་ན་བཞུགས་པ། ཕྱག་གཡས་ན་འཁོར་ལོ་འཛིན་པ། གཡོན་ན་སྡིགས་མཛུབ་དང་བཅས་པའི་ཨུཏྤ་ལ་སྡོང་བུ་དང་བཅས་པ་འཛིན་པ། སྐུ་ལས་ཁྲོ་བོ་འཕྲོ་བ་ཁྲོ་མོ་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུའོ། །དེའི་བཟླས་པ་ནི། འདིའོ། །ོཾ་ཏུ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། ཞེས་བཟླ་བར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ། ལན་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ཤིང་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། །འཇམ་དཔལ། འདིའི་ཡོན་ཏན་ནི། ཉོན་མོངས་པ་དང ། ལས་དང ། རྣམ་པར་སྨིན་པ་དང ། ངན་སོང་ལ་སོགས་པ་ཐམས་ཅད་འཇོམས་པའོ། །འཇམ་དཔལ། མ་རུངས་པའི་དགྲ་དང ། གདོན་དང ། བགེགས་ལ་སོགས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །དྲག་པོའི་འཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ།། །།འཇམ་དཔལ། འཕྲིན་ལས་སྣ་ཚོགས་པའི་ལས་ནི། འདིའོ། །དུར་ཁྲོད་དམ། ཤིང་གཅིག་གམ། མཆོད་རྟེན་གྱི་མདུན་ནམ། ཆུ་བོ་ཆེན་པོའི་འགྲམ་དུ་ལས་བྱའོ། །ཁང་པ་དེར་བའི་རྣམ་ལྔས་སྐྱང་ནུལ་
66b
བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་ལ་མེ་ཏོག་སིལ་མ་དགྲམ་པར་བྱའོ། །ཡུམ་གྱི་སྐུ་གཟུགས་ཀྱང་བཞུགས་ཏེ་སྤྲ་ཚིལ་ལས་བྱས་པའི་གཟུགས་ཀྱི་སྙིང་གར་དུར་ཁྲོད་ཀྱི་རས་ལ་སྔགས་བཅུ་པ་དང ། གསལ་བའི་ཡི་གེ་གཉིས་དང་བཅས་པ་ལ་མིང་གི་ཡི་གེ་མཐའ་དང་བཅས་པ་བཅུག་སྟེ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ། །པོག་ཕོར་དང ། མེ་ཏོག་ལ་སོགས་པ་ཡང་དགྲམ་པར་བྱའོ། །དེ་ནས་བསམ་གཏན་སྒོམ་པ་ནི། ཏཾ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་སྐུ་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི། པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་ནག་པོ་ཤིན་ཏུ་འཚེར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུ་སྐུ་དོ་ཤལ་དང ། དཔུང་རྒྱན་དང ། རིན་པོ་ཆེའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བརྒྱན་པ། པཉྩ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་གཙིགས་པ། ཞལ་ཁྲོ་གཉེར་ཧཱུཾ་སྒྲ་དང་བཅས་པ། དབུ་སྐྲ་དམར་སེར་གྱེན་དུ་ཕྱོགས་པ། དབུ་ལ་ཟླ་བའི་སྟེང་ན་ཨ་མི་དེ་བ་བཞུགས་པ། བསྐལ་པའི་མེ་དཔུང་དང་བཅས་པའི་འོད་ལས་འཇིགས་པ་བརྒྱད་ལས་སྲུང་བའི་ལྷ་མོ་བརྒྱད་འཕྲོ་བ། གཡས་ན་གྲི་
67a
༄#། །ཁུག་འཛིན་ཅིང ། གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤ་ལའི་སྟེང་ན་མེ་ཏོག་གིས་བཀང་བའི་བྲམ་ཟེའི་ཐོད་པ་ཅན་འཛིན་པ། ཁྲོ་བའི་ཚོགས་དང་བཅས་པ་བསྒོམ་པར་བྱའོ། །སྔགས་ནི། འདི་བཟླ་བར་བྱའོ། །ོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཝཱཧཱ། ཞེས་བཟླ་བར་བྱའོ། །དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལ་ལན་གཅིག་གམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ། །འཇམ་དཔལ། དེའི་ཕན་ཡོན་ནི། འཕྲིན་ལས་བཞི་འགྲུབ་པར་འགྱུར་རོ། །འཇིགས་པ་ལས་བསྲུངས་པར་འགྱུར་རོ། །འཕྲིན་ལས་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་ནི། རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། རྡོ་རྗེའི་རིགས་ཀྱི་ཡུམ་ནི། ཞལ་བཞིའམ། ཕྱག་བརྒྱད་མ། དུང་གི་མདོག་ཅན། གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་དཀར་བ་དང ། ནག་པ་དང ། དམར་བ་དང ། སེར་བའི་ཞལ་བཞིའོ། །རིགས་ལྔས་དབུ་ལ་མཚན་པ། སྤྱན་གསུམ་པའོ། །ཕྱག་བརྒྱད་ནི། རྡོ་རྗེ་དང ། མདའ་དང ། མདུང་དང ། ཐ་མ་ལ་མཆོག་སྦྱིན་གྱི་ཕྱག་རྒྱའོ། །ུཏྤ་ལ་
67b
དང ། གཞུ་དང ། རྡོ་རྗེ་ལྕགས་ཀྱུ་དང ། ཞགས་པ་དང ། སྡིགས་མཛུབ་ནི། གཡོན་གྱི་ཕྱག་རྒྱའོ། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་ཆོས་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ་དེའི་སྔགས་ནི། འདིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱཡ། ཨཀྵོ་བྷྱཿ ་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ་བྷྱཿ ་སམྱ་ཀཾས་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཝཱཧཱ། ཞེས་བརྗོད་པས་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང ། མར་མེ་དང ། དྲི་ཆབ་དང ། བཤོས་གཙང་གིས་མཆོད་དོ། །འཇམ་དཔལ། དེའི་ལས་ནི། འདིའོ། །སྤྲ་ཚིལ་ལས་གང་ལ་བྱ་བའི་གཟུགས་བྱས་ཏེ་སྐྲོད་པའི་རྫས་ནི། བྱ་རོག་དང ། ཧུ་ལུའི་ཤ་མིང་དང་བཅས་པའི་སྙིང་གར་བཅུག་ནས་སྔགས་འདི་བརྗོད་པར་བྱའོ། །ོཾ་ཨ་མུ་ཀཾ་མེ་ཤ་མ་ན་ཡ་སཝཱཧཱ། ཞེས་བརྗོད་ནས་རླུང་གི་ཕྱོགས་སུ་སྦས་ན། འཇམ་དཔལ། འཐབ་ཅིང་འབྱེ་བར་འགྱུར་ཏེ། གཞན་དུ་འབྲོས་པར་འགྱུར་རོ། །རྡོ་རྗེའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།འཇམ་དཔལ། པདྨའི་རིགས་ཀྱི་ཡུམ་ནི། ཞལ་བཞི་པ། ཕྱག་བརྒྱད་པ། རྩ་བའི་ཞལ་ནི། དམར་པོ། བནྡུ་ཀའི་མེ་ཏོག་གི་མདོག་ཅན་གྱི་སྐུ་གཞོན་ནུ་ལང་ཚོ་ལ་བབ་པ། གཡས་ཞལ་དཀར་པོ། གཡོན་ཞལ་ནག་པོ། རྒྱབ་ཞལ་སེར་པོ། རིགས་བཞིས་དབུ་ལ་
68a
༄#། །མཚན་པ། སྤྱན་གསུམ་པའོ། །ཕྱག་བརྒྱད་ན་པདྨ་དང ། མདའ་དང ། མདུང་དང ། ཐ་མ་མཆོག་སྦྱིན་གྱི་ཕྱག་རྒྱའོ། །ུཏྤ་ལ་དང ། གཞུ་དང ། རྡོ་རྗེའི་ལྕགས་ཀྱུ་དང ། ཞགས་པ་དང ། སྡིགས་མཛུབ་ནི། གཡོན་པའི་ཕྱག་རྒྱའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ། དེའི་སྔགས་ནི། འདིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཡ། ཨ་མི་ཏཱ་བྷ་དེ་བ་བྱུ་ཧ་རཱ་ཛཱ་ཡ། །ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ་བྷྱཿ ་སམྱ་ཀཾས་བུདྡྷ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བྷོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཝཱ་ཧཱ། ཞེས་བརྗོད་པས་པདྨའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང ། བདུག་སྤོས་དང ། མར་མེ་དང ། དྲི་ཆབ་དང ། ཞལ་ཟས་ཀྱིས་མཆོད་དོ། །འཇམ་དཔལ། དེའི་ལས་ནི། འདིའོ། །དྷ་རུ་ར་དང ། ནིམ་པ་དང ། མྱ་ངན་འཚང་གི་མེ་ཏོག་བཏགས་ཏེ་ཕྱེ་མ་སྦྲང་རྩི་དང་ལྡེ་གུ་བྱས་ནས་སྔགས་འདི་བརྗོད་པར་བྱའོ། །ོཾ་ཨ་མུ་ཀ་ཨ་མི་ཏ་ནཾ་ཀུ་མཱ་རི་མ་ཧཱ་མུ་རི་དྲ་བ་ཧ་ན་ད་སྱ་པི་ཏ་པ་ཡ་ཙ་ཏུ་ཧཱུཾ་ཧྲཱིཿ ་ཞེས་བརྗོད་ནས་ལུས་ལ་བྱུགས་ན། རང་དབང་མེད་པར་ཁུགས་པར་འགྱུར་རོ། །པདྨའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།འཇམ་དཔལ། དེ་བཞིན་གཤེགས་པའི་ཡུམ་ནི། ཞལ་
68b
བཞི་ཕྱག་བརྒྱད་པ་སེར་མོ། །གསེར་བསྲེགས་པ་ལྟ་བུའི་སྐུ། གཞོན་ནུ་ལང་ཚོ་ལ་བབ་པ། རྩ་བའི་ཞལ་སེར་པོ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་བ། རྒྱབ་ཞལ་ནག་པ། རིགས་བཞིས་དབུ་ལ་མཚན་པ། སྤྱན་གསུམ་པའོ། །ཕྱག་བརྒྱད་ན་འཁོར་ལོ་དང ། མདའ་དང ། མདུང་དང ། ཐ་མ་མཆོག་སྦྱིན་མཛད་པའོ། ཨུཏྤ་ལ་དང ། གཞུ་དང ། རྡོ་རྗེ་ལྕགས་ཀྱུ་དང ། ཞགས་པ་དང ། སྡིགས་མཛུབ་དང་བཅས་པ་གཡོན་ན་འཛིན་པའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ། དེའི་སྔགས་ནི། འདིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱཡ། བཻ་རོ་ཙ་ན་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ་བྷྱཿ ་སམྱ་ཀཾས་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཝཱ་ཧཱ་ཞེས་བྱ་བས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱིས་མཆོད་པའི་མེ་ཏོག་དང ། མར་མེ་དང ། བདུག་པ་དང ། དྲི་ལ་སོགས་པས་མཆོད་དོ། །འཇམ་དཔལ་དེའི་ལས་ནི། །འདིའོ། །ཐལ་ཆེན་དང ། ས་ཞག་ལ་གཟུགས་བྱས་ཏེ་སྙིང་གར་གསལ་བྱེད་གཉིས་ཀྱི་ཡེ་གེའི་མཐའ་ཅན་བཅུག་ལ་སྔགས་འདི་བརྗོད་པར་བྱའོ། །ོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། ཛཾ་བྷ་ཡ་ཛཾ་བྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ལཾ་ལཾ་ལཾ་ལཾ་ལཾ་ཞེས་བརྗོད་ན་ལམ་རྒྱ་གྲམ་དུ་སྦ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་
69a
༄#། །ཅད་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།འཇམ་དཔལ། རིན་པོ་ཆེའི་རིགས་ཀྱི་ཡུམ་ནི། ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ནི། མཐིང་ག་།གཞོན་ནུ་ལང་ཚོ་ལ་བབ་པ། མཐིང་གའི་སྐུ། ཞལ་གཡས་དཀར་བ། གཡོན་ཞལ་དམར་བ། རྒྱབ་ཞལ་སེར་བ། རིགས་བཞིས་དབུ་ལ་མཚན་པ། སྤྱན་གསུམ་པའོ། །ཕྱག་བརྒྱད་ནི། རིན་པོ་ཆེ་དང ། མདའ་དང ། མདུང་དང ། ཐ་མ་མཆོག་སྦྱིན་མཛད་པའོ། །ུཏྤ་ལ་དང ། གཞུ་དང ། རྡོ་རྗེ་ལྕགས་ཀྱུ་དང ། ཞགས་པ་དང ། སྡིགས་མཛུབ་གཡོན་པ་ན་འཛིན་པའོ། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ། དེའི་སྔགས་ནི། འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱཡ། སཾ་བྷ་བ་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ་བྷྱཿ ་སམྱ་ཀཾས་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཝཱ་ཧཱ་ཞེས་བརྗོད་པས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང ། བདུག་པ་དང ། མར་མེ་དང་དྲི་ཆབ་ཀྱིས་མཆོད་དོ། །འཇམ་དཔལ། དེའི་ལས་ནི། འདིའོ། །སྟག་མའི་རྩ་བ་རུལ་པ་དང ། སྙིང་ལས་སྐྱེས་པའི་སྲིན་བུ་དང ། ས་བོན་གཉིས་སུ་བསྲེས་པ་ཁམ་པའི་
69b
གའུར་བཅུག་སྟེ་སྔགས་འདི་བརྗོད་པར་བྱའོ། །ོཾ་ཨ་མུ་ཀ་ཨི་བི་ཊ་ནཾ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ཨ་མུ་ཀི་མ་ཡཻ་བ་སེ་ཏྲཾ་སཝ་བ་ནཾ་ཀ་ཐ་ཧཱུཾ་ཧྲཱིཿ ་ཞེས་བཟླས་ཏེ་མལ་འོག་ཏུ་སྦས་ན།་ཡོན་ཏན་ཤེས་ཤིང་མི་ཕྱེད་པར་འགྱུར་རོ། །རིན་པོ་ཆེའི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །།འཇམ་དཔལ། ལས་ཀྱི་རིགས་ཀྱི་ཡུམ་ནི། ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ནི། ལྗང་གུ། གཞོན་ནུ་ལང་ཚོ་ལ་བབ་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། རྒྱབ་ཞལ་ལྗང་གུ། རིགས་བཞིས་དབུ་ལ་མཚན་པ། སྤྱན་གསུམ་པའོ། །ཕྱག་བརྒྱད་ལ་རལ་གྲི་དང ། མདའ་དང ། མདུང་དང ། ཐ་མ་མཆོག་སྦྱིན་མཛད་པའོ། །ུཏྤ་ལ་དང ། གཞུ་དང ། རྡོ་རྗེ་ལྕགས་ཀྱུ་དང ། ཞགས་པ་དང ། སྡིགས་མཛུབ་ནི་གཡོན་ན་འཛིན་པའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ། །འཇམ་དཔལ། དེའི་སྔགས་ནི། འདིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རཱ་ཨ་མོ་གྷ་སིདྡྷ་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡྷ་ཏེ་བྷྱཿ ་སམྱ་ཀཾས་བུདྡྷ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སཝཱ་ཧཱ་ཞེས་བརྗོད་པས་ལས་ཀྱི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང ། བདུག་སྤོས་དག། མར་མེ་དང ། དྲི་ཆབ་ཀྱིས་མཆོད་དོ། །འཇམ་
70a
༄#། །དཔལ།་དེའི་ལས་ནི། ཕྲག་དོག་མེད་པར་མོ་ཐམས་ཅད་འགུགས་པ་ནི། ཕུག་རོན་གྱི་མིག་དང ། ལྕེ་དང ། སྙིང་དང ། གོ་རོ་ཙ་ན་དང ། དངུལ་རྡོ་དང་དེ་རྣམས་ནིམ་པས་རིལ་བུ་བྱས་ཏེ་འདི་བརྗོད་པར་བྱའོ། །ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་ག་མི་དེ་བ་དཏྟ་ཨུ་ཙ་ཏཱ་ཡ་ཨ་མུ་ཁཾ་བ་ས་ནཾ་མུཀྟཾ་ཀུ་རུ་ན་ཡ་ན་མ་ཧཱ་ར་ཧད་དེ་ཧྲཱིཿ ་སཝཱཧཱ་ཞེས་བཟླས་ཏེ་བྱུགས་ན། མོ་ཐམས་ཅད་ཁུགས་པར་འགྱུར་རོ། །དབང་དུ་འགྱུར་རོ། །ཕྲག་དོག་མེད་པར་འགྱུར་རོ། །ལས་ཀྱི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ལྟར་ལས་ཀྱི་བྱེ་བྲག་བསྟན་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལས་ཐམས་ཅད་ཀུན་རྫོགས་པར་སྦྱིན་སྲེག་ཇི་ལྟར་བྱ་ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འདི་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་སོ་སོའི་ལས་བསྒྲུབ་པའི་ཕྱིར་སྦྱིན་སྲེག་བྱའོ། །དེ་ལ་དང་པོ་ཞི་བའི་ལས་བྱ་བ་ནི། ཚེས་གསུམ་པའི་ཟླ་བ་ལ་ཁ་དོག་དང་མཐུན་པའི་ཁང་བུ་བྱས་ཏེ་རྡོ་རྗེ་དཀར་པོ་དགོད་པར་བྱའོ། །བུད་ཤིང་ནི། ཙནྡན་དཀར་པོའི་ཤིང་ལ་སོགས་པས་བྱའོ། །དེ་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་དུ་བཞག་སྟེ་འབྲས་དང ། ཁྲེ་དང ། ཅུ་ཙེ་དང ། ཏིལ་དཀར་པོ་ལ་སྔགས་བཏབ་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱཧཱ། ལན་བདུན་ནམ། ཉི་ཤུ་རྩ་གཅིག་
70b
ཏུ་བཟླས་ཏེ་མེའི་ནང་དུ་གཏོར་བར་བྱའོ། །ཞོ་དང་འོ་མ་ལ་སྔགས་བཏབ་སྟེ། ཤཱནྟིཾ་ཀུ་རུ་དང་བཅས་པས་དབུལ་བར་བྱའོ། །འོ་མ་ཅན་གྱི་ཤིང་དང་མར་དཀར་པོ་ལ་ནི། སརྦ་པཱ་པཾ་དང་བཅས་པས་དབུལ་ལོ། །འཇམ་དཔལ། མེ་ཏོག་དཀར་པོ་དང་བཅས་པའི་མེའི་ཁང་པར་ཙནྡན་ལ་སོགས་པ་དྲི་ཞིམ་པོའི་ཤིང་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་ཏུ་བཞག་ལ་ཆུ་དང་ཡུངས་ཀར་ལ་སྔགས་ཏེ་མེར་གཏོར་བའི་སྔགས་ནི་ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱཧཱ་ཞེས་བྱ་བའི་སྔགས་དང ། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སཝཱཧཱ་ཞེས་བྱ་བས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །འཇམ་དཔལ་དེའི་ཕན་ཡོན་ནི། །མཚམས་མེད་པ་ལ་སོགས་པའི་སྡིག་པ་ཞི་བར་འགྱུར་རོ། །ནད་འགོ་བ་དང ། གདོན་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ། །སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །འཇམ་དཔལ། བའི་རྣམ་ལྔའི་བྱུགས་པས་བྱུགས་ཏེ་མེའི་ཁང་བ་དྲི་དང་ལྡན་པའི་ཁང་པར་སྤྲ་ཚིལ་ལ་གཟུགས་དྲིས་པ་དང་བཅས་པ་སྔགས་འདིས་བསྲེག་གོ། །ོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སཝཱཧཱ་ཞེས་བྱ་བས་བསྲེགས་ན། དབང་དུ་འགྱུར་ཞིང་ཚར་བཅད་པར་ཡང་འགྱུར་རོ། །སྦྱིན་སྲེག་གི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་བྱང་ཆུབ་སེམས་དཔའ་
71a
༄#། །འཇམ་དཔལ་གཞོན་ནུ་ལ་འཁོར་ལོའི་རིམ་པ་བཀའ་སྩལ་ཏོ། །འཁོར་ལོ་ལིང་ཚེ་དགུ་པ་ལ་ཨོཾ་དང་ཧཱ་གཉིས་དབུས་སུ་ཆེ་གེ་མོ་དང་བཅས་པ་བྲི། རཀྵ་རཀྵཿ ་ཞེས་བྱ་བ་ནི། སྲུང་བའོ། །ཕྱོགས་མཚམས་སུ་ཨོཾ་ཧཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ་ཞེས་བྱ་བ་བྲིས་ཏེ་ཀུན་ལ་སཝཱ་ཧཱའི་བར་དུ་བཅུག་པ་གྲོ་ག་ལ་གུར་གུམ་གྱིས་བྲིས་ནས་དཔུང་པ་ལ་བཏགས་པ་ནི། སྲུང་བའི་མཆོག་གོ་།ཞི་བའི་སྲུང་བའི་འཁོར་ལོའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དབང་གི་སྲུང་བ་ནི། འཁོར་ལོ་ལིང་ཚེ་དགུ་པ་ལ་ཨོཾ་དང་ཧཱ་གཉིས་དབུས་སུ་ཆེ་གེ་མོ་དང་བཅས་པ་བྲི། རཀྵ་རཀྵཿ ་ཞེས་བྱ་བ་ནི། སྲུང་བའོ། །ཕྱོགས་མཚམས་སུ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ་ཞེས་བྱ་བ་བྲིས་ཏེ་ཀུན་ལ་མུ་དང་མུའི་བར་དུ་ས་བོན་ནོ། །དེ་གྲོ་ག་དམར་པོ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་ལྟེ་བར་མི་མངོན་པར་བཏགས་ན། སྲུང་བའི་མཆོག་ཏུ་འགྱུར་ཞིང་དབང་དུ་སྡུད་དོ། །དབང་གི་སྲུང་བའི་འཁོར་ལོའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རྒྱས་པའི་སྲུང་བ་ནི། འཁོར་ལོ་རྩིབས་བརྒྱད་པ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བརྒྱད་པོ་དགོད་པར་བྱའོ། །དབུས་སུ་སཝཱ་ཧཱའི་མིང་རཀྵ་ ་དང་བཅས་པ་གྲོ་ག་ལ་གུར་གུམ་གྱིས་བྲིས་པ་དཔུང་པའམ་མགུལ་དུ་བཏགས་ན། སྲུང་བའི་
71b
མཆོག་ཏུ་འགྱུར་རོ། །རྒྱས་པའི་སྲུང་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བར་ཆོད་སེལ་བའི་སྲུང་བའི་འཁོར་ལོ་ནི། མུ་ཁྱུད་གསུམ་ལ་ཐ་མ་ལིང་ཚེ་བརྒྱད་པའོ། །དབུས་སུ་མིང་གི་མཐའ་ཅན་གྱི་སཝཱ་ཧཱ་རཀྵ་དང་བཅས་པའོ། །མུ་ཁྱུད་ནང་མ་ལ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཨུ་ཞེས་བྱ་བ་དགོད་པར་བྱའོ། །ལིང་ཚེ་བརྒྱད་པ་ཕྱི་མ་ལ་ནི། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཞེས་བྱ་བའི་ཡིག་འབྲུ་རྣམས་ཨུ་དང་ཨུའི་བར་དུ་བཅུག་སྟེ་བཀོད་ལ་གྲོ་གའམ་ཤིང་ཤུན་ལ་གུར་གུམ་གྱིས་བྲིས་ཏེ་སྤྱི་བོའམ། མཆན་ཁུང་དུ་མིས་མི་མཐོང་བར་བཏགས་ན། གནོད་པ་ཐམས་ཅད་ལས་ཐར་རོ། །སྔགས་ནི། ཅི་མང་དུ་གྲངས་དང་ལྡན་པར་བཟླའོ། །ཤིན་ཏུ་རྒྱས་པའི་སྲུང་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་འཕྲིན་ལས་ཐམས་ཅད་སྒྲུབ་པའི་འཁོར་ལོ་ནི། གྲོ་གའམ་རས་ལ་ལིང་ཚེ་དགུ་པའི་འཁོར་ལོ་ཙནྡན་དཀར་པོའི་ཆུས་བྲིས་ཏེ་སྔགས་དགོད་པ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨུ། ཨེ་ཨཻ། ཨོ་ཨཽ། རྀ་རཱྀ། ལྀ་ལཱྀ། ཨཾ་ཨཿ ་ཞེས་པ་ཕྱིའི་མུ་ཁྱུད་ལའོ། །ནང་གི་མུ་ཁྱུད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱ་ཧཱ། ཨོཾ་དང་ཧཱའི་བར་དུ་རཀྵཿ ་ཤཱནྟིཾ་ཀུ་རུ་ཞེས་པ་ནི། སྟེང་གི་འཁོར་ལོའོ། །འོག་གི་འཁོར་ལོ་ནི། སྔགས་ལྡོག་པས་སོ། །ཕྱིའི་དབྱངས་ཡིག་ཀྱང་ལྡོག་པར་ཤེས་པར་བྱའོ། །དབུས་སུ་ནི། ཨོཾ་
72a
༄#། །དང་ཧཱའི་བར་དུ་རཀྵཿ ་ཤཱནྟིཾ་ཀུ་རུ་བྲི་བར་བྱའོ། །ཞི་བ་ཆེན་པོའི་འཁྲུལ་འཁོར་གྱི་སྲུང་བ་སྟེ་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་འཕྲིན་ལས་བཞིའི་ལས་སོ་སོའི་འཁོར་ལོ་ནི། ཞི་བ་ནི། ཁམ་པ་ལ་གའུ་ཁ་སྦྱོར་བྱས་ཏེ་མེར་བསྲེགས་ལ་ཁ་དོག་དཀར་པོ་བྱུག་པར་བྱའོ། །དེའི་ནང་དུ་འཁོར་ལོ་ལིང་ཚེ་དགུ་པ་བྲིས་ཏེ་སྔགས་དགོད་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་བྱ་བ་རེ་མིག་བརྒྱད་ལའོ། །རུ་རུ། ཨོཾ་རུ་རུ། རུ་རུ། ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུཏ་རུ་རུ། རུ་རུ་ཏཱ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུ་རུ་རུ། རུ་རུ་རེ་ཏུ་རུ་ཞེས་བྲིའོ། །དབུས་སུ་ནི། ཀུ་རུ་ཤཱནྟིཾ་ཀུ་རུ་སཝཱ་ཧཱ་ཞེས་བྲིས་ཏེ་གའུར་སྦྱར་ཏེ་དབུས་སུ་སྲད་བུ་དཀར་པོ་དང་ལྡན་པའི་ག་འུར་མཎྜལ་ཐོག་ཏུ་བཞག་ལ། མེ་ཏོག་དཀར་པོས་མཆོད་ཅིང་མཆོད་པ་རྣམ་པ་ལྔ་ཡང་དབུལ་ཏེ་དུས་གསུམ་དུ་མཆོད་ན། ཞི་བར་འགྱུར་རོ། །ཞི་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཞི་བ་ཆེན་པོའི་ལས་བྱ་བ་ནི། ཁམ་པ་ལ་གའུ་ཁ་སྦྱོར་བྱས་ཏེ་ཙནྡན་དཀར་པོས་སྣག་ཚ་བྱས་ལ་འཁོར་ལོ་ཕྱི་ནང་དང་ལྡན་པའི་ལིང་ཚེ་དགུ་པ་བྲི་བར་བྱའོ། །སྔགས་དགོད་པ་ནི། སཝཱ་ཤཱནྟིཾ་ཀུ་རུ་ཧཱ་ཞེས་བྱ་བ་དབུས་སུ་བྲིའོ། །མུ་ཁྱུད་ནང་མ་ལ་ནི། ཨ་ཨ་ཞེས་བྱ་བ་བརྒྱད་དགོད་པར་བྱའོ། །མུ་
72b
ཁྱུད་ཕྱི་མ་ལ་ནི། ཨ་ཨོཾ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུཏ་ཨ། ཨ་ཏཱ་ཡ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ་ཞེས་བྱ་བ་བྲི་བར་བྱའོ། །གའུར་མེ་ཏོག་གི་ཕྲེང་བ་བཅིངས་ཏེ་མཎྜལ་གྱི་སྟེང་དུ་དུས་བཞིར་མཆོད་ཅིང་ཞག་བདུན་དུ་སྔགས་མ་ནོར་བར་བཟླས་ན། ཞི་བ་ཅེན་པོའི་ལས་འགྲུབ་པར་འགྱུར་རོ། །ཞི་བ་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་རྒྱས་པའི་ལས་བྱ་བ་ནི། གུར་གུམ་མམ། གྷི་ཝང་གིས་གྲོ་ག་ལ་འཁོར་ལོ་ཕྱི་ནང་དང་ལྡན་པའི་ལིང་ཚེ་དགུ་པ་བྲིས་ཏེ་དབུས་སུ་སརྦ་པུཥྚིཾ་ཀུ་རུ་ཨོཾ་ཨ་ཞེས་བྱ་བ་དགོད་པར་བྱའོ། །ལིང་ཚེ་ནང་མ་བརྒྱད་ལ་ཨོཾ་བརྒྱད་བྲི་བར་བྱའོ། །ལིང་ཚེ་ཕྱི་མ་བརྒྱད་ལ་ཨོཾ་ཨོཾ་ཨོཾ། ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུཏ་ཨོཾ། ཨོཾ་ཏཱ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུ་ཨོཾ། ཨོཾ་རེ་ཨོཾ་ཞེས་བྱ་བ་བྲིས་ནས་ཁམ་པའི་གའུར་བཅུག་སྟེ་མེ་ཏོག་སེར་པོ་ནཱ་ག་པུཥྤེའི་མེ་ཏོག་དང ། མཆོད་པ་ལྔས་དུས་བཞིར་ཟླ་བ་རྒྱས་ནས་བཟུང་ནས་ཞག་བདུན་དུ་མཆོད་ན། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་འགྲུབ་བོ། །རྒྱས་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་དབང་དུ་བསྡུ་བར་འདོད་ན། ཀཎྜ་ཀ་རིའུ་ཤུན་པ་དང ། སེང་ལྡེང་གི་ཤུན་པ་དང ། མཛོ་མོ་ཤིང་གི་ཤུན་པ་བསྐུས་པའི་ཁུ་བས་བསེ་གབ་བམ། གའུ་ལ་འཁོར་ལོ་བྲི་
73a
༄#། །བ་ནི།་ལིང་ཚེ་དགུ་པའོ། །སྔགས་དགོད་པ་ནི། དབུས་སུ་ཨ་སཝཱ་ཙ་ཨ་མོ་གྷ་ཨ་ཧྲིཿ ་ཧ་ཞེས་པ་བྲིའོ། །ལིང་ཚེ་བརྒྱད་ལ་ནི། ཨ་ཨོཾ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུཏ་ཨ། ཨ་ཏཱ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ་ཞེས་བྲིས་ནས་ཐོད་པ་ཁ་སྦྱོར་དུ་བཅུག་ནས་སྐུད་པ་སྔོན་པོས་དཀྲིས་ནས་མེ་ཏོག་དམར་པོ་དང ། མཆོད་པ་ལྔས་དུས་བཞིར་ཟླ་བ་ཁམ་པའི་དུས་སུ་མཆོད་ན། ཐམས་ཅད་དབང་དུ་འདུའོ། །དབང་དྲག་གི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་དབང་དུ་འདུ་བར་བྱེད་པ་ནི། སྲིན་ལག་གི་ཁྲག་དང ། རྒྱ་སྐྱེགས་ཀྱི་ཁུ་བ་དང ། དུར་ཁྲོད་ཀྱི་སོལ་བ་དང ། ཀཎྜ་ཀའི་ཁུ་བ་རྣམས་ཀྱིས་བྲིས་ཏེ་དུར་ཁྲོད་ཀྱི་རས་སམ། མི་ཤི་བའི་གོས་སམ། འཁོར་ལོ་ལིང་ཚེ་དགུ་པ་བྲིའོ། །དབུས་སུ་ཨ་མོ་གྷ་ཧྲཱིཿ ་ཧ་ཞེས་བྱ་བ་བྲིའོ། །རྩིབས་བརྒྱད་ལ་ཨོཾ་དེ་ཨོཾ། །ཏཱ་པ་ཏཱ། རེ་ད་ཏ་རེ། ཏུ་ཏ་ཏ་ཏུཏ། ཏཱ་ཨ་ཏཱ། རེ་མོ་ར། ཏུ་གྷ་ཏུ། རེ་ཧྲཱིཿ ་རེ་ཞེས་བྱ་བ་བྲིའོ། །གའུར་སྲིན་མགོ་དམར་པོ་དང་འཁོར་ལོ་ཕྲལ་ནས་གཙང་པོ་ཕར་འགྲམ་ཚུར་འགྲམ་དུ་སྦས་ན། དབྱེ་ཞིང་དབང་དུ་འགྱུར་རོ། །དབྱེ་ཞིང་དབང་དུ་བསྡུ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་བསྐྲད་པར་འདོད་ན། དུག་དང ། ཁྲག་དང ། རམས་རྣམས་སྦྱར་ཏེ་དུར་ཁྲོད་ཀྱི་རས་ལ་འཁོར་
73b
ལོ་གཉིས་བྲིས་ཏེ་ལིང་ཚེ་དགུ་པའི་དབུས་སུ་ཧ་ས་ཨུ་ཙ་ཧ་ཧ་ཧ་བྲི་བར་བྱའོ། །ལིང་ཚེ་བརྒྱད་ལ་ཧ་ཨོཾ་ཧ། ཧ་ཏཱ་ཧ། ཧ་རེ་ཧ། ཧ་ཏུ་ཏ་ཧ། ཧ་ཏཱ་ཧ། ཧ་རེ་ཧ། ཧ་ཏུ་ཧ། ཧ་རེ་ཧ་ཞེས་པ་བྲིས་ཏེ། ཁ་སྦྱར་ཀ་པཱ་ལར་བཅུག་སྟེ་སྐུད་པ་སྔོན་པོས་བཅིངས་ཏེ་དུར་ཁྲོད་དུ་སྦས་ན་བསྐྲད་པར་འགྱུར་རོ། །བསྐྲད་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་དབྱེ་བའི་འཁོར་ལོ་ནི། དུར་ཁྲོད་ཀྱི་སོལ་བ་དང ། བྱ་རོག་དང ། འུག་པའི་ཁྲག་དང ། དུག་རྣམས་མཉམ་པར་བསྲེས་པའི་སྣག་ཚས་འཁོར་ལོ་ཕྱི་ནང་དང་བཅས་པའི་ལིང་ཚེ་དགུ་པ་བྲིས་ཏེ་དབུས་སུ་ཕཊ་སཝཱ་ཏེ་བ་དཏ་ཏ་ཧ་ཕཊ་ཅེས་བྱ་བ་བྲིའོ། །ལིང་ཚེ་ནང་མ་བརྒྱད་ལ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཅེས་པ་བྲིའོ། །ལིང་ཚེ་ཕྱི་མ་བརྒྱད་ལ་ཕཊ་ཨོཾ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུཏ་ཕཊ། ཕཊ་ཏཱ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུ་ཕཊ། ཕཊ་རེ་ཕཊ་ཞེས་བྱ་བ་བྲིས་ཏེ། བྱ་རོག་དང ། འུག་པའི་སྒོ་ངར་བཅུག་སྟེ་བྲག་དང་ཆུ་འཐབ་སར་སྒོ་ང་སྦས་ན། དབྱེ་བར་འགྱུར་རོ། །དབྱེ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་གསད་པའི་འཁོར་ལོ་ནི། དུག་དང ། ཁྲག་དང ། སྐེ་ཚེ་རྣམས་མཉམ་པར་སྦྱར་བས་ལིང་ཚེ་དགུ་པའི་འཁོར་ལོ་ཕྱི་ནང་དང་
74a
༄#། །བཅས་པ་བྲིས་ཏེ་དབུས་སུ་ཧཱུཾ་སཝཱ་མཱ་ར་ཡ་ཧཱ་ཕཊ་ཅེས་བྱ་བ་བྲིའོ། །ལིང་ཚེ་ནང་མ་ལ་ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ་ཞེས་བྱ་བ་བྲིའོ། །ལིང་ཚེ་ཕྱི་མ་ལ་ཧཱུཾ་ཨོཾ་ཕཊ། ཧཱུཾ་ཏཱ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུཏ་ཕཊ། ཧཱུཾ་ཏཱ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུ་ཕཊ། ཧཱུཾ་རེ་ཕཊ་ཞེས་བྱ་བ་བྲིས་ཏེ་རབས་ཆད་ཕོ་མོའི་ཐོད་པ་ལ་བྲིས་ཏེ་སྔགས་མང་དུ་བཟླས་ནས་དུར་ཁྲོད་དུ་སྦས་ན། འཆི་བར་འགྱུར་རོ། །གསད་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་པའོ།། །།མྱོས་པའི་འཁོར་ལོ་ནི། དྷ་དུ་རའི་ཆུས་རས་སམ། ཤོ་གུ་ལ་ལིང་ཚེ་དགུ་པ་ཕྱི་ནང་དང་བཅས་པའི་འཁོར་ལོ་བྲིས་ཏེ་དབུས་སུ་ཧ་ཧ་དེ་བ་ཏྟ་ཏ་ཧ་ཞེས་པ་བྲིའོ། །ལིང་ཚེ་ནང་མ་ལ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ་ཧྷ་བྲི་བར་བྱའོ། །ཕྱི་མ་བརྒྱད་ལ་ནི། ཧྷ་ཨོཾ་ཧྷ། ཧྷ་ཏཱ་ཧྷ། ཧྷ་རེ་ཧྷ། ཧྷ་ཏུཏ་ཧྷ། ཧྷ་ཏཱ་ཧྷ། ཧྷ་རེ་ཧྷ། ཧྷ་ཏུ་ཧྷ།་ཧྷ་རེ་ཧྷ་ཞེས་བྱ་བ་བྲིས་ཏེ་རྩིའི་གའུར་བཅུག་ནས་བཟླས་པ་ཅི་ནས་ཀྱང་མྱུར་བར་བྱས་ཏེ་ལམ་རྒྱ་གྲམ་དུ་དོང་དང་བཅས་པར་སྦས་ཏེ་དྷ་དུ་ར་སྤུངས་ན། མྱོས་པར་འགྱུར་རོ། །གསོ་ན། མར་སྦྲང་རྩི་བའི་འོ་མས་ལིང་ག་བཀྲུས་ན། འཚོ་བར་འགྱུར་རོ། །མྱོས་བྱེད་ཀྱི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།དེ་
74b
ནས་མནན་པའི་འཁོར་ལོ་ནི། གཡམ་པ་ལ་ལིང་ཚེ་དགུ་པའི་འཁོར་ལོ་བྲིས་ཏེ་ཡུང་བའི་ཆུས་ལིང་ཚེ་དགུ་པའི་དབུས་སུ་ག་སཝ་སྟཾ་བྷ་ཡ་སྟཾ་བྷ་ཡ་གྷ་ཧ་ཞེས་བྱ་བ་བྲི་བར་བྱའོ། །ལིང་ཚེ་བརྒྱད་ལ་ག་ཨོཾ་ག་།ག་ཏཱ་ག། ག་རེ་ག་།ག་ཏུཏ་ག་།ག་ཏཱ་ག་།ག་རེ་ག་།ག་ཏུ་ག་།ག་རེ་ག་ཞེས་བྱ་བ་བྲིས་ཏེ་འཁོར་ལོ་ཁ་སྦྱར་ནས་ལམ་རྒྱ་གྲམ་དུ་སྦས་ན། འགུལ་མི་ཤེས་པར་འགྱུར་རོ། །མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་མནན་པ་ཆེན་པོ་ནི། ཡུང་བའི་ཁུ་བས་སྣག་ཚ་བྱས་ཏེ་ཁམ་པའི་གའུའི་ནང་དུ་ཕྱི་ནང་ལིང་ཚེ་དགུ་པའི་འཁོར་ལོ་བྲིས་ལ་སྔགས་དགོད་པ་ནི། དབུས་སུ་རྒ་སཝ་སྟཾ་བྷ་ཡ་སྟཾ་བྷ་ཡ་རྒ་ཧ་ཞེས་བྱ་བ་བྲིའོ། །ནང་མ་ལ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཞེས་བྱ་བ་བརྒྱད་བྲིའོ། །དེའི་ཕྱི་རོལ་གྱི་ལིང་ཚེ་བརྒྱད་ལ་ནི། རྒ་ཨོཾ་རྒ། རྒ་ཏཱ་རྒ། རྒ་རེ་རྒ། རྒ་ཏུཏ་རྒ། རྒ་ཏཱ་རྒ། རྒ་རེ་རྒ། རྒ་ཏུ་རྒ། རྒ་རེ་རྒ་ཞེས་བྱ་བ་བྲིས་ཏེ་སྒྲུབ་པ་འཕགས་མ་ལ་བྱས་ལ་དགྲ་གང་ནས་འོང་བའི་ཕྱོགས་སུ་སྦས་ན། སྲུང་བར་འགྱུར་ཞིང་དགྲའི་སྒོར་སྦ་ན། མནན་པར་འགྱུར་རོ། །དགྲ་མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་རིག་སྔགས་ཀྱི་སྦྱོར་བ་མནན་པར་བྱེད་པའི་འཁོར་ལོ་ནི། ཡུང་བའི་ཁུ་བས་གཡམ་པའམ། ལྷང་ཚེར་མ་གཉིས་གང་ཡང་རུང་
75a
༄#། །བ་ལ་འཁོར་ལོ་བྲིས་ཏེ་ལིང་ཚེ་དགུ་པ་ལ་ཕྱི་ནང་དང་བཅས་པ་བྲི་བར་བྱའོ། །སྔགས་དགོད་པ་ནི། དབུས་སུ་ཝ་སཝ་སྟཾ་བྷ་ཡ་སྟཾ་བྷ་ཡ་ཧ། འཁོར་ལོ་ནང་མ་ལ་ཝ་ཝ་ཝ་ཝ་ཝ་ཝ་ཝ་ཝ་ཞེས་བྱ་བ་བྲི་བར་བྱའོ། །ཕྱི་མ་ལ་ཝ་ཨོཾ་ཝ། ཝ་ཏཱ་ཝ། ཝ་རེ་ཝ། ཝ་ཏུཏ་ཝ། ཝ་ཏཱ་ཝ། ཝ་རེ་ཝ། ཝ་ཏུ་ཝ། ཝ་རེ་ཝ་ཞེས་བྱ་བ་བྲིས་ཏེ་ཕན་ཚུན་གཡས་པ་གཡོན་དུ་འཁོར་ལོ་རེ་རེ་སྦས་ན། མནན་པར་འགྱུར་རོ། །རིག་སྔགས་ཀྱི་སྦྱོར་བ་མནན་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་མེ་ཏོག་མནྜཱ་ར་བ་དང ། པདྨ་དང ། ཀུ་མུ་ད་ལ་སོགས་པས་བཅོམ་ལྡན་འདས་ལ་གཏོར་རོ། །ལྷ་རྫས་ཀྱི་རོལ་མོའི་སྒྲ་དུ་མ་ཡང་སྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གསོལ་པ། དམ་ཚིག་ཀྱང་གང་གིས་འགྲུབ་པར་འགྱུར་ཞེས་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོའི་དམ་ཚིག་སྡོམ་གནས་ཏེ། །ལྷ་ཡི་འཁོར་ལོ་དང་ལྡན་པས། །སྲོག་ཆགས་དག་ནི་བསད་པ་སྤང ། །མ་བྱིན་པ་དག་མི་བླང་ཞིང ། །བུད་མེད་མི་བསྟེན་སྨད་མི་བྱ། །བརྫུན་ནི་རྣམ་པ་ཀུན་ཏུ་སྤང ། །མྱོས་འགྱུར་དག་དང་ཤ་དག་དང ། །རྐུ་ཞིང་རྣམ་པ་རྟག་ཏུ་སྤང ། །མི་རྣམས་ཐམས་ཅད་ཀུན་
75b
ལ་ནི། །ཆགས་པའི་སེམས་ཀུན་སྤང་པ་སྟེ། །མ་བཞིན་དུ་ནི་ཀུན་ལ་ནི། །ཕན་པའི་སེམས་ཀྱིས་ཀུན་ལ་བཀུར། །དམ་ཚིག་སྡོམ་ལ་གནས་པ་ཡི། །ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དམ་ཚིག་དང་སྡོམ་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་ལྷ་དཔག་ཏུ་མེད་པ་དང ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་རྗེས་སུ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་སྒྲོལ་མའི་རྒྱུད་ལས་སྣ་ཚོགས་བསྟན་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང ། ལོ་ཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།