རྒྱ་གར་སྐད་དུ། །ཱརྱ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནཱི་ནཱ་མྵྚོ་ཏྟ་ར་ཤ་ཏ་ཀ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། །འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ོཾ་ཨ་མྲི་ཏ། བིནྡུ་ཛ་བ། མ་ཧཱ་སུ་ཁ་སཝཱ་ཧཱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་ཕྱག་གཡས་པ་བརྐྱང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཚིམ་པར་མཛད་ནས་བཀའ་སྩལ་པ། །ཡོན་ཏན་རིན་པོ་ཆེའི་ཚོགས་ཅན་ཁྱོད་ཀྱི་གཟུངས་སྔགས་འདི་བྱུང་བས་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་བསྐྱེད་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས། །གང་ལ་ལ་གཟུངས་སྔགས་འདི་ཐོས་པ་ནི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་སྤྱན་སྔར་དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པར་འགྱུར་རོ། །གང་ལ་ལའི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་ཡང་སྒྲིབ་པ་དང་བྲལ་བར་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་དམ། །ཚེས་བཅོ་ལྔ་ 89b ལ་སྨྱུང་བར་འདུག་ཅིང ། །གསོ་སྦྱོང་དང་ལྡན་པར་བྱས་ཏེ། སྤོས་དང ། བདུག་པ་དང ། མར་མེ་དང ། མེ་ཏོག་ཕྲེང་དང ། བྱུག་པ་ལ་སོགས་པས་མཆོད་ལ་བསྐོར་བ་བྱས་ནས། བཟླས་བརྗོད་བྱས་ན་དམ་པ་ཅི་འདོད་པ་ཐོབ་པར་འགྱུར་ཏེ། སྡིག་པ་ཐམས་ཅད་དང ། སྡུག་བསྔལ་བ་དང ། འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སྤོས་ལ་སོགས་པས་མཆོད་དེ་བཟླས་བརྗོད་བྱས་ན་རྨི་ལམ་དུ་སྟོན་པར་འགྱུར་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང ། །ཉོན་མོངས་པ་དང ། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་ཐོད་ཆེན་པོས་གསུམ་གྱི་དབང་ཕྱུག་དང་ཐབས་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེའི་ནང་ནས་སྟན་ལས་ལངས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བཏུད་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །བྱང་ཆུབ་སེམས་དཔའ་ཚུལ་ཆེ་བ། ཉོན་མོངས་དྲི་མ་ཀུན་ལས་འདས། །ཆོས་དབྱིངས་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཉོན་མོངས་དྲི་མ་ཀུན་སེལ་ཅིང ། ། 90a ༄#། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །སྐྱོན་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ལམ་སྲང་གཅིག་པུའི་ཚུལ་སྟོན་ཅིང ། །ཐེག་པ་གཅིག་པུའི་ཚུལ་གཅིག་པ། །ཐེག་པ་ཆེན་པོའི་ཚུལ་བརྙེས་ཏེ། །ཐེག་པ་དག་པ་ཁྱོད་ཕྱག་འཚལ། །སྣང་བ་ཆེན་པོར་སྣང་བ་བརྙེས། །ཡོན་ཏན་དཀྱིལ་འཁོར་འཇིག་རྟེན་བདག་།ཟླ་བ་བཞིན་དུ་འོད་དཀར་བ། །འཇིག་རྟེན་འདས་པ་ཁྱོད་ཕྱག་འཚལ། །ཐེག་པ་ཆེན་པོ་དག་པ་ཆེ། །སངས་རྒྱས་ཐེག་པ་རྟོགས་གྱུར་ཅིང ། །རྡོ་རྗེའི་དཀྱིལ་འཁོར་རྣམ་གྲངས་པ། །རྡོ་རྗེ་ཆེན་པོ་ཁྱོད་ཕྱག་འཚལ། །དཔའ་བོ་ཆེན་པོ་བདུད་ལས་རྒྱལ། །དར་བ་ཆེ་པོ་ཉོན་མོངས་ཆོམས། །བགེགས་ཐུབ་གཤིན་རྗེ་ཐུབ་པ་སྟེ། །རིན་ཆེན་དྲ་བ་ཁྱོད་ཕྱག་འཚལ། །ཟླ་བ་ཆེན་པོ་ཉི་མ་ཆེ། །ལྷུན་པོ་ཆེན་པོ་དབང་ཕྱུག་ཆེ། །ལྷ་ཆེན་མགོན་པོ་ཆེན་པོ་སྟེ། །འབྱོར་པ་ཆེན་པོ་ཁྱོད་ཕྱག་འཚལ། །སྒྲིབ་པ་ཐམས་ཅད་གཅོད་མཛད་ཅིང ། །སྒྲིབ་པ་ཐམས་ཅད་སེལ་མཛད་པ། །ཀུན་མཁྱེན་ཡོན་ཏན་བདག་ཉིད་ཆེ། །རྣམ་སེལ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱོད་ཡུལ་བཞུགས་པ་སྟེ། ཆོས་ཀྱི་སྤྱོད་ཡུལ་གཤེགས་པ་ལགས། །ཡེ་ཤེས་དབང་ཕྱུག་ཡེ་ཤེས་ཆེ། །སྲེད་བྲལ་ཁྱོད་ལ་ཕྱག་འཚལ་ 90b ལོ། །སྐུ་མཛེས་ཡོན་ཏན་སྙིང་པོ་མཁྱེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །སངས་རྒྱས་ལམ་སྟེ་དོན་ཡོད་ཆེ། །ཡེ་ཤེས་དག་པ་ཁྱོད་ཕྱག་འཚལ། །བསྟན་པ་གནས་དབང་བདག་པོ་སྟེ། །བདེ་མཛད་ཐུགས་ཀྱང་ཞི་བ་སྟེ། །ཡངས་པ་དྲི་མེད་ཤེས་རབ་ཅན། །སྣང་བ་དག་པ་ཁྱོད་ཕྱག་འཚལ། །ཟབ་ཅིང་བརྟན་ལ་རྣམ་པར་གནོ་ན། །ཞི་བ་འཇིག་རྟེན་དག་པར་མཛད། །སྟོན་པ་སྐྱབས་འོས་སྲིད་གསུམ་ན། །དཔའ་བཙན་ཁྱོད་ལ་ཕྱག་འཚལ་ལོ། །སྐལ་བ་ཆེན་པོ་ཉོན་མོངས་བཅོམ། །འཁོར་བའི་དཀྱིལ་འཁོར་འཇོམས་པ་སྟེ། །ཞི་བ་ཞི་མཛད་བདེ་འབྱུང་བ་།ཆུ་བོ་ཞི་མཛད་ཁྱོད་ཕྱག་འཚལ། །ཐར་པའི་རྒྱུ་སྟེ་ཆོས་ལུགས་ཆེ། །བདེ་འགྲོར་གནས་པ་དྲི་མ་མེད། །རྣམ་དག་ཐུགས་མངའ་ཞི་བ་མཁྱེན། །ཉེས་སེལ་ཁྱོད་ལ་ཕྱག་འཚལ་ལོ། །རྩེ་མོ་ཡངས་པ་རྣམ་པར་གྲགས། །སྔགས་ཆེན་མང་པོས་འདུལ་མཛད་པ། །སྙིང་པོ་ཆེན་པོ་དཀྱིལ་འཁོར་མཆོག་།དཀྱིལ་འཁོར་མཁྱེན་པ་ཁྱོད་ཕྱག་འཚལ། །སྡུག་བསྔལ་གསུམ་སེལ་གསུམ་གྱི་མཆོག་།དཀོན་མཆོག་གསུམ་དང་སྤྱོད་ཡུལ་འདྲ། །རྣམ་གསུམ་མཁྱེན་པ་བརྙེས་པའི་བདག་།རྣམ་ཐར་གསུམ་ཁྱོད་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི། །འབྱོར་པ་ 91a ༄#། །བརྙེས་ཤིང་མཉམ་ཉིད་བརྙེས། །བསྐལ་པ་དག་ནི་གྲངས་མེད་པར། །ཚོགས་ཆེན་བསགས་ཁྱོད་ཕྱག་འཚལ་ལོ། །ས་ལ་གནས་པ་ས་ཆེན་བརྙེས། །ས་ཡི་འབྲས་བུ་ཕུན་སུམ་ཚོགས། །ཡང་དག་ས་འཛིན་ལས་བྱུང་བ། །ཡེ་ཤེས་ས་ཁྱོད་ཕྱག་འཚལ་ལོ། །ཏིང་ངེ་འཛིན་ལ་མངའ་བརྙེས་པ། །ཉེས་གསུམ་སྤོང་ཞིང་སྡིག་པ་སེལ། །ཏིང་འཛིན་མཁྱེན་ཅིང་རྒྱ་ཆེ་བ། །མཉམ་པ་ཉིད་མཉམ་ཁྱོད་ཕྱག་འཚལ། །མགོན་པོ་ཆེན་པོ་སྣང་བ་ཆེ། ། སྡུག་བསྔལ་ཆེན་པོའི་དྲི་མ་སེལ། །ཞི་གྱུར་མ་ལུས་ཞི་མཛད་པ། །ཡོན་ཏན་ཕ་མཐའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་མཚུངས་གསུང་ལྡན་པ། །ཆོས་ཀུན་ཞི་བ་ཕུན་སུམ་ཚོགས། །དཀོན་མཆོག་གསུམ་རིགས་དཔེ་མེད་པ། །རིན་ཆེན་མཐའ་ཡས་ཁྱོད་ཕྱག་འཚལ། །རྡོ་རྗེ་ཆེན་པོ་དྲི་མེད་མཆོག་།རྡོ་རྗེ་མཚོན་བསྣམས་སྡིག་མི་མངའ། །ནམ་མཁའ་མ་ལུས་ཡུལ་དང་ལྡན། །ཡེ་ཤེས་སྤྱོད་ཡུལ་རྒྱ་མཚོ་མངའ། །དེ་བཞིན་གཤེགས་དང་ཡུལ་གཅིག་པ། །སེལ་བ་པོ་སྟེ་དྲི་མ་སྦྱོང ། །ཤེས་རབ་ཆེན་པོ་རྒྱལ་བའི་སྲས། །སྲེད་གཅོད་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཀྱིལ་འཁོར་རྡོ་རྗེའི་མཆོག་།རྡོ་རྗེ་འདུལ་བ་རྡོ་རྗེ་འཆང་།། 91b རྡོ་རྗེ་རྩལ་ཅན་རྣམས་ཀྱི་རྩལ། །རྡོ་རྗེ་སྣང་བ་ཁྱོད་ཕྱག་འཚལ། །རིན་ཆེན་ཆེན་པོ་རིན་ཆེན་བློ། །རིན་ཆེན་རྡོ་རྗེའི་འོད་ཆེ་བ། །རིན་ཆེན་འོད་མཛེས་རིན་ཆེན་འབྱུང ། ། རིན་ཆེན་བསྟན་པ་སྲུང་མཛད་པ། །སྟོང་པ་ཉིད་ཀྱི་ཡུལ་བརྙེས་ཤིང ། །ཡེ་ཤེས་སྟོང་པ་ཉིད་ཀྱིས་སྟོན། །སྟོང་ཉིད་ལོངས་སྤྱོད་ཡུལ་དང་ལྡན། །སྟོང་ཉིད་མཆོག་ཁྱོད་ཕྱག་འཚལ་ལོ། །ཤེས་རབ་མཚུངས་མེད་ཤེས་རབ་ཅན། །དགེ་བ་རྣམ་དག་ས་དང་བྲལ། །ཆོས་གཅིག་ལས་བྱུང་སྣང་བ་པོ། །འཇིག་རྟེན་འདས་པའི་ཚུལ་ཆེན་ལགས། །འཇིག་རྟེན་སྣང་མཛད་སྨྲ་མཁས་པ། །འཇིག་རྟེན་ཆོས་ལས་སྣང་བར་འདས། །འཇིག་རྟེན་མཁྱེན་པའི་ཡོན་ཏན་བརྙེས། །བརྒྱན་པར་མཛད་པ་དཀྱིལ་འཁོར་དག་།ཉེས་པ་མ་ལུས་སེལ་བ་སྟེ། །ཕྱག་ཆེན་སྐྱེ་བོ་ཀུན་ལ་ཕན། །ས་འཛིན་རྣམ་པར་གྲགས་པ་པོ། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། ། དགའ་མཁྱེན་དགའ་ལ་ལོངས་སྤྱོད་པ། །དགའ་བའི་རིགས་མཆོག་རྣམས་ཀྱི་མཆོག་།དགའ་བར་མཛད་པའི་རྟོག་པ་ཅན། །དགའ་བ་ལྡན་པ་ཁྱོད་ཕྱག་འཚལ།། སྒེག་ཆེན་འཛིན་ཅིང་དགོངས་པར་ལྡན། །རྣམ་པར་སྒེག་ལ་སྤྱོད་པ་བརྟན། །རྡོ་རྗེ་རིག་པ་སྒེག་པའི་མཆོག་།སྒེག་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ 92a ༄#། །བྱང་ཆུབ་སེམས་དཔའི་མཆོག་།རྡོ་རྗེ་མཆོག་གི་དཀྱིལ་འཁོར་ཆེ། །ཐེག་པ་ཆེན་པོའི་ཚུལ་ལ་གནས། །བླ་མེད་མཆོག་ཁྱོད་ལ་ཕྱག་འཚལ། །དཔའ་བོ་བྱང་ཆུབ་སེམས་དཔའི་མཆོག་།སྒྲིབ་པ་ཐམས་ཅད་སེལ་མཛད་ལ། །རྡོ་རྗེའི་དཀྱིལ་འཁོར་འཁོར་རྣམས་ཀྱིས། །མིང་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། །རྡོ་རྗེ་བསྟན་པ་རྣམ་གྲགས་པ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཀྱེ་མ་འབྱོར་ཆེན་སྣང་བ་ཡིས། །དཀྱིལ་འཁོར་རྒྱལ་བའི་དཀྱིལ་འཁོར་བ། །གང་ཞིག་མིང་བརྒྱ་རྩ་བརྒྱད་པ། །འདི་དག་སོ་སོར་རྗོད་བྱེད་ན། །དེ་ནི་ཉེས་པ་ཀུན་ཟློག་ཅིང ། །རྟག་ཏུ་དེ་ཡི་ཕྱི་བཞིན་འབྲང ། །ནང་པར་ལངས་ནས་གཙང་མ་ཡིས། །སྒྲིབ་པ་ཐམས་ཅད་སེལ་བ་ལ། །བློ་ལྡན་གང་ཞིག་བསྟོད་བྱེད་པ། །དེ་ཡི་སྡིག་པ་མེད་པར་འགྱུར། །གང་ཞིག་མིང་བརྒྱ་རྩ་བརྒྱད་མཆོག། ནང་པར་ལངས་ནས་རྗོད་བྱེད་པ། །སྡང་བ་ཐམས་ཅད་དེ་དབང་འགྱུར། །བགེགས་རྣམས་ཀྱིས་ཀྱང་ཡོངས་སུ་བཏང ། །སྡིག་པ་དག་པ་འཐོབ་པ་དང ། །དེ་བཞིན་བསོད་ནམས་འཕེལ་བ་དང ། །ཡེ་ཤེས་རྒྱ་མཚོ་ལོངས་སྤྱོད་ཅིང ། །ས་མཆོག་ཆེན་པོ་ཐོབ་པར་འགྱུར། །གང་ཞིག་ངེས་པར་གནས་བྱས་ལ། །མིང་བརྒྱ་རྩ་ 92b བརྒྱད་མཆོག་འདོན་པ། །དེས་ནི་འབྱོར་ཆེན་སངས་རྒྱས་ས། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །རྒྱུད་ཆེན་ལྡན་ཞིང་བློ་ཆེ་བ། །གང་ཞིག་མིང་མཆོག་འདོན་པ་ནི། །རྡོ་རྗེ་དཀྱིལ་འཁོར་བསྟན་པ་ལ། །རིང་པོར་མི་ཐོགས་འཇུག་པར་འགྱུར། །བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །། |