རྒྱ་གར་སྐད་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་ར་ཨེ་ཀ་ད་ཤ་མུ་ཁ་མ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་བ་ཅེས་བྱ་བའི་གཟུགས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་འཆང་དུ་མས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྙིང་པོ་གདོང་བཅུ་གཅིག་པ་ཞེས་བགྱི་བ་འདི་ནི། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་གསུངས་པ་ལགས་ཏེ། དེ་སེམས་ཅན་ཐམས་ཅད་ལ་སྨན་པ་དང ། བྲོ་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དང ། སྡིག་པ་དང ། བཀྲ་མི་ཤིས་པ་དང ། རྨི་ལམ་ངན་པ་ཐམས་ཅད་བཟློག་པར་བགྱི་བ་དང ། དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱི་བ་དང ། 469a ༄#། །མ་ཞུགས་པ་རྣམས་དད་པར་བགྱི་བ་དང ། བགེགས་དང་ལོག་འདྲེན་རྣམས་རབ་ཏུ་ཞིབ་པར་བགྱི་བའི་སྐད་དུ་བཤད་པར་བགྱིའོ། །བཅོམ་ལྡན་འདས། སྙིང་པོ་འདི་བསྲུང་བར་བགྱི་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟུང་བར་བགྱིས་པ་དང ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིས་པ་དང ། ཆད་པ་སྤངས་པ་དང ། མཚོན་ཆ་སྤངས་པ་དང ། དུག་གཞིལ་བ་བགྱིས་པ་དང ། གང་ལ་ལ་ཞིག་འགལ་བར་བགྱིད་པ་དེ་མ་མཆིས་ཏེ། དེ་ནི། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པ་ན་བདག་གིས་མཐོང་སྟེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི། མ་གཏོགས་ལགས་སོ། །སྙིང་པོ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བསྟོད་ཅིང་དགོངས་པ་ལགས་སོ། །བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཐུགས་རངས་པར་མཛད་པ་ལགས་སོ། །བཅོམ་ལྡན་འདས། བདག་གིས་དྲན་ལགས་ཏེ། བསྐལ་པ་གངྒའི་ཀླུང་གི་བྱ་མ་སྙེད་ཀྱི་སྔ་རོལ་ན་དེ་བཞིན་གཤེགས་པ་ 469b པདྨ་བརྒྱའི་སྤྱན་གཙུག་གིས་ཆགས་པའི་དུས་འཇོམས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བགྱི་བ་བྱུང་སྟེ། བདག་དྲང་སྲོང་དུ་གྱུར་པས་དེ་བཞིན་གཤེགས་པ་དེ་ལས་འདི་མནོས་ལགས་ཏེ། ཐོས་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་སྟེ། དེ་ལྟར་བདག་དེ་\?\་སྙིང་པོ་འདི་ནི། གཅེས་སྤྲས་བགྱིད་པ་ལགས་སོ། །དེ་ལྟ་ལགས་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་གུས་པར་བགྱིས་ལ་སྙིང་པོ་འདི་བརྗོད་པར་བྱའོ། །གཞན་ཡིད་ལ་མི་བགྱིད་པར་རྟག་ཏུ་བརྗོད་པར་བགྱིའོ། །ནང་པར་ལངས་ནས་བརྒྱ་རྩ་བརྒྱད་བཏོན་ན། ཚེ་འདི་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེ་ན། བྲོ་ནད་མ་མཆིས་པར་འགྱུར་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་བ་དང ། དེས་བསྒྲིམ་མི་འཚལ་བར་ནོར་དང་འབྲུ་དང་དབྱིག་རྣམས་རྙེད་པར་འགྱུར་པ་དང ། དགྲ་ཐམས་ཅད་ཁུགས་ཤིང་ཐུལ་བར་འགྱུར་བ་དང ། རྒྱལ་པོའི་ཚོགས་པ་རྣམས་གསོང་པོར་སྨྲ་བར་སེམས་པར་འགྱུར་བ་དང ། ལུས་ལ་དུག་གིས་མི་ཚུགས་པ་དང ། དབྱིག་དུག་གིས་མི་ཚུགས་པ་དང ། རིམས་ 470a ༄#། །ཀྱིས་མི་ཚུགས་པར་འགྱུར་བ་དང ། མཚོན་ཆས་མི་ཚུགས་པར་འགྱུར་བ་དང ། ཆབ་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང ། ཞུགས་ཀྱིས་འགུམ་པའི་དུས་བྱེད་པར་མི་འགྱུར་བ་དང ། དུས་མ་ལགས་པར་འགུམ་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་ལགས་སོ། །གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། འགུམ་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང ། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང ། ཡ་ང་བ་མ་སྤངས་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང ། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས། བདག་གིས་དྲན་ལགས་ཏེ། འདི་ནས་བསྐལ་པ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་དག་གི་ཡང་ཆེས་སྔ་རོལ་དུ་དེ་བཞིན་གཤེགས་པ་མནྡཱ་ར་བའི་བསུང་ཞེས་བགྱི་བ་བྱུང་སྟེ། དེ་ན་བདག་ཁྱིམ་པར་གྱུར་པས་འདི་གཟུང་ནས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ལགས་སོ། །བདག་གིས་སྙིང་པོ་འདི་བཏོན་པས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རྒྱལ་བ་ཐམས་ཅད་ 470b ཀྱི་སྙིང་རྗེ་འཇུག་པ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བགྱི་བ་ཐོབ་ལགས་སོ། །གང་དག་བཅིང་བས་བཅིངས་པ་རྣམས་དང ། གང་དག་བཅིང་བ་ལ་ཐུག་པ་རྣམས་དང ། ཆབ་དང ། ཞུགས་དང ། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཉེན་པའི་སེམས་ཅན་ཐམས་ཅད་ལ་བདག་གི་སྙིང་པོ་འདིས་གནས་དང ། བསྐྱབ་པ་དང ། སྐྱབས་དང ། དཔུང་གཉེན་བགྱིའོ། །གནོད་སྦྱིན་དང་སྲིན་པོ་སྡང་བ་རྣམས་ཀྱང་སྙིང་པོ་འདིས་བཀུག་ལ་བྱམས་པའི་སེམས་དང ། སྙིང་རྗེའི་སེམས་སུ་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱིའོ། །བཅོམ་ལྡན་འདས། བདག་གི་སྙིང་པོ་འདི་ནི། དེ་ལྟར་རྫུ་འཕྲུལ་ཆེ་བ་ལགས་སོ། །ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་འབྱད་པར་འགྱུར་ན། ཇི་སྐད་བསྟན་པ་བཞིན་དུ་ནན་ཏན་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང ། སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱིའོ།། 471a ༄#། །སུ་ཞིག་བདག་གི་སླད་དུ་ཚེས་བཅུ་བཞི་འམ། བཅོ་ལྔ་ལ་སྨྱུང་བ་བགྱིས་ན། དེ་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས། བདག་གི་མིང་འཛིན་པ་ནི། དོན་མཆིས་ཏེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་བས་ལྷག་ལགས་སོ། །བདག་གི་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི། ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར། བྲོ་ནད་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར། སྒྲིབ་པ་ཐམས་ཅད་དང ། ལུས་དང ། ངག་དང ། ཡིད་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་ཆོ་ག་བཞིན་དུ་སྦྱོར་བ་བགྱིད་ན། དེ་དག་གི་སུག་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་སེམས་ཅན་ཐམས་ཅད་ལ་དེ་ལྟར་སྙིང་རྗེ་ཆེ་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཐབས་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་ནུས་ཏེ། ངས་ཀྱང་སྙིང་པོ་འདི་བཟུང་ཞིང་རྗེས་སུ་ཡི་རང་བ་བྱས་ཀྱི། རིགས་ཀྱི་བུ། ཁྱོད་ཀྱིས་སྨྲོས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་ 471b དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྙིང་པོ་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། ཨརྷ་ཏེ་བྷྱཿ ། སམྱཀྶཾ་བྷུདྡྷེ་བྷྱཿ ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མེ་བ་རེ། ཨི་ལི་མི་ལི། ཙི་ཏི་ཙཝ་ལ་མ་པ་ན་ཡེ་སཝཱ་ཧཱ། འདིའི་ཆོ་ག་ནི། སྒྲུབ་མི་དགོས་པར་ལས་ཐམས་ཅད་བྱེད་དེ།་རིམས་ཉིན་གཅིག་པ་དང ། ཉིན་གཉིས་པ་དང ། ཉིན་གསུམ་པ་དང ། ཉིན་བཞི་པ་དང ། འབྱུང་པོ་དང ། མཁའ་འགྲོ་མ་དང ། འདྲེ་དང ། ལུས་སྲུལ་པོ་དང ། བརྗེད་བྱེད་དང ། ལྦ་བ་དང ། འབྲས་ཀྱི་ཕྲེང་བ་དང ། བས་བླྔགྶ་ལ་སོགས་པ་དང ། དུག་དང ། ཕོལ་མིག་དང ། གཡན་པ་ལ་སོགས་པ་ལ་འཇིམ་པ་ལ་བསྔགས་ཏ་བསྐུའོ། །ལན་བདུན་བཟླས་བརྗོད་བགྱིད་ན། ལས་ཀྱི་སྒྲིབ་པ་སྦྱོང་བར་བགྱིད་དོ། །བྱིས་པ་གདོན་གྱིས་ཟིན་པ་ལ་ནི། འབྲུ་མར་རོ། །རྣ་བ་བྲོ་འཚལ་བ་ལ་ནི། རུ་རྟ་དང་ 472a ༄#། །འབྲུ་མར་རོ། །སྨ་ཕྲོ་འཚལ་བ་ལ་གྲོ་བ་བཏགས་ན། དེས་ཞི་བར་འགྱུར་རོ། །བྲོ་ནད་ཐམས་ཅད་ལ་ཡང་སྦྱར་བར་བགྱི་སྟེ། བཀླགས་པས་འགྲུབ་བོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲི་ལེནྡྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། |