rKTs


H614

(e-text produced by ACIP)

see text in transliteration
66a
རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་ནཱ་མ་ཨཥྚོ་ཏྟ་ར་ཤ་ཏ་ཀ་དྷཱ་ར་ཎི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་རང་གི་སྙིང་པོ་སྨྲས་པ། ན་མསྟྲཻ་ཡ་དྷྭི་ཀཱ་ནཱན། སརྦ་ཐཱ་ག་ཏཱ་ནཱན། ཏ་དྱ་ཐཱ། ཨོཾ་ས་ར་ས་ར། སུ་རུ་སུ་རུ། དྷ་ར་དྷ་ར། མ་ཧཱ་དྷ་ར། ཙ་ར་ཙ་ར། མ་ཧཱ་ཙ་ར། བྷ་ར་བྷ་ར། མ་ཧཱ་བྷ་ར། ཀམྤ་ཀམྤ། མ་ཧཱ་ཀམྤ་ཧཱུཾ། མ་ཧཱ་སྥ་ར་ཎ། དྷརྨ་ཨ་གྲ་སཱ་ག་ར་སཝཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀྱེ་མ་གཟུངས་ཆེན་པོ་འདི་ནི་ཡོན་ཏན་ཆེ་བ་སྟེ། མཐའ་ཡས་པར་ཁྱབ་པ། བསྐལ་པ་བྱེ་བ་ཕྲག་མང་པོར་ཡང་ཤིན་ཏུ་ཐོས་པར་དཀའ་བ། སངས་རྒྱས་འབྱུང་བ་ཐམས་ཅད་སྟོན་པ། དེ་བཞིན་གཤེགས་པ་གྲངས་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྙེད་ཀྱིས་བསྙེན་བཀུར་མཛད་པ། སྒྲིབ་པ་དང ། སྡུག་བསྔལ་བ་དང ། འཁྲུག་པ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་ཐམས་ཅད་ལས་ཐར་བར་བྱེད་པ། སེམས་ཅན་གྱི་ཁམས་མཐའ་ཡས་མུ་མེད་པ་ཡོངས་སུ་ཐར་བར་བྱེད་པ་
66b
སྟེ།་ཤིན་ཏུ་དཀོན་པའོ། །དེ་ནས་རྡོ་རྗེ་དཀྱིལ་འཁོར་གྱི་འཁོར་ལྷ་དང ། ལྷ་མ་ཡིན་དུ་བཅས་པ་ནོར་བུའི་ཅོད་པན་གྱིས་བསྒྱིངས་པ། རྒྱན་ཕྲེང་རབ་ཏུ་གཡོ་བ་རྣམས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའི་མཆོག་འཕགས་པ་བྱམས་པ་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། དཔའ་བོ་ཆེན་པོ་ཐབས་བརྙེས་པ། །རྒྱལ་ཚབ་མི་ཡི་བདག་པོ་སྟེ། །འཇིག་རྟེན་བདག་པོ་རྣམ་པར་གསལ། །དར་བ་ཆེན་པོ་མངོན་པར་རྒྱས། །ཚན་ཆེན་སྟོབས་ལྡན་ཆེ་བ་སྟེ།། དེ་བཞིན་གཤེགས་ཤིང་རྡུལ་དང་བྲལ། །དབང་ཆེན་བརྩེ་ལྡན་འོད་ལྡན་པ། །ས་ཡི་དབང་ཕྱུག་རྣམ་པར་གནོན། །རྒྱལ་ཆེན་མཚོན་ཆེ་བརྒྱ་པ་སྟེ། །མཚོན་ཆ་ཆེན་པོ་རྡོ་རྗེའི་མཚོན། །ཡོན་ཏན་འོད་རྒྱས་བསྒྱིངས་པ་སྟེ། །ནོར་བུའི་རྣ་ཆའི་རྒྱན་ཐོགས་པ། །སྲིད་གསུམ་དགེ་ན་དཔའ་བའི་སྐུ། །རྒྱ་མཚོ་ལྟ་བུའི་སྤྱོད་ཡུལ་ཅན།། ལྷུན་པོ་ཟླ་འབྱིན་ཏི་སེ་ཡི། །རྩེ་ནས་དཀྱིལ་འཁོར་འཆར་བ་པོ། །དཀྱིལ་འཁོར་ཆེན་པོ་ལོངས་སྤྱོད་པ། །རབ་ཏུ་དགའ་བ་དེ་བཞིན་དེས། །ཡོངས་སུ་དགའ་ལྡན་ཆེན་པོའི་ལྷ། །ཆེ་བ་ལྷ་རྣམས་ཀུན་གྱི་མཆོག་།སངས་རྒྱས་གདུང་བརྒྱུད་རྒྱས་མཛད་ཅིང ། །སངས་རྒྱས་དཀྱིལ་འཁོར་རྒྱན་དང་ལྡན། །སངས་རྒྱས་ལོངས་སྤྱོད་
67a
༄#། །ལོངས་པར་སྤྱོད། །སངས་རྒྱས་བསྟན་པ་སྟོན་པ་པོ། །ཏི་སི་ཟླ་འབྱིན་བཞིན་དུ་གནས། །ས་ཡི་དབང་ཕྱུག་བདེ་མཛད་པ། །རྡོ་རྗེའི་པདྨ་ལེགས་པར་སྐྱེས། །ཆོས་ཀྱི་ལོངས་སྤྱོད་ལོངས་པར་སྤྱོད། །ས་དང་མཉམ་པ་ཐུབ་པར་དཀའ། །སྣང་བར་བྱེད་པ་འབྱུང་བ་པོ། །སྲིད་གསུམ་ཡེ་ཤེས་ཉི་མ་ལགས། །གཙོ་བོ་ཆེན་པོ་ཆེར་གྲགས་པ། །སེངྒེ་ཆེན་པོ་སྟོབས་པོ་ཆེ། །ཆ་ལུགས་ཆེན་པོ་ཞལ་ཆེ་བ། །སྐྱེ་བོ་ངན་དང་སྡུག་བསྔལ་འདུལ། །རྡོ་རྗེ་བྱི་རུ་བཻ་ཌཱུརྱ། ། ནོར་བུའི་དབུ་ཐོད་རྒྱན་དུ་ཐོགས། །བྱི་རུ་གསེར་གྱི་གཅལ་བཀྲམ་ལ། །སྐུ་ཆེན་ཞབས་ཀྱི་སྟབས་ཀྱིས་གཤེགས། །ཞལ་གདངས་ཉི་མ་དུ་མའི་གཟི། །ལྕང་ལོ་ཅོད་པན་དབུ་ཐོད་ཅན། །རིག་སྔགས་འཆང་བརྒྱས་ཞབས་ལ་གཏུགས། །བརྗེད་པར་བྱ་བ་རྣམས་ཀྱིས་མཆོད། །ནོར་བུ་རྒྱན་འགུལ་འོད་ཟེར་གྱིས། ། བྲང་གི་ཕྱོགས་རྣམས་དག་པར་བྱས། །ཅོད་པན་ཅན་ཏེ་འོད་འཚེར་བ། །ཉི་མ་བྱེ་བ་བརྒྱ་འོད་ལྡན། །རིན་ཆེན་སྣ་ཚོགས་མཆོག་བཀྲམ་ཞིང ། །དྲི་མེད་དཀྱིལ་འཁོར་རབ་ཏུ་འཕྲོ། །རླུང་གིས་མ་ལུས་བསྐྱོད་པ་ཡི། །འབར་བ་ཆེན་པོའི་ལྟ་བ་ཅན། །འོད་ཟེར་མང་པོས་ཕོག་པ་ཡི། །ཕན་པའི་ཐབས་ནི་རབ་སྟོན་པ། །
67b
བརྗིད་པའི་ཚུལ་གྱིས་བཤད་པ་ཡི། །འོད་ཀྱི་ཞལ་གསལ་རྔ་ཡབ་བསྐྱོད། །དཔུང་རྒྱན་འོད་ཟེར་སྤེལ་མར་བཀོད། །ཚོན་བྲིས་ཤིན་ཏུ་མཛེས་པར་འཚེར། །ལྷུན་པོ་ཕྲད་ཅིང་འཁྲུག་པ་ལྟར། །ཧ་ཧ་ཞེས་པའི་སྒྲ་ཆེན་སྒྲོག་།རྡོ་རྗེ་ཆེན་པོའི་རྩེ་མོ་ཅན། །ཤིན་ཏུ་དགའ་མཛད་བདེ་སྦྱིན་པ། །བྱམས་པའི་དཀྱིལ་འཁོར་གོ་ཆར་བགོས།། བཙན་པ་ཀུན་ལས་རྣམ་པར་རྒྱལ། །སྙིང་རྗེའི་སྟོབས་ལས་བྱུང་བ་སྟེ། །མཚོན་ཆ་ཆེན་པོ་ཤིན་ཏུ་འབར། །བྱམས་པ་བྱམས་པའི་རྟོག་པ་ཅན། །ཀུན་ནས་དཔའ་བའི་དཀྱིལ་འཁོར་བ། །མ་ཕམ་ཐུབ་མེད་དག་པ་སྟེ། །སངས་རྒྱས་ཆ་ལུགས་མཉམ་མེད་ཆེ། །བྱམས་པའི་སྙིང་པོ་སྙིང་པོ་ཆེ། །བྱམས་པའི་པདྨ་ལས་བྱུང་བ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་ཅན། །རྡོ་རྗེའི་བསྟན་པའི་དཀྱིལ་འཁོར་བ། རིག་སྔགས་འཆང་བ་རྣམས་ཀྱིས་བཏུད། །དེ་བཞིན་བསྟེན་ཅིང་བསྟོད་པའོ། །གྲུབ་པ་ཆེན་པོའི་རིག་སྔགས་གྲུབ། །རྡོ་རྗེའི་དཀྱིལ་འཁོར་མཛེས་པར་མཛད། །ཐམས་ཅད་གྲུབ་མཛད་གྲུབ་པ་པོ། །སངས་རྒྱས་གདུང་གི་སྡོང་ཆེན་ལགས། །གསང་སྔགས་ཆེན་པོའི་རྣམ་པར་ངེས། །མདོ་སྡེའི་བཀོད་པ་མདོ་སྡུད་པ། །ངེས་གྱུར་ངེས་པའི་འོད་སྒྲོན་གྱི། །སྣང་བས་དྲི་མ་སེལ་བར་མཛད། །འབར་བརྩ་དམར་འོད་སྣང་བ། །དཀྱིལ་འཁོར་དཀར་
68a
༄#། །པོ་ཆེ་བ་སྟེ། །གཞུང་དང་མཐུན་པའི་ཆོས་དབྱིངས་དང ། །ཉེ་བར་གྱུར་ཅིང་ཤིན་ཏུ་ངེས། །སཝཱ་ཧཱ་སཝཱ་ཧཱའི་བདག་པོ་མཆོག་།འོད་ཟེར་བདེ་ལེགས་བདེ་ལེགས་མཛད། །སྟོབས་ཆེ་འཆང་བ་བཀྲ་ཤིས་པ། །ཉི་མ་འདྲ་སྟེ་སྙོམས་པ་ལགས། །སྟོབས་བྱེད་རྒྱལ་བའི་ལོངས་སྤྱོད་ལྡན། །མཁའ་ལྟར་དྲི་མེད་སྤྱོད་ཡུལ་ཅན། །དཔའ་བོ་རྡོ་རྗེ་འཇོམས་པར་མཛད། །རྡོ་རྗེ་ཆེན་པོ་རབ་སྒྲུབ་པ། །སྒྲུབ་པ་པོ་སྟེ་རྩོད་པ་མེད། །དཀྱིལ་འཁོར་ལྡན་པ་རྡོ་རྗེས་སྟོན། །རླུང་ཆེན་ཤུགས་ཀྱིས་བསྐྱོད་པ་ཡི། །གཡོ་དང་འབྲུག་སྒྲོག་སྒྲ་ལྡན་པ། །སངས་རྒྱས་སྤྱོད་ཡུལ་པདྨ་སྟེ། །དེ་བཞིན་ཉིད་ཀྱི་མཚོ་ལས་སྐྱེས། །མངོན་ཤེས་ཆེན་པོ་མངོན་ཤེས་བརྙེས། །ཁྱབ་བདག་སངས་རྒྱས་ཀུན་དང་མཉམ། །དེ་ནས་ས་ཡི་དབང་ཕྱུག་པོ། །བྱམས་པའི་དཀྱིལ་འཁོར་བྱམས་པ་ལ། །བསྟོད་ནས་ཀུན་མཁྱེན་གནོད་བྲལ་བ། །ཐུབ་པའི་ཉི་མས་བཀའ་སྩལ་པ། །ཀྱེ་མ་མིང་བརྒྱ་རྩ་བརྒྱ་མཆོག་།མིང་གི་ཡོན་ཏན་འོད་ལྡན་ལ། །བདེ་དང་ཕུན་སུམ་ཚོགས་སྒྲུབ་པ། །ཐབས་ཆེན་བླ་ན་མེད་པ་སྟེ། །མིང་བརྒྱ་རྩ་བརྒྱད་འདི་དག་ནི། །འཇིག་རྟེན་ཀུན་གྱིས་བདེ་སྐྱེད་པ། །འདི་ནི་བཏོན་པ་ཙམ་གྱིས་ཀྱང ། །སྡིག་པ་ཐམས་ཅད་དག་པར་འགྱུར། །སྡིག་
68b
པ་དག་ལས་རྒྱལ་བ་ཡི། །བྱམས་པ་བསྟོད་པའི་གནས་པོ་ལ། །མིང་བརྒྱ་རྩ་བརྒྱད་དམ་པ་འདིས། །མིང་ནི་ལ་ལ་གང་བསྟོད་པ། །དེ་ལ་ལྷ་ལ་སོགས་ཀུན་དང ། །ལག་ན་རྡོ་རྗེ་སྟོབས་ཆེན་རྣམས། །རྟག་པ་ཉིད་དུ་སྡུག་བསྔལ་ཀུན། །གཏན་དུ་བསལ་ཕྱིར་བརྩོན་པར་བྱེད། །གང་ཞིག་མིང་བརྒྱ་རྩ་བརྒྱད་མཆོག་།མྱུར་དུ་འདོན་པའི་མི་དེ་ནི། །སངས་རྒྱས་ས་ཡང་ཐོབ་འགྱུར་ཏེ། །འདི་ལ་ཐེ་ཚོམ་ཡོང་མེད་དོ། །ནང་པར་མལ་ནས་ལངས་ནས་ནི། །གང་ཞིག་བྱམས་པའི་སེམས་ཀྱིས་བསྟོད། །དེ་ལ་བྱམས་པ་རྟོགས་པ་ཡི། །བྱམས་པ་བདེ་ལེགས་བྱེད་པར་འགྱུར། ། དེ་ཕྱིར་དྲི་མ་ཐམས་ཅད་སེལ་བྱེད་ཅིང ། །སྡིག་འཇོམས་ཡོན་ཏན་ཐམས་ཅད་བསྐྱེད་པ་དང ། །དེ་བཞིན་འཇིག་རྟེན་སྡུག་བསྔལ་སེལ་བ་ཡི། །མིང་བརྒྱ་རྩ་བརྒྱད་ཆེད་དུ་དག་པར་ལྷོགས།། འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །།