རྒྱ་གར་སྐད་དུ། ཨཱརྱ་ཨ་བྷི་ཥིཉྩ་ནི་ནཱ་མ་དྷ་ཎཱི། བོད་སྐད་དུ། འཕགས་པ་དབང་བསྐུར་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་གྲངས་མེད་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། ཁྱོད་ཀྱིས་འདེ་ལྟ་སྟེ། བྱང་ཆུབ་སེམས་དཔའི་མ་དང ། བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་དང ། བདེན་པའི་སྨོན་ལམ་དང ། བྱང་ཆུབ་སེམས་དཔས་ཡོངས་སུ་བཟུང་བ་དང ། བྱང་ཆུབ་སེམས་དཔའི་ཆོས་འདི་དག་སྒོམས་ཤིག། སྟོན་ཅིག། འདི་ལྟ་སྟེ། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཟུངས་ནི། ཡུལ་ལ་མི་གནས། ཕྱོགས་ན་མི་གནས་ན། བཅོམ་ 429a ༄#། །ལྡན་འདས། གཟུངས་ཞེས་བགྱི་བ་ལ། བཅོམ་ལྡན་འདས། གཟུངས་ཞེས་བགྱི་བ་འདིའི་ཚིག་གི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཤཱ་རིའི་བུ། ལེགས་སོ་ལེགས་སོ། ཤཱ་རིའི་བུ། ཁྱོད་འདི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང ། ཐེག་པ་ཆེན་པོ་ལ་མངོན་པར་བརྩོན་པ་དང ། ཐེག་པ་ཆེན་པོ་ལྷག་པར་བྱེད་པ་དང ། ཁྱོད་གཟུགས་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པར་སྟོན་པ་ཡང་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། གཟུངས་ནི། ཆོས་ཉིད་ཀྱིས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་མ་ཡིན་ཏེ། ཤཱ་རིའི་བུ། གཟུངས་ནི། འདས་པ་ཞེས་མི་འཆད། མ་འོངས་པ་ཞེས་མི་འཆད། ད་ལྟར་བྱུང་བ་ཞེས་མི་འཆད། དངོས་པོར་མི་འཆད། དངོས་པོ་མེད་པར་མི་འཆད། མཚན་མ་དང ། མཚན་མ་མེད་པར་མི་འཆད། ཆོས་གང་སྐྱེ་བའི་ཕྱིར་རམ། འགག་པའི་ཕྱིར་མི་འཆད་མོད་ཀྱི། ཤཱ་རིའི་བུ། འོན་ཀྱང་བྱང་ཆུབ་སེམས་དཔའ་ལ་ཕན་པར་བཞེད་པའི་ཕྱིར་ཆོས་སྟོན་ཏེ། གང་འདི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ནི། གཟུངས་མེད་པར་བྱ་བའི་ལམ་དུ་གྱུར་པ། རིགས་པའི་སྟོབས་ཀྱིས་གནས་པ། སངས་རྒྱས་ཀྱི་ཡོན་ 429b ཏན།་སངས་རྒྱས་ཀྱི་ལྷག་པར་བྱ་བ་སྒྲུབ་པ། སངས་རྒྱས་ཀྱི་ཚུལ་ཁྲིམས། སངས་རྒྱས་ཀྱི་བསྡུས་པ། སངས་རྒྱས་ཀྱི་མཚམས་སྦྱོར་བ། སངས་རྒྱས་འབྱུང་བའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ལ་གནས་ཤིང་གཟུངས་དེ་ཐོབ་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང ། དམ་བཅའ་བ་བཟང་བ་དང ། ཆོས་ལ་མི་གནས་པ་དང ། བདག་ཐེ་ཚོམ་མ་མཆིས་པ་དང ། སློབ་དཔོན་མ་མཆིས་པ་དང ། རང་གི་ལམ་ལ་གནས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཤཱ་རིའི་བུ། ལེགས་སོ་ལེགས་སོ། །ཤཱ་རིའི་བུ། གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་ཉིད་དུ་བརྗོད་དོ། །ཤཱ་རིའི་བུ། གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ལ་བསྟི་སྟང་བྱེད་དམ། བླ་མར་བྱེད་དམ། རིམ་གྲོར་བྱེད་དམ། མཆོད་ན། དེས་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་བྱས་པར་འགྱུར་རོ།། གང་དག་གིས་གཟུངས་འདི་ཐོས་པ་དང ། གང་དག་མོས་པ་དེ་དག་ཀྱང་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་མཆོད་པའི་འོས་སུ་འགྱུར་ཞིང ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ 430a ༄#། །བར་འགྱུར་རོ། །ཤཱ་རིའི་བུ། གཟུངས་ནི། འདི་ལྟ་སྟེ། སནྡྷ་ར་ཎཱི། ཨུཏྟ་ར་ཎི། སན་པྲ་ཏིཥྛི་ཏེ། ཨུཏྟ་མ་སུ་པྲ་ཏིཥྛི་ཏེ། བི་ཛ་ཡ་བ་ལ། སརྦ་པྲ་ཏི་ཛྙཱ། ཨ་ཧ་ར་ཛྙཱ་ན་པ་ཏི། ཨུཏྤ་ད་ནི། བི་ནི་མཱ་ནཱི་ཨ་བྷི་ཥིཉྩ་ནི། ཨ་བྷི་བྷ་ཧ་ར། ཤུ་བྷ་བ་ཏི། ཨ་ནི་ཤྲི་ཏ། བ་ཧུ་ཀུ་བྷ། ཨ་བྷི་པ་ཙ། ཤཱ་རིའི་བུ། འདི་དག་ནི། དབང་བསྐུར་པ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་མིང་རྣམས་ཏེ། འདས་པ་རྣམས་དང ། མ་འོངས་པ་རྣམས་དང་ད་ལྟར་བྱུང་བ་རྣམས་དང་ལེགས་པར་གནས་པ་རྣམས་བྱང་ཆུབ་སེམས་དཔའ་གང་གིས་ལེགས་པར་བཟུང་སྟེ་འཆད་པ་དེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བསྐལ་བ་བརྒྱ་དང ། བསྐལ་པ་སྟོང་དག་ཏུ་སྨོན་ལམ་གྱིས་ཟད་པར་བྱེད་པར་མི་འགྱུར། དེ་ལ་མཚོན་གྱིས་མི་ཚུགས་པར་འགྱུར། མེ་དང་སྲོག་ཆགས་མི་སྲུན་པ་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤཱ་རིའི་བུ།་གཟུངས་འདི་ནི། འདས་པའི་སངས་རྒྱས་རྣམས་ཀྱི་ཡུམ་མོ། །ཤཱ་རིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་གྲངས། མེད་པ་བཅུ་མཐར་ཆགས་སུ་གང་བའི་སངས་རྒྱས་རྣམས་ལན་བཟའ་དང ། ཞལ་ཟས་བཟང་པོས་བསྐལ་པ་གྲངས་མེད་པར་དབུལ་བ་བྱས་པ་བས། རིགས་ཀྱི་བུའམ་ 430b རིགས་ཀྱི་བུ་མོ་གཞན་གང་གིས་གཟུངས་འདི་ལས་ཐ་ན་ཚིག་གཅིག་ཙམ་བཟུང་བ་དེ་པས་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་།དབང་བསྐུར་བའི་གཟུངས་འདི་ནི། སངས་རྒྱས་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དབང་བསྐུར་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང ། དཱ་ནཱ་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། |