rKTs


H56

(e-text produced by ACIP)

see text in transliteration
1b
༄##། །རྒྱ་གར་སྐད་དུ། ཨཱརྱ་བོ་དྷི་སཏྭ་པི་ཊ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ།་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ། ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་དབྱར་གནས་
2a
༄##། །སུ་གནས་ནས་ཟླ་བ་གསུམ་འདས་ཏེ་དགག་དབྱེ་མཛད་ནས་ཆོས་གོས་མཛད་དེ་ཆོས་གོས་ཟིན་ནས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གཤེགས་ཏེ། བཅོམ་ལྡན་འདས་ལ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། རྒྱལ་པོ་དང ། བློན་པོ་དང ། མུ་སྟེགས་ཅན་སྣ་ཚོགས་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། ཁྱིམ་བདག་རྣམས་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བླ་མར་བྱས། བཀུར་སྟིར་བྱས།
2b
རི་མོར་བྱས། མཆོད་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་དང ། ཞལ་ཟས་དང ། མལ་སྟན་དང ། ན་བའི་གསོས་སྨན་དང ། ཡོ་བྱད་མང་པོ་ཡང་བརྙེས་སོ། །འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ། བླ་ན་མེད་པ།་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། དེས་ལྷར་བཅས་པ་དང ། བདུད་དུ་བཅས་པ་དང ། ཚངས་པར་བཅས་པ་དང ། དགེ་སྦྱོང་དང ། བྲམ་ཟེར་བཅས་པའི་སྐྱེ་རྒུའི་འཇིག་རྟེན་འདི་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ཟིལ་གྱིས་མནན་ཏེ་རང་གི་མངོན་པར་ཤེས་པས་མངོན་དུ་བྱས་ནས་བསྒྲུབས་ཏེ་བཞུགས་ཤིང ། དེས་ཆོས་སྟོན་པ་ནི། ཚངས་པར་
3a
༄#། །སྤྱོད་པ།་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ།་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་རབ་ཏུ་སྟོན་ཏོ། །ཞེས་བཅོམ་ལྡན་འདས་ཀྱི་དགེ་བར་གྲགས་པའི་སྒྲ་ཚིགས་སུ་བཅད་པ་རྒྱ་ཆེན་པོ་ཡང་མངོན་པར་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཡུལ་མ་ག་དྷའི་ལྗོངས་རྒྱུ་ཞིང་མཐར་གྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གང་ན་ཡོད་པ་དེར་གཤེགས་ཏེ། བྱོན་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་ཞེས་བྱ་བ་སྔོན་དགེ་བའི་རྩ་བ་བསྐྱེད་པ། སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་པ། ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ། བདག་དབང་བ་མང་བ། ནོར་དང་ཡོ་བྱད་
3b
མང་བ།་གསེར་དང་དངུལ་མང་བ། ནོར་དང་འབྲུས་ཡོངས་སུ་གང་བའི་མཛོད་དང ། བང་བ་མང་བ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་མང་པ། གླང་པོ་ཆེ་དང ། རྟ་དང ། བ་ལང་དང ། ལུག་མང་བ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་མང་བ་ཞིག་གནས་ཏེ། དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་རིགས་ལས་མངོན་པར་བྱུང་ནས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་ཡུལ་མ་ག་དྷའི་ལྗོངས་རྒྱུ་ཞིང་གཤེགས་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བྱོན་ནས་དེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། དེས་ཆོས་སྟོན་པ་ནི། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ།་ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་རབ་ཏུ་སྟོན་ཏོ། །ཞེས་དགེ་སྦྱོང་
4a
༄#། །གཽ་ཏ་མ་དེའི་དགེ་བར་གྲགས་པའི་སྒྲ་ཚིགས་སུ་བཅད་པ་རྒྱ་ཆེན་པོ་དེ་ལྟ་བུ་ཡང་མངོན་པར་བྱུང་བ་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་གིས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལྟ་བུ་དག་མཐོང་ན་ལེགས་པར་འགྱུར་གྱི། བདག་དགེ་སྦྱོང་གཽ་ཏ་མ་དེ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་ཁྱིམ་བདག་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ངོ ། །བཅོམ་ལྡན་འདས་ཀྱང་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་མནབས། ཆོས་གོས་དང་ལྷུང་བཟེད་བསྣམས་ནས་དགེ་སློང་གི་དགེ་འདུན་གྱིས་བསྐོར་ཞིང ། དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ཏེ་སྤྱོད་ལམ་མཛེས་པ་དང ། མངོན་དུ་གཤེགས་པ་དང ། ཕྱིར་ལྡོག་པ་མཛེས་པ་དང ། གཟིགས་པས་རྣམ་པར་གཟིགས་པ་མཛེས་པ་དང ། བརྐྱང་བ་དང་བསྐུམ་པ་མཛེས་པ་དང ། ཆོས་གོས་སྣམ་སྦྱར་དང ། ན་བཟའ་དང ། ལྷུང་བཟེད་བསྣམས་པ་མཛེས་པ་དང ། ཀུན་ནས་མཛེས་པས་བསོད་སྙོམས་ཀྱི་ཕྱིར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ། །ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་དང ། ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་གིས་བཅོམ་ལྡན་འདས་མཛེས་ཤིང་
4b
དགའ་བར་འགྱུར་བ། དབང་པོ་ཞི་བ། ཡིད་ཞི་བ། དུལ་བ་དང་ཞི་གནས་དམ་པ་བརྙེས་པ། གླང་པོ་ལྟར་དབང་པོ་དུལ་བ། མཚོ་ལྟར་དྭངས་ཤིང་གསལ་བ། རྙོག་པ་མེད་པ། ལྷ་དུ་མས་མཆོད་པ། གནོད་སྦྱིན་དུ་མས་མཆོད་པ། མི་དུ་མས་མཆོད་པ། གསེར་གྱི་ཁ་དོག་གི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ།་མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབེབས་ཤིང ། མེ་ཏོག་གི་ཆུ་བོ་ཆེན་པོ་རབ་ཏུ་འབེབས་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་པདྨ་འདབ་མ་བྱེ་བ་བརྒྱ་ཕྲག་སྟོང་ཡོད་པ་ལ་ཞབས་འདོར་ཞིང་གཤེགས་པ་རྒྱང་རིང་པོ་ནས་མཐོང་སྟེ། སྤྱོད་ལམ་བརྒྱ་སྟོང་མང་པོས་གཤེགས་པ་རྒྱང་རིང་པོ་ནས་མཐོང་ནས་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ཏོ། །དེ་དག་སེམས་དད་པར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་དང ། ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གཽ་ཏ་མ་དཔལ་གྱིས་འཁོར་འདི་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་ལྡན་འདས་གཽ་ཏ་མ་གཟི་བརྗིད་ཀྱིས་འཁོར་འདི་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་
5a
༄#། །ལྡན་འདས་གཽ་ཏ་མ་འོད་ཀྱིས་འཁོར་འདི་དག་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་ལྡན་འདས་གཽ་ཏ་མ་གཟུགས་ཀྱིས་འཁོར་འདི་ཟིལ་གྱིས་གནོན་པར་མཛད་དོ། །བཅོམ་ལྡན་འདས་གཽ་ཏ་མ་སྐུའི་ཁ་དོག་གསེར་ལྟ་བུའོ། །བཅོམ་ལྡན་འདས་གཽ་ཏ་མ་ནི། སྐུས་ལུས་ཅན་བདེ་བ་མྱོང་བར་མཛད་པའོ། །བཅོམ་ལྡན་འདས་གཽ་ཏ་མ་ནི།་དངོས་པོ་ཐམས་ཅད་ཀྱིས་མི་མཉམ་པ་དང་མཉམ་པའོ། །བཅོམ་ལྡན་འདས་གཽ་ཏ་མ་ནི། འཇིག་རྟེན་ཐམས་ཅད་ཀྱིས་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ལགས་ན། བཅོམ་ལྡན་འདས་གཽ་ཏ་མ། བདག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་གཽ་ཏ་མས་ཅི་ཞིག་གཟིགས་ནས་ཁབ་ནས་ཁབ་མ་མཆིས་པར་རབ་ཏུ་བྱུང་སྙམ་དུ་སེམས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་གིས་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་དོ། །རྒྱལ་བའི་དཔལ་དང་གྲགས་དང་གཟུགས་དག་ནི། ། སྔོན་ཆད་བདག་གིས་ཇི་སྐད་ཐོས་གྱུར་པ། །དེ་བས་ལྷག་པར་གསེར་གྱི་གཟུགས་བཞིན་དུ། །མཛེས་དང་ལྡན་པར་ལྷམ་མེར་རབ་ཏུ་གདའ། །གཟུགས་ནི་ཤིན་ཏུ་མཛེས་ཤིང་བལྟ་ན་སྡུག་།སྐུ་ཡི་ཁ་དོག་གསེར་གྱི་མདོག་འདྲ་བས། །སྐར་མ་དག་གི་དབུས་ན་ཟླ་བ་ལྟར། །དགེ་སློང་མང་པོའི་དབུས་ན་མཛེས་པར་མཛད། །མི་མཆོག་གི་ནི་
5b
སྤྱི་བོ་བལྟར་མི་གདའ། །རི་རབ་བཞིན་དུ་མངོན་པར་འཕགས་པར་གདའ། །གཙུག་གི་སྤྱི་བོ་ལྷ་ཡི་གདུགས་བཞིན་དུ། །ཀུན་ནས་བྱིན་གྱིས་གཞོལ་བར་གྱུར་པ་ལགས། །དབུ་ཡི་སྐྲ་ནི་འཇམ་ཞིང་རབ་མཉེན་ལ། །ནད་རྙིལ་དང་སྟང་ཟིལ་ཁ་དོག་འདྲ། །གཡས་སུ་འཁྱིལ་ལ་ཤིན་ཏུ་འཇམ་པ་སྟེ། །རྨ་བྱའི་མགྲིན་པ་ཇི་བཞིན་ཉིད་དུ་གདའ། །སྨྲ་བ་མཆོག་གི་དཔྲལ་བ་ཤིན་དུ་མཉམ། །ཁྱོད་ཀྱི་སྨིན་ཚུགས་འཇའ་ཁུག་ལྟ་བུ་སྟེ། །འོད་གསལ་བ་ནི་སྐར་མའི་རྒྱལ་པོ་ལྟར། །རྡུལ་བྲལ་སྨིན་མཚམས་སྤུ་ནི་ཤིན་ཏུ་མཛེས། །སྤྱན་བཟང་ཁྱོད་ཀྱི་སྤྱན་ནི་དགར་འགྱུར་བ། །འགྲོ་བ་རྣམས་ལ་མཐོང་ན་མཛེས་ཤིང་དགའ། །བདག་ནི་བལྟ་བས་ངོམས་པར་མི་འགྱུར་ཏེ། །མགོན་པོ་རྣམ་དག་སྤྱན་ལ་བདག་ཕྱག་འཚལ། །སྐྱེས་བུ་དམ་པའི་ཤངས་ནི་བྱིན་གྱིས་མཉམ། །ཇི་ལྟར་གསེར་གྱི་རི་ལྟར་རབ་ཏུ་གདའ། །ཁྱོད་ཀྱི་སྒྲོས་ནི་བིམ་པ་བྱི་རུ་བཞིན། །དག་ཅིང་རྣམ་དག་ནོར་བུ་རིན་ཆེན་འདྲ། །དུལ་ལ་དགྱེས་པའི་ཚེམས་ནི་མཛེས་པ་སྟེ། །སྣང་བར་བྱེད་པ་རབ་ཏུ་དཀར་བའི་ཚེམས། །པདྨའི་རྩ་བ་བ་ཞོ་ཆུ་སྐྱར་འདྲ། །སྲ་ཞིང་དམ་ལ་ཐགས་བཟང་ཤིན་དུ་དག ། ཚེམས་དང་ཚེམས་ནི་མཉམ་ཞིང་ཤིན་ཏུ་འབྱོར། །རྒྱལ་བའི་མཆེ་བ་མཛེས་ཤིང་རྡུལ་མི་མངའ། །ངང་པའི་ཁྱུ་ན་ངང་བའི་རྒྱལ་པོ་ནི། །རྣམ་དག་དཀར་ཞིང་རབ་ཏུ་དཀར་བ་
6a
༄#། །བཞིན། །བདེ་བར་གཤེགས་པའི་ལྗགས་ཀྱིས་ཞལ་ཁེབས་ཏེ། །ུཏྤལ་དམར་པོ་རྣམ་དག་ཟངས་ཀྱི་མདོག་།ཉི་མ་འཆར་ཚོ་ནོར་བུ་དག་མདོག་བཞིན། །སྲབ་ལ་རིང་ཞིང་སྐྱོན་མེད་ཤིན་དུ་ཡངས། །གཽ་ཏ་མ་ཡི་སྙན་ནི་རབ་ཏུ་ལེགས། །སེངྒེའི་འགྲམ་པ་སེངྒེ་འཇིགས་མེད་བཞིན། །ཚངས་བཅས་འཇིག་རྟེན་ལྷ་དང་མི་ལ་ཡང ། །བདག་གིས་གང་ཡང་མ་ཐོས་མ་མཐོང་ངོ ། །བདེ་གཤེགས་མཐུ་ཡིས་མགུར་ན་མཐོང་བ་ནི། །མགུར་གྱི་མིད་པ་གཙང་ལ་འོད་གསལ་ཏེ། །དྲང་པོ་དབུས་སུ་འགྲོ་བ་ཡོན་པོ་གསལ། །རོ་ཡི་རོ་མཆོག་མི་དང་ལྷ་ཡི་ལྷ། །དཔུང་མགོ་རབ་ཏུ་ཟླུམ་ཞིང་ཐལ་གོང་རྒྱས། །བདུན་པོ་མཐོ་བ་འཇིག་རྟེན་ཀུན་ཏུ་གྲགས། །མགོན་པོ་མི་དབང་སྙིང་པོ་དཔལ་གྱིས་ཀྱང ། རི་ཡི་རྩེ་ལ་ཉི་མ་འཆར་བ་བཞིན། །མཐོ་བ་གཉིས་ནི་ཞབས་ཀྱི་མཐིལ་ནས་སྐྱེས། །ཕྱག་ལས་གཉིས་སྐྱེས་ཐལ་གོང་གཉིས་སྐྱེས་ཏེ། ། མཐོ་བ་གཅིག་ནི་ལྟག་པ་ཉིད་ན་གཅིག། དགེ་ཞིང་དག་སྟེ་འོད་གསལ་རབ་ཏུ་རྒྱས། །བཅོམ་ལྡན་གཽ་ཏ་མ་ཡི་ཕྱག་རིང་བ། །ཇི་ལྟར་གླང་པོའི་རྒྱལ་པོའི་སྣ་བཞིན་ནོ། ། ཕྱག་གཉིས་པོ་ནི་འདུད་པ་མ་བགྱིས་པར། །པུས་མོ་གཉིས་ལ་ཕྱག་གིས་རབ་ཏུ་རེག་།སྐུ་ཡི་རོ་སྟོད་སེངྒེ་བཞིན་དུ་འཕགས། །སྐུ་ནི་སྲེད་མེད་བུ་ལྟར་རབ་ཏུ་བརྟན། །ནྱ་གྲོ་དྷ་
6b
བཞིན་ཆུ་ཞེང་གབ་པའི་སྐུ། །བཟོད་པའི་སྟོབས་དང་ལྡན་པ་སྟོབས་པོ་ཆེ། །སྐུ་ཡི་སྤུ་རྣམས་གཡས་འཁྱིལ་གྱེན་དུ་ཕྱོགས། །རེ་རེར་སྐྱེས་ཤིང་ཤིན་ཏུ་འཇམ་པ་སྟེ། །ཇི་ལྟར་པདྨ་ཆུ་དང་འདམ་མི་གོས། །དེ་བཞིན་རྡུལ་དང་དུ་བས་མི་གོས་སོ། །རྟ་མཆོག་དུལ་བ་ཡི་ནི་ཇི་ལྟ་བར། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་ཅེས་གདའ། །བརླ་ནི་རབ་ཟླུམ་སྨྱིག་མའི་སྙིང་པོ་བཞིན། །ཁྱོད་ཀྱི་རྗེ་ངར་བྱིན་གྱིས་རིམ་བཞིན་མཆིས། །ཞབས་གོང་དུང་ལྟར་མཐོ་ཞིང་རྟིང་པ་ཆེ། །ཁྱོད་ཀྱི་ཕྱག་དང་ཞབས་ནི་དྲ་བས་འབྲེལ། །སེན་མོ་རིང་ཞིང་སོར་མོ་ཉི་ཤུ་མཉམ། །སེན་མོ་ཟངས་འདྲ་སོར་སེན་མེ་ཏོག་ཅན། །ཁྱོད་ཀྱི་ཞབས་མཐིལ་འཁོར་ལོ་རབ་ཀྱི་མཚན། །རྩིབས་མ་སྟོང་ལྡན་རབ་ཏུ་འོད་གསལ་བ། །ལོང་བུས་ལོང་བུ་འཐབ་པར་མི་འགྱུར་ཞིང ། །གོམ་པ་དག་ནི་ས་ལ་ཡོང་མི་འདོར། །ས་ལ་ཀུན་ཏུ་སོར་བཞི་མི་རེག་པར། །འཇིག་རྟེན་རྣམས་ཀྱི་གཙོ་བོ་རབ་གཤེགས་ཏེ། །ཁྱོད་ནི་གང་དུ་གོམ་པ་བོར་བར་ཡང ། །རིན་ཆེན་པདྨ་སྐྱེ་བ་ངོ་མཚར་ཏོ། །རྒོད་པར་མ་གྱུར་དལ་ཞིང་བརྟན་པར་གཤེགས། །སྟག་དང་ལྷ་དབང་འགྲོས་ཀྱིས་གཞན་གནོན་ཞིང ། །བག་ཚ་མེད་པར་སྟབས་ནི་བསྒྱིངས་ཏེ་གཤེགས། །དཔའ་བོ་ཁྱོད་ཀྱི་འགྲོས་འདྲ་སུ་ལའང་མེད། །མི་མ་ལགས་པ་རྣམས་ཀྱིས་བར་སྣང་ལས། །ལྷ་ཡི་མེ་ཏོག་ཆར་ནི་རབ་འབེབས་ཤིང ། །གླུ་དབྱངས་སྒྲས་ནི་ཁྱོད་ལ་མཆོད་པར་བགྱིད། །ཆོ་
7a
༄#། །འཕྲུལ་འདི་འདྲ་འདི་དག་རྨད་དུ་བྱུང ། །ཁྱོད་ཀྱི་གཟུགས་ནི་རྣམ་ཐོས་བུ་བས་ལྷག་།གཟི་བརྗིད་དག་ནི་ཉི་མ་བརྒྱ་བས་འཕགས། །ཚངས་བཅས་ལྷ་མིར་བཅས་པའི་འཇིག་རྟེན་ན། །ཁྱོད་འདྲའང་མེད་ན་ལྷག་པ་ག་ལ་མཆིས། །བདག་གིས་ཁྱོད་ཀྱི་ཆོ་འཕྲུལ་མཆོག་མཐོང་ནས། །ཡོན་ཏན་ལྷག་པ་གང་དག་གཟིགས་གྱུར་ན། །དེ་བཞེད་པས་ན་མི་དབང་རབ་བྱུང་སྙམ། །བདག་ནི་དེ་ལ་ཐེ་ཚོམ་འཚལ་བར་གྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཚོང་དཔོན་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མའོ་ཁྱིམ་བདག། འཇིག་རྟེན་གནས་པ་འདི་ནི། གཙེ་བ་བཅུས་གཙེས་པར་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བས་གཙེ་བ་དང ། རྒ་བས་གཙེ་བ་དང ། ན་བས་གཙེ་བ་དང ། འཆི་བས་གཙེ་བ་དང ། མྱ་ངན་གྱིས་གཙེ་བ་དང ། སྨྲེ་སྔགས་འདོན་པས་གཙེ་བ་དང ། སྡུག་བསྔལ་གྱིས་གཙེ་བ་དང ། ཡིད་མི་བདེ་བས་གཙེ་བ་དང ། འཁྲུག་པས་གཙེ་བ་དང ། འཁོར་བས་གཙེ་བ་དང་བཅུ་སྟེ། ཁྱིམ་བདག། འཇིག་རྟེན་གནས་པ་གཙེ་བ་འདི་བཅུས་གཙེས་པར་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ། །ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །
7b
འཁོར་བའི་སྒྲོམ་དུ་ཆུད་པ་ཡི། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །སྐྱེ་བས་ཉེ་བར་གཙེས་པ་དང ། །ནད་དང་རྒ་བས་རབ་ཏུ་གཟིར། །མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན། །འཆི་བའི་དབང་དུ་སོང་མཐོང་ནས། །སྲིད་པའི་སྒྲོམ་ལས་ཐར་བྱ་ཞེས། །བསྐྱབ་པའི་ཕྱིར་ནི་མངོན་པར་བྱུང ། །ཀྱེ་མའོ་ཁྱིམ་བདག། འཇིག་རྟེན་གནས་པ་འདི་ནི། ཞེ་སྡང་ཞིང་ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུས་གཅིག་ལ་གཅིག་མནར་སེམས་སུ་བྱེད་པར་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་ལ་གནོད་པ་བྱས་སོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། གནོད་པ་བྱེད་དོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། གནོད་པ་བྱེད་པར་འགྱུར་རོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་གི་མཛའ་བོ་ལ་གནོད་པ་བྱས་སོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་གི་མཛའ་བོ་ལ་གནོད་པ་བྱེད་དོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་གི་མཛའ་བོ་ལ་གནོད་པ་བྱེད་པར་འགྱུར་རོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་དང་མི་མཛའ་བའི་དོན་བྱས་སོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་དང་མི་མཛའ་བའི་དོན་བྱེད་དོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་དང་མི་མཛའ་བའི་དོན་བྱེད་པར་འགྱུར་རོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་
8a
༄#། །དང ། གནོད་པའི་རབ་ཏུ་སྡང་བ་ཉིད་དང་བཅུའོ། །ཁྱིམ་བདག། ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུ་པོ་ནི། དེ་དག་ཡིན་ཏེ། ཀུན་ནས་མནར་སེམས་ཐམས་ཅད་སེལ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ། །ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཀྱེ་མའོ་སེམས་ཅན་ཞེ་སྡང་སྟེ། གཅིག་ལ་གཅིག་ནི་ཕན་ཚུན་དུ། །ཀུན་ནས་མནར་སེམས་དངོས་པོ་བཅུས། །ཀུན་ལ་ཀུན་ནས་མནར་སེམས་གྱུར། །བདག་དང་བདག་གི་ཉེ་དུ་ལ། །གནོད་པ་བྱས་དང་བྱེད་པ་དང ། །གནོད་པ་བྱེད་པར་འགྱུར་རོ་ཞེས། །དེ་ཡི་ཀུན་ནས་མནར་སེམས་སྐྱེ། །གང་རྣམས་བདག་དང་མི་མཛའ་བ། །དེ་དག་གི་ནི་དོན་བྱས་དང ། །བྱེད་དོ་བྱེད་པར་འགྱུར་རོ་ཞེས། །དེ་ཡི་ཀུན་ནས་མནར་སེམས་སྐྱེ། །གནོད་པའི་སྡང་དང་བཅུ་ཡིན་ཏེ། ། གང་གི་མནར་སེམས་འཕེལ་འགྱུར་བ། །དེ་མཐོང་ཀུན་ནས་མནར་སེམས་རྣམས། །མི་འདོད་པས་ན་རབ་ཏུ་བྱུང ། །ཀྱེ་མའོ་ཁྱིམ་བདག། འཇིག་རྟེན་གནས་པ་འདི་ནི། ལྟ་བར་བྱས་པ་ལྟ་བ་ངན་པའི་ཐིབས་པོ་བཅུས་ལྟ་བར་བྱས་པ་སྣ་ཚོགས་དང ། ལྟ་བ་ངན་པའི་ཐིབས་པོ་དག་གིས་ནོན་པར་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བར་
8b
གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། སེམས་ཅན་དུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། སྲོག་ཏུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། གང་ཟག་ཏུ་ལྟ་བར་གྱུར་བ་ལྟ་བ་ངན་པའི་ཐིབས་པོ་དང ། ཆད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། བྱ་བ་མེད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། རྒྱུ་མེད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། མི་མཐུན་པའི་རྒྱུར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། ལོག་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང་བཅུའོ། །ཁྱིམ་བདག། ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དེ་དག་ཡིན་ཏེ། ལྟ་བ་ཐམས་ཅད་གཞིག་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ། ། ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །བདག་ཏུ་ལྟ་དང་སེམས་ཅན་ལྟ། །སྲོག་ཏུ་ལྟ་བ་རྣམས་ཀྱི་ཡང ། །ལྟ་བ་ཐིབས་པོས་རབ་ཏུ་གཡོགས། །རྟག་དང་ཆད་པར་ལྟ་བ་དང ། །བྱ་མེད་ལྟ་ལ་གནས་པ་དག་།ཡང་དག་ལྟ་ལ་དགོད་དོ་ཞེས། །དེ་ཕྱིར་ང་ནི་རབ་ཏུ་བྱུང ། །ཀྱེ་མའོ་ཁྱིམ་བདག། འཇིག་རྟེན་གནས་པ་འདི་ནི། ཟུག་རྔུ་ཆེན་པོ་བཅུས་བསྐལ་པ་གྲངས་མེད་པ་བྱེ་བ་
9a
༄#། །ཁྲག་ཁྲིག་བརྒྱ་སྟོང་དུ་ཟུག་རྔུས་ཟུག་པར་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲེད་པའི་ཟུག་རྔུ་དང ། མ་རིག་པའི་ཟུག་རྔུ་དང ། འདོད་པའི་ཟུག་རྔུ་དང ། འདོད་ཆགས་ཀྱི་ཟུག་རྔུ་དང ། ཞེ་སྡང་གི་ཟུག་རྔུ་དང ། གཏི་མུག་གི་ཟུག་རྔུ་དང ། ང་རྒྱལ་གྱི་ཟུག་རྔུ་དང ། ལྟ་བའི་ཟུག་རྔུ་དང ། འབྱུང་བའི་ཟུག་རྔུ་དང ། འཇིག་པའི་ཟུག་རྔུ་དང་བཅུའོ། ། ཁྱིམ་བདག། ཟུག་རྔུ་ཆེན་པོ་བཅུ་པོ་ནི། དེ་དག་ཡིན་ཏེ། ཟུག་རྔུ་ཐམས་ཅད་བསལ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ། །ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྲིད་པའི་ཟུག་རྔུས་ཟུག་པ་རྣམས། །ཐོག་མའི་མཐའ་ནི་མི་ཤེས་ཏེ། །མ་རིག་པ་ཡིས་མདོངས་བྱས་ནས། །མུན་པ་ནས་ནི་མུན་པར་འགྲོ་།སྲིད་པའི་ཟུག་རྔུས་ཟུག་པ་དང ། །འདོད་ཆགས་ཟུག་རྔུས་རྒྱུས་པ་དང ། །ཞེ་སྡང་ཟུག་རྔུས་བརྒྱལ་བས་ན། །ཕུང་པོ་དག་ནི་ལེན་པར་བྱེད། །གཏི་མུག་གི་ནི་ཟུག་རྔུས་དཀྲིས། །ང་རྒྱལ་དག་གི་ཟུག་རྔུས་སྙེམས། །འབྱུང་བ་དང་ནི་འཇིག་པ་ན། །ལྟ་བའི་ཟུག་རྔུས་མི་འཕྲོད་འགྱུར། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །ཕན་ཚུན་ཚིག་གི་མཚོན་ཆ་ཡིས། །འདི་ནི་རྫུན་གྱི་འདི་བདེན་ཞེས། །ཕན་ཚུན་དུ་ནི་རྩོད་པར་བྱེད། །ཟུག་རྔུས་ཟུག་པའི་སེམས་ཅན་གྱི། །སྐྱབས་དང་དཔུང་
9b
གཉེན་འགྱུར་བ་ཡི། །ཟུག་རྔུ་འབྱིན་པ་དེ་བཞིན་གཤེགས། །འཇིག་རྟེན་འདིར་ནི་འབྱུང་བར་འགྱུར། །གཞན་ཡང་ཀྱེ་མའོ་ཁྱིམ་བདག། འཇིག་རྟེན་གནས་པ་འདི་ནི། སྲིད་པའི་རྩ་བ་ལས་བྱུང་བའི་ཆོས་བཅུ་པོ་དག་གིས་རྩ་བའི་གནས་ལ་རབ་ཏུ་གནས་པ་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲེད་པ་ལ་བརྟེན་ནས་ཀུན་ཏུ་ཚོལ་བ་དང ། ཀུན་ཏུ་ཚོལ་བ་ལ་བརྟེན་ནས་རྙེད་པ་དང ། རྙེད་པ་ལ་བརྟེན་ནས་ང་ཡིར་འཛིན་པ་དང ། ང་ཡིར་འཛིན་པ་ལ་བརྟེན་ནས་རྣམ་པར་ངེས་པ་དང ། རྣམ་པར་གདོན་མི་ཟ་བ་ལ་བརྟེན་ནས་འདུན་པའི་འདོད་ཆགས་དང ། འདུན་པའི་འདོད་ཆགས་ལ་བརྟེན་ནས་ལྷག་པར་ཆགས་པ་དང ། ལྷག་པར་ཆགས་པ་ལ་བརྟེན་ནས་སེར་སྣ་དང ། སེར་སྣ་ལ་བརྟེན་ནས་ཡོངས་སུ་འཛིན་པ་དང ། ཡོངས་སུ་འཛིན་པ་ལ་བརྟེན་ནས་ཡོངས་སུ་སྲུང་བ་དང ། ཡོངས་སུ་སྲུང་བ་ལ་བརྟེན་ནས་སྡུག་བསྔལ་བ་སྟེ། ཡོངས་སུ་སྲུང་བའི་གཞི་ལས་དབྱིག་པ་ཐོགས་པ་དང ། མཚོན་ཆ་ཐོགས་པ་དང ། འཐབ་པ་དང ། མཚང་འདྲུ་བ་དང ། འགྱེད་པ་དང ། རྩོད་པ་རྣམས་འབྱུང་ངོ ། །དེའི་ཁྱིར་ཕྲ་མ་ལ་སོགས་པ་སྡིག་པ་མི་དགེ་བའི་ཆོས་རྣམ་པ་མང་པོ་འབྱུང་བར་འགྱུར་ཏེ། ཁྱིམ་བདག། སྲེད་པའི་རྩ་བ་ལས་བྱུང་བའི་ཆོས་བཅུ་པོ་དེ་དག་གིས་འཇིག་རྟེན་གནས་པ་རབ་ཏུ་གནས་པར་མཐོང་ནས་རྩ་བ་མེད་པ་གནས་མེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ། །
10a
༄#། །ཞེས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །འདི་ལ་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྲེད་པས་མིད་པའི་སེམས་ཅན་རྣམས། །འདི་ནས་འདིར་ནི་ཀུན་ཏུ་ཚོལ། །རྙེད་པ་རྙེད་ནས་ང་ཡིར་འཛིན། །དེ་ལས་རྣམ་པར་ངེས་པར་འགྱུར། །བྱ་བ་འདི་དག་བྱའོ་ཞེས། །འདུན་པའི་འདོད་ཆགས་རབ་ཏུ་འཕེལ། །འདུན་པའི་འདོད་ཆགས་འཕེལ་བས་ན། །ལྷག་པར་ཆགས་ཕྱིར་སེར་སྣ་འགྱུར། །སེར་སྣའི་ཉེས་པས་འཇིག་རྟེན་ན། །ཀུན་ཏུ་འཛིན་པ་སྲ་བར་འགྱུར། །ཡོངས་སུ་འཛིན་པ་ཀུན་སྲུང་བ། །རྒྱུན་མི་འཆད་པ་འབྱུང་བར་འགྱུར། །བྱས་པ་ཀུན་དུ་བསྲུང་བའི་ཕྱིར། །དབྱིག་པ་དང་ནི་མཚོན་འདེབས་ཤིང ། །སྡིག་པ་ཐམས་ཅད་བྱེད་པས་ན། །དེ་ལས་སྡུག་བསྔལ་འཕེལ་བར་འགྱུར། །སྲེད་པའི་གཞི་ལས་སྡུག་བསྔལ་ཀུན། །ཤིན་ཏུ་འབྱུང་བར་མཐོང་བས་ན། །རྩ་བ་མེད་ཅིང་གནས་པ་ཡི། །བྱང་ཆུབ་དམ་པ་རྟོགས་པར་འདོད། །གཞན་ཡང་ཀྱེ་མའོ་ཁྱིམ་བདག། འཇིག་རྟེན་གནས་པ་འདི་ནི། ལོག་པའི་ཆོས་བཅུས་ལོག་པ་ཉིད་དུ་ངེས་པར་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ལོག་པའི་ལྟ་བ་དང ། ལོག་པའི་རྟོག་པ་དང ། ལོག་པའི་ངག་དང ། ལོག་པའི་ལས་ཀྱི་མཐའ་དང ། ལོག་པའི་འཚོ་བ་དང ། ལོག་པའི་རྩོལ་བ་དང ། ལོག་པའི་དྲན་པ་དང ། ལོག་པའི་ཏིང་ངེ་འཛིན་དང ། ལོག་པའི་རྣམ་
10b
པར་གྲོལ་བ་དང ། ལོག་པའི་ཤེས་པ་དང་བཅུ་སྟེ། ཁྱིམ་བདག། འཇིག་རྟེན་གནས་པ་འདི་ནི། ལོག་པའི་ཆོས་བཅུ་པོ་དེ་དག་གིས་ལོག་པར་ངེས་པ་མཐོང་ནས་ལོག་པ་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་དག་ལོག་པའི་ལྟ་ཆགས་དང ། །ལོག་པར་རྟོག་པའི་སྤྱོད་ཡུལ་དང ། །ལོག་པའི་ཚིག་ཏུ་སྨྲ་བ་དང ། །ལོག་པའི་ལས་མཐའ་སྤྱོད་པ་དང ། །ལོག་པའི་འཚོ་དང་ལོག་རྩོལ་དང ། །ལོག་པའི་དྲན་དང་མཉམ་པར་འཇོག་།ལོག་པའི་རྣམ་གྲོལ་རྫོགས་པ་དང ། །ལོག་པའི་ཤེས་ལ་གཞོལ་བ་ཡི། །ལོག་པར་ངེས་པའི་ཕུང་པོ་ནི། །བྱིས་པ་དེ་ལ་གནས་པ་དང ། །ཡང་དག་ཉིད་ལ་དགོད་དོ་ཞེས། །དེ་ཕྱིར་ང་ནི་རབ་ཏུ་བྱུང། །གཞན་ཡང་ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། ལམ་ངན་པར་ཞུགས་ཤིང་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱིས་ཕལ་ཆེར་ངན་སོང་དུ་གཞོལ་བ། ངན་སོང་དུ་འབབ་པ། ངན་སོང་དུ་བབ་པར་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། བརྫུན་
11a
༄#། །དུ་སྨྲ་བ་དང ། ཕྲ་མ་ཟེར་བ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་བ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་དང་བཅུ་སྟེ། ཁྱིམ་བདག ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱིས་འཇིག་རྟེན་གནས་པ་འདི་ལམ་ངན་པར་ཞུགས་ཤིང་ཕལ་ཆེར་ངན་སོང་དུ་གཞོལ་བ་དང ། ངན་སོང་དུ་འབབ་པ། ངན་སོང་དུ་བབ་པར་མཐོང་ནས་ངན་སོང་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྲོག་གཅོད་པ་ཡི་སེམས་ཅན་དང ། །གཞན་གྱི་ནོར་ལ་འཕྲོག་པ་དང ། །འདོད་པས་ལོག་པར་གཡེམ་པ་དག་།སེམས་ཅན་དམྱལ་བར་མྱུར་དུ་འགྲོ། དབྱེན་བྱེད་པ་དང་ཚིག་རྩུབ་དང ། །བརྫུན་དུ་སྨྲ་ཞིང་མི་སྡོམ་པ། །བྱིས་པ་ཀྱལ་བ་སྨྲ་བ་རྣམས། །སོ་སོའི་སྐྱེ་བོ་སླུ་བས་བཅིངས། །གཞན་གྱི་སྤྱོད་ལམ་བརྣབ་སེམས་དང ། །གནོད་སེམས་དག་ནི་མང་བ་དང ། །མི་མང་ལྟ་བ་ལོག་ཞུགས་པ། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །ལུས་ཀྱི་སྡིག་པ་རྣམ་གསུམ་དང ། །ངག་གི་སྡིག་པ་རྣམ་བཞི་དང ། །ཡིད་ཀྱི་སྡིག་པ་རྣམ་གསུམ་ནི། །སྡིག་བྱེད་པ་དག་རབ་ཏུ་
11b
བྱེད། །སྡིག་པའི་ལས་རྣམས་བྱས་པས་ན། །དེ་ཕྱིར་ངན་འགྲོར་འགྲོ་བར་འགྱུར། །ཅི་ནས་ངན་འགྲོར་མི་གཏང་པར། །བསྐྱབ་པའི་ཕྱིར་ནི་རབ་ཏུ་བྱུང ། །གཞན་ཡང་ཀྱེ་མའོ་ཁྱིམ་བདག ། འཇིག་རྟེན་གནས་པ་འདི་ནི། ཀུན་ནས་ཉོན་མོངས་པ་བཅུ་དག་གིས་ཉོན་མོངས་པ་དང ། ཉེ་བའི་ཉོན་མོངས་པ་དང ། ཀུན་ནས་ཉོན་མོངས་པའི་དྲི་མ་དང་ལྡན་པར་མཐོང་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེར་སྣའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། གནོད་སེམས་ཀྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། ལེ་ལོའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། གཡེང་བའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། འཆལ་པའི་ཤེས་རབ་ཀྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། སྲི་ཞུ་མེད་པའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། ཐེ་ཚོམ་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། མ་མོས་པའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། མ་གུས་པའི་དྲི་མས་ཀུན་ནས་ཉོན་མོངས་པ་དང་བཅུ་སྟེ། ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། ཀུན་ནས་ཉོན་མོངས་པ་བཅུ་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པར་མཐོང་ནས་ཀུན་ནས་ཉོན་མོངས་པ་མེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །འདི་ལ་ཆོས་
12a
༄#། །ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །འཇིག་རྟེན་འདི་དག་ཕལ་ཆེར་ནི། །ཀུན་ནས་ཉོན་མོངས་བཅུ་ཡིས་གཟིར། །འདུས་བྱས་ཀུན་ནས་ཉོན་མོངས་དགའ། །ནམ་ཡང་སྐྱོ་བར་བྱེད་མི་འགྱུར། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །སེར་སྣའི་དྲི་མས་ཉོན་མོངས་ཏེ། །བསླབ་པ་ཡང་དག་བཟུང་ནས་ཀྱང ། །སྡོམ་པ་མེད་ཅིང་ཉམས་པར་སྤྱོད། །བྱིས་པ་བཟོད་ལ་རྒྱབ་ཀྱིས་ཕྱོགས། །བརྩོན་འགྲུས་ཆུང་བ་ལེ་ལོ་ཅན། །སེམས་ཀྱང་གནས་པ་མ་ཡིན་པ། །ཤེས་རབ་འཆལ་པ་བླུན་ཞིང་རྨོངས། །ཕ་དང་མ་དང་བུ་ཕོ་དང ། །བླ་མ་ལ་ནི་སྲི་ཞུ་སྤངས། །འཇིག་རྟེན་སྣང་མཛད་སངས་རྒྱས་དག་།མཐོང་ནས་བློ་ངན་ནེམ་ནུར་བྱེད། །ཟབ་མོ་རྒྱལ་བས་གཟིགས་པ་ཡི། །དམ་པའི་ཆོས་ནི་སྤོང་བར་བྱེད། །མུན་པའི་ཕུང་པོས་རབ་ཏུ་ཁེབས། །འཕགས་པའི་ཚོགས་ལ་གུས་མི་བྱེད། །ཀུན་ནས་ཉོན་མོངས་འདི་གཟིགས་ནས། །འདུས་བྱས་གང་ལའང་མི་དགའ་སྟེ། ། ཉོན་མོངས་མེད་པ་འདུས་མ་བྱས། །མྱ་ངན་འདས་པ་ཐོབ་པར་བྱ། །གཞན་ཡང་ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། ཕྲག་དོག་དང་སེར་སྣའི་ཀུན་དུ་སྦྱོར་བ་དང་ལྡན་པར་ཤེས། ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། མ་རིག་པའི་ལིང་ཏོག་གིས་ཁེབས་པར་མཐོང ། ཀྱེ་མའོ་ཁྱིམ་བདག་།འཇིག་
12b
རྟེན་གནས་པ་འདི་ནི། འདི་ལྟ་སྟེ། གཏི་མུག་གི་འོབས་སུ་ཆུད་པར་མཐོང ། ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། འདོད་པའི་རླུང་གིས་དེད་པར་མཐོང ། ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། འདོད་པའི་ཟུག་རྔུས་ཤིན་ཏུ་ཟུག་པར་མཐོང ། ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། ཁྲོ་བ་དང་འཁོན་དུ་འཛིན་པའི་དུ་བས་ཤིན་ཏུ་བདུགས་པར་མཐོང ། ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། འདོད་ཆགས་ཀྱི་མེས་ཀུན་ཏུ་འབར་བར་མཐོང ། ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། ཞེ་སྡང་གི་དུག་གིས་ཁེབས་པར་མཐོང ། ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། སྒྲིབ་པའི་ཚེར་མས་བསྐོར་བར་མཐོང ། །ཀྱེ་མའོ་ཁྱིམ་བདག་།འཇིག་རྟེན་གནས་པ་འདི་ནི། འདི་ལྟ་སྟེ། འཁོར་བའི་འབྲོག་དགོན་པས་བརྩོན་འགྲུས་ཉམས་པར་མཐོང་སྟེ། ཁྱིམ་བདག། འཇིག་རྟེན་གནས་པ་ཡོངས་སུ་འཁྲི་བ་བཅུ་པོ་དེ་དག་གིས་ཡོངས་སུ་དཀྲིས་པར་མཐོང་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །རྒ་བས་སྐྱེས་བུ་རྣམས་ཀྱི་གཞོན་པ་འཇོམས། །གཟུགས་ཀྱང་རྣམ་པར་འཇིག་ཅིང་གཟུགས་ངན་བྱེད། །
13a
༄#། །དྲན་དང་བློ་དང་དགའ་བ་མེད་པར་བྱེད། །འགྲོ་བ་རྣམས་ནི་འཆི་བའི་སྒོ་མོར་ཁྲིད། །ནད་ནི་སྟོབས་དང་དྲག་ཤུལ་རབ་ཏུ་འཇོམས། །མཐུ་དང་ཕ་རོལ་གནོད་པ་ཐམས་ཅད་འཕྲོག་།དབང་པོའི་གྲོང་རྣམས་མཐའ་དག་འཇོམས་པར་བྱེད། །མགོན་མེད་ཤིན་ཏུ་རྟུལ་བ་ཞན་པར་འགྱུར། །འཆི་བ་སྲིན་པོ་ལྟ་བུར་མི་བཟད་དེ། །རྟག་ཏུ་སྐྱེ་རྒུ་རྣམས་ཀྱི་ཕྱི་བཞིན་འབྲང ། །སྟོབས་ཀྱིས་རབ་ཏུ་མནན་ནས་འགྲོ་བ་ཡི། །ཕངས་པའི་ཚེ་ནི་མ་ལུས་ཟད་པར་འཐུང ། །རྒ་བ་དང་ནི་འཆི་བས་སྐྱོ་འགྱུར་ཏེ། །འཇིག་རྟེན་དག་ནི་ནད་ཀྱིས་གཙེས་རིག་ནས། །མི་དགའ་མི་འཆི་ཞི་ཞིང་བདེ་བ་ཡི། །ཆོས་རྣམས་ཚོལ་ཕྱིར་ང་ནི་རབ་ཏུ་བྱུང ། །མེ་གསུམ་གྱིས་ནི་འཇིག་རྟེན་རབ་ཚིག་པ། །འགྲོ་བ་དག་ལ་སྐྱབས་གཞན་མ་མཐོང་ནས། །ང་ནི་སྐྱབས་དང་དཔུང་གཉེན་གྱུར་བྱས་ཏེ། །བདུད་རྩིའི་ཆར་ཕབ་མེ་རྣམས་ཞི་བར་བྱ། །སྐྱེ་རྒུ་དག་ནི་ལམ་རྣམས་རབ་སྟོར་ཅིང ། །མིག་མེད་ལྡོངས་པ་རྨོངས་པར་གྱུར་པ་མཐོང ། །ང་ནི་འཇིག་རྟེན་དག་ལ་མིག་སྦྱིན་ཞིང ། །ལམ་རྣམས་བསྟན་ཕྱིར་ང་ནི་རབ་ཏུ་བྱུང ། །སྒྲིབ་པ་དག་གིས་བསྒྲིབས་ཤིང་ཀུན་བསྒྲིབས་ནས། ཐེ་ཚོམ་ཀུན་ནས་ལངས་པའི་སེམས་ཅན་རྣམས། །ཐེ་ཚོམ་རབ་ཏུ་བསལ་བར་འགྱུར་བ་དང ། །ཆོས་རྣམས་བསྟན་ཕྱིར་ང་ནི་རབ་ཏུ་བྱུང ། །སེམས་ཅན་འདི་དག་ཕན་ཚུན་
13b
མི་མཐུན་ཏེ། །གླགས་དང་སྐབས་ཚོལ་གནོད་པའི་ཉེས་པ་ཅན། །འགྲས་པ་དག་གི་སྡུམས་ནི་བྱ་བ་དང ། །འགྲོ་ལ་ཕན་འདོད་ཕྱིར་ནི་ང་རབ་བྱུང ། །ཕ་དང་མ་དང་སྡུག་པའི་མཆོག་རྣམས་ལ། །ང་རྒྱལ་དབང་གིས་མི་གུས་སེམས་ཅན་དང ། །ང་རྒྱལ་རྒྱལ་མཚན་རབ་ཏུ་བསྙལ་བའི་ཕྱིར། །ཁྱིམ་བདག་དེ་ཕྱིར་ང་ནི་རབ་ཏུ་བྱུང ། །ཆགས་པ་ཡིས་ནི་བསྒྲིབས་པའི་སེམས་ཅན་རྣམས། །རྫོགས་ཕྱིར་ལྟུང་བར་བྱེད་པ་མཐོང་བ་དང ། །ནོར་བདུན་རྒྱ་ཆེན་རབ་ཏུ་རྙེད་གྱུར་ཏེ། །དེས་ནི་སེམས་ཅན་དབུལ་བ་མེད་པར་བྱ། །སེམས་ཅན་འདི་དག་ཕན་ཚུན་གསོད་བྱེད་ཅིང ། །ལུས་ནི་གདོན་མི་ཟ་བར་དོར་དགོས་ཀྱང ། །བྱིས་པ་དོན་མེད་བདག་ལུས་གསོ་མཐོང་ནས། །སྲིད་པ་གསུམ་ལས་ང་ནི་རྣམ་པར་ལོག་།ཇི་ལྟར་ཁྱོད་ནི་དོན་མི་ཤེས་པ་བཞིན། ། དེ་འདྲ་བས་ནི་འཇིག་རྟེན་གསུམ་པོ་གང ། །འཇིག་རྟེན་དག་ལ་དོན་རྣམས་བསྟན་པའི་ཕྱིར། །ཕན་པར་འདོད་པས་ང་ནི་རབ་ཏུ་བྱུང ། །སེམས་ཅན་དམྱལ་བར་ལྷུང་བའི་སེམས་ཅན་དག་།མི་བཟད་རྣམ་པ་སྣ་ཚོགས་མཐའ་ཡས་ཀྱི། །སྡུག་བསྔལ་དྲག་པོ་བྱེད་པར་མཐོང་བས་ན། །དེ་དག་ཐར་པར་བྱ་ཕྱིར་ང་རབ་བྱུང ། །གཅིག་ལ་གཅིག་ནི་གནོད་བྱེད་སེམས་ཅན་རྣམས། །བྱོལ་སོང་འགྲོ་བར་རྣམ་པར་སྤྱོད་མཐོང་ནས། །སྐྱེ་རྒུ་མགོན་མེད་མགོན་ནི་བྱ་བའི་ཕྱིར། །སྙིང་རྗེའི་བསམ་པས་ང་ནི་རབ་ཏུ་བྱུང ། །གཤིན་རྗེ་ཡིས་ནི་གཙེས་པའི་སེམས་
14a
༄#། །ཅན་རྣམས། །བཀྲེས་སྐོམ་མི་བཟང་སྡུག་བསྔལ་གཟིར་མཐོང་ནས། །བྱང་ཆུབ་དམ་པ་ཐོབ་ནས་དེ་དག་ལ། །བདུད་རྩི་རོ་མཆོག་ཁ་ཟས་སྦྱིན་པར་བྱ། །མི་ཡི་ཀུན་ཏུ་ཚོལ་བའི་སྡུག་བསྔལ་དང ། །ལྷ་རྣམས་ཤི་འཕོས་སྡུག་བསྔལ་རིག་ནས་ནི། །འཇིག་རྟེན་གསུམ་ཀུན་སྡུག་བསྔལ་སྡུག་བསྔལ་གྱིས། །ཉེན་པ་མཐོང་ནས་ང་ནི་རབ་ཏུ་བྱུང་ཁྲེལ་བ་དང་ནི་ངོ་ཚ་མེད་པ་དག་།འདོད་པས་རབ་ཏུ་རྒྱལ་པའི་སེམས་ཅན་རྣམས། །མ་དང་སྲིང་མོ་བླ་མའི་ཆུང་མ་ལ། །ཉལ་བ་ཁྱི་དང་ཕག་རྣམས་ཇི་བཞིན་ནོ། །འདོད་པའི་དགའ་བ་ཡིས་ནི་འདི་དག་མིད། །སེམས་ཅན་བུད་མེད་དབང་སོང་འདི་མཐོང་ནས། །ཚོང་དཔོན་བུད་མེད་དག་ནི་མི་འདོད་པས། །ཁྱིམ་ཡང་སྤངས་ནས་ང་ནི་རབ་ཏུ་བྱུང ། །བྱིས་པ་རྣམས་ནི་འདོད་པའི་དགའ་ལ་གནས། །ཐམས་ཅད་སྡིག་པ་རྩོད་པའི་དབང་དུ་སོང ། །བདུད་རྣམས་ཐམས་ཅད་ལ་ནི་དབང་བྱས་ཏེ། །བྱང་ཆུབ་རིམ་པར་འཚང་རྒྱར་ང་རབ་བྱུང ། །ཁྱིམ་ན་གནས་པ་དག་ནི་ཉེས་པ་སྟོང ། །འདི་འདྲ་བ་ཡི་གནོད་པ་འདི་མཐོང་ནས། །ས་རྣམས་ཐམས་ཅད་རྣམ་པར་སྤངས་ནས་ནི། །སྐྱེ་བ་ཟད་པར་བྱ་ཕྱིར་ང་རབ་བྱུང ། །དེ་ནས་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་ཀྱེ་མའོ་འདི་ནི། སངས་རྒྱས་ཡིན་ནོ། །ཞེས་ངོ་མཚར་ཐོབ་པར་གྱུར་ཏེ། །དེ་དག་གིས་སངས་རྒྱས་སོ། །སངས་རྒྱས་སོ། །སྙམ་དུ་རིག་ནས་སྒྲ་སྐད་
14b
མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཚོང་དཔོན་འདུས་པ་ལྔ་བརྒྱ་ཙམ་པོ་དག་།རྒ་བས་འཇིགས་སྐྲག་རྒྱལ་པའི་དྲུང་དུ་མཆིས། །འདི་ལ་ཆོས་མཆོག་དམ་པ་རྒྱ་ཆེ་བ། །རྒ་འཆི་མཐར་འབྱིན་རབ་ཏུ་བཤད་དུ་གསོལ། །སྲིད་པའི་འགྲོ་བ་ཡོངས་དག་བསམ་པ་དག་།བཅོམ་ལྡན་སྲིད་བྲལ་འཇིགས་ལས་རྣམ་པར་གྲོལ། །འབྱུང་བ་འཇིག་པར་མཛད་པ་སྐྱབས་མཛད་དེ། །སྲིད་པའི་ཁྱིམ་ཞུགས་འགྲོ་བ་ཐར་པར་མཛོད། །དཔའ་བོ་འདོད་ཆགས་བྲལ་ཞིང་རྣམ་པར་གྲོལ། །རྡུལ་བྲལ་དྲི་མི་མངའ་ལ་རྣམ་དག་སེམས། །རྡུལ་ལ་མཁས་པ་ཁ་ལོ་སྒྱུར་བའི་མཆོག་།བདུད་རྩི་དམ་པ་ཆོས་ཀྱི་རྒྱུན་ཕྱེ་ཞིག་།སྐྱེས་བུ་དམ་པ་གཟུགས་རབ་མཆོག་འཛིན་པ། །ཁྱོད་འདྲ་ས་དང་ལྷ་ཡུལ་གང་ནའང་མེད། །མི་མཉམ་མཉམ་པ་དམ་པ་འཇིག་རྟེན་གཙོ། །བདེ་བར་གཤེགས་པ་རབ་མཆོག་ཆོས་གསུངས་ཤིག་།དྲི་གསུམ་དྲི་མ་སྤངས་ཤིང་སྐྱོན་མི་མངའ། །མུན་པ་རབ་རིབ་མི་མངའ་རྣམ་དག་སྤྱན། ། མུན་དང་བྲལ་ཞིང་གཏི་མུག་དྲ་བ་བསལ། །རྡུལ་མི་མངའ་བ་མཚུངས་མེད་ཆོས་རྣམས་གསུངས། །འགྲོ་བ་མགོན་མེད་སྡུག་བསྔལ་གྱུར་པ་རྣམས། །སྲིད་པའི་མཚོར་ལྷུང་སྐྱབས་མེད་ཐམས་ཅད་ལ། །ཐུགས་རྗེ་བརྩེ་བ་བསྐྱེད་དེ་བྱམས་པའི་ཐུགས། །རྒྱལ་བ་མྱུར་དྲོངས་ཕ་རོལ་དགོད་པར་མཛོད། །ང་རྒྱལ་གཏི་མུག་རྒྱགས་པས་བརྒལ་དཀའ་ཞིང ། །ནད་དང་
15a
༄#། །རྩོད་མང་རྦ་ཀློང་སྲིད་པའི་ཆུར། །འགྲོ་བ་ལྷུང་ནས་ཁྱེར་བ་སྐྱབས་མེད་ལ། །ཐུགས་རྗེ་སྐྱེད་ལ་སྲིད་པའི་རྒྱུན་ལས་སྒྲོལ། །གསེར་གྱི་རི་ལྟར་རྣམ་པར་དག་པའི་སྐུ། །གཟི་བརྗིད་ཉི་མ་བྱེ་བ་བརྒྱ་བས་ལྷག་།འཇམ་ཞིང་སྙམ་པ་ཚངས་དབྱངས་མཆོག་མངའ་བ། །ཆོས་མཆོག་བརྗོད་པ་མཛེས་པ་རབ་ཏུ་གསུངས། །ཆོས་འདི་ཀུན་ནི་རང་བཞིན་རྣམ་པར་དག་།རང་བཞིན་འོད་གསལ་ཡེ་ནས་རྩ་བ་དག་།མ་བྱས་བྱེད་དང་ཚོར་བ་པོ་དང་བྲལ། །གཞན་ལས་མ་གསན་རྣམ་དག་ཐམས་ཅད་གཟིགས། །སྤྱད་པར་རབ་སྤྱད་གྲགས་པ་མཐའ་ཡས་པ། །རང་བྱུང་སྟོབས་བཅུ་མངའ་ཞིང་འཇིགས་མེད་པ། །མཐའ་ཡས་ཡེ་ཤེས་ནམ་མཁའ་མཚུངས་པའི་ཐུགས། །རབ་སྦྱིན་དགེ་སྦྱོང་མཆོག་གིས་ཆོས་བཤད་གསོལ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་འདི་དག་དགེ་བའི་རྩ་བ་ཡོངས་སུ་སྨིན་གྱི། ཅི་ནས་ས་ཕྱོགས་འདི་ཉིད་དུ་ཁྱིམ་པའི་མཚན་མ་སྤངས་ཏེ་རབ་ཏུ་བྱུང་བ་ཐོབ་ནས་ཐམས་ཅད་ཟག་པ་ཟད་པའི་མཐར་བྱེད་པ་དེ་ལྟ་དེ་ལྟ་བུར་ངས་ཆོས་བསྟན་ཏོ། །སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་ལ་ལྷག་པར་དགའ་བ་དང ། དད་
15b
པ་དང ། རི་མོ་དང ། གུས་པ་ཉེ་བར་གཞོག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལྔ་བ་རྒྱ་ཙམ་པོ་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་ཁྱེད་རྣམས་གཙེ་བ་བཅུ་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བས་གཙེ་བ་དང ། རྒ་བས་གཙེ་བ་དང ། ན་བས་གཙེ་བ་དང ། འཆི་བས་གཙེ་བ་དང ། མྱ་ངན་གྱིས་གཙེ་བ་དང ། སྨྲེ་སྔགས་འདོན་པས་གཙེ་བ་དང ། སྡུག་བསྔལ་གྱིས་གཙེ་བ་དང ། ཡིད་མི་བདེ་བས་གཙེ་བ་དང ། འཁྲུག་པས་གཙེ་བ་དང ། འཁོར་བས་གཙེ་བ་སྟེ། ཁྱིམ་བདག་ཁྱེད་རྣམ་གཙེ་བ་བཅུ་པོ་འདི་དག་ལས་ཐར་པར་འདོད་དམ། གཞན་ཡང་ཁྱིམ་བདག་ཁྱེད་རྣམས་ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུ་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་ལ་གནོད་པ་བྱས་སོ། ། ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། གནོད་པ་བྱེད་དོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། གནོད་པ་བྱེད་པར་འདོད་པར་འགྱུར་རོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་གི་མཛའ་བོ་ལ་གནོད་པ་བྱས་སོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་གི་མཛའ་བོ་ལ་གནོད་པ་བྱེད་དོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་གི་མཛའ་བོ་ལ་གནོད་པ་བྱེད་པར་འགྱུར་རོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་དང་མི་མཛའ་བའི་དོན་བྱས་སོ། །
16a
༄#། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་དང་མི་མཛའ་བའི་དོན་བྱེད་དོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། བདག་དང་མི་མཛའ་བའི་དོན་བྱེད་པར་འགྱུར་རོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་སྐྱེ་བ་དང ། གནོད་པའི་རབ་ཏུ་སྡང་བ་ཉིད་དང་བཅུ་སྟེ། ཁྱིམ་བདག་ཁྱེད་རྣམས་ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུ་པོ་འདི་དག་ལས་ཐར་པར་འདོད་དམ། གཞན་ཡང་ཁྱིམ་བདག་ཁྱེད་རྣམས་ལྟ་བ་སྣ་ཚོགས་སུ་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་བཅུ་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། སེམས་ཅན་དུ་ལྟ་བར་གྱུར་བ་ལྟ་བ་ངན་པའི་ཐིབས་པོ་དང ། སྲོག་ཏུ་ལྟ་བར་གྱུར་པ་ལྔ་བ་ངན་པའི་ཐིབས་པོ་དང ། གང་ཟག་ཏུ་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། ཆད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། རྟག་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། བྱ་བ་མེད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། རྒྱུ་མེད་པར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། མི་མཐུན་པའི་རྒྱུར་ལྟ་བར་གྱུར་པ་ལྟ་བ་ངན་པའི་ཐིབས་པོ་དང ། ལོག་པར་ལྟ་བར་གྱུར་བ་ལྟ་བ་ངན་པའི་ཐིབས་པོ་སྟེ། ཁྱིམ་བདག་ཁྱེད་རྣམས་ལྟ་བར་གྱུར་བ་ལྟ་བ་ངན་པའི་ཐིབས་པོ་བཅུ་པོ་འདི་དག་ལས་ཐར་པ་འདོད་དམ། གཞན་ཡང་
16b
ཁྱིམ་བདག་ཁྱེད་རྣམས་ཟུག་རྔུ་བཅུ་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲེད་པའི་ཟུག་རྔུ་དང ། མ་རིག་པའི་ཟུག་རྔུ་དང ། འདོད་པའི་ཟུག་རྔུ་དང ། འདོད་ཆགས་ཀྱི་ཟུག་རྔུ་དང ། ཞེ་སྡང་གི་ཟུག་རྔུ་དང ། གཏི་མུག་གི་ཟུག་རྔུ་དང ། ང་རྒྱལ་གྱི་ཟུག་རྔུ་དང ། ལྟ་བའི་ཟུག་རྔུ་དང ། འབྱུང་བའི་ཟུག་རྔུ་དང ། འཇིག་པའི་ཟུག་རྔུ་དང་བཅུ་སྟེ། ཁྱིམ་བདག་ཁྱེད་རྣམས་ཟུག་རྔུ་བཅུ་པོ་འདི་དག་ལས་ཐར་པར་འདོད་དམ། གཞན་ཡང་ཁྱིམ་བདག་ཁྱེད་རྣམས་སྲེད་པའི་རྩ་བ་ལས་བྱུང་བའི་ཆོས་བཅུ་པོ་འདི་དག་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲེད་པ་ལ་བརྟེན་ནས་ཀུན་ཏུ་ཚོལ་བ་དང ། ཀུན་ཏུ་ཚོལ་བ་ལ་བརྟེན་ནས་རྙེད་པ་དང ། རྙེད་པ་ལ་བརྟེན་ནས་ང་ཡིར་འཛིན་པ་དང ། ང་ཡིར་འཛིན་པ་ལ་བརྟེན་ནས་རྣམ་པར་ངེས་པ་དང ། རྣམ་པར་ངེས་པ་ལ་བརྟེན་ནས་འདུན་པའི་འདོད་ཆགས་དང ། འདུན་པའི་འདོད་ཆགས་ལ་བརྟེན་ནས་ལྷག་པར་ཆགས་པ་དང ། ལྷག་པར་ཆགས་པ་ལ་བརྟེན་ནས་སེར་སྣ་དང ། སེར་སྣ་ལ་བརྟེན་ནས་ཡོངས་སུ་འཛིན་པ་དང ། ཡོངས་སུ་འཛིན་པ་ལ་བརྟེན་ནས་ཡོངས་སུ་སྲུང་བ་དང ། ཡོངས་སུ་སྲུང་བ་ལ་བརྟེན་ནས་སྡུག་བསྔལ་བ་དང་བཅུ་སྟེ།་ཡོངས་སུ་སྲུང་བའི་གཞི་ལས་དབྱིག་པ་ཐོགས་པ་དང ། མཚོན་ཆ་ཐོགས་པ་དང ། འཐབ་པ་དང ། མཚང་འདྲུ་བ་དང ། འགྱེད་པ་དང ། རྩོད་པ་རྣམས་འབྱུང་ངོ ། །དེའི་
17a
༄#། །ཕྱིར་ཕྲ་མ་ལ་སོགས་པའི་སྡིག་པ་མི་དགེ་བའི་ཆོས་རྣམ་པ་མང་པོ་འབྱུང་བར་འགྱུར་ཏེ། ཁྱིམ་བདག་ཁྱེད་རྣམས་སྲེད་པའི་རྩ་བ་ལས་བྱུང་བའི་ཆོས་བཅུ་པོ་འདི་དག་ལས་ཐར་པར་འདོད་དམ། གཞན་ཡང་ཁྱིམ་བདག་ཁྱེད་རྣམས་ལོག་པ་ཉིད་བཅུ་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། ལོག་པའི་ལྟ་བ་དང ། ལོག་པའི་རྟོག་པ་དང ། ལོག་པའི་ངག་དང ། ལོག་པའི་ལས་ཀྱི་མཐའ་དང ། ལོག་པའི་འཚོ་བ་དང ། ལོག་པའི་རྩོལ་བ་དང ། ལོག་པའི་དྲན་པ་དང ། ལོག་པའི་ཏིང་ངེ་འཛིན་དང ། ལོག་པའི་རྣམ་པར་གྲོལ་བ་དང ། ལོག་པའི་ཤེས་པ་སྟེ། ཁྱིམ་བདག་ཁྱེད་རྣམས་ལོག་པ་བཅུ་པོ་འདི་ལས་ཐར་པར་འདོད་དམ། གཞན་ཡང་ཁྱིམ་བདག་ཁྱེད་རྣམས་མི་དགེ་བའི་ལས་ཀྱི་ལམ་བཅུ་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པར་གཡེམ་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་པ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་སྟེ། ཁྱིམ་བདག་ཁྱེད་རྣམས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ལས་ཐར་པར་འདོད་དམ། གཞན་ཡང་ཁྱིམ་བདག་ཁྱེད་རྣམས་ཀུན་ནས་ཉོན་མོངས་པ་བཅུ་ལས་ཐར་པར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ།
17b
སེར་སྣའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། གནོད་སེམས་ཀྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། ལེ་ལོའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། གཡེང་བའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། འཆལ་བའི་ཤེས་རབ་ཀྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། སྲི་ཞུ་མེད་པའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། ཐེ་ཚོམ་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། མ་མོས་པའི་དྲི་མས་ཀུན་ནས་ཉོན་མོངས་པ་དང ། མ་གུས་པའི་དྲི་མས་ཀུན་ནས་ཉོན་མོངས་པ་སྟེ། ཁྱིམ་བདག་ཁྱེད་རྣམས་ཀུན་ནས་ཉོན་མོངས་པ་བཅུ་པོ་འདི་ལས་ཐར་པར་འདོད་དམ། གཞན་ཡང་ཁྱིམ་བདག་ཁྱེད་རྣམས་འཁོར་བའི་འཇིགས་པ་བཅུ་ལས་ཐར་བར་འདོད་དམ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྲག་དོག་དང ། སེར་སྣའི་ཀུན་ཏུ་སྦྱོར་བ་ལས་ཐར་པར་འདོད་དམ། འདི་ལྟ་སྟེ། ཁྱིམ་བདག་ཁྱེད་རྣམས་མ་རིག་པའི་ལིང་ཏོག་ལས་ཐར་པར་འདོད་དམ།་འདི་ལྟ་སྟེ། ཁྱིམ་བདག་ཁྱེད་རྣམས་གཏི་མུག་གི་འོབས་ལས་ཐར་པར་འདོད་དམ། འདི་ལྟ་སྟེ། ཁྱིམ་བདག་ཁྱེད་རྣམས་འདོད་པའི་ཆུ་བོ་ལས་ཐར་པར་འདོད་དམ། འདི་ལྟ་སྟེ།་ཁྱིམ་བདག་ཁྱེད་རྣམས་ལོག་པའི་ཟུག་རྔུ་ལས་ཐར་པར་འདོད་དམ། འདི་ལྟ་སྟེ། ཁྱིམ་བདག་ཁྱེད་རྣམས་ཁྲོ་བ་དང་འཁོན་དུ་འཛིན་པ་ལས་ཐར་པར་འདོད་དམ། འདི་ལྟ་
18a
༄#། །སྟེ།་ཁྱིམ་བདག་ཁྱེད་རྣམས་འདོད་ཆགས་ཀྱི་མེ་ལས་ཐར་པར་འདོད་དམ། འདི་ལྟ་སྟེ། ཁྱིམ་བདག་ཁྱེད་རྣམས་ཞེ་སྡང་གི་དུག་ལས་ཐར་པར་འདོད་དམ། འདི་ལྟ་སྟེ། ཁྱིམ་བདག་ཁྱེད་རྣམས་སྒྲིབ་པའི་ཚེར་མ་ལས་ཐར་པར་འདོད་དམ། འདི་ལྟ་སྟེ། ཁྱིམ་བདག་ཁྱེད་རྣམས་འཁོར་བའི་འབྲོག་དགོན་པ་ལས་ཐར་པར་འདོད་དམ། ཁྱིམ་བདག་ཁྱེད་རྣམས་འཁོར་བའི་འཇིགས་པ་བཅུ་པོ་འདི་དག་ལས་ཐར་པར་འདོད་དམ། དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་གིས་སྒྲ་སྐད་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གཙེ་བ་བཅུ་ལས་ཐར་པར་འཚལ་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བས་གཙེ་བ་དང ། རྒ་བས་གཙེ་བ་དང ། ན་བས་གཅེ་བ་དང ། འཆི་བས་གཙེ་བ་དང ། མྱ་ངན་གྱིས་གཙེ་བ་དང ། སྨྲེ་སྔགས་འདོན་པས་གཙེ་བ་དང ། སྡུག་བསྔལ་གྱིས་གཙེ་བ་དང ། ཡིད་མི་བདེ་བས་གཙེ་བ་དང ། འཁྲུག་པས་གཙེ་བ་དང ། འཁོར་བའི་གཙེ་བ་ལས་བཅོམ་ལྡན་འདས། བདག་ཅག་ཐར་པར་འཚལ་ལགས་སོ། །དེ་བཞིན་དུ་འཁོར་བའི་འབྲོག་དགོན་པའི་བར་དུ་ཆོས་བཅུ་པོ་འདི་དག་ཐམས་ཅད་རྒྱས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་རྣམས།
18b
མིག་ནི།་ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི། བྱེད་པ་མེད་པ། གཡོ་བ་མེད་པ་སྟེ། མིག་ནི། མི་སེམས་ཤིང་རྣམ་པར་མི་རིག་གོ། དེ་བས་ན། ཁྱིམ་བདག་རྣམས་མིག་མེད་དོ། །ཞེས་གནས་པར་བྱའོ། །ཁྱིམ་བདག་རྣམས། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ནི། ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ནི། བྱེད་པ་མེད་པ། གཡོ་བ་མེད་པ་སྟེ། ཡིད་ནི། མི་སེམས་ཤིང་རྣམ་པར་མི་རིག་གོ་།དེ་བས་ན། ཁྱིམ་བདག་རྣམས་ཡིད་ལ་ཡང་བདག་མེད་དོ། །ཞེས་གནས་པར་བྱའོ། །ཁྱིམ་བདག་རྣམས། གཟུགས་ནི། ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི། བྱེད་པ་མེད་པ། གཡོ་བ་མེད་པ་སྟེ། གཟུགས་ནི། མི་སེམས་ཤིང་རྣམ་པར་མི་རིག་གོ་།དེ་བས་ན། ཁྱིམ་བདག་རྣམས་གཟུགས་ལ་ཡང་བདག་མེད་དོ། །ཞེས་གནས་པར་བྱའོ། །ཁྱིམ་བདག་རྣམས། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ནི། ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རབ་ཏུ་བྱེད་པ་མེད་པ། གཡོ་བ་མེད་པ་སྟེ། ཆོས་ནི། མི་སེམས་ཤིང་རྣམ་པར་མི་རིག་གོ་།དེ་བས་ན། ཁྱིམ་བདག་རྣམས་ཆོས་ཀྱི་བར་དུ་ཡང་བདག་མེད་དོ། །ཞེས་གནས་པར་བྱའོ། །ཁྱིམ་བདག་རྣམས། གཟུགས་ཀྱི་ཕུང་པོ་ནི། ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཕུང་པོ་ནི། བྱེད་པ་མེད་པ། གཡོ་ནི། བྱེད་པ་མེད་པ། གཡོ་བ་མེད་པ་སྟེ། རྣམ་པར་ཤེས་པའི་
19a
༄#། །ཤིང་རྣམ་པར་མི་རིག་གོ་།དེ་བས་ན། ཁྱིམ་བདག་རྣམས། གཟུགས་ཀྱི་ཕུང་པོ་ལ་ཡང་བདག་མེད་དོ། །ཞེས་གནས་པར་བྱའོ། །ཁྱིམ་བདག་རྣམས། ཚོར་བའི་ཕུང་པོ་དང ། འདུ་ཤེས་ཀྱི་ཕུང་པོ་དང ། འདུ་བྱེད་ཀྱི་ཕུང་པོ་དང ། རྣམ་པར་ཤེས་པའི་ཕུང་པོ་ནི། ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཕུང་པོ་ནི། བྱེད་པ་མེད་པ། གཡོ་བ་མེད་པ་སྟེ། རྣམ་པར་ཤེས་པའི་ཕུང་པོ་ནི། མི་སེམས་ཤིང་རྣམ་པར་མི་རིག་གོ་།དེ་བས་ན། ཁྱིམ་བདག་རྣམས་རྣམ་པར་ཤེས་པའི་ཕུང་པོ་ཡང་བདག་མེད་དོ། །ཞེས་གནས་པར་བྱའོ། །ཁྱིམ་བདག་རྣམས། སའི་ཁམས་ནི། ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་ནི། བྱེད་པ་མེད་པ། །གཡོ་བ་མེད་པ་སྟེ། སའི་ཁམས་ནི།་མི་སེམས་ཤིང་རྣམ་པར་མི་རིག་གོ་།དེ་བས་ན། ཁྱིམ་བདག་རྣམས་སའི་ཁམས་ལ་བདག་མེད་དོ། །ཞེས་གནས་པར་བྱའོ། །ཁྱིམ་བདག་རྣམས། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་ནི། ཐར་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཁམས་ནི། བྱེད་པ་མེད་པ། གཡོ་བ་མེད་པ་སྟེ། རྣམ་པར་ཤེས་པའི་ཁམས་ནི། མི་སེམས་ཤིང་རྣམ་པར་མི་རིག་གོ་།དེ་བས་ན། ཁྱིམ་བདག་རྣམས། རྣམ་པར་ཤེས་པའི་ཁམས་ལ་
19b
ཡང་བདག་མེད་དོ། །ཞེས་གནས་པར་བྱའོ། །དེ་ལྟར་ན་ཁྱིམ་བདག་རྣམས། ཆོས་ཐམས་ཅད་ནི། ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་ལས་བྱུང་སྟེ། རྐྱེན་ལ་རག་ལས་པ། སྟོབས་མེད་པ། ཉམ་ཆུང་བ། རྐྱེན་རྣམས་ལས་བྱུང་བ། རྐྱེན་རྣམས་ཡོད་ན། ཆོས་རྣམས་གདགས་པར་འགྱུར་གྱི། རྐྱེན་རྣམས་མེད་ན། ཆོས་རྣམས་གདགས་པར་མི་འགྱུར་རོ། ། ཁྱིམ་བདག་རྣམས། ཆོས་ཐམས་ཅད་ནི། བཏགས་པ་ཙམ་སྟེ། འདི་ལ་ལམ་ཆད་པ་མྱ་ངན་ལས་འདས་པ་མ་གཏོགས་པར་སྐྱེ་བའམ། རྒ་བའམ། འཆི་བའམ། འཕོ་བའམ། འབྱུང་བ་གང་ཡང་མེད་དོ། །དེ་ལྟར་ཁྱིམ་བདག་རྣམས། ཁྱེད་རྣམ་གྲངས་འདིས་ཆོས་ཐམས་ཅད་ནི། ཡང་དག་པ་མ་ཡིན་པ། ཀུན་བརྟགས་པ་ལས་བྱུང་བ། རྐྱེན་ལ་རག་ལས་པ། སྟོབས་མེད་པ།་ཉམ་ཆུང་བ། རྐྱེན་རྣམས་ལས་བྱུང་བ་སྟེ། རྐྱེན་རྣམས་ཡོད་ན། ཆོས་རྣམས་གདགས་པར་འགྱུར་གྱི། རྐྱེན་མེད་ན། ཆོས་རྣམས་གདགས་པར་མི་འགྱུར་རོ། །ཆོས་ཐམས་ཅད་ནི།་བཏགས་པ་ཙམ་སྟེ། འདི་ལ་ལམ་ཆད་པ་མྱ་ངན་ལས་འདས་པ་མ་གཏོགས་པར་སྐྱེ་བའམ། རྒ་བའམ། འཆི་བའམ། འཕོ་བའམ། འབྱུང་བ་གང་ཡང་མེད་པར་རིག་པར་བྱའོ། །དེ་ལྟར་ན་ཁྱིམ་བདག་རྣམས། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཡོད་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གདགས་པར་འགྱུར་གྱི། ཡང་དག་པ་མ་
20a
༄#། །ཡིན་པ་ཀུན་རྟོག་པ་མེད་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་གདགས་པར་མི་འགྱུར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡོད་ན། མ་རིག་པ་གདགས་པར་འགྱུར་གྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་ན། མ་རིག་པ་གདགས་པར་མི་འགྱུར་རོ། །མ་རིག་པ་ཡོད་ན། འདུ་བྱེད་རྣམས་གདགས་པར་འགྱུར་གྱི། མ་རིག་པ་མེད་ན། འདུ་བྱེད་རྣམས་སུ་གདགས་པར་མི་འགྱུར་རོ། །འདུ་བྱེད་ཡོད་ན། རྣམ་པར་ཤེས་པ་གདགས་པར་འགྱུར་གྱི། འདུ་བྱེད་མེད་ན། རྣམ་པར་ཤེས་པ་གདགས་པར་མི་འགྱུར་རོ། །རྣམ་པར་ཤེས་པ་ཡོད་ན། མིང་དང་གཟུགས་གདགས་པར་འགྱུར་གྱི། རྣམ་པར་ཤེས་པ་མེད་ན། མིང་དང་གཟུགས་གདགས་པར་མི་འགྱུར་རོ། །མིང་དང་གཟུགས་ཡོད་ན། སྐྱེ་མཆེད་དྲུག་གདགས་པར་འགྱུར་གྱི། མིང་དང་གཟུགས་མེད་ན། སྐྱེ་མཆེད་དྲུག་ཏུ་གདགས་པར་མི་འགྱུར་རོ། །སྐྱེ་མཆེད་དྲུག་ཡོད་ན། རེག་པར་གདགས་པར་འགྱུར་གྱི། སྐྱེ་མཆེད་དྲུག་མེད་ན། རེག་པར་གདགས་པར་མི་འགྱུར་རོ། །རེག་པ་ཡོད་ན། ཚོར་བ་གདགས་པར་འགྱུར་གྱི། རེག་པ་མེད་ན། ཚོར་བ་གདགས་པར་མི་འགྱུར་རོ། །ཚོར་བ་ཡོད་ན། སྲེད་པ་གདགས་པར་འགྱུར་གྱི། ཚོར་བ་མེད་ན། སྲེད་པ་གདགས་པར་མི་འགྱུར་
20b
རོ། །སྲེད་པ་ཡོད་ན། ལེན་པ་གདགས་པར་འགྱུར་གྱི། སྲེད་པ་མེད་ན། ལེན་པ་གདགས་པར་མི་འགྱུར་རོ། །ལེན་པ་ཡོད་ན། སྲིད་པ་གདགས་པར་འགྱུར་གྱི། ལེན་པ་མེད་ན། སྲིད་པ་གདགས་པར་མི་འགྱུར་རོ། །སྲིད་པ་ཡོད་ན། སྐྱེ་བ་གདགས་པར་འགྱུར་གྱི། སྲིད་པ་མེད་ན། སྐྱེ་བ་གདགས་པར་མི་འགྱུར་རོ། །སྐྱེ་བ་ཡོད་ན། རྒ་ཤི་གདགས་པར་འགྱུར་གྱི། སྐྱེ་བ་མེད་ན། རྒ་ཤི་གདགས་པར་མི་འགྱུར་ཏེ། རྒ་བ་ཞེས་བྱ་བ་གང་ཞེ་ན། རྒས་པ་དང ། གཏུགས་པ་དང ། སྤྱི་ཐེར་པ་དང ། སྐྲ་སྐྱ་བ་དང ། གཉེར་མ་མང་བ་དང ། ཚེ་ཉམས་པ་དང ། དབང་པོ་ཡོངས་སུ་སྨིན་པ་དང ། འདུ་བྱེད་རྣམས་ཀྱི་དངོས་པོ་རྙིངས་པ་སྟེ། དེ་ནི། རྒ་བ་ཞེས་བྱའོ། །འཆི་བ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། འཆི་བ་དང ། འཕོ་བ་དང ། འཆི་བའི་དུས་བྱེད་པ་དང ། ཕུང་པོ་རྣམས་ཞིག་པ་དང ། ལུས་བོར་བ་དང ། རིས་མཐུན་པའི་སྐལ་བ་མཉམ་པ་དང་བྲལ་བ་སྟེ། འདི་ནི། འཆི་བ་ཞེས་བྱའོ། །དེ་ལ་རྒ་བ་འདི་དང ། འཆི་བ་འདི་ལ་རྒ་ཤི་ཞེས་བྱའོ། །དེ་ལྟར་སྐྱེ་བ་ཡོད་ན། རྒ་ཤི་གདགས་པར་འགྱུར་གྱི། སྐྱེ་བ་མེད་ན། རྒ་ཤི་གདགས་པར་མི་འགྱུར་ཏེ། སྐྱེ་བ་ཞེས་བྱ་བ་གང་ཞེ་ན། སྐྱེ་བ་དང ། རྫོགས་པར་སྐྱེ་བ་དང ། འཇུག་པ་དང ། མངོན་པར་འགྲུབ་པ་དང ། ཕུང་པོ་རྣམས་འབྱུང་བ་དང ། སྐྱེ་མཆེད་རྣམས་རབ་ཏུ་འཐོབ་པ་དང ། རིས་མཐུན་པ་དང་ཕྲད་པ་སྟེ། དེ་ནི།
21a
༄#། །སྐྱེ་བ་ཞེས་བྱའོ། །སྲིད་པ་ཡོད་ན། སྐྱེ་བ་གདགས་པར་འགྱུར་གྱི། སྲིད་པ་མེད་ན། སྐྱེ་བ་གདགས་པར་མི་འགྱུར་ཏེ། སྲིད་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ།་འདོད་པའི་སྲིད་པ་དང ། གཟུགས་ཀྱི་སྲིད་པ་དང ། གཟུགས་མེད་པའི་སྲིད་པ་སྟེ། དེ་ནི། སྲིད་པ་ཞེས་བྱའོ། །ལེན་པ་ཡོད་ན། སྲིད་པ་གདགས་པར་འགྱུར་གྱི། ལེན་པ་མེད་ན།་སྲིད་པ་གདགས་པར་མི་འགྱུར་ཏེ། ལེན་པ་ཞེས་བྱ་བ་གང་ཞེ་ན། འདོད་པའི་ལེན་པ་དང ། ལྟ་བའི་ལེན་པ་དང ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང ། བདག་ཏུ་སྨྲ་བའི་ལེན་པ་སྟེ། དེ་ནི། ལེན་པ་ཞེས་བྱའོ། །སྲེད་པ་ཡོད་ན། ལེན་པ་གདགས་པར་འགྱུར་གྱི། སྲེད་པ་མེད་ན། ལེན་པ་གདགས་པར་མི་འགྱུར་ཏེ། སྲེད་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ལ་སྲེད་པ་དང ། སྒྲ་ལ་སྲད་པ་དང ། དྲི་ལ་སྲེད་པ་དང ། རོ་ལ་སྲེད་པ་དང ། རེག་བྱ་ལ་སྲེད་པ་དང ། ཆོས་ལ་སྲེད་པ་སྟེ། དེ་ནི། སྲེད་པ་ཞེས་བྱའོ། །ཚོར་བ་ཡོད་ན། སྲེད་པ་གདགས་པར་འགྱུར་གྱི། ཚོར་བ་མེད་ན། སྲེད་པ་གདགས་པར་མི་འགྱུར་ཏེ། ཚོར་བ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང ། ལྕེའི་འདུས་ཏེ་རེག་པ་
21b
ལས་བྱུང་བའི་ཚོར་བ་དང ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟེ། དེ་ནི། ཚོར་བ་ཞེས་བྱའོ། །རེག་པ་ཡོད་ན། ཚོར་བ་གདགས་པར་འགྱུར་གྱི། རིག་པ་མེད་ན། ཚོར་བ་གདགས་པར་མི་འགྱུར་ཏེ། རེག་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་འདུས་ཏེ་རེག་པ་སྟེ། དེ་ནི། རེག་པ་ཞེས་བྱའོ། །སྐྱེ་མཆེད་དྲུག་ཡོད་ན། རེག་པ་གདགས་པར་འགྱུར་གྱི། སྐྱེ་མཆེད་དྲུག་མེད་ན། རེག་པ་གདགས་པར་མི་འགྱུར་ཏེ།་སྐྱེ་མཆེད་དྲུག་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང ། རྣ་བའི་སྐྱེ་མཆེད་དང ། སྣའི་སྐྱེ་མཆེད་དང ། ལྕེའི་སྐྱེ་མཆེད་དང ། ལུས་ཀྱི་སྐྱེ་མཆེད་དང ། ཡིད་ཀྱི་སྐྱེ་མཆེད་དེ། དེ་ནི། སྐྱེ་མཆེད་དྲུག་ཅེས་བྱའོ། །མིང་དང་གཟུགས་ཡོད་ན། སྐྱེ་མཆེད་དྲུག་གདགས་པར་འགྱུར་གྱི། མིང་དང་གཟུགས་མེད་ན། སྐྱེ་མཆེད་དྲུག་གདགས་པར་མི་འགྱུར་ཏེ། མིང་དང་གཟུགས་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཚོར་བ་དང ། འདུ་ཤེས་དང ། སེམས་པ་དང ། རེག་པ་དང ། ཡིད་ལ་བྱེད་པ་དང ། འབྱུང་བ་ཆེན་པོ་བཞི་དང ། འབྱུང་བ་ཆེན་པོ་བཞི་ལ་གནས་པའི་མིང་དང་གཟུགས་ཏེ། འདི་ནི། མིང་དང་གཟུགས་ཞེས་བྱའོ། །རྣམ་པར་ཤེས་པ་ཡོད་ན། མིང་དང་གཟུགས་གདགས་པར་འགྱུར་གྱི།
22a
༄#། །རྣམ་པར་ཤེས་པ་མེད་ན། མིང་དང་གཟུགས་སུ་གདགས་པར་མི་འགྱུར་ཏེ། རྣམ་པར་ཤེས་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང ། རྣ་བའི་རྣམ་པར་ཤེས་པ་དང ། སྣའི་རྣམ་པར་ཤེས་པ་དང ། ལྕེའི་རྣམ་པར་ཤེས་པ་དང ། ལུས་ཀྱི་རྣམ་པར་ཤེས་པ་དང ། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །འདུ་བྱེད་རྣམས་ཡོད་ན། རྣམ་པར་ཤེས་པ་གདགས་པར་འགྱུར་གྱི། འདུ་བྱེད་རྣམས་མེད་ན། རྣམ་པར་ཤེས་པ་གདགས་པར་མི་འགྱུར་ཏེ། འདུ་བྱེད་རྣམས་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ལ་ཀུན་སེམས་པ་དང ། སྒྲ་ལ་ཀུན་སེམས་པ་དང ། དྲི་ལ་ཀུན་སེམས་པ་དང ། རོ་ལ་ཀུན་སེམས་པ་དང ། རེག་བྱ་ལ་ཀུན་སེམས་པ་དང ། ཆོས་ལ་ཀུན་སེམས་པ་སྟེ། དེ་དག་ནི། འདུ་བྱེད་རྣམས་ཞེས་བྱའོ། །མ་རིག་པ་ཡོད་ན། འདུ་བྱེད་རྣམས་གདགས་པར་འགྱུར་གྱི། མ་རིག་པ་མེད་ན། འདུ་བྱེད་རྣམས་གདགས་པར་མི་འགྱུར་ཏེ། མ་རིག་པ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་མཐའ་མི་ཤེས་པ་དང ། ཕྱི་མའི་མཐའ་མི་ཤེས་པ་དང ། སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་དང ། ནང་མི་ཤེས་པ་དང ། ཕྱི་མི་ཤེས་པ་དང ། ནང་དང་ཕྱི་མི་ཤེས་པ་དང ། སྡུག་བསྔལ་མི་ཤེས་པ་དང ། ཀུན་འབྱུང་བ་མི་ཤེས་པ་དང ། འགོག་པ་མི་ཤེས་པ་
22b
དང ། ལམ་མི་ཤེས་པ་སྟེ། དེ་ལྟར་རྐྱེན་མི་ཤེས་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་མི་ཤེས་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་མི་ཤེས་པ་དང ། ནག་པོ་དང་དཀར་པོ་དང ། རྐྱེན་དང་རྐྱེན་མ་ཡིན་པ་དང ། སྣང་བ་དང་མི་སྣང་བ་དང ། ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་དང ། བསྟེན་པར་བྱ་བ་དང་བསྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་གང་མི་ཤེས་པ་དང ། མི་མཐོང་བ་དང ། མངོན་པར་མི་རྟོགས་པ་དང ། ཁོང་དུ་མི་ཆུད་པ་དེ་ནི། མ་རིག་པ་ཞེས་བྱའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡོད་ན།་མ་རིག་པ་གདགས་པར་འགྱུར་གྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་ན། མ་རིག་པ་གདགས་པར་མི་འགྱུར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ་བ་གང་ཞེ་ན།་འདི་ལྟ་སྟེ། བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། བདག་འདས་པའི་དུས་ན་མ་བྱུང་བ་ཞིག་གམ། ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་ན། བདག་འདས་པའི་དུས་ན་གང་དུ་བྱུང་བ་ཞིག། བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག། བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། བདག་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར་རམ། ཅི་བདག་མ་འོངས་པའི་དུས་ན་འབྱུང་བ་ཞིག་ན། བདག་མ་འོངས་པའི་དུས་ན་གང་དུ་འབྱུང་བར་འགྱུར། བདག་མ་འོངས་པའི་དུས་ན་ཅི་འདྲ་བར་འགྱུར་ཞེས་ནང་དུ་བདག་ཅི། བདག་
23a
༄#། །སུ་ཞིག་།ཅི་ཡོད་དམ། ཅི་མེད་དམ། ཅི་བྱུང་ངམ། ཅི་མ་བྱུང་ངམ། ཅིར་གྱུར། གང་དུ་བྱུང ། བདག་ཅིར་གྱུར། གང་དུ་བྱུང་བ་ཞིག་།ཅི་བདག་བྱུང་བ་ཞིག་ན། བདག་གང་དུ་བྱུང་བ་ཞིག་།བདག་དེར་བྱུང་བ་ཞིག་གམ་ཞེས་ཐེ་ཚོམ་ཟ་ཞིང་ཡིད་གཉིས་སུ་གྱུར་ཏེ། དེ་དེ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་པས་ལྟ་བར་གྱུར་པ་དྲུག་ལས་ལྟ་བ་གང་ཡང་རུང་བ་ཞིག་འབྱུང་བར་འགྱུར་ཏེ། བདག་ཡོད་ཅེས་ལྟ་བར་འགྱུར་བ་དང ། བདག་མེད་ཅེས་ལྟ་བར་འགྱུར་བ་དང ། བདག་ལ་བདག་ཡང་དག་པར་རྗེས་སུ་མཐོང་ཞེས་ལྟ་བར་འགྱུར་བ་དང ། བདག་ལ་བདག་ཡང་དག་པར་རྗེས་སུ་མི་མཐོང་ཞེས་ལྟ་བར་འགྱུར་བ་དང ། དེ་ནི། བདག་སྟེ། དེ་འཇིག་རྟེན་ནོ། །ཞེས་ལྟ་བར་འགྱུར་བ་དང ། གལ་ཏེ་རྐྱེན་ལ་བརྟེན་ཏེ་འབྱུང་བ་ནི། རྟག་པ། བརྟན་པ། ཐེར་ཟུག་པ། མི་འགྱུར་བའི་ཆོས་ཅན། ཐེར་ཟུག་པ་ཡང་དག་པར་འདུག་པའམ་འདུག་པར་འགྱུར་ཞེས་ལྟ་བར་འགྱུར་བ་དེ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཡོད་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གདགས་པར་འགྱུར་གྱི། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་མེད་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གདགས་པར་མི་འགྱུར་ཏེ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་གང་
23b
ཞེ་ན། འདི་ལྟ་སྟེ། བདག་དང ། སེམས་ཅན་དང ། སྲོག་དང ། སྐྱེས་བུ་དང ། གང་ཟག་དང ། སྐྱེ་བ་པོ་དང ། ཤེད་ལས་སྐྱེས་དང ། ཤེད་བུ་དང ། བྱེད་པ་པོ་དང ། ཚོར་བ་པོ་སྟེ། དེ་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་བདག་ཅེས་རྟོག་ཅིང་ཡོངས་སུ་རྟོག་པ་དང ། སེམས་ཅན་དང ། སྲོག་དང ། སྐྱེས་བུ་དང ། ཤེད་ལས་སྐྱེས་དང ། ཤེད་བུ་དང ། བྱེད་པ་པོ་དང ། ཚོར་བ་པོ་ཞེས་རྟོག་ཅིང་ཡོངས་སུ་རྟོག་པ་དེ་ནི། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཞེས་བྱའོ། །དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་ཏུ་མི་རྟོག་པ་ཡོད་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གདགས་པར་འགྱུར་གྱི། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་མེད་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གདགས་པར་མི་འགྱུར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡོད་ན། མ་རིག་པ་གདགས་པར་འགྱུར་གྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་ན། མ་རིག་པ་གདགས་པར་མི་འགྱུར་རོ། །མ་རིག་པ་ཡོད་ན། འདུ་བྱེད་རྣམས་གདགས་པར་འགྱུར་གྱི། མ་རིག་པ་མེད་ན། འདུ་བྱེད་རྣམས་གདགས་པར་མི་འགྱུར་བ་ནས་སྐྱེ་བ་ཡོད་ན། རྒ་ཤི་གདགས་པར་འགྱུར་གྱི། སྐྱེ་བ་མེད་ན། རྒ་ཤི་གདགས་པར་མི་འགྱུར་བའི་བར་དུ་གོང་མ་བཞིན་དུ་སྦྱར་རོ།། །།བམ་པོ་གཉིས་པ། དེ་ལྟར་ན་ཁྱིམ་བདག་རྣམས། ཆོས་ཐམས་
24a
༄#། །ཅད་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་བྱུང་བ། རྐྱེན་ལ་རག་ལས་པ། སྟོབས་མེད་པ། རྐྱེན་རྣམས་ལས་བྱུང་བ་ཡིན་ཏེ། རྐྱེན་མེད་ན། ཆོས་རྣམས་གདགས་པར་མི་འགྱུར་རོ། །ཁྱིམ་བདག་རྣམས། ཆོས་ཐམས་ཅད་ནི། བཏགས་པ་ཙམ་སྟེ། འདི་ལ་ལམ་ཆད་པ་མྱ་ངན་ལས་འདས་པ་མ་གཏོགས་པར་སྐྱེ་བའམ། རྒ་བའམ། འཆི་བའམ། འཕོ་བའམ། འབྱུང་བ་གང་ཡང་མེད་དོ། །ཁྱིམ་བདག་རྣམས། འདི་ལྟ་སྟེ། དཔེར་ན། ཆུའི་མཚོ་ཆེན་པོ་ལ་ཉ་གནས་པར་གྱུར་པ། ཁྱིམ་བདག་རྣམས། དེ་ཇི་སྙམ་དུ་སེམས། ཉ་དེ་དག་ཅི་ཞིག་གི་མཐུ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས། ཆབ་ཀྱི་མཐུའོ། །བདེ་བར་གཤེགས་པ། ཆབ་ཀྱི་མཐུའོ། ། དེ་ལ་ཁྱིམ་བདག་རྣམས། ཅི་ཆུ་དེ་སེམས་སམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་སོ། །བདེ་བར་གཤེགས་པ། དེ་ལྟ་མ་ལགས་སོ། །བཀའ་སྩལ་པ།་ཁྱིམ་བདག་རྣམས། དེ་ལྟར་ཆུ་སེམས་པ་མེད་པ་ལ་ཅིའི་སྟོབས་ཤིག་ཡོད། བཅོམ་ལྡན་འདས། སྟོབས་མ་མཆིས་སོ། །བདེ་བར་གཤེགས་པ། སྟོབས་ཆུང་ངོ ། །བཀའ་སྩལ་པ།་ཁྱིམ་བདག་རྣམས། དེ་བཞིན་དུ་ཆོས་ཐམས་ཅད་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་བྱུང་བ། སྟོབས་མེད་པ། ཉམ་ཆུང་བ། རྐྱེན་རྣམས་ལས་བྱུང་བ་སྟེ། རྐྱེན་རྣམས་
24b
ཡོད་ན།་ཆོས་རྣམས་གདགས་པར་འགྱུར་རོ། །ཁྱིམ་བདག་རྣམས། ཆོས་ཐམས་ཅད་ནི། བཏགས་པ་ཙམ་སྟེ། འདི་ལ་ལམ་ཆད་པ་མྱ་ངན་ལས་འདས་པ་མ་གཏོགས་པར་སྐྱེ་བའམ། རྒ་བའམ། འཆི་བའམ། འཕོ་བའམ། འབྱུང་བ་གང་ཡང་མེད་དོ། །ཁྱིམ་བདག་ཁྱེད་རྣམས། དེ་བས་ན། རྐྱེན་དེ་དག་ལ་ཚུལ་བཞིན་སོ་སོར་རྟོགས་ལ། དེའི་ཚེ་ཡིད་བརྟན་དུ་མི་རུང་བ་དང ། ཡིད་བརྟན་པ་མ་ཡིན་པས་སྐྲག་པར་གྱིས་ཤིག། སྐྲག་པར་གྱུར་པ་དེ་ནས་འབྲོས་པར་གྱིས་ཤིག་།ཆོས་གང་ལས་འབྲོས་པའི་ཆོས་དེ་གང་ཞེས་ཚུལ་བཞིན་དུ་སོ་སོར་རྟོགས་ཤིག་།ཚུལ་བཞིན་དུ་སོ་སོར་རྟོགས་པ་དེ་ན་ཆོས་གང་ཆོས་དེ་ལས་འབྲོས་པའི་ཆོས་དེ་རྟོགས་པར་གྱིས་ཤིག་།དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས། རྣམ་པ་ཐམས་ཅད་དུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ནི། དམིགས་སུ་མེད་པའོ། །ཁྱིམ་བདག་རྣམས། རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི། བདག་མེད་པའོ། །ཁྱིམ་བདག་རྣམས། བདག་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི། སེམས་ཅན་མེད་པའོ། །ཁྱིམ་བདག་རྣམས། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་ལས་ཤིན་ཏུ་འདས་པའི་ཕྱིར་ཆོས་ཐམས་ཅད་ནི། སྲོག་མེད་པའོ། །ཁྱིམ་བདག་རྣམས། དུས་གསུམ་ཡང་དག་པར་ཆད་པའི་ཕྱིར་
25a
༄#། །ཆོས་ཐམས་ཅད་ནི། གང་ཟག་མེད་པའོ། །ཁྱིམ་བདག་རྣམས། སྒྲ་དང ། སྐད་དང ། དབྱངས་དང ། ཚིག་གི་ལམ་ནས་བརྗོད་དུ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི།་ཡི་གེ་མེད་པའོ། །ཁྱིམ་བདག་རྣམས། དམིགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི། ཆགས་པ་མེད་པའོ། །ཁྱིམ་བདག་རྣམས། ཉེ་བར་ཞི་བའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནི། ཞི་བའོ། །ཁྱིམ་བདག་རྣམས། ནམ་མཁའི་རང་བཞིན་གྱི་ཕྱིར་ཆོས་ཐམས་ཅད་ནི། ཀུན་ཏུ་སོང་བའོ། །ཁྱིམ་བདག་རྣམས། ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི། སྟོང་པ་ཉིད་ལ་ཡང་དག་པར་གནས་པའོ། །ཁྱིམ་བདག་རྣམས། གནས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི། མ་གཡོས་པའོ། །ཁྱིམ་བདག་རྣམས། མི་གནས་ཤིང་གཡོ་བ་མེད་པ་དང་ལྡན་པའི་ཕྱིར་ཆོས་ཐམས་ཅད་ནི། ཡང་དག་པའི་མཐའ་ལ་གནས་པའོ། །ཁྱིམ་བདག་རྣམས། རྦ་ཀློང་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི། བརྗོད་དུ་མེད་པའོ། །ཁྱིམ་བདག་རྣམས། མཚན་མ་མེད་དབྱིབས་མེད་པ་ལ་སྣང་བ་རྒྱུ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི། ཁ་དོག་མེད་པའོ། །ཁྱིམ་བདག་རྣམས། ང་ཡིར་འཛིན་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི། ང་ཡི་བ་མེད་པའོ། །ཁྱིམ་བདག་རྣམས། སེམས་དང ། ཡིད་དང ། རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་
25b
ཅད་ནི། ཤེས་པར་བྱ་བ་མ་ཡིན་པའོ། །ཁྱིམ་བདག་རྣམས། མིག་གི་ལམ་ལས་ཤིན་དུ་འདས་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་ལམ་ལས་ཤིན་དུ་འདས་པའི་ཕྱིར་ཆོས་ཐམས་ཅད་ནི། ཀུན་གཞི་མེད་པའོ། །ཁྱིམ་བདག་རྣམས། སྐྱེ་བ་དང ། འཇིག་པ་དང ། གནས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི། དོར་བ་མེད་ཅིང་བསྣན་པ་མེད་པའོ། །ཁྱིམ་བདག་རྣམས། སེམས་དང ། ཡིད་དང ། རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི། བྱེད་པ་མེད་པ་གཡོ་བ་མེད་པའོ། །ཁྱིམ་བདག་རྣམས། རང་བཞིན་གྱིས་ཉམ་ཆུང་བའི་ཕྱིར་ཆོས་ཐམས་ཅད་ནི། རྐྱེན་ལས་རག་ལས་པའོ། །ཁྱིམ་བདག་རྣམས། མིག་ནི། འབྱུང་པོ་ཆེན་པོ་བཞི་ལས་གྱུར་པ། མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་པ།་སྙིང་པོ་མེད་པ། ཉམ་ཆུང་བ། ཞིགས་པ། ཡུན་ཐུང་བ། ཡིད་བརྟན་དུ་མི་རུང་བ། སྡུག་བསྔལ་བ། ནད་མང་བ། གཙེ་བ་མང་བ་ཡིན་ཏེ། ཁྱིམ་བདག་ཁྱེད་རྣམས་ཀྱིས་མིག་དེ་ལ་གནས་པར་མི་བྱའོ། །ཁྱིམ་བདག་རྣམས། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ནི། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་པ། ཡིད་བརྟན་དུ་མི་རུང་བ། སྙིང་པོ་མེད་པ། ཞིགས་པ། ནད་ཅན། སྡུག་བསྔལ་བ། ནད་མང་བ། གཙེ་བ་མང་བ་ཡིན་ཏེ། ཁྱིམ་བདག་ཁྱེད་རྣམས་ཀྱིས་ཡིད་དེ་ལ་གནས་པར་མི་བྱའོ །
26a
༄#། །ཡང་ཁྱིམ་བདག་རྣམས། འདི་ལྟར་བསླབ་པར་བྱ་སྟེ། མིག་འདི་ནི། གཉེར་མི་བཟོད་དེ། ལྦུ་བ་རྡོས་པ་ལྟ་བུའོ། །མིག་འདི་ནི། རིང་དུ་མི་གནས་ཏེ། ཆུའི་ཆུ་བུར་ལྟ་བུའོ། །མིག་འདི་ནི། ལས་དང ། ཉོན་མོངས་པ་དང ། སྲེད་པ་ལས་བྱུང་བ་སྟེ། སྨིག་རྒྱུ་ལྟ་བུའོ། །མིག་འདི་ནི། རང་བཞིན་གྱིས་སྙིང་པོ་མེད་དེ། ཆུ་ཤིང་ལྟ་བུའོ། །མིག་འདི་ནི།་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། སྒྱུ་མ་ལྟ་བུའོ། །མིག་འདི་ནི། ལོག་པ་དང ། ཡང་དག་པ་མ་ཡིན་པ་མཐོང་བ་སྟེ། རྨི་ལམ་ལྟ་བུའོ། །མིག་འདི་ནི། རྐྱེན་ལ་རག་ལས་པ་སྟེ།་བྲག་ཅ་ལྟ་བུའོ། །མིག་འདི་ནི། ལས་ཀྱི་མིག་ཡོར་གྱིས་ཀུན་ཏུ་སྣང་བ་སྟེ། མིག་ཡོར་ལྟ་བུའོ། །མིག་འདི་ནི། སེམས་འཁྲུགས་པ་མེད་པར་འགྱུར་བའི་མཚན་ཉིད་དེ། སྤྲིན་ལྟ་བུའོ། །མིག་འདི་ནི། སྐད་ཅིག་ཏུ་འཇིག་པ་དང་ལྡན་པ་སྟེ། གློག་ལྟ་བུའོ། །མིག་འདི་ནི། བདག་པོ་མེད་པ་སྟེ། ས་དང་མཚུངས་སོ། །མིག་འདི་ནི། བདག་མེད་དེ། ཆུ་དང་མཚུངས་སོ། །མིག་འདི་ནི། སེམས་ཅན་མེད་དེ། མེ་དང་མཚུངས་སོ། །མིག་འདི་ནི། སྲོག་མེད་དེ། རླུང་དང་མཚུངས་སོ། །མིག་འདི་ནི། གང་ཟག་མེད་དེ། ནམ་མཁའ་དང་མཚུངས་སོ། །མིག་འདི་ནི། འབྱུང་བ་ཆེན་པོའི་ཀུན་གཞི་སྟེ། ཡང་དག་པ་མ་ཡིན་པའོ། །མིག་འདི་ནི། བདག་དང་བདག་གི་དང་བྲལ་བ་སྟེ། སྟོང་པའོ། །མིག་འདི་ནི། རྩཝ་དང །
26b
རྩིག་པ་དང ། ཤིང་དང ། རྡོ་དང ། མིག་ཡོར་ལྟ་བུ་སྟེ། བེམ་པོའོ། །མིག་འདི་ནི། རླུང་གི་འཕྲུལ་འཁོར་དང་ལྡན་པར་འབྱུང་སྟེ། བྱེད་པ་མེད་པའོ། །མིག་འདི་ནི། གསོག་སྟེ། མི་གཙང་བ་དང ། རྣག་བསགས་པའོ། །མིག་འདི་ནི། གསོབ་སྟེ། གཡོ་བ། ཀུན་ཏུ་ཉེ་བ། གཞིག་པ། རྣམ་པར་འཐོར་བ། འཇིག་པའི་ཆོས་ཅན་ནོ། །མིག་འདི་ནི། རྟག་ཏུ་རྒ་བའི་ཟིལ་གྱིས་ནོན་པ་སྟེ།་ཁྲོན་པ་རྙིང་པ་དང་མཚུངས་སོ། །མིག་འདི་ནི། མཐར་འཆི་བ་སྟེ། མཐར་མི་གནས་པའོ། །ཁྱིམ་བདག་རྣམས། མིག་ཇི་ལྟ་བ་དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱང་རིག་པར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ་ཆོས་ཐམས་ཅད་ཀྱི་བར་དུ་རིག་པར་བྱའོ། །ཁྱིམ་བདག་རྣམས། གཞན་ཡང་འདི་ལྟ་སྟེ། མིག་འདི་དང ། འདི་ལྟ་སྟེ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཡིད་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། ། འདི་ལྟ་སྟེ། གཟུགས་འདི་དང ། འདི་ལྟ་སྟེ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས། གཟུགས་ཀྱི་ཕུང་པོ་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་འདོན་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས་ཚོར་བའི་ཕུང་པོ་འདི་ནི། བྱིས་པ་སོ་སོའི་
27a
༄#། །སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས། འདུ་ཤེས་ཀྱི་ཕུང་པོ་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས། འདུ་བྱེད་ཀྱི་ཕུང་པོ་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས། རྣམ་པར་ཤེས་པའི་ཕུང་པོ་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས། སའི་ཁམས་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །འདི་ལྟ་སྟེ། ཁྱིམ་བདག་རྣམས། འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བའི་ཆོས་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་འདོད་པ་ཙམ་མོ། །དེ་བས་ན། ཁྱིམ་བདག་ཁྱེད་རྣམས་མི་འདོད་པར་གྱིས་ཤིག་།མི་འདོད་པར་གྱུར་ནས་བུ་དང་ཆུང་མ་རྣམས་ཉེ་བར་མ་ལེན་ཅིག་།ནོར་རྣམས་མ་ལེན་ཅིག། དེ་དག་མི་ལེན་པར་གྱུར་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་གྱིས་ཤིག་།དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་མི་འདོད་པར་གྱིས་ཤིག་།ཁྱིམ་བདག་རྣམས། རབ་ཏུ་
27b
བྱུང་བའི་མི་འདོད་པ་གང་ཞེ་ན། གང་སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་ཆོག་དང ། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་བསླབ་པའི་གཞི་ཡང་དག་པར་བཟུང་ནས་སློབ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་སོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་ནི། མིག་མི་ལེན། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་མི་ལེན། གཟུགས་མི་ལེན། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་མི་ལེན། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་ཕུང་པོ་མི་ལེན། སའི་ཁམས་མི་ལེན། ཆུའི་ཁམས་མི་ལེན། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་མི་ལེན་ཏེ། ཁྱིམ་བདག་རྣམས།་འདི་ནི། རབ་ཏུ་བྱུང་བའི་མི་འདོད་པའོ། །མི་འདོད་ནས་མིག་གི་ཁམས་མི་ལེན་ཏོ། །གོང་མ་བཞིན་དུ་སྦྱར་ཏེ་ཡིད་ཀྱི་ཁམས་ཀྱི་བར་དུ་མི་ལེན་ཏོ། །གོང་མ་བཞིན་དུ་སྦྱར་ཏེ་གང་མི་ལེན་པ་དེ་ཡོངས་སུ་མི་སྤོང་ངོ ། །ཅི་ཡོངས་སུ་མི་སྤོང་ཞེ་ན། མིག་ཡོངས་སུ་མི་སྤོང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཡོངས་སུ་མི་སྤོང ། གཟུགས་ཡོངས་སུ་མི་སྤོང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཡོངས་སུ་མི་སྤོང ། གཟུགས་ཀྱི་ཕུང་པོ་ཡོངས་སུ་མི་སྤོང ། ཚོར་བའི་ཕུང་པོ་ཡོངས་སུ་མི་སྤོང ། འདུ་ཤེས་ཀྱི་ཕུང་པོ་ཡོངས་
28a
༄#། །སུ་མི་སྤོང ། འདུ་བྱེད་ཀྱི་ཕུང་པོ་ཡོངས་སུ་མི་སྤོང ། རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་མི་སྤོང ། སའི་ཁམས་ཡོངས་སུ་མི་སྤོང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡོངས་སུ་མི་སྤོང་ངོ ། །དེ་ནམ་མི་སྤོང་བ་དེ་ནི། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་ན་ཡང་བར་འགྱུར་རོ། །དེ་ནས་ནམ་ཡང་བར་གྱུར་པ་དེ་ན་དེ་མི་སྣང་བར་འགྱུར་རོ། །དེ་ནམ་མི་སྣང་བ་དེ་ན་གང་ལ་ཡང་ཁོང་ཁྲོ་པར་མི་བྱེད་དོ། །དེ་ནམ་ཁོང་ཁྲོ་བར་མི་བྱེད་པ་དེ་ན་བདག་ལ་གནོད་པར་མི་སེམས། གཞན་ལ་གནོད་པར་མི་སེམས། གཉིས་ཀ་ལ་གནོད་པར་མི་སེམས་ཏེ། དེ་གནོད་པར་མི་སེམས་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །ཁྱིམ་བདག་རྣམས། དེ་ལ་གང་ཡོངས་སུ་མྱ་ངན་ལས་འདའ་ཞེ་ན། དེ་ལ་མིག་ཡོངས་སུ་མྱ་ངན་ལས་མི་འདའ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཡོངས་སུ་མྱ་ངན་ལས་མི་འདའ་མོད་ཀྱི། ཁྱིམ་བདག་རྣམས། གང་མིག་ལ་བརྟེན་ནས་ང་ཞེའམ། ངའི་ཞེས་ཡང་དག་པ་མ་ཡིན་པ་འཛིན་པ་དེ་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདའ་བའོ། །གང་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཞེ་ན། འདོད་ཆགས་
28b
དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེ་སྡང་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའོ། །གཏི་མུག་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའོ། །མི་ཤེས་པ་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པ་སྟེ། ཡང་ཁྱིམ་བདག་རྣམས། མི་ཤེས་པ་ནི། འདས་པ་ལ་མེད་པར་མ་གྱུར། ད་ལྟར་བྱུང་བ་དང ། མ་འོངས་པ་ལ་མེད་པར་མ་གྱུར་མོད་ཀྱི།་མི་ཤེས་པ་དང་བྲལ་ནས་ཤེས་པ་སྐྱེས་སོ། །ཁྱིམ་བདག་རྣམས། དེ་ལ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཟད་པ་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་མ། འདི་ལྟ་སྟེ། ཟད་པ་ཤེས་པ་ནི། འདས་པ་མ་ཡིན། ཟད་པ་ཤེས་པ་ནི། མ་འོངས་པ་མ་ཡིན། ཟད་པ་ཤེས་པ་ནི། ད་ལྟར་བྱུང་བ་མ་ཡིན་མོད་ཀྱི། ཁྱིམ་བདག་རྣམས། གང་ལ་བརྟེན་ཏེ་མི་ཤེས་པ་དང་བྲལ་ནས་ཤེས་པ་སྐྱེས་པར་གྱུར་པ་དེ་ནི། མི་ཤེས་པ་དང་བྲལ་བའི་ཤེས་པའོ། །མིག་ལ་བརྟེན་ནས་མི་ཤེས་པ་དང་བྲལ་ཞིང་ཤེས་པ་སྐྱེས་ཀྱང་མིག་ནི། ང་ཡི་བ་མ་ཡིན་ནོ། །གང་ང་ཡི་བ་མ་ཡིན་པ་དེ་ཡོངས་སུ་མ་བཟུང་བའོ། །གང་ཡོངས་སུ་མ་བཟུང་བ་དེ་སྤངས་པའོ། །གང་སྤངས་པ་དེ། གྲོལ་བའོ། །གང་ལས་གྲོལ་ཞེ་ན། བདག་ཏུ་འཛིན་པ་ལས་གྲོལ། སེམས་ཅན་དུ་འཛིན་པ་ལས་གྲོལ། སྲོག་ཏུ་འཛིན་པ་ལས་གྲོལ། གང་ཟག་ཏུ་འཛིན་པ་དང ། ཆད་པར་འཛིན་པ་དང ། རྟག་པར་འཛིན་པ་ལས་གྲོལ། འཛིན་པ་ཐམས་ཅད་ལས་གྲོལ། ཡོངས་སུ་རྟོག་པ་ལས་
29a
༄#། །གྲོལ་ཏེ།་དེ་ཡོངས་སུ་མི་རྟོག་གོ། ཡོངས་སུ་མི་རྟོག་པས་མི་རྟོག་རྣམ་པར་མི་རྟོག་གོ། །ཅི་ལ་མི་རྟོག་ཅེ་ན། ང་དང་ངའི་ཞེས་མི་རྟོག་སྟེ། ད་མི་གསོག་ཅིང་གསོག་པར་མི་བྱེད་ལ་སྤོང་ཞིང་མི་ལེན་ཏོ། །སྤངས་པས་ཡོངས་སུ་མྱ་ངན་ལས་འདས་སོ། །གྲོལ་ལོ། །བྱུང་ངོ ། །རབ་ཏུ་རྣམ་པར་གྲོལ་ལོ། །བྲལ་ལོ། །གང་ལས་བྱུང་ཞེ་ན། སྡུག་བསྔལ་ཐམས་ཅད་ལས་བྱུང་ངོ ། །ཁྱིམ་བདག་ཁྱེད་རྣམས་འབྱུང་བར་འདོད་ན། ཆོས་གང་ཡང་བླང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས། ལེན་པས་ནི། སྲིད་པར་འགྱུར་རོ། ། མི་ལེན་པས་ནི། སྲིད་པ་མེད་དོ། །དེ་ལ་ཁྱིམ་བདག་རྣམས། མིག་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །གོང་མ་བཞིན་དུ་སྦྱར་ཏེ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པ་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་མོད་ཀྱི། ཁྱིམ་བདག་རྣམས། གང་རྣམ་པར་ཤེས་པ་ལ་བརྟེན་ཏེ་ང་དང་ངའི་ཞེས་ཡང་དག་པ་མ་ཡིན་པར་འཛིན་པ་དེ་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའོ། །གང་དང་བྲལ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཞེ་ན། འདོད་ཆགས་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེ་སྡང་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པའོ། །གཏི་མུག་དང་བྲལ་བ་ནི།
29b
ཡོངས་སུ་མྱ་ངན་ལས་འདས་པའོ། །མི་ཤེས་པ་དང་བྲལ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པ་སྟེ། ཡང་ཁྱིམ་བདག་རྣམས། མི་ཤེས་པ་ནི། འདས་པ་དང ། ད་ལྟར་དང ། མ་འོངས་པ་ལ་མེད་པར་གྱུར་པ་མ་ཡིན་མོད་ཀྱི། མི་ཤེས་པ་དང་བྲལ་ནས་ཤེས་པ་སྐྱེས་སོ། །ཁྱིམ་བདག་རྣམས། དེ་ལ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཟད་པ་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། ཟད་པ་ཤེས་པ་ནི། འདས་པ་མ་ཡིན། ཟད་པ་ཤེས་པ་ནི། མ་འོངས་པ་མ་ཡིན། ཟད་པ་ཤེས་པ་ནི། ད་ལྟར་བྱུང་བ་མ་ཡིན་མོད་ཀྱི། ཁྱིམ་བདག་རྣམས། མིག་ལ་བརྟེན་ཏེ་མི་ཤེས་པ་དང་བྲལ་ནས་ཤེས་པ་སྐྱེས་པར་གྱུར་པ་དེ་ནི། མི་ཤེས་པ་དང་བྲལ་བའི་ཤེས་པའོ། །མིག་ལ་བརྟེན་ཏེ་མི་ཤེས་པ་དང་བྲལ་ནས་ཤེས་པ་སྐྱེས་ཀྱང་ཤེས་པའི་དབྱིངས་ནི། ང་ཡི་བ་མ་ཡིན་ནོ། །གང་ང་ཡི་བ་མ་ཡིན་པ་དེ་ཡོངས་སུ་མ་བཟུང་བའོ། །གང་ཡོངས་སུ་མ་བཟུང་བ་དེ་སྤངས་བའོ། །གང་སྤང་པ་དེ་གྲོལ་བའོ། །གང་ལས་གྲོལ་ཞེ་ན། བདག་ཏུ་འཛིན་པ་ལས་གྲོལ། སེམས་ཅན་དུ་འཛིན་པ་དང ། སྲོག་ཏུ་འཛིན་པ་དང ། གང་ཟག་ཏུ་འཛིན་པ་དང ། ཆད་པར་འཛིན་པ་དང ། རྟག་པར་འཛིན་པ་ལས་གྲོལ། ཡོངས་སུ་རྟོག་པ་ལས་གྲོལ་ཏེ་དེ་ཡོངས་སུ་མི་རྟོག་གོ། ཡོངས་སུ་མི་རྟོག་པས་མི་རྟོག་རྣམ་པར་མི་རྟོག་གོ། ཅི་ལ་མི་རྟོག་ཅེ་ན། བཞེས་མི་རྟོག། ངའི་ཞེས་མི་རྟོག་སྟེ། དེ་མི་གསོག་ཅིང་གསོག་
30a
༄#། །པ་མེད་དོ། །ལེན་པ་མེད་ཅིང་སྤངས་པས་ཡོངས་སུ་མྱ་ངན་ལས་འདས་སོ། །གྲོལ་ལོ། །བྱུང་ངོ ། །རབ་ཏུ་རྣམ་པར་གྲོལ་ལོ། །བྲལ་ལོ། །གང་ནས་བྱུང་ཞེ་ན། སྡུག་བསྔལ་ཐམས་ཅད་ལས་བྱུང་ངོ ། །ཁྱིམ་བདག་ཁྱེད་རྣམས་འབྱུང་བར་འདོད་ན། ཆོས་གང་ཡང་བླང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས། ལེན་པས་ནི། སྲིད་པར་འགྱུར་གྱི། མི་ལེན་པས་ནི། མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལེན་པ་ལས་ནི་འཇིགས་སྐྱེ་སྟེ། །དེ་ཕྱིར་ངན་འགྲོར་འགྲོ་བར་འགྱུར། །འཇིགས་བཅས་ནས་ནི་འདི་མཐོང་ནས། །མཁས་པས་དེ་ནི་མི་ལེན་ཏོ། །ལམ་གང་ཉིད་ལ་བསྒོམ་བྱ་བ། །ཤེས་རབ་ཀྱིས་ནི་དེ་བལྟ་སྟེ། །ཤེས་རབ་ཀྱིས་ནི་མཐོང་འགྱུར་བས། །རྣམ་པ་གཞན་དུ་མི་འགྱུར་རོ། །སྐྱེ་མཆེད་ཐམས་ཅད་སྟོང་པ་སྟེ། །སྙིང་པོ་མེད་པར་གཡོ་ཞིང་གསོག་།སྐྱེ་རྒུ་རྣམས་ནི་སྲེད་པས་བསླུས། །དེ་ལ་ཆགས་པར་མི་བྱའོ། །ཆོས་རྣམས་སྟོང་པར་ངས་མཁྱེན་ཏེ། །ཆོས་རྣམས་སྙིང་པོ་མེད་པར་མཁྱེན། །བདེ་བརྙེས་མྱ་ངན་མི་མཛད་དེ། །ངས་ནི་མི་གཡོ་བདེ་བ་བརྙེས། །གང་གིས་འདི་ལྟར་ཆོས་རྣམས་ཀུན། །སྟོང་པ་ཉིད་དུ་ཤེས་པ་སྟེ། །སྡུག་བསྔལ་དག་ནི་ཀུན་ལས་ཐར། །དེ་ལ་རྩོད་པ་མེད་པ་ཡིན། །འདོད་པ་
30b
འདི་ནི་ཡོངས་སུ་འཛིན་ཀུན་དང ། །གཙེ་བ་ཐམས་ཅད་ཀྱི་ཡང་སྐྱེད་པ་ཡིན། །ཡོངས་སུ་འཛིན་པ་དག་ལས་ལེན་པར་གསུངས། །ལེན་པ་དག་ལས་སྲིད་པ་འབྱུང་བར་འགྱུར། །སྲིད་པ་ལས་ནི་རྫོགས་སྐྱེ་སྐྱེ་བ་སྟེ། །དེ་ནི་འཇུག་པ་དག་དང་འགྲུབ་པར་འགྱུར། །སྐྱེས་ནས་ནད་དང་རྒ་དང་འཆི་བ་དང ། །མི་འདོད་སྡུག་བསྔལ་ཆེན་པོ་གཞན་དག་གནོན། །འདོད་པ་མེད་ན་ལེན་པ་ཡོད་མ་ཡིན། །ལེན་པ་མེད་ན་སྲིད་པར་མི་འགྱུར་ཏེ། །སྲིད་པ་མངོན་པར་འགྲུབ་ལས་འདས་པ་ནི། །སྐྱེ་རྒ་ན་དང་འཆི་བར་མི་འགྱུར་རོ། །དེ་ཕྱིར་ཁྱེད་ཀུན་གཅིག་ཏུ་འདུས་གྱུར་ནས། ། ཡོངས་སུ་འཛིན་པ་རྣམ་པར་སྤང་བྱོས་ལ། །བུ་དང་ཆུང་མ་དག་ལ་དགའ་སྤངས་ཏེ། །དགེ་སློང་ཚུལ་འདི་མྱུར་དུ་བླང་བར་བྱོས། །ཤེས་ཀྱི་ཁེ་འདོད་རྙེད་པ་འདོད་མ་བྱེད། །ངན་ངོན་ཙམ་དག་གིས་ནི་ཆོག་བྱོས་ལ། །གདོལ་པ་དག་དང་འདྲ་བའི་དམའ་སེམས་ཀྱིས། །གཞན་གྱི་གྲོང་དུ་ཉེ་བར་འགྲོ་བར་བྱ། །ང་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མ་སྙེམས། །འདི་ནི་ཚུལ་ཁྲིམས་ངན་ཞེས་གཞན་མ་བརྙས། །ཚུལ་ཁྲིམས་ཙམ་གྱིས་གཞན་ལ་གང་བརྙས་པ། །སྙེམས་ཕྱིར་དེ་ནི་ཚུལ་ཁྲིམས་འཆལ་ཞེས་བྱ། །ཇི་ལྟར་རི་དྭགས་དག་ནི་རྒྱས་ཟིན་པ། །དེ་དག་ཉིད་དུ་དེ་ཟིན་གསོད་པ་ལྟར། །དེ་བཞིན་བདུད་ཀྱི་ཞགས་པས་ཟིན་པ་དེ། །སྙེམས་པ་དེ་ཉིད་ཀྱིས་ནི་དེ་བཅོམ་མོ། །འཕྱ་བའི་བསམ་པ་ཅན་གྱི་གང་ཟག་དག་།གཞན་ལ་བརྙས་པས་
31a
༄#། །བདག་ཉིད་ཉམས་པར་བྱེད། །དེ་བས་ཚུལ་ཁྲིམས་འཆལ་ལའང་མི་བརྙས་ན། །ཁྲིམས་ལྡན་ཚངས་པར་སྤྱོད་ལ་སྨོས་ཅི་དགོས། །དྲང་སྲོང་དེས་པའི་རྗེས་སུ་སློབ་པ་དག་།རྣམ་པར་གྲོལ་བ་ཞི་བ་འདི་ཚོལ་ཞིང ། །ལུས་དང་སྲོག་རྣམས་ལ་ཡང་མི་ལྟ་བར། །རྟག་ཏུ་དབེན་པར་དགོན་པར་གནས་པར་བྱ། །གནོད་པའི་རྩ་བ་གཅེར་བུ་གསང་ཚིག་དང ། །འཇིག་རྟེན་རྒྱང་ཕན་གསང་ཚིག་རྣམ་སྤོངས་ལ། །སྟོང་པ་ཉིད་དང་ལྡན་པར་གང་གསུངས་པ། །ཟབ་མོའི་ཆོས་ལ་དགའ་བ་བསྐྱེད་པར་བྱོས། །ནང་དང་ཕྱི་རོལ་དག་གི་སྐྱེ་མཆེད་ནི། །བཅུ་གཉིས་པོ་སྟེ་སེམས་ཀྱི་རྩ་བར་བཤད། །དེ་དག་ཀུན་ཀྱང་ལས་ཀྱི་རྒྱུ་ལས་བྱུང ། །ལས་ཀྱང་རྒྱུན་རིང་སེམས་པས་བཞག་པའོ། །མིག་དང་གཟུགས་ཉིད་ལ་ནི་བརྟེན་བྱས་ནས། །རྐྱེན་རྣམས་ལས་ཀྱང་རྣམ་པར་ཤེས་པ་སྐྱེ། །འདུ་བ་མ་ཚང་བས་ནི་ནུབ་འགྱུར་ཏེ། །ཇི་ལྟར་ཤིང་མེད་མེ་ནི་མི་འབར་བཞིན། །དེ་ལྟར་ཆོས་འདི་ཐམས་ཅད་རབ་སྐྱེས་པ། །ཕན་ཚུན་འདུས་པ་ལས་ནི་འབྱུང་བར་འགྱུར། །བྱེད་པ་པོ་དང་ཚོར་བ་མི་དམིགས་ཏེ། །བྱ་བ་དག་ནི་སྒྱུ་མ་ལྟ་བུར་སྣང ། །ངས་ནི་ནང་དང་ཕྱི་རོལ་ཆོས་རྣམས་ཀུན། ། སྟོང་པ་ཉིད་དེ་སྒྱུ་མ་འདྲ་བར་མཁྱེན། །བྱིས་པ་མི་ཤེས་ལོག་པར་འཛིན་པ་དག་།ང་དང་ང་ཡི་ཉེས་ཀྱང་རྣམ་པར་རྟོག་།མིག་ནི་ནང་ན་ཅུང་ཟད་ཡོད་མ་ཡིན། །ཕྱི་རོལ་གང་དུའང་
31b
སེམས་ཅན་མི་དམིགས་ཏེ། །མིག་ནི་བདག་མེད་བྱེད་མེད་སྲོག་མེད་དེ། །ཆོས་རྣམས་ཀུན་ཀྱང་དེ་ལྟར་ཤེས་པར་བྱོས། །མིག་ནི་སེམས་ཤིང་གྲོལ་བར་འདོད་མ་ཡིན། །དེ་བཞིན་རྣ་བ་དང་ནི་སྣ་དང་ལྕེ། །ལུས་དང་ཡིད་དང་གཟུགས་ཀྱང་བྱེད་མེད་དེ། །ཆོས་རྣམས་ཐམས་ཅད་དེ་དང་འདྲ་བར་ལྟོས། །ཇི་ལྟར་རྒྱ་མཚོ་དག་གི་ཆུ་ལས་ནི། །ལྦུ་བ་རྡོས་པ་ཆེན་པོ་མང་བྱུང་བ། །དེ་ལ་མིག་ལྡན་ཚུལ་བཞིན་ངེས་བརྟགས་ན། །ལྦུ་བ་རྡོས་པ་ཉམ་ཆུང་སྙིང་པོ་མེད། །དེ་བཞིན་ཕུང་པོ་ལྔ་ཡི་ངོ་བོ་ཉིད། །ལྦུ་བ་ལྟ་བུར་ཉམ་ཆུང་གང་ཤེས་པ། །གཙེ་བ་ཐམས་ཅད་དང་ནི་སྐྱེ་བ་དང ། །རྒ་དང་མྱ་ངན་གཙེ་ལས་གྲོལ་བར་འགྱུར། །གང་དག་ང་ཡི་བསྟན་ལ་རབ་བྱུང་ནས། །ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པ་དེ། །ཡུལ་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ། །དེ་ནི་ཕྱོགས་བཅུའི་སངས་རྒྱས་མཆོད་པར་བྱེད། །དེ་ནས་ཁྱིམ་བདག་ལྔ་བརྒྱ་ཙམ་པོས་ས་ཕྱོགས་དེ་ཉིད་ན་གནས་པ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།འདི་ལྟ་སྟེ། དཔེར་ན། གོས་དྲེག་པ་ནག་པོ་དང་བྲལ་བ་ཚོན་དུ་བཅུག་ན་མྱུར་དུ་ཚོན་འཛིན་པ་དེ་བཞིན་དུ་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་ས་ཕྱོགས་དེ་ཉིད་ན་གནས་པ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་ལ་ཆོས་ཀྱི་
32a
༄#། །གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་གཏམ་ནི། འདི་ཡིན་ཏེ། ཁྱིམ་བདག་རྣམས། མིག་ཀུན་ཏུ་འབར་ཏེ། ཅིས་ཀུན་ཏུ་འབར་ཞེ་ན། འདོད་ཆགས་ཀྱི་མེད་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེས་ཀུན་ཏུ་འབར་རོ། །སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པས་ཀུན་ཏུ་འབར་ཏེ། བདག་གིར་བྱ་བ་སྡུག་བསྔལ་ལོ། །ཞེས་བཤད་དོ། །ཁྱིམ་བདག་རྣམས། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་བར་དུ་ཀུན་ཏུ་འབར་ཏེ། ཅིས་ཀུན་ཏུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེ་དང ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པས་ཀུན་དུ་འབར་ཏེ། བདག་གིར་བྱ་བ་སྡུག་བསྔལ་ལོ། །ཞེས་བཤད་དོ། །ཁྱིམ་བདག་རྣམས། གཟུགས་ཀུན་ཏུ་འབར་ཏེ། ཅིས་ཀུན་ཏུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེས་ཀུན་ཏུ་འབར་རོ། །དེ་ལྟར་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་རྣམས་ཀྱང་གོང་མ་བཞིན་དུ་སྦྱར་རོ། །ཁྱིམ་
32b
བདག་རྣམས། གཟུགས་ཀྱི་ཕུང་པོ་ཀུན་ཏུ་འབར་ཏེ། ཅིས་ཀུན་ཏུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེས་ཀུན་ཏུ་འབར་རོ། །ཚོར་བའི་ཕུང་པོ་དང ། འདུ་ཤེས་ཀྱི་ཕུང་པོ་དང ། འདུ་བྱེད་ཀྱི་ཕུང་པོ་དང ། རྣམ་པར་ཤེས་པའི་ཕུང་པོ་ཡང་དེ་བཞིན་ནོ། །ཁྱིམ་བདག་རྣམས། སའི་ཁམས་ཀུན་ཏུ་འབར་ཏེ། ཅིས་ཀུན་ཏུ་འབར་ཞེ་ན།་འདོད་ཆགས་ཀྱི་མེ་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེས་ཀུན་ཏུ་འབར་རོ། །ཁྱིམ་བདག་རྣམས། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་ཀུན་ཏུ་འབར་ཏེ། ཅིས་ཀུན་ཏུ་འབར་ཞེ་ན། འདོད་ཆགས་ཀྱི་མེ་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེས་ཀུན་ཏུ་འབར་རོ། །སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པས་ཀུན་ཏུ་འབར་ཏེ། བདག་གིར་བྱ་བ་སྡུག་བསྔལ་ལོ། །ཞེས་བཤད་དོ། །དེ་བས་ན་ཁྱིམ་བདག་རྣམས། མིག་བླང་བར་མི་བྱའོ། །ཞེས་ཁྱིམ་བདག་རྣམས་དེ་ལྟར་བསླབ་པར་བྱའོ། །དེ་བཞིན་དུ་ཁྱིམ་བདག་རྣམས་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་བླང་བར་མི་བྱའོ། །ཞེས་དེ་ལྟར་བསླབ་པར་བྱའོ། །དེ་བས་ན་ཁྱིམ་བདག་རྣམས། གཟུགས་བླང་བར་མི་བྱ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་བླང་བར་མི་བྱའོ། །ཞེས་དེ་ལྟར་བསླབ་
33a
༄#། །པར་བྱའོ། །ཁྱིམ་བདག་རྣམས། གཟུགས་ཀྱི་ཕུང་པོ་བླང་བར་མི་བྱའོ། །ཚོར་བའི་ཕུང་པོ་དང ། འདུ་ཤེས་ཀྱི་ཕུང་པོ་དང ། འདུ་བྱེད་ཀྱི་ཕུང་པོ་དང ། རྣམ་པར་ཤེས་པའི་ཕུང་པོ་བླང་བར་མི་བྱའོ། །ཞེས་དེ་ལྟར་བསླབ་པར་བྱའོ། །དེ་བས་ན་ཁྱིམ་བདག་རྣམས། སའི་ཁམས་བླང་བར་མི་བྱའོ། །ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་བླང་བར་མི་བྱའོ། །ཞེས་དེ་ལྟར་བསླབ་པར་བྱའོ། །དེ་བས་ན་ཁྱིམ་བདག་རྣམས། རྣམ་པར་ཤེས་པའི་ཁམས་བླང་བར་མི་བྱའོ། །ཞེས་དེ་ལྟར་བསླབ་པར་བྱའོ། །དེ་བས་ན་ཁྱིམ་བདག་རྣམས། འཇིག་རྟེན་འདི་བླང་བར་མི་བྱའོ། །འཇིག་རྟེན་ཕ་རོལ་བླང་བར་མི་བྱའོ། །ཞེས་ཁྱིམ་བདག་རྣམས་དེ་ལྟར་བསླབ་པར་བྱའོ། ། ཁྱིམ་བདག་ཁྱེད་རྣམས་ནམ་མིག་མི་ལེན་ཅིང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་མི་ལེན་པ་དེ་ན་ཁྱེད་རྣམས་མིག་ནས་ཡིད་ཀྱི་བར་ལ་མི་གནས་པར་འགྱུར་རོ། ། ཁྱིམ་བདག་ཁྱེད་རྣམས་ནམ་གཟུགས་མི་ལེན་ཅིང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་རྣམས་མི་ལེན་པ་དེ་ན་ཁྱེད་རྣམས་ཆོས་ཐམས་ཅད་ལ་མི་གནས་པར་འགྱུར་རོ། ། ཁྱིམ་བདག་ཁྱེད་རྣམས་ནམ་གཟུགས་ཀྱི་ཕུང་པོ་མི་ལེན་ཅིང ། ཚོར་བའི་ཕུང་པོ་དང ། འདུ་ཤེས་ཀྱི་ཕུང་པོ་དང ། འདུ་བྱེད་ཀྱི་ཕུང་པོ་མི་ལེན་པ་དེ་ན་ཁྱེད་རྣམས་འདུ་བྱེད་ཀྱི་ཕུང་པོ་
33b
ལ་མི་གནས་པར་འགྱུར་རོ། །ཁྱིམ་བདག་ཁྱེད་རྣམས་ནམ་རྣམ་པར་ཤེས་པའི་ཕུང་པོ་མི་ལེན་པ་དེ་ན་ཁྱེད་རྣམས་རྣམ་པར་ཤེས་པའི་ཕུང་པོ་ལ་མི་གནས་པར་འགྱུར་རོ། །ཁྱིམ་བདག་ཁྱེད་རྣམས་ནམ་སའི་ཁམས་མི་ལེན་ཅིང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་མི་ལེན་པ་དེ་ན་ཁྱེད་རྣམས་ནམ་མཁའི་ཁམས་ལ་མི་གནས་པར་འགྱུར་རོ། །ཁྱིམ་བདག་ཁྱེད་རྣམས་ནམ་རྣམ་པར་ཤེས་པའི་ཁམས་མི་ལེན་པ་དེ་ན་ཁྱེད་རྣམས་རྣམ་པར་ཤེས་པའི་ཁམས་ལ་མི་གནས་པར་འགྱུར་རོ། །ཁྱིམ་བདག་ཁྱེད་རྣམས་ནམ་འཇིག་རྟེན་འདི་མི་ལེན་ཅིང ། འཇིག་རྟེན་ཕ་རོལ་མི་ལེན་པ་དེ་ན་ཁྱེད་རྣམས་འཇིག་རྟེན་ཐམས་ཅད་ལ་མི་གནས་པར་འགྱུར་རོ། །ཁྱིམ་བདག་ཁྱེད་རྣམས་ནམ་ཆོས་ཐམས་ཅད་མི་ལེན་པ་དེ་ན་ཁྱེད་རྣམས་ཆོས་ཐམས་ཅད་ལ་མི་གནས་པར་འགྱུར་རོ། །ཁྱིམ་བདག་ཁྱེད་རྣམས་ནམ་ཆོས་ཐམས་ཅད་ལ་མི་གནས་པ་དེ་ན་ཁྱེད་རྣམས་མི་འབྱུང་མི་འཇིག་གོ། ཁྱེད་རྣམས་ནམ་མི་འབྱུང་མི་འཇིག་པ་དེ་ན་ཁྱེད་རྣམས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་པར་འགྱུར་ཏེ། སྡུག་བསྔལ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཞེས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་
34a
༄#། །དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྐྱེ་བ་དང་ནི་འཆི་བ་ཡིས། །འཇིག་རྟེན་འདི་ཀུན་ཀུན་ནས་འབར། །བྱིས་པ་སྐྱབས་མེད་གཙེ་བ་སྟེ། །དེ་དག་འཕགས་པའི་ལམ་ལས་ཉམས། །བརྒྱ་ལམ་འཇིག་རྟེན་སྣང་མཛད་པ། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །དལ་བ་ཆུད་ཟོས་མ་བྱེད་པར། །བརྩོན་འགྲུས་བརྟན་པ་རྩོམ་བྱོས་ཤིག་།གང་ལ་གནས་ཏེ་རྣམ་སྒོམ་པ། །ཤེས་རབ་ཀྱིས་ནི་དེ་ཡང་ལྟོས། །ཤེས་རབ་ཀྱིས་ནི་དེ་མཐོང་སྟེ། །རྣམ་པ་གཞན་དུ་མི་འགྱུར་རོ། །གང་ལ་གནས་ཏེ་སེམས་སྒོམ་པ། །ཐམས་ཅད་སྟོང་པར་ཤེས་པར་བྱ། །ཆོས་རྣམས་སྟོང་པར་རིག་ནས་ནི། །བྱང་ཆུབ་ཉིད་ཀྱང་སྟོང་པ་ཉིད། །འདོད་ཆགས་ཞེ་སྡང་དེ་བཞིན་གཏི་མུག་དང ། །མེ་གསུམ་དེ་དག་ཤིན་ཏུ་མི་བཟད་པ། །དེས་ན་འཇིག་རྟེན་འདི་ཀུན་རབ་འབར་ཡང ། །བྱིས་པ་རིག་ནས་གཉིད་ལོག་ཁོང་མི་ཆུད། །སྐྱེ་དང་རྒ་དང་ན་དང་འཆི་བ་དང ། །སྨྲེ་སྔགས་འདོན་ཅིང་སྡུག་བསྔལ་ཡིད་མི་བདེས། །འཇིག་རྟེན་འདི་དག་གཙེས་པར་རིག་ནས་ནི། །ཆོས་རྣམས་ཀུན་ལ་གནས་པར་མ་བྱེད་ཅིག་།དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་ལས་རབ་ཏུ་བྱུང་བ་རྙེད་པར་གྱུར་ཅིག་།བདག་
34b
ཅག་རྣམས་ཀྱིས་བདེ་བར་གཤེགས་པ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རྙེད་པར་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཚུར་ཤོག་ཅེས་གསུངས་པ་དང ། དེ་ཉིད་ཀྱིས་ཚེ་དང་ལྡན་པ་དེ་དག་རབ་ཏུ་བྱུང་བར་གྱུར་ཏེ། དེ་ཉིད་ཀྱིས་བསྙེན་པར་རྫོགས་པ་དང ། དེ་ཉིད་ཀྱིས་དགེ་སློང་གི་དངོས་པོར་གྱུར་ཏོ། །འདི་ལ་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །དེ་དག་གིས་ནི་ངུར་སྨྲིག་བགོས། །དེ་དག་གིས་ནི་སྐྲ་ཡང་བྲེགས། །ཀུན་ཀྱང་ལྷུང་བཟེད་ཐོགས་གྱུར་ནས། །དེ་ཉིད་དུ་ནི་དགྲ་བཅོམ་གྱུར། །སྟོན་པས་དགྲ་བཅོམ་རབ་མཁྱེན་ནས། །དགེ་སློང་གི་ནི་དགེ་འདུན་དང ། །ལྷ་རྣམས་མདུན་དུ་མངོན་སུམ་དུ། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །འཇིག་རྟེན་གྱི་ནི་མགོན་པོ་ལ། །སྔོན་ཆད་སྦྱིན་པ་བྱིན་པས་ན། །གང་ན་བདེ་བ་མང་བ་དེར། །ཤིན་ཏུ་དགའ་ཞིང་འོངས་པར་འགྱུར། །དེ་དག་གིས་ནི་ང་མཐོང་ནས། །དད་པ་རབ་ཏུ་སྐྱེས་པར་གྱུར། །དེ་དག་སེམས་ནི་དང་བ་ལ། །ཆོས་རྣམས་ཀྱི་ནི་མཆོག་བསྟན་ཏོ། །དགྲ་བཅོམ་གྱི་ནི་གསུང་ཐོས་ནས། །བདག་ཏུ་ལྟ་བ་རྣམ་པར་བཤིག་།སྟོང་ཉིད་མངོན་དུ་བྱས་ན་ནི། །དེ་དག་སྐྱེ་པ་ཀུན་ལས་གྲོལ། །ཁྱིམ་བདག་གི་ལེའུ་ཞེས་བྱ་སྟེ། དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལམ་གྱི་བར་དུ་ཁྱིམ་བདག་ལྔ་བརྒྱ་ཙམ་པོ་མི་གཡོ་བའི་གནས་ལ་བཀོད་ནས་ཀུན་ནས་མཛེས་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ། །
35a
༄#། །དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་ལྷ་རྣམས་དང ། གནོད་སྦྱིན་ཅི་འཇིགས་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་འདི་ལྟ་བུའི་སྦྱིན་གནས་འཇིག་རྟེན་ན་ཤིན་ཏུ་དཀོན་པ་བཅོམ་ལྡན་འདས་ལ་བསོད་སྙོམས་དབུལ་ལོ། །སྙམ་མོ། །དེ་ནས་གནོད་སྦྱིན་ཅི་འཇིགས་ཀྱིས་བསོད་སྙོམས་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ།་རོ་ཕུན་སུམ་ཚོགས་པ། རེག་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ལ་ཕུལ་ནས་གནོད་སྦྱིན་ཅི་འཇིགས་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་དེ་བཞེས་སོ། །བཅོམ་ལྡན་འདས་ལ་གནོད་སྦྱིན་ཅི་འཇིགས་ཀྱིས་བསོད་སྙོམས་ཕུལ་མ་ཐག་ཏུ་དེ་ནས་དེའི་ཚེ་སྟེང་གི་བར་སྣང་ལས་ཅི་འཇིགས་ཀྱི་འཁོར་མང་པོ་གནོད་སྦྱིན་དྲུག་ཁྲི་བརྒྱ་སྟོང་གིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ་རྗེས་སུ་ཡི་རང་བའི་སྒྲ་ཕྱུང་ངོ ། །དེ་ནས་དེའི་ཕྱིར་གནོད་སྦྱིན་ཅི་འཇིགས་ཀྱིས་རང་གི་འཁོར་རྣམས་ལ་བོས་ཏེ། བདག་གིས་ནི། ད་གཟོད་དེ་བཞིན་གཤེགས་པ་ལ་བསོད་སྙོམས་ཕུལ་གྱི། ཁྱེད་ཀྱིས་ནི། དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཅིག་།དེ་ནི། ཁྱེད་རྣམས་ཀྱི་ཡུན་རིང་པོའི་དོན་དང ། ཕན་པ་དང ། བདེ་བར་འགྱུར་རོ། །གནོད་སྦྱིན་རྣམས་ཀྱིས་དགེ་སློང་གི་དགེ་འདུན་ལ་བསོད་སྙོམས་ཕུལ་ནས་གནོད་སྦྱིན་དེ་དག་ལ་སྙིང་བརྩེ་བའི་ཕྱིར་དགེ་སློང་གི་དགེ་འདུན་གྱིས་ཀྱང་བསོད་
35b
སྙོམས་བླངས་སོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་པ་ལས་དེས་བསོད་སྙོམས་བླངས་པར་མཁྱེན་ནས་ས་ཕྱོགས་དེ་ནས་སླར་ལོག་གོ་།དེ་ལྟར་དེའི་ཚེ་ལྷ་སྟོང་ཕྲག་དུ་མ་དང ། ཀླུ་སྟོང་ཕྲག་དུ་མ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་སྟོང་ཕྲག་དུ་མ་དང ། མི་དང་མི་མ་ཡིན་པ་སྟོང་ཕྲག་དུ་མ་དང ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་རྣམས་བཅོམ་ལྡན་འདས་གཤེགས་པའི་ཞམ་འབྲིང་དུ་དོང་ངོ ། །དེ་ནས་བཅོམ་ལྡན་འདས་ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཏུ་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་གནོད་སྦྱིན་ཅི་འཇིགས་འཁོར་དང་བཅས་པས་ལྷའི་མེ་ཏོག་མནྡཱ་ར་བ་དང ། ུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དང ། ལྷའི་ཙནྡན་གྱི་ཕྱེ་མ་བླངས་ཏེ་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་རོ། །གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཅི་འཇིགས་ཀྱི་བསམ་པ་ཡང་མཁྱེན། དེའི་འཁོར་གནོད་སྦྱིན་མང་པོའི་བསམ་པ་ཡང་མཁྱེན་ནས་འཛུམ་པ་མཛད་དོ། །ཆོས་ཉིད་ནི། འདི་ཡིན་ཏེ། ནམ་སངས་
36a
༄#། །རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེ་ན་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེབ་རྒན་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ནས་ཉི་མ་དང ། ཟླ་བའི་གཟི་བརྗིད་མེད་པར་བྱས་ཏེ་སེམས་ཅན་དམྱལ་བ་པའི་སེམས་ཅན་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ་ཁ་ཅིག་ནི། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །ཁ་ཅིག་ནི། ཕྲག་པར་ནུབ་བོ། །ཁ་ཅིག་ནི། པུས་མོར་ནུབ་བོ། །ཆོས་ཉིད་ནི། འདི་ཡིན་ཏེ། ནམ་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་ཞབས་ཀྱི་འོག་ཏུ་ནུབ་པར་འགྱུར་རོ། །ནམ་དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །ནམ་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་མདུན་དུ་ནུབ་པར་འགྱུར་རོ། །ནམ་མི་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་གཡོན་དུ་ནུབ་པར་འགྱུར་རོ། །ནམ་ལྷ་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་གཡས་སུ་ནུབ་པར་འགྱུར་རོ། །ནམ་ཉན་ཐོས་རྣམས་ལ་ལུང་སྟོན་པ་
36b
དེ་ན་འོད་ཟེར་པུས་མོར་ནུབ་པར་འགྱུར་རོ། །ནམ་རང་སངས་རྒྱས་རྣམས་ལ་ལུང་སྟོན་པ་དེ་ན་འོད་ཟེར་ཕྲག་པར་ནུབ་པར་འགྱུར་རོ། །ནམ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་དེ་ན་འོད་ཟེར་སྟེང་གི་དབུའི་གཙུག་གི་མཚམས་སུ་ནུབ་པར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་འཛུམ་པ་མཛད་པ་མཐོང་སྟེ། མཐོང་ནས་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཅི་རྒྱུས་འཇིག་རྟེན་སྣང་མཛད་པ། །འཇིག་རྟེན་ཀུན་ལ་སྨན་པའི་སླད། །འཇིག་རྟེན་མགོན་པོ་འོད་མཛད་པ། །ཅི་ཞིག་སླད་དུ་འཛུམ་པ་བསྟན། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །དེ་རིང་སུ་ཡིས་ས་བོན་བཏབ། །དེ་རིང་སུ་ལ་ལུང་ཡང་སྟོན། །གང་ཞིག་མཐར་ཕྱིན་རབ་ཏུ་ཞུགས། །དཔའ་བོ་རྣམ་པར་འདྲེན་པ་རྣམས། །རྒྱུ་མ་མཆིས་པར་འཛུམ་མི་མཛད། །ཐུབ་པ་ཅི་སླད་འཛུམ་པ་བསྟན། །འོད་ཟེར་དོན་ནི་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་པ་འདི་དག་གིས་སླར་གསུངས་པ། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཅི་འཇིགས་རབ་ཏུ་དང་སེམས་ཀྱིས། །བསོད་སྙོམས་དག་ནི་ཕུལ་བས་ན། །
37a
༄#། །དེ་ལྟར་དེ་ཕྱིར་འཛུམ་པ་མཛད། །གནོད་སྦྱིན་འདི་ནས་ཤི་འཕོས་ནས། །སུམ་ཅུ་རྩ་གསུམ་འགྲོ་བར་འགྱུར། །སུམ་ཅུ་གསུམ་ནས་ཤི་འཕོས་ནས། །འཐབ་བྲལ་དུ་ཡང་འགྲོ་བར་འགྱུར། །འཐབ་བྲལ་ནས་ནི་དགའ་ལྡན་འགྲོ། །འདོད་པ་འདོད་པས་དགར་བྱས་ནས། །མི་ཡི་ནང་དུ་སྐྱེ་འགྱུར་ཏེ། །རྒྱལ་པོ་རྫུ་འཕྲུལ་ལྡན་པར་འགྱུར། །འཁོར་ལོས་བསྒྱུར་བ་མི་ཡི་དབང ། །གླིང་བཞི་དག་གི་དབང་པོ་སྟེ། །མི་ཡི་འཇིག་རྟེན་ཤི་འཕོས་ནས། །ཚངས་པའི་འཇིག་རྟེན་འགྲོ་བར་འགྱུར། །བསྐལ་པ་བྱེ་བ་ཉི་ཤུར་ནི། །རྟག་ཏུ་བསྟི་སྟང་བྱས་པར་འགྱུར། །ལྷ་ཡི་ནང་དང་མི་ནང་དུ། །ཡང་དང་ཡང་དུ་ཀུན་ཏུ་འགྲོ། །ཕྱིས་དེ་རྒྱལ་སྲིད་བོར་ནས་ནི། །ཁྱིམ་མེད་པར་ཡང་རབ་ཏུ་བྱུང ། །རྐྱེན་གྱིས་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་ནི་མཐར་ཡང་ཐུག་པར་འགྱུར། །གནོད་སྦྱིན་དག་ནི་སུམ་ཁྲི་དག། གནོད་སྦྱིན་སྐྱེ་གནས་འཕོས་གྱུར་ནས། །སུམ་ཅུ་རྩ་གསུམ་སྐྱེ་བར་འགྱུར། །སངས་རྒྱས་ལ་ནི་གུས་བྱས་ནས། །སངས་རྒྱས་བྱམས་པ་མཐོང་འགྱུར་ཞིང ། །དེ་ན་མཐར་ནི་ཐུག་འགྱུར་ཏེ། །དགྲ་བཅོམ་པ་ཡང་ཐོབ་འགྱུར་ན། །སྟོན་པ་ལ་ནི་སུ་མི་མཆོད། །གནོད་སྦྱིན་སྟོང་དུ་ཚང་བ་རྣམས། །བྱང་ཆུབ་མཆོག་ལ་རབ་ཞུགས་པས། །དེ་དག་དགེ་བའི་རྩ་བ་དེས། །ནམ་དུའང་ངན་འགྲོར་འགྲོ་མི་འགྱུར། །ཁ་ཅིག་སྲོག་ཆགས་ཀུན་ཕན་ཕྱིར། །
37b
བྱང་ཆུབ་དམ་པ་རབ་ཚོལ་ཞིང ། །སངས་རྒྱས་འདྲེན་པ་སྟོང་རྣམས་ལ། །བཀུར་སྟི་དག་ནི་བྱེད་པར་འགྱུར། །ཁ་ཅིག་སངས་རྒྱས་བྱང་ཆུབ་ཕྱིར། །སྟོང་ཕྲག་གཉིས་དང་གསུམ་དག་ཀྱང ། །མེ་ཏོག་ཕྲེང་བ་དྲི་རྣམས་ཀྱིས། །མཆོད་པ་དག་ནི་མཆོད་པར་འགྱུར། །དག་པ་བསྒོམས་པའི་བདག་ཉིད་ཅན། །འདྲེན་པ་བྱེ་བ་ཕྲག་སྟོང་ལ། །ཁ་ཅིག་བཀུར་སྟི་བྱེད་འགྱུར་ཏེ། ། འདི་དག་ཕྱིས་ནི་བྱང་ཆུབ་རེག་།དེ་ནས་ཅི་འཇིགས་དེ་ཡི་བུ། །རི་བོ་ཞེས་བྱ་རྫུ་འཕྲུལ་ཆེ། །འཇིག་རྟེན་སངས་རྒྱས་བདག་གྱུར་ཅེས། །དེས་ཀྱང་སེམས་ནི་བསྐྱེད་པར་གྱུར། །དེས་ནི་སངས་རྒྱས་བསྟི་སྟང་བྱས། །ཐམས་ཅད་དུ་ཡང་སྨོན་ལམ་བཏབ། །ང་མཐོང་ནས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་དོ། །དེ་ནི་དགེ་བའི་རྩ་བ་དེས། །ངན་འགྲོ་ཐམས་ཅད་སྤངས་གྱུར་ནས། །སངས་རྒྱས་བྱམས་པ་མཐོང་ནས་ནི། །གདུགས་རྣམས་བྱེ་བ་འབུལ་བར་འགྱུར། །གདུགས་རྣམས་བྱེ་བ་ཕུལ་ནས་ནི། །ན་བཟའ་བྱེ་བ་འབུལ་བར་འགྱུར། །ན་བཟའ་བྱེ་བ་ཕུལ་ནས་ནི། །དེ་ཉིད་དུ་ནི་རབ་ཏུ་བྱུང ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་དམ་པ་རབ་ཚོལ་ཞིང ། །ལོ་ཡང་ལྔ་བརྒྱ་ཚང་བར་ནི། །ཚངས་པར་སྤྱད་པ་སྤྱོད་པར་འགྱུར། །འདི་ལྟ་བུ་ཡི་རྣམ་གྲངས་ཀྱིས། །སྦྱིན་དང་ཚུལ་ཁྲིམས་ཡང་དག་སྤྱོད། །གངྒཱའི་བྱེ་མ་ཇི་སྙེད་པ། །དེ་སྙེད་བསྐལ་པར་སྤྱོད་པར་འགྱུར། །དཔེར་གསུངས་པ་ནི་དེ་སྙེད་དུ། །དེ་དག་ཁྱེད་ཀྱིས་ཤེས་
38a
༄#། །པར་གྱིས། །དེ་དག་དཔེར་ཡང་ཤེས་ནས་ནི། །དེ་བས་ལྷག་པར་སྤྱད་པར་གྱིས། །སྔར་ནི་དཔེར་རྣམས་གང་སྤྱོད་པ། །གངྒཱའི་ཡི་ནི་བྱེ་སྙེད་ཀྱིས། །བྱེ་སྙེད་སངས་རྒྱས་མཐོང་གྱུར་ནས། །དེ་དག་ཀུན་ལ་བསྟི་སྟང་བྱེད། །ེ་མའོ་ཡེ་ཤེས་ཨེ་མ་ཤེས། །ེ་མའོ་བླ་ན་མེད་པའི་སེམས། །སེམས་ཅན་ཀུན་གྱི་འདྲེན་པ་ནི། །དེ་ལྟར་ཞུམ་པར་མི་འགྱུར་རོ། །དེ་ཕྱིར་སེམས་ཅན་ཀུན་གྱི་མཆོག་།སངས་རྒྱས་སུ་ཡང་དེ་འགྱུར་ཏེ། །དེ་ན་དེ་ཡི་མཚན་བཏགས་པ། །སྨན་པའི་རྒྱལ་པོར་རྣམ་པར་གྲགས། །ལོ་ནི་བྱེ་བ་བདུན་ཅུར་ཡང ། །སྲོག་ཆགས་རྣམས་ལ་ཆོས་བསྟན་ཏེ། །ཕྱིས་གདོད་རྐང་གཉིས་གཙོ་བོ་ནི། །དེ་ནས་མྱ་ངན་འདས་པར་འགྱུར། །རབ་ཏུ་དུལ་བའི་སེམས་རྣམས་ཀྱི། །འདུས་པ་དག་ནི་ཉི་ཤུར་འགྱུར། །དེ་ལ་ཐ་མ་གཅིག་པོ་ནི། །དགེ་སློང་བྱེ་བ་ཉི་ཤུར་འགྱུར། །འདུས་པ་རྣམས་ནི་གང་བརྗོད་པའི། །ཉན་ཐོས་དཔག་ཏུ་མེད་པ་སྟེ། །དེ་ཡི་ཉན་ཐོས་ཇི་སྙེད་པ། ། བྱང་ཆུབ་ཞུགས་པའང་དེ་སྙེད་དོ། །སེམས་ཅན་རྣམས་ཀྱི་དོན་མཛད་ནས། །དེ་བཞིན་གཤེགས་པ་མྱ་ངན་འདས། །ལོ་ནི་བརྒྱ་ཕྲག་སྟོང་དག་ཏུ། །དེ་ཡི་དམ་ཆོས་གནས་པར་འགྱུར། །བསྐལ་པ་ལྔ་བརྒྱ་ཚང་བར་ནི། །སངས་རྒྱས་མང་པོ་འབྱུང་བར་འགྱུར། །བསྐལ་པ་གཅིག་ལའང་འབྱུང་བ་ནི། །དེ་ན་སྟོང་རྣམས་འབྱུང་བར་འགྱུར། །མི་རྣམས་
38b
མཁས་པ་གང་དག་ནི། །སངས་རྒྱས་ཆོས་རྣམས་བསྙེན་འདོད་པ། །ཚུལ་བཞིན་མང་དུ་ཐོས་པ་དང ། །རབ་ཏུ་འདུན་པ་ཉིད་དུ་བྱ། །ཚུལ་བཞིན་མ་ཡིན་རྣམ་པར་སྤོངས། །ཚུལ་བཞིན་ལ་ནི་རྟག་ཏུ་སྒོམས། །མང་དུ་ཐོས་པར་རབ་ཏུ་བྱ། །དེས་ནི་ཤེས་རབ་རྣམ་པར་འཕེལ། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །རྩ་བའི་དོན་ནི་ཆོས་བཞི་སྟེ། །སྦྱིན་དང་ཚུལ་ཁྲིམས་ཐོས་དང་གཏོང ། །བྱང་ཆུབ་ཀྱི་ནི་ལམ་ལ་བཟང ། །བླ་ན་མེད་པའི་ཐེག་པ་མཆོག་།བྱང་ཆུབ་ཀྱི་ནི་ལམ་ཡང་བསྟན། །ཐེ་ཚོམ་གཅོད་པ་བཟང་པོ་ཡིས། །ཉན་ཐོས་ཀྱི་ནི་ལམ་བསྟན་ཏོ། །སེམས་ཅན་གང་དག་འདི་འདོད་པ། །དེ་ལ་ངས་ནི་སྐབས་དབྱེའོ། །ཆོས་རྣམས་ཀྱི་ནི་མཆོག་སྟོན་པ། །འཇིག་རྟེན་སྣང་མཛད་རྙེད་པར་དཀའ། །དེ་ནས་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོ་འདི་སྙམ་དུ་སེམས་པར་གྱུར་ཏེ། བཅོམ་ལྡན་འདས་འདི་ནས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་གཤེགས་ཞེས་གྲག་གི་།བདག་གིས་བཅོམ་ལྡན་འདས་ལ་དགེ་བའི་རྩ་བ་རྒྱ་ཆེན་པོ་ཞིག་བསྐྱེད་དོ། །སྙམ་མོ། །དེ་ནས་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོས་རང་གི་འཁོར་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག་།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་རིའི་རྒྱལ་པོ་བྱ་རྒོད་ཕུང་པོའི་རི་ལ་གཤེགས་ཀྱི། དེ་ལ་གྲོགས་པོ་དག་མཐུ་ཅི་ཡོད་པ་དང ། ཅི་ནུས་ཀྱིས་བཅོམ་ལྡན་འདས་ལ་མཆོད་
39a
༄#། །པའི་ལས་ལ་སྤྲོ་བ་སྐྱེད་ཅིག་།དེ་ནས་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོ་གཡོག་དང་བཅས་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བཟུང་སྟེ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོའི་བར་གྱི་ལམ་དེ་ཐམས་ཅད་གསེག་མ་དང ། གྱོ་མོ་དང ། སྡོང་དུམ་དང ། ཚེར་མ་རྣམས་མེད་པར་བྱས་སོ། །མེ་ལོང་གི་དཀྱིལ་འཁོར་ལྟར་དག་པར་བྱས་སོ། ། ལམ་དེ་དག་ཐམས་ཅད་བསལ་ནས་སྦོས་ཀྱི་ཆུས་ཀུན་ཏུ་ཆག་ཆག་བཏབ་བོ། །ལམ་དེར་གོས་ནི། མཚམས་མེད་པར་བཏིང་ངོ ། །ལམ་དེར་མི་གང་ཙམ་དུ་མེ་ཏོག་གིས་ཆལ་བར་བཀྲམ་མོ། །ལམ་དེ་དག་ཏུ་གདུགས་དང ། རྒྱལ་མཚན་དང ། བ་དན་དག་གིས་ཤིན་ཏུ་བརྒྱན་ཏོ། །ལམ་དེར་བདུག་སྤོས་དམ་པའི་སྙིང་པོ་རབ་ཀྱི་སྣོད་ནས་བདུགས་སོ། །སྟེང་གི་བར་སྣང་ལས་དར་གྱི་ལྡ་ལྡི་དཔྱངས་ཏེ་ཤིན་ཏུ་བརྒྱན་ཏོ། །ལམ་དེར་སིལ་སྙན་སྣ་ཚོགས་ཀྱི་སྒྲ་འཁྲོལ་བར་བྱས་སོ། །ལམ་དེ་ནས་མདའ་རྒྱང་གང་ཚུན་ཆད་ཙམ་མེ་ཏོག་ཨུཏྤ་ལ་དང ། ཀུ་མུ་ཏ་དང ། པདྨ་དཀར་པོས་ཁེབས་ཤིང་ངུར་པ་སྒྲ་འབྱིན་པར་བྱས་སོ། །ལམ་དེ་གསེར་གླེབས་པས་རབ་ཏུ་གཡོགས་སོ། །ལམ་དེ་གསེར་གྱི་དྲ་བ་དང ། རིན་པོ་ཆེ་སྣ་བདུན་གྱི་དྲ་བས་རབ་ཏུ་གཡོགས་སོ། །དེ་ནས་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོས་ལམ་དུ་དེ་ལྟ་བུའི་བཀོད་པ་བྱས་ནས་ལུས་ཆེན་པོ་མངོན་པར་སྤྲུལ་ཏེ་འཁོར་དང་
39b
བཅས་པས་དགའ་མགུ་རངས་རབ་ཏུ་དགའ་སྟེ་མོས་ཤིང་ཡིད་བདེ་བ་སྐྱེས་ནས་དགའ་བའི་སེམས་དང ། བདེ་བའི་སེམས་དང ། མཉེན་པའི་སེམས་དང ། རྣམ་པར་དང་བའི་སེམས་དང ། སྒྲིབ་པ་མེད་པའི་སེམས་དང ། རབ་ཏུ་སིམ་པའི་སེམས་དང ། སངས་རྒྱས་ལ་གཞོལ་བའི་སེམས་དང ། ཆོས་ལ་གཞོལ་བའི་སེམས་དང ། དགེ་འདུན་ལ་གཞོལ་བའི་སེམས་དང ། བྱང་ཆུབ་ལས་མི་གཡོ་བའི་སེམས་དང ། མི་བསྐྱོད་པའི་སེམས་དང ། མི་མཉམ་པ་དང་མཉམ་པའི་སེམས་དང ། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སེམས་དང།་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང ། སྙིང་རྗེའི་སེམས་དང ། དགའ་བའི་སེམས་དང ། བཏང་སྙོམས་ཀྱི་སེམས་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་གྱུར་པའི་སེམས་དང ། སྙིང་པོའི་སེམས་དང ། བརྟན་པའི་སེམས་དང ། མི་ཕྱེད་པའི་སེམས་དང ། མ་ཞིགས་པའི་སེམས་དང ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བའི་སེམས་དང ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་སྒྲུབ་པའི་སེམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོས་ཐལ་མོ་སྦྱར་ཏེ་བཅོམ་
40a
༄#། །ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་འཇིག་རྟེན་རྣམས་ཀྱི་མཆོག་།ཆོས་རྣམས་ཀྱི་ནི་དམ་པ་སྟོན། །འཇིག་རྟེན་མགོན་ལ་བདག་གིས་ནི། །བླ་ན་མ་མཆིས་མཆོད་པར་བགྱིས། །འདྲེན་པ་ཇི་ལྟར་མཛད་པ་བཞིན། །སྟོབས་བཅུ་དང་ནི་རབ་ལྡན་ཏེ། །མི་འཇིགས་པ་ལ་རབ་གནས་ནས། །སེམས་ཅན་དོན་རྣམས་བགྱིད་པར་ཤོག་།སུམ་ཅུ་རྩ་གཉིས་མཚན་རྣམས་དང ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན། །འཇིག་རྟེན་མགོན་པོ་འོད་བྱེད་པ། །འཇིག་རྟེན་སྣང་བར་བྱེད་པར་ཤོག་།སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །སྙན་པའི་ཆོས་ནི་ར་བ་སྟོན་ཅིང ། །རྣམ་པ་བཅུ་གཉིས་དམ་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག་།རྒྱལ་བ་ཇི་ལྟ་དེ་བཞིན་དུ། །ཆོ་འཕྲུལ་རྣམས་ནི་རབ་སྟོན་ཅིང ། །སྲོག་ཆགས་བྱེ་བ་དུ་མ་ཡི། །སེམས་ཅན་རྣམས་ཀྱི་དོན་བགྱིད་ཤོག་།དཔའ་ཆེན་གང་རྣམས་མ་བྱོན་པ། །འཇིག་རྟེན་མགོན་པོ་འོད་མཛད་ལྟར། །བྱང་ཆུབ་དམ་པར་རྟོགས་ནས། །ལམ་དེ་རབ་ཏུ་སྟོན་པར་ཤོག་།སེམས་ཅན་ལྡོངས་པ་ཀུན་གྱི་ཕྱིར། །མིག་དང་ལྡན་པ་ཉིད་གྱུར་ཏེ། །གནས་དང་རྟེན་དང་སྐྱབས་དག་དང ། །དེ་བཞིན་དཔུང་གཉེན་འགྱུར་བར་ཤོག། ཇི་ལྟར་འདྲེན་པ་གྲོལ་མཛད་བཞིན། །འགྲོ་བ་ལྔར་ནི་སྐྱེས་པ་ཡི། །སྲོག་ཆགས་རྣམས་ཀྱི་མགོན་དུ་ཤོག། བདག་
40b
གི་སྡུག་བསྔལ་ཀུན་ལས་དགྲོལ། །འཇིག་རྟེན་ན་ནི་མཚུངས་པ་ཡོད་མིན་པ། །ལྷ་དབང་ལྷ་མ་ཡིན་དང་ཀླུས་མཆོད་པ། །གཟི་བརྗིད་དག་ནི་མཐའ་ཡས་འོད་མཛད་པ། །རྐང་གཉིས་མཆོག་ལ་བདག་གིས་མཆོད་པ་བགྱིས། །བདག་ནི་ལས་མཆོག་དམ་པ་འདི་དག་གིས། །མི་དབང་ས་སྟེང་མཆོག་ཏུ་གྱུར་པ་བཞིན། །བསོད་ནམས་རབ་མཆོག་སུམ་ཅུ་གཉིས་མཚན་ལྡན། །ཆོས་ཀྱི་བདག་པོ་དེ་དང་འདྲ་བར་ཤོག་།དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོ་ལ་ཚིགས་སུ་བཅད་པ་འདི་དག་གསུངས་པ། ཆོས་ཀྱི་དམ་པ་རྣམས་ཀྱི་ཕྱིར། །སྟོན་པའི་རིམ་གྲོ་གང་བྱེད་པ། །སེམས་ཅན་རྣམས་ཀྱི་མཆོག་ཡིན་ཏེ། །དེ་དག་བྱང་ཆུབ་རྙེད་མི་དཀའ། །འཇིག་རྟེན་མགོན་པོ་འོད་མཛད་པ། །འཇིག་རྟེན་སྣང་མཛད་མཆོག་ལ་ནི། །ལྷ་དང་ཀླུ་དང་མི་རྣམས་ཀྱིས། །མཆོད་པ་བྱ་བར་འོས་པར་འགྱུར། །བྱང་ཆུབ་མཆོག་ཏུ་སངས་རྒྱས་ནས། །ཤིང་མཆོག་དྲུང་དུ་རབ་འདུག་སྟེ། །སྡིག་ཅན་བདུད་ལས་རྒྱལ་ནས་ནི། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལྷ་སྟོང་ཕྲག་དུ་མ་དང ། གནོད་སྦྱིན་དང་སྲིན་པོ་སྟོང་ཕྲག་དུ་མ་དང ། དྲི་ཟ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་སྟོང་ཕྲག་དུ་མ་དང ། མི་དང་མི་མ་ཡིན་པ་སྟོང་ཕྲག་དུ་མ་དང ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་བསྐོར་ཞིང་མདུན་དུ་བདར་ནས་སངས་རྒྱས་
41a
༄#། །ཀྱི་མཐུ་ཆེན་པོ་དང ། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང ། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང ། སངས་རྒྱས་ཀྱི་གཟི་བརྗིད་ཆེན་པོས་འོད་ཟེར་ནི། རབ་ཏུ་འགྱེད། ཞིང་ནི། རབ་ཏུ་གཡོ་བར་བྱས། མེ་ཏོག་གི་ཆར་ནི། རབ་ཏུ་འབེབས། སིལ་སྙན་བྱེ་བ་ཁྲག་ཁྲིག་ནི། རབ་ཏུ་འཁྲོལ་བར་བྱས་ཏེ་གནོད་སྦྱིན་ཅི་འཇིགས་ཀྱི་བུ་རི་བོས་ལམ་དུ་བཀོད་པ་ཇི་ལྟར་མངོན་པར་བྱས་པ་བཞིན་དུ་ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་ལ་ཞབས་བཞག་སྟེ། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གདན་མཆོག་།ཆོས་ཀྱི་གདན། གདན་དམ་པ།་གདན་བཟང་པོ། འཇིག་རྟེན་གསུམ་པོ་ཀུན་ལས་ཁྱད་པར་འཕགས་པའི་གདན། སངས་རྒྱས་ཀྱི་གདན་ཤོམས་ཤིག་།དེ་བཞིན་གཤེགས་པ་གདན་དེ་ལ་བཞུགས་ཏེ་སྐྱེ་བོ་མང་པོ་ལ་ཕན་པ་དང ། བདེ་བ་དང ། འཇིག་རྟེན་རྣམས་ལ་སྙིང་བརྩེ་བ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། ཕན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་སྡེ་སེམས་ཅན་ཐམས་ཅད་ལ་ཕན་པར་རབ་ཏུ་བསྔགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་མཐུན་པ་འཆད་པར་འགྱུར་ཏེ། དེའང་སེམས་ཅན་ཐམས་ཅད་ཐེ་ཚོམ་དུ་གྱུར་པ་ལ་
41b
རབ་ཏུ་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་སྐྱེ་བ་གཅོད་པ། དེ་བཞིན་གཤེགས་པའི་མདོ་སྡེ་འདི་འཆད་པར་འགྱུར་ཞེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ། དེ་ན་ལྷ་བྱེ་བ་དྲུག་ཅུ་རྩ་བརྒྱད་ཀྱིས་རས་བཅོས་བུ་རེ་རེ་དེ་བཞིན་གཤེགས་པ་ལ་ཕུལ་ཏེ། དེ་དག་ཀྱང་དེར་གདན་དུ་བཏིང་བར་གྱུར་ནས་བཅོམ་ལྡན་འདས་གདན་བཤམས་པ་དེ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་རྣམས་ལ་ཚིགས་སུ་བཅད་པ་འདི་དག་གསུངས་པ། འཇིག་རྟེན་མགོན་གྱི་གདན་དུ་ནི། །ལྷ་ཡི་གོས་རབ་དམ་པ་མཆོག་།ལྷ་ཡིས་རབ་ཏུ་བཏིང་བ་ནི། །དེ་ལ་རྣམ་པར་འདྲེན་པ་བཞུགས། །ཐམས་ཅད་ཆོས་ཀྱི་ཕ་རོལ་ཕྱིན། ། སངས་རྒྱས་བཞུགས་པར་གྱུར་མ་ཐག་།འཇིག་རྟེན་རྣམ་པ་དྲུག་གཡོས་ཤིང ། །སྐྱེ་བོ་རབ་ཏུ་དགའ་བར་གྱུར། །སངས་རྒྱས་ཞིང་ནི་རི་དང་བཅས། །དེ་ན་རབ་ཏུ་སྣང་བར་གྱུར། །དེ་ན་ཆོས་འདོད་རྣམས་ལ་ནི། །སྐྱོབ་པས་སངས་རྒྱས་རྫུ་འཕྲུལ་སྟོན། །ལྷ་དང་ཀླུ་དང་མི་རྣམས་དང ། །གྲུལ་བུམ་ཡི་དྭགས་སྲུལ་པོ་རྣམས། །དེ་དག་གཅིག་གིས་གཅིག་མཐོང་སྟེ། །སྒྲིབ་པ་དག་ནི་མེད་པར་གྱུར། །ལྷ་རྣམས་བྱེ་བ་ཕྲག་སྟོང་དང ། །ཁྲག་ཁྲིག་ཕྲག་ནི་བརྒྱ་རྣམས་དག་།རྙེད་དཀའ་ཡི་ནི་ཚིག་གསུངས་པ། །སངས་རྒྱས་ལ་ནི་དགའ་བས་ལྟ། །རྒྱལ་པོ་
42a
༄#། །གཟུགས་ཅན་སྙིང་པོ་ཡང ། །དེ་ཚེ་བློན་པོས་ཡོངས་བསྐོར་ཞིང ། །འཇིག་རྟེན་གྱི་ནི་མགོན་པོ་མཆོག་།སངས་རྒྱས་དྲུང་དུ་འོངས་པར་གྱུར། །སྟོན་པས་ལྷ་དང་ཀླུ་རྣམས་དང ། །མི་རྣམས་འདུས་པར་མཁྱེན་པ་དང ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཕྱོགས་བཞི་དག་ཏུ་རབ་གཟིགས་ནས། །འཇིག་རྟེན་ཐེ་ཚོམ་གང་ཡོད་པ། །རྐང་གཉིས་མཆོག་ལ་དྲིས་ཤིག་དང ། །ཐེ་ཚོམ་དག་ནི་དྲིས་པ་རྣམས། །རྣམ་པར་འདྲེན་པ་ངས་བཤད་དོ། །དེ་ལྟར་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་འདུས་ནས་ཆོས་ཉན་པ་དེ་དག་ཐམས་ཅད་ཀྱིས་དལ་བར་ཤེས་ནས་སེམས་ཐམས་ཅད་ཀྱིས་བསམ་སྟེ་ཕྱག་འཚལ་ནས་ཆོས་ཉན་པའི་ཕྱིར་རྣ་བ་བླགས་ཏེ་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽ་དགལ་གྱི་བུ་ཆེན་པོ། དགེ་སློང་མ་འདུས་པ་རྣམས་ལ་སོམ་ལ་མ་ལྷགས་པ་རྣམས་ཀྱང་བཙལ་ཏེ་རྒྱང་རིང་པོ་ན་གནས་པ་རྣམས་ཀྱང་སྡུས་ཤིག་།དེའི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་རིའི་རྒྱལ་པོ་ཁ་བ་ཅན་གྱི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་སོ། །དེ་ནས་ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོས་བསམ་སྟེ། བསམ་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་
42b
པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཅུན་པ་འོད་སྲུང་ཆེན་པོ་ལོངས་ཤིག་།བཅོམ་ལྡན་འདས་འདི་ལྟར་ལྷར་བཅས་པའི་འཇིག་རྟེན་དང ། བདུད་དུ་བཅས་པ་དང ། ཚངས་པར་བཅས་པ་དང ། དགེ་སྦྱོང་དང ། བྲམ་ཟེར་བཅས་པའི་སྐྱེ་རྒུ་རྣམས་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཁོར་གྱི་མདུན་དུ་ཆོས་སྟོན་ཏེ། སྟོན་པས་བཀའ་སྩལ་གྱི། བཅུན་པ་འོད་སྲུང ། བདག་ཅག་གཉིས་ཀྱི་ཆོས་ཀྱི་བར་ཆད་དུ་འགྱུར་དུ་འོང་གི། འདོང་ངོ ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོ། །ཁྱོད་སོངས་ཤིག་དང ། ཁོ་བོ་ཡང་ཁྱོད་སོང་བའི་རྗེས་བཞིན་དུ་འོང་ངོ ། །དེ་ནས་ཚེ་དང་ལྡན་པ་འདི་སྲུང་ཆེན་པོས་སྟན་དེ་ལ་སྤྲུལ་པ་སྤྲུལ་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་བཞིས་བསྐོར་ཅིང་མདུན་དུ་བདར་ནས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་གྱི་ནང་དུ་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོས་སྤྲུལ་པ་དེ་མཐོང་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཅོམ་ལྡན་
43a
༄#། །འདས་ག་ལ་བ་དེར་སོང་ངོ ། །ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འཁོར་གྱི་ནང་ན་ཕྱོགས་གཅིག་ཏུ་འདུག་པ་མཐོང་སྟེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང ། ཁྱོད་སྟན་ག་ལ་བ་དེ་ནས་སྤྲུལ་ཏེ་སྤྲུལ་ནས་མགྱོགས་པར་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ཏེ་སྤྱན་སྔར་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འཁོར་གྱི་ནང་ན་ཕྱོགས་གཅིག་ཏུ་འདུག་པ་ནི། མྱུར་བ་ལ་བརྟེན་པའི་རྫུ་འཕྲུལ་དང་ལྡན་ནོ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽ་དགལ་གྱི་བུ་ཆེན་པོ་ནི། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་གསུངས་ན། འདི་ལ་ཁོ་བོའི་རྫུ་འཕྲུལ་རྣམ་པར་སྤྲུལ་པ་ལྟ་ཅི་ཞིག་ཏུ་འགྱུར། གནོད་སྦྱིན་ཅི་འཇིགས་ཀྱི་ལེའུ་སྟེ། གཉིས་པའོ།། །། བམ་པོ་གསུམ་པ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་
43b
སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལུས་ཀྱི་ལས་ཁ་ན་མ་ཐོ་བ་མ་མཆིས་པ་དག་ལགས། ངག་གི་ལས་ཁ་ན་མ་ཐོ་བ་མ་མཆིས་པ་དང ། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མ་མཆིས་པ་དང ། ལུས་ཀྱི་ལས་ཡོངས་སུ་དག་པ་དང ། ངག་གི་ལས་ཡོངས་སུ་དག་པ་དང ། ཡིད་ཀྱི་ལས་ཡོངས་སུ་དག་པ་དང ། ལུས་ཀྱི་ལས་མ་གཡོས་པ་དང ། ངག་གི་ལས་མ་གཡོས་པ་དང ། ཡིད་ཀྱི་ལས་མ་གཡོས་པ་རྣམས་ལགས། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ་ལས་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་བསྐྱོད་མི་ནུས་པ་རྣམས་ལགས། ས་ནས་སར་འཕར་བ་ལ་མཁས་པ་རྣམས་ལགས། སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་པ་དང ། རྣམ་པར་
44a
༄#། །འདྲེན་པར་གྱུར་པ་དང ། ཡོངས་སུ་འདྲེན་པར་གྱུར་པ་དང ། སྒྲོན་མེར་གྱུར་པ་དང ། སྟེགས་སུ་གྱུར་པ་དང ། ཟམ་པར་གྱུར་པ་དང ། གྲུར་གྱུར་པ་དང ། སྒྲོལ་བ་པོ་དང ། ཕ་རོལ་ཏུ་འགྲོ་བར་གྱུར་པ་དང ། གནས་དང ། མགོན་དང ། སྐྱབས་དང ། དཔུང་གཉེན་དུ་གྱུར་པ་དང ། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ་ལས་བཟློག་པར་མི་ནུས་པ་རྣམས་ལགས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚིགས་སུ་བཅད་པའི་དབྱངས་ཀྱིས་དོན་དེ་ཉིད་ཀུན་ཞུས་པ། གང་གིས་བྱང་ཆུབ་རབ་ཞུགས་པ། །དཔའ་པོ་དེ་ཡི་དོན་ཅི་ལགས། །གང་གིས་དམ་པ་འཚང་རྒྱ་བ། །ཡོན་ཏན་ཆོས་རྣམས་བརྗོད་དུ་གསོལ། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །དཔའ་བོ་དེ་དག་ཇི་ལྟར་སྤྱོད། །ཇི་ལྟ་བུ་ཡི་ཆོས་བསྒོམས་པས། །མི་ཡི་དམ་པ་སངས་རྒྱས་འགྱུར། །བྱང་ཆུབ་སྙིང་པོར་རབ་གནས་ནས། །སྡིག་ཅན་དག་ནི་ཇི་ལྟར་འདུལ། །བྱེ་བ་དག་གི་ཞིང་བསྐྱོད་ནས། །ཇི་ལྟར་བྱང་ཆུབ་མཆོག་འཚང་རྒྱ། །བྱང་ཆུབ་སེམས་དཔའ་གང་གི་དོན། །འདི་འདྲའི་ཚིག་ནི་ཅི་ཞིག་ལགས། །སངས་རྒྱས་ཆོས་ཀྱི་མཆོག་རྣམས་དང་།། བྱང་ཆུབ་དག་ནི་འདིར་བརྗོད་གསོལ། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །པདྨ་བཞིན་དུ་མ་ཆགས་ཤིང ། །སེམས་ཅན་བྱེ་བ་གྲོལ་མཛད་པར། །འཇིག་རྟེན་འདི་ན་ཇི་ལྟར་
44b
སྤྱོད། །མཁས་པ་ལྷ་དང་ཀླུ་དག་དང ། །མི་དང་མི་མ་ལགས་རྣམས་ཀྱིས། །ཇི་ལྟ་བུར་ནི་མཆོད་གྱུར་པ། །ཞུས་པ་དེ་དག་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། སངས་རྒྱས་ཀྱི་ཆོས་འདི་དག་དང ། གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆོས་གཅིག་པོ་དེ་དང་ལྡན་ན། སངས་རྒྱས་ཀྱི་ཆོས་འདི་དག་དང ། གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་བསམ་པ་ཇི་ལྟ་བུ། བྱང་ཆུབ་ཀྱི་སེམས་ཇི་ལྟ་བུ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། བསམ་པ་ཞེས་བྱ་བ་ནི། མི་ཕྱེད་པའི་ཕྱིར་སྙིང་པོའོ། །བརྟན་པའི་ཕྱིར་མི་ཕྱེད་པའོ། །མི་གཡོ་བའི་ཕྱིར་བརྟན་པའོ། །མ་འཁྲུལ་པའི་ཕྱིར་མི་གཡོ་བའོ། །ཤིན་ཏུ་གནས་པའི་ཕྱིར་མ་འཁྲུལ་བའོ། །མི་ལྡོག་པའི་ཕྱིར་ཤིན་ཏུ་གནས་པའོ། །སེམས་ཅན་ལ་བལྟ་བའི་ཕྱིར་མི་བཟློག་པའོ། །སྙིང་རྗེ་ཆེན་པོའི་རྩ་བ་ལས་བྱུང་བའི་ཕྱིར་སེམས་ཅན་ལ་ལྟ་བའོ། །ཡོངས་
45a
༄#། །སུ་མི་སྐྱོ་བའི་ཕྱིར་སྙིང་རྗེ་ཆེན་པོའི་རྩ་བའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པའི་ཕྱིར་ཡོངས་སུ་མི་སྐྱོ་བའོ། །བདག་ལ་བདེ་བ་མ་ཡིན་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པའོ། །ལན་དུ་ཕན་འདོགས་པར་རེ་བ་མེད་པའི་ཕྱིར་བདག་བདེ་བ་མ་ཡིན་པའོ། །ཟང་ཟིང་མེད་པའི་ཕྱིར་ལན་དུ་ཕན་འདོགས་པར་རེ་བ་མེད་པའོ། །སེམས་ཅན་གྱི་ཕྱིར་འབྲང་བས་ཟང་ཟིང་མེད་པའོ། །མཐུ་ཆུང་བའི་སེམས་ཅན་ལ་བལྟ་བའི་ཕྱིར་སེམས་ཅན་གྱི་ཕྱིར་འབྲང་བའོ། །མགོན་དུ་གྱུར་པའི་ཕྱིར་མཐུ་ཆུང་བའི་སེམས་ཅན་ལ་བལྟ་བའོ། །སྐྱབས་དང་དཔུང་གཉེན་གྱི་ཕྱིར་མགོན་དུ་གྱུར་པའོ། །མ་འཁྲུགས་པའི་ཕྱིར་སྐྱབས་དང་དཔུང་གཉེན་ནོ། །ཤིན་ཏུ་ཡང་དག་པར་བརྟགས་པའི་ཕྱིར་མ་འཁྲུགས་པའོ། །རྩོད་པ་མེད་པའི་ཕྱིར་ཤིན་ཏུ་ཡང་དག་པར་བརྟགས་པའོ། །བསམ་པ་དགེ་བའི་ཕྱིར་རྩོད་པ་མེད་པའོ། །ཅི་ཡང་མེད་པའི་ཕྱིར་བསམ་པ་དགེ་བའོ། །ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ཅི་ཡང་མེད་པའོ། །རབ་ཏུ་བྱུང་བར་བྱས་པའི་ཕྱིར་ཤིན་ཏུ་ཡོངས་སུ་དག་པའོ། །ནང་དྲི་མ་མེད་པའི་ཕྱིར་རབ་ཏུ་བྱང་བར་བྱས་པའོ།། ཕྱི་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ནང་དྲི་མ་མེད་པའོ། །དེ་ལྟར་ཤཱ་རིའི་བུ། མི་ཕྱེད་པས་སྙིང་པོ་ཞེས་བྱ་བ་ནས་ཕྱི་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་ནང་དྲི་མ་མེད་པའི་བར་དུ་སྟེ།
45b
བསམ་པ་ནི། དེ་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་ཇི་ལྟ་བུ་ཞེ་ན། སེམས་དེ་ནི། ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫི་བའོ། །སེམས་དེ་ནི། ཐེག་པ་གཞན་མི་འདོད་པའི་ཕྱིར་འབྲེལ་པ་མེད་པའོ། །སེམས་དེ་ནི། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོག་པའི་ཕྱིར་བརྟན་པའོ། །སེམས་དེ་ནི། བདུད་ཐམས་ཅད་ཀྱིས་མི་ཕྱེད་པའོ། །སེམས་དེ་ནི། དགེ་བའི་རྩ་བའི་ཚོགས་བསགས་པའི་ཕྱིར་རྟག་པའོ། །སེམས་དེ་ནི། སངས་རྒྱས་ཀྱི་ཆོས་ལ་མོས་པའི་ཕྱིར་མི་གཡོ་བའོ། །སེམས་དེ་ནི། བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་གནས་པའོ། །སེམས་དེ་ནི། གཉེན་པོ་མེད་པའི་ཕྱིར་བླ་ན་མེད་པའོ། །སེམས་དེ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ངེས་པར་ཕིགས་པའི་ཕྱིར་རྡོ་རྗེ་ལྟ་བུའོ། །སེམས་དེ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་མི་མཉམ་པ་མེད་པའི་ཕྱིར་མཉམ་པའོ། །སེམས་དེ་ནི། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རྣམ་པར་དག་པའོ། །སེམས་དེ་ནི། ཤེས་རབ་ཀྱིས་སྣང་བར་བྱེད་པའི་ཕྱིར་དྲི་མ་མེད་པའོ། །སེམས་དེ་ནི། སེམས་ཅན་ཐམས་ཅད་ལ་སྐབས་འབྱེད་པའི་ཕྱིར་རྒྱ་ཆེ་བའོ། །སེམས་དེ་ནི། ནམ་མཁའ་དང་མཚུངས་པའི་ཕྱིར་ཡངས་པའོ། །སེམས་དེ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བའི་ཕྱིར་སྒྲིབ་པ་མེད་པའོ། །སེམས་དེ་ནི། སྙིང་རྗེ་ཆེན་པོ་མ་བཅད་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། །སེམས་དེ་ནི། མཁས་པས་
46a
༄#། །བསྔགས་པའི་ཕྱིར་མངོན་དུ་འགྲོ་བར་བྱས་པའོ། །སེམས་དེ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའོ། །སེམས་དེ་ནི། བདེ་བའི་དངོས་པོ་ཐམས་ཅད་ཀྱི་གནས་སོ། །སེམས་དེ་ནི། ཚུལ་ཁྲིམས་ཀྱིས་སྨོན་ལམ་ལས་བྱུང་བའོ། །སེམས་དེ་ནི། བཟོད་པས་བསྙེན་པར་དཀའ་བའོ། །སེམས་དེ་ནི། བརྩོན་འགྲུས་ཀྱིས་ཐུལ་བར་དཀའ་བའོ། །སེམས་དེ་ནི། བསམ་གཏན་དག་གིས་ཉེ་བར་ཞི་བའོ། །སེམས་དེ་ནི། ཤེས་རབ་ཀྱི་ཚོགས་ཀྱིས་གནོད་པ་མེད་པའོ། །ཡང་སེམས་དེ་ནི། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང ། ཏིང་ངེ་འཛིན་གྱི་ཕུང་པོ་དང ། ཤེས་རབ་ཀྱི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཕུང་པོའི་རྩ་བའོ། །སེམས་དེ་ནི། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའི་རྩ་བའོ། །སེམས་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་རྩ་བའོ། །ཡང་ཤཱ་རིའི་བུ། སེམས་དེ་ནི། བྱང་ཆུབ་ཀྱི་རང་བཞིན་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བསམ་པ་དང ། བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་དང་ལྡན་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་རྒྱ་ཆེན་པོ་སེམས་ཅན་མཆོག་རབ་ཅེས་བྱའོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་གྱུར་
46b
པའི་སེམས་ཅན་ཞེས་བྱའོ། །ལུས་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ཡིན། ངག་གི་ལས་ཁ་ན་མ་ཐོ་བ་མེད་པ་ཡིན། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པ་ཡིན། ལུས་ཀྱི་ལས་ཡོངས་སུ་དག་པ་ཡིན། ངག་གི་ལས་ཡོངས་སུ་དག་པ་ཡིན། ཡིད་ཀྱི་ལས་ཡོངས་སུ་དག་པ་ཡིན། ལུས་ཀྱི་ལས་མ་གཡོས་པ་ཡིན། ངག་གི་ལས་མ་གཡོས་པ་ཡིན། ཡིད་ཀྱི་ལས་མ་གཡོས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ་ལས་བདུད་དང ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་བསྐྱོད་མི་ནུས་པ་ཡིན། ས་ནས་སར་འཕར་བ་ལ་མཁས་པ་ཡིན། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་པ་ཡིན། རྣམ་པར་འདྲེན་པར་གྱུར་པ་ཡིན། ཡོངས་སུ་འདྲེན་པར་གྱུར་པ་དང ། སྒྲོན་མེར་གྱུར་པ་དང ། སྟེགས་སུ་གྱུར་པ་དང ། ཟམ་པར་གྱུར་པ་དང ། གྲུར་གྱུར་བ་དང ། སྒྲོལ་བར་གྱུར་པ་དང ། ཕ་རོལ་ཏུ་འགྲོ་བ་དང ། གནས་དང ། མགོན་དང ། སྐྱབས་དང ། དཔུང་གཉེན་ནོ། །ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ་ལས་བདུད་དང ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་བསྐྱོད་མི་ནུས་པ་ཡིན་ནོ། །དེ་ལྟར་ན་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དད་པ་ཡིན་ནོ། །དད་པ་མང་བ་དང ། འཕགས་པ་རྣམས་མཐོང་བར་འདོད་པ་དང ། ཆོས་ཉན་པར་འདོད་པ་ཡིན། སེར་སྣ་མེད་ཅིང་ལྷུག་པར་གཏོང་བ་
47a
༄#། །དང ། ལག་པ་བརྐྱང་ཞིང་རྣམ་པར་གཏོང་བ་ལ་དགའ་བ་དང ། སྦྱིན་པ་འགེད་པ་ལ་དགའ་བ་ཡིན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཡིན། རྙོག་པ་མེད་པའི་སེམས་དང ། འཁྲུག་པ་མེད་པའི་སེམས་དང ། མ་འདྲེས་པའི་སེམས་དང ། དེ་ལས་དང ། ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་པར་དད་པ་དང ། རབ་ཏུ་རྟོག་ཅིང་ཡིད་ཆེས་པ་དང ། ཐེ་ཚོམ་མེད་ཅིང་སོམ་ཉི་མེད་པ་ཡིན་ནོ། །དེ་ནག་པོ་དང ། དཀར་པོའི་ཆོས་རྣམས་ཀྱི་འབྲས་བུ་མི་སྟོར་བར་ཤེས་པས་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་ཡིན་ཏེ། དེ་སྲོག་གཅོད་པ་སྤོང་བ་ཡིན། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པ་གཡེམ་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་པ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་སྤོང་བ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྤངས་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་ལེན་ཅིང་སྤྱོད་དོ། །དེ་དད་པ་དང་ལྡན་པས་གང་དགེ་སྦྱོང་དང ། བྲམ་ཟེ་དག་ཡང་དག་པར་སོང་བ་དང ། ཡང་དག་པར་ཞུགས་པ་དང ། ཚུལ་ཁྲིམས་དང་ལྡན་པ་དང ། དགེ་བའི་ཆོས་ཅན་དང ། མང་དུ་ཐོས་པ་དང ། ཐོས་པ་ལ་བརྩོན་པ་དང ། ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་དང ། དུལ་བ་དང ། ཞི་བ་དང ། ཉེ་བར་ཞི་བ་དང ། རྩོད་པའི་སྨྲ་བ་མེད་པ་དང ། མི་
47b
སྙན་པར་སྨྲ་བ་མེད་པ་དང ། བསམ་པ་དེས་ཤིང་མི་དགེ་བའི་བསམ་པ་མེད་པ་དང ། དགེ་བ་ལ་ཡང་དག་པར་སྦྱོར་བ་དང ། མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྤངས་པ་དང ། རྒོད་པ་མེད་པ་དང ། ཁེངས་པ་མ་ཡིན་པ་དང ། ཡབ་ཡབ་པོ་མེད་པ་དང ། མུ་ཅོར་མི་སྨྲ་བ་དང ། ཚིག་མ་འདྲེས་པ་དང ། དྲན་པ་ཉེ་བར་གནས་པ་དང ། སེམས་ཤིན་ཏུ་མཉམ་པར་བཞག་པ་དེ་དག་དང་ཇི་ལྟར་སྲིད་པར་འདྲེན་པ་བཅད་པ་དང ། ཟུག་རྔུ་ཕྱུང་བ་དང ། ཁུར་བོར་བ་དང ། ཐེ་ཚོམ་ལས་བརྒལ་བ་དང ། སོམ་ཉི་ལས་བརྒལ་བ་དང ། ཡང་སྲིད་པ་ཟད་པའི་སངས་རྒྱས་བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང ། དེ་ལྟ་བུའི་དགེ་སྦྱོང་དང ། བྲམ་ཟེ་དགེ་བའི་བཤེས་གཉེན་དུ་རིག་ནས་དེ་དག་ལ་བསྙེན་ཅིང་བརྟེན་ཏེ་བསྙེན་བཀུར་བྱེད་ཅིང་མགུ་བར་བྱེད་ཀྱི། ཡིད་བྱུང་བར་མི་བྱེད་དོ། །དགའ་བར་བྱེད་ཀྱི། མི་དགའ་བར་མི་བྱེད་དེ། དེས་དགེ་བའི་བཤེས་གཉེན་མགུ་བར་བྱས་པས་དེ་དག་ལ་ཆོས་ཀྱིས་ཕན་འདོགས་པར་བྱེད་དེ། ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དེ། སྦྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་བ་དང ། ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་དང ། ཐོས་པས་ཤེས་རབ་ཆེན་པོར་འགྱུར་བ་དང ། བསྒོམས་པས་འབྲལ་བར་འགྱུར་རོ། །ཞེས་ཡང་དག་པར་རབ་ཏུ་
48a
༄#། །སྟོན་ཏོ། །འདི་ནི། སྦྱིན་པ། འདི་ནི། སྦྱིན་པའི་འབྲས་བུ། འདི་ནི། སེར་སྣ། འདི་ནི། སེར་སྣའི་འབྲས་བུ། འདི་ནི། ཚུལ་ཁྲིམས། འདི་ནི། ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པ། འདི་ནི། འཆལ་བའི་ཚུལ་ཁྲིམས། འདི་ནི། འཆལ་བའི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པ། འདི་ནི། བཟོད་པ། འདི་ནི། བཟོད་པའི་རྣམ་པར་སྨིན་པ། འདི་ནི། གནོད་སེམས། འདི་ནི། གནོད་སེམས་ཀྱི་རྣམ་པར་སྨིན་པ། འདི་ནི། བརྩོན་འགྲུས། འདི་ནི། བརྩོན་འགྲུས་ཀྱི་རྣམ་པར་སྨིན་པ། འདི་ནི། ལེ་ལོ། །འདི་ནི། ལེ་ལོའི་རྣམ་པར་སྨིན་པ། འདི་ནི། བསམ་གཏན། འདི་ནི། བསམ་གཏན་གྱི་རྣམ་པར་སྨིན་པ། འདི་ནི། སེམས་གཡེང་བ། འདི་ནི། སེམས་གཡེང་བའི་རྣམ་པར་སྨིན་པ། འདི་ནི། ཤེས་རབ། འདི་ནི། ཤེས་རབ་ཀྱི་རྣམ་པར་སྨིན་པ། འདི་ནི། འཆལ་བའི་ཤེས་རབ། འདི་ནི། འཆལ་བའི་ཤེས་རབ་ཀྱི་རྣམ་པར་སྨིན་པ། འདི་ནི། ལུས་ཀྱི་ལེགས་པར་སྤྱོད་པ། འདི་ནི། ལུས་ཀྱི་ལེགས་པར་སྤྱོད་པའི་རྣམ་པར་སྨིན་པ། འདི་ནི། ལུས་ཀྱི་ཉེས་པར་སྤྱོད་པ། འདི་ནི། ལུས་ཀྱི་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ། འདི་ནི། ངག་གི་ལེགས་པར་སྤྱོད་པ། འདི་ནི། ངག་གི་ལེགས་པར་སྤྱོད་པའི་རྣམ་པར་སྨིན་པ། འདི་ནི། ངག་གི་ཉེས་པར་སྤྱོད་པ། འདི་ནི། ངག་གི་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ། འདི་ནི། ཡིད་ཀྱི་ལེགས་པར་སྤྱོད་པ། འདི་ནི། ཡིད་ཀྱི་ལེགས་པར་སྤྱོད་པའི་རྣམ་པར་སྨིན་
48b
པ། འདི་ནི། ཡིད་ཀྱི་ཉེས་པར་སྤྱོད་པ། འདི་ནི། ཡིད་ཀྱི་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ། འདི་ནི། དགེ་བ། འདི་ནི། མི་དགེ་བ། འདི་ནི། བྱ་བ། འདི་ནི། མི་བྱ་བ། འདི་ནི། བྱས་ན་ཡུན་རིང་པོའི་དོན་དང ། ཕན་པ་དང ། བདེ་བར་འགྱུར། འདི་ནི། བྱས་ན་ཡུན་རིང་པོར་གནོད་པ་དང ། མི་ཕན་པ་དང ། མི་བདེ་བར་འགྱུར་རོ། །ཞེས་དེ་ལྟར་དེ་ལ་དགེ་བའི་བཤེས་གཉེན་དེ་དག་གིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན་ཏེ། ཡང་དག་པར་འཛིན་དུ་འཇུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དེ། སྣོད་དུ་གྱུར་པར་ཡང་ཤེས་ནས་ཟབ་མོའི་གཏམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་གཏམ་དང ། མཚན་མ་མེད་པའི་གཏམ་དང ། སྨོན་པ་མེད་པའི་གཏམ་དང ། མངོན་པར་འདུ་མི་བྱེད་པའི་གཏམ་དང ། མ་སྐྱེས་པའི་གཏམ་དང ། མ་བྱུང་བའི་གཏམ་དང ། བདག་མེད་པ་དང ། སེམས་ཅན་མེད་པའི་གཏམ་དང ། སྲོག་མེད་པའི་གཏམ་དང ། གང་ཟག་མེད་པའི་གཏམ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་གཏམ་རབ་ཏུ་སྟོན་ཏོ། །འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་
49a
༄#། །གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང ། འདི་འགགས་པས་འདི་འགག་སྟེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །ཞེས་བྱ་བའི་བར་དུ་སྟེ། འདི་ལ་ནི། ཆོས་གང་ཡང་སྐྱེ་བའམ་འགག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། བདག་པོ་མེད་པ། བྱེད་པ་པོ་མེད་པ། ཚོར་བ་པོ་མེད་པ། རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། འདི་ལ་ཆོས་གང་ཡང་འགྲུབ་པ་མེད། ལྡོག་པ་མེད། རྗེས་སུ་འཇུག་པ་མེད་དེ། ཡང་དག་པ་མ་ཡིན་པའི་རྨོངས་པས་ཁམས་གསུམ་འདོགས་པར་འགྱུར་རོ། །ཉོན་མོངས་པའི་ལམ་དང ། སྡུག་བསྔལ་གྱི་ལམ་འདོགས་པར་འགྱུར་རོ། ། ཡང་དག་པ་མ་ཡིན་པའི་རྨོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ནས་ཆོས་གང་ཡང་ཆོས་གང་གི་བྱེད་པ་པོ་མ་ཡིན་ནོ། །གང་ལ་བྱེད་པ་པོ་མེད་པ་དེ་ལ་དོན་དམ་པར་བྱ་བ་
49b
ཡང་མི་དམིགས་ཏེ། དེ་ལ་ཆོས་གང་ཡང་འབྱུང་བ་མེད། འཇིག་པ་མེད་དོ། །ཞེས་བརྗོད་དོ། །དེས་དེ་ལྟ་བུའི་ཆོས་ཟབ་མོ་ཐོས་ནས་ཐེ་ཚོམ་མི་ཟ། སོམ་ཉི་མི་བྱེད་ཅིང་ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འཇུག་སྟེ། དེ་གཟུགས་ལ་མི་ཆགས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ལ་མི་ཆགས། མིག་དང ། གཟུགས་དང ། མིག་གི་རྣམ་པར་ཤེས་པ་ལ་མི་ཆགས། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དང ། ཆོས་དང ། ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་ཆགས་ཏེ། འདི་ལྟར་ཆོས་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པའོ། །ཞེས་དད་དོ། །ཤཱ་རིའི་བུ། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་ལ་ལྟ་བ་ལས་ཡོངས་སུ་མི་ཉམས། ཆོས་ཉན་པ་ལས་ཡོངས་སུ་མི་ཉམས། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་ཡོངས་སུ་མི་ཉམས་སོ། །དེ་གང་དང་གང་དུ་སྐྱེ་བ་དེ་དང་དེ་དག་ཏུ་སངས་རྒྱས་ལ་བལྟ་བ་དང་བྲལ་བར་མི་འགྱུར། ཆོས་ཉན་པ་དང་བྲལ་བར་མི་འགྱུར། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་བྲལ་བར་མི་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་ཏེ། དེ་དང་དེ་དག་ཏུ་སྐྱེས་ནས་ཀྱང་བརྩོན་འགྲུས་རྩོམ་ཞིང་དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པར་འགྱུར་རོ། །དེ་བརྩོན་འགྲུས་བརྩམས་པས་ཁྱིམ་གྱི་གནས་མི་འདོད་པར་འགྱུར། བུ་ཕོ་དང་བུ་མོ་འདོད་པར་མི་འགྱུར། བྲན་ཕོ་དང ། བྲན་མོ་དང །
50a
༄#། །ལས་བྱེད་པ་དང ། ཞོ་ཤས་འཚོ་བ་དག་མི་འདོད་པར་འགྱུར། ཡོངས་སུ་བཟུང་བ་ཐམས་ཅད་ཀྱི་ངོར་ལྟ་བ་མི་འདོད་པར་འགྱུར་ཏེ། དེ་སྐྱེས་ནས་འདོད་པ་ལ་མ་རྩེས་པར་ན་ཚོད་གཞོན་ནུར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་མྱུར་དུ་རབ་ཏུ་འབྱུང་ངོ ། །དེ་དད་པས་རབ་ཏུ་བྱུང་ནས་དགེ་བའི་བཤེས་གཉེན་མཆོག་དང་ལྡན་ཞིང་དགེ་བའི་བཤེས་གཉེན་དང་འགྲོགས། དགེ་བའི་བཤེས་གཉེན་ལ་རྟོག་པས་དགེ་བའི་བསམ་པ་རྙེད་པར་འགྱུར་རོ། །དེ་དགེ་བའི་བསམ་པ་དང་ལྡན་པས་དགེ་བའི་ཆོས་རྣམས་ཉན་ཅིང་སྒྲུབ་པ་སྙིང་པོར་བྱེད་པར་འགྱུར་ཏེ། ཚིག་ལྷུར་ལེན་པའི་བློ་དང་ལྡན་པར་མི་འགྱུར། མང་དུ་ཐོས་པ་ཡོངས་སུ་ཚོལ་བས་ངོམས་པར་མི་འགྱུར། ཇི་ལྟར་ཐོས་པའི་ཆོས་རྣམས་གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏེ། ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང ། བཀུར་སྟི་དང ། ཚིགས་སུ་བཅད་པ་ལ་མི་རེ་ཞིང་རང་གི་ཚིག་ཡོངས་སུ་མི་སྤོང་བར་གཞན་ལ་ཆོས་སྟོན་ཏེ། ཇི་ལྟར་ཐོས་པ་དང ། ཇི་ལྟར་གནས་པ་དེ་བཞིན་དུ་གཞན་ལ་ཆོས་སྟོན་ཏོ། །ཆོས་ཉན་པ་རྣམས་ལ་བྱམས་པ་ཆེན་པོ་རྙེད་པར་འགྱུར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་འཇུག་པར་འགྱུར་རོ། །དེ་མང་དུ་ཐོས་པས་ལུས་དང་སྲོག་ལ་མི་ལྟ་བར་འགྱུར། འདོད་པ་ཉུང་ཞིང་ཆོག་ཤེས་པར་འགྱུར། རབ་ཏུ་དབེན་པ་
50b
དང་དེས་པར་འགྱུར། གསོ་སླ་བ་དང ། དགང་སླ་བ་དང ། དགོན་པ་ལ་དགའ་བ་དང ། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་ལ་ཉེ་བར་རྟོག་པ་དང ། དོན་ལ་རྟོན་གྱི། ཡི་གེ་ལ་མི་རྟོན་པ་ཡིན། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རྟེན་དུ་གྱུར་པ་དང ། བདག་འབའ་ཞིག་གི་ཕྱིར་ཞུགས་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་འདི་ལྟ་སྟེ། ཐེག་པ་ཆེན་པོ་བླ་ན་མེད་པ་སངས་རྒྱས་ཀྱི་ཡེ་ཤེས། མི་མཉམ་པ་དང་མཉམ་པའི་ཡེ་ཤེས། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཡོངས་སུ་ཚོལ་ལོ། །བག་ཡོད་པ་ལྷུར་བྱེད་པར་འགྱུར་ཏེ། དེ་ལ་བག་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། དབང་པོ་ཡང་དག་པར་སྡོམ་པའོ། །དེ་ལ་དབང་པོ་ཡང་དག་པར་སྡོམ་པ་གང་ཞེ་ན། གང་མིག་གིས་གཟུགས་མཐོང་ནས་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན། གཟུགས་ལ་ཆགས་པ་དང ། ཉེས་དམིགས་དང ། འབྱུང་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་རྣ་བས་སྒྲ་དང ། སྣས་དྲི་དང ། ལྕེས་རོ་དང ། ལུས་ཀྱིས་རེག་བྱ་དང ། ཡིད་ཀྱིས་ཆོས་ཤེས་ནས་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན། ཆོས་རྣམས་ལ་ཆགས་པ་དང ། ཉེས་དམིགས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི། བག་ཡོད་པ་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ། བག་ཡོད་པ་ཞེས་བྱ་བ་ནི། གང་བདག་གི་སེམས་དུལ་བ་དང ། གཞན་གྱི་
51a
༄#། །སེམས་སྲུང་བ་དང ། ཉོན་མོངས་པ་ལ་དགའ་བ་སྤོང་བ་དང ། ཆོས་ལ་དགའ་བའི་རྗེས་སུ་འགྲོ་བ་དང ། འདོད་པ་ལ་རྣམ་པར་རྟོག་པ་དང ། གནོད་སེམས་ཀྱི་རྣམ་པར་རྟོག་པ་རྣམས་མི་འབྱུང་བ་དང ། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་རྣམས་མི་འབྱུང་བ་དང ། ཆགས་པའི་མི་དགེ་བའི་རྩ་བ་རྣམས་མི་འབྱུང་བ་དང ། ཞེ་སྡང་གི་མི་དགེ་བའི་རྩ་བ་རྣམས་མི་འབྱུང་བ་དང ། གཏི་མུག་གི་མི་དགེ་བའི་རྩ་བ་རྣམས་མི་འབྱུང་བ་དང ། ལུས་ཀྱི་ཉེས་པར་སྤྱོད་པ་དང ། ངག་གི་ཉེས་པར་སྤྱོད་པ་དང ། ཡིད་ཀྱི་ཉེས་པར་སྤྱོད་པ་མི་འབྱུང་བ་དང ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མི་འབྱུང་བ་དང ། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་མི་འབྱུང་བ་དེ་ནི། བག་ཡོད་པ་ཞེས་བྱའོ། །དེ་ལྟར་ཤཱ་རིའི་བུ་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱོར་བ་ནི། གང་ཡོད་པ་དེ་ཡང་ཡོད་པར་རབ་ཏུ་ཤེས། གང་མེད་པ་དེ་ཡང་མེད་པར་རབ་ཏུ་ཤེས་སོ། །དེ་ལ་ཅི་ཡོད་ཅི་མེད་ཅེ་ན། ཡང་དག་པ་ལ་རབ་ཏུ་སྦྱོར་བ་ལ་ནི། འཕགས་པའི་རྣམ་པར་གྲོལ་བ་ཡོད་དོ། །ལོག་པ་ལ་རབ་ཏུ་སྦྱོར་བ་ལ་ནི། འཕགས་པའི་རྣམ་པར་གྲོལ་བ་མེད་དོ། ། ལས་ཀྱི་རྣམ་པར་སྨིན་པ་ནི། ཡོད་དོ། །གང་གི་ལས་ཀྱི་རྣམ་པར་སྨིན་པ་དེ་ནི། མེད་དོ། །གཞན་ཡང་མིག་ནི། ཡོད་དོ། །གང་གི་མིག་དེ་ནི། མེད་དོ། །རྣ་བ་དང ། སྣ་དང ། ལྕེ་
51b
དང ། ལུས་དང ། ཡིད་ནི། ཡོད་དོ། །གང་གི་ཡིད་དེ་ནི། མེད་དོ། །གཞན་ཡང་གཟུགས་མི་རྟག་པ་དང ། སྡུག་བསྔལ་བ་དང ། འགྱུར་བའི་ཆོས་ཅན་དེ་ནི། ཡོད་དོ། །གཟུགས་རྟག་པ་དང ། བརྟན་པ་དང ། མི་འགྱུར་བའི་ཆོས་ཅན་དང ། ཐེར་ཟུག་པ་དང ། དེ་བཞིན་དུ་གནས་སོ། །ཞེས་བྱ་བ་དེ་ནི། མེད་དོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་མི་རྟག་པ་དང ། སྡུག་བསྔལ་བ་དང ། འགྱུར་བའི་ཆོས་ཅན་དེ་ནི། ཡོད་དོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་རྟག་པ་དང ། བརྟན་པ་དང ། ཐེར་ཟུག་པ་དང ། མི་འགྱུར་བའི་ཆོས་ཅན་དང ། ཡང་དག་པར་དེ་བཞིན་དུ་གནས་སོ། །ཞེས་བྱ་བ་དེ་ནི། མེད་དོ། །གཞན་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡོད་ཀྱི། མ་རིག་པ་མེད་ན། འདུ་བྱེད་མེད་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་ཡོད་ཀྱི། སྐྱེ་བ་མེད་ན། རྒ་ཤི་མེད་དོ། །གཞན་ཡང་སྦྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་བ་ནི། ཡོད་དོ། །སྦྱིན་པས་དབུལ་པོར་འགྱུར་བ་ནི། མེད་དོ། །ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་ནི། ཡོད་དོ། །འཆལ་བའི་ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་ནི། མེད་དོ། །ཐོས་པས་ཤེས་རབ་ཆེན་པོར་འགྱུར་བ་ནི། ཡོད་དོ། ། འཆལ་བའི་ཤེས་རབ་ཀྱིས་ཤེས་རབ་ཆེན་པོར་འགྱུར་བ་ནི། མེད་དོ། །བསྒོམས་པས་འབྲལ་བར་འགྱུར་བ་ནི། ཡོད་དོ། །བསྒོམས་པས་འབྲལ་བར་མི་འགྱུར་བ་ནི། མེད་དོ། །ཚུལ་
52a
༄#། །བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཀུན་ཏུ་སྦྱོར་བ་ནི། ཡོད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འབྲལ་བ་ནི། མེད་དོ། །བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་ལ་ནི། བྱང་ཆུབ་ཡོད་དོ། །ལེ་ལོ་ཅན་ལ་ནི། བྱང་ཆུབ་མེད་དོ། །ང་རྒྱལ་མེད་པ་ལ་ནི། རབ་ཏུ་བྱུང་བར་ལུང་བསྟན་པ་ཡོད་དོ། །ང་རྒྱལ་ཅན་ལ་ནི། མྱ་ངན་ལས་འདའ་བ་མེད་དོ། །གཞན་ཡང་ཐམས་ཅད་དུ་སོང་བའི་སྟོང་བ་ཉིད་ནི། བདག་དང ། སེམས་ཅན་དང ། སྲོག་དང ། སྐྱེས་བུ་དང ། གང་ཟག་གོ་།ཞེས་བྱ་བ་དེ་ནི། མེད་དོ། །དེ་ལྟར་ཤཱ་རིའི་བུ། བག་ཡོད་པའི་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་ནི། གང་ཡོད་པར་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀུན་ཤེས་པ་དེ་ལ་ནི། ཡོད་དོ། །ཞེས་འདོགས་སོ། །གང་མེད་པར་འཇིག་རྟེན་ན་མཁས་པ་རྣམས་ཀྱིས་ཀུན་ཤེས་པ་དེ་ལ་ནི། མེད་དོ། །ཞེས་འདོགས་སོ། །དེ་ཡོད་ཅེས་ཐ་སྙད་དུ་འདོགས་པ་ལ་ཡང་ཡང་དག་པར་ཤེས་པར་མི་བྱེད། མེད་ཅེས་ཐ་སྙད་དུ་འདོགས་པ་ལ་ཡང་ཡང་དག་པར་ཤེས་པར་མི་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པའི་ཡང་དག་པའི་དོན་ཀྱང་ཁོང་དུ་ཆུད་དེ། ཆོས་ཐམས་ཅད་ནི། དེ་བཞིན་གཤེགས་པས་བསྡུས་ཏེ། ཆོས་ཀྱི་མདོ་བཞིར་འདུས་པར་བྱས་སོ། །བཞི་
52b
གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པ་དང ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང ། ཆོས་ཐམས་ཅད་བདག་མེད་པ་དང ། མྱ་ངན་ལས་འདས་པ་ཞི་བའོ། །འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་བྱ་བ་ནི། རྟག་པར་འདུ་ཤེས་པའི་སེམས་ཅན་རྣམས་ཀྱི་རྟག་པར་འདུ་ཤེས་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པས་བཤད་དོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་ཞེས་བྱ་བ་ནི། བདེ་བར་འདུ་ཤེས་པའི་སེམས་ཅན་རྣམས་ཀྱི་བདེ་བར་འདུ་ཤེས་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པས་བཤད་དོ། །ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་ནི། བདག་ཏུ་འདུ་ཤེས་པའི་སེམས་ཅན་རྣམས་ཀྱི་བདག་ཏུ་འདུ་ཤེས་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པས་བཤད་དོ། །མྱ་ངན་ལས་འདས་པ་ཞི་བ་ཞེས་བྱ་བ་ནི། དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ཀྱི་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པས་བཤད་དོ། །འདུ་བྱེད་ཐམས་ཅད་མི་རྟག་གོ་།ཞེས་ཐོས་ནས་ཤིན་ཏུ་མི་རྟག་པ་ཉིད་ལ་འཇུག་གོ་།འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ། །ཞེས་ཐོས་ནས་སྨོན་ལམ་དང་བྲལ་བ་བསྐྱེད་དོ། །ཆོས་ཐམས་ཅད་བདག་མེད་པའོ། །ཞེས་ཐོས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང ། རྣམ་པར་ཐར་པའི་སྒོ་ལ་སྒོམ་མོ། །མྱ་ངན་ལས་འདས་པ་ཞི་བའོ། །ཞེས་ཐོས་ནས་མཚན་མ་མེད་པ་ཡོངས་སུ་འདྲིས་པར་བྱེད་དེ། དུས་
53a
༄#། །མ་ཡིན་པར་ནི། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །དེ་ལྟར་ཤཱ་རིའི་བུ། དེ་ལྟ་བུའི་ཆོས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི། དགེ་བའི་ཆོས་ལས་ཡོངས་སུ་མི་ཉམས་ཏེ། མྱུར་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་བརྟག་པ་ཞེས་བྱ་བའི་ལེའུ་སྟེ། གསུམ་པའོ།། །། གཞན་ཡང་ཤཱ་རིའི་བུ། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསམ་གྱིས་མི་ཁྱབ་པའི་ཆོས་བཅུ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་དབྱངས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད་པ་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་པའི་བར་དུའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་
53b
བསམ་གྱིས་མི་ཁྱབ་པ་དང ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་འོད་བསམ་གྱིས་མི་ཁྱབ་པ་དང ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དང ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བསམ་གྱིས་མི་ཁྱབ་པ་དང ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་དང ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །དེ་བཞིན་གཤེགས་པ་ངོ་མཚར་དང ། རྨད་ཀྱི་ཆོས་བཅུ་པོ་འདི་རྣམས་ཀྱི་ཕྱིར་བརྩོན་འགྲུས་ཆེར་རྩོམ་ཞིང་མི་ཞུམ། མི་འགོང ། མི་སྐྱོ་སྟེ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ངོ་མཚར་དང ། རྨད་ཀྱི་ཆོས་བཅུ་པོ་མ་ཐོབ་ཀྱི་བར་དུ་ལུས་ཀྱི་པགས་པ་དང ། རྒྱུས་
54a
༄#། །པ་དང ། བྲི་དང ། དབུགས་དང ། རུས་པ་དག་ལྟ་ཞོག་ལ། ལུས་ཀྱི་ཤ་དང ། ཁྲག་བསྐམས་ཀྱང་བླའི། བརྩོན་འགྲུས་ཉམས་པར་མི་བྱའོ། །སྙམ་དུ་དེ་ལྟར་སེམས་བསྐྱེད་དོ། །ཤཱ་རིའི་བུ། དེ་ལྟར་དད་པས་མོས་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ངོ་མཚར་དང ། རྨད་ཀྱི་ཆོས་བཅུ་པོ་འདི་རྣམས་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་སྐུ་ནི་བསམ་མི་ཁྱབ། །ཆོས་ཀྱི་སྐུ་ཡིས་རབ་ཏུ་ཕྱེ། །མཚན་མ་མེད་ཅིང་སྣང་མེད་ལ། །རྒྱལ་བའི་ཐུགས་སྲས་དད་པར་བྱེད། །འགྲོ་བ་ཐ་དད་ཇི་སྙེད་ཀྱི། །སྒྲ་སྐད་བསམ་གྱིས་མི་ཁྱབ་པ། །ཐམས་ཅད་དུ་ནི་ཆོས་སྒྲོག་སྟེ། །སངས་རྒྱས་ཀྱི་ནི་སྤྱོད་ཡུལ་དང ། །ཇི་ཙམ་སེམས་ཅན་ཐམས་ཅད་ཀྱི། །དུས་གསུམ་དག་གི་དབང་པོ་ཀུན། །སངས་རྒྱས་ཀྱིས་ནི་རབ་མཁྱེན་ཏེ། །བསམ་མི་ཁྱབ་ལ་རབ་ཏུ་དད། །སངས་རྒྱས་རྣམས་ཀྱི་འོད་མཐའ་ཡས། །འོད་ཟེར་དྲ་བ་བསམ་མི་ཁྱབ། །ཞིང་རྣམས་རྒྱ་མཚོ་མཐའ་ཡས་པ། །ཐམས་ཅད་ཀྱི་ནི་ཕྱོགས་སུ་ཁྱབ། །ཐུབ་པའི་ཚུལ་ཁྲིམས་འཇིག་རྟེན་འདས། །འཇིག་རྟེན་ཆོས་ལ་མི་གནས་ཏེ། །རྫུ་འཕྲུལ་རྐང་པ་
54b
བསམ་ཡས་ལ། །བྱང་ཆུབ་སེམས་དཔའ་རབ་ཏུ་དད། །སངས་རྒྱས་རྟག་ཏུ་མཉམ་པར་གཞག་།རྣམ་པར་ཐར་པ་བསམ་མི་ཁྱབ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི། །སེམས་ཅན་ཀུན་གྱིས་ཤེས་མི་ནུས། །ཆོས་ཀྱི་དབྱིངས་ནི་དབྱེར་མེད་ལ། །གང་གི་སྟོབས་ཀྱིས་ཤེས་འགྱུར་བ། །དྲང་སྲོང་ཆེན་པོའི་ཡེ་ཤེས་སྟོབས། །ནམ་མཁའ་བཞིན་དུ་མཐའ་ཡས་པ། །སེམས་ཅན་གཅིག་གི་དོན་ཕྱིར་ཡང ། །བསྐལ་པ་རྒྱ་མཚོ་མཐའ་ཡས་པར། །འདུལ་བའི་དོན་ལ་བཞུགས་པས་ན། །དེ་དག་སྙིང་རྗེ་དེ་འདྲའོ། །སེམས་ཅན་ཐམས་ཅད་གཞན་དང་གཞན། །དྲི་བ་རྒྱ་མཚོ་འདྲི་བྱེད་ཀྱང ། །དྲིས་ལན་གཅིག་གིས་ཚིམ་བྱེད་དེ། །མི་འཇིགས་པ་ནི་བསམ་མི་ཁྱབ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུད། །སངས་རྒྱས་ཆོས་རྣམས་མ་འདྲེས་པ། །ཐམས་ཅད་དུ་ནི་ཡེ་ཤེས་གཟིགས། །དད་པ་ལ་ནི་རབ་གནས་པས། །སངས་རྒྱས་ཀུན་ཆོས་ཆོས་ཉིད་རྣམས། །བསམ་གྱིས་མི་ཁྱབ་འདི་དག་ལ། །དེ་དག་ཐམས་ཅད་དད་པར་བྱེད། །ཤཱ་རིའི་བུ། ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ་།རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། མི་དགེ་བའི་
55a
༄#། །ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པའོ། །འདི་ལྟ་སྟེ། མི་གཙང་བ་དང ། མཆིལ་མ་དང ། ངར་སྣབས་དང ། སྣབས་དང ། རྣག་དང ། ཁྲག་དང ། བཤང་བ་དང ། གཅི་བ་དང་བྲལ་བ། རུས་པ་དང ། ཤ་དང ། ཁྲག་དང ། རྒྱུས་པ་ལས་རྣམ་པར་གྲོལ་བའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། རང་བཞིན་གྱིས་འོད་གསལ་བ། ཡོངས་སུ་དག་པ། ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། ཡོན་ཏན་དཔག་ཏུ་མེད་པ་དང ། བསོད་ནམས་དང ། ཡེ་ཤེས་ཀྱི་ཚོགས་བསགས་པས་སེམས་ཅན་ཐམས་ཅད་ཀྱི་འཚོ་བའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། ཚུལ་ཁྲིམས་དཔག་ཏུ་མེད་པ་ཡོངས་སུ་བསྒོམས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་ཡོངས་སུ་བསྒོམས་པས་ཡོན་ཏན་ཐམས་ཅད་རབ་ཏུ་རྒྱས་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། ཡོངས་སུ་དག་པའི་མེ་ལོང་གི་དཀྱིལ་འཁོར་གྱི་གཟུགས་བརྙན་ལྟ་བུ་དང ། ཆུ་ལ་ཟླ་བ་སྣང་བ་ལྟ་བུའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་
55b
པའི་སྐུ་ནི། ནམ་མཁའི་དབྱིངས་སུ་ཡང་དག་པར་འདུ་ཞིང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པས་བསམ་གྱིས་མི་ཁྱབ་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། ཟག་པ་ཐམས་ཅད་ལས་ལོག་པས་ཟད་པའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི། འདུས་བྱས་ཐམས་ཅད་དང་བྲལ་བས་འདུས་མ་བྱས་པའོ། །ནམ་མཁའ་ལྟ་བུའི་སྐུའོ། །མཉམ་པ་མེད་པའི་སྐུའོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྐུའོ། །དེ་བཞིན་གཤེགས་པའི་སྐུ་ནི། དཔེ་མེད་པ། ཟླ་མེད་པ། མཚུངས་པ་མེད་པའི་སྐུ་སྟེ། དག་པ། དྲི་མ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ། རང་བཞིན་གྱིས་འོད་གསལ་བའོ། །དེ་ནི། སྔོན་གྱི་མཐས་རབ་ཏུ་ཕྱེ་བ་མ་ཡིན། ཕྱི་མའི་མཐས་རབ་ཏུ་ཕྱེ་བ་མ་ཡིན། ད་ལྟར་བྱུང་བས་རབ་ཏུ་ཕྱེ་བ་མ་ཡིན། སྐྱེ་བ་དང ། རུས་དང ། རིགས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། གཟུགས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། མཚན་གྱིས་རབ་ཏུ་ཕྱེ་བ་མ་ཡིན། དཔེ་བྱད་བཟང་པོས་རབ་ཏུ་ཕྱེ་བ་མ་ཡིན། སེམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ཡིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་མ་ཡིན། ལྟ་བས་རབ་ཏུ་ཕྱེ་བ་མ་ཡིན། ཐོས་པས་རབ་ཏུ་ཕྱེ་བ་མ་ཡིན། དྲན་པས་རབ་ཏུ་ཕྱེ་བ་མ་ཡིན། རྣམ་པར་རིག་པས་རབ་ཏུ་ཕྱེ་བ་མ་ཡིན། ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། སྐྱེ་བས་རབ་ཏུ་ཕྱེ་བ་མ་
56a
༄#། །ཡིན།་གནས་པས་རབ་ཏུ་ཕྱེ་བ་མ་ཡིན། འཇིག་པས་རབ་ཏུ་ཕྱེ་བ་མ་ཡིན། འཛིན་པས་རབ་ཏུ་ཕྱེ་བ་མ་ཡིན། འདོར་བས་རབ་ཏུ་ཕྱེ་བ་མ་ཡིན། ངེས་པར་འབྱུང་བས་རབ་ཏུ་ཕྱེ་བ་མ་ཡིན། སྤྱོད་པས་རབ་ཏུ་ཕྱེ་བ་མ་ཡིན། ཁ་དོག་གིས་རབ་ཏུ་ཕྱེ་བ་མ་ཡིན། རྟགས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། དབྱིབས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། འོང་བས་རབ་ཏུ་ཕྱེ་བ་མ་ཡིན། འགྲོ་བས་རབ་ཏུ་ཕྱེ་བ་མ་ཡིན། ཚུལ་ཁྲིམས་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་མ་ཡིན། ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བ་མ་ཡིན། ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། རྣམ་པར་གྲོལ་བས་རབ་ཏུ་ཕྱེ་བ་མ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བ་མ་ཡིན། མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། མཚན་ཉིད་མི་མཐུན་པས་རབ་ཏུ་ཕྱེ་བ་མ་ཡིན། ཆོས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། སྟོབས་སུ་སྒྲོ་བཏགས་པས་རབ་ཏུ་ཕྱེ་བ་མ་ཡིན། མི་འཇིགས་པས་རབ་ཏུ་ཕྱེ་བ་མ་ཡིན། སོ་སོ་ཡང་དག་པར་རིག་པས་རབ་ཏུ་ཕྱེ་བ་མ་ཡིན། རྫུ་འཕྲུལ་གྱིས་རབ་ཏུ་ཕྱེ་བ་མ་ཡིན། སྙིང་རྗེ་ཆེན་པོས་རབ་ཏུ་ཕྱེ་བ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་སྒྲོ་བཏགས་པས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། སྒྱུ་མ་དང ། སྨིག་རྒྱུ་དང ། ཆུ་ཟླ་དང ། རྨི་ལམ་གྱི་རང་བཞིན་ལྟ་བུར་སྐྱེ་བའི་སྐུའོ། །སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ལས་བྱུང་བའི་སྐུའོ། །མི་འགྱུར་བའི་སྐུའོ།།
56b
མི་འཁྲུགས་པའི་སྐུའོ། །རྣམ་པར་མི་རྟོག་པའི་སྐུའོ། །མི་གནས་པའི་སྐུའོ། །མི་སྙེམས་པའི་སྐུའོ། །གནས་པ་དང ། རབ་ཏུ་གནས་པ་དང ། མི་གཡོ་བ་ཐོབ་པའི་སྐུའོ། །གཟུགས་མེད་བ།་གཟུགས་ཀྱི་རང་བཞིན་མ་ཡིན་པའི་སྐུའོ། །ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་མ་ཡིན། རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པའི་སྐུའོ། ། བྱུང་བ་མ་ཡིན། ཀུན་ཏུ་བྱུང་བ་མ་ཡིན། མ་བྱུང་བ་ཡང་མ་ཡིན་པའི་སྐུའོ། །རྨད་དུ་བྱུང་བ། རྨད་དུ་བྱུང་བའི་ཆོས་ཀྱི་སྐུའོ། །མིག་ལས་བྱུང་བ་མ་ཡིན། །གཟུགས་སུ་གཏོགས་པ་མ་ཡིན།་ཕྱི་རོལ་མ་ཡིན། རྣ་བ་ལ་གནས་པ་མ་ཡིན། སྒྲར་གཏོགས་པ་མ་ཡིན། ཕྱི་རོལ་མ་ཡིན། སྣས་རྣམ་པར་ཤེས་པར་བྱ་བ་མ་ཡིན། དྲིར་གཏོགས་པ་མ་ཡིན། ཕྱི་རོལ་མ་ཡིན། ལྕེས་བསྐྱེད་པ་མ་ཡིན། རོར་གཏོགས་པ་མ་ཡིན། ཕྱི་རོལ་མ་ཡིན། ལུས་དང་ལྡན་པ་མ་ཡིན། རེག་བྱར་གཏོགས་པ་མ་ཡིན། ཕྱི་རོལ་མ་ཡིན། སེམས་ལ་འཇུག་པ་མ་ཡིན། ཡིད་ལ་འཇུག་པ་མ་ཡིན། རྣམ་པར་ཤེས་པ་ལ་འཇུག་པ་མ་ཡིན། ལྡོག་པ་མ་ཡིན། རྗེས་སུ་འཇུག་པ་མ་ཡིན། གནས་པ་དང ། མི་གཡོ་བ་ཐོབ་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་དང ། ནམ་མཁའི་ཁམས་ཀྱིས་མཐས་གཏུགས་པ། ནམ་མཁའ་དང་མཉམ་པའི་སྐུ་སྟེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་
57a
༄#། །སྟེ།་དེ་ལ་བྱང་ཆུབ་སེམས་དཔའ་མངོན་པར་དང ། ཡིད་ཆེས། རབ་ཏུ་རྟོག། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པ་དེ་སྐད་ཅེས་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་གསུངས་སོ། ། བསྐལ་པ་བྱེ་བ་ཁྲག་ཁྲིག་དཔག་མེད་པར། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་སྤྱོད་ཅིང ། །ལས་རྣམས་གསུམ་ནི་ཤིན་ཏུ་ཡོངས་དག་པར། །མཚུངས་མེད་བདེ་བར་གཤེགས་པའི་སྐུ་ཚོལ་ལོ། །ཕྱོགས་བཅུའི་འགྲོ་བ་ཀུན་ལ་བྱམས་པ་དང ། །སྙིང་རྗེ་རྒྱ་ཆེར་བསྐྱེད་ནས་སྦྱིན་པ་བྱིན། །འདོད་ལ་ལོག་པར་གཡེམ་པ་རྟག་སྤོང་ཞིང ། །ནམ་མཁའ་ལྟ་བུའི་མཆོག་གི་སྐུ་ཚོལ་ལོ། །གསེར་ལྟར་དག་ཅིང་མཛེས་པའི་གོས་རྣམས་ནི། །དཔག་ཏུ་མེད་པ་གངྒཱའི་བྱེ་མ་སྙེད། །སྦྱིན་པའི་ཕ་རོལ་ཕྱིན་པ་རབ་སྤྱོད་ཅིང ། །རྒྱལ་བའི་སྲས་ཀྱི་འཇིག་རྟེན་མཆོག་ལ་ཕུལ། །གཡག་གི་རྔ་མ་བཞིན་དུ་ཚུལ་ཁྲིམས་སྲུང ། །ཡན་ལག་ཉིང་ལག་བཅད་ཀྱང་དགྲ་ལ་བཟོད། །བརྩོན་འགྲུས་ཀྱི་ནི་ཕ་རོལ་ཕྱིན་སྤྱོད་ཅིང ། །སངས་རྒྱས་སྐུ་ལ་སྨོན་པ་ཡོངས་མི་སྐྱེ། །ཤེས་རབ་ཐབས་དགའ་རྒྱ་ཆེར་བསམ་གཏན་པ། །བསམ་གཏན་སྤྱོད་ཡུལ་དགའ་རྒྱལ་རྣམ་པར་ལྟ། །ཆོས་དབྱིངས་དམ་པ་བདེ་བར་གཤེགས་པའི་སྐུ།།
57b
དེ་འདྲར་བདག་གྱུར་ཅེས་ནི་དེ་ལ་སྨོན། །སྲིད་པར་འགྲོ་བ་དག་ཏུ་དགེ་བྱེད་ཅིང ། །མི་མཆོག་གིས་ནི་བྱང་ཆུབ་མཚུངས་མེད་ཐོབ། །དག་པ་དྲི་མེད་གཙང་ཞིང་རྡུལ་བྲལ་བ། །ནམ་མཁའ་འདྲ་བ་ཡངས་པའི་སྐུ་ཐོབ་བོ། །རང་བཞིན་སྟོང་སྟེ་བདག་དང་སེམས་ཅན་བྲལ། །མཚན་མ་མེད་ཅིང་སྒྲ་དང་བྲལ་བ་ཐོབ། །མིག་གི་ཡུལ་ཀུན་ལས་ནི་རབ་འདས་པ། །དེ་འདྲའི་སྐུ་ནི་ཐུབ་པས་ཡང་དག་ཐོབ། །གཟོད་མ་ནས་སྟོང་མ་བྱས་མ་བྱུང་བ། །གཟུགས་དང་སྒྲ་བྲལ་ཡིད་ཀྱང་རྣམ་དག་པ། །དེ་བཞིན་གཤེགས་སྐུ་མི་གཡོ་གང་ཐོབ་པ། །དེས་ནི་ཕྱོགས་བཅུའི་བདེ་བར་གཤེགས་པ་མཐོང ། །ཇི་ལྟར་སྒྱུ་མ་སྤྲུལ་པ་སྣ་ཚོགས་ལུས། །རྟ་དང་གླང་པོ་བུད་མེད་སྐྱེས་པའི་གཟུགས། །བྱིས་པ་སླུ་བ་རྫུན་ཞིང་ཕྱིན་ཅི་ལོག་།དེ་བཞིན་སྟོབས་བཅུ་རྣམས་ལ་ལྟ་པར་བྱོས། །གང་དག་འདས་པའི་བདེ་གཤེགས་དཔག་མེད་དང ། །མ་བྱོན་རྒྱལ་བ་དེ་བཞིན་གང་སྣང་དག་།ཆོས་ཉིད་གཅིག་གྱུར་མཉམ་པ་མེད་པའི་སྐུ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་ཤིང་ནམ་མཁའ་འདྲ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་
58a
༄#། །རྣམས་ཀྱི་དེ་བཞིན་གཤེགས་པའི་དབྱངས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དང ། ཡིད་ཆེས། རབ་ཏུ་རྟོག་པ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་ཅེ་ན། འདི་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། འདུལ་བའི་དབང་གི་ཕྱིར་འཁོར་ཇི་ལྟ་བ་དེ་བཞིན་དུ་སྒྲ་འབྱུང་སྟེ། སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་བྱ་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྱེད་མོད་ཀྱི། ཤཱ་རིའི་བུ། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་དགེ་སློང་གི་འཁོར་ལ་ནི། འདི་བཤད།་དགེ་སློང་མའི་འཁོར་ལ་ནི། འདི། དགེ་བསྙེན་མའི་འཁོར་ལ་ནི། འདི། བྲམ་ཟེའི་འཁོར་ལ་ནི། འདི། རྒྱལ་རིགས་ཀྱི་འཁོར་ལ་ནི། འདི། ཁྱིམ་བདག་གི་འཁོར་ལ་ནི། འདི།་ལྷའི་འཁོར་ལ་ནི། འདི། ཚངས་པའི་འཁོར་ལ་ནི། འདི་སྟེ། འདི་ལྟ་སྟེ། མདོའི་སྡེ་དང ། དབྱངས་ཀྱིས་བསྙད་པའི་སྡེ་དང ། ལུང་དུ་བསྟན་པའི་སྡེ་དང ། ཚིགས་སུ་བཅད་པའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་དང ། གླེང་གཞིའི་སྡེ་དང ། རྟོགས་པ་བརྗོད་པའི་སྡེ་དང ། དེ་ལྟ་བུ་བྱུང་བའི་སྡེ་དང ། སྐྱེས་པའི་རབས་ཀྱི་སྡེ་དང ། ཤིན་ཏུ་རྒྱས་པའི་སྡེ་དང ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང ། གཏན་ལ་དབབ་པར་བསྟན་པའི་སྡེ་རྣམས་བཤད་པར་བྱའོ། །སྙམ་དུ་མི་དགོངས་མོད་ཀྱི། འོན་ཀྱང་ཤཱ་རིའི་བུ། འཁོར་ཇི་ལྟ་བུ་འདུས་པར་
58b
གྱུར་བ་ཚངས་པའི་འཁོར་གྱི་བར་དུ་འདུས་པར་གྱུར་པ་དེ་དག་གི་དབང་པོའི་རིམ་པ་ཅི་འདྲ་བ་དང ། སེམས་ཅན་དེ་དག་ལ་ཆོས་ཀྱི་མདོ་ཇི་ལྟ་བུར་ཐོས་པར་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་མདོ་ཐོས་པར་བྱ་བ་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་བར་ཡང་དག་པར་ཤེས་ཀྱང་ཆོས་བསྟན་པ་དེ་གཅིག་ལ་གཅིག་ངེས་པའི་ཚིག་མནོད་པར་འགྱུར་བའང་མེད་དེ། ཐམས་ཅད་ཀྱང་རང་རང་གི་ཆོས་རྣམ་པར་རིག་པར་ཀུན་ཤེས་སོ། །དེ་བཞིན་གཤེགས་པའི་དབྱངས་ནི། དེ་བཞིན་གཤེགས་པའི་སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་མངོན་པར་གྲུབ་པ་བདེན་པའི་རྗེས་སུ་འབྲང་བས་འཇུག་གོ་།ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་དབྱངས་དེ་ནི། འཇམ་པར་འབྱུང ། ཡིད་དུ་འོང་བ་དང ། ཡིད་དགའ་བ་དང ། དག་པ་དང ། དྲི་མ་མེད་པ་དང ། སྙན་པ་དང ། མཉན་པར་འོས་པ་དང ། ཤེས་པར་བྱ་བར་འོས་པ་དང ། མི་རྩུབ་པ་དང ། མི་བརླིང་བ་དང ། ལུས་སིམ་པར་བྱེད་པ་དང ། སེམས་སིམ་པར་བྱེད་པ་དང ། སྙིང་དགའ་བར་བྱེད་པ་དང ། དགའ་བ་དང ། བདེ་བ་སྐྱེད་པ་དང ། ཀུན་ཤེས་པར་བྱེད་པ་དང ། གསལ་ཞིང་འཐད་པ་དང ། མངོན་པར་དགའ་བར་འགྱུར་བ་དང ། ཡིད་དུ་འོང་བ་དང ། སེངྒེའི་སྐད་ཀྱི་དྲག་ཤུལ་གྱི་ང་རོའི་སྒྲ་དང ། སྤྲིན་གྱི་སྒྲ་དབྱངས་དང ། རྒྱ་མཚོའི་སྒྲ་བསྒྲགས་པའི་དབྱངས་དང ། མིའམ་ཅིའི་གླུའི་དབྱངས་དང ། ཀ་ལ་པིངྐའི་ང་རོའི་སྒྲ་
59a
༄#། །དབྱངས་དང ། ཚངས་པའི་ང་རོའི་སྒྲ་དབྱངས་དང ། རྔའི་སྒྲ་དབྱངས་དང ། དཔལ་དང་ལྡན་པ་དང ། མཉེན་པ་དང ། ཟུར་ཕྱིན་པ་དང ། བསྒྲགས་པ་དང ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མགུ་བར་བྱེད་པ་དང ། འཁོར་ཐམས་ཅད་དུ་གྲགས་པ་དང ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང ། དེ་དག་དང ། གཞན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་དེ་བཞིན་གཤེགས་པའི་གསུང་གི་དབྱངས་འབྱུང་སྟེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་དབྱངས་བསམ་གྱིས་མི་ཁྱབ་པ་སྟེ།་དེ་ལ་བྱང་ཆུབ་སེམས་དཔའ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །འདི་ལ་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཚངས་པ་ཡི་ནི་སྒྲ་དབྱངས་སུ། །འདྲེན་པ་གསུང་སྒྲ་རབ་འབྱིན་ཏེ། །ཚངས་པ་རྣམས་ནི་ཚིམ་པར་བྱེད། །འདི་འདྲའི་ཆོས་ནི་ཕུན་སུམ་ཚོགས། །དེ་ཡི་དབྱངས་ནི་བྱམས་དང་ལྡན། །སྙིང་རྗེ་ལས་ནི་ཡང་དག་འབྱུང ། །བཏང་སྙོམས་དང་ནི་དགའ་ལྡན་པ། །ཐུབ་པའི་དབྱངས་ནི་རབ་ཏུ་འབྱུང ། །སྲོག་ཆགས་ཀུན་གྱི་འདོད་ཆགས་མེ། །ཞེ་སྡང་དུག་ནི་ཞི་བྱེད་ཅིང ། །གཏི་མུག་མུན་པ་སེལ་བ་སྟེ། །ཕུན་སུམ་ཚོགས་དབྱངས་འདི་འདྲའོ། །འཛམ་བུའི་གླིང་གི་སྣ་ཚོགས་ཕྱོགས་རྣམས་ན། །མིར་
59b
གྱུར་པ་ཡི་སྐད་ནི་མཐའ་ཡས་པ། །ཀུན་ན་དེ་ཡི་སྒྲ་རྣམས་སྣ་ཚོགས་པ། །དབྱངས་འདི་ཐོས་ནས་རྗེས་སུ་རྟོགས་པར་འགྱུར། །ས་བླ་དང་ནི་དེ་བཞིན་བར་སྣང་ལྷ། །དེ་དག་ཅི་འདྲའི་སྐད་ལ་འཇུག་པ་ལྟར། །དེ་ཕྱིར་ཐུབ་དབང་དབྱངས་ནི་རབ་ཞུགས་ཏེ། །རྣམ་པར་ངེས་ཐོས་མྱ་ངན་འདས་རེག་འགྱུར། །རྐང་གཉིས་དག་དང་རྐང་བཞི་རྣམས་དང་ནི། །རྐང་མང་དག་དང་རྐང་པ་མེད་པ་རྣམས། །ཐམས་ཅད་ལ་ནི་དེ་ཡི་སྒྲ་དབྱངས་འཇུག། བསྐུལ་ནས་རབ་ཏུ་འཆོས་ཤིང་ཚར་གཅོད་བྱེད། །སྟོང་གསུམ་འདི་ཡི་སྒྲ་རྣམས་ཇི་སྙེད་པ། །ཐ་མ་དང་ནི་འབྲིང་དང་དེ་བཞིན་རབ། །དེ་དག་རྗེས་སུ་འཇུག་དབྱངས་དེ་སྒྲོག་སྟེ། །འདུལ་བའི་སེམས་ཅན་ཐར་པར་རེག་པར་བྱེད། །རྟོག་པ་མེད་ཅིང་རྣམ་པར་མི་རྟོག་སྟེ། །བཟུང་བ་དང་ནི་བཅིངས་ལས་བྱུང་མ་ཡིན། །མཉམ་པར་བཞག་པས་འཕགས་པའི་བདེན་པ་འཆད། །སེམས་ཅན་ཐོས་ནས་ཉོན་མོངས་ཞི་བར་བྱེད། །སངས་རྒྱས་ཆོས་དང་དེ་བཞིན་དགེ་འདུན་སྒྲ། །སྦྱིན་ཐོས་ཚུལ་ཁྲིམས་དེ་བཞིན་བཟོད་པ་དག། མཐའ་ཡས་སྒྲ་ནི་སེམས་ཅན་ཐོས་བྱེད་དེ། །དེ་བཞིན་གཤེགས་པའི་དབྱངས་ནི་དེ་འདྲའོ། །དབྱངས་ཀྱང་མཐའ་ཡས་ཡེ་ཤེས་མཐའ་ཡས་པ། །དེ་ཡི་དབྱངས་ཀྱི་ཚད་ནི་ཡོང་མེད་དེ། །དེ་ལ་བྱང་ཆུབ་སེམས་དཔའ་མཁས་དད་ཅིང ། །དེ་བཞིན་གཤེགས་པའི་དབྱངས་ལ་ཐེ་ཚོམ་མེད། ཤཱ་རིའི་བུ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་
60a
༄#། །གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། ཐོས་ནས་རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང་རྨད་དུ་འདུ་ཤེས་བསྐྱེད་ཅེ་ན། འདི་ལྟར་ཤཱ་རིའི་བུ། ཆོས་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆགས་པ་མེད་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པ་ནས་དད་པས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཁྱོད་ལ་དཔེ་བསྟན་པར་བྱའོ། །ཤཱ་རིའི་བུ། ཡོངས་སུ་བརྟག་པ་བཟུང་སྟེ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྩཝ་དང ། ཤིང་དང ། ཡལ་ག་དང ། ལོ་མ་དང ། འདབ་མ་དང ། ཆུང་ངུ་ན་སོར་བཞིའི་ཚད་ཙམ་ཡན་ཆད་ཇི་སྙེད་ཡོད་པ། སྐྱེས་བུ་ལ་ལ་ཞིག་གིས་དེ་དག་གཅིག་ཏུ་སྤུངས་ཏེ། གཅིག་ཏུ་སྤུངས་ནས་མེས་བསྲེགས་ཏེ་ཚིག་པར་གྱུར་ནས་ཐལ་བར་བྱས་སོ། །ཐལ་བར་བྱས་ནས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྒྱ་མཚོ་ཆེན་པོ་ག་ན་ཡོད་པ་དེ་དག་ཏུ་བླུགས་ཏེ་ལོ་སྟོང་དུ་དཀྲུགས་ཀྱང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་འདི་ལྟ་བུ་ཡོད་དེ། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་དང་ལྡན་པས་
60b
རྒྱ་མཚོ་ཆེན་པོ་དེ་དང་དེ་དག་ནས་ཐལ་བ་དེ་དག་བླངས་ཏེ་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ཏུ་འདི་ནི། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་གི་ཤིང་འདི་འདྲ་བ་ཞིག་གི་ཐལ་བའོ། །འདི་ནི། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་གི་ཤིང་ཆེ་གེ་མོ་ཞིག་གི་རྩ་བ་དང ། ཆེ་གེ་མོ་ཞིག་གི་སྡོང་པོ་དང ། ཆེ་གེ་མོ་ཞིག་གི་ཡལ་ག་དང ། ཆེ་གེ་མོ་ཞིག་གི་ལོ་མ་དང ། ཆེ་གེ་མོ་ཞིག་གི་འབྲས་བུའི་ཐལ་བའོ། །འདི་ནི། ཕྱོགས་ཆེ་གེ་མོ་ཞིག་གི་འདབ་མ་འདི་འདྲ་བ་ཞིག་གི་ཐལ་བའོ། །ཞེས་རབ་ཏུ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཆོས་དབྱིངས་རབ་ཏུ་རྟོགས་ཏེ། དེ་རབ་ཏུ་རྟོགས་ནས་དེ་བཞིན་གཤེགས་པས་འདི་ལྟར་འདི་ནི། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་གི་ཐལ་བའོ། །ཞེས་རབ་ཏུ་མཁྱེན་པ་ནས་རྒྱས་པར་བྱས་ཏེ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། དེ་ལྟར་རྫུ་འཕྲུལ་ཆེ་བའོ། །དེ་ལྟར་མཐུ་ཆེ་བའོ། །འདི་ལྟར་དབང་ཆེ་བར་གྲགས་པ་སྟེ། ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་འདི་ལ་དད། ཡིད་ཆེས། རབ་ཏུ་རྟོག་ཅིང་དེ་བཞིན་གཤེགས་པ་བྱམས་པས་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་ནི། དགེ་བའི་རྩ་བ་འདིའི་མཐའ་མ་མ་ཐོབ་པར་སྡུག་བསྔལ་མཐར་འབྱིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་
61a
༄#། །པས་ཆོས་ཀྱི་དབྱིངས་ཤིན་ཏུ་རྟོགས་ཏེ། དེ་ཤིན་ཏུ་རྟོགས་པས་དེ་བཞིན་གཤེགས་པ་རྣམས་ལས་སེམས་བསྐྱེད་པ་གཅིག་ཀྱང་ཆུད་མི་ཟའོ། །ཤཱ་རིའི་བུ། ཁྱོད་ལ་དཔེར་བྱ་སྟེ། འདི་ལ་སྐྱེས་བུ་མཁས་པ་ཁ་ཅིག་དཔེས་བཤད་པའི་དོན་རྣམས་ཀུན་ཤེས་ཏེ། འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། སྐྱེས་བུ་ལ་ལ་ཚེ་ལོ་བརྒྱ་པ་ལོ་བརྒྱར་འཚོ་བ་ཞིག་གིས་སྐྲའི་རྩེ་མོ་བྱེ་བ་བརྒྱར་བཙལ་བས་ཆུའི་ཐིགས་པ་བླངས་ཏེ་ང་གང་ན་བ་དེར་འོངས་ནས་ཕྱིན་པ་དང་འདི་སྐད་ཅེས། ཀྱེ་གོའུ་ཏ་མ། བདག་གིས་ཆུ་ཐིགས་པ་འདི་ཁྱོད་ལ་གཏམས་ཀྱི། ནམ་བདག་ལ་དགོས་པར་གྱུར་པ་དེ་ན་སླར་བྱིན་ཅིག་ཅེས་ཟེར་བ་དང ། དེ་བཞིན་གཤེགས་པས་དེ་བླངས་ཏེ། དེའི་ཆུའི་རྒྱུན་གྱིས་བདས་ཏེ་འདྲེས་ནས་ལྷན་ཅིག་ཏུ་མཐར་གྱིས་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་ནས་སྐྱེས་བུ་ཚེ་ལོ་བརྒྱ་པ་དེ་ལོ་བརྒྱ་ལོན་པ་དང་ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་འདི་སྐད་ཅེས། གོའུ་ཏ་མ། བདག་གི་ཆུའི་ཐིགས་པ་དེ་དགོས་ཀྱི། བདག་ལ་བྱིན་ཅིག་ཅེས་ཟེར་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོད་དེ། ཡེ་ཤེས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐྲའི་རྩེ་མོ་བྱེ་བ་བརྒྱར་བཙལ་བས་ཆུའི་ཐིགས་པ་དེ་རྒྱ་མཚོ་ཆེན་པོ་དེ་ནས་ཆུ་གཞན་དང་མ་འདྲེས་པར་བླངས་ཏེ་སྐྱེས་བུ་དེ་ལ་སླར་བྱིན་ནོ། །ཤཱ་
61b
རིའི་བུ། འདི་ལྟར་དོན་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེར་བསྟན་ཏེ། དེ་གང་གི་དོན་དུ་བལྟ་ཞེ་ན། འདི་ལྟ་སྟེ། ཤཱ་རིའི་བུ། སྐྱེས་བུའི་ཆུའི་ཐིགས་པ་དེ་བཞིན་གཤེགས་པའི་ལག་ཏུ་བཞག་པ་ཡུན་རིང་པོ་ཞིག་ལོན་ཡང་ཆུད་མི་ཟ་བ་དེ་བཞིན་དུ་ཤཱ་རིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་འདི་ལྟ་བུ་ལ་དད། ཡིད་ཆེས། རབ་ཏུ་རྟོག་ཅིང ། དེ་བཞིན་གཤེགས་པ་བྱམས་པས་ཡིད་ལ་བྱེད་པ་དང ། དེ་བཞིན་གཤེགས་པ་ཉིད་ལ་དམིགས་ནས་དེའི་ཕྱིར་ནམ་མཁའ་ལ་མེ་ཏོག་འཐོར་བ་དེ་དག་ཐམས་ཅད་དགེ་པའི་རྩ་བ་མཐའ་མ་མ་ཐོབ་པར་སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཏེ། རབ་ཏུ་རྟོགས་པས་དེ་བཞིན་གཤེགས་པ་རྣམས་ལས་སེམས་གཅིག་བསྐྱེད་པ་ཡང་ཆུད་མི་ཟའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་གང་རྣམ་པར་ཤེས་པ་མ་མཆིས་པར་འཇུག་པ་མཆིས་སམ། བཀའ་སྩལ་པ། ཤཱ་རིའི་བུ། དེ་ནི། མ་ཡིན་ནོ། །བཅོམ་ལྡན་འདས། ཡེ་ཤེས་ནི། གང་ལགས། རྣམ་པར་ཤེས་པ་ནི། གང་ལགས། ཤཱ་རིའི་བུ། འདི་བཞི་ནི། རྣམ་པར་ཤེས་པའི་གནས་ཏེ། རྣམ་པར་ཤེས་པ་དེ་ལ་གནས་སོ། །འདི་
62a
༄#། །ལྟ་སྟེ། རྣམ་པར་ཤེས་པ་གཟུགས་ལ་ཉེ་བར་སོང་ཞིང་གནས། གཟུགས་ལ་དམིགས། གཟུགས་ལ་གནས། དགའ་བ་ལ་བརྟེན་པས་སྐྱེ་ཞིང་འཕེལ་ཏེ་རྒྱས་པར་འགྱུར་བ་དང ། རྣམ་པར་ཤེས་པ་ཚོར་བ་ལ་ཉེ་བར་སོང་ཞིང་གནས། ཚོར་བ་ལ་དམིགས། ཚོར་བ་ལ་གནས། དགའ་བ་ལ་བརྟེན་པས་སྐྱེ་ཞིང་འཕེལ་ཏེ་རྒྱས་པར་འགྱུར་བ་དང ། རྣམ་པར་ཤེས་པ་འདུ་ཤེས་ལ་ཉེ་བར་སོང་ཞིང་གནས། འདུ་ཤེས་ལ་དམིགས། འདུ་ཤེས་ལ་གནས། དགའ་བ་ལ་བརྟེན་པས་སྐྱེ་ཞིང་འཕེལ་ཏེ་རྒྱས་པར་འགྱུར་བ་དང ། རྣམ་པར་ཤེས་པ་འདུ་བྱེད་ལ་ཉེ་བར་སོང་ཞིང་གནས། འདུ་བྱེད་ལ་དམིགས། འདུ་བྱེད་ལ་གནས། དགའ་བ་ལ་བརྟེན་པས་སྐྱེ་ཞིང་འཕེལ་ནས་རྒྱས་པར་འགྱུར་ཏེ། ཤཱ་རིའི་བུ། འདི་ནི། རྣམ་པར་ཤེས་པ་བྱའོ། །གང་ལེན་པའི་ཕུང་པོ་ལྔ་ལ་མི་གནས་པར་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བ་ནི། སའི་ཁམས་རྣམ་པར་ཤེས་པ་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་རྣམ་པར་ཤེས་པ་སྟེ། འདི་ནི། རྣམ་པར་ཤེས་པ་ཞེས་བྱའོ། །གང་ཁམས་བཞི་ལ་མི་གནས་པར་རྣམ་པར་ཤེས་པའི་ཆོས་ཀྱི་ཁམས་ཀུན་ཏུ་དབྱེ་བ་ཤེས་པ་འདི་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ། རྣམ་
62b
པར་ཤེས་པ་ཞེས་བྱ་བ་ནི། གང་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམ་པར་རིག་པ་དང ། རྣ་བས་ཤེས་པར་བྱ་བའི་སྒྲ་རྣམ་པར་རིག་པ་དང ། སྣས་ཤེས་པར་བྱ་བའི་དྲི་རྣམ་པར་རིག་པ་དང ། ལྕེས་ཤེས་པར་བྱ་བའི་རོ་རྣམ་པར་རིག་པ་དང ། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམ་པར་རིག་པ་དང ། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམ་པར་རིག་པ་སྟེ། འདི་ནི། རྣམ་པར་ཤེས་པ་ཞེས་བྱའོ། །གང་ནང་ཉེ་བར་ཞི་ཞིང་ཕྱི་རོལ་དུ་མི་རྒྱུ་སྟེ། ཡེ་ཤེས་ཀྱི་ཕྱིར་འབྲང་ཞིང་ཆོས་གང་ལ་ཡང་མི་རྟོག་།རྣམ་པར་མི་རྟོག་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །རྣམ་པར་ཤེས་པ་ནི། དམིགས་པ་ལས་སྐྱེས་སོ། །རྣམ་པར་ཤེས་པ་ནི། ཡིད་ལ་བྱེད་པ་ལས་སྐྱེའོ། །རྣམ་པར་ཤེས་པ་ནི། ཡོངས་སུ་རྟོག་པ་ལས་སྐྱེ་སྟེ། དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །གང་འཛིན་པ་མེད་པས་སྙེམས་པ་དང ། དམིགས་པ་མེད་རྣམ་པར་རིག་པ་མེད་ཅིང་མི་རྟོག་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་འདུས་བྱས་ལ་སྤྱོད་པའི་ཆོས་ལ་རྣམ་པར་ཤེས་པ་གནས་ཤིང ། གང་འདུས་བྱས་ལ་སྤྱོད་པའི་ཆོས་རྣམ་པར་ཤེས་པ་དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །འདུས་མ་བྱས་ལ་རྣམ་པར་ཤེས་པ་རྒྱུ་བ་མེད་དེ། གང་འདུས་མ་བྱས་ཤེས་པ་དེ་ནི། ཡེ་ཤེས་ཤེས་བྱའོ། །གཞན་ཡང་གང་སྐྱེ་བ་དང ། འཇིག་པ་ལ་རབ་ཏུ་གནས་པ་དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །གང་སྐྱེ་བ་མེད་པ་དང ། འགག་པ་མེད་པ་ལ་གནས་པ་དེ་ནི། ཡེ་ཤེས་
63a
༄#། །ཞེས་བྱའོ། །དེ་ལྟར་ཤཱ་རིའི་བུ། འདི་ནི། རྣམ་པར་ཤེས་པ། འདི་ནི། ཡེ་ཤེས་ཏེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཇི་ལྟར་གངྒཱའི་ཀླུང་གི་བྱེ་མ་དཔག་མེད་པ། དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་རྩཝ་རྣམས་ནི། །དེ་དག་སྐྱེས་བུ་ལ་ལས་མེར་བསྲེགས་ཐལ་བར་བྱས། །ལོ་ནི་བརྒྱ་སྟོང་དག་ཏུ་རྒྱ་མཚོར་དཀྲུགས་པ་རྣམས། །དེ་འདྲ་བ་ཡི་སྟོབས་བཅུ་ཡེ་ཤེས་ཕྲ་མངའ་བས། །ཐལ་བ་བླངས་ནས་འགྲོ་བ་དག་ལ་ལུང་སྟོན་པ། །ཞིང་རྣམས་རབ་འབྱམས་དག་གི་ཤིང་རིགས་འདི། །དེ་ཚིག་ཐལ་བ་འདི་ཞེས་རྣམ་པ་ཐམས་ཅད་མཁྱེན། །འདི་ལྟར་ཕྱོགས་བཅུ་དག་གི་འཇིག་རྟེན་ཁམས་ཀྱི་རྡུལ། །ཐམས་ཅད་རྡུལ་དུ་བྱས་ནས་རྒྱལ་བ་རྣམས་སྟོན་ཏེ། །དེ་དག་ཐམས་ཅད་བགྲང་ཡང་ཆགས་མེད་ཐེ་ཚོམ་མེད། ། དེ་ལྟར་བདེ་བར་གཤེགས་ཀྱི་ཡེ་ཤེས་ནམ་མཁའ་བཞིན། །ཇི་སྙེད་ཕྱོགས་བཅུའི་འགྲོ་བ་རྣམས་ཀྱི་སེམས་ཀྱི་རྒྱུད། །གང་དག་འདོད་ཆགས་སྤྱོད་དང་ཞེ་སྡང་གཏི་མུག་ལྡན། །སྤྱོད་
63b
པ་ཀུན་གྱི་ཚུལ་ཤེས་བསམ་པ་རྣམས་དང་ནི། །གང་གི་བླངས་ཉམས་གང་གི་ཐར་པར་འགྱུར་བ་མཁྱེན། །འཇིག་རྟེན་མཆོག་གི་སྟོབས་བཅུ་རྣམས་ཀྱི་ཡེ་ཤེས་ནི། །ཇི་སྙེད་ཕྱོགས་བཅུའི་ཆོས་ཀྱི་དབྱིངས་སུ་རབ་ཞུགས་ཀྱང ། །འདྲེན་པ་རྣམས་ལ་རྟོག་དང་རྣམ་པར་རྟོག་མི་འབྱུང ། །བདེར་གཤེགས་སྲས་པོ་དད་པ་རྒྱལ་ལ་དད་པར་བྱེད།། །བམ་པོ་བཞི་པ། ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་འོད་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེར། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ཅིང་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་ཅེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཏེ། དེ་རབ་ཏུ་རྟོགས་པས་དེ་བཞིན་གཤེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མངོན་པར་གཤེགས་ནས་ལྷམ་མེ། ལྷན་ནེ། ལྷང་ངེར་མཛད་དོ། །དེ་འདི་ལྟ་སྟེ། དཔེར་ན། སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་མངོན་པར་ཤར་ནས་ལྷམ་མེ། ལྷན་ནེ། ལྷང་ངེ་བ་བཞིན་དུ། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མངོན་པར་གཤེགས་ནས་ལྷམ་མེ། ལྷན་ནེ། ལྷང་ངེར་མཛད་དོ། །ཤཱ་རིའི་བུ། སྲིན་བུ་མེ་ཁྱེར་གྱི་འོད་དེ་བས་ནི། གང་
64a
༄#། །འབྲུ་མར་གྱི་མར་མེའི་འོད་འདི་ཤིན་ཏུ་འཕགས། ཤིན་ཏུ་མཆོག་།ཤིན་ཏུ་ཁ་དོག་དང་ལྡན། ཤིན་ཏུ་འོད་གསལ། ཤིན་ཏུ་རྒྱ་ཆེའོ། །འབྲུ་མར་གྱི་མར་མེའི་འོད་དེ་བས་ནི། རྩིག་པ་ཆེན་པོའི་འོད་འདི་ཤིན་ཏུ་འཕགས། ཤིན་ཏུ་མཆོག་པ་ནས་ཤིན་ཏུ་རྒྱ་ཆེ་བའི་བར་དུའོ། །གང་རྩིག་པ་ཆེན་པོའི་འོད་དེ་བས་ནི། མེའི་ཕུང་པོ་ཆེན་པོའི་འོད་གང་ཡིན་པ་དང ། སྨན་དང ། སྐར་མའི་འོད་གང་ཡིན་པའི་བར་དུ་རྒྱས་པར་བྱ་སྟེ། ཟླ་བའི་འོད་དང ། ཉི་མའི་འོད་དང ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འོད་དང ། གཞལ་མེད་ཁང་དང ། ལུས་ཀྱི་རྒྱན་རྣམས་དང ། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང ། འཐབ་བྲལ་བ་རྣམས་དང ། དགའ་ལྡན་པ་རྣམས་དང ། འཕྲུལ་དགའ་བ་རྣམས་དང ། གཞན་འཕྲུལ་དབང་བྱེ་ཀྱི་ལྷ་རྣམས་ཀྱི་ར་བ་དང ། གཞལ་མེད་ཁང་དང ། ལུས་ཀྱི་རྒྱན་རྣམས་དང ། གང་ཚངས་པ་རྣམས་དང ། ཚངས་རིས་པ་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་དང ། ཚང་འཁོར་བ་རྣམས་དང ། ཚངས་ཆེན་གྱི་ལྷ་རྣམས་ཀྱི་ར་བ་དང ། གཞལ་མེད་ཁང་དང ། ལུས་ཀྱི་རྒྱན་རྣམས་ཀྱི་འོད་འདི་ཤིན་ཏུ་འཕགས། ཤིན་ཏུ་བཟང ། ཤིན་ཏུ་མཆོག་།ཤིན་ཏུ་ཁ་དོག་དང་ལྡན། ཤིན་ཏུ་འོད་གསལ། ཤིན་ཏུ་རྒྱ་ཆེའོ། །གང་ཚངས་པ་རྣམས་དང ། ཚངས་རིས་པ་རྣམས་དང ། ཚངས་པའི་མདུན་ན་འདོན་པ་རྣམས་
64b
དང ། ཚངས་འཁོར་བ་རྣམས་དང ། ཚངས་ཆེན་གྱི་ལྷ་རྣམས་ཀྱི་འོད་ཀྱང་རྒྱས་པར་བྱ་སྟེ། འོད་ཆེན་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་ནས་དགེ་རྒྱས་ཀྱི་བར་དང ། འབྲས་བུ་ཆེ་བ་དང ། འདུ་ཤེས་ཅན་དང ། འདུ་ཤེས་མེད་པ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་དང ། མི་ཆེ་བ་དང ། མི་གདུང་བ་དང ། གྱ་ནོམ་སྣང་བ་དང ། ཤིན་ཏུ་མཐོང་གི་ར་བ་དང ། གཞལ་མེད་ཁང་དང ། ལུས་ཀྱི་འོད་དང ། གང་འོག་མིན་གྱི་ལྷ་རྣམས་ཀྱི་ར་བ་དང ། གཞལ་མེད་ཁང་རྣམས་དང ། ལུས་ཀྱི་འོད་འདི་ཤིན་ཏུ་འཕགས། ཤིན་ཏུ་བཟང ། ཤིན་ཏུ་མཆོག་།ཤིན་ཏུ་ཁ་དོག་དང་ལྡན་།ཤིན་ཏུ་འོད་གསལ། ཤིན་ཏུ་རྒྱ་ཆེའོ། །གང་འོག་མིན་གྱི་ལྷ་རྣམས་ཀྱི་ར་བ་དང ། གཞལ་མེད་ཁང་རྣམས་དང ། ལུས་ཀྱི་འོད་པས་ནི། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་འདི་ཤིན་ཏུ་འཕགས། ཤིན་ཏུ་བཟང ། ཤིན་ཏུ་མཆོག་།ཤིན་ཏུ་ཁ་དོག་དང་ལྡན། ཤིན་ཏུ་འོད་གསལ། ཤིན་ཏུ་རྒྱ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ཚུལ་ཁྲིམས་དཔག་ཏུ་མེད་པ་དང ། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང ། ཤེས་རབ་དཔག་ཏུ་མེད་པ་དང ། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པའི་ཕྱིར་རོ། །དེ་ལྟར་ཤཱ་རིའི་བུ། ཇི་ཙམ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འོད་དུ་བཏགས་པ་གདགས་པས་བཏགས་
65a
༄#། །པ་དེ་ཐམས་ཅད་ནི། དེ་བཞིན་གཤེགས་པའི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། འཛམ་བུ་ཆུ་བོའི་གསེར་གྱི་ནང་དུ་གསེར་ཐ་མལ་བ་བཞག་ན། སྣག་ཚའི་གར་བུ་བཞིན་དུ་འགྱུར་ཏེ། ལྷམ་མེར་མི་འགྱུར། །ལྷན་ནེར་མི་འགྱུར། །ལྷང་ངེར་མི་འགྱུར་རོ། ། དེ་བཞིན་དུ་ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འོད་དུ་གདགས་པས་བཏགས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་འོད་ཀྱི་མདུན་ན་ལྷམ་མེར་མི་འགྱུར། ལྷན་ནེར་མི་འགྱུར། ལྷང་ངེར་མི་འགྱུར་རོ། །འོད་གསལ་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པའི་འོད་ནི། དེ་དག་གི་ནང་ན་མཆོག་ཅེས་བྱ། རྣམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱའོ། །ཤཱ་རིའི་བུ། གང་དེ་བཞིན་གཤེགས་པ་ཉི་ཚེ་བའི་འོད། ལས་ཀྱི་རྣམ་པར་སྨིན་པ་ལས་མངོན་པར་གྲུབ་པའི་འོད་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཤིན་ཏུ་ཁྱབ་པར་འགྱུར་ཏེ། ཤཱ་རིའི་བུ། ཟླ་བ་དང ། ཉི་མའི་འོད་ཀྱི་སྣང་བ་ཡང་མི་འབྱུང ། ཉིན་མོར་ཡང་མི་ཤེས། མཚན་མོར་ཡང་མི་ཤེས། ཟླ་བ་ཕྱེད་པ་དང ། ཟླ་བ་གཅིག་པར་ཡང་མི་ཤེས། དུས་དང་ལོར་ཡང་མི་ཤེས་མོད་ཀྱི། འདི་ལྟ་སྟེ། དེ་བཞིན་གཤེགས་པས་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་འོད་
65b
འདོམ་གང་ཙམ་དུ་བྱིན་གྱིས་རློབ་སྟེ། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞེད་ན། འཇིག་རྟེན་གྱི་ཁམས་གྲངས་མེད་པ་འོད་ཀྱིས་ཁྱབ་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ་སྟེ། ཤཱ་རིའི་བུ། དོན་དེ་ཉིད་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་ཏོ། །ཤཱ་རིའི་བུ། སྐྱེས་བུ་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཇི་སྙེ་པ་ཐམས་ཅད་རྡུལ་ཕྲ་རབ་ཏུ་བྱས་ནས་རྡུལ་དེ་དག་ཐུ་བར་བླུགས་ཏེ་ཤར་ཕྱོགས་སུ་སོང་ནས་རྡུལ་ཕྲ་མོ་དེ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས་རྡུལ་ཕྲ་རབ་གཉིས་པ་བོར་ཞིང་ཤར་ཕྱོགས་སུ་སོང་ན། ཤཱ་རིའི་བུ། རྡུལ་ཕྲ་རང་དེ་ཐམས་ཅད་ནི། ཟད་བར་འགྱུར་གྱི། ཤཱ་རིའི་བུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནི། ཟད་པ་མེད་དེ། དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་ནས་ཕྱོགས་བཅུ་ཀུན་གྱི་བར་དུའོ། །ཤཱ་རིའི་བུ། དེ་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་དག་གི་མཐའ་དང་མུ་གཟུང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མི་ནུས་སོ། །བདེ་བར་གཤེགས་པ། དེ་ནི། མི་ནུས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞེད་ན། འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད་
66a
༄#། །དེ།་འཇིག་རྟེན་གྱི་ཁམས་དེ་དག་ན་ཇི་ཙམ་འོད་དུ་བཏགས་པ་གདགས་པས་བཏགས་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་འོད་ཀྱི་མདུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དེ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་འོད་ལ་ནི་རྩིག་པའམ། ཤིང་ངམ། ལྗོན་པའམ། ཁོར་ཡུག་གི་རིའམ། ཁོར་ཡུག་ཆེན་པོའམ། རི་སྤོས་ཀྱི་ངད་ལྡང་ངམ། རི་བཏང་བཟུང་ངམ། རི་བཏང་བཟུང་ཆེན་པོའམ། གངས་རིའམ། རི་གཉའ་ཤིང་འཛིན་ཏམ། དེ་མ་ཡིན་པ་གཞན་རི་ནག་པོའམ། རིའི་རྒྱལ་པོ་རི་རབ་དང ། གང་གིས་ཀྱང་སྒྲིབ་པར་མི་ནུས་ཏེ། དེ་དག་ཐམས་ཅད་ལས་ཐལ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་བྱས་ཀྱང་དམན་པ་ལ་མོས་པའི་སེམས་ཅན་རྣམས་མོས་པར་མི་འགྱུར་ཏེ། དེ་ལ་སེམས་ཅན་ལ་ལས་ནི་དེ་བཞིན་གཤེགས་པའི་འོད་འདོམ་གང་ཙམ་དུ་མཐོང་ངོ ། །གང་དེ་བས་རྒྱ་ཆེ་བ་དེ་དག་གིས་ནི་འོད་འདོམ་དོ་ཙམ་དུ་མཐོང་ངོ ། །གང་དེ་བས་ཤིན་ཏུ་རྒྱ་ཆེ་བ་དེ་དག་གིས་ནི་འོད་རྒྱང་གྲགས་ཙམ་དུ་མཐོང་བ་ནས་གང་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེན་པོས་ནི་འོད་སྟོང་གསུམ་གྱི་སྟོང་ཆེན་པོ་ཙམ་གྱི་བར་དུ་མཐོང་
66b
སྟེ།་དེ་ལྟར་ན། ཤཱ་རིའི་བུ། སྟོང་ཕྲག་བརྒྱ་པའི་ཚངས་པས་ནི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱའི་བར་དུ་འོད་ཀྱིས་ཁྱབ་པར་མཐོང་སྟེ། རྒྱས་པར་བྱའོ། །ས་ཐོབ་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་མུ་མེད་པའི་བར་དུ་ཁྱབ་པར་མཐོང་ངོ ། །དེ་ལྟར་ཤཱ་རིའི་བུ། ནམ་མཁའི་ཁམས་ཅི་ཙམ་པ་སེམས་ཅན་གྱི་ཁམས་ཀྱང་དེ་ཙམ་སྟེ།་དེ་བཞིན་གཤེགས་པ་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་དེ་ཙམ་དུ་འོད་ཀྱིས་ཁྱབ་པར་མཛད་དོ། །དེ་བྱང་ཆུབ་སེམས་དཔས་ཐོས་ནས་ཐེ་ཚོམ་མེད། སོམ་ཉི་མི་ཟ། མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཉི་མ་ཟླ་བའི་འོད་གང་དང ། །བརྒྱ་བྱིན་ཚངས་འོད་གང་ཡོད་དང ། །འོག་མིན་བར་གྱི་འོད་རྣམས་ཀྱིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །འོག་མིན་གྱི་ནི་འོད་རྣམས་དང ། །གང་རྣམས་སྟོང་གསུམ་ཁྱབ་གྱུར་པས། །སངས་རྒྱས་སྤུ་ཡི་འོད་ཟེར་གྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ནམ་མཁའ་དག་ནི་ཇི་ཙམ་པ། །དེ་ཙམ་འོད་ཀྱིས་ཁྱབ་བྱེད་པ། །བློ་གྲོས་རྒྱ་ཆེན་སེམས་ཅན་གྱིས། །དེ་འདྲ་བར་ནི་འོད་མཐོང་ངོ ། །སངས་རྒྱས་འོད་ནི་མཐའ་ཡས་ཏེ། །ནམ་མཁའ་དང་ནི་མཚུངས་མཉམ་པ། །ཇི་ལྟར་འདུལ་བར་འགྱུར་རྣམས་ཀྱིས། །དེ་འདྲ་བར་ནི་འོད་མཐོང་ངོ ། །ཇི་ལྟར་སྐྱེས་
67a
༄#། །བུ་དམུས་ལོང་གིས། །ཉི་མའི་འོད་ནི་དེ་འདྲ་བར། །མ་མཐོང་བས་ནི་འོད་དེ་ལ། །འོད་ནི་ཡོད་པ་མིན་ཞེས་སྨྲས། །དེ་བཞིན་སེམས་ཅན་དམན་པ་གང ། །རྒྱལ་བའི་འོད་ནི་མི་མཐོང་སྟེ། །མ་མཐོང་བས་ན་རྒྱལ་བ་ཡི། །འོད་ནི་ཡོད་པ་མིན་ཞེས་ཟེར། །ལ་ལས་འདོམ་དོ་ཙམ་དུ་མཐོང ། །ལ་ལས་རྒྱང་གྲགས་དཔག་ཚད་དང ། །ལ་ལས་སྟོང་གསུམ་ཐམས་ཅད་དུ། །འོད་ཀྱིས་ཁྱབ་པར་གྱུར་པར་མཐོང ། །ས་བརྒྱད་པ་དང་དགུ་པ་དང ། །བཅུ་པ་ལ་ནི་གང་གནས་པ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ། །ས་ཆེན་ལ་ནི་གང་གནས་པ། །དེ་དག་སངས་རྒྱས་རྣམས་ཀྱི་འོད། མཐའ་ཡས་དཀྱིལ་འཁོར་འཇུག་བྱེད་ཅིང ། །བསམ་ཡས་སངས་རྒྱས་ཞིང་རྣམས་སུ། །སངས་རྒྱས་དག་གི་བྱ་བ་བྱེད། །དེ་ལྟར་སངས་རྒྱས་བསམ་ཡས་ཏེ། །སངས་རྒྱས་འོད་ཟེར་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ནས། །བསོད་ནམས་ཕུང་པོ་བསམ་མི་ཁྱབ། །ཡང་ཤཱ་རིའི་བུ། ཇི་ལྟར་ན། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དང ། ཡིད་ཆེས། རབ་ཏུ་རྟོག་།ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་པ་དང ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་
67b
དད།་ཡིད་ཆེས། རབ་ཏུ་རྟོག་པ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་ཅེ་ན། ཤཱ་རིའི་བུ། འདི་ལྟར་ཡང་དག་པར་སྨྲ་བས་སྨྲ་བ་ཚུལ་ཁྲིམས་ཡོངས་སུ་དག་པའི་སེམས་ཅན་འཇིག་རྟེན་དུ་བྱུང་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པ། ངག་གི་ལས་ཡོངས་སུ་དག་པ་དང་ལྡན་པ། ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པ་འཇིག་རྟེན་དུ་བྱུང་ཞིང་སྐྱེས་ནས་འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། བྲམ་ཟེ་སྡིག་པ་སྤངས་པ། དགེ་སྦྱོང་ཞི་བ། བསམ་གཏན་པའི་མཆོག། ཏིང་ངེ་འཛིན་དམ་པའི་ཕ་རོལ་ཏུ་སོན་པའི་སེམས་ཅན་འཇིག་རྟེན་དུ་བྱུང་བ་དེ་ནི། དེ་བཞིན་གཤེགས་པ་ཡིན་པར་ཡང་དག་པར་སྨྲ་བས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། ལྷར་བཅས་པའི་འཇིག་རྟེན་དང ། ཚངས་པར་བཅས་པ་དང ། བདུད་དུ་བཅས་པ་དང ། དགེ་སྦྱོང་དུ་བཅས་པ་དང ། བྲམ་ཟེར་བཅས་པའི་སྐྱེ་རྒུ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟར་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་ཚད་མེད་པ་དེ་ལྟ་བུ་ངས་མ་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཚུལ་ཁྲིམས་དང།་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་སོན་པའོ། །ཤཱ་རིའི་བུ། ཁྱོད་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་ཚད་མེད་པའི་དཔེ་ཙམ་ཉན་
68a
༄#། །པར་འདོད་དམ། གསོལ་པ། བཅོམ་ལྡན་འདས། འདི་ལྟར་དགེ་སློང་དག་ལ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་དཔེ་ཙམ་བཤད་ན། བཅོམ་ལྡན་འདས་ལས་འདི་ལྟར་ཐོས་པ་དེ་བཞིན་དུ་འཛིན་པར་གྱུར་ཏོ། །བཅོམ་ལྡན་འདས། དེའི་དུས་ནི། འདི་ལགས་སོ། །བདེ་བར་གཤེགས་པ། དེའི་དུས་ནི། འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེ་ཇི་སྙམ་དུ་སེམས། སེམས་ཅན་གྱི་ཁམས་དང ། སའི་ཁམས་གང་མང།་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས། སེམས་ཅན་གྱི་ཁམས་ནི། རབ་ཏུ་མང་གི། སའི་ཁམས་ནི།་མ་ལགས་སོ། །བཀའ་སྩལ་པ། དེ་དེ་བཞིན་ནོ། །ཤཱ་རིའི་བུ། དེ་དེ་བཞིན་ཏེ། ཤཱ་རིའི་བུ། སེམས་ཅན་གྱི་ཁམས་རབ་ཏུ་མང་གི། སའི་ཁམས་ནི། མ་ཡིན་ནོ། །ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། བརྫུས་ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་རྣམས་ཇི་ཙམ་དུ་སེམས་
68b
ཅན་དུ་གདགས་པས་བཏགས་པ་དེ་ཐམས་ཅད་ཡོངས་སུ་བརྟག་པ་བཟུང་སྟེ་སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་གིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཤཱ་རིའི་བུ། མིར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་གིས་སྔ་ཕྱི་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིང ། ཡོངས་སུ་བརྟག་པ་བཟུང་སྟེ་དེ་བཞིན་གཤེགས་པ་རེ་རེས་ཀྱང་དེ་བཞིན་གཤེགས་པ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་མངོན་པར་སྤྲུལ་ཏེ། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་དབུ་སྟོང་སྟོང་དུ་གྱུར། དབུ་རེ་རེ་ལ་ཡང་ཞལ་སྟོང་སྟོང་དུ་གྱུར། ཞལ་རེ་རེ་ལ་ཡང་ལྗགས་སྟོང་སྟོང་དུ་གྱུར་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སྟོབས་བཅུ་དང་ལྡན་པར་གྱུར། མི་འཇིགས་པ་བཞི་དང ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་དང ། ཆགས་པ་མེད་པ་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་སྤོབས་པ་དང་ལྡན་པར་གྱུར་ལ། ཤཱ་རིའི་བུ། དེ་ལྟ་བུའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་གཅིག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྔགས་པ་བརྗོད་ཀྱང་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ནི། དེ་འདྲ་སྟེ། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་མི་ཟད། དེ་
69a
༄#། །བཞིན་གཤེགས་པ་དེ་དག་གི་ཤེས་རབ་དང་སྤོབས་པ་བླ་ན་མེད་པ་ཡང་མི་ཟད་དེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དེའི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང ། དེ་བཞིན་གཤེགས་པ་དེ་དག་གི་ཤེས་རབ་དང་སྤོབས་པ་བླ་ན་མེད་པ་དང ། དེ་གཉིས་ནི། ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། ནམ་མཁའ་དང་མཉམ་ཞིང་མཚུངས་སོ། །ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྟ་ཞོག་ལ། ཤཱ་རིའི་བུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་པ་དང ། དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། འོག་དང ། སྟེང་གི་ཕྱོགས་དང ། དེ་བཞིན་དུ་ཕྱོགས་མཚམས་དང ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་ཐམས་ཅད་སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་གིས་མིའི་ལུས་ཐོབ་པར་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་བར་དུ་གོང་མ་བཞིན་དུ་རྒྱས་པར་བྱ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཤེས་རབ་དང་
69b
སྤོབས་པ་བླ་ན་མེད་པ་དང ། དེ་གཉིས་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། ནམ་མཁའ་དང་མཉམ་ཞིང་མཚུངས་ཏེ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་སོན་པའོ། །ཤཱ་རིའི་བུ། ཁྱོད་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པའི་དཔེ་ཙམ་དུ་བྱ་བ་ཉན་པར་འདོད་དམ ། གསོལ་པ། འདི་ལྟར་དགེ་སློང་རྣམས་བཅོམ་ལྡན་འདས་ལས་ཐོས་ནས་དེ་བཞིན་དུ་འཛིན་པར་འགྱུར་ཏེ། བཅོམ་ལྡན་འདས། དེའི་དུས་འདི་ལགས་སོ། །བདེ་བར་གཤེགས་པ། དེའི་ཚོད་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དེའི་དུས་དེའི་ཚོད་འབྱུང་སྟེ། ཉི་མ་བདུན་འཇིག་རྟེན་དུ་བྱུང་བར་གྱུར་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འབར། ཀུན་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་པར་འགྱུར་རོ། །ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འབར་བ་གཅིག་ཏུ་གྱུར་པ་དེའི་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བ་དེའི་ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་བཅུ་དང་ལྡན་པར་འགྱུར་རོ། །བཅུ་གང་ཞེ་ན། ས་ཕྱོགས་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་དང་པོ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་
70a
༄#། །རིའི་བུ། འཇིག་རྟེན་གྱི་ཁམས་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེ་གསེག་མ་དང ། གྱོ་མོ་མེད་ཅིང་མཐོ་བར་གྱུར་པའི་གཟུགས་སུ་འགྱུར་ཏེ། ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་གཉིས་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེ་དེ་བཞིན་གཤེགས་པ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཡངས་ཤིང་མཉམ་པར་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་གསུམ་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ།་འཇིག་རྟེན་གྱི་ཁམས་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ།་བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་རྩཝ་སྔོ་བ། འཁྱིལ་བ། འཇམ་པ། གཡས་ཕྱོགས་སུ་འཁྱིལ་པ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། དྲི་རབ་ཏུ་
70b
ཞིམ་པ་སྐྱེ་བར་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་བཞི་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གྲང་བ། ཡང་བ། འཇམ་པ། དྭངས་པ། རྙོག་པ་མེད་པ། རབ་ཏུ་དྭངས་པ། འཐུང་འདོད་པ། མང་དུ་འཐུངས་ཀྱང་ནད་དུ་མི་འགྱུར་བ། ཡན་ལག་འདི་བརྒྱད་དང་ལྡན་པའི་ཆུ་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་ལྔ་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ།་བཞུགས་སམ། མནལ་བའི་ས་ཕྱོགས་དེར་དེ་བཞིན་གཤེགས་པའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་རབ་ཏུ་བསིལ་བའི་རླུང་ལྡང་བ་དེ་འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། སོས་ཀའི་ཐ་མའི་ཟླ་བ་ཚ་བས་གདུངས་པའི་དུས་ན་སྐྱེས་བུ་ལ་ལ་ཞིག་གངྒཱའི་ཀླུང་དུ་ཞུགས་ནས་ལུས་བསིལ་བར་བྱས་ཏེ་རིམས་དང་སྙོམས་པ་ཐམས་ཅད་ཞི་བར་བྱས་ནས་གངྒཱའི་
71a
༄#། །ཀླུང་ནས་བྱུང་ཞིང་སླར་བྱུང་ནས་འཆག་ཅིང་འགྲོ་བ་ལས་ཧ་ཅང་ཡང་མི་རིང་བ་ཞིག་ན་ནགས་སྟུག་པོ་ཡལ་ག་དང ། ལོ་མ་དང ། འདབ་མ་གྲིབ་མ་སྟུག་པོ་དང་ལྡན་པ་ཆེན་པོ་ཞིག་མཐོང་ནས་དེ་ནགས་སྟུག་པོ་གང་ན་ཡོད་པ་དེར་སོང་སྟེ་ཕྱིན་པ་དང ། ནགས་སྟུག་པོའི་དབུས་ན་ཁྲིའི་སྟེང་དུ་ཕྱར་བུ་བཏིང་བ། བེའུ་རས་ཀྱིས་གཡོགས་པ།་ཀ་ཙ་ལིན་དི་ཀའི་གདིང་བ་བཏིང་བ། དེའི་སྟེང་དར་གྱིས་གཡོགས་པ། ཡ་ཐོག་མ་ཐོག་ཏུ་སྔས་དམའ་བོ་བཤམས་པ་ཞིག་མཐོང་ནས་དེ་དེ་ལ་འདུག་གོ་།དེ་དེ་ལ་འདུག་སྟེ་འགྲེང་ཞིང་ཕྱོགས་བཞི་ཀུན་ནས་བསིལ་བའི་རླུང་ལྡང་བར་འགྱུར་བ་དེ་བཞིན་དུ། ཤཱ་རིའི་བུ། ས་ཕྱོགས་དེར་བསིལ་བའི་རླུང་ལྡང་བར་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་དྲུག་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ།་འབར་བ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་ཆུ་ལས་སྐྱེས་པའི་མེ་ཏོག་ཨུཏྤལ་དང ། པདྨ་དང ། ཀུ་མུ་ཏ་དང ། པདྨ་དཀར་པོ་སྐྱེ་བར་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ངོ་མཚར་དང ། རྨད་ཀྱི་ཆོས་བདུན་པ་འདི་དང་ལྡན་པར་
71b
འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེར་ཐང་ལས་སྐྱེས་པའི་མེ་ཏོག་འདི་ལྟ་སྟེ། ཨ་དྷི་མུཀྟ་ཀ་དང ། ཙམ་པ་ཀ་དང ། སྣ་མའི་མེ་ཏོག་དང ། པ་རི་ཤ་ཀ་དང ། མྱ་ངན་འཚང་དང ། སྐྱ་སྣར་དང ། དོང་ཀའི་མེ་ཏོག་དང ། ཏ་ར་ནི་དང ། ཀོ་ཏ་ར་ནི་ལ་སོགས་པ་ཐང་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་ཁ་དོག་དང་ལྡན་པ། དྲི་དང་ལྡན་པ་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ངོ་མཚར་དང་རྨད་ཀྱི་ཆོས་བརྒྱད་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འབར།་ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ།་མནལ་བའི་ས་ཕྱོགས་དེ་སྲ་ཞིང་མི་ཤིགས་པ། ས་གཞི་རྡོ་རྗེར་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ནི། ངོ་མཚར་དང ། རྨད་ཀྱི་ཆོས་དགུ་པ་འདི་དང་ལྡན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལམ་མེ། རབ་ཏུ་ལམ་མེ། ཀུན་ཏུ་རབ་ཏུ་ལམ་མེ། འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་
72a
༄#། །པ་གཅིག་ཏུ་གྱུར་ནས་ཚིག་པ་དེར་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཆག་གམ། བཞེངས་སམ།་བཞུགས་སམ། མནལ་བའི་ས་ཕྱོགས་དེ་ལྷར་བཅས་པའི་འཇིག་རྟེན་དང ། བདུད་དུ་བཅས་པ་དང ། ཚངས་པར་བཅས་པ་དང ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་རྒུ་དང།་ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་འགྱུར་ཏེ། ཤཱ་རིའི་བུ། ས་ཕྱོགས་དེ་ནི། ངོ་མཚར་དང ། རྨད་ཀྱི་ཆོས་བཅུ་པོ་དེ་དག་དང་ལྡན་པར་འགྱུར་རོ། །ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཤིན་ཏུ་རྟོགས་ཏེ། དེ་རྟོགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་མཉམ་པར་གཞག་པའི་སེམས་ལ་གཅིག་ཏུ་བདེ་བར་སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཡོངས་སུ་འབྲི་བ་མེད་པར་ངས་བཤད་དོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་བསོད་སྙོམས་གཅིག་གིས་བསྐལ་པར་གནས་སམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བརྒྱ་སྟོང་ཕྲག་བརྒྱའམ། བསྐལ་པ་བྱེ་བའམ། བསྐལ་པ་བྱེ་བ་བརྒྱའམ། བསྐལ་པ་བྱེ་བ་སྟོང་ངམ།
72b
བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱའམ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ངམ། དེ་ལས་ལྷག་པར་ཡང་བཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཕ་རོལ་ཏུ་ཕྱིན་པའི་མཆོག་གི་དམ་པའི་ཕ་རོལ་ཏུ་སོན་པ་སྟེ། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། དེ་ལྟར་རྫུ་འཕྲུལ་ཆེ་བ། དེ་ལྟར་མཐུ་ཆེ་བ། དེ་ལྟར་དབང་ཆེ་བར་གྲགས་པའོ། །འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ལྷའི་ནང་དུ་ལྷའི་བུ་སྐྱེས་པ་དེ་དམིགས་པ་གཅིག་ལ་གནས་པའི་རྣམ་པར་ཤེས་པས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་འདུག་སྟེ། བསམ་གཏན་གྱིས་ཚེའི་མཐའ་འཆི་བའི་དུས་མ་བྱས་ཀྱི་བར་དུ་རྣམ་པར་ཤེས་པ་དེ་ལས་རྣམ་པར་ཤེས་པ་གཞན་དུ་མི་འགྱུར་རོ། །དེ་བཞིན་དུ་ཤཱ་རིའི་བུ། གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང ། གང་གི་ནུབ་མོ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལས་ཉམས་པ་མེད། སེམས་འགྱུར་བ་མེད། སེམས་རྒྱུ་བ་མེད། སེམས་རྣམ་པར་རྒྱུ་བ་མེད། སེམས་རབ་ཏུ་རྒྱུ་བ་མེད། སེམས་རྒྱས་པ་མེད། སེམས་ཀྱི་འདྲེན་པ་མེད། སེམས་གཡེང་བ་མེད། སེམས་མཐོ་བ་མེད།
73a
༄#། །སེམས་དམའ་བ་མེད། སེམས་ཀུན་ཏུ་སྲུང་བ་མེད། སེམས་སྦེད་པ་མེད། སེམས་ཚིམ་པ་མེད། སེམས་མི་མཐུན་པ་མེད། སེམས་འདུད་པ་མེད། སེམས་གཡོ་བ་མེད། སེམས་རབ་ཏུ་དགའ་བར་བྱེད་པ་མེད། སེམས་ཞུམ་པ་མེད། སེམས་རྟོག་པ་མེད། སེམས་རྣམ་པར་རྟོག་པ་མེད། སེམས་ཡོངས་སུ་རྟོག་པ་མེད། སེམས་ཅན་གྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད། སེམས་མིག་ལ་གནས་པ་མེད། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ལ་གནས་པ་མེད། གཟུགས་ལ་གནས་པ་མེད། སེམས་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ལ་གནས་པ་མེད། སེམས་ཆོས་ལ་འཇུག་པ་མེད། སེམས་རྣམ་པར་ཤེས་པ་ལ་འཇུག་པ་མེད། སེམས་འདས་པ་ལ་ཡང་མི་ལྟ། སེམས་མ་འོངས་པ་ལ་ཡང་མི་ལྟ། སེམས་ད་ལྟར་བྱུང་བ་ལ་ཡང་མི་ལྟ་སྟེ། དེ་ལྟར་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་ལ་གནས་ནས་སེམས་ལས་ཆོས་གང་ཡང་བཙལ་བ་མེད་མོད་ཀྱི། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བར་འཇུག་གོ་།འདི་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི། སེམས་དང ། ཡིད་དང ། རྣམ་པར་ཤེས་པ་དང་བྲལ་མོད་ཀྱི། གནས་ཀྱང་མི་འདོར་ཏེ། ལྷུན་གྱིས་གྲུབ་པའི་
73b
ཚུལ་གྱིས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ཀྱང་མཛད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པ་དེ་སྐད་གསུངས་ནས་སྟོན་པས་ཡང་འདི་སྐད་གསུངས་སོ། །བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་ཅིང་གཞལ་ཡས་པར། །སྔོན་གྱི་སྲིད་པའི་འགྲོ་བར་བྱང་ཆུབ་སྤྱོད་སྤྱད་ཚེ། །ཚུལ་ཁྲིམས་དང་ནི་ཐོས་དང་ཏིང་འཛིན་བག་ཡོད་དང ། །བཟོད་པ་དག་ཀྱང་བྱང་ཆུབ་མཆོག་ཕྱིར་འདྲེན་པས་བསྒོམས། །རྒྱལ་བའི་རྟོགས་དང་འབྲས་བུ་དགེ་བ་འདི་འདྲ་བས། །ཚུལ་ཁྲིམས་ཤིན་ཏུ་ཡོངས་དག་འཇིག་རྟེན་ཀུན་གྱི་མཆོག་།ཇི་ལྟར་ནམ་མཁའ་དྲི་མེད་རྣམ་ཤེས་སྤྲོས་མེད་ལྟར། །སྟོབས་བཅུ་ཚུལ་ཁྲིམས་དྲི་མ་མེད་པ་ནམ་མཁའ་བཞིན། །གང་གི་ནུབ་མོ་རྒྱལ་བས་དང་པོ་བྱང་ཆུབ་རྟོགས། །གང་གི་ནུབ་མོ་ཐ་མར་མྱ་ངན་འདས་གཤེགས་ཚེ། །སྟོབས་བཅུ་རྣམས་ལ་སེམས་རྒྱུ་རབ་ཏུ་རྒྱུ་བ་མེད། །དེ་བཞིན་བསམ་གཏན་ཏིང་འཛིན་ཉམས་པ་ནམ་ཡང་མེད། །སྟོབས་བཅུ་རྣམས་ཀྱི་ཚུལ་ཁྲིམས་ཕུང་པོ་ཉམས་མེད་དེ། །རྫུ་འཕྲུལ་སྟོབས་དང་རྣམ་ཐར་ཉམས་པའི་ཆར་འགྱུར་མེད། །བསྐལ་པ་བརྒྱ་ཕྲག་སྟོང་དུ་སེམས་ནི་གཅིག་གིས་གནས། །འདྲེན་པ་ལ་ནི་རྟོག་དང་རྣམ་པར་རྟོག་པ་མེད། ། འདྲེན་པ་རྣམས་ཀྱི་རྣམ་རྟོག་སྤྱོད་ཡུལ་ནམ་མཁའ་འདྲ། །དུས་གསུམ་དག་ལ་སངས་རྒྱས་ཡེ་ཤེས་ཐོགས་མེད་འཇུག་།སྟོབས་བཅུ་རྣམས་ལ་སེམས་ཡིད་རྣམ་པར་རྒྱུ་བ་དང ། །རྟོག་
74a
༄#། །དང་གཏོང་བ་མེད་པར་སངས་རྒྱས་སྲས་རྣམས་དད། །དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས་རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག། སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་ཅེ་ན། ཤཱ་རིའི་བུ།་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདི་སྐད་དུ་གནས་བརྟན་མཽ་དགལ་གྱི་བུ་ཆེན་པོ་འདི་ནི། ངའི་ཉན་ཐོས་རྫུ་འཕྲུལ་ཆེ་བའི་ནང་ན་མཆོག་གོ། ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་རྫུ་འཕྲུལ་དེ་ལ་འཇལ་ཞིང་ཡོངས་སུ་དཔྱོད། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་ཡང་འཇལ་ཞིང་ཡོངས་སུ་དཔྱོད་དོ། །གཞལ་ཏེ་ཡོངས་སུ་དཔྱད་ནས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་མཚུངས་ཤིང་མཉམ་པར་མ་མཐོང་ངོ ། །བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་གཞལ་ཞིང་ཡོངས་
74b
སུ་དཔྱད་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལ་འཇལ་ཞིང་ཡོངས་སུ་དཔྱོད་དོ། །གཞལ་ཏེ་ཡོངས་སུ་དཔྱད་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་མཚུངས་ཤིང་མཉམ་པར་མ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ནི། བསམ་གྱིས་མི་ཁྱབ་བོ། །སྙམ་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཡོངས་སུ་བསྒྲུབ་པར་བྱ་བའི་ཕྱིར་རྒྱ་ཆེར་བརྩོན་འགྲུས་རྩོམ་མོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལས་བརྩམས་ཏེ་དཔེ་ཙམ་དུ་བྱ་བ་དེ་བཞིན་གཤེགས་པ་ལས་ཁྱོད་ཉན་པར་འདོད་དམ། བཅོམ་ལྡན་འདས། དེའི་དུས་འདི་ལགས་སོ། །བདེ་བར་གཤེགས་པ། དེའི་ཚོད་འདི་ལགས་སོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལས་བརྩམས་ཏེ་དཔེ་བཤད་ན། དགེ་སློང་རྣམས་བཅོམ་ལྡན་འདས་ལས་དེ་ཐོས་ནས་དེ་བཞིན་དུ་འཛིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དེའི་ཕྱིར་ཤཱ་རིའི་བུ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བཅོམ་ལྡན་འདས། དེ་བཞིན་ནོ། །ཞེས་གསོལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དེ་ཇི་སྙམ་དུ་སེམས། གནས་བརྟན་མཽ་དགལ་གྱི་བུ་ཆེན་པོ་རྫུ་འཕྲུལ་ཆེ་བ་
75a
༄#། །ཡིན་ནམ། གསོལ་པ། དགེ་སློང་ཉན་ཐོས་རྫུ་འཕྲུལ་ཆེ་བའི་ནང་ན་འདི་ལྟར་གནས་བརྟན་མཽ་དགལ་གྱི་བུ་ཆེན་པོ་འདི་ནི། མཆོག་གོ་།ཞེས་བདག་གིས་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཐོས་ཏེ། མངོན་སུམ་དུ་བཟུང་ངོ ། །བཀའ་སྩལ་པ། ཤཱ་རིའི་བུ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉན་ཐོས་རྫུ་འཕྲུལ་ཆེན་པོ་མཽ་དགལ་གྱི་བུ་ཆེན་པོ་ལྟ་བུས་འདི་ལྟ་སྟེ། དཔེར་ན། བུ་རམ་ཤིང་སྟུག་པོའམ། འདམ་བུ་སྟུག་པོའམ། འོད་མ་སྟུག་པོའམ། ཏིལ་གྱི་ཞིང་ངམ། འབྲས་ཀྱི་ཞིང་བཞིན་དུ་གང་བར་གྱུར་ལ། དེ་ལྟར་གཅིག་ཏུ་འདུས་པའི་ཉན་ཐོས་ཀྱི་ཚོགས་དེ་ལྟ་བུས་མཐུ་དང ། བརྩོན་འགྲུས་ཐམས་ཅད་དང ། རྫུ་འཕྲུལ་དང ། ཆོ་འཕྲུལ་གྱི་སྟོབས་ཐམས་ཅད་བསྟན་ཀྱང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང ། བརྒྱ་སྟོང་གི་ཆར་ཡང ། བྱེ་བའི་ཆར་ཡང ། བྱེ་བ་བརྒྱའི་ཆར་ཡང ། བྱེ་བ་སྟོང་གི་ཆར་ཡང ། བྱེ་བ་བརྒྱ་སྟོང་གི་ཆར་ཡང ། གྲངས་སུ་ཡང ། ཆར་ཡང ། བགྲང་བར་ཡང ། དཔེར་ཡང ། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རྫུ་འཕྲུལ་དང ། ཆོ་འཕྲུལ་གྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །ཤཱ་
75b
རིའི་བུ། གལ་ཏེ་དེ་བཞིན་གཤེགས་པས་ས་འདི་ལ་ཡུངས་ཀར་གྱི་འབྲུ་གཅིག་བཞག་ན། དེ་བཞིན་གཤེགས་པས་ཡུངས་ཀར་གྱི་འབྲུ་བཞག་པ་དེ་ཡང་དེ་ལྟ་བུའི་ཉན་ཐོས་ཀྱི་ཚོགས་ཐམས་ཅད་ཀྱི་མཐུ་དང ། སྟོབས་དང ། བརྩོན་འགྲུས་དང ། དྲག་ཤུལ་ཐམས་ཅད་དང ། རྫུ་འཕྲུལ་དང ། ཆོ་འཕྲུལ་གྱི་སྟོབས་ཐམས་ཅད་བསྟན་ཀྱང་དེ་བཞིན་གཤེགས་པས་བཞག་པའི་ཡུངས་ཀར་གྱི་འབྲུ་སྐྲའི་རྩེ་མོ་གཅིག་ཙམ་ཡང་བསྐྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་སོན་པའོ། །ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་ཞོག་ལ། ཤཱ་རིའི་བུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དང ། དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་དང ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་ཙམ་སྒོ་ང་ལས་སྐྱེས་པའམ། མངལ་ནས་སྐྱེས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་གྱི་སེམས་ཅན་དེ་དག་ཐམས་ཅད་ཡོངས་སུ་བརྟག་པ་བཟུང་སྟེ་ཉན་ཐོས་རྫུ་འཕྲུལ་ཆེན་པོ་འདི་ལྟ་སྟེ། དཔེར་ན། མཽ་དགལ་གྱི་བུ་ཆེན་པོ་ལྟ་བུར་གྱུར་ལ། ཤཱ་རིའི་བུ། དེ་ལྟ་བུའི་ཉ་
76a
༄#། །ཐོས་ཀྱི་ཚོགས་ཐམས་ཅད་ཀྱི་སྟོབས་དང ། མཐུ་དང ། དྲག་ཤུལ་ཐམས་ཅད་དང ། རྫུ་འཕྲུལ་དང ། ཆོ་འཕྲུལ་གྱི་སྟོབས་ཐམས་ཅད་བསྟན་ཀྱང་ཡུངས་འབྲུ་ཡང་གདེག་པར་མི་ནུས་ཏེ། ཐ་ན་སྐྲའི་རྩེ་མོའི་ཆ་ཙམ་ཡང་བསྐྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། དེ་ལྟར་རྫུ་འཕྲུལ་ཆེ། དེ་ལྟར་མཐུ་ཆེ། དེ་ལྟར་དབང་ཆེ་བར་གྲགས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། ཁྱོད་ཀྱིས་ནམ་འཇིག་པའི་བསྐལ་པའི་དུས་ཀྱི་ཚེར་གྱུར་པ་དེ་ན་ཀུན་ཏུ་འཇོམས་པ་ཞེས་བྱ་བའི་རླུང་ལྡང་སྟེ། རླུང་དེ་ལངས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རིའི་རྒྱལ་པོ་རི་རབ་དང ། ཁོར་ཡུག་གི་རི་དང ། ཁོར་ཡུག་གི་རི་ཆེན་པོ་དང ། གླིང་ཆེན་པོ་བཞི་དང ། གླིང་བརྒྱད་ཁྲི་དང ། རི་ཆེན་པོ་དང ། རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་སྲིད་དུ་མངོན་པར་འཕེན་ཅིང་རབ་ཏུ་འཐོར་བར་འགྱུར་བ་ཁྱོད་ཀྱིས་ཐོས་སམ། གསོལ་པ། བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཏེ་མངོན་སུམ་དུ་བཟུང་ངོ ། །བཀའ་སྩལ་པ། ཤཱ་རིའི་བུ། ནམ་འཇིག་པའི་རླུང་འབྱུང་བ་དེ་ན་ཀུན་ཏུ་
76b
འཇོམས་པ་ཆེན་པོ་ཞེས་བྱ་བའི་རླུང་ལྡང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རི་རབ་དང་བཅས། ཁོར་ཡུག་དང་བཅས། རི་དང་བཅས། རྒྱ་མཚོ་དང་བཅས་པ་དཔག་ཚད་བརྒྱར་མངོན་པར་འཕེན་ཞིང་རབ་ཏུ་འཐོར། དཔག་ཚད་ཉིས་བརྒྱ་དང ། དཔག་ཚད་སུམ་བརྒྱ་དང ། དཔག་ཚད་བཞི་བརྒྱ་དང ། དཔག་ཚད་ལྔ་བརྒྱ་དང ། དཔག་ཚད་སྟོང་དང ། དཔག་ཚད་ཉིས་སྟོང་དང ། སུམ་སྟོང་དང ། བཞི་སྟོང་དང ། ལྔ་སྟོང་དུ་མངོན་པར་འཕེན་ཞིང་རབ་ཏུ་འཐོར། དཔག་ཚད་བརྒྱ་ཕྲག་མང་པོ་དང ། དཔག་ཚད་སྟོང་ཕྲག་མང་པོ་དང ། དཔག་ཚད་བརྒྱ་སྟོང་ཕྲག་མང་པོར་མངོན་པར་འཕེན་ཞིང་རབ་ཏུ་འཐོར་ཏེ། དེ་དག་གི་རྡུལ་ཡང་མི་སྣང་ན། རི་དང་རྡོ་རྣམས་ལྟ་ཅི་སྨོས། འཐབ་བྲལ་གྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རྣམས་ཀྱང་དཀྲུགས། བཅོམ། རབ་ཏུ་གཏོར་ཏེ། དེ་དག་གི་རྡུལ་ཡང་མི་སྣང་ན། གཞལ་མེད་ཁང་རྣམས་ལྟ་ཅི་སྨོས། དགའ་ལྡན་པ་རྣམས་དང ། འཕྲུལ་དགའ་བ་རྣམས་དང ། གཞན་འཕྲུལ་དབང་བྱེད་ཀྱི་བདུད་ཀྱི་རིས་རྣམས་དང ། ཚངས་པ་རྣམས་དང ། འོད་གསལ་བ་རྣམས་དང ། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་བར་དུ་དེ་བཞིན་དུ་རྒྱས་པར་བྱའོ། །ཇི་ལྟར་འཐབ་བྲལ་གྱི་དཀྲུགས། བཅོམ། རབ་ཏུ་གཏོར་ཏེ། དཀྲུགས། བཅོམ། རབ་ཏུ་གཏོར་བ་དེ་དག་གི་རྡུལ་ཡང་མི་སྣང་ན། གཞལ་མེད་ཁང་དང་ར་བ་རྣམས་
77a
༄#། །ལྟ་ཅི་སྨོས། ཤཱ་རིའི་བུ། གལ་ཏེ་དེ་ལྟ་བུའི་རླུང་ལངས་ཀྱང་དེས་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་མཐའ་མའི་རྩེ་མོ་ཙམ་ཡང་གཡོས་པར་མི་ནུས་ན། ཆོས་གོས་སམ། ཆོས་གོས་ཀྱི་གྲཝ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་དང ། བསམ་གྱིས་མི་ཁྱབ་པའི་སྤྱོད་ལམ་དང ། བསམ་གྱིས་མི་ཁྱབ་པའི་ལམ་དང ། བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་དང་ལྡན་ནོ། །ཤཱ་རིའི་བུ། གལ་ཏེ་འདི་ལྟ་བུའི་རླུང་གི་དཀྱིལ་འཁོར་ཤར་ཕྱོགས་དང ། ལྷོ་དང ། ནུབ་དང ། བྱང་དང ། འོག་དང ། སྟེང་དང ། ཕྱོགས་མཚམས་དང ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་རླུང་མངོན་པར་ལྡང་ཡང ། ཤཱ་རིའི་བུ། འཇིག་རྟེན་གྱི་ཁམས་འཇིག་པར་བྱེད་པའི་རླུང་གི་དཀྱིལ་འཁོར་དེ་དེ་བཞིན་གཤེགས་པའི་སོར་མོའི་རྩེ་མོས་བཟློག་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང ། ཆོ་འཕྲུལ་གྱི་སྟོབས་བྲི་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་མངོན་པར་དད། ཡིད་ཆེས། རྟོག། སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང །
77b
རྨད་དུ་འདུ་ཤེས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཁམས་གསུམ་སེམས་ཅན་ཇི་སྙེད་པ། །གནས་བརྟན་མོ་དགལ་བུ་བཞིན་དུ། །རྫུ་འཕྲུལ་ཕ་རོལ་ཕྱིན་པ་ཡི། །ཉན་ཐོས་མཁས་པར་ཀུན་གྱུར་པས། །རྫུ་འཕྲུལ་ཐམས་ཅད་རབ་བསྟན་ཀྱང ། །དེ་བཞིན་གཤེགས་པས་ས་འདི་ལ། །ཡུངས་ཀར་གྱི་ནི་འབྲུ་བཞག་པ། །གཡོ་བར་བྱ་བར་མི་ནུས་སོ། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་ཁམས། །གངྒཱའི་ཀླུང་གི་བྱེ་མ་སྙེད། །རྣམ་འཐོར་རླུང་དང་ཀུན་འཇོམས་པ། །རླུང་རྣམས་ཕྱོགས་བཅུར་ལངས་པར་གྱུར། །དེ་ལྟ་བུ་ཡི་རླུང་ཆེན་དེས། །ཐམས་ཅད་གཟིགས་པའི་ཆོས་གོས་ཀྱི། །མཐའ་མ་སྐྲ་ཡི་རྩེ་ཙམ་ཡང ། །གཡོ་བར་བྱ་བར་མི་ནུས་སོ། །ཐུབ་པ་ཆེན་པོའི་སྤུ་གཅིག་གིས། །རླུང་དེ་རབ་ཏུ་ཟློག་པར་མཛད། །སངས་རྒྱས་རྫུ་འཕྲུལ་འདི་འདྲ་བ། །མཐའ་ཡས་པ་ནི་ནམ་མཁའ་བཞིན། །དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས་པ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །ཡང་ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བསམ་གྱིས་མི་ཁྱབ་པ་
78a
༄#། །ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་ཅེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་ནི། བཅུ་པོ་འདི་དག་སྟེ། སྟོབས་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང ། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་འདིར་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང ། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང ། མོས་པ་དུ་མ་དང་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང ། ཁམས་དུ་མ་དང་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང ། དབང་པོ་དང་བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་སྟོབས་དང ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང ། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་མཁྱེན་པའི་སྟོབས་དང ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་དང ། འཆི་འཕོ་བ་དང །
78b
སྐྱེ་བ་མངོན་དུ་བྱེད་པ་མཁྱེན་པའི་སྟོབས་དང ། ཟག་པ་ཟད་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་སོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་སྟེ། སྟོབས་དེ་དག་དང་ལྡན་པའི་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་ཡང་དག་པར་སེངྒེའི་སྒྲ་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་བ་ནས་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པས་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་གནས་ཀྱང་གནས་སུ། །གནས་མ་ཡིན་པ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལ་གནས་གང ། གནས་མ་ཡིན་པ་གང་ཞེ་ན། ཤཱ་རིའི་བུ། གང་ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང ། སྡུག་པ་དང ། དགའ་བ་དང ། ཡིད་དུ་འོང་བ་མངོན་པར་འགྲུབ་པ་དེ་ནི། གནས་མ་ཡིན་ཏེ། སྐབས་མེད་དོ། །གང་ལུས་ཀྱིས་ཉེས་པར་སྤྱད་པ་དང ། ངག་གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ་དང ། མི་སྡུག་པ་དང ། མི་དགའ་བ་དང ། ཡིད་དུ་མི་འོང་བ་མངོན་པར་འགྲུབ་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །གང་ལུས་ཀྱིས་ལེགས་པར་སྤྱད་པ་དང །
79a
༄#། །ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ་དང ། མི་སྡུག་པ་དང ། མི་དགའ་བ་དང ། ཡིད་དུ་མི་འོང་བ་མངོན་པར་འགྲུབ་པ་དེ་ནི། གནས་མ་ཡིན་ཏེ། སྐབས་མེད་དོ། །གང་ལུས་ཀྱིས་ལེགས་པར་སྤྱད་པ་དང ། ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང ། སྡུག་པ་དང ། དགའ་བ་དང ། ཡིད་དུ་འོང་བ་མངོན་པར་འགྲུབ་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། འདི་ནི། གནས་མ་ཡིན་ཞིང་སྐབས་མེད་དེ། གང་སེར་སྣས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དེ་ནི། གནས་མ་ཡིན་ནོ། །གང་སེར་སྣས་དབུལ་པོར་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། འདི་ནི། གནས་མ་ཡིན་ཞིང་སྐབས་མེད་དེ། གང་སྦྱིན་པས་དབུལ་པོར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་སྦྱིན་པས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། འདི་ནི། གནས་མ་ཡིན་ཞིང་སྐབས་མེད་དེ། གང་འཆལ་པའི་ཚུལ་ཁྲིམས་ཀྱིས་ལྷ་དང ། མིར་སྐྱེ་བ་རྙེད་པ་དེ་ནི། གནས་མ་ཡིན་ནོ། །གང་འཆལ་བའི་ཚུལ་ཁྲིམས་ཀྱིས་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་དེ་ནི། གནས་ཡིན་ཏེ། སྐབས་
79b
ཡོད་དོ། །ཤཱ་རིའི་བུ། འདི་ནི། གནས་མ་ཡིན་ཞིང་སྐབས་མེད་དེ། གང་ཚུལ་ཁྲིམས་ཀྱིས་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་དེ་ནི།་གནས་མ་ཡིན་ནོ། །གང་ཚུལ་ཁྲིམས་ཀྱིས་ལྷ་དང ། མིར་སྐྱེ་བ་ཐོབ་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་གནོད་སེམས་ཀྱིས་གཟུགས་མཛེས་པ་མངོན་པར་འགྲུབ་པ་དེ་ནི། གནས་མ་ཡིན་ནོ། །གང་གནོད་སེམས་ཀྱིས་གཟུགས་མི་སྡུག་པ་མངོན་པར་འགྲུབ་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་བཟོད་པས་གཟུགས་མི་སྡུག་པ་མངོན་པར་འགྲུབ་པ་དེ་ནི། གནས་མ་ཡིན་ནོ། །གང་བཟོད་པས་གཟུགས་མཛེས་པ་མངོན་པར་འགྲུབ་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་ལེ་ལོས་འཐོབ་པ་དང ། མངོན་པར་རྟོགས་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་ལེ་ལོས་འཐོབ་པ་དང ། མངོན་པར་རྟོགས་པར་མི་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་བརྩོན་འགྲུས་ཀྱིས་འཐོབ་པ་དང ། མངོན་པར་རྟོགས་པར་མི་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་སེམས་གཡེང་
80a
༄#། །བས་ངེས་པར་གྱུར་པ་ལ་འཇུག་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་སེམས་གཡེང་བས་ངེས་པར་གྱུར་པ་ལ་མི་འཇུག་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་སེམས་རྩེ་གཅིག་པ་ངེས་པར་གྱུར་པ་ལ་འཇུག་པར་མི་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་སེམས་རྩེ་གཅིག་པ་ངེས་པར་གྱུར་པ་ལ་འཇུག་པར་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་འཆལ་བའི་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམས་པ་དེ་ནི། གནས་མ་ཡིན་ནོ། །གང་འཆལ་བའི་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམས་པར་མི་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམས་པར་མི་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་འཇོམས་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་སྲོག་གཅོད་པའི་སྐྱེས་བུ་གང་ཟག་སྲོག་གཅོད་པའི་རྒྱུས་ཚེ་རིང་པོར་འགྱུར་
80b
པ་འདི་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། སྲོག་གཅོད་པའི་སྐྱེས་བུ་གང་ཟག་ཚེ་ཐུང་བར་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ཚེ་ཐུང་བར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། གང་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ཚེ་རིང་པོར་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཡང་ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་མ་བྱིན་པར་ལེན་པའི་སྐྱེས་བུ་གང་ཟག་ལོངས་སྤྱོད་ཆེན་པོ་རྙེད་པ་དེ་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། མ་བྱིན་པར་ལེན་པའི་སྐྱེས་བུ་གང་ཟག་དབུལ་པོར་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཡང་ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་དབུལ་པོར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང་ཟག་ལོངས་སྤྱོད་ཆེན་པོར་འགྱུར་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་འདོད་པ་ལ་ལོག་པར་གཡེམ་པའི་སྐྱེས་བུ་གང་ཟག་ཆུང་མ་འགྲན་ཟླ་མེད་པ་རྙེད་པ་དེ་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། གང་འདོད་པ་ལ་ལོག་པར་གཡེམ་པའི་སྐྱེས་བུ་གང་ཟག་ཆུང་མ་འགྲན་ཟླ་ཡོད་པ་
81a
༄#། །རྙེད་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ཆུང་མ་འགྲན་ཟླ་དང་བཅས་པ་རྙེད་པ་དེ་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག་ཆུང་མ་འགྲན་ཟླ་མེད་པ་རྙེད་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །གོང་མ་བཞིན་དུ་སྦྱར་ཏེ། དགེ་བ་དང ། མི་དགེ་བའི་ལས་ཀྱི་ལམ་གསུམ་པོ་དེ་དག་བསྟན་པ་དེ་བཞིན་དུ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་ལའང་བྱའོ། །གང་བརྫུན་དུ་སྨྲ་བ་དེས་སྐུར་བ་ཐོབ་པར་མི་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་ཐོབ་པར་འགྱུར་བ་དེ་ནི། གནས་སོ། །གང་བརྫུན་དུ་སྨྲ་བ་སྤངས་པས་སྐུར་བ་ཐོབ་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་ཐོབ་པར་མི་འགྱུར་བ་དེ་ནི། གནས་སོ། །གང་ཕྲ་མ་ཟེར་བས་མི་ཕྱེད་པའི་གཡོག་རྙེད་པ་དེ་ནི། གནས་མ་ཡིན་ནོ། །གང་རྙེད་པར་མི་འགྱུར་བ་དེ་ནི། གནས་སོ། །གང་ཕྲ་མ་སྤངས་པས་གཡོག་ཕྱེད་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་གཡོག་མི་ཕྱེད་པ་རྙེད་པ་དེ་ནི། གནས་སོ། །གང་ཚིག་རྩུབ་པོ་སྨྲ་བས་རྟག་པར་ཡིད་དུ་འོང་བ་ཐོས་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་ཡིད་དུ་མི་འོང་བ་ཐོས་པར་འགྱུར་བ་དེ་ནི། གནས་སོ། །གང་ཚིག་
81b
རྩུབ་པོ་སྤངས་པས་ཡིད་དུ་མི་འོང་བ་ཐོབ་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །གང་ཡིད་དུ་འོང་བ་ཐོབ་པར་འགྱུར་བ་དེ་ནི། གནས་སོ། །གང་ཚིག་ཀྱལ་བ་སྨྲ་བས་ཤིན་ཏུ་གདོན་མི་ཟ་བའི་སྤོབས་པར་འགྱུར་བ་ནི། གནས་མ་ཡིན་ནོ། །གང་མི་འགྱུར་བ་དེ་ནི། གནས་སོ། །གང་ཚིག་ཀྱལ་པ་སྨྲ་བ་སྤངས་པས་ཤིན་ཏུ་གདོན་མི་ཟ་བའི་སྤོབས་པར་མི་འགྱུར་བ་ནི། གནས་མ་ཡིན་ནོ། །གང་ཤིན་ཏུ་གདོན་མི་ཟ་བའི་སྤོབས་པར་འགྱུར་བ་ནི། གནས་སོ། །གང་བརྣབ་སེམས་ཅན་ལོངས་སྤྱོད་རབ་ཏུ་ཉམས་པར་མི་འགྱུར་བ་ནི། གནས་མ་ཡིན་ནོ། །གང་འགྱུར་བ་ནི། གནས་སོ། །གང་བརྣབ་སེམས་སྤངས་པ་ལོངས་སྤྱོད་རབ་ཏུ་ཉམས་པར་འགྱུར་བ་ནི། གནས་མ་ཡིན་ནོ། །གང་མི་འགྱུར་བ་ནི། གནས་སོ། །གང་གནོད་སེམས་ཅན་སེམས་ཅན་དམྱལ་བར་མི་འགྲོ་བ་ནི། གནས་མ་ཡིན་ནོ། །གང་འགྲོ་བ་ནི། གནས་སོ། །གང་གནོད་སེམས་སྤངས་པ་དེ་མཐོ་རིས་ཀྱི་འཇིག་རྟེན་དུ་མི་འགྲོ་བ་དེ་ནི། གནས་མ་ཡིན་ནོ། །གང་འགྲོ་བ་ནི། གནས་སོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་ལོག་པར་ལྟ་བའི་སྐྱེས་བུ་གང་ཟག་ལོག་པར་ལྟ་བ་བཟུང་བའི་རྒྱུས་ལམ་རྙེད་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། གང་ལོག་པར་ལྟ་བའི་སྐྱེས་བུ་གང་ཟག་ལོག་པར་ལྟ་བ་བཟུང་བའི་རྒྱུས་ལམ་མི་རྙེད་པ་ནི། གནས་ཡིན་
82a
༄#། །ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གང་ཡང་དག་པར་ལྟ་བའི་སྐྱེས་བུ་གང་ཟག་ཡང་དག་པར་ལྟ་བ་བཟུང་བའི་རྒྱུས་འཕགས་པའི་ལམ་མི་རྙེད་པ་དེ་ནི། གནས་མ་ཡིན་ཏེ། སྐབས་མེད་དོ། །ཡང་ཤཱ་རིའི་བུ། ཡང་དག་པར་ལྟ་བའི་སྐྱེས་བུ་གང་ཟག་ཡང་དག་པར་ལྟ་བ་བཟུང་བའི་རྒྱུས་འཕགས་པའི་ལམ་རྙེད་པ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །གང་མཚམས་མེད་པ་བྱེད་པའི་སེམས་གནས་པར་འགྱུར་བ་ནི། གནས་མ་ཡིན་ནོ། །གང་མི་འགྱུར་བ་ནི། གནས་སོ། །གང་ཚུལ་ཁྲིམས་ཡོངས་སུ་དག་པའི་སེམས་གནས་པར་མི་འགྱུར་བ་ནི། གནས་མ་ཡིན་ནོ། །གང་འགྱུར་བ་ནི། གནས་སོ། །གང་དམིགས་པར་ལྟ་བས་རྗེས་སུ་མཐུན་པའི་བཟོད་པ་འཐོབ་པ་དེ་ནི། གནས་མ་ཡིན་ནོ། །གང་འཐོབ་པར་མི་འགྱུར་བ་ནི། གནས་སོ། །གང་སྟོང་པ་ཉིད་ལ་མོས་པས་རྗེས་སུ་མཐུན་པའི་བཟོད་པ་མི་འཐོབ་པ་ནི། གནས་མ་ཡིན་ནོ། །གང་འཐོབ་པར་འགྱུར་བ་ནི། གནས་སོ། །གང་འགྱོད་པ་ལ་གནས་པའི་སེམས་ཤིན་ཏུ་བྱང་བ་རྗེས་སུ་ཐོབ་པར་འགྱུར་བ་ནི། གནས་མ་ཡིན་ནོ། །གང་མི་འཐོབ་པ་ནི། གནས་སོ། །གང་ཀུན་ཏུ་དཀྲིས་ཏེ་འདུག་པའི་སེམས་ལས་སེམས་ཤིན་ཏུ་བྱང་བར་འགྱུར་བ་ནི། གནས་མ་ཡིན་ནོ། །གང་འགྱུར་བ་ནི། གནས་སོ། །
82b
གང་བུད་མེད་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ་ནི། གནས་མ་ཡིན་ནོ། །གང་སྐྱེས་བུ་འགྱུར་བ་ནི། གནས་སོ། །གང་བུད་མེད་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་བ་ནི། གནས་མ་ཡིན་ནོ། །གང་སྐྱེས་བུ་འགྱུར་བ་ནི། གནས་སོ། །གང་བུད་མེད་ཚངས་པ་དབང་བྱེད་དུ་འགྱུར་བ་ནི། གནས་མ་ཡིན་ནོ། །གང་སྐྱེས་བུ་འགྱུར་བ་ནི། གནས་སོ། །གང་བུད་མེད་སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་ནི། གནས་མ་ཡིན་ནོ། །གང་བུད་མེད་ཀྱི་ལུས་བསྒྱུར་ནས་སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་ནི། གནས་སོ། །གང་སྐྱེས་བུ་གང་ཟག་བརྒྱད་པ་འབྲས་བུ་མ་ཐོབ་པར་ལྡང་བ་ནི། གནས་མ་ཡིན་ནོ། །གང་འབྲས་བུ་ཐོབ་ནས་ལྡང་བ་ནི། གནས་སོ། །གང་རྒྱུན་དུ་ཞུགས་པ་སྲིད་པ་བརྒྱད་པ་མངོན་པར་སྒྲུབ་པ་ནི། གནས་མ་ཡིན་ནོ། །གང་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ནི། གནས་སོ། །གང་ལན་གཅིག་ཕྱིར་འོང་བ་སྲིད་པ་གསུམ་པ་མངོན་པར་སྒྲུབ་པ་ནི། གནས་མ་ཡིན་ནོ། །གང་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བ་ནི། གནས་སོ། །གང་ཕྱིར་མི་འོང་བ་འཇིག་རྟེན་འདིར་འོང་བ་ནི་གནས་མ་ཡིན་ནོ། །གང་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ནི། གནས་སོ། །གང་དགྲ་བཅོམ་པ་མཚམས་སྦྱོར་བའི་གནས་སུ་འགྱུར་བ་ནི། གནས་མ་ཡིན་ནོ། །གང་མི་འགྱུར་བ་ནི། གནས་སོ། །གང་
83a
༄#། །འཕགས་པའི་གང་ཟག་སྟོན་པ་གཞན་ཚོལ་བའམ། རྒྱལ་མཚན་གཞན་བཟུང་ནས་སྤྱོད་པ་ནི། གནས་མ་ཡིན་ནོ། །ལྷ་གཞན་མེད་པར་འགྱུར་བ་ནི། གནས་སོ། །གང་མི་སྐྱེ་བ་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་ནི། གནས་མ་ཡིན་ནོ། །གང་བྱང་ཆུབ་རྗེས་སུ་འཐོབ་པར་འགྱུར་བ་ནི། གནས་སོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུ་གནས་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པའི་བར་ལྡང་བ་དེ་ནི། གནས་མ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྡང་བ་དེ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་སྣང་བ་དེ་ནི། གནས་མ་ཡིན་ནོ། །གང་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གང་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པར་འགྱུར་བ་དེ་ནི། གནས་མ་ཡིན་ཏེ། སྐབས་མེད་དོ། །གང་སངས་རྒྱས་བཅོམ་
83b
ལྡན་འདས་རྣམས་ཀྱི་ཡེ་ཤེས་ཐོགས་པ་མེད་པ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པའི་གཙུག་ཏོར་ལ་ལས་བལྟར་མཐོང་བ་དེ་ནི། གནས་མ་ཡིན་ནོ། །གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཙུག་ཏོར་བལྟར་མི་མཐོང་བ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། ། ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། དེ་བཞིན་གཤེགས་པའི་སེམས་དང་སྤྱོད་པ་སྣང་བ་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་དང་སྤྱོད་པ་མི་སྣང་བ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་མཉམ་པར་མ་གཞག་པའི་སེམས་དམིགས་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །ཡང་ཤཱ་རིའི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉམ་པར་གཞག་པ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ལ་མི་བདེན་པའི་ཚིག་འབྱུང་བ་དེ་ནི། གནས་མ་ཡིན་ནོ། །གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལོག་པར་མི་གསུང་ཞིང་གཞན་མ་ཡིན་པར་གསུང་བ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་
84a
༄#། །དེ།་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འཁྲུལ་བ་དམིགས་པར་འགྱུར་བ་དེ་ནི། གནས་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འཁྲུལ་པ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚིག་མི་འཁྲུལ་བ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །དེ་བཞིན་དུ་མི་འཇིགས་པ་བཞི་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་རྒྱས་པར་བྱ་སྟེ། ཤཱ་རིའི་བུ། གནས་མ་ཡིན་ཞིང་སྐབས་མེད་དེ། གང་དེ་བཞིན་གཤེགས་པ་ད་ལྟར་བྱུང་བའི་དུས་ལ་ཆགས་པ་དང་སྒྲིབ་པར་བཅས་པའི་ཡེ་ཤེས་གཟིགས་པ་འཇུག་པའི་བར་དུ་དེ་ནི། གནས་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་གྱི་དུས་ལ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་པ་ནི། གནས་ཡིན་ཏེ། སྐབས་ཡོད་དོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་མཐའ་ཡས་མུ་མེད་དོ། །འདི་ལྟར་ཤཱ་རིའི་བུ། དེ་བས་ན། དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་མཐའ་ཡས་མུ་མེད་དེ། ཤཱ་རིའི་བུ། གང་ནམ་མཁའི་མཐའ་འདོད་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
84b
ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་ཡང་འདི་སྐད་གསུངས་སོ། །ཇི་ལྟར་ཕྱོགས་བཅུའི་ནམ་མཁའ་ཚད་མེད་མཐའ་ཡས་པ། །དེ་བཞིན་རྒྱལ་བའི་གནས་དང་གནས་མིན་མཁྱེན་མཐའ་ཡས། །འགྲོ་བའི་གནས་དང་གནས་མིན་དེ་བཞིན་རབ་མཁྱེན་ནས། །སྟོན་པ་ཆོས་མཆོག་རྒྱ་ཆེན་ཡང་དག་རབ་ཏུ་འཆད། །མི་གང་ཐར་པ་དག་གི་ལམ་གྱི་སྣོད་གྱུར་པ། །སྟོན་པས་དེ་དག་སྤྱོད་པ་མཁྱེན་ནས་ཆོས་ཀྱང་འཆད། །སེམས་ཅན་གང་དག་སྣོད་དུ་གྱུར་པ་མ་ཡིན་པ། །གནས་དང་གནས་མིན་རིག་ནས་དེ་དག་བཏང་སྙོམས་འཇོག་།ནམ་མཁའི་འདི་གཡོས་ས་ལ་འབྲས་བུ་འབྱུང་ཡང་ནི། །བདེ་བར་གཤེགས་པའི་གནས་དང་གནས་མིན་གཞན་མི་འགྱུར། །འཇིག་རྟེན་པ་ལས་འཇིག་རྟེན་འདས་པ་སྟོབས་བཅུ་ལྡན། །ཡོན་ཏན་མཆོག་འཆང་རྣམས་ཀྱི་ཡེ་ཤེས་བསམ་མི་
85a
༄#། །ཁྱབ། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དང་པོ་སྟེ། སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་སྟེ་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་ཞིང་ཚངས་པའམ། བརྒྱ་བྱིན་ནམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་ལས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ལས་ལེན་པ་རྣམས་ཀྱི་རྣམ་པར་སྨིན་པ་གནས་དང་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན།་འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་འདས་པའི་ལས་ལེན་པ་དགེ་བའི་རྒྱུ་ལས་བྱུང་བ། མི་དགེ། བ་དང་བྲལ་བ་གང་མ་འོངས་པའི་དུས་ན་དགེ་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་མི་དགེ་བའི་རྒྱུ་ལས་བྱུང་བ། དགེ་
85b
བ་དང་བྲལ་བ་གང་མ་འོངས་པའི་དུས་ན་མི་དགེ་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་མ་འོངས་པའི་དུས་ན་དམན་པ་ལ་བརྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཁྱད་པར་ལ་བརྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཁྱད་པར་དུ་བརྟེན་ལ་མ་འོངས་པའི་དུས་ན་དམན་པ་ལ་བརྟེན་པར་འགྱུར་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་དམན་པ་ལ་བརྟེན་ལ་མ་འོངས་པའི་དུས་ན་ཁྱད་པར་དུ་བརྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཡང་དམན་པ་ལ་བརྟེན་ལ་མ་འོངས་པའི་དུས་ན་ཡང་དམན་པ་ལ་བརྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་གྱི་དུས་ན་ཡང་ཁྱད་པར་དུ་བརྟེན་ལ་མ་འོངས་པའི་དུས་ན་ཡང་ཁྱད་པར་དུ་བརྟེན་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་འདས་པའི་དུས་ན་སྦྱོར་བ་དམན་ལ་མ་འོངས་པའི་དུས་ན་སྦྱོར་བ་རྒྱ་ཆེན་པོར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་
86a
༄#། །པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་རྩོམ་པ་ཆུང་ལ་ཁྱད་པར་ཆེན་པོར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། ། ལས་ལེན་པ་གང་རྩོམ་པ་ཆེ་ལ་ཁྱད་པར་ཆུང་ངུར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ཉན་ཐོས་སུ་འགྱུར་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་རང་སངས་རྒྱས་ཀྱི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་སངས་རྒྱས་སུ་འགྱུར་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་སྡུག་བསྔལ་ལ་མ་འོངས་པའི་དུས་ན་རྣམ་པར་སྨིན་པ་བདེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་བདེ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་སྡུག་བསྔལ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་ཡང་སྡུག་བསྔལ་ལ་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ལས་ལེན་པ་གང་ད་ལྟར་ཡང་བདེ་ལ་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་བདེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །འདི་ལྟར་
86b
ཤཱ་རིའི་བུ། འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་ན་སེམས་ཅན་ཐམས་ཅད་ཀྱི་ལས་གང་དང ། རྒྱུ་གང་དང ། རྣམ་པར་སྨིན་པ་གང་དེ་བཞིན་དང ། དེ་བཞིན་ཉིད་དང ། གཞན་མ་ཡིན་པ་དང ། གཞན་མ་ཡིན་པར་བསྟེན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་སྟོན་ཏོ། །དེ་ལྟར་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་ལས་ལེན་པའི་རྒྱུ་གང་ཡིན་པ་དང ། གནས་གང་ཡིན་པ་དང ། རྣམ་པར་སྨིན་པ་མཁྱེན་པ་གང་ཡིན་པ་དེ་ནི། མཐའ་ཡས་མུ་མེད་དོ། །འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དེ་ཡང་མཐའ་ཡས་མུ་མེད་དོ། །ཤཱ་རིའི་བུ། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཀྱི་མཐའ་འདོད་པ་དེ་ནི། ནམ་མཁའི་མཐའ་འདོད་དོ། ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་
87a
༄#། །ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ན་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །འདི་ལ་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་རྒྱུ་དང་སྨིན་ལ་མཁས། །སྤྱན་ལྡན་ལས་རྣམས་ཀུན་གྱི་སྒྲུབ་པ་མཁྱེན། །དུས་གསུམ་ལ་ནི་རྒྱལ་བ་ཆགས་པ་མེད། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། །འགྲོ་བ་ལྔ་ཡི་སེམས་ཅན་ཐམས་ཅད་ཀྱི། །བདེ་དང་སྡུག་བསྔལ་རྒྱུ་ནི་གང་འགྱུར་དང ། །འཇུག་པ་གང་དག་སྡུག་བསྔལ་རྒྱུར་འགྱུར་བ། །དེ་དག་དེ་བཞིན་བདེ་གཤེགས་རབ་ཏུ་མཁྱེན། །དཀར་ནག་ལས་རྣམས་ཀྱི་ནི་རྣམ་སྨིན་དང ། །རྒྱུ་དང་རྣམ་སྨིན་ཇི་ལྟར་འགྱུར་བ་ཡང ། །དེ་དག་དེ་བཞིན་བདེ་གཤེགས་རབ་མཁྱེན་ཏེ། །ཕྱག་གི་མཐིལ་ན་ཡིད་བཞིན་ནོར་བུ་བཞིན། །ལས་གང་རྣམ་སྨིན་ཆུང་ངུའི་རྒྱུ་དག་ལས། །འབྲས་བུ་དག་ནི་ཚད་མེད་འབྱིན་པ་དང ། །ཚད་མེད་གང་དག་ཆུང་ངུའི་རྒྱུར་འགྱུར་བ། །དེ་དག་དེ་བཞིན་བདེ་གཤེགས་རབ་ཏུ་མཁྱེན། ། ཉན་ཐོས་ཉིད་དུ་འབྲས་བུ་སྨིན་འགྱུར་དང ། །རང་རྒྱལ་བྱང་ཆུབ་རྒྱུར་ནི་གང་འགྱུར་དང ། །བླ་མེད་ཡེ་ཤེས་སྟོབས་ནི་སྦྱིན་འགྱུར་བ། །དེ་དག་མ་ལུས་བདེ་གཤེགས་
87b
རབ་ཏུ་མཁྱེན། །ལས་ཀྱི་རྒྱུ་གང་སྡུག་བསྔལ་སྨིན་བྱེད་པ། །དེ་ཡང་བདེ་བའི་འབྲས་བུ་སྨིན་བྱེད་དང ། །ལས་ཀྱི་རྒྱུ་གང་བདེ་བ་སྦྱིན་བྱེད་པ། །སྡུག་བསྔལ་འབྲས་བུ་བྱ་བ་ཐམས་ཅད་མཁྱེན། །སྡུག་བསྔལ་རྒྱུས་ནི་སྡུག་བསྔལ་ཉིད་གནས་དང ། །བདེ་བའི་རྒྱུས་ཀྱང་བདེ་བ་ཉིད་གནས་དང ། །ལས་ཀྱི་རང་བཞིན་རང་བཞིན་མ་ཡིན་པ། །རྒྱུ་ལྡན་བདེ་བར་གཤེགས་པས་རབ་ཏུ་མཁྱེན། །འགྲོ་བ་ལྔ་ཡི་སེམས་ཅན་ཐམས་ཅད་ཀྱི། །དུས་གསུམ་སྡུག་བསྔལ་བགྲོད་པ་གང་འཇུག་པ། །ཉམས་མེད་དེ་ཉིད་དེ་བཞིན་གཞན་མིན་པར། །སངས་རྒྱས་མཁྱེན་པས་རྒྱལ་བ་རབ་ཏུ་མཁྱེན། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་གཉིས་པ་སྟེ། སྟོབས་དེ་དང་ལྡན་པས། དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང ། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ།་ཚངས་པ་གང་གིས་ཀྱང་འཇིག་རྟེན་འདིར་ཆོས་དང་མཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་རོ།། །།བམ་པོ་ལྔ་པ། གཞན་ཡང་ཤཱ་རིའི་བུ།་དེ་བཞིན་གཤེགས་པས་མོས་པ་དུ་མ་དང ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་གི་མོས་པ་དུ་
88a
༄#། །མ་དང ། མོས་པ་སྣ་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སྐྱེས་བུ་གང་ཟག་གང་འདོད་ཆགས་ལ་གནས་ཤིང་ཞེ་སྡང་ལ་མོས་པའང་རྒྱས་པར་བྱ་སྟེ། གཏི་མུག་ལ་གནས་ཤིང་ཞེ་སྡང་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཟག་གང་མི་དགེ་བ་ལ་གནས་ཤིང་མི་དགེ་བ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཟག་གང་དགེ་བ་ལ་གནས་ཤིང་དགེ་བ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གང་ཟག་གང་སྦྱོར་བ་དམན་ཞིང་རྒྱ་ཆེན་པོ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གང་ཟག་གང་སྦྱོར་བ་རྒྱ་ཆེ་ཞིང་དམན་པ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གང་ཟག་གང་སྦྱོར་བ་དམན་ཞིང་ཁྱད་པར་ལ་གནས་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཁྱད་པར་ལ་སྦྱོར་བ་དམན་པ་ལ་གནས་པར་འགྱུར་བ་དེ་དག་ཀྱང་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ལོག་པ་ཉིད་དུ་
88b
ངེས་པའི་ཁམས་ཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཡང་དག་པ་ཉིད་དུ་ངེས་པའི་ཁམས་ཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཡང་དག་པ་ཉིད་དུ་ངེས་པའི་རྣམ་པར་གྲོལ་བ་འཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་འདོད་པའི་ཁམས་སུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་གཟུགས་ཀྱི་ཁམས་སུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་གཟུགས་མེད་པའི་ཁམས་སུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཁམས་གསུམ་དུ་འགྲོ་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་དམན་པ་ལ་བརྟེན་ཅིང་དམན་པ་ཉིད་གནོན་པ་དང ། ཁྱད་པར་ལ་བརྟེན་ཅིང་ཁྱད་པར་ལ་གནོན་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་ཁྱད་པར་
89a
༄#། །དུ་སོང་ནས་དམན་པ་ལ་གནས་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་སྐྱེ་བ་ཐ་དད་པ་དང ། ཁ་དོག་ཐ་དད་པ་དང ། ཡོངས་སུ་ལོངས་སྤྱོད་ཐ་དད་པ་རབ་ཏུ་འཛིན་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་རྩེ་མོ་ལས་ཉམས་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མོས་པ་གང་གིས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་ལྟར་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་གང་ཡིན་པ་དེ་ནི། མཐའ་ཡས་མུ་མེད་དེ། ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་
89b
བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་འདི་མོས་སྣ་ཚོགས་དང ། །དེ་བཞིན་བློ་གྲོས་ཚད་མེད་པ། །དེ་དག་གི་ནི་མོས་པའི་སེམས། །ཐམས་ཅད་འདྲེན་པས་རབ་ཏུ་མཁྱེན། །གང་དག་འདོད་ཆགས་མོས་པ་ལ། །ཞེ་སྡང་ལ་ནི་གནས་འགྱུར་དང ། །ཞེ་སྡང་གནས་ཤིང་གཏི་མུག་ལ། །གང་དག་མོས་པ་རབ་ཏུ་མཁྱེན། །གཏི་མུག་གནས་ཤིང་འདོད་ཆགས་ཀྱི། །སེམས་རྒྱུད་བསམ་གྱིས་མི་ཁྱབ་པ། །བར་བར་དུ་ནི་འཇུག་པ་དག་།དེ་དག་འདྲེན་པས་རབ་ཏུ་མཁྱེན། །གང་དག་སྦྱོར་བ་དམན་གྱུར་ལ། །རྒྱ་ཆེན་ལ་ནི་མོས་པ་དང ། །སྦྱོར་བ་དམ་པ་དེ་དག་གི་།དམན་པར་འགྱུར་བ་འདྲེན་པས་མཁྱེན། །ལོག་པའི་རྗེས་སུ་སོང་བ་དང ། །འགྲོ་བ་མེད་པར་འབྱུང་བ་དང ། །ཁམས་གསུམ་ལས་ནི་རྣམ་གྲོལ་བའི། །མོས་པ་དག་ཀྱང་རབ་ཏུ་མཁྱེན། །སྐྱེ་དང་ཁ་དོག་ཐ་དད་དང ། །ཉེ་བར་སྤྱོད་པའི་ཁྱད་པར་དང ། །གང་དག་སྤྱི་བོ་ལས་ཉམས་པ། །རྐང་གཉིས་གཙོ་བོས་རབ་ཏུ་མཁྱེན། །མོས་པ་སྣ་ཚོགས་རབ་མཁྱེན་ནས། །འདྲེན་པ་ཆོས་རྣམས་སྟོན་པ་མཛད། །སངས་རྒྱས་ཀྱི་ནི་སྟོབས་གསུམ་ལ། །རྒྱལ་བའི་ཐུགས་སྲས་རབ་ཏུ་མོས། །ཤཱ་རིའི་བུ། །འདི་ནི། །དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་གསུམ་པ་སྟེ། དེ་བཞིན་གཤེགས་པ་སྟོབས་དེ་དག་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་གི་
90a
༄#། །གནས་སུ་ཞལ་གྱིས་འཆེ་ཞིང་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་སྟེ། དགེ་སྦྱོང་ངམ། །བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཁམས་དུ་མ་དང ། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་འཇིག་རྟེན་བསོད་ནམས་ཀྱི་འདུ་བྱེད་གསོག་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་བསོད་ནམས་མ་ཡིན་པའི་འདུ་བྱེད་གསོག་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། ཁམས་གང་གིས་མི་གཡོ་བའི་འདུ་བྱེད་གསོག་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཁམས་གང་གིས་འབྱུང་བའི་ཁམས་སུ་འཇོག་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པས་མིག་གི་ཁམས་དང ། གཟུགས་ཀྱི་ཁམས་དང ། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང ། ཕྱི་སྟོང་པ་ཉིད་དང ། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །ཡིད་ཀྱི་ཁམས་དང ། ཆོས་ཀྱི་ཁམས་དང །
90b
ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནང་སྟོང་པ་ཉིད་དང ། ཕྱི་སྟོང་པ་ཉིད་དང ། ཕྱི་ནང་སྟོང་པ་ཉིད་དུ་རབ་ཏུ་མཁྱེན་ཏོ། །སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ནམ་མཁའི་ཁམས་ཇི་ལྟ་བ་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདོད་པའི་ཁམས་དང ། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཀུན་ཏུ་རྟོག་པ་ལས་མྱུང་\་ཎYཱུཎG?\་བར་རབ་ཏུ་མཁྱེན་ཏོ། །འདུས་བྱས་ཀྱི་ཁམས་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འདུས་མ་བྱས་ཀྱི་ཁམས་ནི། མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །ཀུན་ནས་ཉོན་མོངས་པའི་ཁམས་ནི། ཕྱིས་འབྱུང་བའི་ཉོན་མོངས་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །རྣམ་པར་བྱང་བའི་ཁམས་ནི། རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འདུ་བྱེད་ཀྱི་ཁམས་ནི། ཚུལ་བཞིན་མ་ཡིན་པ་མ་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །མྱ་ངན་ལས་འདས་པའི་དབྱིངས་ནི། ཚུལ་བཞིན་རིག་པའི་མཚན་ཉིད་དུ་རབ་ཏུ་མཁྱེན་ཏོ། །འདི་ལྟར་འཇིག་རྟེན་གནས་པའི་ཁམས་གང་ཡིན་པ་དང ། འཇིག་རྟེན་གནས་པ་ཁམས་གང་ལ་གནས་པ་དང ། ཁམས་གང་ལ་རྗེས་སུ་ཆགས་པ་དང ། ཁམས་གང་ལ་གནས་པ་དང ། ཁམས་གང་ལ་སྦྱོར་བ་དང ། ཁམས་
91a
༄#། །གང་གིས་བསམ་པ་དང ། ཁམས་གང་ལ་ངེས་པར་སེམས་པ་དང ། ཁམས་གང་ལ་བརྟེན་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་ཆོས་སྟོན་ཏོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཁམས་དུ་མ་དང ། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་མཐའ་ཡས་མུ་མེད་དེ། ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཁམས་དུ་མ་དང ། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ།་རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །འདི་ལ་ཆོས་ཉིད་ནི། འདི་ཡིན་ཏེ། འདི་ལ་འདི་སྐད་ཅེས་བྱའོ། །འཇིག་རྟེན་ཀུན་ན་སེམས་ཅན་གང ། །སྣ་ཚོགས་ཁམས་ལ་གནས་པ་དག་།ཁམས་གང་འཇུག་པ་ཅི་འདྲ་བ། །སངས་རྒྱས་ཀྱིས་ནི་རབ་ཏུ་མཁྱེན། །བསོད་ནམས་བསོད་ནམས་མིན་མི་གཡོ། །འབྱུང་བར་འགྱུར་བའང་དེ་བཞིན་ཏེ། །ཁམས་རྣམས་གང་ལ་གནས་ནས་སུ། །མྱ་ངན་འདས་པ་ཞི་ལ་རེག་།མིག་གི་ཁམས་དང་གཟུགས་ཀྱི་ཁམས། །མིག་གི་རྣམ་པར་ཤེས་ཉིད་དང ། །རྣ་བ་སྣ་དང་ལྕེ་དང་ལུས། །ཡིད་ཀྱི་ཁམས་ཀྱང་རབ་ཏུ་མཁྱེན། །ཆོས་ཀྱི་ཁམས་དང་ཡིད་ཀྱི་ནི། །རྣམ་པར་ཤེས་པ་ཉིད་ཀྱང་མཁྱེན། །ནང་གི་ཁམས་ནི་སྟོང་
91b
པ་དང། །ཕྱི་རོལ་དག་ཀྱང་སྟོང་པར་མཁྱེན། །ས་དང་ཆུ་དང་མེ་དག་དང ། །རླུང་གི་ཁམས་ཀྱང་དེ་བཞིན་ཏེ། །ཁམས་རྣམས་བཞི་པོ་དེ་དག་ནི། །ནམ་མཁའ་མཚུངས་པར་རབ་ཏུ་མཁྱེན། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས། །གཟུགས་མེད་པ་ཡི་ཁམས་ཉིད་ཀྱང ། །ཀུན་ཏུ་རྟོག་ལས་བྱུང་བར་ནི། །དེ་ལྟར་སངས་རྒྱས་རབ་ཏུ་མཁྱེན། །ཇི་ལྟར་ནམ་མཁའ་མཐའ་ཡས་པ། དེ་བཞིན་ཁམས་རྣམས་མུ་མེད་དེ། །ཐམས་ཅད་སངས་རྒྱས་རབ་མཁྱེན་ཀྱང ། །མཁྱེན་ཏོ་སྙམ་དུ་རློམ་སེམས་མེད། །ཁམས་ནི་སྐྱེ་བ་མ་ཡིན་ཞིང ། །རྣམ་པ་ཀུན་ཏུ་འགག་མེད་དེ། །ཁམས་འདི་མྱ་ངན་འདས་པར་ནི། ། སྐྱེས་བུ་དམ་པས་རབ་ཏུ་མཁྱེན། །ཇི་ལྟར་ནམ་མཁའ་མཐའ་ཡས་པ། །སངས་རྒྱས་ཡེ་ཤེས་དེ་འདྲ་སྟེ། །མོས་པ་སྣ་ཚོགས་རབ་སྤྲུལ་པ། །ཡེ་ཤེས་ངེས་ནི་རབ་ཏུ་མཁྱེན། །མོས་པ་སྣ་ཚོགས་མཁྱེན་ནས་སུ། །སེམས་ཅན་བྱེ་བ་རྣམ་པར་འདུལ། །སངས་རྒྱས་སྟོབས་ནི་བཞི་པ་ལ། །རྒྱལ་པའི་ཐུགས་སྲས་དད་པར་བྱེད། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཞི་པ་སྟེ། སུས་ཀྱང་འཇིག་རྟེན་འདིར་ཆོས་དང་མཐུན་པ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་རིམ་པ་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་གཞན་དང ། གང་ཟག་གཞན་རྣམས་ཀྱི་དབང་པོ་དང ། བརྩོན་འགྲུས་ཀྱི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། དབང་པོ་
92a
༄#། །རྟུལ་བའང་རབ་ཏུ་མཁྱེན་ཏོ། །དབང་པོ་བར་མ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྣོ་བ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་ཁྱད་པར་དུ་འཕགས་པ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་དམན་པ་ཡང་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོགས་པའི་དབང་པོ་ཇི་ལྟ་བུས་མཐར་ཕྱིན་པའི་འདོད་ཆགས་སྐྱེ་བ་དང ། མཐར་ཕྱིན་པའི་ཞེ་སྡང་སྐྱེ་བ་དང ། མཐར་ཕྱིན་པའི་གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་བརྟན་པ་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཡང་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་སྣརེལ་ཞིའི་འདོང་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་རྟོག་པའི་དབང་པོ་ཇི་ལྟ་བུས་ཚར་བཅད་ཅིང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དབང་པོ་གང་དག་མི་དགེ་བའི་རྒྱུ་ལས་བྱུང་བ་དང ། དབང་པོ་གང་དག་དགེ་བའི་རྒྱུ་ལས་བྱུང་བ་དང ། དབང་པོ་གང་དག་མི་གཡོ་བའི་རྒྱུ་ལས་བྱུང་བ་དང ། དབང་པོ་
92b
གང་དག་འབྱུང་བའི་རྒྱུ་ལས་བྱུང་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པས་མིག་གི་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་ནས་གོང་མ་བཞིན་རབ་ཏུ་མཁྱེན་པ་ནས་གོང་མ་བཞིན་དུ་སྦྱར་ཏེ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་དབང་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཕོའི་དབང་པོ་དང ། མོའི་དབང་པོ་དང ། སྲོག་གི་དབང་པོ་དང ། བདེ་བའི་དབང་པོ་དང ། སྡུག་བསྔལ་གྱི་དབང་པོ་དང ། ཡིད་མི་བདེ་བའི་དབང་པོ་དང ། ཡིད་བདེ་བའི་དབང་པོ་དང ། བཏང་སྙོམས་ཀྱི་དབང་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དད་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་དབང་པོ་དང ། དྲན་པའི་དབང་པོ་དང ། ཏིང་ངེ་འཛིན་གྱི་དབང་པོ་དང ། ཤེས་རབ་ཀྱི་དབང་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང ། ཀུན་ཤེས་པའི་དབང་པོ་དང ། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དབང་པོ་གང་མིག་གི་དབང་པོའི་རྒྱུ་ལས་བྱུང་ལ། རྣ་བའི་དབང་པོ་ལ་གནས་པར་འགྱུར་ཏེ། སྣ་ལ་མ་ཡིན། ལྕེ་ལ་མ་ཡིན། ལུས་ཀྱི་དབང་པོ་ལ་མ་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གང་རྣ་བའི་དབང་པོའི་རྒྱུ་ལས་བྱུང་ལ། །སྣའི་དབང་པོ་ལ་གནས་པར་འགྱུར་བ་དང ། གང་སྣའི་དབང་པོའི་རྒྱུ་ལས་བྱུང་ལ། ལྕེའི་དབང་པོ་
93a
༄#། །ལ་གནས་པར་འགྱུར་བ་དང ། གང་ལྕེའི་དབང་པོའི་རྒྱུ་ལས་བྱུང་ལ། ལུས་ཀྱི་དབང་པོ་ལ་གནས་པར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རང་ཏུ་མཁྱེན་ཏོ། །སེམས་ཅན་གང་སྦྱིན་པའི་དབང་པོ་ཅན་ཡིན་ལ། དེ་ཡང་ཚུལ་ཁྲིམས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་དེ་ལ་སྦྱིན་པའི་གཏམ་སྟོན་ཏོ། །གང་ཟག་ཚུལ་ཁྲིམས་ཀྱི་དབང་པོ་ཅན་ཡིན་ལ། དེ་ཡང་སྦྱིན་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཚུལ་ཁྲིམས་ཀྱི་གཏམ་སྟོན་ཏོ། །སེམས་ཅན་གང་བཟོད་པའི་དབང་པོ་ཅན་ཡིན་ལ། དེ་ཡང་བརྩོན་འགྲུས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བཟོད་པའི་གཏམ་སྟོན་ཏོ། །སེམས་ཅན་གང་བརྩོན་འགྲུས་ཀྱི་དབང་པོ་ཅན་ཡིན་ལ། དེ་ཡང་བཟོད་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བརྩོན་འགྲུས་ཀྱི་གཏམ་སྟོན་ཏོ། །སེམས་ཅན་གང་བསམ་གཏན་གྱི་དབང་པོ་ཅན་ཡིན་ལ། དེ་ཡང་ཤེས་རབ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་བསམ་གཏན་གྱི་གཏམ་སྟོན་ཏོ། །སེམས་ཅན་གང་ཤེས་རབ་ཀྱི་དབང་པོ་ཅན་ཡིན་ལ། དེ་ཡང་ཤེས་རབ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་
93b
མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཤེས་རབ་ཀྱི་གཏམ་སྟོན་ཏོ། །གོང་མ་བཞིན་དུ་སྦྱར་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཡང་བྱའོ། །སེམས་ཅན་གང་ཉན་ཐོས་ཀྱི་ཐེག་པའི་དབང་པོ་ཅན་ཡིན་ལ། །དེ་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཉན་ཐོས་ཀྱི་ཐེག་པའི་གཏམ་སྟོན་ཏོ། །སེམས་ཅན་གང་རང་སངས་རྒྱས་ཀྱི་ཐེག་པའི་དབང་པོ་ཅན་ཡིན་ལ། དེ་ཡང་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་སྟོན་ཏོ། །སེམས་ཅན་གང་ཐེག་པ་ཆེན་པོའི་དབང་པོ་ཅན་ཡིན་ལ། དེ་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་ཐེག་པ་ཆེན་པོའི་གཏམ་སྟོན་ཏོ། །སེམས་ཅན་གང་ཐ་མའི་དབང་པོ་ཅན་ཡིན་ལ། དེ་ཡང་ཐེག་པ་ཆེན་པོ་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པས་དབང་པོ་ཐ་མའི་གཏམ་སྟོན་ཏོ། །སེམས་ཅན་གང་སྐལ་བ་མེད་པའི་དབང་པོ་ཅན་སྐལ་པ་མེད་པར་སྣང་བ་དེ་དག་དེ་བཞིན་གཤེགས་པས་སྐལ་བ་མེད་ཅིང་སྣོད་མ་ཡིན་པར་རིག་ནས་བཏང་སྙོམས་སུ་འཇོག་གོ་།སེམས་ཅན་སྐལ་པ་ཡོད་པའི་དབང་པོ་ཅན་སྐལ་བ་ཡོད་པར་སྣང་བ་དག་ལ་དེ་བཞིན་གཤེགས་པས་སྐལ་བ་ཡོད་ཅིང་སྣོད་དུ་རིག་ནས་རི་མོར་བྱས་ཤིང་
94a
༄#། །ཆོས་སྟོན་ཏེ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱང་རབ་ཏུ་མཁྱེན། དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱང་རབ་ཏུ་མཁྱེན། འབྱུང་བའི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན། འབྱུང་བ་མ་ཡིན་པའི་དབང་པོ་རྣམས་ཀྱང་རབ་ཏུ་མཁྱེན་ཏོ། །སེམས་ཅན་གྱི་དབང་པོའི་རྣམ་པ་གང་ཡིན་པ་དང ། སྦྱོར་བ་གང་ཡིན་པ་དང ། བསམ་པ་གང་ཡིན་པ་དང ། གང་གི་རྒྱུ་ལས་བྱུང་བ་དང ། རྐྱེན་གང་ཡིན་པ་དང ། དམིགས་པ་གང་ཡིན་པ་དང ། རྒྱུ་མཐུན་པ་གང་ཡིན་པ་དང ། སེམས་ཅན་གྱི་དབང་པོའི་མཐའ་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པས་ཡང་འདི་སྐད་གསུངས་སོ། །འགྲོ་བའི་དབང་པོ་དེ་ནི་དབང་པོའི་ཕ་རོལ་སོང ། །སེམས་ཅན་རྣམས་ཀྱི་སྤྱོད་དང་བསམ་པའི་ཆོ་ག་མཁྱེན། །འགྲོ་བ་གང་དག་གི་ནི་དབང་པོ་ཅི་འདྲ་བ། །དེ་འདྲར་མི་ཡི་སེངྒེ་དེ་ལ་ཆོས་འཆད་དོ། །དབང་པོ་དག་ནི་རབ་འབྲིང་ཐ་མར་གྱུར་པ་རྣམས། །དེ་ལ་བདེ་གཤེགས་ཡེ་ཤེས་རྨད་དུ་བྱུང་བ་འཇུག་།སེམས་ཅན་བསམ་པ་ཐར་པའི་སྣོད་དུ་གྱུར་མཁྱེན་ནས། །སྤྱོད་པ་མཁྱེན་ཅིང་མཁས་པ་མཆོག་གི་ཆོས་སྟོན་ཏོ། །གང་དག་མཐར་
94b
ཕྱིན་སྐྱེ་ཞིང་ཉོན་མོངས་བརྟེན་པ་དང ། །མི་གང་རྣམས་ཀྱི་དབང་པོ་ཡང་བར་གྱུར་པ་དང ། །སྐྱེས་བུ་གང་གི་དབང་པོ་སྣརེལ་ཞིང་གྱུར་པ་ཡི། །སྤྱོད་པ་མཁྱེན་ནས་དེ་ལྟར་མཐུན་པའི་ཆོས་སྟོན་ཏོ། ། སྐྱེས་བུ་གང་གི་དགེ་བའི་དབང་པོར་གྱུར་པ་དང ། །མི་དགེ་བ་ཡི་དབང་པོར་གྱུར་པ་རྣམས་ཀྱང་དེ་བཞིན་མཁྱེན། །མིག་ནས་བཟུང་སྟེ་ཡིད་ཀྱི་བར་གྱི་དབང་པོ་དང ། །ཡིད་མི་བདེ་དང་སྡུག་བསྔལ་དབང་མཁྱེན་ཆོས་ཀྱང་སྟོན། །དད་བརྩོན་དྲན་དང་ཏིང་འཛིན་དེ་བཞིན་ཤེས་རབ་དང ། །སྐྱེས་བུ་གང་ལ་དབང་པོ་འདི་དག་ཡོད་པ་ནི། །དེ་ལ་དད་པའི་གཏམ་སྟོན་དེ་བཞིན་བརྩོན་འགྲུས་དང ། བསམ་གཏན་ཤེས་རབ་དག་ཀྱང་དམ་པའི་དོན་དུ་སྟོན། །མི་ཡི་དབང་པོ་རྣམ་པ་སྤྱོད་པའི་བྱེ་བྲག་གང ། །མི་གང་བསམ་པ་ཅི་འཇུག་དེ་ཡི་དབང་པོ་ཡང ། །ཆོས་མཆོག་རྟོགས་པས་དེ་དག་གི་ནི་སྤྱོད་པ་མཁྱེན། །སྡུག་བསྔལ་ཀུན་ལས་ཐར་པར་བྱེད་པའི་ཆོས་འཆད་དོ། །གང་གི་དབང་པོ་སངས་རྒྱས་བྱང་ཆུབ་ཕྱིར་ངེས་ལ། །ཉན་ཐོས་ཤེས་པའི་རྗེས་འཇུག་ཆོ་ག་མི་ཤེས་ལ། ། དེ་ལ་བྱང་ཆུབ་རེག་འགྱུར་རྒྱ་ཆེན་གཏམ་རབ་སྟོན། །བདེ་གཤེགས་སྟོབས་ནི་མཐའ་ཡས་ཐུལ་དཀའ་ལྔ་པའོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་ལྔ་པ་སྟེ།་སུས་ཀྱང་འཇིག་རྟེན་འདི་ནི་ཆོས་དང་མཐུན་པ་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་
95a
༄#། །གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། ཡང་དག་པར་ངེས་པའི་སེམས་ཅན་གྱི་ཁམས་རབ་ཏུ་མཁྱེན། ཡང་དག་པར་མ་ངེས་པའི་སེམས་ཅན་གྱི་ཁམས་རབ་ཏུ་མཁྱེན། ལོག་པར་ངེས་པའི་སེམས་ཅན་གྱི་ཁམས་རབ་ཏུ་མཁྱེན། མ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རྒྱུའི་སྟོབས་ཅན་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ཟུར་ཙམ་གྱིས་གོ་བ། དབང་པོ་རྣོ་བའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང ། མ་བསྟན་ཀྱང་རུང ། དེ་རྣམ་པར་གྲོལ་བའི་སྐལ་བ་ཡོད་པ་དེ་དག་དེ་བཞིན་གཤེགས་པས་སྔོན་གྱི་རྒྱུའི་སྟོབས་མཁྱེན་ནས་དེ་བཞིན་དུ་མཐུན་པར་ཆོས་སྟོན་ཏོ། །མ་ངེས་པའི་སེམས་ཅན་གྱི་ཁམས་རྐྱེན་གྱི་སྟོབས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཚན་ཉིད་ཅན་གལ་ཏེ་མཐུན་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་ཕྲད་ན། རྣམ་པར་གྲོལ་བར་འགྱུར་གྱི། རྗེས་སུ་སྟོན་པ་དང་མ་ཕྲད་ན། རྣམ་པར་གྲོལ་བར་མི་འགྱུར་བ་དེ་དག་ལ་ཡང་དེ་བཞིན་གཤེགས་པས་དེ་ལྟར་རྐྱེན་དང ། རྒྱུ་དང་ལྡན་པའི་གཏམ་ཡང་དག་པར་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ལས་ཆོས་དེ་ཐོས་ནས་ཚུལ་བཞིན་རབ་ཏུ་སྦྱོར་བས་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་དག་གི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་ངོ ། །
95b
ལོག་པར་ངེས་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྦྱང་བ་མ་བྱས་པ། ཁོ་རེ་ཆུང་བ། བླུན་པ། སྣོད་དུ་མ་གྱུར་པའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང ། མ་བསྟན་ཀྱང་རུང་སྟེ། རྣམ་པར་གྲོལ་བའི་སྐལ་པ་མེད་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་སྣོད་མ་ཡིན་པར་རིག་ནས་བཏང་སྙོམས་སུ་འཇོག་སྟེ། དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་གོ་གྱོན་ཏོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པས་འདོད་ཆགས་ཀྱི་ལམ་རྣམ་པ་གསུམ་རབ་ཏུ་མཁྱེན་ཏེ། །འདོད་ཆགས་ཀྱི་ལམ་སྡུག་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། །འདོད་ཆགས་ཀྱི་ལམ་རྗེས་སུ་ཆགས་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། འདོད་ཆགས་ཀྱི་ལམ་སྔོན་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དོ། །ཞེས་སྡང་གི་ལམ་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏེ། ཞེ་སྡང་གི་ལམ་ཁོང་ཁྲོ་བའི་མཚན་མ་ལས་སྐྱེ་བ་ཡང་ཡོད། བསམ་པ་ཡོངས་སུ་རྫོགས་པ་ལས་སྐྱེ་བ་ཡང་ཡོད། སྔོན་གྱི་བག་ལ་ཉལ་བ་ལས་སྐྱེ་བ་ཡང་ཡོད་དོ། །གཏི་མུག་གི་ལམ་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏེ། གཏི་མུག་གི་ལམ་མ་རིག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་ལམ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་ལམ་ཐེ་ཚོམ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དོ། །དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཞན་ཡང་ཤཱ་རིའི་བུ། དབང་པོ་རྣ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་དེ་
96a
༄#། །བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དབང་པོ་རྟུལ་པའི་ཕྱིར་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྣོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དབང་པོ་རྟུལ་པའི་ཕྱིར་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དམིགས་པ་བོར་བའི་ཕྱིར་མངོན་པར་ཤེས་པ་བུལ་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །ལམ་གྱི་རྒྱུན་མ་བཅད་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །ཡོངས་སུ་ཐུག་པ་མེད་པར་དབུགས་འབྱིན་པའི་ཕྱིར་མངོན་པར་ཤེས་པ་བུལ་ལ་མྱུར་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །དེ་ལ་མ་ཆགས་པའི་ཕྱིར་མངོན་པར་ཤེས་པ་མྱུར་ལ་བུལ་བའི་ལམ་ཡང་རབ་ཏུ་མཁྱེན་ཏོ། །སོ་སོར་རྟོག་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ལ་སྒོམ་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་ཡོད། སྒོམ་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་ལ་སོ་སོར་རྟོག་པའི་སྟོབས་ལ་མ་ཡིན་པའི་ལམ་ཡང་ཡོད། སྒོམས་པའི་སྟོབས་དང ། སོ་སོར་རྟོག་པའི་སྟོབས་ཡོངས་སུ་རྫོགས་པར་བྱེད་པའི་ལམ་ཡང་ཡོད། སོ་སོར་རྟོག་པའི་སྟོབས་དང ། སྒོམ་པའི་སྟོབས་ཡོངས་སུ་རྫོགས་པར་མི་བྱེད་པའི་ལམ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བསམ་པ་
96b
ཕུན་སུམ་ཚོགས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། སྦྱོར་བ་ཕུན་སུམ་ཚོགས་ལ་བསམ་པ་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། བསམ་པ་ཡང་ཕུན་སུམ་ཚོགས་པ་མ་ཡིན་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པ་མ་ཡིན་པའི་ལམ་ཡང་ཡོད། བསམ་པ་ཡང་ཕུན་སུམ་ཚོགས་ལ་སྦྱོར་བ་ཡང་ཕུན་སུམ་ཚོགས་པའི་ལམ་ཡང་ཡོད། དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལུས་སྦྱོང་ལ་ངག་ལ་མ་ཡིན་སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། ངག་སྦྱོང་ལ་ལུས་ལ་མ་ཡིན་སེམས་ལ་མ་ཡིན་པའི་ལམ་ཡང་ཡོད། སེམས་སྦྱོང་ལ་ལུས་ལམ་ཡིན་དག་ལམ་ཡིན་པའི་ལམ་ཡང་ཡོད། ལུས་ལམ་ཡིན་ངག་ལམ་ཡིན་ལ་སེམས་ཀྱང་མི་སྦྱོང་བའི་ལམ་ཡང་ཡོད། ལུས་དང་ངག་དང་སེམས་སྦྱོང་བའི་ལམ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལྟར་ཤཱ་རིའི་བུ། སེམས་ཅན་ཐམས་ཅད་ཀྱི་འཇུག་པའི་རྒྱུ་དང ། ལྡོག་པའི་རྒྱུའི་ལམ་ཇི་སྙེད་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པ་མེད་པར་འཇུག་གོ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དེ་ནི། མཐའ་ཡས་མུ་མེད་ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔས་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་
97a
༄#། །ཉི་མེད།་ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ཅིང་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐམས་ཅད་ལམ་ནི་བདེ་གཤེགས་རབ་ཏུ་མཁྱེན། །སེམས་ཅན་ཁམས་ནི་ངེས་རྒྱུ་བཅས་པ་མཁྱེན། །ཡོངས་སུ་སྨིན་པའི་མཚན་ཉིད་མ་ངེས་དང ། །དེ་བཞིན་དབང་པོ་རྒྱུ་དང་ལྡན་པ་མཁྱེན། །འདོད་ཆགས་ལམ་ནི་རྣམ་པ་གསུམ་དང་ལྡན། ། ཞེ་སྡང་ལམ་གསུམ་དེ་བཞིན་གཏི་མུག་ལྡན། །རྣམ་གསུམ་རྒྱ་ཆེན་མཐའ་ཡས་ཉོན་མོངས་ལྡན། །ལམ་ལ་རྐྱེན་དང་རྒྱུ་ནི་སྟོན་པས་མཁྱེན། །དཀའ་བའི་ལམ་ལ་རྣོ་བར་འགྱུར་བ་དང ། །དེ་བཞིན་དབང་པོ་རྟུལ་ཞིང་བུལ་བ་དང ། །སླ་བའི་ལམ་ལ་རྣོ་བར་འགྱུར་བ་དང ། །དེ་བཞིན་བུལ་བའང་འཇིག་རྟེན་མགོན་པོས་མཁྱེན། །བུལ་བའི་ལམ་ལ་སྦྱོར་བ་བུལ་བ་ཡོད། །དེ་བཞིན་བུལ་བ་ཡིན་ལ་སྦྱོར་བ་རྣོ། །མྱུར་བའི་ལམ་ལ་བུལ་བར་འགྱུར་བ་དང ། །དེ་བཞིན་དེ་ལ་མ་ཆགས་མྱུར་བའང་ཡོད། །ལམ་ནི་སོ་སོར་རྟོག་པ་སྐྱེད་བྱེད་ལ། །ཡང་དག་སྒོམ་པ་སྐྱེད་པ་མ་ཡིན་དང ། །སྒོམ་པ་དག་ནི་སྐྱེད་པར་བྱེད་པ་དང ། །གཉིས་ཀ་ཁྱད་པར་སྦྱོར་ལྡན་སྐྱེད་པ་ཡོད། །ལམ་ནི་བསམ་པ་ཡོངས་སུ་སྦྱོང་བྱེད་ལ། །སྦྱོར་བ་དག་ནི་སྦྱོང་
97b
བར་མི་བྱེད་ཡོད། །རེས་འགའ་གཉིས་ཀ་སྦྱོང་བར་བྱེད་པའང་ཡོད། །དེ་དག་སངས་རྒྱས་ཐམས་ཅད་གཟིགས་པས་མཁྱེན། །ལུས་ནི་རྣམ་པར་སྦྱོང་ལ་ངག་མི་སྦྱོང ། །སེམས་ཀྱང་རྣམ་པར་སྦྱོང་བ་མ་ཡིན་དང ། །ངག་རྣམས་དང་ནི་ལུས་ཀྱང་རབ་སྦྱོང་ལ། །སེམས་ནི་རེས་འགའ་མི་སྦྱོང་བ་ཡང་ཡོད། །སེམས་ནི་རབ་སྦྱོང་ངག་ལ་མ་ཡིན་ཏེ། །ལུས་ཀྱང་རྣམ་པར་སྦྱོང་བ་མ་ཡིན་དང ། །ངག་དང་དེ་བཞིན་སེམས་ཀྱང་རབ་སྦྱོང་ལ། །རེས་འགའ་ལུས་ནི་སྦྱོང་བར་མི་འགྱུར་ཡོད། །ལུས་དང་དེ་བཞིན་ངག་སེམས་སྦྱོང་ལམ་དང ། །ཇི་ལྟར་ལྡོག་དང་འཇུག་པར་འགྱུར་བ་རྣམས། །སངས་རྒྱས་ཐམས་ཅད་གཟིགས་པས་རབ་མཁྱེན་ཏེ། །འདི་ནི་དེ་བཞིན་གཤེགས་ཀྱི་སྟོབས་དྲུག་པའོ། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་དྲུག་པ་སྟེ།་སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་བ་ནས་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པ་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་བསམ་གཏན་དང ། རྣམ་པར་ཐར་བ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་དང་ལྡང་བ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་བདག་དང ། ཕ་རོལ་གྱི་བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང །
98a
༄#། །རྣམ་པར་བྱང་བ་དང་ལྡང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་གང་ཡིན་པ་དང ། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སེམས་ཅན་རྣམས་ཀྱི་རྣམ་པར་དག་པའི་རྒྱུ་གང་ཡིན་པ་དང ། རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་རྒྱུ་གང ། རྐྱེན་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པའི་རྐྱེན་ནི། མ་རིག་པའོ། །མ་རིག་པ་ནི། རྒྱུའོ། །འདུ་བྱེད་ནི། རྐྱེན་ཏོ། །འདུ་བྱེད་ནི། རྒྱུའོ། །རྣམ་པར་ཤེས་པ་ནི།་རྐྱེན་ཏོ། །རྣམ་པར་ཤེས་པ་ནི། རྒྱུའོ། །མིང་དང་གཟུགས་ནི། རྐྱེན་ཏོ། །མིང་དང་གཟུགས་ནི། རྒྱུའོ། །སྐྱེ་མཆེད་དྲུག་ནི། རྐྱེན་ཏོ། །སྐྱེ་མཆེད་དྲུག་ནི། རྒྱུའོ། །རེག་པ་ནི། རྐྱེན་ཏོ། ། རེག་པ་ནི། རྒྱུའོ། །ཚོར་བ་ནི། རྐྱེན་ཏོ། །ཆོར་བ་ནི། རྒྱུའོ། །སྲེད་པ་ནི། རྐྱེན་ཏོ། །སྲེད་པ་ནི། རྒྱུའོ། །ལེན་པ་ནི། རྐྱེན་ཏོ། །ལེན་པ་ནི། རྒྱུའོ། །སྲིད་པ་ནི། རྐྱེན་ཏོ། །སྲིད་པ་ནི། རྒྱུའོ། །སྐྱེ་བ་ནི།་རྐྱེན་ཏོ། །སྐྱེ་བ་ནི། རྒྱུའོ། །རྒ་ཤི་ནི། རྐྱེན་ཏོ། །ཉོན་མོངས་པ་ནི། རྒྱུའོ། །ལས་ནི། རྐྱེན་ཏོ། །ལྟ་བ་ནི། རྒྱུའོ། །སྲེད་པ་ནི། རྐྱེན་ཏོ། །བག་ལ་ཉལ་བ་ནི། རྒྱུའོ། །ཀུན་ནས་ལྡང་བ་ནི།
98b
རྐྱེན་ཏོ། །སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པར་འགྱུར་བའི་རྒྱུ་ནི། འདི། རྐྱེན་ནི། འདི་ཡིན་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལ་སེམས་ཅན་རྣམས་ཀྱི་རྣམ་པར་དག་པར་འགྱུར་བའི་རྒྱུ་གང ། རྐྱེན་གང་ཞེ་ན། སེམས་ཅན་རྣམས་ཀྱི་རྣམ་པར་དག་པར་འགྱུར་བའི་རྒྱུ་གཉིས། རྐྱེན་གཉིས་ཏེ། གཞན་ལས་རྗེས་སུ་མཐུན་པའི་སྒྲ་དང ། སོ་སོ་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའོ། །འདི་ལྟ་སྟེ། ཞི་གནས་ལ་རྩེ་གཅིག་པ་དང ། ལྷག་མཐོང་ལ་མཁས་པའོ། །གཞན་ཡང་རྒྱུ་གཉིས་དང ། རྐྱེན་གཉིས་ཏེ། འགྲོ་བ་མེད་པར་ཤེས་པ་དང ། འོང་བ་མེད་པར་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང ། རྐྱེན་གཉིས་ཏེ། སྐྱེ་བ་མེད་པར་རབ་ཏུ་རྟོག་པ་དང ། ངེས་པར་གྱུར་བ་ལ་མི་རེག་པའོ། །གཞན་ཡང་རྒྱུ་གཉིས་དང ། རྐྱེན་གཉིས་ཏེ། རྐང་པར་ལྡན་པ་དང ། རིག་པས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །གཞན་ཡང་རྒྱུ་གཉིས་དང ། རྐྱེན་གཉིས་ཏེ། རྣམ་པར་ཐར་པའི་སྒོ་ལ་སྒོམ་པ་དང ། རང་བཞིན་ཀྱིས་རྣམ་པར་གྲོལ་བར་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང ། རྐྱེན་གཉིས་ཏེ། ཟད་པ་ཤེས་པ་དང ། མི་སྐྱེ་བ་ཤེས་པའོ། །གཞན་ཡང་རྒྱུ་གཉིས་དང ། རྐྱེན་གཉིས་ཏེ། བདེན་པ་རྗེས་སུ་རྟོགས་པ་དང ། བདེན་པ་རྗེས་སུ་འཐོབ་པའོ། །རྒྱུ་དེ་དང ། རྐྱེན་དེ་དག་ནི། སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བ་སྟེ། དེ་དག་ཀྱང་དེ་བཞིན་གཤེགས་པས་ཡང་དག་
99a
༄#། །པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཞན་ཡང་ཤཱ་རིའི་བུ། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ལ་དམིགས་པ་ཡང་ཚད་མེད། རྣམ་པར་དག་པར་དམིགས་པ་ཡང་ཚད་མེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་ཀུན་ནས་ཉོན་མོངས་པ་ལ་དམིགས་པ་རྣམ་པར་དག་པའི་དམིགས་པ་ལ་འཇོག་པ་ཡང་ཡོད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པས་རྣམ་པར་དག་པ་ལ་དམིགས་པ་ཡང་ཀུན་ནས་ཉོན་མོངས་པར་དམིགས་པ་ལ་འཇོག་པ་ཡང་ཡོད། མངོན་པའི་ང་རྒྱལ་གྱིས་འཛིན་པས་ཀུན་ནས་ཉོན་མོངས་པར་དམིགས་པ་ལ་འཇོག་པ་དང ། རྣམ་པར་དག་པ་དམིགས་པ་ལ་འཇོག་པའང་ཡོད་དེ། དེ་ལ་སྣརེལ་ཞིའི་རྣམ་གྲངས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་གོ ། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཡེ་ཤེས་འདི་ལྟ་བུ་དང་ལྡན་པས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་ནས་འགོག་པ་ལས་ལྡང་བ་དང ། འགོག་པ་ལ་སྙོམས་པར་ཞུགས་ནས་བསམ་གཏན་དང་པོ་ལས་ལྡང་བའི་བར་དུའོ། །རྣམ་པར་ཐར་པ་བརྒྱད་ལ་རྗེས་སུ་མཐུན་པར་སྙོམས་པར་འཇུག་གོ་།མི་མཐུན་པར་ཡང་
99b
སྙོམས་པར་འཇུག་གོ་།རྗེས་སུ་མཐུན་པ་དང་མི་མཐུན་པར་སྙོམས་པར་འཇུག་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་དང་པོའོ།། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལ་སྡུག་པ་ཉིད་དུ་མོས་པར་འགྱུར་བ་དེ་ནི།་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི། རྣམ་པར་ཐར་པ་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི། རྣམ་པར་ཐར་པ་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི། རྣམ་པར་ཐར་པ་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དེ་ནི། རྣམ་པར་ཐར་པ་བདུན་པའོ། །འདུ་ཤེས་དང་ཚོར་བ་འགོག་པ་དེ་ནི། རྣམ་པར་ཐར་པ་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་རྗེས་སུ་མཐུན་པ་དང ། མི་མཐུན་པར་ཡང་སྙོམས་པར་འཇུག་།སྣརེལ་ཞིར་ཡང་སྙོམས་པར་འཇུག་གོ་།ཏིང་ངེ་འཛིན་ལ་ཡང་ཏིང་ངེ་འཛིན་སྟོན་ལ། སྙོམས་པར་འཇུག་པས་རྟོགས་པར་སྟོན་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་ཐ་དད་པར་འགྱུར་བ་གང་ཡང་མེད། དེ་བཞིན་གཤེགས་པ་ནི། ཏིང་ངེ་འཛིན་ལ་དམིགས་པ་ལས་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་བྱ་བ་མེད།
100a
༄#། །དེ་བཞིན་གཤེགས་པ་ནི། ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཐམས་ཅད་འགྲུབ་བོ། །དེ་བཞིན་གཤེགས་པ་ནི། ཏིང་ངེ་འཛིན་ལས་མ་བཞེངས་པར་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ཀྱང་དེ་བཞིན་གཤེགས་པ་ནི། སེམས་གཅིག་ནས་གཅིག་ཏུ་འཇུག་པ་མེད་དོ། །དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་གཞག་པ་མི་དམིགས་སོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དེ་སུས་ཀྱང་ལྟ་མི་ནུས་ཏེ། ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་ནོན་ཏོ། ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་ནོན་ཏོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི། སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་ནོན་ཏོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི། ཟིལ་གྱིས་མ་ནོན་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི། ཟིལ་གྱིས་མ་ནོན་པར་འཇུག་གོ་།གདམས་པ་གང་དང་རྗེས་སུ་བསྟན་པ་གང་གིས་ཉན་ཐོས་རྣམས་ཀྱི་ཏིང་ངེ་འཛིན་བསྐྱེད་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་དང ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །མཁྱེན་ནས་ཀྱང་དེ་བཞིན་དུ་འདོམས་ཤིང་དེ་བཞིན་དུ་རྗེས་སུ་སྟོན་ཏོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་བསམ་གཏན་དང ། རྣམ་
100b
པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་དང་ལྡང་བ་མཁྱེན་པའི་སྟོབས་དེ་ནི། མཐའ་ཡས་མུ་མེད་དེ། ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ཅིང་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །འདི་ལ་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་གིས་སེམས་ཅན་ཉོན་མོངས་ཤིང ། །གང་གིས་སེམས་ཅན་རྣམས་དག་འགྱུར། །དེ་ཡང་དཔའ་བོ་ཆེན་པོས་མཁྱེན། །མཁྱེན་ནས་གཏམ་རྣམས་སྟོན་པར་མཛད། །གང་དུ་མ་རིག་སྐྱེ་འགྱུར་བ། །ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན། ། དེ་ཡི་རྐྱེན་ནི་འདུ་བྱེད་དེ། །སྡུག་བསྔལ་རབ་ཏུ་སྐྱེ་བར་འགྱུར། །སྲིད་པའི་ཡན་ལག་སྐྱེད་པ་ཡི། །ཐམས་ཅད་རྩ་བ་ཚུལ་བཞིན་མིན། །དེ་ཉིད་སངས་རྒྱས་རབ་མཁྱེན་ནས། །དེ་བཞིན་དུ་ཡང་སྟོན་པར་མཛད། །ལས་ཀྱི་རྩ་བ་ཉོན་མོངས་པ། །མི་མཁས་མངོན་པར་འདུ་བྱེད་དེ། །སྡུག་བསྔལ་འབྱུང་བར་འགྱུར་བའི་བར། །དེ་ཡི་རྐྱེན་ནི་རྣམ་པར་ཤེས། །གང་གིས་སེམས་ཅན་དག་འགྱུར་བ། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལས་རྗེས་སུ་མཐུན་སྒྲ་དང ། །ནང་དུ་ཚུལ་བཞིན་ལྟ་བའོ། །ཚུལ་བཞིན་རྒྱུ་ནི་ཞི་གནས་ཏེ། །ལྷག་མཐོང་བར་ནི་རྐྱེན་ཡིན་ནོ། །སེམས་ཅན་གང་གིས་འགྲོར་འགྱུར་
101a
༄#། །བ། །དེ་ཡང་འདྲེན་པས་རབ་ཏུ་མཁྱེན། །ཚུལ་ཁྲིམས་ལ་ནི་རྣལ་འབྱོར་གནས། །ཆོས་རྣམས་སྟོང་པར་རབ་ཏུ་རྟོགས། །ཐར་པའི་སྒོ་ནི་བསྒོམས་པས་ན། ། སྲིད་པ་དོག་ལས་ཐར་པར་འགྱུར། །དེ་དག་སངས་རྒྱས་རབ་མཁྱེན་ནས། །རྣམ་སྦྱོང་སྐྱེས་བུ་བུད་མེད་ལ། །སྟོང་པ་ཉིད་དང་མཚན་མེད་དང ། །རྣམ་པར་ཐར་པ་རབ་ཏུ་སྟོན། །བསམ་གཏན་ལ་ནི་སྙོམས་ཞུགས་པ། །རང་རྒྱལ་དང་ནི་ཉན་ཐོས་རྣམས། །དེ་དག་རྣམས་ཀྱང་དོག་པར་བཤད། །དེ་ཡི་འགྲན་ཟླ་ཡོད་པར་གསུངས། །སངས་རྒྱས་བསམ་གཏན་རྣམ་ཐར་ལ། །དགྲ་དང་བཅས་མེད་དོག་པ་མེད། །སངས་རྒྱས་ཀྱི་ནི་སྟོབས་བདུན་པ། །ཕ་རོལ་རྒོལ་བས་ཐུལ་བར་དཀའ། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བདུན་པ་སྟེ། སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་བ་ནས་སུས་ཀྱང་འཇིག་རྟེན་འདིར་ཆོས་དང་མཐུན་པར་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པས་བླ་ན་མེད་པའི་ཡེ་ཤེས་ཀྱིས་བདག་དང་སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །འདི་ལྟ་སྟེ། སྐྱེ་བ་གཅིག་གམ། གཉིས་སམ། གསུམ་མམ། བཞིའམ། ལྔའམ་
101b
བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུའམ། ལྔ་བཅུའམ། སྐྱེ་བ་བརྒྱའམ། སྐྱེ་བ་སྟོང་ངམ། སྐྱེ་བ་བརྒྱ་སྟོང་ནས་སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་རྗེས་སུ་དྲན་ནོ། །འཇིག་པའི་བསྐལ་པའམ། འཆགས་པའི་བསྐལ་པའམ། འཇིག་པ་དང་འཆགས་པའི་བསྐལ་པའམ། འཇིག་པའི་བསྐལ་པ་དུ་མའམ། འཆགས་པའི་བསྐལ་པ་དུ་མའམ། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་ཞིག་ན་ང་སྔོན་ཆེ་གེ་མོ་ཞིག་ཏུ་བྱུང་སྟེ། མིང་ནི། འདི་ཞེས་བྱ། རུས་ནི། འདི་ཞེས་བྱ། རིགས་ནི། འདི་ཞེས་བྱ། ཟས་ནི། འདི་ལྟ་བུ་ཞིག་ཟ་ཟ། ཁ་དོག་ནི། འདི་ལྟ་བུ། མཚན་མ་ནི། འདི་ལྟ་བུ། དབྱིབས་ནི། འདི་ལྟ་བུ། ཚེ་ནི། འདི་ཙམ་ཞིག་ཐུབ། ཡུན་ནི། འདི་སྲིད་ཅིག་གནས། བདེ་བ་དང ། སྡུག་བསྔལ་ནི། འདི་ལྟ་བུ་ཞིག་མྱོང་སྟེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །བདག་དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ། །ཞེས་འདི་ལྟ་བུའི་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་གནས་དུ་མ་རྗེས་སུ་དྲན་ནོ། །སེམས་ཅན་གང་གི་སྔོན་གྱི་རྒྱུ་ཇི་ལྟ་བུ་དང ། རྒྱུ་གང་གིས་སེམས་ཅན་དུ་འགྱུར་བའི་རྒྱུ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། མཁྱེན་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །འདས་པའི་སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་ཀྱི་རྒྱུད་ཀྱང་རབ་ཏུ་མཁྱེན་ནོ། །སེམས་གང་གི་འོག་ཏུ་གང་ལ་དམིགས་པའི་སེམས་སྐྱེས་པ་དང །
102a
༄#། །དམིགས་པ་གང་མ་ཚང་བས་འགགས་པ་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལྟར་ཤཱ་རིའི་བུ། གང་སེམས་ཅན་གཅིག་གི་སེམས་གཅིག་ནས་གཅིག་ཏུ་སེམས་འདི་ལྟ་བུ་ཞིག་གི་འོག་ཏུ་སེམས་འདི་ལྟ་བུ་ཞིག་བྱུང་ངོ ། །ཞེས་བྱ་བ་དེ་ནི། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཚིག་གིས་བཤད་པས་སྟོན་པར་མི་ནུས་ཏེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཡང་ཐམས་ཅད་དེ་བཞིན་དུ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །ཐ་མའི་མཐའི་བར་གྱི་བསྐལ་པར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་རྣམས་བཤད་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་མཐར་ཐུག་བར་མི་འགྱུར་རོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་ནི། བསམ་གྱིས་མི་ཁྱབ། མཚུངས་པ་མེད། ཚད་མེད། གྲངས་མེད། བརྗོད་དུ་མེད་དེ། དེའི་མཐའི་གནས་ནི། བདེ་བར་བསྟན་མི་ནུས་སོ། །སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པས་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ལ་ཀྱེ་སེམས་ཅན་རྣམས། དགེ་བའི་རྩ་བ་དེ་དང ། དེ་སངས་རྒྱས་ལ་བསྐྱེད་པའམ། ཉན་ཐོས་ལ་བསྐྱེད་པའམ། རང་སངས་རྒྱས་ལ་བསྐྱེད་པའམ། ཆོས་ལ་བསྐྱེད་པ་དེ་དག་དྲན་པར་གྱིས་ཤིག་ཅེས་དྲན་པར་མཛད་དོ། །འདི་ལྟ་སྟེ། དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་དྲན་པར་འགྱུར་རོ། །དེ་བཞིན་གཤེགས་
102b
པས་དེ་དག་ལ་དགེ་བའི་རྩ་བ་ལ་དམིགས་པ་དེ་ལས་ཆོས་འདི་ལྟ་བུར་སྟོན་ཏེ། ཅི་ནས་སེམས་ཅན་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མོས་པ་ཇི་ལྟ་བ་བཞིན་དུ་ལ་ལ་ནི། ཉན་ཐོས་ཀྱི་ཐེག་པས། ལ་ལ་ནི། རང་སངས་རྒྱས་ཀྱི་ཐེག་པས་འབྱུང་བར་འགྱུར་རོ། །ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་ཤེས་པའི་སྟོབས་ནི། མཐའ་ཡས་མུ་མེད་དེ། ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པས་ཡང་འདི་སྐད་གསུངས་སོ། །བདག་གི་དང་ནི་དེ་བཞིན་གཞན་དག་གི་།འཇིག་རྟེན་སྒྲོན་མས་སྔོན་གྱི་དྲན་པ་ནི། །བསྐལ་པ་བྱེ་བ་ཁྲག་ཁྲིག་མཐའ་ཡས་པ། །སྐྱུ་རུ་ར་ལྔ་ལག་མཐིལ་བཞག་པ་བཞིན། །མིང་རུས་དེ་བཞིན་ཁ་དོག་རྣམ་པར་རྟོག་།ཚེ་དང་གནས་དང་འཆི་འཕོ་འགྲོ་བ་དང ། གང་གི་རྒྱུ་ལ་སེམས་ཅན་བརྩོན་ལྡན་པ། །དེ་མཁྱེན་པ་ནི་དེ་ལ་ཆོས་ཀྱང་འཆད། །འགྲོ་བ་རྣམས་ཀྱི་སེམས་དང་སེམས་བྱུང་ཆོས། །གང་དག་འདས་པ་མཐའ་ཡས་མུ་མེད་པ། །གང་གི་འོག་ཏུ་
103a
༄#། །སེམས་གང་བྱུང་བ་ཀུན། རྒྱལ་བའི་ཡེ་ཤེས་ཆེན་པོ་མངའ་བས་མཁྱེན། །སེམས་ཅན་གཅིག་གི་སེམས་རྒྱུད་སྔོན་འདས་པ། །བདེ་བར་གཤེགས་པས་རབ་ཏུ་མཁྱེན་པ་ནི། །བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་དུ། །བཤད་ཀྱང་དེ་ཡི་མཐའ་མར་ཕྱིན་མི་འགྱུར། །སྔོན་གྱི་སྤྱོད་པ་ཇི་སྙེད་དེ་དག་ནི། །ཕྱི་མའི་མཐའ་ཡི་བར་དུ་ངས་བཤད་ཀྱང ། །མཚུངས་པ་མེད་པའི་ཡེ་ཤེས་མི་ཟད་དེ། ། བཅོམ་ལྡན་ཡེ་ཤེས་རྒྱ་མཚོ་འདི་འདྲའོ། །སྔོན་གྱི་རྒྱལ་ལ་བསྟི་སྟང་གང་བྱས་ཤིང ། །སེམས་ཅན་གང་དག་དགེ་བའི་བསམ་གྱུར་པ། །སངས་རྒྱས་རྫུ་འཕྲུལ་སྟོབས་ཀྱི་ཤུགས་ལ་གནས། །སྔོན་དག་དགེ་བ་བྱས་པ་རྣམས་ཀྱང་དྲན། །སྔོན་ནི་བསོད་ནམས་ཇི་འདྲ་བྱས་པ་རྣམས། །དེ་དག་རྣམས་ཀྱང་སྟོན་པའི་མཐུས་དྲན་ཏེ། །དེ་དག་དྲན་ནས་གནས་ནི་གསུམ་ལ་འཁོད། །ཐར་པའི་གནས་ལས་ཕྱིར་ཡང་མི་ལྡོག་འགྱུར། །བདེ་གཤེགས་སྔོན་གྱི་སྦྱོར་བ་མཐའ་ཡས་ཏེ། །སེམས་ཅན་ཐམས་ཅད་ཀྱིས་ནི་བསམ་མི་ནུས། །མཐའ་ཡས་གྲགས་པའི་སྟོབས་ནི་བརྒྱད་པ་ལ། །རྒྱལ་སྲས་བདག་ཉིད་ཆེན་པོ་དད་པར་འགྱུར། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བརྒྱད་པ་སྟེ། སྟོབས་དེ་དང་ལྡན་པས་ཞེས་བྱ་བ་ནས་ཆོས་དང་མཐུན་པ་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་ལྷའི་མིག་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་
103b
བུ།་དེ་བཞིན་གཤེགས་པས་བླ་ན་མེད་པའི་ཡེ་ཤེས་དང ། མི་ལས་ཤིན་ཏུ་འདས་པའི་ལྷའི་མིག་རྣམ་པར་དག་པས་སེམས་ཅན་རྣམས་འཆི་འཕོ་བ་དང ། སྐྱེ་བ་དང ། བཟང་པོ་དང ། ངན་པ་དང ། ཁ་དོག་མཛེས་པ་དང ། ཁ་དོག་མི་སྡུག་པ་དང ། བདེ་འགྲོར་འགྲོ་བ་དང ། ངན་འགྲོར་འགྲོ་བ་རྣམས་གཟིགས་སོ། །སེམས་ཅན་འདི་དག་ནི། ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་དག་སྟེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེའོ། །དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུའང་དེ་བཞིན་ནོ། །ཡང་སེམས་ཅན་འདི་དག་ནི།་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན། ངག་གིས་ལེགས་པར་སྤྱོད་པ་དང་ལྡན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་ཏེ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་སྟེ།་དེ་དག་ཡང་དག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷར་སྐྱེའོ། །ཞེས་སེམས་ཅན་རྣམས་ཀྱི་ལས་ཇི་ལྟར་བསགས་པ་རྣམས་རབ་ཏུ་མཁྱེན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་ལྷའི་མིག་དེ་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནམ་མཁའི་མཐའ་ཆོས་ཀྱི་དབྱིངས་ཚད་མེད་པ་བརྗོད་དུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་ལས་
104a
༄#། །ཀྱང་ཤིན་ཏུ་འདས་པ་ཐམས་ཅད་ན་སངས་རྒྱས་ཀྱི་ཞིང་གང་ཇི་སྙེད་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི། འཚིག་པ་དང ། འཇིག་པ་དང ། འཆགས་པར་གཟིགས་སོ། །སེམས་ཅན་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི། འཆི་འཕོ་བ་དང ། སྐྱེ་བར་གཟིགས་སོ། །བྱང་ཆུབ་སེམས་དཔའ་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི། དགའ་ལྡན་གནས་ནས་འཆི་འཕོ་བ་དང ། མའི་རུམ་དུ་འཇུག་པ་དང ། བཙའ་བ་དང ། གོམ་པ་བདུན་འདོར་བ་དང ། བཙུན་མོའི་འཁོར་གྱི་དང་དུ་འཇུག་པ་དང ། མངོན་པར་འབྱུང་བར་གཟིགས་སོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གཟིགས་སོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང ། ཚེའི་འདུ་བྱེད་འདོར་བ་དང ། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་གཟིགས་སོ། །ཉན་ཐོས་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་གཟིགས་སོ། །རང་སངས་རྒྱས་གང་དག་ཁ་ཅིག་སྣང་བར་གྱུར་པ་དེ་དག་ཐམས་ཅད་ནི། རྫུ་འཕྲུལ་སྟོན་ཅིང་ཡོན་སྦྱོང་བར་གཟིགས་སོ། །སེམས་ཅན་གང་དག་སྣང་བར་མ་གྱུར་པ། ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་མིག་གི་ལམ་དུ་མི་འགྲོ་བ་དང ། ཉན་ཐོས་དང ། རང་
104b
སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་བ་དེ་དག་དེ་བཞིན་གཤེགས་པའི་ལྷའི་མིག་གིས་གཟིགས་སོ། །ཡང་དེ་བཞིན་གཤེགས་པས་ཤིང་རྟའི་འཕང་ལོའི་ཚད་ཙམ་ལ་སྣང་བར་མ་གྱུར་པའི་སེམས་ཅན་རྣམས་གཟིགས་པ་དེ་དག་ནི། ཤིན་ཏུ་མང་གི་།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི། དེ་ལྟར་མ་ཡིན་ཏེ། དེ་ལྟར་མི་སྣང་བར་གྱུར་པའི་སེམས་ཅན་གྱི་ཁམས་ཀྱང་ཚད་མེད་དོ། །འདི་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་གང་སངས་རྒྱས་ཀྱིས་འདུལ་བར་འགྱུར་ཞེས་སེམས་ཅན་གྱི་ཁམས་ལ་གཟིགས་ཏེ། སེམས་ཅན་ཇི་ཙམ་སངས་རྒྱས་ཀྱིས་འདུལ་བར་འགྱུར་བ་དེ་དག་གི་མདུན་ན་དེ་བཞིན་གཤེགས་པ་བཞུགས་ཤིང ། སེམས་ཅན་དེ་དག་འདུལ་ཡང་སེམས་ཅན་གཞན་གྱིས་མི་ཤེས་སོ། །དེ་ལྟར་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ལྷའི་མིག་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་ནི། མཐའ་ཡས་མུ་མེད་དེ། ནམ་མཁའ་དང་མཚུངས་ཤིང་མཉམ་མོ། །བྱང་ཆུབ་སེམས་དཔའ་དེ་ཐོས་ནས་མངོན་པར་དད་པ་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ཞེས་བྱ་བའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བདེ་བར་གཤེགས་པའི་ལྷའི་མིག་དྲི་མེད་དེ། བསྐལ་པ་དུ་མར་དགེ་བའི་ལས་ཀྱིས་སྦྱངས། །དེས་ནི་
105a
༄#། །རྒྱལ་བས་ཕྱོགས་བཅུའི་སངས་རྒྱས་ཞིང ། །རྒྱ་ཆེན་བསམ་གྱིས་མི་ཁྱབ་རྣམས་ཀྱང་གཟིགས། །འབྱུང་བ་དང་ནི་འཇིག་པ་ཇི་སྙེད་པ། །ཁ་ཅིག་མེ་ཡིས་འཁོར་ཅིང་སེམས་ཅན་གནས། ཁ་ཅིག་སངས་རྒྱས་ལྡན་ཞིང་ཁ་ཅིག་སྟོང ། །ཐམས་ཅད་རང་བྱུང་གི་ནི་སྤྱན་གྱིས་གཟིགས། །སེམས་ཅན་ཁམས་ནི་རྒྱ་ཆེར་བསམ་མི་ཁྱབ། །གཟུགས་ཅན་གཟུགས་མེད་གང་དག་ཇི་སྙེད་དང ། །གང་དག་ངན་འགྲོར་འགྲོ་དང་བདེ་འགྲོ་བ། །ཐམས་ཅད་རང་བྱུང་གི་ནི་སྤྱན་གྱིས་གཟིགས། །སངས་རྒྱས་བྱེ་བ་མང་པོ་གང་བཞུགས་དང ། །རང་བྱུང་འདྲེན་པ་མྱ་ངན་གང་འདས་དང ། །རང་རྒྱལ་གང་དང་ཉན་ཐོས་གང་ཡོད་པ། །ཐམས་ཅད་རང་བྱུང་གི་ནི་སྤྱན་གྱིས་གཟིགས། །བྱང་ཆུབ་སེམས་དཔའ་སྲོག་ཆགས་ཕན་འདོགས་པ། ། གང་དག་བྱང་ཆུབ་སྤྱོད་པ་མཆོག་སྤྱོད་ཅིང ། །ལ་ལ་གཞི་མེད་གནས་ནི་རྟོགས་གྱུར་པ། །ཐམས་ཅད་རང་བྱུང་འདྲེན་པ་དག་གིས་གཟིགས། །གང་གིས་སྲོག་ཆགས་ཤིན་ཏུ་ཕྲ་མཐོང་བ། །བདེ་གཤེགས་མིག་ནི་འདི་འདྲ་དྲི་མ་མེད། །མིག་སྟོབས་བསམ་གྱིས་མི་ཁྱབ་དགུ་པ་སྟེ། །རྒྱལ་སྲས་དེས་པ་རྣམས་ནི་མངོན་པར་དད། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དགུ་པ་སྟེ། སྟོབས་དེ་དང་ལྡན་པས་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་ཞིང་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་པ་ནས་
105b
སུས་ཀྱང་འཇིག་རྟེན་འདིར་ཆོས་དང་མཐུན་པ་ཞེས་བྱ་བའི་བར་དུའོ། །དེ་ལ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་གང་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པས་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཟག་པ་ཐམས་ཅད་ཟད་པས་བདག་སྐྱེ་བ་ནི། ཟད། ཚངས་པར་སྤྱོད་པ་ལ་ནི། བསྟེན། བྱ་བ་ནི། བྱས་ཏེ། འདི་ལ་སྲིད་པ་གཞན་མི་ཤེས་སོ། །ཞེས་ཟག་པ་མེད་པ། སེམས་རྣམ་པར་གྲོལ་བ། རང་གི་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་ལ་དེ་བཞིན་གཤེགས་པའི་ཟག་བཟད་པ་མཁྱེན་པའི་སྟོབས་དེ་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པའོ། །ཉན་ཐོས་ཀྱི་ཐེག་པའི་ཟག་པ་ཟད་པ་ནི། ཚད་དུ་བྱས་པའི་བག་ཆགས་ཡང་དག་པར་བཅོམ་པའོ། །རང་སངས་རྒྱས་ཀྱི་ཟག་པ་ཟད་པ་ནི། ཚད་ཡོད་པ་སྟེ། སྙིང་རྗེ་ཆེན་པོ་དང་བྲལ་བ། སྤོབས་པ་དང་བྲལ་བའོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པ། སྙིང་རྗེ་ཆེན་པོས་ཀུན་ཏུ་བཟུང་བ། མི་འཇིགས་པ་དང་སྤོབས་པ་ལ་ལྟ་བ།་འཇིག་རྟེན་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་སྟེ། སྐད་ཅིག་གཅིག་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ལས་ཀྱི་བག་ཆགས་མེད། ཉོན་མོངས་པའི་བག་ཆགས་
106a
༄#། །མེད།་སྤྱོད་ལམ་འཁྲུལ་པའི་བག་ཆགས་མེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ། ནམ་མཁའ་ཡོངས་སུ་དག་པས་རྡུལ་དང་དུ་བའི་འཁྲུག་པ་དང་ལྷན་ཅིག་ཏུ་མི་གནས་པ་དེ་བཞིན་དུ། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱང་ཉོན་མོངས་པའི་བག་ཆགས་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས་སོ། །དེ་ཟག་པ་ཟད་པར་མཁྱེན་པ་དེ་ལྟ་བུ་ལ་རབ་ཏུ་གནས་ནས་ཟག་པ་དང་བཅས་པ། ལེན་པ་དང་བཅས་པའི་སེམས་ཅན་རྣམས་ལ་ཟག་པ་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ལེན་པ་སྤང་བར་བྱ་བའི་ཕྱིར་ཆོས་སྟོན་ཏེ། ཀྱེ་མ་སེམས་ཅན་རྣམས་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་བྱུང་སྟེ། ཟག་པ་དང་ལེན་པ་རྣམས་མི་སྐྱེད་པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁྱོད་ཀྱིས་རབ་ཏུ་རྟོགས་ཤིག་།ཅེས་དེ་དག་ལ་དེ་བཞིན་གཤེགས་པས་དཔེ་དང་ཚུལ་གྱིས་ཅི་ནས་ཀྱང་ཟག་པ་རྣམས་ཡང་དག་པ་མ་ཡིན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་ཞིང ། ཤེས་ནས་ཀྱང་ཆོས་གང་ཡང་མི་ལེན་ཏེ། ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་ཏོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་ཟག་པ་རྣམས་རབ་ཏུ་མཁྱེན་ཏོ། །ཟག་པ་ཀུན་འབྱུང་བ་དང ། ཟག་པ་འགག་པ་དང ། ཟག་པ་འགག་པར་འགྱུར་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མཁྱེན་
106b
ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པ་མཁྱེན་པའི་སྟོབས་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟ་བ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །འདི་ལ་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །འདྲེན་པའི་ཟག་པ་མེད་པའི་ཡེ་ཤེས་ནི། ། རྒྱ་ཆེན་སྒྲིབ་མེད་དག་པ་ཚད་མེད་དོ། །སྟོབས་བཅུའི་སྟོབས་ནི་དེ་དང་ལྡན་པས་ན། ཞི་བའི་བྱང་ཆུབ་མཆོག་འདི་རབ་ཏུ་གསུང ། །ཉན་ཐོས་རྣམས་ཀྱི་ཟག་ཟད་ཡེ་ཤེས་ནི། བག་ཆགས་མ་བཅོམ་ཚད་དང་ལྡན་པ་ཡིན། །མི་ཡི་དམ་པ་འདྲེན་པ་མཆོག་རབ་ཀྱི། །བག་ཆགས་བཅོམ་ཞིང་ཚད་དང་ལྡན་མ་ཡིན། །དེ་བཞིན་རང་རྒྱལ་བྱང་ཆུབ་གང་རེག་པ། །དེ་ལ་སྙིང་རྗེ་ཆེ་དང་སྤོབས་པ་མེད། །བཅོམ་ལྡན་འདས་ནི་ཟག་པ་ཡོངས་ཟད་པ། །སྙིང་རྗེ་ཆེ་དང་སྤོབས་པ་ཚད་མེད་དོ། །སངས་རྒྱས་ཟག་ཟད་མཁྱེན་ལ་གནས་ནས་ནི། །འགྲོ་བའི་ཟག་པ་ཡང་དག་མ་ཡིན་ཞིང ། །རིགས་པའི་གནས་ཀྱི་ཚུལ་འདིར་མ་ཤེས་པས། །ཆོས་འདི་ཐམས་ཅད་ལོག་པར་ཞུགས་མཁྱེན་ཏེ། །དེ་ལ་རྒྱལ་བ་སྙིང་རྗེ་ཆེར་བསྐྱེད་ནས། །ཆོས་འདི་མི་རྟག་སྟོང་པ་བདག་མེད་ཆོས། །དངོས་མེད་གསོག་སྟེ་མཆོག་ཏུ་ཞི་བ་ཡི། ། ས་ལ་རྟོགས་ཤིག་ལྟོས་ཞེས་རབ་ཏུ་སྟོན། །འདི་ལ་སྐྱེས་བུ་སྲོག་དང་གང་ཟག་དང ། །ཤེད་སྐྱེས་ཤེད་བུ་བྱད་པ་བོ་ཡང་མེད། །ཆོས་འདི་ཐམས་ཅད་ལོག་པར་ནགས་པས་ན། །སྟོན་པ་སྙིང་རྗེ་
107a
༄#། །བསྐྱེད་ནས་ཐར་སྟོན་ཀྱང ། །བདེ་བར་གཤེགས་ལ་སྐྱོ་བ་ཡོད་མེད་དེ། །ཡང་དག་ཡེ་ཤེས་ནམ་ཡང་ཉམས་པ་མེད། །དེ་ཕྱིར་རྒྱལ་བ་རྟག་ཏུ་རྣལ་འབྱོར་སྦྱོར། ། འགྲོ་ལ་ཕན་ཕྱིར་ཆོས་རྣམས་རབ་ཏུ་སྟོན། །འདི་ནི་ཕ་རོལ་སྨྲ་བ་འཇོམས་པའི་སྟོབས། །མཐའ་ཡས་ནམ་མཁའ་འདྲ་བ་བཅུ་པ་སྟེ། །མགོན་པོ་སྟོབས་བཅུ་དེ་ལ་གནས་གྱུར་ནས། ། མཚུངས་མེད་འཁོར་ལོ་དམ་པ་རབ་ཏུ་བསྐོར། །ཤཱ་རིའི་བུ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་པ་སྟེ། སྟོབས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་ཞིང་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་སྟེ། འཇིག་རྟེན་འདིར་དགེ་སྦྱོང་ངམ། བྲམ་ཟེའི་བར་དུ་སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ།། །།བམ་པོ་དྲུག་པ། ཡང་ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མི་བྱེད། ཐེ་ཚོམ་མི་ཟ་བ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་
107b
འདུ་ཤེས་བསྐྱེད་ཅེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་བཞི་པོ་འདི་དག་སྟེ། མི་འཇིགས་པ་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང ། ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་སྟེ། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །བཞི་གང་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས། འཁོར་གྱི་ནང་དུ་ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་ཞལ་གྱིས་འཆེ་བ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་དེ་བཞིན་གཤེགས་པ་ལ་ཁྱོད་ཀྱིས་ཆོས་འདི་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །ཞེས་ཆོས་དང་མཐུན་པར་རྒོལ་བར་བྱེད་མི་ནུས་སོ། །དེ་ལ་ཇི་ལྟར་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མི་མཉམ་པ་མེད་པར་ཡང་དག་པར་མངོན་པར་སངས་རྒྱས་ཏེ་སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ཡིན་པ་དང ། འཕགས་པའི་ཆོས་རྣམས་གང་ཡིན་པ་དང ། སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་པ་དང ། སློབ་པའི་ཆོས་རྣམས་གང་ཡིན་པ་དང ། མི་སློབ་པའི་ཆོས་རྣམས་གང་ཡིན་པ་དང ། རང་སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་པ་དང ། བྱང་ཆུབ་སེམས་དཔའི་ཆོས་རྣམས་
108a
༄#། །མཉམ་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དང ། འཇིག་རྟེན་གྱི་ཆོས་རྣམས་གང་ཡིན་པ་དང ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་ཡིན་པ་དང ། ཁ་ན་མ་ཐོ་བ་དང་བཅས་པ་དང ། ཁ་ན་མ་ཐོ་བ་མེད་པ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་དང ། འདུས་བྱས་དང ། འདུས་མ་བྱས་དེ་དག་ཐམས་ཅད་མཉམ་པ་ཉིད་ཀྱིས་མཉམ་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་མཉམ་པ་ཉིད་གང་ཞེ་ན། ལྟ་བའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་མཉམ་མོ། །མཚན་མའི་ངོ་བོ་ཉིད་ཀྱིས་མཚན་མ་མེད་པར་མཉམ་མོ། །ཁམས་གསུམ་པའི་ངོ་བོ་ཉིད་ཀྱིས་སྨོན་པ་མེད་པར་མཉམ་མོ། །སྐྱེ་བའི་ངོ་བོ་ཉིད་ཀྱིས་མི་སྐྱེ་བར་མཉམ་མོ། །མངོན་པར་འདུ་བྱེད་པའི་ངོ་བོ་ཉིད་ཀྱིས་མངོན་པར་འདུ་མི་བྱེད་པར་མཉམ་མོ། །འབྱུང་བའི་ངོ་བོ་ཉིད་ཀྱིས་མི་འབྱུང་བར་མཉམ་མོ། །ཀུན་གཞིའི་ངོ་བོ་ཉིད་ཀྱིས་ཀུན་གཞི་མེད་པར་མཉམ་མོ། །དུས་གསུམ་གྱི་ངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མཉམ་མོ། །མ་རིག་པ་དང ། སྲིད་པ་དང ། སྲེད་པའི་ངོ་བོ་ཉིད་ཀྱིས་རིག་པ་དང་རྣམ་པར་གྲོལ་བར་མཉམ་མོ། །འཁོར་བའི་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པར་མཉམ་མོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པར་མངོན་པར་
108b
རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་དེ་ཡང་འཁོར་ཐམས་ཅད་ཤེས་པར་བྱེད་པ། འཁོར་ཐམས་ཅད་མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ཐམས་ཅད་ཀྱི་སེམས་ཚིམ་པ་སྐྱེད་པ། འཁོར་ཐམས་ཅད་དགའ་བ་དང ། རབ་ཏུ་དགའ་བ་དང ། དད་པ་སྐྱེད་པ། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱིས་མཉམ་པ། དེ་ཁོ་ན་ཉིད། དེ་བཞིན་ཉིད། གཞན་མ་ཡིན་པ་ཉིད། མི་འགྱུར་བ་ཉིད། མི་འཁྲུགས་པ་ཉིད། འབྱུང་བ་མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད་དེ། དེ་བཞིན་གཤེགས་པའི་མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་ནི། རྩོད་པ་མེད་པ། འཐབ་པ་མེད་པའོ། །དེ་བཞིན་ཉིད་ཀྱིས་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ལ་ཐོགས་པ་མེད་པའོ། །ཇི་ལྟར་དེ་བཞིན་གཤེགས་པས་འདི་ལྟ་བུའི་ཆོས་ཟབ་མོ་ཕྲ་བ་ཤེས་པར་བཀའ་བ་དེ་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། སྙིང་རྗེ་ཆེན་པོ་ལ་གནས་ནས་བསྟན་པ་སྣ་ཚོགས་དང ། རྣམ་གྲངས་སྣ་ཚོགས་ཀྱིས་སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་ལ་ཆོས་ཐམས་ཅད་ཡང་དག་པར་རབ་ཏུ་སྟོན་ཏེ། དེའི་
109a
༄#། །ཆོས་དེ་ཡང་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པའི་ཕྱིར་འབྱུང་ངོ ། །གང་སྟོན་པ་མ་ཡིན་ལ་སྟོན་པའོ། །ཞེས་ཁས་འཆེ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་ཁས་འཆེ་བ་དེ་དག་དེ་བཞིན་གཤེགས་པའི་མི་འཇིགས་པས་ཟིལ་གྱིས་ནོན་ནས་དེ་དག་རྒྱགས་པ་ཆད་དེ་ཕན་ཚུན་དུ་འབྲོས་སོ། །འདི་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་མི་འཇིགས་པ་མཐའ་ཡས་མུ་མེད་དེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་མི་འཇིགས་པ་ཡང་མཐའ་ཡས་མུ་མེད་དེ། ཤཱ་རིའི་བུ། གང་དེ་བཞིན་གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་ནི། ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །འདི་ནི། མི་འཇིགས་པ་དང་པོའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས་འཁོར་གྱི་ནང་དུ་གཤེགས་ནས་ང་ཟག་པ་ཟད་དོ། །ཞེས་ཞལ་གྱིས་འཆེ་སྟེ། དེ་ལ་ཁྱོད་ཀྱིས་ཟག་པ་འདི་དག་མ་ཟད་དོ། །ཞེས་དེ་བཞིན་གཤེགས་པ་ལ་ལྷར་
109b
བཅས་པའི་འཇིག་རྟེན་གྱིས་ཆོས་དང་མཐུན་པར་རྩོད་པར་བྱེད་པ་མེད་དོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི། འདི་དག་སྟེ། དེ་བཞིན་གཤེགས་པ་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བས་འདོད་ཆགས་ལ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་མོ། །སྲིད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བས་ཞེ་སྡང་ལ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་མོ། །མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བས་གཏི་མུག་ལ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་མོ། །ལྟ་བའི་ཟག་པ་ལས་སེམས་རྣམ་པར་གྲོལ་བས་ཉོན་མོངས་པ་ལ་སྤྱོད་པའི་བག་ཆགས་ཐམས་ཅད་བཅོམ་སྟེ། དེའི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་བཟུང་སྟེ་དེ་བཞིན་གཤེགས་པ་ཟག་པ་ཟད་པའོ། །ཞེས་བྱའོ། །དོན་དམ་པར་ན་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡོངས་སུ་ཤེས་པའམ། སྤང་བའམ། བསྒོམ་པའམ། མངོན་དུ་འགྱུར་བའི་ཆོས་གང་ཡང་མི་འདུག་གོ་།དེ་ཅིའི་ཕྱིར་ཞེ་ན། གང་ཟད་པ་ཞེས་བྱ་བ་དེ་ནི། ནམ་དུ་ཡང་མི་ཟད་པ་མ་ཡིན་ནོ། །དེ་ནི། ཤིན་ཏུ་ཟད་པ་ཉིད་ཡིན་གྱི། གཉེན་པོས་ཟད་པ་ཞེས་མི་བྱ་སྟེ། དེ་ནི། ཇི་ལྟ་བ་བཞིན་དུ་ཟད་པའོ། །གང་ཇི་ལྟ་བ་བཞིན་དུ་ཟད་པ་དེ་ལ་ཟད་པ་གང་ཡང་མེད་དོ། །གང་ལ་ཟད་པ་གང་ཡང་མེད་པ་དེ་ནི། འདུས་མ་བྱས་པའོ། །དེ་ལ་སྐྱེ་བ་མེད་པ། འཇིག་པ་མེད་པ། གནས་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་བྱུང་ཡང་རུང ། མ་བྱུང་ཡང་རུང་སྟེ། ཆོས་
110a
༄#། །ཉིད་ཆོས་ཀྱི་དབྱིངས་ནི། གནས་པ་ཉིད་དེ། དེ་བཞིན་དུ་དེ་ལ་ཡེ་ཤེས་ཞུགས་སོ། །གང་ལ་འཇུག་པ་མེད་ཅིང་མི་འཇུག་པ་ཡང་མེད་པ་ཡང་དེ་ལྟར་ཞུགས་ཏེ། དེ་ལྟ་བུའི་ཆོས་ཀྱི་ཚུལ་གྱིས་ཟག་པ་དང་ཟད་པ་སྤོང་བ་མི་དམིགས་ཏེ། དེ་བཞིན་གཤེགས་པ་ནི། སྙིང་རྗེ་ཆེན་པོ་ལ་གནས་ནས་ཟག་པ་སྤོང་བའི་ཕྱིར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་དེ་ནི། འཁོར་ཐམས་ཅད་ཤེས་པར་བྱེད་དེ། འཁོར་ཐམས་ཅད་མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ཐམས་ཅད་ཀྱི་སེམས་ཚིམ་པ་སྐྱེད་པ།་འཁོར་ཐམས་ཅད་དགའ་བ་དང ། རབ་ཏུ་དགའ་བ་དང ། དད་པ་སྐྱེད་པ། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱིས་མཉམ་པ། དེ་ཁོ་ན་ཉིད། དེ་བཞིན་ཉིད། གཞན་མ་ཡིན་པ་ཉིད། མི་འགྱུར་བ་ཉིད། མི་འཁྲུགས་པ་ཉིད། འབྱུང་བ་མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད་དེ། དེ་བཞིན་གཤེགས་པའི་མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་ནི། རྩོད་པ་མེད་པ། འཐབ་པ་མེད་པའོ། །དེ་བཞིན་ཉིད་ཀྱིས་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ། འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ལ་ཐོགས་པ་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད། བསམ་གྱིས་མི་ཁྱབ། གྲངས་མེད། དཔག་ཏུ་མེད་པའི་ཆོས་དང་ལྡན་ཞིང་སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་
110b
པའི་སེམས་ཀྱིས་ཟག་པ་སྤོང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་མཐའ་ཡས་པ་ནས་གང་དེ་བཞིན་གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་དེ་ནམ་མཁའི་མཐའ་འདོད་དོ། །ཞེས་པའི་བར་དུ་སྟེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་མི་འཇིགས་པ་གཉིས་པ་སྟེ། དེ་བཞིན་གཤེགས་པ་མི་འཇིགས་པ་དེ་དང་ལྡན་ཞེས་བྱ་བ་ནས་འཇིག་རྟེན་འདིར་ཆོས་དང་མཐུན་པར་ཞེས་བྱ་བའི་བར་དུའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས། འཁོར་གྱི་ནང་དུ་གཤེགས་ནས་བར་དུ་གཅོད་པའི་ཆོས་རྣམས་ལ་བར་དུ་གཅོད་དོ། །ཞེས་ཞལ་གྱིས་འཆེ་བ་དེ་ལ་གོང་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ལྷར་བཅས་པའི་འཇིག་རྟེན་གྱིས་འདི་ནི། བར་དུ་གཅོད་པར་འགྱུར་བའི་ཆོས་མ་ཡིན་ནོ། །ཞེས་རྒོལ་བར་བྱེད་པ་མེད་པའི་བར་དུའོ། །དེ་ལ་བར་དུ་གཅོད་པའི་ཆོས་གང་ཞེ་ན། འདི་ལྟ་སྟེ། བར་དུ་གཅོད་པར་འགྱུར་བའི་ཆོས་གཅིག་སྟེ། གཅིག་གང་ཞེ་ན། འདི་ལྟ་སྟེ། བག་མེད་པའི་སེམས་སོ། །བར་དུ་གཅོད་པར་འགྱུར་བའི་
111a
༄#། །ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ངོ་ཚ་མི་ཤེས་པ་དང ། ཁྲེལ་མེད་པའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང ། ངག་གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འགྲོ་བ་མ་ཡིན་པར་འགྲོ་བ་བཞི་ལ། འདུན་པས་འགྲོ་བ་མ་ཡིན་པར་འགྲོ་བ་དང ། ཞེ་སྡང་དང ། གཏི་མུག་དང ། འཇིགས་པས་འགྲོ་བ་མ་ཡིན་པར་འགྲོ་བའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། བརྫུན་དུ་སྨྲ་བ་དང ། ཆང་འཐུང་བའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་མ་གུས་པ་དང ། ཆོས་དང ། དགེ་འདུན་དང ། བསླབ་པ་དང ། ཏིང་ངེ་འཛིན་དང ། གཏོང་བ་ལ་མ་གུས་པའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་བདུན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། ང་རྒྱལ་དང ། ཆེ་བའི་ང་རྒྱལ་དང ། ང་རྒྱལ་ལས་ཀྱང་ང་རྒྱལ་དང ། ངའོ་སྙམ་པའི་ང་རྒྱལ་དང ། ལོག་པའི་ང་རྒྱལ་དང ། མངོན་པའི་ང་རྒྱལ་དང ། ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །བར་དུ་གཅོད་པར་འགྱུར་བའི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལོག་པའི་ལྟ་བ་དང ། ལོག་པའི་རྟོག་པ་དང ། ལོག་པའི་ངག་དང ། ལོག་པའི་ལས་ཀྱི་མཐའ་
111b
དང ། ལོག་པའི་འཚོ་བ་དང ། ལོག་པའི་རྩོལ་བ་དང ། ལོག་པའི་དྲན་པ་དང ། ལོག་པའི་ཏིང་ངེ་འཛིན་ཏོ། །བར་དུ་གཅོད་པར་འགྱུར་བའི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། བདག་ལ་གནོད་པ་བྱས་སོ། །ཞེས་ཀུན་ནས་མནར་སེམས་བསྐྱེད་པ་དང ། གནོད་པ་བྱེད་དོ། །ཞེས་ཀུན་ནས་མནར་སེམས་བསྐྱེད་པ་དང ། གནོད་པར་བྱེད་པར་འགྱུར་རོ། །ཞེས་ཀུན་ནས་མནར་སེམས་བསྐྱེད་པ་དང ། བདག་གི་མཛའ་བོ་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །ཞེས་སེམས་ལ་ཀུན་ནས་མནར་སེམས་བསྐྱེད་པ་དང ། བདག་དང་མི་མཛའ་བའི་དོན་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །ཞེས་ཀུན་ནས་མནར་སེམས་བསྐྱེད་པའོ། །བར་དུ་གཅོད་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡིན་ཏེ། འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པར་གཡེམ་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་པ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བའོ། །དེ་ལྟར་ཤཱ་རིའི་བུ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ཀུན་ཏུ་སྦྱོར་བ་ཇི་སྙེད་པའི་ཆོས་དེ་དག་གིས་རོ་མྱོང་བ་ལ་རྗེས་སུ་ལྟ་ཞིང ། གནས་པ་དང ། ཕྱིན་ཅི་ལོག་དང་ལྡན་པ་དང ། འབྱུང་བ་ལ་ཀུན་ནས་ལྡང་བ་དང ། སྲེད་པ་དང ། ལྟ་བ་ལ་མངོན་པར་ཞེན་པའི་ཟང་ཟིང་དང་བཅས། ཕུང་པོ་དང་བཅས་པའི་ལུས་ཀྱི་
112a
༄#། །ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་བར་དུ་གཅོད་པར་མཁྱེན་ཏོ། །བར་དུ་གཅོད་པར་མཁྱེན་ནས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །ཆོས་བཅུ་པོ་དེ་དག་ནི་བར་དུ་གཅོད་པར་འགྱུར་པ་སྟེ། དེ་དག་ཞི་བར་བྱ་བ་དང ། ཉེ་བར་ཞི་བར་བྱ་བ་དང ། སྤོང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་དེ་ཡང་འཁོར་ཐམས་ཅད་ཤེས་པར་བྱེད་པ། འཁོར་ཐམས་ཅད་མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ཐམས་ཅད་ཀྱི་སེམས་ཚིམ་པ་སྐྱེད་པ། འཁོར་ཐམས་ཅད་དགའ་བ་དང ། རབ་ཏུ་དགའ་བ་དང ། དད་པ་བསྐྱེད་པ་དང ། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱིས་མཉམ་པ། དེ་ཁོ་ན་ཉིད། དེ་བཞིན་ཉིད། གཞན་མ་ཡིན་པ་ཉིད། མི་འགྱུར་བ་ཉིད། མི་འཁྲུགས་པ་ཉིད། འབྱུང་བ་མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད། དེ་བཞིན་གཤེགས་པའི་མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་རྩོད་པ་མེད་པ། འཐབ་པ་མེད་པའོ། །དེ་བཞིན་ཉིད་དང་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ། འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ལ་ཐོགས་པ་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། བརྗོད་དུ་
112b
མེད་པའི་ཆོས་དང་ལྡན་ཞིང་སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པའི་སེམས་ཀྱི་བར་དུ་གཅོད་པའི་ཆོས་རྣམས་ཞི་བར་བྱ་བ་དང ། སྤང་བར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་མི་འཇིགས་པ་མཐའ་ཡས་མུ་མེད་པ་ནས་གང་དེ་བཞིན་གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་དེ་ནམ་མཁའི་མཐའ་འདོད་པ་ཞེས་བྱ་བའི་བར་དུ་སྟེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོ་མ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ། འདི་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་གསུམ་པ་སྟེ། མི་འཇིགས་པ་དེ་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་གཤེགས་ནས་ཞེས་བྱ་བ་ནས་སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་ཞེས་བྱ་བའི་བར་དུའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ལྡན་པས། སེམས་ཅན་རྣམས་གང་ལ་བརྟེན་པས་ངེས་པར་འབྱུང་བར་འགྱུར་བ་འཕགས་པའི་ངེས་པར་འབྱུང་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ལམ་རབ་ཏུ་མཁྱེན་ཏེ། དེ་ལ་འདི་ནི་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཆོས་དང་མཐུན་པས་རྒོལ་བར་བྱེད་མི་ནུས་སོ། །ངེས་པར་འབྱུང་བའི་ལམ་གཅིག་སྟེ་གཅིག་གང་ཞེ་ན། འདི་
113a
༄#། །ལྟ་སྟེ། བགྲོད་པ་གཅིག་པུའི་ལམ་སྟེ། གང་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བའོ། །ངེས་པར་འབྱུང་བའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་དང ། ལྷག་མཐོང་ངོ ། །ངེས་པར་འབྱུང་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའོ། །ངེས་པར་འབྱུང་བའི་ཆོས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་སུ་གཏོགས་པའི་དྲན་པ་དང ། ཚོར་བར་གཏོགས་པའི་དྲན་པ་དང ། སེམས་སུ་གཏོགས་པའི་དྲན་པ་དང ། ཆོས་སུ་གཏོགས་པའི་དྲན་པ་སྟེ། འདི་ནི། ངེས་པར་འབྱུང་བའི་ཆོས་བཞིའོ། །ངེས་པར་འབྱུང་བའི་ཆོས་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་དབང་པོ་དང ། དྲན་པའི་དབང་པོ་དང ། ཏིང་ངེ་འཛིན་གྱི་དབང་པོ་དང ། ཤེས་རབ་ཀྱི་དབང་པོ་སྟེ། འདི་ནི། ངེས་པར་འབྱུང་བའི་ཆོས་ལྔའོ། །ངེས་པར་འབྱུང་བའི་ཆོས་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང ། གཏོང་བ་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པ་སྟེ། འདི་ནི། ངེས་པར་འབྱུང་བའི་ཆོས་དྲུག་གོ་།ངེས་པར་འབྱུང་བའི་ཆོས་བདུན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་
113b
ལག་དང ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། འདི་བདུན་ཡང་གོང་མ་བཞིན་ནོ། །ངེས་པར་འབྱུང་བའི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་བརྒྱད་ཀྱང་གོང་མ་བཞིན་ནོ། །མཆོག་ཏུ་དགའ་བའི་རྩ་བ་ལས་སྐྱེས་པའི་ཆོས་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། མཆོག་ཏུ་དགའ་བ་དང ། དགའ་བ་དང ། ཤིན་ཏུ་སྦྱངས་པ་དང ། བདེ་བ་དང ། ཏིང་ངེ་འཛིན་དང ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་དང ། མྱ་ངན་ལས་འདས་པ་དང ། འདོད་ཆགས་དང་བྲལ་བ་དང ། རྣམ་པར་གྲོལ་བ་སྟེ། འདི་དགུ་ཡང་གོང་མ་བཞིན་ནོ། །ངེས་པར་འབྱུང་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་མོ། །འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང ། མ་བྱིན་པར་ལེན་པ་སྤངས་པ་དང ། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ་དང ། བརྫུན་དུ་སྨྲ་བ་སྤངས་པ་དང ། ཕྲ་མ་
114a
༄#། །སྤངས་པ་དང ། ངག་རྩུབ་པོ་སྤངས་པ་དང ། ཚིལ་ཀྱལ་པ་སྤང་པ་དང ། བརྣབ་སེམས་སྤངས་པ་དང ། གནོད་སེམས་མེད་པ་དང ། ཡང་དག་པར་ལྟ་བ་སྟེ། འདི་ཡང་གོང་མ་བཞིན་ཏེ། ལམ་དེ་ནི། ངེས་པར་འབྱུང་བར་འགྱུར་རོ། །འདི་ལྟར་ཤཱ་རིའི་བུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དགེ་བ་ཇི་སྙེད་པ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པའམ། ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པའམ། ཤེས་རབ་ཀྱི་ཕུང་པོ་དང་ལྡན་པའམ། རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་པའམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པའམ། འཕགས་པའི་བདེན་པ་དང་ལྡན་པ་དེ་དག་ཀྱང་ངེས་པར་འབྱུང་བའི་ལམ་ཞེས་བྱའོ། །གཞན་ཡང་ངེས་པར་འབྱུང་བ་ཞེས་པ་ནི། ཡང་དག་པར་སྒྲུབ་པ་གང་ཡིན་པ་སྟེ། གང་ཡང་དག་པར་སྒྲུབ་པ་དེ་ལ་ནི། ཆོས་གང་ཡང་གསོག་པའམ། འབྲི་བའམ། བླང་བའམ། དོར་བའམ། གཟུང་བའམ། སྤང་བ་མེད་དོ། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་སྒྲུབ་པ་ལ་ཞུགས་པ་ནི། གཉིས་ལ་བློ་མི་འཇུག་སྟེ། ཆོས་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་ནི། ངེས་པར་འབྱུང་བའི་ལམ་སྟེ། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ལམ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་དེ་ཡང་འཁོར་ཐམས་ཅད་ཤེས་པར་བྱེད་པ། འཁོར་ཐམས་ཅད་
114b
མགུ་བར་བྱེད་པ། འཁོར་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ། འཁོར་ཐམས་ཅད་ཀྱི་སེམས་ཚིམ་པ་སྐྱེད་པ། འཁོར་ཐམས་ཅད་དགའ་བ་དང ། རབ་ཏུ་དགའ་བ་དང ། དད་པ་སྐྱེད་པ། སྙིང་རྗེ་ཆེན་པོས་སྦྱོར་བ། དེ་བཞིན་ཉིད་ཀྱིས་མཉམ་པ། དེ་ཁོ་ན་ཉིད། དེ་བཞིན་ཉིད། གཞན་མ་ཡིན་པ་ཉིད། མི་འགྱུར་བ་ཉིད། མི་འཁྲུག་པ་ཉིད། འབྱུང་བ་མེད་པ་ཉིད། འཇིག་པ་མེད་པ་ཉིད། རྩོད་པ་མེད་པ་ཉིད་དེ། དེ་བཞིན་གཤེགས་པའི་མི་འཇིགས་པ་ལ་རྩོད་པ་གང་ཡང་མེད་དོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་ནི། རྩོད་པ་མེད་པ། འཐབ་པ་མེད་པའོ། །དེ་བཞིན་ཉིད་དང་མཉམ་ཞིང་ཆོས་ཀྱི་དབྱིངས་ངོས་མཉམ་པ། འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ལ་ཐོགས་པ་མེད་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། དཔག་ཏུ་མེད། བརྗོད་དུ་མེད་པའི་ཆོས་དང་ལྡན་ཞིང་སྙིང་རྗེ་ཆེན་པོས་ཟིན་པའི་སེམས་ཀྱིས་སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ལམ་ཡང་དག་པར་རབ་ཏུ་སྟོན་ཏེ། དེ་སོ་སོར་རྟོག་པས་སེམས་ཅན་དེར་འཇུག་པ་རྣམས་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་ཅིང་ངེས་པར་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་པ་སྟེ། མི་འཇིགས་པ་དེ་དང་ལྡན་པས། དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་
115a
༄#། །སྒྲོག་ཅིང ། ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་སྟེ། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་འདིར་ཆོས་དང་མཐུན་པར་མ་བསྐོར་བ་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཏོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་མཐའ་ཡས་མུ་མེད་དོ། །འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ཡང་མཐའ་ཡས་མུ་མེད་དོ། །སེམས་ཅན་ཐམས་ཅད་ཀྱིས་ཟད་པར་མི་འགྱུར་རོ། །ཤཱ་རིའི་བུ། གང་དེ་བཞིན་གཤེགས་པའི་མི་འཇིགས་པའི་མཐའ་འདོད་པ་དེ་ནི། ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་ཀུན་མཉམ་པ་ཉིད་མཉམ་པར། །རང་བྱུང་བས་ནི་རྗེས་སུ་རྟོགས། །དེ་ཕྱིར་ཡང་དག་མངོན་སངས་རྒྱས། །དེ་བཞིན་གཤེགས་པས་མཉམ་པ་གཟིགས། །སོ་སོའི་
115b
སྐྱེ་བོའི་ཆོས་གང་ཡིན། །དེ་དག་སངས་རྒྱས་ཆོས་དང་མཉམ། །སློབ་དང་མི་སློབ་ཆོས་རྣམས་དང ། །རང་རྒྱལ་གྱི་ནི་ཆོས་ཉིད་དང ། །གང་དག་འཇིག་རྟེན་ཆོས་རྣམས་དང ། གང་དག་འཇིག་རྟེན་འདས་ཆོས་དང ། །དགེ་དང་མི་དགེ་མི་གཡོ་རྣམས། །མྱ་ངན་འདས་པའི་ལམ་དང་འདྲ། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་ལམ་དག་ནི་རྣམ་པར་སྤངས། །མ་སྐྱེས་མངོན་པར་འདུ་མི་བྱེད། །འདི་ནི་མཉམ་པ་ཉིད་དུ་བསྟན། །འདི་དག་མཉམ་པ་ཉིད་རྟོགས་ནས། །ཐུབ་པ་ཆེན་པོ་མི་འཇིགས་པ། གང་གིས་སེམས་ཅན་གྲོལ་འགྱུར་བ། །དེ་བཞིན་དུ་ཡང་རབ་ཏུ་སྟོན། །འཇིག་རྟེན་གསུམ་ལས་རྣམ་པར་གྲོལ། །རྣམ་པར་ཐར་པ་རབ་ཏུ་སྟོན། །མི་དབང་གི་ནི་མི་འཇིགས་པ། །གཉིས་པ་ཡང་དག་རབ་ཏུ་བསྟན། །རྒྱལ་བས་གང་ཆོས་རྗེས་སུ་སངས་རྒྱས་པ། །མ་བསྟེན་པར་ནི་རྣམ་པར་གྲོལ་མི་འཐོབ། །བག་མེད་པ་དང་ཁྲེལ་བ་མེད་གྱུར་དང ། །གང་ལ་ངོ་ཚ་ཅི་ཡང་མེད་པ་དང ། །ལུས་དང་ངག་རྣམས་དང་ནི་ཡིད་ཀྱིས་སུ། །གང་དག་སྡོམ་པ་ནམ་ཡང་ཡོད་མིན་དང ། །འདུན་དང་ཞེ་སྡང་གཏི་མུག་འཇིགས་པ་དང ། སྲོག་གཅོད་པ་དང་གཞན་ལ་འཚེ་བ་དང ། གཞན་གྱི་ཆུང་མ་དེ་བཞིན་བརྫུན་དང་ཆང ། །ང་རྒྱལ་མི་གུས་དེ་བཞིན་བདུན་པའོ། །གང་དག་ལོག་པར་སྨྲ་བ་བརྒྱད་པ་སྟེ། ཐམས་ཅད་རྣམ་པར་གྲོལ་བའི་ལམ་རྒྱུད་གཅོད། །གང་དག་མནར་སེམས་དགུ་དང་ཉེས་མང་དང ། མི་དགེ་བཅུ་ཡི་ལས་ཀྱི་ལམ་རྣམས་དང ། གང་དག་ཚུལ་མིན་ཞི་བ་མི་
116a
༄#། །ཤེས་པ། །དེ་དག་ལ་ནི་ནམ་ཡང་ཐར་པ་མེད། །ཕྱིན་ཅི་ལོག་ལ་ཞུགས་པར་རིག་གྱུར་ནས། །བག་མེད་ཡང་དག་མ་ཡིན་སྨྲ་ལ་ཆགས། །རྒྱལ་བ་རྣམས་ཀྱི་མི་འཇིགས་གསུམ་པ་སྟེ། །ཆོས་ཉིད་འདི་དག་ལ་ནི་བསྙེན་པར་བྱ། །གང་དག་རྣམ་སྦྱོང་སྒོ་ནི་ཚད་མེད་ལ། །མི་གང་སྟོན་པ་བྱང་ཆུབ་རེག་པར་འགྱུར། །རྒྱལ་བ་ཉིད་ཀྱིས་མ་ཐོས་ཐམས་ཅད་རིག་།ཤེས་ནས་མི་འཆིར་འགྲོ་བའི་ཆོས་འཆད་དོ། །ཇི་ཙམ་དགེ་བའི་ཆོས་ནི་མང་ཡོད་པ། །བྱང་ཆུབ་ཕྱོགས་དགེ་རྒྱལ་བས་བསྔགས་པ་ལ། །བསྟེན་པ་རྣམ་པར་ཐར་པ་མི་འཐབ་པ། །གནས་མེད་པར་ནི་སྟོབས་བཅུ་རྣམས་ཀྱིས་བཤད། །ཚུལ་བཞིན་གྱིས་ནི་ཉོན་མོངས་མང་པོ་ཞི། །ཡང་དག་ཆོས་དགེ་མཉམ་པ་མེད་ལྡན་ཞིང ། །ཆོས་དང་ཆོས་མ་ཡིན་ལ་དེ་མི་ཆགས། །ཞི་བ་མྱ་ངན་མེད་པ་རྣམ་གྲོལ་རེག་།གསོག་གསོབ་ནམ་མཁའ་འདྲ་ཞིང་ཡ་མ་བརླ། །སྒྱུ་མའི་གཟུགས་འདྲ་ནམ་མཁའ་ལྟ་བུ་དང ། །དགེ་ཆོས་རྣམ་པ་གང་གིས་རབ་ཤེས་པ། །དེ་ནི་སྲིད་པའི་མཚོ་ལས་ཐར་པར་འགྱུར། །ཐུབ་པ་སྟོབས་བཅུ་རྣམས་ཀྱི་ཆོས་འདི་ནི། །འགྲོ་བ་གང་མོས་སྲིད་པར་འགྲོ་བ་ལ། །སྙིང་རྗེ་སྙིང་བརྩེ་བྱས་ནས་ཐར་བྱེད་དེ། །མི་འཇིགས་བཞི་པ་ནམ་མཁའ་འདྲ་བའོ། །དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མི་འཇིགས་པ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དང ། ཡིད་ཆེས། རབ་ཏུ་རྟོག་
116b
སོམ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང་རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག། སོམ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་ཅེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི། སེམས་ཅན་ཐམས་ཅད་རྗེས་སུ་མི་གཏོང་ཞིང་རྟག་ཏུ་འཇུག་པ། སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་སྟེ། མི་ལྡོག་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་དེ་ཡང་ཇི་ལྟར་དག་གི་ལས་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱ་བ་སླ་བ་མ་ཡིན་པ་དེ་ལྟར་བསམ་གྱིས་མི་ཁྱབ། དེ་ལྟར་མཚུངས་པ་མེད། དེ་ལྟར་དཔག་ཏུ་མེད། དེ་ལྟར་བརྗོད་དུ་མེད། དེ་ལྟར་མི་བཟད་ཅིང་ཁོང་དུ་ཆུད་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པས་བྱང་ཆུབ་ཐོབ་པ་དེ་ལྟར་སེམས་ཅན་ལ་དེ་བཞིན་གཤེགས་པས་སྙིང་རྗེ་ཆེན་པོ་འཇུག་སྟེ། བྱང་ཆུབ་ཅི་འདྲ་བ་སྙིང་རྗེ་ཆེན་པོ་ཡང་དེ་འདྲའོ། །དེ་བཞིན་གཤེགས་པས་བྱང་ཆུབ་ཇི་ལྟར་ཐོབ་ཅེ་ན། དེ་བཞིན་གཤེགས་པས་རྩ་བ་མེད་པ་གནས་མེད་པའི་བྱང་ཆུབ་ཐོབ་བོ། དེ་ལ་རྩ་བ་གང ། གནས་གང་ཞེ་ན། འཇིག་ཚོགས་ནི། རྩ་བའོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི། གནས་སོ། །
117a
༄#། །དེ་བཞིན་གཤེགས་པས་བྱང་ཆུབ་མཉམ་པ་ཉིད་ཀྱི་ཕྱིར་དེ་དག་མཉམ་པར་མཁྱེན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པས་རྩ་བ་མེད་པ་གནས་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་སྟེ། སེམས་ཅན་འདི་དག་ནི། རྩ་བ་མེད་པ། གནས་མེད་པ་མི་ཤེས་པ་དེ་དག་ཤེས་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་ནི། ཞི་བ་དང ། ཉེ་བར་ཞི་བའོ། །དེ་ཇི་ལྟར་ཞི། ཇི་ལྟར་ཉེ་བར་ཞི་ཞེ་ན། ནང་ཞི་བའོ། །ཕྱི་རོལ་ཉེ་བར་ཞི་བའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི། བདག་གམ་བདག་གིས་སྟོང་སྟེ། དེའི་རང་བཞིན་ནི། འདི་ཡིན་པས་ན། དེའི་ཕྱིར་ཞི་བ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ནི། བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་པས་ན། དེའི་ཕྱིར་ཞི་བ་ཞེས་བྱའོ། །དེ་མིག་སྟོང་པར་ཡོངས་སུ་ཤེས་ནས་གཟུགས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་བ་ཞེས་བྱའོ། །ཡིད་ཀྱི་བར་དུ་ཡང་སྟོང་པར་ཡོངས་སུ་ཤེས་ནས་ཆོས་ལ་མི་རྒྱུག་སྟེ། དེའི་ཕྱིར་ཉེ་བར་ཞི་ཞེས་བྱ་ན། སེམས་ཅན་འདི་དག་ནི། ཞི་བ་དང ། ཉེ་བར་ཞི་བ་འདི་མི་ཤེས་ཏེ། དེ་དག་ཤེས་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞན་ཡང་ཤཱ་རིའི་བུ། ངས་ནི། རང་བཞིན་གྱིས་འོད་
117b
གསལ་བ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཇི་ལྟར་འོད་གསལ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པ་མེད་པ་སྟེ། ནམ་མཁའ་ལྟ་བུའོ། །ནམ་མཁའི་རང་བཞིན་ནོ། །ནམ་མཁའ་ནི། རྗེས་སུ་འབྲང་བའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། དེ་ནི། རང་བཞིན་གྱིས་ཤིན་ཏུ་འོད་གསལ་བས་ན། རང་བཞིན་གྱིས་འོད་གསལ་བ་འདི་ཁོང་དུ་མ་ཆུད་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གློ་བུར་གྱི་ཉོན་མོངས་པས་ཀུན་ནས་ཉོན་མོངས་ཏེ། སེམས་ཅན་རྣམས་རང་བཞིན་གྱིས་འོད་གསལ་བ་འདི་མི་ཤེས་པས། དེ་དག་རང་བཞིན་གྱིས་འོད་གསལ་བ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། གཞན་ཡང་ཤཱ་རིའི་བུ། ངས་ནི། བླང་བ་མེད་པ་དང ། དོར་བ་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་བླང་བ་མེད་པ་གང ། དོར་བ་མེད་པ་གང་ཞེ་ན། བླང་བ་མེད་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མི་འཛིན་པའོ། །དོར་བ་མེད་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རབ་ཏུ་འཛིན་པ་མེད་པའོ། །དེ་ལ་དེ་བཞིན་གཤེགས་པས་བླངས་བ་མེད་པ་དང ། དོར་བ་མེད་པའི་ངོ་བོ་ཉིད་མཉམ་པ་ཉིད་དུ་གཟིགས་ཏེ། ཇི་ལྟར་དེ་བཞིན་གཤེགས་པས་ཚུ་རོལ་མེད་པ་དང ། ཕ་རོལ་མེད་པར་གཟིགས་པ་དེ་ལྟར་ཆོས་ཐམས་ཅད་ཚུ་རོལ་དང ། ཕ་རོལ་དང་བྲལ་བར་དེ་བཞིན་གཤེགས་པས་མངོན་པར་རྫོགས་
118a
༄#། །པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །བླང་བ་མེད་པ་དང ། དོར་བ་མེད་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞན་ཡང་ཤཱ་རིའི་བུ། ངས་མཚན་མ་མེད་པ་དང ། དམིགས་པ་མེད་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་མཚན་མ་མེད་པ་གང ། དམིགས་པ་མེད་པ་གང་ཞེ་ན། མིག་གིས་རྣམ་པར་ཤེས་པ་མི་དམིགས་པ་ནི། མཚན་མ་མེད་པའོ། ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི། དམིགས་པ་མེད་པའོ། །ཡིད་ཀྱིས་རྣམ་པར་ཤེས་པའི་བར་དུ་མི་དམིགས་པ་ནི། མཚན་མ་མེད་པའོ། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི། དམིགས་པ་མེད་པའོ། །དེ་ལྟར་ཤཱ་རིའི་བུ། མཚན་མ་མེད་པ་དང ། དམིགས་པ་མེད་པ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་གང་ཞེ་ན།་ཁམས་གསུམ་པ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། གང་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དེ་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པས། དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།གང་ཤཱ་རིའི་བུ། བྱང་ཆུབ་ནི། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་
118b
བྱུང་བ་མ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་ཆད་པའོ། །དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག་པ་དང ། མ་འོངས་པ་ལ་རྣམ་པར་ཤེས་པ་རྗེས་སུ་མི་རྒྱུག་པ་དང ། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་པ་སྟེ། དེ་སེམས་དང ། ཡིད་དང ། རྣམ་པར་ཤེས་པ་ལ་མི་གནས་པས་འདས་པ་ལ་མི་རྟོག་།མ་འོངས་པ་ལ་རློམ་སེམས་སུ་མི་བྱེད། ད་ལྟར་བྱུང་བ་ལ་སྤྲོས་པར་མི་བྱེད་པ་འདི་ནི། དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་དག་པ་ཡིན་ན། སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།ཤཱ་རིའི་བུ། ངས་བྱང་ཆུབ་ནི། ལུས་མེད་པ། མངོན་པར་འདུས་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནི། མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །འདུས་མ་བྱས་ཞེས་བྱ་བ་ནི། གང་མ་སྐྱེས་པ། མི་འཇིག་པ། མི་གནས་པ་དེ་ནི། འཁོར་གསུམ་དང་བྲལ་བ་འདུས་མ་བྱས་ཞེས་བྱའོ། །འདུས་མ་བྱས་ཇི་ལྟ་བར་འདུས་བྱས་ཀྱང་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ནི། དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ལ་གཉིས་སུ་མེད་དེ། ལུས་མེད་པ།
119a
༄#། །མངོན་པར་འདུས་མ་བྱས་པ་དེ་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།ཤཱ་རིའི་བུ། ངས་བྱང་ཆུབ་ནི། དབྱེར་མེད་པ་དང ། གནས་སུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལ་དབྱེར་མེད་པ་གང ། གནས་གང་ཞེ་ན། དེ་ལ་དེ་བཞིན་ཉིད་ནི། གནས་སོ། །གནས་མེད་པ་ནི། དབྱེར་མེད་པའོ། །ཆོས་ཀྱི་དབྱིངས་ནི། གནས་སོ། །ཐ་དད་པ་མེད་པ་ནི། དབྱེར་མེད་པའོ། །ཡང་དག་པའི་མཐའ་ནི། གནས་སོ། ། གཡོ་བ་མེད་པ་ནི། དབྱེར་མེད་པའོ། །སྟོང་པ་ཉིད་ནི། གནས་སོ། །དམིགས་སུ་མེད་པ་ནི། དབྱེར་མེད་པའོ། །མཚན་མ་མེད་པ་ནི། གནས་སོ། །རྣམ་པར་མི་རྟོག་པ་ནི། དབྱེར་མེད་པའོ། །སྨོན་པ་མེད་པ་ནི། གནས་སོ། །འཇུག་པ་མེད་པ་ནི། དབྱེར་མེད་པའོ། །སེམས་ཅན་མེད་པ་ནི། གནས་སོ། །སེམས་ཅན་མེད་པའི་རང་བཞིན་ནི། དབྱེར་མེད་པའོ། ། ནམ་མཁའ་ནི། གནས་སོ། །མི་དམིགས་པ་ནི། དབྱེར་མེད་པའོ། །མི་སྐྱེ་བ་ནི། གནས་སོ། །མི་འགག་པ་ནི། དབྱེར་མེད་པའོ། །འདུས་མ་བྱས་ནི། གནས་སོ། །རྒྱུ་བ་མེད་པ་ནི། དབྱེར་མེད་པའོ། །བྱང་ཆུབ་ནི། གནས་སོ། །ཉེ་བར་ཞི་བ་ནི། དབྱེར་མེད་པའོ། །མྱ་ངན་ལས་འདས་པ་ནི། གནས་སོ། །མངོན་པར་མི་འགྲུབ་པ་ནི། དབྱེར་མེད་པའོ། །དེ་ལྟར་ཤཱ་རིའི་བུ།
119b
དབྱེར་མེད་པའི་གནས་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། ཤཱ་རིའི་བུ། བྱང་ཆུབ་ནི། ལུས་ཀྱིས་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། སེམས་ཀྱིས་ཀྱང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི། བེམ་པོ། །གཡོ་བ་མེད་པ། བྱེད་པ་མེད་པ། རྩཝ་དང ། ཤིང་དང ། རྡོ་དང ། མིག་ཡོར་ལྟ་བུའོ། །སེམས་ནི། སྒྱུ་མ་དང ། སྨིག་རྒྱུ་དང ། ཆུ་ཟླ་ལྟ་བུ་སྟེ། གང་གིས་ལུས་དང ། སེམས་དེ་ལྟར་ཁོང་དུ་ཆུད་པ་དེ་ནི། བྱང་ཆུབ་ཅེས་བྱའོ། །བྱང་ཆུབ་ནི།་ཐ་སྙད་ཙམ་དུ་བཟུང་བ་སྟེ། བྱང་ཆུབ་ནི། ལུས་སམ། སེམས་སམ། ཆོས་མ་ཡིན་པའམ། ཡང་དག་པ་མ་ཡིན་པའམ། བདེན་པའམ། རྫུན་པ་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི། ཆོས་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ཏེ། བྱང་ཆུབ་ལ་ནི། གང་གིས་ཀྱང་ཚིག་གི་ཐ་སྙད་དུ་འགྱུར་བའི་གནས་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་ཚིག་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱང་གནས་མེད་པ། བརྗོད་པར་བྱ་བ་མ་ཡིན་པའོ། །དེ་ལྟར་ཤཱ་རིའི་བུ། ཡང་དག་པ་ཇི་ལྟ་བ་བཞིན་ཚོལ་བ་ན་ཆོས་ཐམས་ཅད་ཚིག་མེད་པ་སྟེ། ཆོས་ལ་ཚིག་མེད། ཚིག་ལ་ཡང་ཆོས་མེད་དོ། །དེ་ལྟ་བུའི་ཆོས་ཀྱི་ཚུལ་མི་ཤེས་ཤིང་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་
120a
༄#། །རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། ཤཱ་རིའི་བུ། བྱང་ཆུབ་ནི། གཟུང་བ་མེད་པ། ཀུན་གཞི་མེད་པའོ། །དེ་ལ་གཟུང་བ་མེད་པ་གང་ཀུན་གཞི་མེད་པ་གང་ཞེ་ན། འདི་ལྟ་སྟེ། མིག་ཡོངས་སུ་ཤེས་པ་ནི། གཟུང་བ་མེད་པའོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི། ཀུན་གཞི་མེད་པའོ། །ཡིད་ཀྱི་བར་དུ་ཡོངས་སུ་ཤེས་པ་ནི། གཟུང་བ་མེད་པའོ། །ཆོས་མི་དམིགས་པ་ནི། ཀུན་གཞི་མེད་པ་སྟེ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པས་གཟུང་བ་མེད་པ། ཀུན་གཞི་མེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་མིག་མི་འཛིན་པ་དང ། གཟུགས་ཀུན་གཞི་མེད་པས་རྣམ་པར་ཤེས་པ་མི་གནས་སོ། །ཡིད་ཀྱི་བར་དུ་མི་འཛིན་ཅིང་ཆོས་ཀུན་གཞི་མེད་པས་རྣམ་པར་ཤེས་པ་མི་གནས་སོ། །དེ་རྣམ་པར་ཤེས་པ་མི་གནས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་ཤེས་སོ། །ཇི་ལྟར་ཤེས་ཤེ་ན། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ནི། བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཟུགས་ནི། སེམས་ཀྱི་གནས་སོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་ནི།་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ཏེ། འདི་བཞི་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་སོ། །གནས་དེ་ཡང་གནས་མེད་པར་དེ་བཞིན་གཤེགས་པས་མཁྱེན་ཏེ།
120b
གནས་མེད་པའི་མཐའ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། ཤཱ་རིའི་བུ། བྱང་ཆུབ་ཅེས་བྱ་བ་ནི། སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་སོ། །སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་པ་ཉིད་དེའི་ཆོས་ཐམས་ཅད་སྟོང་སྟེ། དེ་དག་སྟོང་པ་ཇི་ལྟ་བ་བཞིན་དུ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་མོད་ཀྱི། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་ནི། མ་ཡིན་པས། སྟོང་པ་ཉིད་དམ་བྱང་ཆུབ་ཅེས་བྱ་བ་འདི་ནི། ཚུལ་གཅིག་པའི་ཡེ་ཤེས་སོ། །དེ་ལ་གཉིས་པོ་གང་གིས་སྟོང་པ་ཉིད་དང ། བྱང་ཆུབ་ཏུ་གཉིས་སུ་དབྱེ་བའི་གཉིས་གང་ཡང་མེད་དོ། །ཆོས་དེ་ནི། གཉིས་སུ་མེད་ཅིང་གཉིས་སུ་དབྱར་མེད་དེ། མིང་མེད་པ། མཚན་མ་མེད་པ། འཇུག་པ་མེད་པ། རབ་ཏུ་རྒྱུ་བ་མེད་པ། སྤྱོད་པ་མེད་པའོ། །གང་སྟོང་པ་ཞེས་བྱ་བ་ནི། མངོན་པར་ཆགས་པ་དང ། འཛིན་པ་དང་བྲལ་བའོ། །དོན་དམ་པའི་ཆོས་གང་ཡང་མི་དམིགས་པས། སྟོང་པ་ཉིད་གང་ཡིན་པ་དེ་སྟོང་ཞེས་བྱའོ། །ཇི་ལྟར་ནམ་མཁའ་ནམ་མཁའ་ཞེས་ཀྱང་བྱ་ལ། ནམ་མཁའ་ནི། བརྗོད་པར་བྱ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཞེས་ཀྱང་བྱ་ལ། སྟོང་པ་ཉིད་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ལྟ་སྟེ། མིང་ཙམ་དུ་ཐ་སྙད་འདོགས་པ་འདི་ནི། ཆོས་ཐམས་ཅད་ལ་
121a
༄#། །འཇུག་པ་སྟེ། མིང་དེ་ཡང་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །ཇི་ལྟར་མིང་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པ་དེ་བཞིན་དུ། ཆོས་མིང་གི་ཐ་སྙད་དུ་འདོགས་པའི་ཆོས་དེ་ཡང་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཁྱེན་ཏོ། །ཐོག་མ་ནས་མ་སྐྱེས་མ་བྱུང་བར་དེ་ལྟར་མཁྱེན་པས་དེ་ལྟར་རྣམ་པར་གོལ་ཏེ། བཅིངས་པ་ཡང་མེད། གྲོལ་བ་ཡང་མེད་ན། དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།ཤཱ་རིའི་བུ། བྱང་ཆུབ་ནི། ནམ་མཁའ་དང་མཉམ་སྟེ། ནམ་མཁའ་ནི། མཉམ་པ་ཡང་མ་ཡིན། མི་མཉམ་པའང་མ་ཡིན་ནོ། །བྱང་ཆུབ་ཀྱང་མཉམ་པའང་མ་ཡིན། །མི་མཉམ་པའང་མ་ཡིན་ཏེ། དེ་ཇི་ལྟར་ཆོས་རྣམས་ཡང་དག་པར་ཡོངས་སུ་གྲུབ་པ་མེད་དེ། མཉམ་པའམ་མི་མཉམ་པ་ཞེས་བརྗོད་པ་མ་ཡིན་ནོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཡང་མ་ཡིན། མི་མཉམ་པ་ཡང་མ་ཡིན་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཇི་ལྟར་ཆོས་རྡུལ་ཙམ་ཡང་མཉམ་པར་བྱས་པ་ཡང་མ་ཡིན། མི་མཉམ་པར་བྱས་པ་ཡང་མ་ཡིན་པ་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཆོས་ཇི་སྙེད་པ་དེ་དག་ཀྱང་ཡང་དག་པའི་
121b
ཡེ་ཤེས་ཀྱིས་ཤེས་སོ། །ཡང་དག་པའི་ཡེ་ཤེས་གང་ཞེ་ན། ཆོས་མ་བྱུང་བ་རྣམས་འབྱུང་བ་དང ། བྱུང་ནས་འཇིག་པར་འགྱུར་བ་དེ་དག་ནི། བདག་པོ་མེད་པར་འབྱུང ། བདག་པོ་མེད་པར་འཇིག་སྟེ། རྐྱེན་གྱིས་འབྱུང་བ་དང ། འཇིག་པར་འགྱུར་ཞིང ། འདི་ལ་འཇུག་པའམ། ལྡོག་པ་གང་ཡང་མེད་དེ། ལམ་བཅད་པའི་ཕྱིར་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །ལམ་བཅད་པ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ། ཤཱ་རིའི་བུ། བྱང་ཆུབ་དེ་ནི། ཇི་ལྟ་བ་བཞིན་གྱི་གནས་སོ། །བྱང་ཆུབ་ཇི་ལྟ་བར་གཟུགས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ཀྱིས་མི་འབྱུང་ངོ ། །བྱང་ཆུབ་ཇི་ལྟ་བ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་ཏེ། དེ་བཞིན་ཉིད་ཀྱིས་མི་འབྱུང་ངོ ། །བྱང་ཆུབ་ཇི་ལྟ་བ་བཞིན་དུ་སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ཀྱིས་མི་འབྱུང་ངོ ། །བྱང་ཆུབ་ཇི་ལྟ་བ་བཞིན་དུ་མིག་གི་ཁམས་དང ། གཟུགས་ཀྱི་ཁམས་དང ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་ཁམས་དང ། ཆོས་ཀྱི་ཁམས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུའོ། །ཆོས་རྣམས་ཀྱི་བཏགས་པ་ནི། མིང་ཙམ་དུ་ཟད་དེ། དེ་ནི། ཕུང་པོ་དང ། ཁམས་དང །
122a
༄#། །སྐྱེ་མཆེད་རྣམས་སུ་བཏགས་པ་སྟེ། དེ་དག་ཀྱང་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཕྱིན་ཅི་མ་ལོག་པར་མངོན་པར་རྫོགས་པར་སངས་རྒྱས་པས་ན། སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། བར་དུ་ཡང་དེ་བཞིན་ཏེ། སྔོན་གྱི་མཐའ་ནས་མ་སྐྱེས། ཕྱི་མའི་མཐར་མི་འཕོའོ། །བར་དུའང་དབེན་པ་སྟེ། དེ་ལྟར་དེ་དག་ནི། ཇི་ལྟ་བ་བཞིན་གྱི་གནས་ཡིན་ནོ། །གཅིག་ཇི་ལྟ་བ་བཞིན་ཐམས་ཅད་ཀྱང་དེ་བཞིན་ནོ། །ཐམས་ཅད་ཇི་ལྟ་བར་གཅིག་ཀྱང་དེ་བཞིན་ཏེ། ཇི་ལྟ་བ་བཞིན་ནི། གཅིག་གམ་མང་པོར་མི་འགྱུར་རོ། །ཇི་ལྟ་བ་བཞིན་གྱི་གནས་དེ་སེམས་ཅན་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།ཤཱ་རིའི་བུ། བྱང་ཆུབ་ནི། རྣམ་པ་ལ་འཇུག་པ། རྣམ་པ་མེད་པ་ལ་ཞུགས་པའོ། །དེ་ལ་རྣམ་པ་གང ། རྣམ་པ་མེད་པ་གང་ཞེ་ན། ཤཱ་རིའི་བུ། རྣམ་པ་ཞེས་བྱ་བ་ནི། དགེ་བའི་ཆོས་རྣམས་རྩོམ་པའོ། །རྣམ་པ་མེད་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མི་དམིགས་པའོ། །རྣམ་པ་ཞེས་བྱ་བ་ནི། མི་གནས་པའི་སེམས་ཀྱི་གནས་སོ། ། རྣམ་པ་མེད་པ་ཞེས་བྱ་བ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །རྣམ་པ་ཞེས་བྱ་བ་ནི། སེམས་གཞལ་བ་དང ། བགྲང་བ་དང ། སོ་སོར་རྟོག་པའོ། །རྣམ་པ་
122b
མེད་པ་ཞེས་བྱ་བ་ནི། གཞལ་བ་ལས་ཡང་དག་པར་འདས་པའོ། །གཞལ་བ་ལས་ཡང་དག་པར་འདས་པ་གང་ཞེ་ན། གང་ན་རྣམ་པར་ཤེས་པའི་ལས་མེད་པའོ། །རྣམ་པ་ཞེས་བྱ་བ་ནི། གང་ན་འདུས་བྱས་ལ་སོ་སོར་རྟོག་པའོ། །རྣམ་པ་མེད་པ་ནི། འདུས་མ་བྱས་མངོན་སུམ་དུ་བྱེད་པ་སྟེ། རྣམ་པ་དང ། རྣམ་པ་མེད་པ་ལ་འཇུག་པ་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་།ཤཱ་རིའི་བུ། བྱང་ཆུབ་ནི། ཟག་པ་མེད་པ། ལེན་པ་མེད་པའོ། །དེ་ལ་ཟག་པ་མེད་པ་གང ། ལེན་པ་མེད་པ་གང་ཞེ་ན། ཟག་པ་མེད་པ་ཞེས་བྱ་བ་ནི། ཟག་པ་བཞི་དང་བྲལ་བ་སྟེ། འདོད་པའི་ཟག་པ་དང་བྲལ་བ་དང ། སྲིད་པའི་ཟག་པ་དང་བྲལ་བ་དང ། མ་རིག་པའི་ཟག་པ་དང་བྲལ་བ་དང ། ལྟ་བའི་ཟག་པ་དང་བྲལ་བའོ། །ཉེ་བར་ལེན་པ་མེད་པ་ཞེས་བྱ་བ་ནི། ལེན་པ་བཞི་དང་བྲལ་བ་སྟེ། འདོད་པའི་ལེན་པ་དང་བྲལ་བ་དང ། སྲིད་པའི་ལེན་པ་དང་བྲལ་བ་དང ། ལྟ་བའི་ལེན་པ་དང་བྲལ་བ་དང ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་ལེན་པ་དང་བྲལ་བའོ། །དེ་ལ་ཉེ་བར་ལེན་པ་བཞི་པོ་དེ་དག་ཐམས་ཅད་ནི། མ་རིག་པས་ལྡོངས་པར་བྱས་པ་དང ། སྲེད་པའི་ཆུས་གཡོགས་པ་དང ། བདག་ཏུ་མངོན་པར་ཆགས་པས་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལེན་ཏོ། །དེ་
123a
༄#། །ལ་དེ་བཞིན་གཤེགས་པས་བདག་ཉེ་བར་ལེན་པའི་རྩ་བ་ཡོངས་སུ་མཁྱེན་པའི་ཕྱིར་བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པར་མཁྱེན་ཏོ། །བདག་རྣམ་པར་དག་པ་གང་ཡིན་པ་དེ་ལ་ཡོངས་སུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བའི་ཡོངས་སུ་རྟོག་པ་གང་ཡང་མེད་དེ། དེ་ནི། ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པས་མ་རིག་པ་ཀུན་ནས་མི་སློང་ངོ ། །མ་རིག་པ་ཀུན་ནས་མི་སློང་བས་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་མི་ལྡང་བ་དེ་ནི། སྐྱེ་བ་མེད་པའོ། །གང་སྐྱེ་བ་མེད་པ་དེ་ནི། ངེས་པར་གྱུར་པའོ། །གང་ངེས་པར་གྱུར་པ་དེ་ནི། ངེས་པའི་དོན་ཏོ། །གང་ངེས་པའི་དོན་དེ་ནི། དོན་དམ་པའོ། །གང་དོན་དམ་པ་དེ་གང་ཟག་མེད་པའི་དོན་ཏོ། །གང་གང་ཟག་མེད་པའི་དོན་དེ་བརྗོད་དུ་མེད་པའི་དོན་ཏོ། །གང་བརྗོད་དུ་མེད་པའི་དོན་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དེ་ཆོས་ཀྱི་དོན་ཏོ། །གང་ཆོས་ཀྱི་དོན་དེ་དེ་བཞིན་གཤེགས་པའི་དོན་ཏོ། །དེའི་ཕྱིར་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ ། །སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་སྟེ། འདི་ལྟར་དེ་བཞིན་ཉིད་དུ་བཅལ་ན། ཅི་ཡང་མི་མཐོང་བ་དེ་ལྟར་མཐོང་ངོ ། །དེ་ལ་ཅི་ཡང་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་མ་མེད་པ་དང ། དམིགས་པ་མེད་པའོ། །གང་གིས་མཚན་མ་མེད་པ་དང །
123b
དམིགས་པ་མེད་པ་མཐོང་བ་དེས་ཡང་དག་པ་མཐོང་སྟེ། དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཟག་པ་མེད་པ་དང ། ལེན་པ་མེད་པ་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མ་ཆུད་པས་དེ་ཁོང་དུ་ཆུད་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་འཇུག་གོ་ཤཱ་རིའི་བུ། བྱང་ཆུབ་ནི། དག་པ། དྲི་མ་མེད་པ། ཉོན་མོངས་པ་མེད་པའོ། །དེ་ལ་དག་པ་གང ། དྲི་མ་མེད་པ་གང ། ཉོན་མོངས་པ་མེད་པ་གང་ཞེ་ན། སྟོང་པ་ཉིད་ནི། དག་པའོ། །མཚན་མ་མེད་པ་ནི། དྲི་མ་མེད་པའོ། །སྨོན་པ་མེད་པ་ནི། ཉོན་མོངས་པ་མེད་པའོ། །སྐྱེ་བ་མེད་པ་ནི། དག་པའོ། །མངོན་པར་འདུ་མི་བྱེད་པ་ནི། དྲི་མ་མེད་པའོ། །ཉེ་བར་ལེན་པ་མེད་པ་ནི། ཉོན་མོངས་པ་མེད་པའོ། །རང་བཞིན་ནི། དག་པའོ། །ཡོངས་སུ་དག་པ་ནི། དྲི་མ་མེད་པའོ། །འོད་གསལ་བ་ནི། ཉོན་མོངས་པ་མེད་པའོ། །སྤྲོས་པ་མེད་པ་ནི། དག་པའོ། །མ་སྤྲོས་པ་ནི། དྲི་མ་མེད་པའོ། །སྤྲོས་པ་ཉེ་བར་ཞི་བ་ནི། ཉོན་མོངས་པ་མེད་པའོ། །དེ་བཞིན་ཉིད་ནི། དག་པའོ། །ཆོས་ཀྱི་དབྱིངས་ནི། དྲི་མ་མེད་པའོ། །ཡང་དག་པའི་མཐའ་ནི། ཉོན་མོངས་པ་མེད་པའོ། །གོ་འབྱེད་པ་ནི་དག་པའོ། །ནམ་མཁའ་ནི། དྲི་མ་མེད་པའོ། །ནམ་མཁའ་ནི། ཉོན་མོངས་པ་མེད་པའོ། །ནང་ཡོངས་སུ་ཤེས་པ་ནི། དག་པའོ། །ཕྱི་རོལ་ཏུ་མི་རྒྱུ་བ་ནི། དྲི་མ་མེད་
124a
༄#། །པའོ། །ཕྱི་དང་ནང་མི་དམིགས་པ་ནི། ཉོན་མོངས་པ་མེད་པའོ། །ཕུང་པོ་ཡོངས་སུ་ཤེས་པ་ནི། དག་པའོ། །ཁམས་ཀྱི་རང་བཞིན་ནི། དྲི་མ་མེད་པའོ། །སྐྱེ་མཆེད་སྤོང་བ་ནི། ཉོན་མོངས་པ་མེད་པའོ། །འདས་པ་ལ་ཟད་པ་ཤེས་པ་ནི། དག་པའོ། །མ་འོངས་པ་ལ་མི་སྐྱེ་བ་ཤེས་པ་ནི། དྲི་མ་མེད་པའོ། །ད་ལྟར་བྱུང་བ་ལ་ཆོས་ཀྱི་དབྱིངས་ལ་གནས་པའི་ཡེ་ཤེས་ནི། ཉོན་མོངས་པ་མེད་པ་སྟེ། དེ་ལྟར་དག་པ་དང ། དྲི་མ་མེད་པ་དང ། ཉོན་མོངས་པ་མེད་པ་གནས་གཅིག་ཏུ་འཇུག་པར་འགྱུར་བ་ནི། འདི་ལྟ་སྟེ། ཞི་བའི་གནས་སོ། ། གང་ཞི་བ་དེ་ནི། རབ་ཏུ་ཞི་བ། དེ་ནི། ཉེ་བར་ཞི་བ་སྟེ། ཐུབ་པ་ཞེས་བྱའོ། །དེ་ལྟ་བས་ན། །ཇི་ལྟར་ནམ་མཁའ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་ཆུབ་ཇི་ལྟ་བར་ཆོས་ཀྱང་དེ་བཞིན་ནོ། །ཆོས་ཇི་ལྟ་བར་སེམས་ཅན་ཡང་དེ་བཞིན་ནོ། །སེམས་ཅན་ཇི་ལྟ་བར་ཞིང་ཡང་དེ་བཞིན་ནོ། །ཞིང་ཇི་ལྟ་བར་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། །དེ་བས་ན། ཆོས་ཐམས་ཅད་ནི། མྱ་ངན་ལས་འདས་པ་དང་མཉམ་པ་ཞེས་བྱ་སྟེ། མཐར་ཐུག་པའི་རྣམ་པས་གཉེན་པོ་མེད་དོ། །གཉེན་པོ་མེད་པའི་རྣམ་པས་ཐོག་མ་ནས་རྣམ་པར་དག་པའོ། །ཐོག་མ་ནས་དྲི་མ་མེད་པའོ། ། ཐོག་མ་ནས་ཉོན་མོངས་པ་མེད་པའོ། །དེ་ལ་དེ་བཞིན་གཤེགས་པས་འདི་ལྟར་གཟུགས་ཅན་དང ། གཟུགས་མེད་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་
124b
ཅན་གྱི་ཁམས་ལ་རྣམ་པར་གཟིགས་ཤིང་སེམས་ཅན་རྣམས་ལ་དག་པ་དང ། དྲི་མ་མེད་པ་དང ། ཉོན་མོངས་པ་མེད་པས་རྣམ་པར་རོལ་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་འཇུག་གོ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་དག་པ་དང ། དྲི་མ་མེད་པ་དང ། ཉོན་མོངས་པ་མེད་པར་ལྷུན་གྱིས་གྲུབ་པས་རྟག་ཏུ་འཇུག་སྟེ། ཕྱིས་གཏང་བར་བྱ་བ་མེད་ཅིང ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པར་ཐོགས་པ་མེད་དོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ནི། མཐའ་ཡས་མུ་མེད་དེ། གང་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོའི་མཐའ་འདོད་པ་དེ་ནི། ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ་བ་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །རྩ་བ་མེད་ཅིང་གནས་མེད་པར། །སངས་རྒྱས་ཀྱིས་ནི་བྱང་ཆུབ་རེག་།ཇི་ལྟར་རྟོགས་པ་དེ་བཞིན་དུ། །སྲོག་ཆགས་རྣམས་ནི་ཀུན་ལ་སྟོན། །ནང་གི་མིག་ནི་སྟོང་པ་སྟེ། །ཕྱི་རོལ་གཟུགས་ཀྱང་སྟོང་བའོ། །ཞི་དང་ཉེ་བར་ཞི་བ་དང ། །སངས་
125a
༄#། །རྒྱས་ཀྱིས་ནི་བྱང་ཆུབ་རེག་།ཞི་དང་ཉེ་བར་ཞི་བ་སྟེ། །སེམས་ཅན་ཁོང་དུ་མ་ཆུད་བས། །ཚིག་དོན་རྟོགས་ནས་སེམས་ཅན་ལ། །དེ་དག་ལ་ནི་སྙིང་རྗེ་འཇུག་བྱང་ཆུབ་རང་བཞིན་འོད་གསལ་ཞིང ། །རྣམ་དག་ནམ་མཁའ་འདྲ་བ་དེ། །སེམས་ཅན་རྣམས་ཀྱིས་མི་ཤེས་པས། །དེ་དག་ལ་ཡང་སྙིང་རྗེ་འཇུག་།ཆོས་རྣམས་ཀུན་ལ་འཛིན་པ་དང ། རབ་ཏུ་འཛིན་པ་ཡོད་མ་ཡིན། །བླང་མེད་དོར་བ་མེད་པ་ཡི། །སངས་རྒྱས་ཀྱི་ནི་བྱང་ཆུབ་རེག་།སེམས་ཅན་འདི་དག་མི་ཤེས་པས། །དེ་དག་ལ་ནི་སྙིང་རྗེ་འཇུག། མཚན་མ་མེད་ཅིང་དམིགས་པ་མེད། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་འདི། །བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །སངས་རྒྱས་ཀྱིས་ནི་བྱང་ཆུབ་རེག་།གང་དག་མི་མཁས་བཅིངས་པ་ཡི། །སོ་སོའི་སྐྱེ་བོ་མི་ཤེས་པས། །དེ་བཞིན་གཤེགས་པ་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་རབ་ཏུ་འཇུག་།རང་བཞིན་གྱིས་ནི་འདུས་མ་བྱས། །སྐྱེ་བ་མེད་ཅིང་འཇིག་པ་མེད། །དེ་ལ་གནས་པ་ཡོད་མིན་ཏེ། །མཚན་ཉིད་གསུམ་ལས་རྣམ་པར་གྲོལ། །འདུས་བྱས་རྣམས་ཀྱི་རང་བཞིན་ནི། །བྱིས་པས་ཁོང་དུ་མ་ཆུད་པས། །དེ་དག་ལ་ཡང་སྙིང་རྗེ་འཇུག་།ཚུལ་འདི་གང་གིས་སངས་རྒྱས་པ། །བྱང་ཆུབ་ལས་ཀྱིས་མི་རྟོགས་ཏེ། །སེམས་ཀྱིས་ཀྱང་ནི་འཚང་མི་རྒྱ། །ལུས་ནི་བེམ་པོའི་རང་བཞིན་ཏེ། །སེམས་ཀྱང་སྒྱུ་མ་ལྟ་བུའོ། །ལུས་དང་སེམས་ཀྱི་རང་བཞིན་
125b
ཏེ། །བྱིས་པས་ཁོང་དུ་མ་ཆུད་པས། །ཚུལ་འདི་ཁོང་དུ་ཆུད་གྱུར་ནས། །དེ་དག་ལ་ནི་སྙིང་རྗེ་འཇུག་།རང་བྱུང་བ་ནི་བྱང་ཆུབ་དམ་པ་རྒྱ་ཆེན་མཆོག་རེག་སྟེ། །ཤིང་མཆོག་དྲུང་དུ་བཞུགས་ནས་སེམས་ཅན་ཁམས་ལ་རྣམ་པར་གཟིགས། །འཁོར་བའི་འཁོར་ལོར་ཞུགས་ཤིང་འགྲོ་རྒྱུད་སྣ་ཚོགས་འཁྱམས་གྱུར་པ། །དེ་དག་གཟིགས་ནས་སངས་རྒྱས་ཀྱིས་ནི་སྙིང་རྗེ་མི་བཟད་འཇུག་།ང་དང་རྒྱགས་པ་དག་ལ་ཆགས་ཤིང་ལྟ་བའི་དྲ་བས་གཟིངས། །སྡུག་བསྔལ་བདེ་དང་མི་རྟག་རྟག་དང་སྡུག་པར་འདུ་ཤེས་ཤིང ། །བདག་དང་སེམས་ཅན་དང་ནི་སྲོག་ཏུ་ལྟ་བར་ཆགས་པ་རྣམས། །གཟིགས་ནས་དེ་དག་ལ་ནི་སངས་རྒྱས་སྙིང་རྗེ་མི་བཟད་འཇུག་།སེམས་ཅན་ཁམས་ནི་གཏི་མུག་ལིང་ཏོག་ཁེབས་ཤིང་བསྒྲིབས་པ་ཀུན། །ཉི་མ་སྤྲིན་ཁེབས་བཞིན་དུ་སྣང་མེད་ལམ་མེད་མི་འགྱུར་བ། །དེ་དག་གཟིགས་ནས་ཡེ་ཤེས་སྣང་བ་དྲི་མེད་འོད་བྱ་ཞེས། །དེ་དག་ལ་ཡང་སངས་རྒྱས་ཀྱི་ནི་སྙིང་རྗེ་མི་བཟད་འཇུག་།ངན་སོང་འགྲོ་བར་ཞུགས་ཤིང་ལམ་སྟོར་རབ་ཏུ་འཁྱམས་པ་རྣམས། །སེམས་ཅན་སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་རྒྱུ་ལྷུང་བ། །དེ་དག་གཟིགས་ནས་སྔོན་གྱི་རྒྱལ་བས་བསྙེན་པའི་ལམ་བསྟན་ཅེས། །དེ་དག་ལ་ཡང་སངས་རྒྱས་ཀྱི་ནི་སྙིང་རྗེ་མི་བཟད་འཇུག་།དེ་བཞིན་ཉིད་ལྟར་དེ་བཞིན་ཉིད་དུ་ཆོས་རྣམས་ཐམས་ཅད་ནི། །ནམ་མཁའ་མཚུངས་འདྲ་དེ་དག་མ་བཅིངས་མ་གྲོལ་རབ་མཁྱེན་ཏེ། །འགྲོ་བ་
126a
༄#། །དག་ཅིང་བཟང་བའི་ཆོས་རྣམས་མི་ཤེས་གཟིགས་ནས་སུ། །དེ་དག་ལ་ཡང་སངས་རྒྱས་ཀྱི་ནི་སྙིང་རྗེ་མི་བཟད་འཇུག་།དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ནས་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ།། །།བམ་པོ་བདུན་པ། ཡང་ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་པ་ནས་ངོ་མཚར་དང ། རྨད་ཀྱི་བར་དུ་འདུ་ཤེས་བསྐྱེད་ཅེ་ན། ཤཱ་རིའི་བུ།་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་འདི་དག་སྟེ། ཆོས་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་སྟེ། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། འདི་ལ་ཤཱ་རིའི་བུ། གང་གི་ཕྱིར་ལུས་ཀྱི་འཁྲུལ་པ་གང་ལས་བྱིས་པའམ། མཁས་པ་
126b
ཆོས་དང་མཐུན་པར་རྒོལ་བར་བྱེད་པའི་ལུས་ཀྱི་འཁྲུལ་བ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ལུས་ཀྱིས་ལས་འཁྲུལ་པ་མེད་པ་སྟེ།་དེ་བཞིན་གཤེགས་པའི་སྤྱོད་ལམ་མཛེས་པས་ཀུན་ཏུ་གཟིགས་པ་དང ། རྣམ་པར་གཟིགས་པ་དང ། བསྐུམ་པ་དང ། བརྐྱང་བ་དང ། ཆོས་གོས་སྣམ་སྦྱར་དང ། ཆོས་གོས་དང ། ལྷུང་བཟེད་བསྣམས་པ་དང ། མངོན་དུ་གཤེགས་པ་དང ། སླར་གཤེགས་པ་དང ། བྱོན་པ་དང ། བཞུད་པ་དང ། བཞེངས་པ་དང ། བཞུགས་པ་དང ། མནལ་བ་དང ། གྲོང་དང ། གྲོང་ཁྱེར་དུ་འཇུག་པ་དང ། འབྱུང་བ་ན་ཞབས་ཀྱི་མཐིལ་ས་ལ་མི་རེག་སྟེ། འཁོར་ལོ་རྩིབས་སྟོང་པ་ས་ལས་འབྱུང་ཞིང་དྲི་ཡིད་དུ་འོང་བའི་པདྨ་མངོན་པར་འབྱུང་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཞབས་འཇོག་གོ་།དེ་ལ་གང་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་དག་གིས་དེ་བཞིན་གཤེགས་པའི་ཞབས་ལ་རེག་ན། དེ་དག་ཞག་བདུན་དུ་རབ་ཏུ་བདེ་བ་དང་ལྡན་པར་འགྱུར། ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་སོར་བཞི་ཙམ་གྱིས་མི་རེག་མོད་ཀྱི། རྣམ་པར་འཐོར་རླུང་གིས་ཀྱང་བཟློག་པར་མི་ནུས་སོ། །སྐུའི་འོད་ཀྱིས་མནར་མེད་པའི་བར་གྱི་སེམས་ཅན་བདེ་བའི་ཚོར་བ་མྱོང་བར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ལ་འཁྲུལ་པ་
127a
༄#། །མེད་ཅེས་བྱའོ། །ཡང་ཤཱ་རིའི་བུ། གང་གི་ཕྱིར་ངག་འཁྲུལ་པ་གང་ལས་བྱིས་པའམ། མཁས་པ་ཆོས་དང་མཐུན་པར་རྒོལ་བར་བྱེད་པའི་ངག་གི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། དུས་སུ་སྨྲ་བ། ཡང་དག་པར་སྨྲ་བ། བདེན་པར་སྨྲ་བ། ཚིགས་སུ་སྨྲ་བ། ཇི་སྐད་སྨྲ་བ་དེ་བཞིན་དུ་བྱེད་པའོ། །ཤིན་ཏུ་ངེས་པའི་ཚིག་གོ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཚིག་གོ་།མི་ཟློས་པའི་ཚིག་གོ་།དོན་དང་ཡི་གེས་ཤིན་ཏུ་བརྒྱན་པའི་ཚིག་གོ་།སྐད་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པ་སྟེ། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངག་གི་ལས་འཁྲུལ་པ་མེད་ཅེས་བྱའོ། །ཡང་ཤཱ་རིའི་བུ། སེམས་འཁྲུལ་པ་གང་ལས་བྱིས་པའམ། མཁས་པ་ཆོས་དང་མཐུན་པར་རྒོལ་བར་བྱེད་པའི་སེམས་ཀྱི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། མཉམ་པར་གཞག་པའི་དངོས་པོ་མི་འདོར་ཞིང ། སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་ཀྱང་སེམས་དེར་མི་གཏོང་ཞིང་ཆོས་ཐམས་ཅད་ལ་དེའི་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་སེམས་འཁྲུལ་པ་མེད་ཅེས་བྱའོ། །ཇི་ལྟར་དེའི་སེམས་འཁྲུལ་པ་མེད་པ་དེ་ལྟར་སེམས་ཅན་རྣམས་ཀྱི་སེམས་
127b
འཁྲུལ་པ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་པོའོ། །གཞན་ཡང་ཤཱ་རིའི་བུ། །ཅ་ཅོ་གང་ལས་བདུད་དམ། བདུད་ཀྱི་རིས་ཀྱི་ལྷའི་བུའམ། གཞན་མུ་སྟེགས་ཅན་གྱིས་གླགས་རྙེད་པར་འགྱུར་བའི་ཅ་ཅོ་དེ་བཞིན་གཤེགས་པར་མེད་དོ། །ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ལ་ཅ་ཅོའམ། རྗེས་སུ་ཅ་ཅོ་འབྱིན་པ་མེད་དེ། དེ་བཞིན་གཤེགས་པ་ནི།་རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་དང་བྲལ་བ་སྟེ། སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་བྱས་ཀྱང་མ་ཐོས་པར་མི་སེམས། སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་མ་བྱས་ཀྱང་འཁྲུག་པ་མེད་དོ། །དེ་གང་ལས་འགྱོད་པའམ། རྗེས་སུ་ཅ་ཅོ་འབྱིན་པར་འགྱུར་བའི་བྱ་བ་མཆོག་གམ། མཐར་ཕྱིན་པ་ཅིའང་དེ་བཞིན་གཤེགས་པ་ལ་མེད་དེ། དེ་བཞིན་གཤེགས་པ་ནི། འཇིག་རྟེན་དང་མི་རྩོད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་དོ། །དེ་བཞིན་གཤེགས་པ་ནི། ཉོན་མོངས་པ་མེད་པར་གནས་པ་སྟེ། ང་ཡི་བ་མེད། འཛིན་པ་མེད། ལེན་པ་མེད། མདུད་པ་ཐམས་ཅད་དང་བྲལ་བ་དང ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་དོ། །ཇི་ལྟར་དེ་ལ་ཅ་ཅོ་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཅ་ཅོ་ཐམས་ཅད་སྤང་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གཉིས་པའོ། །གཞན་ཡང་ཤཱ་རིའི་བུ། བསྙེལ་བ་གང་ལས་ཆོས་གང་ལ་ཡང་རྨོངས་པར་འགྱུར་བའི་བསྙེལ་བ་དེ་བཞིན་གཤེགས་པ་ལ་མེད་དོ།།
128a
༄#། །བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ལ་ཐོགས་པ་མེད་ཅིང ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང ། གཡོ་བ་ལ་རྣམ་པར་བལྟ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་རྨོངས་པ་མེད་དོ། །སོ་སོར་ཅི་རིགས་པར་ཆོས་སྟོན་པའི་ཕྱིར་ཀུན་ཏུ་ཉམས་པ་མེད་དོ། །འདས་པ་དང ། མ་འོངས་པ་དང ། ད་ལྟར་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བའི་ཕྱིར་དོན་དང ། ཆོས་དང ། ངེས་པའི་ཚིག་དང ། སྤོབས་པ་སོ་སོར་ཡང་དག་པར་རིག་པ་ལ་ཀུན་ཏུ་ཉམས་པ་མེད་དོ།། ཇི་ལྟར་བདག་ཀུན་ཏུ་ཉམས་པ་མེད་ཅིང་འདས་པ་དང ། མ་འོངས་པ་དང ། ད་ལྟར་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དེ་ལྟར་སེམས་ཅན་ཐམས་ཅད་བརྗེད་ངས་པར་མི་འགྱུར་བར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གསུམ་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ལ་མཉམ་པར་མ་བཞག་པའི་སེམས་མི་དམིགས་ཏེ། དེ་བཞིན་གཤེགས་པ་ནི། འཆག་གམ། བཞེངས་སམ། བཞུགས་སམ། མནལ་ཏམ། བཤོས་གསོལ་ལམ། གསུང་ངམ། ཅང་མི་གསུང་བར་གྱུར་ཀྱང་རུང་སྟེ། རྟག་ཏུ་མཉམ་པར་བཞག་ཅིང་ཏིང་ངེ་འཛིན་ཟབ་མོ་དམ་པའི་མཐར་ཕྱིན་པ་སྒྲིབ་པ་མེད་པའི་བསམ་གཏན་ལ་བསམ་གཏན་བྱེད་པ་སྟེ། དེ་བཞིན་གཤེགས་པའི་བྱིན་
128b
གྱིས་བརླབས་པ་མ་གཏོགས་པར་སེམས་ཅན་གྱི་རིས་ན་སེམས་ཅན་གང་མཉམ་པར་བཞག་ཀྱང་རུང ། མཉམ་པར་མ་བཞག་ཀྱང་རུང་སྟེ། སུ་ཡང་དེ་བཞིན་གཤེགས་པའི་སེམས་ལ་ལྟ་བར་ནུས་པ་མེད་དོ། །ཇི་ལྟར་དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་བཞག་པ་དེ་ལྟར་ཏིང་ངེ་འཛིན་ལ་ལྟ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཞི་པའོ། །གཞན་ཡང་ཤཱ་རིའི་བུ། དེ་ཐ་དད་པའི་འདུ་ཤེས་གང་ལས་སེམས་མི་མཉམ་པར་གནས་པར་འགྱུར་བའི་ཐ་དད་པའི་འདུ་ཤེས་དེ་བཞིན་གཤེགས་པ་ལ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཞིང་མི་ཟད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཞིང་ཐ་དད་པའི་འདུ་ཤེས་མེད་དོ། །རང་བཞིན་གྱིས་ཐ་དད་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་སེམས་ཅན་ཐ་དད་པའི་འདུ་ཤེས་མེད་དོ། །ཆོས་ཀྱི་དབྱིངས་དབྱེར་མེད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཞིང་ཐ་དད་པའི་འདུ་ཤེས་མེད་དོ། །འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་ཆོས་ཐ་དད་པའི་འདུ་ཤེས་མེད་དོ། །དེ་བཞིན་གཤེགས་པ་ནི། ཚུལ་ཁྲིམས་དང་ལྡན་པའི་སེམས་ཅན་ལ་ཡང་རྗེས་སུ་ཆགས་པ་མེད། ཚུལ་ཁྲིམས་འཆལ་བ་ལ་ཡང་ཁོང་ཁྲོ་བ་མེད། ཕན་པར་གྱུར་པ་ལ་ཡང་ལན་དུ་ཕན་འདོགས་པ་མེད། གནོད་
129a
༄#། །པར་གྱུར་པ་ལ་ཡང་གནོད་པར་བྱེད་པ་མེད། འདུལ་བར་འོས་པ་ལ་ཡང་མཉམ་པ་ཉིད་དུ་མ་ཡིན། ལོག་པར་ངེས་པའི་སེམས་ཅན་ལ་ཡང་སྨོད་པ་མ་ཡིན་གྱི།་དེ་བཞིན་གཤེགས་པ་ནི། ཆོས་ཐམས་ཅད་ལ་མཉམ་པར་གནས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་ཅེས་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཐ་དད་པའི་འདུ་ཤེས་སྤང་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལྔ་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་བཏང་སྙོམས་ནི། ལམ་བསྒོམས་པའི་ཡིན་ཏེ། ལམ་མ་བསྒོམས་པའི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི། སེམས་བསྒོམས་པ་དང ། ཚུལ་ཁྲིམས་བསྒོམས་པ་དང ། ཤེས་རབ་བསྒོམས་པའི་ཡིན་ཏེ། ཤེས་རབ་མ་བསྒོམས་པའི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི། ཡེ་ཤེས་དང་ལྡན་པའི་ཡིན་ཏེ། གཏི་མུག་དང་ལྡན་པའི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི། འཇིག་རྟེན་ལས་འདས་པའི་ཡིན་གྱི། འཇིག་རྟེན་པའི་རྣམ་པར་ལྷུང་
129b
པ་ནི། མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི། འཕགས་པ་ངེས་པར་འབྱུང་བ་ཡིན་ལ་འཕགས་པ་མ་ཡིན་པ་ངེས་པར་མི་འབྱུང་བ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི། ཚངས་པའི་འཁོར་ལོ་བསྐོར་བ་སྟེ། སེམས་ཅན་ལ་སྙིང་རྗེ་དང་བྲལ་བ་ནི། མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི། རང་གི་ངང་གིས་གྲུབ་པ་སྟེ།་གཉེན་པོའི་རྗེས་སུ་སོང་བ་ནི། མ་ཡིན་ནོ། །ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་བཏང་སྙོམས་དེ་ནི། མཐོ་བ་ཡང་མ་ཡིན། དམའ་བ་ཡང་མ་ཡིན་སྟེ། མཐོ་དམན་མེད་པར་གནས་པ། མི་གཡོ་བར་གྱུར་པ། གཉིས་དང་བྲལ་བ། རྟོག་པ་དང་སེལ་བ་ལས་ཤིན་ཏུ་འདས་པ། དུས་ལས་ལྟ་བ། དུས་ལས་མ་ཡོལ་བ། མི་གཡོ་བ། རློམ་སེམས་མེད་པ། མ་བརྟགས་པ། རྣམ་པར་མ་བརྟགས་པ། མ་བསྒོམས་པ། བསྟན་དུ་མེད་པ། ཡང་དག་པ་དེ་ཁོ་ན། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཤཱ་རིའི་བུ།་དེ་བཞིན་གཤེགས་པ་ནི། དེ་ལྟ་བུའི་བཏང་སྙོམས་ཕུན་སུམ་ཚོགས་པས་སེམས་ཅན་ཐམས་ཅད་བཏང་སྙོམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། ཤཱ་རིའི་བུ།་འདི་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དྲུག་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ལ་འདུན་པ་ཉམས་པ་མེད་དོ། །དེ་ལ་འདུན་པ་གང་ཞེ་ན། འདི་ལྟ་སྟེ།
130a
༄#། །དགེ་བའི་ཆོས་ལ་འདུན་པའོ། །དེ་ཡང་གང་ཞེ་ན། དེ་བཞིན་གཤེགས་པ་བྱམས་པ་ལ་འདུན་པ་ཉམས་པ་མེད་དོ། །སྙིང་རྗེ་ཆེན་པོ་ལ་འདུན་པ་ཉམས་པ་མེད་དོ། །ཆོས་སྟོན་པ་ལ་འདུན་པ་ཉམས་པ་མེད་དོ། །སེམས་ཅན་འདུལ་བ་ལ་འདུན་པ་ཉམས་པ་མེད་དོ། །རབ་ཏུ་དབེན་པ་ལ་འདུན་པ་ཉམས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཡང་དག་པར་འཛུད་པ་ལ་འདུན་པ་ཉམས་པ་མེད་དོ། །དཀོན་མཆོག་གསུམ་རྒྱུན་མི་གཅོད་པ་ལ་འདུན་པ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པ་ནི། འདུན་པས་འགྲོ་བ་མ་ཡིན་གྱི། ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། འདི་ནི། དེ་བཞིན་གཤེགས་པའི་འདུན་པའོ། །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཐམས་ཅད་མཁྱེན་པར་འདུན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །འདི་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བདུན་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་བརྩོན་འགྲུས་ཉམས་པ་མེད་དོ། །དེ་ལ་དེ་བཞིན་གཤེགས་པའི་བརྩོན་འགྲུས་འདི་ལྟ་སྟེ། འདུལ་བའི་སེམས་ཅན་ལ་ཡལ་བར་མི་འདོར་བའི་བརྩོན་འགྲུས་དང ། ཆོས་ཉན་པ་ལ་བརྙས་པ་མེད་པའི་བརྩོན་འགྲུས་སོ། ། གལ་ཏེ་དེ་བཞིན་གཤེགས་པས་ཆོས་ཀྱི་སྡེ་སྣོད་ཉན་པ་གང་བསྐལ་པར་ཉན་ཀྱང་སྐྱོ་བར་མི་འགྱུར་བ་དེ་ལྟ་བུ་བརྙེས་ན། དེ་བཞིན་གཤེགས་པ་ཡང་ཆོས་སྟོན་ཅིང་ཞལ་ཟས་དང་
130b
བྲལ་བའི་རྒྱུད་ཀྱིས་བསྐལ་པར་ཡང་མི་བཞེངས་སོ། །དེ་བཞིན་གཤེགས་པ་སེམས་ཅན་ལ་བལྟ་བས་ཐ་ན་གང་ན་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གཅིག་གི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདའ་ཞིང་བཞུད་དེ། དེ་བཞིན་གཤེགས་པ་ལ་ལུས་ངལ་བའམ། ངག་ངལ་བའམ། སེམས་ངལ་བ་མེད་དོ། །དེ་བཞིན་གཤེགས་པ་ནི། ལུས་དང་སེམས་ཤིན་ཏུ་སྦྱངས་པའོ། །བརྩོན་འགྲུས་བརྩམས་པའོ། །བརྩོན་འགྲུས་ཀྱི་བསྔགས་པ་གསུང་པ་སྟེ། བརྩོན་འགྲུས་ཀྱིས་ཡང་དག་པར་རབ་ཏུ་སྦྱོར་བ་གང་གིས་སེམས་ཅན་ལ་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་བརྩོན་འགྲུས་དེ་སེམས་ཅན་རྣམས་ལ་བསྔགས་པར་མཛད་དེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱད་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དྲན་པ་ཉམས་པ་མེད་ཅིང ། དེ་བཞིན་གཤེགས་པའི་དྲན་པ་ནི། བསྙེལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་རྣམ་པར་བལྟས་ཀྱང་དེ་ལ་དེ་བཞིན་གཤེགས་པ་ལ་ཕྱིས་ཤིན་ཏུ་དྲན་པ་བསྙེལ་བ་མེད་དོ། །
131a
༄#། །སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱིས་གཏང་བར་བྱ་བ་མེད་དོ། །ཕུང་པོ་གསུམ་དུ་རྣམ་པར་གཞག་པ་དང ། སེམས་ཅན་གྱི་དབང་པོ་ལ་འཇུག་པ་དང ། སེམས་ཅན་གྱི་བསམ་པར་འཇུག་པ་ལ་སེམས་ཀྱི་སྤྱོད་པ་རྣམ་པར་ལྟ་བས་དེ་བཞིན་གཤེགས་པའི་དྲན་པ་ལ་ཡོངས་སུ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པའི་དྲན་པ་ནི། དྲན་པར་བྱ་བ་དང ། བསམ་པར་བྱ་བ་དང ། བརྟག་པར་བྱ་བ་མེད་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་པ་འབྲི་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་དྲན་པ་ལ་ཉམས་པ་མེད་དོ། །དེ་ཇི་ལྟར་དྲན་པས་བདག་དྲན་ཅིང་མི་བརྗེད་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དགུ་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་དོ། །གང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དེ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཆོས་ཐམས་ཅད་མི་མཉམ་པ་མ་ཡིན་ནོ། །ཆོས་ཐམས་ཅད་ནི། ཇི་ལྟ་བ་བཞིན་པའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལས་མི་ཉམས་ཤེ་ན། དེ་བཞིན་ཉིད་གང་དང་མཉམ་པ་ཏིང་ངེ་འཛིན་ཀྱང་དེ་དང་མཉམ་མོ། །ཏིང་ངེ་འཛིན་གང་དང་མཉམ་པ་དེ་བཞིན་ཉིད་ཀྱང་དེ་
131b
དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་ཞུགས་པས་དེའི་ཕྱིར་མཉམ་པ་ཞེས་བྱའོ། །འདོད་ཆགས་ཀྱི་མཐའ་གང་དང་མཉམ་པ་འདོད་ཆགས་མེད་པའི་མཐའ་ཡང་དེ་དང་མཉམ་མོ། །ཞེ་སྡང་གི་མཐའ་གང་དང་མཉམ་པ་ཞེ་སྡང་མེད་པའི་མཐའ་ཡང་དེ་དང་མཉམ་མོ། །གཏི་མུག་གི་མཐའ་གང་དང་མཉམ་པ་གཏི་མུག་མེད་པའི་མཐའ་ཡང་དེ་དང་མཉམ་མོ། །འདུས་བྱས་ཀྱི་མཐའ་གང་དང་མཉམ་པ་འདུས་མ་བྱས་ཀྱི་མཐའ་ཡས་དེ་དང་མཉམ་མོ། །འཁོར་བའི་མཐའ་གང་དང་མཉམ་པ་མྱ་ངན་ལས་འདས་པའི་མཐའ་ཡང་དེ་དང་མཉམ་མོ། ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ལས་མི་ཉམས། ཡོངས་སུ་མི་ཉམས་སོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དེ་ཡང་མིག་དང་ལྡན་པ་མ་ཡིན། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དང་ལྡན་པ་མ་ཡིན་མོད་ཀྱི། དེ་བཞིན་གཤེགས་པ་དབང་པོ་མཚང་བ་མ་ཡིན་ནོ། །ཏིང་ངེ་འཛིན་ནི། སའི་ཁམས་ལ་མི་གནས། ཆུ་དང ། མེ་དང ། རླུང་གི་ཁམས་ལ་མི་གནས། འདོད་པ་དང ། གཟུགས་དང ། གཟུགས་མེད་པའི་ཁམས་ལ་མི་གནས། འཇིག་རྟེན་ཕ་རོལ་ལ་མི་གནས་ཏེ། མི་གནས་པས་ན་ཉམས་པ་མེད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་
132a
༄#། །མེད་དོ། །སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་རྙེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཤེས་རབ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པའི་ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་རབ་ཏུ་ཤེས་པ་སྟེ། གཞན་གྱི་དྲིང་མི་འཇོག་པར་ཤེས་པའོ། །སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་ལ་ཆོས་གོ་བར་བྱེད་པའི་ཤེས་པའོ། ། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་མཁས་པའི་ཤེས་པའོ། །ཚིག་ཐམས་ཅད་རབ་ཏུ་དབྱེ་བ་ཤེས་པའོ། །ཚིག་གཅིག་ལ་འཇུག་པས་བསྐལ་པ་བརྒྱ་སྟོང་དུ་མི་ཆད་པར་སྟོན་པར་ཤེས་པའོ། །ཇི་ལྟ་བུ་ཅི་འདྲ་ཞེས་དྲིས་པ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་གཅོད་པའི་ཤེས་པའོ། །ཐམས་ཅད་དུ་ཐོགས་པ་མེད་པའི་ཤེས་པའོ། །ཐེག་པ་གསུམ་རྣམ་པར་དགོད་པ་བསྟན་པ་ཤེས་པའོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའི་ཤེས་པའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཅི་རིགས་པར་ཡང་དག་པར་རབ་ཏུ་སྟོན་པར་ཤེས་པའོ། །འདི་ནི། ཤེས་རབ་མ་ཟད་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་ཤེས་རབ་མཐའ་ཡས་མུ་མེད་ཟད་མི་ཤེས་པའོ། །གང་གི་
132b
ཕྱིར་དེ་བཞིན་གཤེགས་པའི་ཤེས་རབ་ཉམས་པ་མེད་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་ཤེས་རབ་ཀྱང་མི་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཅིག་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་གང་ཞེ་ན། ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་ནི། སྒྲའི་རྗེས་སུ་འགྲོ་བའོ། །རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི། རྐྱེན་ཁོང་དུ་ཆུད་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་གྲོལ་བ་ནི། ཆགས་པ་དང ། གཉིས་སུ་འཛིན་པ་ཐམས་ཅད་དང་བྲལ་བས་རྣམ་པར་གྲོལ་ཞེས་བྱ་བ་སྟེ། སྔོན་གྱི་མཐར་ཡང་མ་བཅིངས། ཕྱི་མའི་མཐར་ཡང་མི་འཕོ། ད་ལྟར་བྱུང་བ་ལ་ཡང་མི་གནས་ཏེ། མིག་དང་གཟུགས་ལ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བའོ། །དེ་བཞིན་དུ་རྣ་བ་དང་སྒྲ་དང ། སྣ་དང་དྲི་དང ། ལྕེ་དང་རོ་དང ། ལུས་དང་རེག་བྱ་ལ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བ་སྟེ། མི་འཛིན་མངོན་པར་མི་ཆགས་པར་གནས་པའི་རྣམ་པར་གྲོལ་བའོ། །སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་དུ་ཤེས་པས་དེའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་
133a
༄#། །པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། །ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལྟར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཉིས་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ ། །ལུས་ཀྱི་ལས་དེ་དང་ལྡན་པས་དེ་བཞིན་གཤེགས་པ་གཟིགས་པས་ཀྱང་སེམས་ཅན་འདུལ།་གསུངས་པས་ཀྱང་སེམས་ཅན་འདུལ། ཅང་མི་གསུང་བས་ཀྱང་སེམས་ཅན་འདུལ། བཤོས་གསོལ་བས་ཀྱང་སེམས་ཅན་འདུལ། སྤྱོད་ལམ་གྱིས་ཀྱང་སེམས་ཅན་འདུལ། མཚན་གྱིས་ཀྱང་སེམས་ཅན་འདུལ། དཔེ་བྱད་བཟང་པོས་ཀྱང་སེམས་ཅན་འདུལ། གཙུག་ཏོར་བལྟར་མི་སྣང་བ་དང ། བལྟས་པ་ཙམ་དང ། འོད་གཏོང་པ་དང ། གོམ་པ་འདོར་བ་དང ། འཇོག་པ་དང ། གྲོང་ཁྱེར་དུ་འཇུག་པ་དང ། འབྱུང་བས་ཀྱང་སེམས་ཅན་འདུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ལམ་གང་གིས་ཀྱང་སེམས་ཅན་འདུལ་བར་མི་འགྱུར་བ་མེད་དོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། ཤཱ་རིའི་
133b
བུ།་འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གསུམ་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི། འབྲས་བུ་ཡོད་པའི་ཆོས་སྟོན་པའོ། །ཁྱད་པར་ལུང་སྟོན་པའོ། །ཤིན་ཏུ་ངེས་པའི་ཚིག་སྨྲ་བའོ། །དེ་བཞིན་གཤེགས་པའི་ངག་དེ་ཡང་ཀུན་ཤེས་པར་བྱེད་པ། རྣམ་པར་ཤེས་པར་བྱེད་པ། མི་མཐོ། མི་དམའ་ང ། མ་ཡོ། འདར་འདར་པོ་མ་ཡིན་པ། གྱ་གྱུ་མེད་པ། མི་བརླང་བ། མི་རྩུབ་པ། གཟིང་གཟིང་བ་མ་ཡིན། མཉེན་པ། ཡིད་དུ་འོང་བ། མ་འཆལ་པ། ལག་ལོག་མེད་པ། མི་འཚེ་བ། མི་མྱུར་བ། རབ་ཏུ་མྱུར་བ་མ་ཡིན་པ། ཤིན་ཏུ་རྣམ་པར་ཕྱེ་བ། ཤིན་ཏུ་ངེས་པའི་ཚིག་རབ་ཏུ་མཉེན་པ། ཤིན་ཏུ་སྙན་པ། དབྱངས་སྙན་པ། རབ་ཏུ་གསལ་བ། བསྒྲགས་པ། ངེས་པ། འཇམ་པ། ཕན་པ་དང་བཅས་པ། དགའ་བར་འགྱུར་བ། མཆོད་པར་འགྱུར་བ། མཛེས་པ། རྡུལ་མེད་པ། རྡུལ་དང་བྲལ་བ། ཐ་བ་མེད་པ། དྲི་མ་མེད་པ། མ་རྨོངས་པ། གསལ་པ། ཐོགས་པ་མེད་པ། ཡང་དག་པར་སྤྱོར་བ། འོད་གསལ་བ། དྲང་བ། འཇུངས་པ་མ་ཡིན་པ། དུམ་བུ་མ་ཡིན་པ། དིག་དིག་པོ་མ་ཡིན་པ། བདེ་བ་སྐྱེད་པ། ལུས་སིམ་པར་བྱེད་པ། སེམས་
134a
༄#། །ཚིམ་པར་བྱེད་པ། འདོད་ཆགས་ཞི་བར་བྱེད་པ། ཞེ་སྡང་ཞི་བར་བྱེད་པ། གཏི་མུག་སེལ་བ། བདུད་འཇོམས་པ། སྡིག་པ་སེལ་བ། རྒོལ་བ་འདུལ་བ། གོ་བར་བྱེད་པ། པའི་སྒྲ། མཁས་པ་དགའ་བར་བྱེད་པ། ཀ་ལ་པིངྐའི་སྒྲ་དབྱངས། དབང་པོའི་སྒྲ། ཚངས་པའི་སྒྲ། རྒྱ་མཚོའི་རླབས་ཀྱི་སྒྲ། སྤྲིན་གྱི་སྒྲ། སའི་སྒྲ་དབྱངས། ཁྲུང་ཁྲུང་གི་སྒྲ། རྨ་བྱའི་སྒྲ།་ཁུ་བྱུག་གི་སྒྲ། ཤང་ཤང་ཏེའུའི་སྒྲ། ངང་པའི་སྒྲ་སྐད། རི་དྭགས་ཀྱི་རྒྱལ་པོའི་སྒྲ། ཁོང་ཧུ་དང ། པི་བང་དང ། མཁར་རྔ་དང ། དུང་དང ། སིལ་སྙན་དང ། རབ་ཏུ་བསྒྲགས་པའི་སྒྲ།་ཀུན་ཤེས་པར་འགྱུར་བ། རྣམ་པར་ཤེས་པར་འགྱུར་བ། ཟུར་ཕྱིན་པ། ཡིད་དུ་འོང་བ། མཉན་པར་འོས་པ། ཟབ་པ། ལྐུགས་ཤིང་དིག་པ་མ་ཡིན་པ། བདེ་བ། དགེ་བའི་རྩ་བ་སྐྱེད་པ། ཚིག་དང་ཡི་གེ་མ་ཉམས་པ། ཤིན་ཏུ་ངེས་པར་སྨྲ་བ། ཚིག་འབྲུ་དང ། དོན་གྱི་ཚིག་དང་ལྡན་པ། ཆོས་ཀྱི་ཚིག་དང་ལྡན་པ། དུས་དང་ལྡན་པ། ཚོད་དང་ལྡན་པ། དུས་ལས་མི་འདའ་བ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་བསྟན་པ། སྦྱིན་པས་བརྒྱན་པ། ཚུལ་ཁྲིམས་ཀྱིས་སྦྱངས་པ། བཟོད་པས་བསྒྲུབས། བརྩོན་འགྲུས་ཀྱིས་འབར་བར་བྱས་པ། བསམ་གཏན་གྱིས་ཡིད་དུ་འོང་བར་བྱས་པ། ཤེས་རབ་ཀྱིས་ངེས་པར་བརྟགས་པ། བྱམས་པས་ཤིན་ཏུ་བསགས་པ། སྙིང་རྗེས་མི་སྐྱོ་བ། དགའ་བའི་འོད་གསལ་བ། བཏང་སྙོམས་
134b
ཀྱིས་ངེས་པར་བརྟགས་པ། ཐེག་པ་གསུམ་རྣམ་པར་འཇོམས་པ། དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པ། ཕུང་པོ་གསུམ་འཇོག་པ། རྣམ་པར་ཐར་པ་གསུམ་སྦྱོང་བ། བདེན་པ་ཡོངས་སུ་བསྒོམས་པ།་ཡེ་ཤེས་ཡོངས་སུ་བསྒོམས་པ། མཁས་པས་མ་སྨད་པ། འཕགས་པས་བསྟོད་པ། ནམ་མཁའ་ཚད་མེད་པའི་རྗེས་སུ་སོང་བ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའོ། །ཤཱ་རིའི་བུ།་དེ་བཞིན་གཤེགས་པའི་ངག་ནི། དེ་འདྲ་སྟེ། དེ་ལྟ་བུར་དེ་བཞིན་གཤེགས་པའི་ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། ཤཱ་རིའི་བུ། འདི་ནི།་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བཞི་པའོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི། སེམས་ཀྱིས་བརྗོད་པ་མ་ཡིན། ཡིད་ཀྱིས་མ་ཡིན། རྣམ་པར་ཤེས་པས་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི།་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡེ་ཤེས་ཀྱི་དབང་དུ་གྱུར་པའོ། །གང་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོང་བའོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་རྗེས་སུ་ཞུགས་པའོ། །སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པ་ལས་རབ་ཏུ་དབེན་པའོ། །ཆོས་ཐམས་ཅད་ལ་ངེས་པར་སེམས་པའོ། །ཏིང་ངེ་འཛིན་ཐམས་ཅད་ལ་གཞན་གྱི་དྲིང་མི་
135a
༄#། །འཇོག་པའོ། །དམིགས་པ་ལས་ཤིན་ཏུ་འདས་པའོ། །རྐྱེན་ལས་སྐྱེ་བ་དང་བྲལ་བའོ། །སྲིད་པ་གསུམ་གྱི་འགྲོ་བ་སེལ་བའོ། །ང་རྒྱལ་གྱི་རྣམ་པ་ཐམས་ཅད་ལས་ཤིན་ཏུ་འདས་པའོ། །བདུད་ཀྱི་ལས་ཐམས་ཅད་ལས་ངེས་པར་གྲོལ་བའོ། །སྒྱུ་དང་གཡོ་ཐམས་ཅད་དང་བྲལ་བའོ། །ངར་འཛིན་པ་དང་ང་ཡིར་འཛིན་པ་སྤངས་པའོ། །མ་རིག་པ་དང ། གཏི་མུག་གི་མུན་པ་དང ། ལིང་ཏོག་མེད་པའོ། །ལམ་གྱི་ཡན་ལག་ཤིན་ཏུ་ཡོངས་སུ་བསྒོམས་པའོ། །ནམ་མཁའ་དང་མཚུངས་ཤིང་རྣམ་པར་མི་རྟོག་པའོ། །ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ། ཤཱ་རིའི་བུ། དེ་ལྟ་བུ་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་ཡིད་ཀྱི་ལས་སོ། །ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ལྔ་པའོ། །གཞན་ཡང་ཤཱ་རིའི་བུ། འདས་པའི་དུས་ལ་དེ་བཞིན་གཤེགས་པའི་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ་།ཇི་ལྟར་འཇུག་ཅེ་ན། འདི་ལ་ཤཱ་རིའི་བུ། འདས་པའི་སངས་རྒྱས་ཀྱི་ཞིང་བྱུང་བ་དང་མ་བྱུང་བ་ཇི་སྙེད་པ་དེ་དག་ཐམས་ཅད་བགྲང་བའི་ཚུལ་གྱིས་དེ་བཞིན་གཤེགས་པས་ཡང་དག་པར་མཁྱེན་ཏེ། །སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེའི་རྩཝ་དང ། ཤིང་གེལ་པ་དང ། སྨན་དང ། ནགས་ཚལ་བྱུང་བ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེའི་སེམས་ཅན་གྱི་ཚོགས་
135b
སེམས་ཅན་དུ་བཏགས་པ་བྱུང་བ་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ཏོ། །དེ་དག་ན་སེམས་ཅན་སྣ་ཚོགས་བྱུང་བ་ཇི་སྙེད་པ་གཟུགས་ཐ་དད་པ་ལ་སོགས་པ་རྒྱས་པར་བྱ་སྟེ། སངས་རྒྱས་བྱུང་བ་ཇི་སྙེད་པ་དང ། དེ་བཞིན་གཤེགས་པ་རེ་རེས་ཆོས་བསྟན་ཅིང་བརྗོད་པ་ཇི་སྙེད་པ་ཡང་གོང་མ་བཞིན་དུ་སྦྱར་རོ། །སེམས་ཅན་ཇི་སྙེད་ཅིག་ཉན་ཐོས་ཀྱི་ཐེག་པས་བཏུལ་བ་དང ། ཇི་སྙེད་རང་སངས་རྒྱས་ཀྱི་ཐེག་པས་བཏུལ་བ་ཡང་གོང་མ་བཞིན་དུ་སྦྱར་ཏེ་སངས་རྒྱས་ཀྱི་ཞིང་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། །དགེ་སློང་གི་དགེ་འདུན་རྣམ་པར་ཕྱེ་བ་དང ། ཚེའི་ཚད་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། །ཆོས་གནས་པ་རྣམ་པར་ཕྱེ་བ་ཡང་རབ་ཏུ་མཁྱེན་ཏོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་རབ་ཏུ་མཁྱེན་ཏོ། །ཟས་ཀྱི་མཆོག་གི་ལོངས་སྤྱོད་ཀྱང་རབ་ཏུ་མཁྱེན་ཏོ། །སེམས་ཅན་ཐམས་ཅད་ཀྱི་འདས་པའི་རྣམ་པ་དང ། ཤ་འཕོ་བ་དང ། སྐྱེ་བ་ཡང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དབང་པོ་ཐ་དད་པ་དང ། སྤྱོད་པ་ཐ་དད་པ་དང ། བསམ་པ་ཐ་དད་པ་ཡང་རབ་ཏུ་མཁྱེན་ཏོ། །སེམས་ཀྱི་རྒྱུད་ཀྱང་རབ་ཏུ་མཁྱེན་ཏོ། །སེམས་གང་གི་འོག་ཏུ་སེམས་གང་འབྱུང་བ་དེ་དག་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་མངོན་སུམ་གྱི་ཡེ་ཤེས་དང ། རྗེས་སུ་འགྲོ་བའི་ཡེ་ཤེས་ཀྱིས་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལ་འདས་པར་གཏོང་བའི་སེམས་ཀྱི་རྒྱུད་ཀྱང་མི་དམིགས་ཏེ། དེ་བཞིན་
136a
༄#། །གཤེགས་པ་ནི། དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས་སེམས་ཅན་གྱི་བསམ་པ་ལ་ཉམས་པ་མེད་པར་ཆོས་སྟོན་ཏེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་དྲུག་པའོ། །གཞན་ཡང་ཤཱ་རིའི་བུ། མ་འོངས་པའི་དུས་ལ་དེ་བཞིན་གཤེགས་པ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་གང་དག་འབྱུང་བ་དང ། འགོག་པ་དང ། འབྱུང་བར་འགྱུར་བ་དང ། འབྱུང་བར་མི་འགྱུར་བ་ཐ་དད་པ་དེ་དག་ཀྱང་རབ་ཏུ་མཁྱེན་ཏོ། །བསྐལ་བ་མེས་ཚིག་པར་འགྱུར་བ་ཇི་སྙེད་པ་དང ། ཆུས་སྡུད་པར་འགྱུར་བ་ཇི་སྙེད་པ་དང ། རླུང་གིས་སྡུད་པར་འགྱུར་བ་ཇི་སྙེད་པ་དང ། སངས་རྒྱས་ཀྱི་ཞིང་གནས་པར་འགྱུར་བ་ཇི་སྙེད་པ་དང ། སངས་རྒྱས་ཀྱི་ཞིང་དེ་ན་སའི་ཁམས་ཇི་སྙེད་པ་དང ། རྡུལ་ཕྲ་རབ་ཇི་སྙེད་པ་དང ། རྩཝ་དང ། ཤིང་གེལ་པ་དང ། སྨན་དང ། ནགས་ཚལ་ཇི་སྙེད་འབྱུང་བར་འགྱུར་བ་དང ། སྐར་མའི་གཟུགས་ཇི་སྙེད་འབྱུང་བར་འགྱུར་བ་དང ། སངས་རྒྱས་ཀྱི་ཞིང་རབ་འབྱམས་རེ་རེ་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་འབྱུང་བར་འགྱུར་བ་དང ། རང་སངས་རྒྱས་ཇི་སྙེད་འབྱུང་བར་འགྱུར་བ་དང ། ཉན་ཐོས་ཇི་སྙེད་འབྱུང་བར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་ཇི་སྙེད་འབྱུང་བར་འགྱུར་བ་དང ། ཟས་ཀྱི་ལོངས་སྤྱོད་དང །
136b
དབུགས་ཕྱི་ནང་དུ་རྒྱུ་བ་དང ། འཆགས་པ་དང ། འདུག་པ་དང ། སྤྱོད་ལམ་ཇི་སྙེད་འབྱུང་བར་འགྱུར་བ་དང ། དེ་བཞིན་གཤེགས་པ་རབ་འབྱམས་རེ་རེ་ལས་སེམས་ཅན་ཇི་སྙེད་ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པས་རྣམ་པར་ཐར་པར་འགྱུར་བ་དང ། སེམས་ཅན་ཇི་སྙེད་ཐེག་པ་ཆེན་པོས་རྣམ་པར་ཐར་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་རབ་འབྱམས་རེ་རེ་ན་སེམས་ཅན་སྐྱེ་བའི་གནས་ཇི་སྐད་འབྱུང་བར་འགྱུར་བ་དང ། སེམས་དང་སེམས་ལས་འབྱུང་བ་སྐྱེ་བ་དང ། སྐྱེ་བར་འགྱུར་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཀྱང་དེ་བཞིན་གཤེགས་པ་མ་འོངས་པའི་སེམས་ཀྱི་རྒྱུད་བསྐལ་པར་འགྱུར་བ་མ་ཡིན་ཏེ། དེ་བཞིན་གཤེགས་པས་མ་འོངས་པ་ལ་གཟིགས་པས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བདུན་པའོ། །གཞན་ཡང་ཤཱ་རིའི་བུ། ད་ལྟར་གྱི་དུས་ལ་དེ་བཞིན་གཤེགས་པའི་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་པ་འཇུག་གོ་།ཇི་ལྟར་འཇུག་ཅེ་ན། འདི་ལ་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ད་ལྟར་གྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་བགྲང་བའི་ཚུལ་རྣམ་པར་གསུམ་གྱིས་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་ཆོས་ཐམས་ཅད་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་བྱང་
137a
༄#། །ཆུབ་སེམས་དཔའ་ཐམས་ཅད་དང ། དེ་བཞིན་དུ་ད་ལྟར་གྱི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སྐར་མའི་གཟུགས་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་རྩ་དང ། ཤིང་གེལ་པ་དང ། སྨན་དང ། ནགས་ཚལ་ཐམས་ཅད་ཀྱང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་ཕྱོགས་བཅུའི་སའི་ཁམས་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆར་བརླགས་པ་ཐམས་ཅད་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་ཆུའི་ཁམས་སྐྲའི་རྩེ་མོས་བླངས་པའི་ཐིགས་པ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་མེའི་ཁམས་ཀྱི་འོད་འཕྲོ་བ་སྐྱེས་པ་དང ། འགགས་པ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་རླུང་གི་ཁམས་ཐམས་ཅད་ཀྱང་གཟུགས་ཀྱི་ཁམས་སྒྲུབ་པ་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ཕྱོགས་བཅུའི་ནམ་མཁའི་ཁམས་ཐམས་ཅད་ཀྱང་སྐྲའི་རྩེ་མོའི་ཆ་ཤས་ཀྱིས་བགྲང་བའི་ཚུལ་གྱིས་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་གྱི་ཁམས་རྣམ་པ་གསུམ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་དམྱལ་བའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ལྡང་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ལྡང་བའི་རྒྱུ་ཡང་རབ་ཏུ་མཁྱེན་
137b
ཏོ། །ད་ལྟར་གྱི་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ལྡང་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་མིའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་ལྷའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་མཁྱེན་ཏོ། །དེའི་སྐྱེ་བའི་རྒྱུ་ཡང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀྱང་རབ་ཏུ་མཁྱེན་ཏོ། །དེ་དག་གི་ཉོན་མོངས་པ་དང་བཅས་པའང་རབ་ཏུ་མཁྱེན་ཏོ། །ཉོན་མོངས་པ་དང་བྲལ་བའང་རབ་ཏུ་མཁྱེན་ཏོ། །ད་ལྟར་གྱི་སེམས་ཅན་ཐམས་ཅད་ཀྱི་འདུལ་བའི་དབང་པོ་ཡང་རབ་ཏུ་མཁྱེན་ཏོ། །འདུལ་བ་མ་ཡིན་པའི་དབང་པོ་ཡང་རབ་ཏུ་མཁྱེན་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཀྱང་དེ་བཞིན་གཤེགས་པ་ལ་གཉིས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད་དོ། །གཉིས་སུ་མེད་པ་ལ་ཞུགས་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཤཱ་རིའི་བུ། འདི་ནི། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པའོ། །ཤཱ་རིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པ་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་འཁོར་གྱི་ནང་དུ་གཟི་བརྗིད་དང ། གྲགས་པ་དང ། དཔལ་དང ། ངོ་མཚར་དང ། རྨད་དུ་བྱུང་བའི་ཆོས་ཉིད་ཀྱིས་འཁོར་རྣམས་ཟིལ་གྱིས་མནན་ནས་ལྷམ་མེ། ལྷན་ནེ། ལྷང་ངེའོ། །དེ་ལྟར་ཤཱ་རིའི་བུ།
138a
༄#། །དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མཐའ་ཡས་མུ་མེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ། ནམ་མཁའ་མཐའ་ཡས་མུ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་མཐའ་ཡས་མུ་མེད་དོ། །གང་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཐའ་འདོད་པ་དེ་ནི།་ནམ་མཁའི་མཐའ་འདོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཐོས་ནས་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མི་བྱེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ཅིང་ནམ་མཁའ་ལྟ་བུར་བསམ་གྱིས་མི་ཁྱབ་པའི་ཕྱིར་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་བདེ་བར་གཤེགས་པས་དོན་འདི་བཀའ་སྩལ་ནས་སྟོན་པས་ཡང་འདི་སྐད་གསུང་ངོ ། །འདྲེན་པ་ལ་ནི་འཁྲུལ་པ་ཡོད་མེད་དེ། །ལུས་དང་ངག་རྣམས་དང་ནི་སེམས་མི་གཡོ། དེ་བཞིན་སྲོག་ཆགས་རྣམས་ལ་ཆོས་སྟོན་ཏེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །ཁེངས་པར་མི་འགྱུར་འདུད་པར་མི་འགྱུར་ཏེ། ཁོང་ཁྲོ་རྗེས་སུ་ཆགས་ལས་མངོན་པར་འདས། །ཉོན་མོངས་མེད་ལ་གནས་ཤིང་ཉོན་མོངས་གྲོལ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །འདྲེན་པ་ལ་ནི་དྲན་པ་བསྙེལ་བ་མེད། །རྣམ་ཐར་སྤྱོད་ཡུལ་
138b
ཆོས་ནི་མངོན་པར་མཁྱེན། །སོ་སོ་ཡང་དག་རིག་པ་བསྙེལ་མེད་དེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །མཉམ་པར་བཞག་པས་བཞུགས་ཤིང་བཤོས་ཀྱང་གསོལ། །འཆག་དང་མནལ་བ་ན་ཡང་མཉམ་པར་བཞག་།གཡེང་བ་མེད་ཅིང་སེམས་ཅན་འདུ་ཤེས་མེད། །དེ་ནི་རྒྱལ་པ་རྣམས་ཀྱི་མ་འདྲེས་ཆོས། །རྒྱལ་བ་དང་ནི་ཞིང་དང་སེམས་ཅན་ལ། །ཐ་དད་འདུ་ཤེས་བདེ་བར་གཤེགས་ལ་མེད། །བསམ་པ་ཆེན་པོ་མཉམ་པ་ཉིད་ལ་གནས། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །དེ་དག་ལ་ནི་མ་བརྟགས་བཏང་སྙོམས་མེད། །ཤིན་ཏུ་ངེས་པའི་ལམ་ནི་རབ་བསྒོམས་པས། །དེ་ལ་རྟོག་དང་རྣམ་པར་རྟོག་མེད་དེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །དགེ་བ་ལ་ནི་འདུན་པ་ཉམས་པ་མེད། །སྟོན་པ་རྟག་ཏུ་སྙིང་རྗེ་རབ་སྦྱོར་ཞིང ། །སེམས་ཅན་རྒྱ་ཆེན་དཔག་ཏུ་མེད་པ་འདུལ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །རྣམ་ཡང་བརྩོན་འགྲུས་ལ་ནི་ཉམས་པ་མེད། །འདུལ་བ་མཐའ་དང་ཕ་རོལ་མེད་མཐོང་ནས། །ལུས་དང་ངག་རྣམས་དང་ནི་ཡིད་ཀྱིས་འདུལ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །བྱང་ཆུབ་སེམས་པོར་སངས་རྒྱས་བྱང་ཆུབ་པར། །དེ་ཡི་དྲན་པ་རྣམས་པར་ཆུད་མི་ཟ། །གང་ཆོས་རྟོགས་པ་དེ་ནི་རྟོགས་བྱ་མིན། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །རྟོག་པ་མེད་ཅིང་རྣམ་པར་རྟོག་མེད་པར། །རང་བྱུང་ཏིང་ངེ་འཛིན་ལ་མཉམ་གནས་ཀྱང ། །ཆོས་རྣམས་ཀུན་ལ་མི་གནས་བསམ་གཏན་བྱེད། །དེ་
139a
༄#། །ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །འདྲེན་པའི་ཤེས་རབ་ཀྱིས་ནི་རབ་སྟོན་ཅིང ། །སེམས་ཅན་ཀུན་གྱི་སྤྱོད་པ་རབ་མཁྱེན་ཅིང ། །དེ་དག་ལ་ནི་བསམ་བཞིན་ཆོས་ཀྱང་འཆད། །འདི་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །རང་རྒྱལ་གྱི་ནི་རྐྱེན་གྱི་འདུ་ཤེས་ཏེ། སངས་རྒྱས་རྣམས་ཀྱི་བཏང་སྙོམས་བསམ་མི་ཁྱབ། ། ཆགས་ལས་རབ་འདས་དྲི་མེད་ནམ་མཁའ་བཞིན། །སེམས་ཀྱི་རྒྱུད་འདི་རང་བཞིན་རྣམ་གྲོལ་ཏེ། །སེམས་ནི་སྔོན་ནས་བཅིང་བར་འགྱུར་བ་མེད། །ཇི་ལྟར་རྣམ་གྲོལ་དེ་ལྟར་ཆོས་སྟོན་ཏེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །གཤེགས་དང་བཞུགས་དང་གྲོང་ཁྱེར་འཇུག་པ་དང ། །སྤྱོད་ལ་མ་དག་ནི་མཐོང་ན་མིག་ཀྱང་འཕྲོག་།སངས་རྒྱས་རྣམས་ཀྱི་དཔེ་བྱད་བཟང་པོ་དང ། །མཚན་དང་འོད་རྣམས་ཐམས་ཅད་འདུལ་བར་ཞུགས། །སེམས་ཅན་སྙིང་པོ་ནམ་ཞིག་འོད་གཏོང་ཚེ། །སྲོག་ཆགས་བྱེད་བ་མང་པོ་བདེ་འགྱུར་ཏེ། །འོད་ཀྱིས་རེག་པ་དག་ནི་འདུལ་བར་འགྱུར། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །རང་བྱུང་བ་ནི་གསུང་གཅིག་བརྗོད་པས་ན། །སེམས་ཅན་བསམ་པ་བཞིན་དུ་གསུང་ཐོས་ཏེ། །བྲག་ཅ་ལྟ་བུར་དེ་ཡི་གསུང་ཡང་ཐོས། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །ཡེ་ཤེས་ཀྱིས་ནི་འདྲེན་པའི་ལས་བྱས་ཏེ། །བདེ་བར་གཤེགས་ལ་སེམས་ལས་ཅུང་ཟད་མེད། །
139b
སེམས་ཅན་བསམ་ལ་ཡེ་ཤེས་རྗེས་སུ་བཞུགས། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །ཏིང་འཛིན་བསམ་གཏན་དང་ནི་རབ་ལྡན་ཏེ། །སྤྲོས་པ་ཐམས་ཅད་ཀྱི་ཡང་རྒྱུ་བ་མེད། །ནམ་མཁའ་ལྟ་བུར་མཉམ་པ་ཉིད་དུ་གནས། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །འདས་པའི་དུས་ན་དེ་ཡི་ཡེ་ཤེས་ཞུགས། །འགྲོ་བ་སྣ་ཚོགས་རྣམ་འབྱེད་ཤེས་པ་ཡི། །ཆོས་རྣམས་ཀུན་ལ་སྒྲིབ་པ་མེད་པར་འཇུག་།དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །མ་འོངས་དུས་ན་གང་དག་འཇིག་རྟེན་དུ། །འབྱུང་བར་འགྱུར་དང་འབྱུང་བར་མི་འགྱུར་དང ། །སེམས་ཅན་ཞིང་དང་རྒྱལ་བ་བཤད་པ་དང ། །དེ་དག་ཐམས་ཅད་སངས་རྒྱས་མ་ལུས་མཁྱེན། །མ་འོངས་དེ་ལ་རྗེས་སུ་རབ་ལྟ་ཞིང ། །དེ་བཞིན་སེམས་ཅན་རྣམས་ཀྱི་ཆོས་ཀྱང་མཁྱེན། །དེ་ཡི་སེམས་ནི་གཡེང་བར་མི་འགྱུར་ཏེ། །དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །ད་ལྟར་ལམ་གང་འཇུག་པར་འགྱུར་བ་དག་།ཐམས་ཅད་རྒྱལ་བས་ཆགས་མེད་རབ་ཏུ་མཁྱེན། །འདྲེན་པའི་སྤྱོད་ཡུལ་ནམ་མཁའ་ལྟ་བུ་སྟེ། དེ་ནི་རྒྱལ་བ་རྣམས་ཀྱི་མ་འདྲེས་ཆོས། །དེ་བཞིན་གཤེགས་པའི་ཆོས་ནི་མ་འདྲེས་པ། བཅོམ་བརྒྱད་གསུངས་པ་བསམ་གྱིས་མི་ཁྱབ་སྟེ། །དེ་བཞིན་གཤེགས་པ་ནམ་མཁའ་དྲ་བར་ནི། །དད་མཁས་བྱང་ཆུབ་སེམས་དཔའ་དད་པར་བྱེད། །ཤཱ་རིའི་བུ། འདི་དག་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་
140a
༄#། །དག་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་གྱི་ནང་དུ་གཤེགས་ན་སེངྒེའི་སྒྲ་ཡང་དག་པར་སྒྲོག་ཅིང་ཁྱུ་མཆོག་གི་གནས་སུ་ཞལ་གྱིས་འཆེ་སྟེ། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །ཤཱ་རིའི་བུ། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བསམ་གྱིས་མི་ཁྱབ་པ་འདི་བཅུས་དེ་བཞིན་གཤེགས་པ་ལ་མངོན་པར་དད། ཡིད་ཆེས། རབ་ཏུ་རྟོག་།སོམ་ཉི་མི་བྱེད། ཐེ་ཚོམ་མི་ཟ། རྒྱ་ཆེར་དགའ་མགུ་སྟེ་རངས་པ་རྙེད་ཅིང་ངོ་མཚར་དང ། རྨད་དུ་འདུ་ཤེས་བསྐྱེད་དོ། །དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ། བཞི་པའོ།། །།བམ་པོ་བརྒྱད་པ། གཞན་ཡང་ཤཱ་རིའི་བུ། དེ་ལྟར་དད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྣོད་དུ་རིག་།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྣོད་དུ་རིག་།སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས་དེའི་དྲུང་དུ་གཤེགས་ཏེ་བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་སྟོན་ཏོ། །དེ་ལྟ་བས་ན། ཤཱ་རིའི་བུ། རྣམ་གྲངས་འདིས་ཀྱང་དེ་ལྟར་དད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་
140b
འདས་རྣམས་ཀྱི་སྣོད་དུ་རིག་།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྣོད་དུ་རིག་།སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས་དེའི་དྲུང་དུ་གཤེགས་ཏེ་བྱང་ཆུབ་ཀྱི་ལམ་ཡང་དག་པར་རབ་ཏུ་སྟོན་པ་དེ་ལྟ་རིག་པར་བྱའོ། །ཤཱ་རིའི་བུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་བ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་མི་རྣམས་ཀྱི་སྟོན་པ་སངས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། གང་འདི་ལྷར་བཅས་པའི་འཇིག་རྟེན་དང ། བདུད་དུ་བཅས་པ་དང ། ཚངས་པར་བཅས་པ་དན། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་རྒུ་དང ། ལྷ་དང ། མི་དང་ལྷ་མ་ཡིན་ཏུ་བཅས་པའི་འཇིག་རྟེན་རང་གིས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་གནས་སོ། །དེ་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
141a
༄#། །རྒྱས་ཕུང་པོ་ཆེན་པོའི་ཉན་ཐོས་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཉན་ཐོས་ཀྱི་ཚོགས་ཆེན་པོ་བྱུང་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་གོ་།ཤཱ་རིའི་བུ། དེའི་དུས་ན་རྒྱལ་པོ་ཚེ་རྣམ་པར་རྒྱལ་བ་ཞེས་བྱ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་བྱུང་ངོ ། །ཡང་ཤཱ་རིའི་བུ། རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་གྲོང་ཁྱེར་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ་རྒྱལ་པོའི་གནས་འབྱོར་པ་མོད་པ། བདེ་བ། ལོ་ལེགས་པ། དགའ་བ།་འགྲོ་བ་མང་པོ་དང་མིས་གང་བ་ཞིག་ཡོད་དོ། །ཡང་ཤཱ་རིའི་བུ། རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་ཁྱེའུ་གཞོན་ནུ་བརྩོན་འགྲུས་སྤྱོད་པ་ཞེས་བྱ་བ་སྔོན་གྱི་དགེ་བའི་རྩ་བ་སྐྲུན་པ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་བསྙེན་བཀུར་བྱས་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མདོག་བཟང་ཞིང་རྒྱས་པའི་མཆོག་དང་ལྡན་པ་ཞིག་བྱུང་སྟེ། ཡང་ཤཱ་རིའི་བུ། དེའི་དུས་ན་གཞོན་ནུ་བརྩོན་འགྲུས་སྤྱོད་བཙུན་མོའི་འཁོར་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་གྱི་སར་བྱུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོས་ཨེ་མའོ་གཞོན་ནུ་འདི་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྣོད་དོ། །ེ་མའོ་
141b
གཞོན་ནུ་བརྩོན་འགྲུས་སྤྱོད་འདི་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དོ། །ཞེས་དེ་དེ་ལྟར་རིག་ནས་སྐྱེད་མོས་ཚལ་གྱིས་ག་ལ་བ་དང ། གཞོན་ནུ་བརྩོན་འགྲུས་སྤྱོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟེང་གི་བར་སྣང་ལ་བཞུགས་ཏེ། གཞོན་ནུ་བརྩོན་འགྲུས་སྤྱོད་ལ་བྱང་ཆུབ་ཀྱི་ལམ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལ་བྱང་ཆུབ་ཀྱི་ལམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པ་དང ། བསྡུ་བའི་དངོས་པོ་རྣམས་ཀྱི་རྗེས་སུ་འཇུག་པ་སྟེ། དེ་ནི། བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་བྱམས་པ་གང་ཞེ་ན། འདི་ལ་གཞོན་ནུ། བྱང་ཆུབ་སེམས་དཔའ་ནི། སེམས་ཅན་གྱི་ཁམས་ཇི་ཙམ་པ་དེ་ཙམ་དུ་བྱམས་པས་ཁྱབ་པར་བྱེད་དོ། །སེམས་ཅན་གྱི་ཁམས་ཇི་ཙམ་ཞེ་ན། ནམ་མཁའི་ཁམས་ཇི་ཙམ་པ་སེམས་ཅན་གྱི་ཁམས་ཀྱང་དེ་ཙམ་མོ། །གཞོན་ནུ། འདི་ལྟ་སྟེ། དཔེར་ན། ནམ་མཁའི་ཁམས་འདིས་ཁྱབ་པར་མ་གྱུར་པ་གང་ཡང་མེད་དོ། །གཞོན་ནུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་འདིས་སེམས་ཅན་གྱི་རིས་ན་གང་ཁྱབ་པར་མ་གྱུར་པའི་སེམས་ཅན་དེ་གང་ཡང་མེད་དོ། །འདི་ལྟ་སྟེ། གཞོན་ནུ། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དེ་བཞིན་དུ་གཞོན་ནུ། བྱང་ཆུབ་སེམས་དཔའི་བྱམས་པ་སྒོམ་པ་ཡང་དཔག་ཏུ་མེད་དོ། །གཞོན་ནུ། དེ་ལྟར་ན། ནམ་མཁའ་མཐའ་ཡས་པས་སེམས་ཅན་མཐའ་ཡས་པ། སེམས་ཅན་
142a
༄#། །མཐའ་ཡས་པས་བྱམས་པ་མཐའ་ཡས་སོ། །གཞོན་ནུ། ཡང་སེམས་ཅན་གྱི་ཁམས་ནི། ཆེས་མང་གི། སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ནི། དེ་ལྟ་མ་ཡིན་མོད་ཀྱི། འོན་ཀྱང་གཞོན་ནུ། སེམས་ཅན་གྱི་ཁམས་ཚད་མེད་པ་ཇི་ཙམ་པ་དེའི་དོན་ཤེས་པར་བྱ་བའི་ཕྱིར་དཔེ་བསྟན་ཏོ། །གཞོན་ནུ། འདི་ལྟ་སྟེ། དཔེར་ན། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང ། ལྷོ་དང ། ནུབ་དང ། བྱང་དང ། དེ་བཞིན་དུ་ཕྱོགས་མཚམས་དང ། ཕྱོགས་བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་དེ་དག་ཐམས་ཅད་ཆུས་ཡོངས་སུ་གང་བའི་རྒྱ་མཚོར་གྱུར་པའི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པ་ལ་ཡོངས་སུ་བརྟག་པ་བཟུང་སྟེ་དེ་ལ་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་འདུས་ནས་བརྒྱར་བཙལ་བའི་སྐྲའི་རྩེ་མོས་ཆུའི་ཐིགས་པ་གཅིག་བླངས། གཞན་ཡང་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་འདུས་ནས་བརྒྱར་བཙལ་བའི་སྐྲའི་རྩེ་མོས་ཆུའི་ཐིགས་པ་གཉིས་བླངས། གཞན་ཡང་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་འདུས་ནས་བརྒྱར་བཙལ་བའི་སྐྲའི་རྩེ་མོས་ཆུའི་ཐིགས་པ་གསུམ་བླངས་ནས་གཞོན་ནུ། ཡོངས་སུ་བརྟག་པ་བཟུང་སྟེ། དེ་ལྟ་བུའི་ཐབས་ཀྱིས་ཆུའི་ཕུང་པོ་ཆེན་པོ་ཟད་པར་གྱུར་ཀྱང་སེམས་ཅན་གྱི་ཁམས་ནི། ཚད་དང་མཐའ་མེད་དེ།
142b
གཞོན་ནུ། སེམས་ཅན་གྱི་ཁམས་དེ་ལྟར་དཔག་ཏུ་མེད་ཅིང་དེ་ལྟར་མཐའ་ཡས་པ་དེ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་བྱམས་པས་ཁྱབ་པར་བྱེད་དོ། །གཞོན་ནུ། དེ་ཇི་སྙམ་དུ་སེམས། གང་དེ་ལྟར་དཔག་ཏུ་མེད་པར་བྱམས་པ་སྒོམ་པའི་དགེ་བའི་རྩ་བ་དེའི་ཚད་གཟུང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བདེ་བར་གཤེགས་པ། དེ་ནི། མ་ལགས་སོ། །གཞོན་ནུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱམས་པ་ཆེན་པོ་སྒོམ་པའི་དགེ་བའི་རྩ་བ་ནི། དཔག་ཏུ་མེད་པ་ཡིན་ཏེ། གཞོན་ནུ། དེའི་བྱམས་པ་ནི།་བདག་སྲུང་བ་ཡིན། གཞན་ལ་ཕན་པར་གནས་པ་ཡིན། མཆོག་ཏུ་གནོད་སེམས་མེད་པ། ཁྲོ་བ་དང་གནོད་སེམས་ཀྱི་ཐ་པ་དང་བྲལ་བ། ཉེ་བར་འཇོམས་པ། རྗེས་སུ་ཆགས་པའི་ཀུན་ནས་ལྡང་བ་དང་བྲལ་བ། དད་པ་ཀུན་ཏུ་སྟོན་པ། འཁྲུལ་པ་ཐམས་ཅད་ལ་ཉེས་པར་ལྟ་བ། ཡོངས་སུ་གདུང་བ་མེད་པ། ལུས་དང་ངག་དང་སེམས་བདེ་བ་སྐྱེད་པ། གཞན་གྱི་གནོད་པར་བྱ་བ་ཐམས་ཅད་དུ་མ་ལྷུང་བ། འཇིགས་པ་ཐམས་ཅད་དང་བྲལ་བ། འཕགས་པའི་ལམ་དང་མཐུན་པ། གཤེ་བ་དང ། ཁྲོས་པ་ལ་དང་བ་སྐྱེད་པ། གཡུལ་ཐམས་ཅད་ལས་སྒྲོལ་བ།་དབྱིག་པ་དང་མཚོན་ཆ་མི་ཐོགས་པ། སེམས་ཅན་རབ་ཏུ་ཐར་པར་བྱ་བ་ལ་དགའ་བ། ཁོང་ཁྲོ་བ་ཐམས་ཅད་དང་བྲལ་བ། ཚུལ་འཆོས་པ་དང ། ཁ་གསག་དང ། འདྲིད་པ་དང ། གཞོགས་
143a
༄#། །སློང་ཐམས་ཅད་དང་བྲལ་བ། རང་གི་རྙེད་པ་དང ། བཀུར་སྟི་དང ། ཚིགས་སུ་བཅད་པས་ཉེ་བར་འཚོ་བ། བརྒྱ་བྱིན་དང ། ཚངས་པས་ཕྱག་བྱས་པ། རང་གི་གཟི་བརྗིད་ཀྱིས་བརྒྱན་པ། མཁས་པས་བསྟོད་པ། བྱིས་པ་ཐམས་ཅད་རྗེས་སུ་སྲུང་བ། ཚངས་པའི་ལམ་དང་མཐུན་པ། འདོད་པའི་ཁམས་ལ་མ་འདྲེས་པ། ཐར་པའི་ལམ་གྱི་གཙོ་བོར་གྱུར་པ། ཐེག་པ་ཐམས་ཅད་ཀྱིས་ཡང་དག་པར་བཟུང་བ། ཟང་ཟིང་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པ། དབང་པོ་ཉམས་ཤིང་མ་ཚང་བ་ཐམས་ཅད་སྤངས་པ། བདེ་འགྲོ་དང ། མྱ་ངན་ལས་འདའ་བའི་ལམ་ཐམས་ཅད་དུ་འགྲོ་བ། ངན་སོང་ཐམས་ཅད་དང ། མི་ཁོམ་པ་བརྒྱད་ལས་ཟློག་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ།་འདོད་པའི་ལོངས་སྤྱོད་ཐམས་ཅད་དང ། དབང་པོ་དང ། རྒྱལ་སྲིད་ལ་མངོན་པར་མི་དགའ་བ་དང ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་སྦྱིན་པ་རབ་ཏུ་སྦྱོར་བ། ཐ་དད་པའི་འདུ་ཤེས་དང་བྲལ་བ། ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་དང་ལམ། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ཀྱི་སྐྱབས། བཟོད་པའི་སྟོབས་ཀུན་ཏུ་སྟོན་པ། ང་
143b
རྒྱལ་དང ། རྒྱགས་པ་དང ། དྲེགས་པ་ཐམས་ཅད་དང་བྲལ་བ། མི་འཁྲུགས་པའི་བརྩོན་འགྲུས་རྩོམ་པ། ཡང་དག་པར་སྦྱོར་བའི་བྱ་བ་སྒྲོལ་བ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པའི་རྩ་བ། ཉོན་མོངས་པ་ལས་བྱུང་བ། སེམས་ངེས་པར་རྟོག་པ། ཐོས་པ་འཛིན་པ་ཤེས་རབ་ཀྱི་རྒྱུ་སྐྱེད་པའི་བྱམས་པ་དང ། བདག་གི་ཕྱོགས་དང་གཞན་གྱི་ཕྱོགས་འཇོམས་པ། བདུད་དང་ཉོན་མོངས་པའི་ཕྱོགས་སེལ་བ། འགྲོགས་ན་བདེ་བ། ལྡང་བ་དང ། སློང་བ་དང ། འདུག་པ་དང ། ཉལ་བའི་སྤྱོད་ལམ་སྲུང་བར་བྱེད་པ། རྒོད་པའི་རང་བཞིན་ཡིད་ལ་བྱེད་པ་ཐམས་ཅད་སེལ་བ། དྲི་ཞིམ་པོས་བྱུགས་པ། ཁྲེལ་ཡོད་པ་དང ། ངོ་ཚ་ཤེས་པས་བྱུགས་པ། མི་ཁོམ་པ་དང ། ཉོན་མོངས་པ་དང ། ངན་འགྲོ་ཐམས་ཅད་སེལ་བའི་བྱམས་པ། འགྲོ་བ་ཐམས་ཅད་སྐྱོབ་པའི་བྱམས་པ་ཆེན་པོ། བདག་གི་བདེ་བ་བཏང་བ་དང ། སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་པ་སྟེ། གཞོན་ནུ། ཉན་ཐོས་རྣམས་ཀྱི་བྱམས་པ་ནི། བདག་སྐྱོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི། སེམས་ཅན་ཐམས་ཅད་ལ་སྐྱོབ་པའོ། །ཡང་གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་བྱམས་པ་ནི། སེམས་ཅན་ལ་དམིགས་པའོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་བྱམས་པ་ནི། ཆོས་ལ་དམིགས་པའོ། །བྱང་ཆུབ་སེམས་
144a
༄#། །དཔའ་བཟོད་པ་རབ་ཏུ་ཐོབ་པ་རྣམས་ཀྱི་བྱམས་པ་ནི། དམིགས་པ་མེད་པའོ། །གཞོན་ནུ། འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱམས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པ་དེ་ལ་རབ་ཏུ་གནས་པས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་དོ། །དེ་ལ་གཞོན་ནུ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་ཞེ་ན། གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་སྔོན་དུ་འགྲོ་བ་ནི། སྙིང་རྗེ་ཆེན་པོའོ། །འདི་ལྟ་སྟེ། དཔེར་ན། གཞོན་ནུ། སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ནི། དབུགས་འབྱུང་བ་དང ། རྔུབ་པའོ། །གཞོན་ནུ། དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པའི་བྱང་ཆུབ་སེམས་དཔའི་སྔོན་དུ་འགྲོ་བ་ནི། སྙིང་རྗེ་ཆེན་པོའོ། །འདི་ལྟ་སྟེ། དཔེར་ན། གཞོན་ནུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེའི་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི། འཁོར་ལོ་རིན་པོ་ཆེ་ཡིན་ནོ། །གཞོན་ནུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི། སྙིང་རྗེ་ཆེན་པོ་ཡིན་ཏེ། སྙིང་རྗེ་ཆེན་པོ་དེ་ཡང་སེམས་ཅན་ཐམས་ཅད་རྗེས་སུ་མི་གཏོང་བའོ། །གཞོན་ནུ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འཇུག་ཅེ་ན། གཞོན་ནུ། འདི་
144b
ལྟར་བྱང་ཆུབ་སེམས་དཔས་འཇིག་ཚོགས་ལ་ལྟ་བས་བཅིངས་ཤིང་ལྟ་བར་གྱུར་བ་རྣམ་བ་མང་པོ་ལ་ཆགས་པའི་སེམས་ཅན་དག་མཐོང་ན། དེ་དག་གི་འཇིག་ཚོགས་ལ་ལྟ་བས་བཅིངས་པ་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞན་ཡང་གཞོན་ནུ། བྱང་ཆུབ་སེམས་དཔས་སེམས་ཅན་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་གི་གནས་ལ་གནས་ཏེ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དང ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་མཐོང་ན། དེ་དག་གི་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱུང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞན་ཡང་གཞོན་ནུ། བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་གི་འདོད་པ་ལ་སྲེད་པའི་སེམས་ཅན་དེ་དག་མ་ལ་ཡང་གཡེམ་པ་དང ། སྲིང་མོ་ལ་ཡང་གཡེམ་པ་མཐོང་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་འཇིག་རྟེན་གནས་པ་འདི་དག་ནི། འཕགས་པ་མ་ཡིན་པ་འདུས་པ་སྟེ། མུ་ཅོར་སྨྲ་བས་ཡོངས་སུ་གང་ཞིང་ངོ་ཚ་མི་ཤེས་པས་ཡོངས་སུ་གང་ངོ ། །འདི་ལྟར་མའི་རུམ་མངལ་གྱི་མལ་ན་འདུག་འདུག་སྟེ། དེ་ཉིད་ཀྱི་མངལ་གྱི་སྒོ་ནས་བྱུང་ལ་དེ་ཉིད་དང་ཡང་ལྷན་ཅིག་ཏུ་འདོད་པ་སྟེན་པར་བྱེད་
145a
༄#། །པ་ལྟ་ག་ལ་སྲིད། མངལ་གཅིག་ན་ལྷན་ཅིག་ཏུ་འདུག་འདུག་པའི་སྲིང་མོ་དང་འདུ་ཞིང་འཁྲིག་པ་བྱེད་པ་ལྟ་ག་ལ་སྲིད་དེ། ཀྱེ་མའོ། །སེམས་ཅན་འདི་དག་ནི། བརླག་གོ་།རྣམ་པར་བརླག་གོ་།རབ་ཏུ་བརླག་གོ། འདོད་ཆགས་ཀྱིས་གཡེན་སྤྱོའོ། །ཞེ་སྡང་གིས་གཡེན་སྤྱོའོ། །གཏི་མུག་གིས་གཡེན་སྤྱོའོ། །མི་ཤེས་པས་གཡེན་སྤྱོའོ། ། ཆོས་ལས་ཉམས་ཤིང་ཆོས་མ་ཡིན་པ་ལ་གནས་སོ། །མི་མཐུན་པའི་ཆོས་ལ་རབ་ཏུ་སྤྱོད་དོ། །སེམས་ཅན་དམྱལ་བའི་སྤྱོད་ཡུལ་པའོ། །དུད་འགྲོའི་སྐྱེ་གནས་ཀྱི་སྤྱོད་ཡུལ་པའོ། །གཤིན་རྗེའི་འཇིག་རྟེན་གྱི་སྤྱོད་ཡུལ་པའོ། །ལོག་པའི་ལམ་ལ་སྤྱོད་ཡུལ་པའོ། །སྙམ་མོ། །གཞོན་ནུ། འདི་ལྟ་སྟེ། དཔེར་ན། ཝ་དུར་ཁྲོད་ཀྱི་མཐར་གཡང་ས་ཆེན་པོ་དང་ཉེ་བ་ཞིག་ན་མཚན་མོ་ཁྱིས་གཙེས་ནས་གཡང་ས་ཆེན་པོ་ནས་ལྷུང་བ་དེ་བཞིན་དུ་གཞོན་ནུ། སེམས་ཅན་འདི་དག་ཀྱང་ཝ་དང་འདྲའོ། །གཞོན་ནུ། འདི་ལྟ་སྟེ།་དཔེར་ན། དམུས་ལོང་ཁྱིས་གཙེས་ན་གཡང་ས་ཆེན་པོ་དང་ཉེ་བར་གྱུར་པ་དེ་བཞིན་དུ་ཀྱེ་མའོ། །གཞོན་ནུ། སེམས་ཅན་འདི་དག་ཀྱང་དམུས་ལོང་དང་འདྲའོ། །གཞོན་ནུ།་འདི་ལྟ་སྟེ། དཔེར་ན། ཕག་ནི། མི་གཙང་བ་ཟ་ཞིང་མི་གཙང་བ་ལ་སྤྱོད་ཡུལ་བ་སྟེ། གཞོན་ནུ། ཀྱེ་མའོ། །དེ་བཞིན་དུ་སེམས་ཅན་འདི་དག་ཀྱང་ཕག་དང་འདྲ་སྟེ། དེ་
145b
ཉིད་མ་ཡིན། དེ་ཉིད་སྲིང་མོ་ཡིན་ན། དེ་ཆུང་མར་བྱ་བ་ལྟ་ག་ལ་སྲིད་སྙམ་སྟེ། སེམས་ཅན་ཉོན་མོངས་པས་གཡེན་སྤྱོ་བ་དང ། བདུད་ཀྱི་ཕྱོགས་ཀྱི་སྤྱོད་ཡུལ་བ་དང ། བདུད་ཀྱི་ཞགས་པས་བཅིངས་པ་དང ། འདོད་པའི་འདམ་དུ་བྱིང་བ་དེ་དག་གི་འདོད་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞོན་ནུ། གཞན་ཡང་བྱང་ཆུབ་སེམས་དཔས་སྒྲིབ་པ་ལྔས་བསྒྲིབས་པའི་སེམས་ཅན་འདོད་པའི་ཟུག་རྔུས་ཟུག་པ་མཐོང་ན། སྐྱེ་མཆེད་དྲུག་ལ་ཆགས་ཤིང་ཞེན་པ། མིག་གིས་གཟུགས་མཐོང་ན། མཚན་མར་འཛིན་པར་འགྱུར་ཞིང་མངོན་རྟགས་སུ་འཛིན་པ་དང ། རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལུས་ཀྱིས་རེག་པ་ལ་རེག་ན། མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པར་འགྱུར་ཏེ། ཀྱེ་མའོ། །སེམས་ཅན་འདི་དག་ནི། ཁོང་ཁྲོ་བ་མང་ཞིང་ཕན་ཚུན་མི་མཛའ་སྟེ། དེ་དག་དོན་རྙེད་པའི་ཕྱིར་ནི། མཛའ་བོར་ཡང་མི་ཤེས་གནོད་པར་འགྱུར་བའི་ཕྱིར་ནི། གཅིག་ལ་གཅིག་གསོད་དོ། །ཀྱེ་མའོ། །སེམས་ཅན་འདི་དག་ནི། གཉིད་དང ། རྨུགས་པ་མང་བ་སྟེ། ཞེན་ཅིང་གླེན་པ་མི་ཤེས་པའི་ལིང་ཏོག་གིས་ཁེབས་ཤིང་མི་དགེ་བའོ། །ཀྱེ་མའོ། །སེམས་ཅན་འདི་དག་ནི། འགྱོད་པས་ཀུན་ནས་བསྐོར་བ་སྟེ། གློ་བུར་གྱི་ཉོན་མོངས་པས་སེམས་ཀུན་ནས་ཉོན་མོངས་པའོ། །ཀྱེ་མའོ། །སེམས་ཅན་འདི་དག་
146a
༄#། །ནི།་ཐེ་ཚོམ་གྱིས་ཡོངས་སུ་དཀྲིས་པ་ཆོས་ཟབ་མོ་ལ་ངེས་བར་མ་གྱུར་པ་སྟེ། དེ་དག་གི་སྒྲིབ་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞོན་ནུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ང་རྒྱལ་གྱིས་ནོན་པ། ཆེ་བའི་ང་རྒྱལ་གྱིས་ནོན་པ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱིས་ནོན་པ། ངའོ་སྙམ་པའི་ང་རྒྱལ་གྱིས་ནོན་པ། མངོན་པའི་ང་རྒྱལ་གྱིས་ནོན་པ། ཅུང་ཟད་སྙམ་པའི་ང་རྒྱལ་གྱིས་ནོན་པ། ལོག་པའི་ང་རྒྱལ་གྱིས་ནོན་པ། དམའ་བ་བས་བདག་མཐོ་བར་སེམས་པ། མཚུངས་པ་བས་ཀྱང་བདག་ཆེས་ལྷག་པར་ལྟ་བ་དེ་དག་གཟུགས་ལ་བདག་ཅེས་ཁས་ལེན་པ་ནས་རྣམ་པར་ཤེས་པའི་བར་ལ་བདག་ཅེས་ཁས་ལེན་པ། ཁོང་དུ་མ་ཆུད་པར་ཁོང་དུ་ཆུད་སྙམ་དུ་ཤེས་པ། གུས་པར་སྨྲ་བར་འོས་པ་ལ་གུས་པར་མི་སྨྲ་བ། ཕྱག་བྱ་བར་འོས་པ་ལ་ཕྱག་མི་འཚལ་བ། རྒན་པ་དང་གཞོན་པ་ལ་མི་འདུད་པ། བླ་མ་ལ་རིམ་གྲོ་མི་བྱེད་པ། མཁས་པ་ལ་དགེ་བ་གང ། མི་དགེ་བ་གང ། བསྟེན་པར་བྱ་བ་གང ། བསྟེན་པར་མི་བྱ་བ་གང ། བྱ་བ་གང ། མི་བྱ་བ་གང ། ཁ་ན་མ་ཐོ་བ་དང་བཅས་པ་གང ། ཁ་ན་མ་ཐོ་བ་མེད་པ་གང ། ལམ་གང ། ཏིང་ངེ་འཛིན་གང ། རྣམ་པར་གྲོལ་བ་གང་ཞེས་མི་འདྲི་བ་དང ། བདག་ཉིད་ལ་བདག་ནི། གཙོ་བོའོ། །བདག་ནི། མཆོག་གོ་།སྙམ་དུ་རློམ་སེམས་སུ་བྱེད་པ་
146b
མཐོང་ན། འདི་ལྟར་ང་རྒྱལ་གྱི་རྣམ་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞོན་ནུ། གཞན་ཡང་བྱང་ཆུབ་སེམས་དཔས་སྲིད་པའི་བཅིང་བས་བཅིངས་པ། སྲེད་པས་འཁོལ་བ། ཆུང་མ་དང ། བུ་ཕོ་དང ། བུ་མོས་ཟིན་པ། གནོད་པས་ཟིན་པ། དོན་མེད་པས་ཟིན་པ། འཁོར་བའི་གཏན་པས་ཟིན་པ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་གྱི་ལམ་གྱིས་ཟིན་པ། སྲིད་པའི་བཅིང་བས་ཟིན་པ། རང་ཉམ་མེད་པ། རང་དབང་མེད་པའི་སེམས་ཅན་མཐོང་ན། དེ་དག་རང་ཉམ་དང ། རང་དབང་དང ། གང་དུ་དགའ་བར་འགྲོ་བ་དང ། མྱ་ངན་ལས་འདའ་བར་འགྲོ་བར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་འཇུག་གོ་།གཞོན་ནུ། གཞན་ཡང་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་དང་བྲལ་བ། སྡིག་པའི་གྲོགས་པོས་འཁོར་བ་དེ་དག་སྡིག་པའི་གྲོགས་པོས་ནོན་པས་མི་དགེ་བའི་ལས་ལ་ཆགས་པ་ལ་འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པར་གཡེམ་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་བ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བའི་སེམས་ཅན་མཐོང་ན། འདི་ལྟར་དགེ་བའི་བཤེས་གཉེན་བསྡུ་བ་དང ། མི་དགེ་བའི་ལམ་ལས་བཟློག་པ་
147a
༄#། །དང ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ་སྤྱོད་བར་བྱ་བའི་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞོན་ནུ། གཞན་ཡང་བྱང་ཆུབ་སེམས་དཔས་གཏི་མུག་གིས་བསྒྲིབས་པ། མ་རིག་པའི་མུན་པ་མུན་ནག་གི་ལིང་ཏོག་གིས་ཀུན་ཏུ་བསྒྲིབས་པ། བདག་དང ། སེམས་ཅན་དང ། སྲོག་དང ། སྐྱེ་བ་པོ་དང ། ཤེད་ལས་སྐྱེས་པ་དང ། ཤེད་བུ་དང ། སྐྱེས་བུ་དང ། གང་ཟག་དང ། བྱེད་པ་པོ་དང ། ཚོར་བ་པོ་དང ། ངར་འཛིན་པ་དང ། ང་ཡིར་འཛིན་པ་ལ་མངོན་པར་ཆགས་པའི་སེམས་ཅན་མཐོང་ན། དེ་དག་འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་སྦྱང་ཞིང་ལྟ་བར་གྱུར་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞོན་ནུ། གཞན་ཡང་བྱང་ཆུབ་སེམས་དཔའ་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་མཐོང་ན། དེ་དག་ཕུང་པོ་ལྔའི་གཤེད་མ་ལས་རབ་ཏུ་ཐར་པར་བྱ་བ་དང ། འཁོར་བའི་འབྲོག་དགོན་པ་ལས་རབ་ཏུ་འདའ་བ་དང ། ཁམས་གསུམ་ཐམས་ཅད་ལས་གདོན་པའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ། གཞོན་ནུ། གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་འཁྲུགས་པར་གྱུར་པ་རྩཝ་མུན་ཛ་དང ། བལ་བ་ཛ་
147b
ལྟ་བུར་མི་དྲང་བ། དྲང་བ་ལྟར་འཆོས་པ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཀུན་ཏུ་རྒྱུག་ཅིང་འཁོར་བ། འགྲོ་བ་ལྔར་འགྲོ་བ་ལ་ཕྱོགས་པ། མྱ་ངན་ལས་འདས་པར་འགྲོ་བ་ལ་ཕྱིར་བལྟས་པ་མཐོང་ན། དེ་དག་གི་མྱ་ངན་ལས་འདའ་བའི་སྒོ་དབྱེ་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་འཇུག་གོ་།གཞོན་ནུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་མཐོང་ན། རྣམ་པ་བཅུ་པོ་འདི་དག་གིས་སྙིང་རྗེ་ཆེན་པོ་འཇུག་གོ་།བསམ་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་གཡོ་བ་མེད་པར་འཇུག་གོ་།ལྷག་པའི་བསམ་པ་ལས་ཤིན་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་མཉམ་པར་འཇུག་གོ་།ལམ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་དྲང་པོ་བཅོས་མ་མ་ཡིན་པར་འཇུག་གོ་།སེམས་གྱ་གྱུ་མེད་པའི་སེམས་ལས་ཤིན་ཏུ་གནས་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་གྱ་གྱུ་མེད་པར་འཇུག་གོ། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་འདུད་པ་དང ། ཕྱག་འཚལ་བ་ལས་ཤིན་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་བདག་གི་བདེ་བ་གཏོང་བར་འཇུག་གོ་།འདི་ལྟ་སྟེ། བདག་གི་སེམས་ཡོངས་སུ་དག་པ་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་ཕ་རོལ་རྗེས་སུ་སྲུང་བར་འཇུག་གོ་།འདི་ལྟ་སྟེ། གཡོ་ཞིང་འགུལ་བའི་སེམས་དང་བྲལ་བ་རབ་ཏུ་གནས་པའི་སེམས་ལས་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་ཤེས་
148a
༄#། །རབ་བརྟན་པར་འཇུག་གོ་།འདི་ལྟ་སྟེ། ཕ་རོལ་ལ་བདེ་བ་སྦྱིན་པ་ལས་རབ་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་བདག་གི་བདེ་བ་གཏོང་བར་འཇུག་གོ་།བརྩོན་འགྲུས་བརྟན་པ་ལས་རབ་ཏུ་བྱུང་བའི་ཕྱིར་དེའི་སྙིང་རྗེ་ཆེན་པོ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཁུར་འཁྱེར་བར་འཇུག་སྟེ། གཞོན་ནུ། འདི་ལྟར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི། རྣམ་པ་འདི་དག་དང ། གཞན་ཡང་རྣམ་པ་བཅུས་འཇུག་གོ་།གཞོན་ནུ། འདི་ལྟར་གང་ལ་ལ་ཐེག་པ་ཆེན་པོས་ངེས་པར་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོས་འབྱུང་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སྦྱིན་པ་བྱེད་པ་དང ། ཚུལ་ཁྲིམས་བྱེད་པ་དང ། བཟོད་པ་བྱེད་པ་དང ། བརྩོན་འགྲུས་བྱེད་པ་དང ། བསམ་གཏན་བྱེད་པ་དང ། ཤེས་རབ་བྱེད་པ་ནི། སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་བྱེད་པ་དང ། ཡང་དག་པར་སྤོང་བ་བྱེད་པས་སྙིང་རྗེ་ཆེན་པོའོ། །དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། མཆོག་ཏུ་དགའ་བར་བྱ་བའི་ལས་དང ། མཐར་གྱིས་སྙོམས་པར་འཇུག་པ་དང ། དགེ་བ་བཅུའི་ལས་ཀྱི་ལམ་དང ། ཚིག་དེ་དག་ཐམས་ཅད་ཀྱང་རྒྱས་པར་བྱའོ། །སྙིང་རྗེ་ཆེན་པོ་ནི། རང་བྱུང་གི་ཡེ་ཤེས་སྒྲུབ་པར་བྱེད་པས་ན། དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །རང་གི་བྱ་བ་དང ། ལེགས་
148b
པར་བྱེད་པའི་བྱ་བ་དང ། མི་འགྱུར་བའི་བྱ་བ་དང ། སེམས་ཅན་ཐམས་ཅད་ལ་བྱ་བ་ཅི་ཡོད་སྙམ་པ་སྟེ། དེའི་སྙིང་རྗེ་ཆེན་པོ་དེ་ཡང་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པས་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་དེ་དང་ལྡན་པས་སེམས་ཅན་འདི་འདྲ་བའི་གནས་ཐོབ་པ་མཐོང་ན། དེ་དག་ལ་སྙིང་བརྩེ་བ་དང ། སྙིང་རྗེའི་སེམས་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་དགའ་བ་གང་ཞེ་ན། གང་དགེ་བའི་ཆོས་རྣམས་དྲན་པ་དང ། རྗེས་སུ་དྲན་པ་དང ། དགའ་བ་དང ། དད་པ་དང ། རབ་ཏུ་དགའ་བ་དང ། དགེ་བའི་ཆོས་ལ་མི་ཞུམ་པ་དང ། མི་འགོད་པ་དང ། ཡོངས་སུ་མི་སྐྱོ་བ་དང ། མི་དགའ་བ་ཐམས་ཅད་སྤོང་བ་དང ། ཆོས་ཐམས་ཅད་ལ་དགའ་བར་གནས་པ་དང ། སེམས་རབ་ཏུ་དགའ་བ་དང ། ལུས་རབ་ཏུ་ཚིམ་པ་དང ། བློ་རབ་ཏུ་དགའ་བ་དང ། ཡིད་རབ་ཏུ་མགུ་བ་དང ། དེ་བཞིན་གཤེགས་པའི་སྐུ་ལ་མངོན་པར་དགའ་ཞིང་མོས་པ་དང ། མཚན་དང་དཔེ་བྱད་བཟང་པོའི་རྒྱན་ཀུན་ཏུ་ཚོལ་བ་ལ་དགའ་བ་དང ། ཆོས་ཉན་པས་ཡོངས་སུ་མི་སྐྱོ་ཞིང་དགའ་བ་དང ། ཆོས་ཀྱི་ཕྱིར་འབྲང་བའི་ནན་ཏན་ལ་རབ་ཏུ་དགའ་བ་དང ། རབ་ཏུ་དགའ་བའི་ཆོས་ལ་མགུ་བ་དང ། སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པ་དང ། བྱང་ཆུབ་ལ་དགའ་བ་དང ། ཆོས་རྒྱ་ཆེན་པོ་ལ་མོས་པ་དང ། ཉི་ཚེ་བའི་
149a
༄#། །ཐེག་པ་སེལ་བར་སེམས་བསྐྱེད་པ་དང ། སེར་སྣ་ཚར་གཅོད་པ་དང ། སློང་བ་ལ་དགའ་བ་དང ། གཏོང་བ་ལ་རབ་ཏུ་དགའ་བ་དང ། ཚུལ་ཁྲིམས་འཆལ་བ་དག་སྡུད་ཅིང་བྱམས་པ་དང ། ཚུལ་ཁྲིམས་དང་ལྡན་པ་ལ་རྟག་ཏུ་དད་པ་དང ། བདག་གི་ཚུལ་ཁྲིམས་ཡོངས་སུ་དག་པས་ངན་འགྲོ་དང ། འཇིགས་པ་ཐམས་ཅད་ལས་རབ་ཏུ་འདའ་བར་དབུགས་འབྱིན་པ་ལ་རབ་ཏུ་དགའ་བ་དང ། ཕ་རོལ་ངན་དུ་ཟེར་བ་དང ། ངན་པར་བརྗོད་པའི་ཚིག་གི་ལམ་བཟོད་ཅིང་རབ་ཏུ་དགའ་བ་དང ། ལག་པ་དང ། རྐང་པ་དང ། མིག་དང ། མགོ་བཅད་ཀྱང་བཟོད་པར་ནུས་ཏེ། སེམས་མི་ཉམས་ཤིང་རབ་ཏུ་དགའ་བ་དང ། རྒན་རབས་ལ་འདུད་ཅིང་ཞེས་བྱེད་པ་ལ་དགའ་བ་དང ། རྟག་ཏུ་བཞིན་འཛུམ་པ་ལ་དགའ་བ་དང ། ཁྲོ་གཉེར་མེད་ཅིང་གསོང་པོར་སྨྲ་བ་ལ་དགའ་བ་དང ། ཚུལ་འཆོས་པ་དང ། ཁ་གསག་དང ། གཞོགས་སློང་མེད་པ་ལ་རབ་ཏུ་དགའ་བ་དང ། སྙིང་པོ་དང་ལྡན་པའི་ཆོས་འཇུག་པར་རབ་ཏུ་དགའ་བ་དང ། བྱང་ཆུབ་སེམས་དཔའ་ལ་སྟོན་པ་བཞིན་དུ་ཕངས་པ་དང ། ཆོས་ལ་བདག་བཞིན་དུ་ཕངས་པ་དང ། དེ་བཞིན་གཤེགས་པ་ལ་སྲོག་བཞིན་དུ་ཕངས་པ་དང ། བླ་མ་ལ་ཕ་མ་བཞིན་དུ་ཕངས་པ་དང ། སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་ཕངས་པ་དང ། སློབ་དཔོན་ལ་མིག་བཞིན་དུ་ཕངས་པ་དང ། ནན་ཏན་ལ་ཡན་ལག་གི་དམ་པ་བགོ་
149b
བཞིན་དུ་ཕངས་པ་དང ། ཕ་རོལ་ཏུ་ཕྱིན་པ་ལ་ལག་པ་དང ། རྐང་པ་བཞིན་དུ་ཕངས་པ་དང ། ཆོས་སྨྲ་བ་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་པ་དང ། ཆོས་ཡོངས་སུ་ཚོལ་བ་ལ་སྨན་བཞིན་དུ་ཕངས་པ་དང ། བསྐུལ་ཞིང་དྲན་པར་བྱེད་པ་ལ་སྨན་པ་བཞིན་དུ་ཕངས་པར་སེམས་དཔའོ། །གཞོན་ནུ། འདི་ནི། དགའ་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བ་དེ་ལ་རབ་ཏུ་གནས་ནས་རྟག་ཏུ་ཆོས་ཚོལ་བ་ལ་དགའ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལ་མི་སྐྱོའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་གང་ཞེ་ན། བཏང་སྙོམས་རྣམ་པ་གསུམ་སྟེ། རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ལ་བཏང་སྙོམས་པ་དང ། བདག་དང་གཞན་རྗེས་སུ་སྲུང་བའི་བཏང་སྙོམས་པ་དང ། དུས་དང་དུས་མ་ཡིན་པར་བཏང་སྙོམས་པའོ། །དེ་ལ་ཉོན་མོངས་པའི་བཏང་སྙོམས་པ་གང་ཞེ་ན། གང་བཀུར་སྟི་བྱས་ཀྱང་མཐོར་མི་སེམས་པ་དང ། བཀུར་སྟི་མ་བྱས་ཀྱང་དམའ་བར་མི་སེམས་པ་དང ། རྙེད་པས་སྙེམས་པ་མེད་པ་དང ། མ་རྙེད་བས་ཡི་མི་ཆད་པ་དང ། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་བལ་གློ་མཉམ་པ་དང ། གྲགས་པ་ལ་དཀའ་བ་མེད་པ་དང ། མ་གྲགས་པ་ལ་ཞུམ་པ་མེད་པ་དང ། སྨད་པ་ལ་ཡིད་མི་བཟོད་པ་དང ། བསྟོད་པ་ལ་ཆོས་ཉིད་དུ་ཤིན་ཏུ་གནས་པ་དང ། སྡུག་བསྔལ་ལ་སོ་སོར་རྟོག་པའི་སྟོབས་དང ། བདེ་བ་ལ་མི་རྟག་པར་
150a
༄#། །རྟོག་པའི་སྟོབས་དང ། རྗེས་སུ་ཆགས་པ་འདོར་བ་དང ། ཁོང་ཁྲོ་བ་སྤོང་བ་དང ། མཇའ་\་ཾཌZཱའ\་བ་དང་མི་མཛའ་བ་ལ་སེམས་མཉམ་པ་དང ། ལེགས་པར་བྱས་པ་དང་ཉེས་པར་བྱས་པ་ལ་གཉིས་སུ་མི་བྱེད་པ་དང ། སྡུག་པ་དང་མི་སྡུག་བ་ལ་མི་ལྟ་བ་དང ། བསྙེན་བཀུར་བྱེད་པ་དང་བསྙེན་བཀུར་མི་བྱེད་པ་ལ་དགའ་བ་དང ། མི་དགའ་བར་བྱ་བ་མེད་པ་དང ། སྙན་པར་སྨྲ་བ་དང ། མི་སྙན་པར་སྨྲ་བ་ལ་རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་མེད་པ་དང ། ཀུན་མྱང་བའི་ཉེས་པ་ལ་མཚུངས་པར་ཡོངས་སུ་འཇལ་བ་དང ། བདག་དང་སེམས་ཅན་གཞན་ལ་བསམ་པ་མཉམ་པ་དང ། ལུས་དང་སྲོག་ལ་མི་ལྟ་བ་དང ། སེམས་ཅན་རབ་འབྲིང་ཐ་མ་ལ་འོད་ཟེར་མཉམ་པ་དང ། བསྔགས་པ་དང་མི་བསྔགས་པ་ལ་ཆོས་ཉིད་མཉམ་པ་དང ། བདེན་པ་དང ། མི་བདེན་པ་ལ་བདག་གི་བདེན་པ་ཡོངས་སུ་དག་པ་སྟེ། གཞོན་ནུ། འདི་ལྟར་གང་བདག་ལ་གནོད་པར་བྱེད་པ་དེ་ལ་བྱང་ཆུབ་སེམས་དཔའ་བཏང་སྙོམས་པ་ཡིན་ནོ། །དེ་ལ་བདག་དང་གཞན་རྗེས་སུ་སྲུང་བའི་བཏང་སྙོམས་གང་ཞེ་ན། གང་ཡན་ལག་དང ། ཉིད་ལག་གི་ཤ་བཅད་ཀྱང་བཏང་སྙོམས་པ་ཡིན་ནོ། །ཡན་ལག་དང་ཉིང་ལག་གི་ཤ་བཅད་ཀྱང་འདོད་པ་མེད་ཅིང་ཚོལ་བ་མེད་དེ། བཏང་སྙོམས་པ་ཡིན་ནོ། །ལུས་ཀྱང་མི་འགྱུར། ངག་ཀྱང་མི་འགྱུར་ཏེ། གཉིས་ཀ་བཟོད་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །མིག་གི་རྣམ་པས་མ་ཡིན། གཟུགས་
150b
ཀྱི་རྣམ་པས་མ་ཡིན་ཏེ། གཉིས་ཀས་ཀྱང་རྨ་མི་ཕྱིན་པ་ནས་ཡིད་ཀྱི་རྣམ་པ་དང ། ཆོས་ཀྱི་རྣམ་པའི་བར་གྱིས་རྨ་མི་ཕྱིན་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །རྨ་མི་ཕྱིན་ཅིང་སྣད་པ་མེད་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །རྨ་ཕྱུང་བ་ལ་རྨ་མི་འབྱིན་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །བདག་དང་ཕ་རོལ་གཉིས་ཀ་ལ་བཟོད་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །ཕན་པར་བྱེད་པ་དང ། ཕན་པར་མི་བྱེད་པ་ལ་མཉམ་པར་སྤྱོད་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །བཏང་སྙོམས་ནི། རྩོད་པ་མེད་པ་ལྷུར་བྱེད་པའོ། །བཏང་སྙོམས་ནི། རང་གི་སེམས་ངེས་པར་རྟོག་པའོ། །བཏང་སྙོམས་ནི། བདག་ལ་སོ་སོར་རྟོག་པའོ། །བཏང་སྙོམས་ནི། གཞན་ལ་གནོད་པ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ནི། མཉམ་པར་གཞག་པའི་དངོས་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བཏང་སྙོམས་པ་གནང་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་རྟག་ཏུ་འབད་པར་བྱའོ། །རྟག་པར་རྒྱུན་མི་འཆད་པར་དགེ་བ་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱ་སྟེ། དུས་དུས་སུ་བཏང་སྙོམས་བསྒོམ་པར་བྱའོ། །དེ་ལ་དུས་དུས་སུ་བཏང་སྙོམས་སྒོམ་པ་གང་ཞེ་ན། འདི་ལྟ་སྟེ། སྣོད་མ་ཡིན་པའི་སེམས་ཅན་ལ་བཏང་སྙོམས་པ་དང ། བསྙེན་བཀུར་མི་བྱེད་པ་ལ་བཏང་སྙོམས་པ་དང ། མ་རྙེད་པ་དང ། སྨད་པ་དང ། མ་གྲགས་
151a
༄#། །པ་དང ། སྡུག་བསྔལ་བ་ལ་བཏང་སྙོམས་པ་དང ། ཉན་ཐོས་ཀྱི་ཐེག་པར་ངེས་པར་འགྱུར་བ་ལ་ཞུགས་པ་རྣམས་ལ་བཏང་སྙོམས་པ་དང ། སྦྱིན་པའི་དུས་ན་ཚུལ་ཁྲིམས་ཉེ་བར་སྒྲུབ་པ་བཏང་སྙོམས་པ་དང ། ཚུལ་ཁྲིམས་ཀྱི་དུས་ན་སྦྱིན་པ་ཉེ་བར་སྒྲུབ་པ་བཏང་སྙོམས་པ་དང ། བཟོད་པའི་དུས་ན་སྦྱིན་པ་དང ། ཚུལ་ཁྲིམས་དང ། བརྩོན་འགྲུས་ཉེ་བར་སྒྲུབ་པ་བཏང་སྙོམས་པ་དང ། བརྩོན་འགྲུས་ཀྱི་དུས་ན་ཚུལ་ཁྲིམས་ཀྱི་རྗེས་སུ་འཇུག་པ་བཏང་སྙོམས་པ་དང ། བསམ་གཏན་གྱི་དུས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་བཏང་སྙོམས་པ་དང ། ཤེས་རབ་ཀྱི་དུས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་དམིགས་པ་ཉེ་བར་སྒྲུབ་པ་བཏང་སྙོམས་པ་སྟེ། འདི་ནི། དུས་དུས་སུ་བཏང་སྙོམས་པ་ཞེས་བྱའོ། ། དེ་ལྟར་གང་མི་བྱ་བའི་ཆོས་མི་བྱེད་པ་འདི་ནི། བཏང་སྙོམས་ཞེས་བྱ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མི་དགེ་བའི་ཕྱོགས་ཐམས་ཅད་ལ་བཏང་སྙོམས་སུ་བྱེད་དོ། ། གཞོན་ནུ། འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཞེས་བྱའོ། །དེ་ལྟར་ཤཱ་རིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་དེས་གཞོན་ནུ་བརྩོན་འགྲུས་སྤྱོད་ལ་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་མདོར་བསྟན་པ་དང །
151b
བཅས། རྒྱས་པར་བསྟན་པ་དང་བཅས་ཏེ་རྒྱ་ཆེར་ཡང་དག་པར་བསྟན་ཏོ། །གཞོན་ནུ་བརྩོན་འགྲུས་སྤྱོད་པ་དེས་དེ་ཐོས་ནས་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་འགྲུས་བརྩམས་པར་གྱུར་ཏོ། །བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱི་ལེའུ་སྟེ། ལྔ་པའོ།། །།དེ་ལ་ཤཱ་རིའི་བུ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པ་གང་ཞེ་ན། ཤཱ་རིའི་བུ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ཡིན་ཏེ། གང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དག་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་སོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ནི། དགེ་སྦྱོང་དང ། བྲམ་ཟེ་དང ། ཕོངས་པ་རྣམས་ཀྱི་སྦྱིན་བདག་ཡིན་ཏེ། འདི་ལྟ་སྟེ། ཟས་ཀྱིས་ཕོངས་པ་ལ་ཟས། སྐོམ་གྱིས་ཕོངས་པ་ལ་སྐོམ། བཞོན་པ་དང ། གོས་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། གནས་དང ། ཡོ་བྱད་དང ། ན་བའི་གསོས་སྨན་དང ། མར་མེ་དང ། སིལ་སྙན་དང ། བྲན་ཕོ་དང ། བྲན་མོ་དང ། གསེར་དང ། ནོར་
152a
༄#། །བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། རིན་པོ་ཆེ་ཐམས་ཅད་དང ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟ་དང ། སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་དང ། བུ་དང ། བུ་མོ་དང ། ཆུང་མ་དང ། ནོར་དང ། འབྲུ་དང ། མཛོད་དང ། བང་བ་དང ། གླིང་བཞིའི་རྒྱལ་པོའི་ལོངས་སྤྱོད་ཀྱི་བདེ་བ་ཐམས་ཅད་དང ། རྩེ་བ་དང ། དགའ་བ་ཐམས་ཅད་དང ། ལག་པ་དང ། རྐང་པ་དང ། རྣ་བ་དང ། སྣ་དང ། མིག་དང ། མགོ་དང ། ཤ་དང ། ཁྲག་དང ། རྐང་དང ། རུས་པ་དང ། འཇིག་རྟེན་གྱི་ཡོ་བྱད་གང་ཡང་སློང་བ་ལ་ཡོངས་སུ་མི་གཏོང་བ་མེད་དོ། །སྦྱིན་པ་དེ་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ལ་གནོད་པའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་འཇིགས་ཤིང་སྐྲག་ནས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་མ་བཏང་བ་ལ་མགྲོན་དུ་གཉེར་བའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་གདོང་དུ་བལྟ་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ལ་ཐ་དད་པར་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་མཛའ་བས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་
152b
ལ་སྡང་བས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཞིང་ཚོལ་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ཐམས་ཅད་ལ་སྦྱིན་གནས་མ་ཡིན་ཞེས་བརྙེས་ཤིང་སྦྱིན་པ་མེད། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་རྣམ་པ་དེ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་གཞན་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་འདོད་ཅིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་བསམ་པ་ལོག་པར་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་སྐྱོ་བའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་བསྟན་ནས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་རྗེས་སུ་མི་དགའ་བའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་འགྱོད་པའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཚུལ་ཁྲིམས་དང་ལྡན་པ་ལ་བཀུར་ཏེ་སྦྱིན་པ་མེད། ཚུལ་ཁྲིམས་འཆལ་པ་ལ་བརྙས་ཏེ་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པ་མེད་དེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་གཞན་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་
153a
༄#། །པར་བྱེད་དེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་སྨད་ནས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་གཞན་དུ་ཕྱོགས་ནས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཉོན་མོངས་ཤིང་སྦྱིན་པ་མེད། ཁྲོ་བ་དང ། ཕྲག་དོག་དང ། གནོད་སེམས་སྟོན་ཅིང་སྦྱིན་པ་མེད། རི་མོར་མི་བྱེད་པར་སྦྱིན་པ་མེད། རང་གི་ལག་ནས་མ་ཡིན་པར་སྦྱིན་པ་མེད། ཅི་ཙམ་དཔགས་པ་ལས་དབྲི་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་འདོད་ཅིང་སྦྱིན་པ་མེད་དེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་རྣམ་པ་དེ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་གཞན་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་མི་བརྟན་པར་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཚོད་འཛིན་ཅིང་སྦྱིན་པ་མེད། ཡོངས་སུ་ཆད་པར་སྦྱིན་པ་མེད། གཞན་གྱི་དྲིང་འཇོག་སྟེ་སྦྱིན་པ་མེད། ཉུང་ཞེས་ཅུང་ཟད་ཙམ་སྦྱིན་པ་མེད། གཟུགས་དང ། ལོངས་སྤྱོད་དང ། དབང་ཕྱུག་ལ་མངོན་པར་དགའ་བའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། ལྷར་སྐྱེ་བ་ཐམས་ཅད་འདོད་པའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཉན་ཐོས་དང ། རང་སངས་རྒྱས་ཀྱི་སར་བསྔོ་
153b
ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་མཁས་པས་སྨད་པའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཐམས་ཅད་མཁྱེན་པར་མ་བསྔོས་པའི་སྦྱིན་པ་མེད་དེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་རྣམ་པ་དེ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་གཞན་རྣམ་པ་བཅུས་ཡོངས་སུ་དག་པར་སྦྱིན་པར་བྱེད་དེ། བཅུ་གང་ཞེ་ན། ཅི་ཙམ་འདུས་བྱས་ལས་ངེས་པར་འབྱུང་བ་དང ། འདུས་མ་བྱས་ཐོབ་པར་བྱ་བའི་ཕྱིར་དེ་ལྟར་སྦྱིན་པ་བྱིན་ན། ཤཱ་རིའི་བུ། བྱང་ཆུབ་སེམས་དཔས་སྦྱིན་པའི་ཕན་ཡོན་བཅུ་འཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། བཟའ་བ་བྱིན་པས་ཚེ་དང ། སྤོབས་པ་དང ། བདེ་བ་དང ། སྟོབས་དང ། ཁ་དོག་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། བཏུང་བ་བྱིན་པས་ཉོན་མོངས་པ་དང ། སྲེད་བ་ཐམས་ཅད་བསལ་བ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བཞོན་པ་བྱིན་པས་བདེ་བ་ཐམས་ཅད་ཀྱི་དངོས་པོ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། ། བགོ་བ་བྱིན་པས་ཁྲེལ་ཡོང་པ་དང ། ངོ་ཚ་ཤེས་པ་དང ། གསེར་ལྟར་ཁ་དོག་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །སྤོས་དང ། ཕྲེང་བ་བྱིན་པས་ཚུལ་ཁྲིམས་དང ། ཐོས་པ་དང ། ཏིང་ངེ་འཛིན་གྱི་དྲི་དང ། བྱུག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །དྲི་རབ་ཏུ་ཞིམ་པའི་སྤོས་དང ། ཕྱེ་མ་དང ། བྱུག་པ་བྱིན་པས་ལུས་ཀྱི་ནན་ཏན་གྱི་དྲི་ཞིམ་པོ་ཕུན་སུམ་ཚོགས་པ་རབ་ཏུ་
154a
༄#། །འཐོབ་བོ། །རོ་བྱིན་པས་རོ་བྲོ་བའི་ནང་ན་མཆོག་གི་རོ་བྲོ་བའི་སྐྱེས་བུ་ཆེན་པོའི་མཚན་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གནས་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་གནས་དང ། རྟེན་དང ། གླིང་དང ། སྐྱབས་དང ། དཔུང་གཉེན་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ནད་པ་ལ་སྨན་བྱིན་པས་མི་རྒ་།མི་འཆི། ཤི་བ་མེད་པའི་བདེ་བ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཡོ་བྱད་སྣ་ཚོགས་བྱིན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ཡོ་བྱད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་པས་དེ་ལྟར་སྦྱིན་པ་བྱིན་ན། སྦྱིན་པའི་ཕན་ཡོན་བཅུ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཕན་ཡོན་གཞན་བཅུ་རབ་ཏུ་འཐོབ་བོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མར་མེ་སྦྱིན་པས་དེ་བཞིན་གཤེགས་པའི་སྤྱན་སྔ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །སིལ་སྙན་བྱིན་པས་ལྷའི་རྣ་བ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གསེར་དང ། ནོར་བུ་དང ། མུ་ཏིག་དང ། བཻཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། རིན་པོ་ཆེ་ཐམས་ཅད་བྱིན་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་
154b
པོ། །རིན་པོ་ཆེ་ཐ་དད་པ་སྣ་ཚོགས་དང ། མེ་ཏོག་སྣ་ཚོགས་བྱིན་པས་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྟ་དང ། གླང་པོ་ཆེ་དང ། ཤིང་རྟ་བྱིན་པས་རྒྱས་པ་དང ། ཡངས་པ་དང ། ཆེ་བ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་བྱིན་པས་བསམ་གཏན་དང ། རྣམ་པར་ཐར་བ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པར་རབ་ཏུ་འཐོབ་བོ། །ནོར་དང ། འབྲུ་དང ། མཛོད་དང ། བང་བ་བྱིན་པས་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་མཛོད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་བྱིན་པས་རང་ཉམ་དང ། རང་དབང་དང ། རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །བུ་ཕོ་དང་བུ་མོ་བྱིན་པས་མཛའ་བ་དང ། སྡུག་པ་དང ། འདོད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །གླིང་བཞིའི་རྒྱལ་པོའི་ལོངས་སྤྱོད་ཐམས་ཅད་བྱིན་པས་བྱང་ཆུབ་སེམས་དཔའ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་སྟེ། ཤཱ་རིའི་བུ། ཕན་ཡོན་བཅུ་པོ་དེ་དག་ཡོངས་སུ་གཟུང་བར་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་པས་དེ་ལྟར་སྦྱིན་པ་
155a
༄#། །བྱིན་ན། ཕན་ཡོན་གཞན་ཡང་བཅུ་འཐོབ་བོ། །བཅུ་གང་ཞེ་ན། འདོད་པའི་ཡོན་ཏན་ལྔ་བྱིན་པས་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །དགའ་བའི་རྩེ་མོ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པས་དམ་པའི་ཆོས་ཀྱི་དགའ་བ་དང ། རྩེ་བ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྐང་པ་བྱིན་པས་ཆོས་ཀྱི་དོན་གྱི་རྐང་པ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ལག་པ་བྱིན་པས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ལག་པ་རབ་ཏུ་བྱིན་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྣ་བ་དང ། སྣ་བྱིན་པས་དབང་པོ་མ་ཚང་བ་མེད་ཅིང་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཡན་ལག་དང ། ཉིང་ལག་བྱིན་པས་ཁ་ན་མ་ཐོ་བ་མེད་ཅིང་མཛེས་པའི་ཡན་ལག་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །མིག་བྱིན་པས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་མིག་མི་སྒྲིབ་པ་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཤ་དང ། ཁྲག་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་ལུས་དང ། སྲོག་གི་སྙིང་པོ་མེད་པ་ལས་སྙིང་པོ་ལེན་པས་ཉེ་བར་འཚོ་བ་ལ་མཁས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །རྐང་
155b
བྱིན་པས་རྡོ་རྗེ་ལྟར་མི་ཤིགས་པའི་ལུས་ཐོབ་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་བོ། །ཡན་ལག་གི་དམ་པ་མགོ་བྱིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་མཆོག་བླ་ན་མེད་ཅིང་ལྟག་ན་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་རབ་ཏུ་འཐོབ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་འདོད་པས་དེ་ལྟར་སྦྱིན་པ་བྱིན་ན། འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་ཕན་ཡོན་དེ་དག་ཡོངས་སུ་གཟུང་བར་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མཁས་པ་ཟབ་པ་ཤེས་རབ་ཀྱི་སྣང་བ་ནི། འཇིག་རྟེན་གྱི་ཟང་ཟིང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད། བདུད་རྩི་འདོད། སྙིང་པོ་འདོད། བྱང་ཆུབ་འདོད་དེ། ཡང་ཤཱ་རིའི་བུ། མྱ་ངན་ལས་འདས་པ་འདོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཏེ། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པ་ན་འཇིག་རྟེན་གྱི་བདེ་བ་ཐམས་ཅད་ཡོངས་སུ་མི་གཏོང་བ་གང་ཡང་མེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ། ཁྱིམ་བདག་ཆུན་བ་ཞིང་སྐམས་ལ་གནས་ནས་བ་ལང་དང ། གནམ་སྟོང་མ་ཡིན་པའི་ཞིང་གི་རྨོ་བརྐོ་རྫོགས་པར་བྱས་ཏེ་ས་བོན་བཏབ་ནས་རྣམ་གྲངས་འདིས་གཤོལ་གྱིས་འཚོ་བས་གསེར་དང ། དངུལ་ཡང་འགྲུབ་བོ། །དངོས་པོ་སྣ་ཚོགས་གཞན་ཡང་འགྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འབྲུ་དང་མཚུངས་
156a
༄#། །པའི་ནོར་མེད་དོ། །ཤཱ་རིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ལྟར་འཇིག་རྟེན་གྱི་ཟང་ཟིང་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དང ། ཚོད་ཡོད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ། བས་རྩཝ་སྐམ་པོ་དང ། གཤེར་བ་ཟོས་པ་དང ། ཆུ་གྲང་མོ་དང ། དྲོན་མོ་འཐུངས་པ་དེ་ལས་འོ་མ་འགྲུབ་སྟེ། ཞོ་དང ། མར་གསར་བ་དང ། མར་གྱི་སྙིང་པོ་ཡང་འགྲུབ་བོ། །ཤཱ་རིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཏེ་འཇིག་རྟེན་གྱི་ཟང་ཟིང་བྱིན་ན། དེ་མི་འདོད་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་ཡོངས་སུ་འགྲུབ་བོ། །བརྒྱ་བྱིན་དང ། ཚངས་པ་ཡང་འགྲུབ་བོ། །གནས་དེ་གསུམ་ཡོངས་སུ་གྲུབ་ནས་བྱང་ཆུབ་སེམས་དཔའི་ས་བཅུ་ཡོངས་སུ་འགྲུབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། མི་འཇིགས་པ་བཞི་ཡང་ཡོངས་སུ་འགྲུབ་བོ། །ལས་སྟོང་གིས་གྲུབ་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱང་ཡོངས་སུ་འགྲུབ་བོ། །ལས་སྟོང་གིས་གྲུབ་པའི་རྣམ་པ་དྲུག་ཅུ་དང་ལྡན་པའི་དབྱངས་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འགྲུབ་བོ། །ལས་བརྒྱས་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་གཅིག་ཡོངས་སུ་འགྲུབ་བོ། །ལས་ཉིས་བརྒྱས་གྲུབ་པའི་གཙུག་ཏོར་སྤྱི་བོར་འགྲུབ་
156b
བོ། །རྣམ་པ་དང་ཡོན་ཏན་བརྒྱས་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་ཆེན་པོ་ཡང་འགྲུབ་བོ། །རྣམ་པ་བྱེ་བ་དང ། ཡོན་ཏན་བརྒྱ་ཕྲག་སྟོང་དང་ལྡན་པའི་ཚེམས་ཀྱི་ཕྲེང་བ་ཐགས་བཟང་བ། ཕྲག་མེད་པ་སྙོམས་ཤིང་དཀར་བ་ཡང་ཡོངས་སུ་འགྲུབ་སྟེ། དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་མངོན་པར་འགྲུབ་བོ། །ཡང་ཤཱ་རིའི་བུ། གང་བྱམས་པའི་སེམས་བསྐྱེད་ནས་སློང་བ་ལ་སྦྱིན་པ་བྱིན་པ་དེ་ནི། གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་བསྐྱེད་པས། སངས་རྒྱས་ཀྱི་ཏིང་ངེ་འཛིན་རྒྱུན་མི་འཆད་པ་གཅིག་འགྲུབ་སྟེ། ཏིང་ངེ་འཛིན་དེ་ལ་གནས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་ཏིང་ངེ་འཛིན་བརྒྱ་གངྒཱའི་རྒྱུན་ལྟར་མངོན་པར་སྤྲུལ་པ་མཛད་དེ། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། རྫུ་འཕྲུལ་གྱི་བྱ་བ་ཐམས་ཅད་ལ་དབང་ཐོབ་པའོ། །ཤཱ་རིའི་བུ། གངྒཱ་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་དེ་དག་ནི། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པས་ཡོངས་སུ་གཟུང་བ་ཡིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མི་འཆི་བ་འདོད་པ་དང ། བྱང་ཆུབ་འདོད་པ་དང ། མྱ་ངན་ལས་འདས་པ་འདོད་པ་ནི། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པར་བྱེད་དོ། །ཤཱ་རིའི་བུ། རྣམ་གྲངས་དེས་ན། ཁྱོད་
157a
༄#། །ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཟང་ཟིང་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རིག་པར་གྱིས་ཤིག་།ཤཱ་རིའི་བུ། སྔོན་བྱུང་བ་འདས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ། ཤིན་ཏུ་གྲངས་མེད་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་གང་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་མོས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ ། །ཡང་ཤཱ་རིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་མོས་ཀྱི་ཚེའི་ཚད་ནི། ལོ་སྟོང་ཕྲག་བཅུར་གྱུར་ཏོ། །ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ཆོས་མོས་དེའི་དགེ་སློང་སྟོང་ཕྲག་བརྒྱ་ནི། དགྲ་བཅོམ་པ་ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའི་བར་དུ་སྟེ། དགྲ་བཅོམ་པ་ཤ་སྟག་གི་འདུས་པ་ཆེན་པོ་བྱུང་ངོ ། ། ཤཱ་རིའི་བུ། དེའི་ཚེ་ཐག་པ་ཞེས་བྱ་བ་ཐགས་འཐག་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མདོག་བཟང་ཞིང་རྒྱས་པའི་མཆོག་དང་ལྡན་པ་ཞིག་བྱུང་སྟེ། དེ་
157b
དེ་བཞིན་གཤེགས་པ་ཆོས་མོས་གང་ན་བཞུགས་པའི་ས་ཕྱོགས་དེ་ནས་ཧ་ཅང་མི་རིང་བའི་ས་ཕྱོགས་ཞིག་ན་རང་གི་ལས་བྱེད་དོ། །དེ་ཉིན་པར་ལས་བྱས་ནས་ནུབ་ཀར་ཁྱིམ་དུ་འགྲོ་བའི་ཚེ་རྟག་ཏུ་དུས་ཐམས་ཅད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་མོས་དེའི་དྲུང་དུ་འོངས་ནས་རས་ཀྱི་ཁ་ཚར་གཅིག་འབུལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བསྡུ་བའི་གནས་ཀྱིས་བདག་བཅོམ་ལྡན་འདས་རས་ཀྱི་ཁ་ཚར་ཕུལ་བའི་དགེ་བའི་རྩ་བ་དེས་བདག་མ་འོངས་པའི་དུས་ན་བསྡུ་བ་ཐམས་ཅད་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་།ཅེས་དེས་རིམ་གྱིས་རས་ཀྱི་ཁ་ཚར་སྟོང་ལྔ་བརྒྱ་ཕུལ་ཏེ། དེས་བསྐལ་པ་བྱེ་བ་ཕྲག་བཅོ་ལྔར་ངན་འགྲོ་ལོག་པར་ལྟུང་བར་མ་སོང་ངོ ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱེ་བ་ཕྲག་སྟོང་མྱོང་ངོ ། །དེ་དགེ་བའི་རྩ་བ་དེ་ཉིད་ཀྱིས་བརྒྱ་བྱིན་གྱི་བདག་པོ་བྱེ་བ་ཕྲག་སྟོང་མྱོང་ངོ ། །དགེ་བའི་རྩ་བ་འཇམ་པ་ཡིད་དུ་འོང་བ་དང་པོ་བའི་ལས་དེ་ཉིད་ཀྱིས་སངས་རྒྱས་བྱེ་བ་ཕྲག་སྟོང་མཉེས་པར་བྱས་ཏེ། དེས་ཐམས་ཅད་ལ་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ཆོས་གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། གོས་དང ། ཞལ་ཟས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་
158a
༄#། །བྱས་ནས་མཆོད་དོ། །དེ་ཕྱིས་བསྐལ་པ་གྲངས་མེད་པ་ཞིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རབ་ཏུ་བསྡུས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་སྟེ།་དེ་ལོ་བྱེ་བ་ཕྲག་ཉི་ཤུའི་བར་དུ་གནས་སོ། །དེའི་དགྲ་བཅོམ་པ་བྱེ་བ་ཁྲག་ཁྲིག་ཕྲག་ཉི་ཤུ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའི་བར་གྱི་ཉན་ཐོས་འདུས་པ་ཆེན་པོ་བྱུང་ངོ ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ལྔ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །དེས་ཆོས་བསྟན་ཏེ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེར་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་གི་བར་དུ་དམ་པའི་ཆོས་གནས་སོ། །དེའི་སྐུ་གདུང་ཡང་རྒྱས་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། ང་ད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ། རས་ཀྱི་ཁ་ཚར་ཕུལ་བ་དང ། སེམས་བསྐྱེད་པས་ཀྱང་མཐར་གྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ལ་ལྟོས། ཤཱ་རིའི་བུ། སེམས་ནི། རྒྱ་ཆེ་ལ་
158b
སྦྱིན་པ་ནི། མ་ཡིན་ནོ། །ཤཱ་རིའི་བུ། གལ་ཏེ་སྦྱིན་པ་རྒྱ་ཆེ་ལ་སེམས་ཀྱིས་མ་ཡིན་ན་ནི། སྦྱིན་བདག་རྩུབ་མོ་ཞེས་བྱ་བ་ལྟར་འགྱུར་ཏེ། དེས་སྦྱིན་པ་དེ་སྙེད་བྱིན་ཡང་སེམས་ཡོངས་སུ་མ་སྦྱངས་སོ། །ཤཱ་རིའི་བུ། འཇིག་རྟེན་གྱི་ཟང་ཟིང་ལ་གནས་ཏེ་ཐམས་ཅད་ཡོངས་སུ་ཐོབ་པར་གྱུར་པ་ལ་ལྟོས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མཁས་པ་ནི། སྦྱིན་པ་ཉུང་ཡང་མང་པོར་བྱེད་དོ། །ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གཟུགས་འདོད་ཕྱིར་ནི་སྦྱིན་པ་སྦྱིན་མི་བྱེད། །ལོངས་སྤྱོད་མཐོ་རིས་འདོད་ཕྱིར་མ་ཡིན་གྱི། །བླ་ན་མེད་པའི་སངས་རྒྱས་མཆོག་འདོད་ཕྱིར། །དེ་ཕྱིར་སྦྱིན་པ་ཆུང་ཡང་དུ་མར་འགྱུར། །གྲགས་དང་བརྗོད་པ་དག་དང་སྒྲ་དག་དང ། །གཡོག་དང་བདེ་བ་ནམ་ཡང་མི་འདོད་ཅིང ། ། འཆི་འཕོ་སྐྱེ་བ་ཀུན་ཀྱང་མི་འདོད་དེ། །དེ་ཕྱིར་སྦྱིན་ཉུང་འབྲས་བུ་ཆེན་པོར་འགྱུར། །ཟས་དང་སྐོམ་དང་ཆོས་གོས་གང་ཕྱིན་པ། །སྲིད་པའི་འགྲོ་བ་འདོད་ཕྱིར་མ་ཡིན་ཏེ། །སྦྱིན་པས་འཆི་བ་མེད་པའི་སྒོ་བཙལ་ཕྱིར། །དེས་ནི་སྐྲ་རྩེ་ཙམ་ཡང་སྦྱིན་པ་བྱིན། །འཆར་བ་མེད་ཅིང་ཁེངས་པ་མེད་པར་འགྱུར། །གཡོ་དང་སེར་སྣ་དག་ནི་ཐམས་ཅད་སྤོང ། །དེ་དག་ལེ་ལོ་ནམ་ཡང་
159a
༄#། །ཡོད་མིན་ཏེ། །དེ་ལྟར་དེ་དག་འཇིག་རྟེན་ཕན་ཕྱིར་སྤྲོ། །རྒྱལ་པོའི་སྲིད་དང་ནོར་དང་འབྲུ་སྲོག་གཏོང ། །དེ་དག་སེམས་ནི་གཞན་དུ་མི་འགྱུར་ཏེ། །བྱིན་ནས་དགའ་བ་ཆེན་པོ་རྙེད་པར་འགྱུར། །སྦྱིན་ཞིང་གཏོང་ལ་བྱང་ཆུབ་རྙེད་མི་དཀའ། །ཕ་དང་མ་དང་བུ་ནི་སྡུག་པ་ལྟར། །སློང་དང་འཇིག་རྟེན་ཀུན་ལ་དེ་བཞིན་ཏེ། །གང་གིས་བྱང་ཆུབ་མཆོག་སྤྱོད་སྤྱད་པ་རྣམས། །སྦྱིན་ཚེ་རྟག་ཏུ་ཕྲག་དོག་མེད་པར་འགྱུར། །དེ་དག་མཐོང་ན་མི་ཁྲོ་སྟེ། །ཇི་ལྟར་སྔོན་གྱི་བཞིན་དུ་སྨྲ། །མི་མཛའ་དག་དང་རྟག་མཛའ་ཞིང་།། སྐྲག་པ་རྣམས་ལ་འཇིགས་མེད་སྦྱིན། །དེ་ལ་དངོས་པོ་གང་ཡོད་པ། །སློང་བ་ལ་ནི་སྲི་བ་མེད། །ཆོས་འདོད་པར་ནི་རྟག་འགྱུར་ཏེ། །རྒྱལ་སྲིད་འདོད་པར་མི་འགྱུར་རོ། །འབྱུང་བར་རྟག་ཏུ་སྨྲ་བྱེད་ཅིང ། །ཆོས་ཀྱི་སྦྱིན་པའང་སྦྱིན་པར་བྱེད། །འདོད་ལ་བརྐམ་པ་མ་གཏོགས་པར། །སུ་ཞིག་རྒྱལ་སྲིད་འདོད་པར་འགྱུར། །འདོད་པའི་རྒྱལ་སྲིད་མི་འདོད་ཅིང ། མཐོ་རིས་བདེ་བ་འདོད་མ་ཡིན། །སངས་རྒྱས་བྱང་ཆུབ་ཡོངས་ཚོལ་ཞིང ། །གྲགས་པ་ཆེན་པོ་སྦྱིན་པ་སྦྱིན། །བདག་དང་ནོར་རྫས་གཞན་དག་ཀྱང ། །མང་པོ་མྱུར་དུ་གཏོང་བ་ནི། །དེ་དག་བྱང་ཆུབ་དམ་པའི་མཆོག་།ནམ་ཡང་གཏོང་བར་མི་འགྱུར་རོ། །མཁས་པ་གཟུགས་ནི་མི་འདོད་དེ། །ལོངས་སྤྱོད་དག་ཀྱང་འདོད་མ་ཡིན། །མཐོ་རིས་དག་ཀྱང་དེ་
159b
མི་འདོད། །མྱ་ངན་འདའ་བའང་འདོད་མ་ཡིན། །ལམ་ཤེས་ལམ་ལ་མཁས་པ་གང ། །གང་དག་བཤེས་པར་གྱུར་པ་ལ། །བརྟན་པ་དག་ཏུ་མི་བྱེད་དེ། །སྲིད་པ་མེད་པ་འདོད་པར་འགྱུར། ཤཱ་རིའི་བུ། འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ། དྲུག་པའོ།། །།བམ་པོ་དགུ་པ། དེ་ལ་གང་ལ་བརྩོན་པས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤཱ་རིའི་བུ། འདི་གསུམ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་པར་སྤྱོད་པ་སྟེ། གསུམ་གང་ཞེ་ན། ལུས་ཀྱིས་ལེགས་པར་སྤྱོད་པ་དང ། ངག་གིས་ལེགས་པར་སྤྱོད་པ་དང ། ཡིད་ཀྱིས་ལེགས་པར་སྤྱོད་པའོ། །དེ་ལ་ལུས་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། འདི་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ནི། སྲོག་གཅོད་པ་སྤངས་པ་ཡིན། མ་བྱིན་པར་ལེན་པ་སྤངས་པ་ཡིན། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ་ཡིན་ཏེ། འདི་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ནི། བརྫུན་དུ་སྨྲ་བ་སྤངས་པ་ཡིན། །ཕྲ་མ་དང ། ངག་རྩུབ་
160a
༄#། །པོ་དང ། ཚིག་ཀྱལ་པ་སྤངས་པ་ཡིན་ཏེ། འདི་ནི། ངག་གིས་ལེགས་པར་སྤྱོད་པ་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ནི། བརྣབ་སེམས་མེད།་གནོད་སེམས་མེད་ཅིང་ཡང་དག་པར་ལྟ་བ་ཡིན་ཏེ། འདི་ནི། ཡིད་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། ལུས་ཀྱིས་ལེགས་པར་སྤྱོད་པ་གང ། ངག་གིས་ལེགས་པར་སྤྱོད་པ་གང ། ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཡིན་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ལུས་ཀྱི་ལས་གང་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པར་གཡེམ་པ་མ་བྱས་པ་དེ་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱའོ་སྙམ་མོ། །དེ་ལ་ངག་གིས་ལེགས་པར་སྤྱོད་པ་གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། ངག་གི་ལས་གང་བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་མོ་དང ། ཚིག་ཀྱལ་པ་མ་སྨྲས་པ་དེ་ནི། ངག་གིས་ལེགས་པར་སྤྱོད་པ་ཞེས་བྱའོ། །སྙམ་མོ། །དེ་ལ་ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། དེ་ལ་འདི་སྙམ་དུ་སེམས་ཏེ། ཡིད་ཀྱི་ལས་གང་བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་མ་བྱས་པ་དེ་ནི། ཡིད་ཀྱིས་ལེགས་པར་སྤྱོད་པ་ཞེས་བྱའོ། །སྙམ་མོ། །དེ་འདི་ལྟར་ཚུལ་བཞིན་སོ་སོར་རྟོག་སྟེ། ལས་གང་ལུས་ཀྱིས་མ་བྱས་པ་དང ། ལས་གང་དག་དང ། ཡིད་ཀྱིས་མ་བྱས་པ་དེ་ཅི་གདགས་བར་ནུས་སམ།
160b
དེ་འདི་ལྟར་ཚུལ་བཞིན་གྱིས་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལས་གང་ལུས་ཀྱིས་མ་བྱས་པ་དང ། ལས་གང་དག་དང ། ཡིད་ཀྱིས་མ་བྱས་པ་དེ། སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། ལེབ་རྒན་ནམ། ཤེལ་གྱི་ཁ་དོག་ཏུ་གདགས་པར་མི་ནུས་ཏེ། མིག་གིས་ཤེས་པར་བྱ་བ་མ་ཡིན། རྣ་བས་ཤེས་བར་བྱ་བ་མ་ཡིན། སྣས་ཤེས་པར་བྱ་བ་མ་ཡིན། ལྕེས་ཤེས་པར་བྱ་བ་མ་ཡིན། ལུས་ཀྱིས་ཤེས་པར་བྱ་བ་མ་ཡིན། ཡིད་ཀྱིས་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི། སྐྱེས་པ་མ་ཡིན། བསྐྱེད་པ་མ་ཡིན། བྱུང་བ་མ་ཡིན། ཟིན་པ་མ་ཡིན་ཏེ། དེ་ནི། ལས་གང་གིས་ཀྱང་ཤེས་པར་བྱ་བ་མ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་དེ་ནི། གང་མངོན་པར་འདུས་མ་བྱས་པའོ། །གང་མངོན་པར་འདུ་མི་བྱེད་པ་དེ་ལ་གདགས་པ་གང་ཡང་མེད་དོ། །གང་གདགས་པ་མེད་པ་དེ་ལ་བདག་མངོན་པར་ཆགས་པར་མི་བྱའོ། །སྙམ་ནས་དེ་འདི་ལྟར་ལེགས་པར་སྤྱད་པའི་ཚུལ་ཁྲིམས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །གང་གི་ཚུལ་ཁྲིམས་དེ་དང ། ཚུལ་ཁྲིམས་དེ་གང་དུ་བསྔོ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་དེ་ལྟར་མཐོང་བས་འཇིག་ཚོགས་ལ་ལྟ་བ་གང་གིས་ཚུལ་ཁྲིམས་སམ། འཆལ་བའི་ཚུལ་ཁྲིམས་ལ་སོ་སོར་རྟོག་པར་འགྱུར་བའི་འཇིག་ཚོགས་ལ་ལྟ་བ་མི་སློང་ངོ ། །དེ་དེ་ལྟར་མཐོང་བས་སྡོམ་པ་དང ། ཆོ་ག་དང ། སྤྱོད་པ་དང ། སྤྱོད་ཡུལ་
161a
༄#། །ཤེས་བཞིན་དུ་སྤྱོད་པར་འགྱུར་ཏེ། ཤེས་བཞིན་དུ་སྤྱོད་པས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །དེ་བདག་ཏུ་དམིགས་ཤིང་མི་སྤྱོད། ཕ་རོལ་ཏུ་དམིགས་ཤིང་མི་སྤྱོད་དེ། དེ་ཚུལ་ཁྲིམས་མ་ཉམས་པ་དང ། ཚུལ་ཁྲིམས་མཆོག་ཏུ་མི་འཛིན་པ་ཡིན་ནོ། །བདག་ཏུ་དམིགས་ན། ཚུལ་ཁྲིམས་སུ་དམིགས་པར་འགྱུར་གྱི། གང་བདག་ཏུ་མི་དམིགས་པ་དེ་ནི། ཚུལ་ཁྲིམས་སུ་མི་དམིགས་སོ། །གང་ཚུལ་ཁྲིམས་སུ་མི་དམིགས་པ་དེ་ནི། བསླབ་པ་ཉམས་པར་མི་བྱེད་དོ། །གང་བསླབ་པ་ཉམས་པར་མི་བྱེད་པ་དེ་ཚུལ་ཁྲིམས་ཉམས་པར་མི་བྱེད་དེ། ཚུལ་ཁྲིམས་མཆོག་ཏུ་མི་འཛིན་ཏོ། །ཅིའི་ཕྱིར་མཆོག་ཏུ་མི་འཛིན་ཅེ་ན། དེས་གཞན་ལས་ཆོས་ཐམས་ཅད་ཤེས་སོ། །གཞན་གང་ཡིན་པ་དེ་ལ་བདག་མེད་དོ། །གང་བདག་མེད་པ་དེ་ལ་ཅི་ཞིག་ཡོངས་སུ་གཟུང་བར་བྱ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལུས་ཀྱིས་དག་ཅིང་ངག་གིས་དག་པ་དང ། །ཡིད་ཀྱིས་དག་ཅིང་རྟག་ཏུ་སྤྱོད་པ་དག་།དག་པའི་བརྟུལ་ཞུགས་ལ་ནི་རྟག་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན། །ཤིན་ཏུ་བཟང་པོའི་ལས་ལམ་བཅུ་པོ་འདི།། གང་དག་སྲུང་བ་བྱང་ཆུབ་སེམས་དཔའ་མཁས། །ལུས་དང་ངག་དང་ཡིད་ཀྱིས་གང་མ་བྱས། །དེ་ནི་མཁས་པ་ཚུལ་ཁྲིམས་ལྡན་ཞེས་བྱ། །གང་དག་མ་བྱས་མ་བསྐྱེད་མི་ལེན་པ། །དེ་ལ་
161b
ཁ་དོག་མེད་ཅིང་དབྱིབས་ཀྱང་མེད། །གང་ལ་ཁ་དོག་མེད་ཅིང་དབྱིབས་མེད་པ། །དེ་ལ་གདགས་པ་ནམ་ཡང་མ་དམིགས་སོ། །རྟག་ཏུ་ཚུལ་ཁྲིམས་མ་བྱས་འདུས་མ་བྱས། །དེ་ནི་མིག་གིས་བལྟ་བར་མི་ནུས་ཏེ། །རྣ་བ་སྣ་དང་ལྕེ་ཡིས་ཤེས་མ་ཡིན། །ལུས་དང་ཡིད་ཀྱིས་ཤེས་པར་བྱ་མ་ཡིན། །གང་དེ་དབང་པོས་ཤེས་པར་མི་ནུས་པ། །དེ་ལ་སྙིང་རྗེ་འཇུག་པར་ནུས་མ་ཡིན། །དེ་ལྟར་ཚུལ་ཁྲིམས་ཡང་དག་མཐོང་བ་དེ། །ནམ་ཡང་ཚུལ་ཁྲིམས་དམིགས་པར་མི་གནས་སོ། །ཚུལ་ཁྲིམས་ལྡན་ཞེས་ཡིད་ཀྱིས་མི་སྙེམས་ཤིང ། །བདག་ཏུ་འཛིན་པ་ཚུལ་ཁྲིམས་མི་སྲུང་སྟེ། །ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་འདུ་ཤེས་མེད། །དེ་ནི་ཁྲིམས་ལྡན་བྱང་ཆུབ་སྤྱད་སྤྱོད་པ། །འཇིག་ཚོགས་ལ་ནི་ལྟ་བ་གང་སེལ་བ། །ད་ནི་ལྟ་བར་ནམ་ཡང་མི་འགྱུར་རོ།། གང་ལ་ལྟ་མེད་དེ་ལ་གནས་མེད་དེ། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་དེ་མི་སྙེམས། །ཆོས་ཀྱི་ཚུལ་ལ་འཇུག་པ་ཀུན་སྲུང་བ། །དེ་ཡི་ཆོ་ག་བསམ་དུ་མེད་པར་འགྱུར། །རབ་ཏུ་འབྱུང་ཞིང་རབ་ཏུ་སྲུང་བ་ནི། །ཚུལ་ཁྲིམས་ལྡན་དེ་གཞན་ལ་རྩོད་མི་བྱེད། །བདག་མེད་འདུ་ཤེས་ཚུལ་ཁྲིམས་མི་དམིགས་ཏེ། །བདག་མེད་དེ་ལ་ཚུལ་ཁྲིམས་དམིགས་པའང་མེད། བདག་དང་དེ་བཞིན་ཚུལ་ཁྲིམས་གང་སྙེམས་པ། །རྟག་ཏུ་འཇིག་པའི་མཐའ་ཞེས་ངས་བཤད་དོ། །བདག་མེད་སྨྲ་བ་ཚུལ་ཁྲིམས་མི་སེམས་ཏེ། །བདག་མེད་སྨྲ་བ་ཚུལ་ཁྲིམས་གནས་
162a
༄#། །མ་ཡིན། །བདག་མེད་སྨྲ་བ་ཚུལ་ཁྲིམས་མི་སེམས་ཏེ། །བདག་མེད་སྨྲ་བ་ཚུལ་ཁྲིམས་རྟོག་མ་ཡིན། །ཚུལ་ཁྲིམས་མ་ཉམས་ཚུལ་ཁྲིམས་སྐྱོན་མེད་པ། ། བདག་ནི་ཚུལ་ཁྲིམས་ལྡན་ཞེས་མི་སློང་ངོ ། །གང་ལ་བདག་མེད་ཚུལ་ཁྲིམས་འདུ་ཤེས་མེད། །ཤེས་རབ་ཟབ་མོ་བྱང་ཆུབ་སྤྱད་པ་སྤྱོད། །འཇིགས་མེད་གང་དག་ཚུལ་ཁྲིམས་འདི་འདྲ་བ། །ནམ་ཡང་ཚུལ་ཁྲིམས་འཆལ་བར་དེ་མི་འགྱུར། །ཐམས་ཅད་ཆོས་ནི་གང་དག་མི་དམིགས་པ། །དེ་ཡི་ཚུལ་ཁྲིམས་དེ་ནི་འཕགས་པས་བསྔགས། །བྱིས་པ་གང་དག་བདག་ཏུ་ལྟ་གནས་ཏེ། །བདག་ནི་ཚུལ་ཁྲིམས་ལྡན་ཞེས་ཁྲིམས་སྲུང་ཞིང ། །བསྲུངས་ཀྱང་ཚུལ་ཁྲིམས་འབྲས་བུ་མྱོང་བ་དེ། །ངན་འགྲོ་གསུམ་པོ་ཀུན་ལས་མི་ཐར་ཏོ། །གང་དག་བདག་ཏུ་ལྟ་བ་ཀུན་སྤངས་པ། །དེ་ནི་ང་དང་ང་ཞེས་བྱ་མི་འབྱུང ། །ཚུལ་ཁྲིམས་ལྡན་པ་དེ་ལ་ལྟ་མེད་པ། །དེ་ནི་ཕྱིར་ཡང་ལོག་ལྟུང་མི་འཇིགས་སོ། །འདི་འདྲ་བ་ཡི་ཚུལ་ཁྲིམས་གང་ཤེས་པ། ། དེ་ལ་འཆལ་བའི་ཚུལ་ཁྲིམས་ལྟ་མི་ནུས། །སྲིད་པ་གསུམ་ན་དེ་བདག་མི་མཐོང་ན། །ཁྲིམས་དང་ཚུལ་འཆལ་མཐོང་འགྱུར་སྨོས་ཅི་དགོས། །ཤཱ་རིའི་བུ། དེ་ལྟར་ཚུལ་ཁྲིམས་སྤྱོད་པའི་བྱང་ཆུབ་སེམས་དཔའི་བསམ་པའི་ཆོས་བཅུ་འདུས་པར་འགྱུར་རོ། །བཅུ་གང་ཞེ་ན། དད་པའི་བསམ་པ་འདུས་པར་འགྱུར་པ་དང ། བརྩོན་འགྲུས་ཀྱི་བསམ་པ་འདུས་པར་
162b
འགྱུར་བ་དང ། རབ་ཏུ་འདུན་པ་དང ། ལས་ཀྱི་རྣམ་པར་སྨིན་པ་རྒྱ་ཆེན་པོ་ལ་དད་པ་དང ། འཕགས་པ་ལ་ལྡང་བ་བྱེད་པ་དང ། བླ་མ་ལ་རིམ་གྲོ་བྱེད་པ་དང ། སློབ་དཔོན་ལ་བསྙེན་བཀུར་བྱེད་པ་དང ། ཆོས་ཚོལ་བ་ལ་འཇུག་པར་བྱེད་པ་དང ། བྱང་ཆུབ་ཡོངས་སུ་ཚོལ་ཞིང་ལུས་དང་སྲོག་ལ་མི་ལྟ་བར་བྱེད་པ་སྟེ། ཤཱ་རིའི་བུ། དེ་ལྟར་ཚུལ་ཁྲིམས་སྤྱོད་པའི་བྱང་ཆུབ་སེམས་དཔའི་བསམ་པ་ཆོས་བཅུ་པོ་དེ་དག་འདུས་པར་འགྱུར་རོ། །དེ་ཆོས་བཅུ་པོ་དེ་དག་ལ་རབ་ཏུ་གནས་ནས་དགེ་བའི་ཆོས་རྣམས་ཡང་དག་པར་སྒྲུབ་བོ། །དགེ་བའི་ཆོས་གང་ཞེ་ན། འདི་ལྟ་སྟེ།་ལེགས་པར་སྤྱོད་པ་གསུམ་པོ་འདི་དག་ཉིད་དོ། །ལུས་དང ། ངག་དང ། ཡིད་ཀྱིས་ལེགས་པར་སྤྱོད་པའོ། །ལེགས་པར་སྤྱོད་པ་གསུམ་པོ་དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དེའི་བྱང་ཆུབ་གང་དང་འབྲེལ་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་ལོ། །འདི་ལ་དེའི་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སངས་རྒྱས་ངག་གིས་བསྔགས་པ་ཡི། །དགེ་བའི་ལས་རྣམས་ལུས་ཀྱིས་བྱེད། །གང་ལས་ཐོས་པ་རྙེད་འགྱུར་བའི། །སློབ་དཔོན་དང་ཡང་རིམ་གྲོ་བྱེད། །སེམས་ཅན་ཐམས་ཅད་དོན་གྱི་ཕྱིར། །བྱམས་པའི་སེམས་ལྡན་ཕྲག་དོག་མེད། །ཆོས་ལ་བརྩམས་ཏེ་གང་ཟག་ལ། །རི་མོ་དག་ནི་རབ་ཏུ་བྱེད། །ངག་ནི་ཤིན་ཏུ་སྡོམ་གྱུར་ཏེ། །དེ་ནི་མི་སྙན་ཚིག་
163a
༄#། །མི་སྨྲ། །འདི་ནི་འདུན་དང་ལྡན་པའི་མཚན། །ནམ་དུའང་ངག་རྩུབ་མོ་སྨྲ་འོ། །ཡིད་ནི་དགེ་བའི་ཡིད་དུ་འགྱུར། །ནམ་དུའང་སྡིག་པ་མི་འདོད་དེ། བྱམས་སེམས་གུས་དང་བཅས་པ་ཡི། །བསམ་པ་ཉིད་ཀྱིས་རྟག་ཏུ་བལྟ། །རྒྱལ་བས་བསྟན་པ་ཐོས་གྱུར་ནས། །ཆོས་འདི་ལ་ནི་གུས་དང་བཅས། །ཆོས་ལ་གུས་པར་བྱས་པས་ན། །མྱུར་དུ་བྱང་ཆུབ་རྣམ་འཚང་རྒྱ། །ཆོས་བཅུ་པོ་དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་བཅུ་བསྐྱེད་དེ། བཅུ་གང་ཞེ་ན། ཀྱེ་མའོ་ལུས་འདི་ནི། ན་བ་སྟེ། ཁམས་ནི། སྦྲུལ་གདུག་པ་བཞིན་དུ་རྟག་པར་ཕན་ཚུན་མི་འཕྲོད་པའོ། །སྡུག་བསྔལ་མང་བའོ། །ཉེས་པ་མང་བའོ། །སྨྱོ་བ་དང ། འབྲས་དང ། ཕོལ་མིག་དང ། མེ་དཔལ་དང ། གཡན་པ་དང ། རླུང་དང ། མཁྲིས་པ་དང ། བད་ཀན་གྱིས་གང་སྟེ་ནད་དང་འདྲ། ཕོལ་མིག་དང་འདྲ། ཟུག་རྔུ་དང་འདྲ། ཆུ་བོ་དང་འདྲ། གནོད་པ་དང་འདྲ།་གཡོ་བ། འཇིག་པ། སྙིང་པོ་མེད་པ། ཉམ་ཆུང་བ། ཤིག་ཤིག་པོ། །ཡུན་ཐུང་བ། སྐད་ཅིག་པ། དུར་ཁྲོད་དུ་འཇིག་པ་སྟེ། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ངོ ། །
163b
སྙམ་དུ་སེམས་བསྐྱེད་པ་དང་པོ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་ཕོར་གང་ཙམ་ཡང་འབུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ་བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པས་ཡང་འདི་སྐད་གསུང་ངོ ། །ཁམས་ནི་སྦྲུལ་གདུག་མ་རུངས་པ། །བཞི་པོ་གཅིག་ལ་གཅིག་བརྟེན་ཏེ། །རེ་རེ་ཡང་ནི་འཁྲུགས་པ་ལས། །ནད་པོ་ཆེ་ནི་འབྱུང་བར་འགྱུར། །མིག་ནད་དང་ནི་རྣ་ནད་དང ། །སྣ་ནད་དང་ནི་དེ་བཞིན་དུ། །སོ་ནད་དང་ནི་མཆུ་ནད་རྣམས། །གཞན་ཡང་ལུས་ལས་འབྱུང་བར་འགྱུར། །སྨྱོ་དང་འབྲས་དང་ཕོལ་མིག་དང ། །མེ་དབལ་གཡན་པ་རྣམས་དང་ནི། །ནད་གཞན་རྣམ་པ་མང་པོ་དག་།ལུས་ལས་སུ་ནི་འབྱུང་བར་འགྱུར། །ལུས་འདི་ནད་དང་མཚུངས་པ་སྟེ། །ལུས་ནི་འབྲུམ་བུ་འདྲ་བའོ། །ལུས་འདི་གནོད་པ་འདྲ་བ་སྟེ། །ཡུན་ཐུང་སྐད་ཅིག་འདུས་པའོ། །དུར་ཁྲོད་དུ་ནི་འགྲོ་ཞིང་འཇིག་།མི་རྟག་མི་བརྟན་གཡོ་བ་སྟེ། །རབ་ཏུ་འཇིག་ཅིང་ན་བ་དང ། །ལུས་འདི་རྣག་གིས་གང་བ་སྟེ། །ཤིག་ཤིག་པོ་དང་ཡུན་ཐུང་བ། །རྣག་གིས་གང་བའི་ལུས་འདི་ཡིས། །སངས་རྒྱས་ཀྱི་ནི་སྐུ་ཡི་ཕྱིར། །དགེ་བའི་ལས་རྣམས་བསྒྲུབ་པར་བྱ། །ཐམས་ཅད་དུ་ནི་རབ་ཟག་པ། །རྣག་གིས་གང་བའི་ལུས་འདི་ཡིས། །ཆོས་སྐུ་བསམ་གྱིས་མི་ཁྱབ་པ། །སངས་རྒྱས་ཀྱི་ནི་སྐུ་འགྲུབ་བོ། །གང་ན་གཞན་གྱིས་
164a
༄#། །ཐོབ་མེད་པ། །དེ་འདྲའི་ལུས་ནི་ཐོབ་པར་བྱ། །ཚ་བ་དག་ཀྱང་གང་སྒྲིབ་དང ། །བསིལ་བ་དག་ཀྱང་རབ་སྲུང་བ། །ལུས་འདི་ཡང་ནི་རྒ་བ་དང ། །འཆི་བ་དག་གིས་གཞོམ་པར་འགྱུར། །གང་དག་གྲང་དང་ཚ་བཟོད་པ། །ལུས་ཀྱིས་སུ་ནི་ཐམས་ཅད་དུ། །སྐྱེས་བུའི་བྱ་བ་བྱེད་པ་ཡི། །མཆོག་གིས་ལུས་ནི་ཐོབ་པར་འགྱུར། །འཇིག་རྟེན་གྲགས་པའི་བླ་མ་ལ། ། རིམ་གྲོ་དག་ནི་རབ་བྱ་སྟེ། །སྙིང་པོ་མེད་པའི་ལུས་ལས་སུ། །སྙིང་པོ་དག་ནི་བླངས་པར་འགྱུར། །ཤཱ་རིའི་བུ། སེམས་བསྐྱེད་པ་དང་པོ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། ཀྱེ་མའོ་ལུས་འདི་ནི། སྙིང་པོ་མེད་པ་སྟེ། རྟག་ཏུ་དྲིལ་བ་དང ། བཀྲུ་བ་དང ། མཉེ་བ་དང ། འཇིག་པ་དང ། འགྱེས་པ་དང ། འབྲལ་བའི་ཆོས་ཅན་ནོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། ཇི་ཙམ་དུ་རྫ་མཁན་གྱི་བུམ་པ་ཆུང་ཚད་དང ། ཆ་ཚད་བྱས་པ་ཐམས་ཅད་ཀྱང་མཐར་འཇིག་གོ་།དེ་བཞིན་དུ་ཀྱེ་མའོ་ལུས་འདི་ཡང་སྙིང་པོ་མེད་པ། སོམ་བཏང་བའི་སྣོད་བཞིན་ཏེ། མཐར་འཇིག་པའོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། ཤིང་གི་ཡལ་གའི་འདབ་མ་དང ། མེ་ཏོག་དང ། འབྲས་བུ་ཇི་སྙེད་པ་དེ་
164b
ཐམས་ཅད་ཀྱང་མཐར་ལྟུང་བར་འགྱུར་རོ། །ཤཱ་རིའི་བུ། དེ་བཞིན་དུ་ཀྱེ་མའོ་ལུས་འདི་ནི། སྙིང་པོ་མེད་དེ། འབྲས་བུ་སྨིན་པ་བཞིན་དུ་ལྟུང་བའི་ཆོས་ཅན་ནོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན།་རྩཝའི་རྩེ་མོའི་ཟིལ་བའི་ཐིགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཉི་མས་ཕོག་ན་རིང་པོར་མི་གནས་སོ། །ཤཱ་རིའི་བུ། དེ་བཞིན་དུ་ཀྱེ་མའོ་ལུས་འདི་ནི། སྙིང་པོ་མེད་པ་སྟེ། ཟིལ་བའི་ཐིགས་པ་བཞིན་དུ་རིང་པོར་མི་གནས་པའོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་དང ། འབབ་ཆུ་དང ། འབབ་ཆུའི་རྒྱུན་ལ་ལྦུ་བ་རྡོས་པ་ཡོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་སྙིང་པོ་མེད་དེ། རང་བཞིན་གྱིས་ཉམ་ཆུང་པའོ། །ཤཱ་རིའི་བུ། དེ་བཞིན་དུ་ཀྱེ་མའོ་ལུས་འདི་ནི། སྙིང་པོ་མེད་པ་སྟེ། ལྦུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བའོ། །ཤཱ་རིའི་བུ།་འདི་ལྟ་སྟེ། དཔེར་ན། ཆར་འབབ་པའི་ཆུའི་ཆུ་བུར་གཞན་སྐྱེ་ཞིང་གཞན་འགག་གོ་།ཤཱ་རིའི་བུ། དེ་བཞིན་དུ་ཀྱེ་མའོ་ལུས་འདི་ནི། སྙིང་པོ་མེད་པ་སྟེ། ཆུའི་ཆུ་བུར་ལྟར་རང་བཞིན་གྱིས་ཉམ་ཆུང་བའོ། །འདི་ལྟར་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ངོ ། །སྙམ་དུ་སེམས་བསྐྱེད་པ་གཉིས་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་
165a
༄#། །པ་འདི་དག་གསུངས་སོ། །ཇི་ལྟར་རྫ་མའི་མཁན་པོ་ཡིས། །ས་ལས་སྣོད་རྣམས་བྱས་པ་དག་།དེ་དག་ཐམས་ཅད་མཐར་འཇིག་སྟེ། །སེམས་ཅན་སྲོག་ཀྱང་དེ་དང་འདྲ། །ཇི་ལྟར་ཤིང་གི་ཡལ་ག་ཡི། །ལོ་མ་མེ་ཏོག་འབྲས་བུ་རྣམས། །ཐམས་ཅད་ལྟུང་བའི་ཆོས་ཅན་ཏེ། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །རྩཝ་མཆོག་དག་གི་ཟིལ་བའི་ཐིགས། །ཉི་མ་ཡོངས་སུ་བབ་པ་ན། །ཡུད་ཙམ་གྱིས་ནི་མེད་འགྱུར་ཏེ། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །ཇི་ལྟར་འབབ་ཆུའི་རྒྱུན་རྣམས་ཀྱི། །ལྦུ་བ་རྡོས་པ་ཉམ་ཆུང་བ། །དེ་ལྟར་ལུས་ནི་ཉམ་ཆུང་སྟེ། ། སྙིང་པོ་མེད་པ་ལྦུ་བ་འདྲ། །ཇི་ལྟར་ཆར་བ་བབ་པ་ཡིས། །ཆུ་ཡི་ཆུ་བུར་སྐྱེས་པ་ཡང ། །སྐད་ཅིག་གིས་ནི་དེ་འཇིག་འགྱུར། །དེ་བཞིན་ལུས་ཀྱང་སྙིང་པོ་མེད། །སྙིང་པོ་མ་ཡིན་སྙིང་པོར་ཤེས། །སྙིང་པོ་སྙིང་པོ་མ་ཡིན་འཛིན། །དེ་དག་ལོག་རྟོག་སྤྱོད་ཡུལ་ཏེ། །སྙིང་པོ་ཁོང་དུ་ཆུད་མ་ཡིན། །སྙིང་པོ་མེད་ལ་སྙིང་མེད་པ། །སྙིང་པོ་སྙིང་པོར་ཤེས་པ་ནི། །དེ་དག་ཡང་དག་རྟོག་པའི་ཡུལ། །སྙིང་པོ་ཁོང་དུ་ཆུད་པ་ཡིན། །སྙིང་པོར་འདུ་ཤེས་བྱས་གྱུར་ཏེ། །རྫ་གང་ཙམ་གྱི་ཆུ་འབུལ་བ། །སྙིང་པོ་མེད་པའི་ལུས་ལས་ནི། །སྙིང་པོ་དག་ནི་ལེན་པར་འགྱུར། །ཤཱ་རིའི་བུ།་སེམས་བསྐྱེད་པ་གཉིས་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་
165b
བཀུར་བྱེད་དེ། ཐ་ན་ཆུ་ཕོར་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་མི་དགེ་བའི་བཤེས་གཉེན་གྱི་དབང་དུ་སོང་སྟེ། ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམས་ལས་ཅན། བླུན་པ། ལོག་པར་ལྟ་བ་སྟེ། མཆོད་སྦྱིན་ཡང་མེད། སྦྱིན་སྲེག་ཀྱང་མེད། ལེགས་བྱས་དང་ཉེས་བྱས་ཀྱི་ལས་རྣམས་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་བསགས་པ་ཡང་མེད་པར་ལྟ་བ་དང ། འདོད་པའི་ཟིལ་གྱིས་ནོན་ཏེ། བདག་གིས་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཏེ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་འདི་ལྟ་སྟེ། ཡི་དྭགས་ཀྱི་ཡུལ་དུ་སྦྱིན་གནས་ཐམས་ཅད་གསོ་བ་མ་ཡིན་པ་འཇིགས་སུ་རུང་བའི་ལུས་ཐོབ་སྟེ། འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་པས་དེས་ན་བདག་ཡི་དྭགས་སུ་གྱུར་ཏེ་ལོ་མང་པོ། །ལོ་སྟོང་ཕྲག་མང་པོ། །ལོ་བརྒྱ་སྟོང་ཕྲག་མང་པོར་མེ་མར་མུར་ཟ་ཞིང་ཆུའི་སྒྲ་ཡང་མི་ཐོས་ན། ལུས་ཀྱིས་ལྟ་ག་ལ་ཞིག་རེག་སྟེ། བདག་གིས་ནི། ད་ལྟར་མཉེས་པར་བྱས་པས་བདག་དགེ་བའི་ལུས་ཐོབ་ཀྱི། །སྦྱིན་གནས་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱ་ཞིང ། ལུས་དང ། སྲོག་ལ་མི་ལྟ་བར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་བཙལ་བའི་ཕྱིར་སློབ་དཔོན་ལ་རིམ་གྲོ་བྱའོ། །སྙམ་དུ་སེམས་བསྐྱེད་པ་གསུམ་པ་འདི་བསྐྱེད་ནས་བྱང་ཆུབ་
166a
༄#། །སེམས་དཔའ་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དོ། །ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཇི་ལྟར་གྲོགས་པོ་བསྟེན་པ་དང ། ཇི་ལྟར་ཉེ་བར་བསྟེན་པ་ལྟར། །དེ་དག་ཡང་དང་ཡང་བསྙེན་པས། །དེ་ཡང་དེ་དང་འདྲ་བར་འགྱུར། །སྡིག་པའི་གྲོགས་པོའི་དབང་སོང་ནས།། དགེ་བའི་བཤེས་གཉེན་རྣམ་པར་སྤངས། །ལེ་ལོ་ཆེ་ཞིང་བརྩོན་འགྲུས་ཉམས། །གཡོ་དང་ཕྲག་དོག་སེར་སྣ་ཅན། །བྱིན་པ་ཡོད་པར་གང་ལྟ་བ། །ཐམས་ཅད་དུ་ནི་རྣམ་སྤངས་པས།། བདག་ནི་ཡི་དྭགས་སྐྱེ་གནས་སུ། །འཇིགས་སུ་རུང་བའི་ལུས་ཐོབ་བོ། །ཡུན་རིང་དུས་སུ་འཁོར་བ་ཡི། །མུན་ནག་ཕུང་པོ་འཇིགས་པ་ན། །བཀྲེས་པ་དང་ནི་སྐོམ་པས་གཟིར། །སྡུག་བསྔལ་མང་པོ་རྗེས་སུ་མྱོང ། །སྦྱིན་གནས་རྣམས་ནི་མ་མཐོང་ཞིང ། །བདག་གིས་འདི་འདྲའི་དལ་མ་ཐོབ། །ལོ་ནི་མང་པོ་སྟོང་རྣམས་སུ། །ཆུ་ཡི་སྒྲ་ཡང་ཡོང་མ་ཐོས། །ད་ལྟར་བདག་གིས་འཇིག་རྟེན་ན། ཤིན་ཏུ་དཀོན་པ་རབ་རྙེད་དེ། །བདག་གིས་སློབ་དཔོན་མཉེས་བྱས་པས། །དལ་བ་འབྱོར་བ་བདག་གིས་ཐོབ། །སྡིག་པའི་གྲོགས་པོ་རྣམ་སྤངས་པས། །བདག་གིས་དགེ་བའི་བཤེས་གཉེན་རྙེད། ། བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། །ལུས་དང་སྲོག་ལ་མི་ལྟའོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །སློབ་དཔོན་བླ་མ་མཆོད་གནས་ལ། །རྣམ་པར་དད་པའི་སེམས་ཀྱིས་སུ། །བསྟི་སྟང་གུས་པར་
166b
རབ་ཏུ་བྱ། ཤཱ་རིའི་བུ། སེམས་བསྐྱེད་པ་གསུམ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་ཕོར་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། །བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཟིན་པས་ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམས་ལས་ཅན། བླུན་པས་སེམས་ཅན་ལ་ཁུ་ཚུར་དང་ཐལ་མོས་བརྡེགས་ཤིང་གཙོས་ནས་བསྡུས་ཤིང་ཚེ་ངེ་བཏོན་ཏེ། དེའི་གཞི་ལས་སྡིག་པ་ཡང་མེད། དེའི་གཞི་ལས་སྡིག་པ་འབྱུང་བ་ཡང་མེད་དོ། །ཞེས་དེ་ལྟར་ལྟ་བ་དང ། དེ་ལྟར་བཟོད་པ་དང ། དེ་ལྟར་མོས་ཤིང་ཞེ་སྡང་གི་ཟིལ་གྱིས་ནོན་པས་མི་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་ཏེ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་འདི་ལྟ་སྟེ། དུད་འགྲོའི་གནས་སུ་སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བ་མ་ཡིན་པ་འཇིགས་སུ་རུང་བའི་ལུས་ཐོབ་སྟེ། འདི་ལྟ་བུའི་སྦྱིན་གནས་མགུ་བར་མ་བྱས་པས་དེས་ན་བདག་རྔ་མོ་དང ། བ་ལང་དང ། བོང་བུར་གྱུར་ཏེ་རྩཝ་ཟ་ཞིང་དུ་དབྱུག་པས་བསྡིགས། འཇིགས་པས་བསྡིགས་ནས་མི་འདོད་བཞིན་དུ་ཁལ་བཀལ་ཏོ། །བདག་གིས་ནི། ད་ལྟར་མཉེས་པར་བྱས་ཏེ་དག་པའི་ལུས་ཐོབ་ཀྱི། ལུས་དང ། སྲོག་ལ་མི་ལྟ་བར་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་
167a
༄#། །བྱའོ། །ཞེས་ཤཱ་རིའི་བུ། སེམས་བསྐྱེད་པ་བཞི་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །འདིའི་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཡུན་རིང་པོར་ནི་འཕགས་པའི་ལམ། །མ་རིག་པར་ནི་གནས་པས་ན། །རྔ་མོ་དག་དང་བོང་བུར་གྱུར། །སྡུག་བསྔལ་མང་པོ་རྗེས་སུ་མྱོང ། །མིར་གྱུར་བ་ཡང་བདག་གིས་རྙེད། །གང་གིས་བྱང་ཆུབ་རེག་འགྱུར་བའི། །བཟང་པོ་ཡི་ནི་ལས་བྱ་སྟེ། །དེ་ནི་མཁས་པའི་མཚན་ཉིད་དོ། །སངས་རྒྱས་ཆོས་ལ་རབ་གནས་ཤིང ། །གུས་པ་དང་ནི་ལྡན་པར་བྱ། །བྱང་ཆུབ་ཕྱིར་ནི་སློབ་དཔོན་ལ། །རིམ་གྲོ་དང་ནི་བསྟི་སྟང་བྱ། །འདས་པའི་དུས་ཀྱི་བསྐལ་བ་བསམ་མེད་ནས། །འཁོར་བའི་འཁོར་ལོར་ཡོངས་སུ་འཁྱམས་པ་ན། །སྐྱེ་མཆེད་དག་ནི་དོན་མེད་འདས་གྱུར་ཏེ། །སྦྱིན་གནས་དག་ནི་ཉེ་བར་འཚོ་བ་ཡིན། །དགེ་བའི་བཤེས་གཉེན་ཡོངས་སུ་སྤངས་གྱུར་ནས། །རྟག་ཏུ་སྡིག་པའི་གྲོགས་པོ་རབ་བསྟེན་ཏེ། །དེ་དག་གིས་ནི་བསྟན་པའི་རྗེས་འཇུག་ཅིང ། །རྒྱུན་མི་འཆད་པར་ངན་སོངས་ལ་གནས། །གཙེས་པ་དང་ནི་བཅིངས་ཤིང་བརྡེགས་པ་རྣམས། །བྱེད་དུ་འཇུག་ཅིང་གཞན་ལ་སྤྱོད་བྱས་ནས། །དེ་ཡི་འབྲས་བུ་ངན་སོང་སྐྱེ་གནས་འགྲོ། །སྡིག་པའི་ལས་ཀྱིས་སྡུག་བསྔལ་རྗེས་སུ་མྱོང ། །དགེ་བའི་བཤེས་གཉེན་རྣམས་ནི་མ་བསྟེན་པས། རྔ་མོ་བ་ལང་དེ་བཞིན་བོང་བུ་ཡི། །
167b
ངན་པའི་མཚམས་ཀྱི་སྐྱེ་མཆེད་བཟུང་གྱུར་ནས། །དབྱུག་པ་དག་གིས་བརྡེགས་ཤིང་ཁལ་ཀྱང་བཀལ། །མིར་གྱུར་བ་ནི་ཤིན་ཏུ་རྙེད་དཀའ་དང ། །མཐུན་པའི་ཡུལ་དང་དགེ་བའི་བཤེས་གཉེན་རྙེད། །ཤིན་ཏུ་ཡུན་རིང་དལ་བ་རྙེད་གྱུར་ཏེ། །དཀའ་བའི་ལས་ཀྱིས་བུ་གར་ཆུད་པ་བཞིན། །ལུས་དང་དག་ནི་ཤིན་ཏུ་བསྡམས་གྱུར་ནས། །ཞེན་པ་མེད་པའི་སེམས་ཀྱིས་བརྩོན་འགྲུས་བརྩམས། །དགེ་བའི་བཤེས་གཉེན་དག་ལ་གཡོ་མེད་པས། །བདག་གི་ལུས་ནི་ཉེ་བར་འཚོ་བར་བྱ། །བདག་གི་སློབ་དཔོན་བླ་མ་གང་དག་དང ། །གང་དག་བདག་གི་བྱང་ཆུབ་སེམས་བསྐྱེད་པ།། བྱང་ཆུབ་དམ་པ་མཆོག་གི་ལམ་སྟོན་ལ། །སྟོན་པ་བཞིན་དུ་དགའ་བས་བསྙེན་བཀུར་བྱ། །རྣམ་པ་སྣ་ཚོགས་དག་གིས་བྱུག་པ་དང ། །དྲི་དང་ཕྱེ་མ་རྣམ་པ་སྣ་ཚོགས་དང ། །གོས་དང་མེ་ཏོག་དག་གི་ཆུན་པོ་ཡིས། །རྐང་གཉིས་དམ་པ་ལ་ནི་མཆོད་པར་བྱ། །ཕྱོགས་བཅུ་དག་ན་སངས་རྒྱས་གང་བཞུགས་པ། །སེམས་ཅན་དོན་ལ་བརྩོན་ཞིང་དོན་དམ་གཟིགས། །གསེར་གྱི་ཁ་དོག་ལྟ་བུའི་འོད་མཛད་པ། །ཁ་དོག་མཐའ་ཡས་པ་ལ་མཆོད་པར་བྱ། །སངས་རྒྱས་མི་ཡི་ཁ་ལོ་སྒྱུར་རྣམས་ལ། །འཇིག་རྟེན་སྤྱོད་དང་མཆོད་པ་ཆེར་བྱས་པས། །གང་གིས་བྱང་ཆུབ་སྙིང་པོར་བདག་འགྲོ་བའི། ། བྱང་ཆུབ་ལམ་ནི་ཤིན་ཏུ་སྦྱངས་བར་འགྱུར། །ཤཱ་རིའི་བུ། སེམས་བསྐྱེད་པ་བཞི་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་
168a
༄#། །བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཟིན་པ། ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམས་ལས་ཅན། བླུན་པས་འདི་ལྟ་བུའི་ལྟ་བ་དང ། འདི་ལྟ་བུའི་འདོད་པས་སེམས་ཅན་ཐམས་ཅད་དང ། སྲོག་ཆགས་ཐམས་ཅད་ཀྱི་ཤ་གཅིག་ཏུ་སྒྲུངས་ཤིང་ཤ་གཅིག་ཏུ་བཅེར་ཏེ། བསོད་ནམས་མ་ཡིན་པའི་ལས་བྱེད་ཀྱང་དེའི་གཞི་ལས་སྡིག་པ་མེད། དེའི་གཞི་ལས་སྡིག་པའི་རྣམ་པ་མེད་དོ། །རྒྱ་མཚོའི་ཚུ་རོལ་གྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྦྱིན་པས་ཚིམ་པར་བྱས་ཀྱང་དེའི་གཞི་ལས་བསོད་ནམས་མེད། དེའི་གཞི་ལས་བསོད་ནམས་ཀྱི་རྣམ་པ་མེད་དོ། །རྒྱ་མཚོའི་ཕ་རོལ་གྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བསད་ཅིང་གཏུབས་ཀྱང་དེའི་གཞི་ལས་སྡིག་པ་མེད། དེའི་གཞི་ལས་སྡིག་པའི་རྣམ་པ་མེད་དོ། །སྙམ་པས་དེ་ལྟར་བྱས་ཀྱང་བསོད་ནམས་དང ། སྡིག་པ་ཡོངས་སུ་ཤེས་པར་མ་ནུས་ཏེ། སྡིག་པའི་ལྟ་བ་བསྙེན་པ་དང ། གཏི་མུག་གིས་ཟིལ་གྱིས་ནོན་པས། བདག་གིས་སྡིག་པ་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཏེ། མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། འདི་ལྟ་སྟེ། སེམས་ཅན་དམྱལ་བར་དམན་པ་འཇིགས་སུ་རུང་
168b
བའི་ལུས་ཐོབ་སྟེ། དེ་ལ་འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་པས། དེས་ནི་བདག་ནི། སེམས་ཅན་དམྱལ་བ་བར་གྱུར་བས་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་ཟ་ཞིང་གཅིག་ཏུ་སྡུག་བསྔལ་བ། རྩུབ་པ། མི་བཟད་པ། འཚོག་པ། འཆི་བའི་མཐར་ཁྲིད་པ་མྱོང་ཞིང་ལོ་སྟོང་ཕྲག་མང་པོའི་བར་དུ་བདེ་བའི་སྒྲ་ཡང་མི་ཐོས་ན། ལུས་ཀྱིས་ལྟ་ག་ལ་ཞིག་རེག་སྟེ། བདག་གིས་ནི། དེ་ལྟར་མཉེས་པར་བྱས་པས། དགེ་བའི་ལུས་ཐོབ་ཀྱི། སྦྱིན་གནས་རྣམས་ཀྱི་ཉེ་བར་འཚོ་བ་བྱ་ཞིང་ལུས་དང ། སྲོག་ལ་མི་ལྟ་བར་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱའོ། །ཞེས་ཤཱ་རིའི་བུ། སེམས་བསྐྱེད་པ་ལྔ་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་བ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྡིག་པའི་གྲོགས་པོ་བསྙེན་པ་དང ། །སྡིག་པའི་སེམས་ཀྱིས་བསླུས་པས་ན། །སྡིག་པར་ལྟ་ལ་བརྟན་གྱུར་ཏེ། ། བདག་གིས་སྡིག་པའི་ལས་བྱས་སོ། །རྒྱ་མཚོ་ཡི་ནི་ཚུ་རོལ་ན། །སེམས་ཅན་གནས་པ་ཇི་སྙེད་པ། །ཟས་དང་སྐོམ་གྱིས་ཚིམ་བྱས་ཀྱང ། །བསོད་ནམས་དག་གི་འབྱུང་གནས་མེད། །རྒྱ་མཚོ་ཡི་ནི་ཕ་རོལ་ན། །སེམས་ཅན་གནས་པ་ཇི་སྙེད་པ། །ཐམས་ཅད་བསད་ཅིང་བཅོམ་གྱུར་ཀྱང ། །སྡིག་པའི་འབྱུང་གནས་མེད་དོ་ཞེས། །སྡིག་པའི་ལྟ་བ་འདི་ལྟ་བུ། ཡང་དང་ཡང་དུ་བསྟེན་པས་ན། གཅིག་
169a
༄#། །ཏུ་མི་བཟད་མ་རུངས་པའི། །སེམས་ཅན་དམྱལ་བར་རིང་དུ་དེངས། །རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི། །ཡོངས་སུ་འདྲེན་པས་མ་མཐོང་བས། །བདག་གི་ལུས་ནི་སྟོང་རྣམས་ཀྱང ། །ངན་འགྲོ་དག་ནི་གསུམ་དུ་དེངས། །འདི་ནི་འཇིག་རྟེན་དགེ་བ་སྟེ། །དེ་ཡི་སྒྲ་ནི་ཐོས་གྱུར་ནས། །བདག་གིས་མི་ཡི་དངོས་ཐོབ་ཀྱི། །བཟང་པོ་ཡི་ནི་ལས་བྱའོ། །མིར་གྱུར་པ་ནི་དཀའ་བ་སྟེ། །མི་སྲོག་ཐོབ་པའང་དཀའ་བ་ཡིན། །དམ་པའི་ཆོས་ཐོས་དཀའ་བ་སྟེ། །སངས་རྒྱས་འབྱུང་བའང་དཀའ་བ་ཡིན། །བདག་གིས་མིར་སྐྱེ་དཀའ་བ་ཡི། །ཚེ་ཐོབ་པ་ནི་གཡོ་ཞིང་འགྱུར། ། བདག་གིས་སངས་རྒྱས་འབྱུང་བ་དང ། །རྒྱལ་བ་ཀུན་མཁྱེན་བསྟན་པ་རྙེད། །ལུས་ཀྱི་ལས་དང་ངག་གི་ལས། །ཡིད་ཀྱི་ལས་ཀྱང་སྡིག་པ་ཅན། །མི་འདོད་མི་བཟད་འབྲས་བུར་འགྱུར། །ཕྱིན་ཆད་སྤྱད་པར་མི་བྱའོ། །བསམ་པ་རྣམ་པར་དག་པ་ཡི། །ལུས་དང་ངག་དང་ཡིད་རྣམས་ཀྱི། །འཇིག་རྟེན་རབ་ཏུ་དཀའ་སྤྱོད་པ། །བཟང་པོ་དག་གི་ལས་བྱའོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །བདག་གི་བླ་མར་གང་གྲགས་པའི། །བཀའ་ལས་འདའ་བར་མི་བྱ་སྟེ། །བསྙེན་བཀུར་དག་ནི་རབ་ཏུ་བྱ། །ལམ་ནི་དྲང་བ་ཞེས་བྱ་བ། གཡོ་བ་མེད་པས་ནི་རབ་བསྟེན་ཏེ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། ། སྒྱུ་མར་འགྱུར་བར་མི་བྱའོ། །ཐབས་དང་ཤེས་རབ་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་མི་འཇིགས་པ། །དེ་ལྟ་བུར་ནི་སེམས་བསྐྱེད་ནས། །སྣོད་གང་ཙམ་གྱི་ཆུ་ཡང་འབུལ། །ཤཱ་རིའི་བུ་
169b
སེམས་བསྐྱེད་པ་ལྔ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཡངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། །ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། །བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཟིན་པས། །འདུད་པ་དང ། རབ་ཏུ་འདུད་པ་དང ། གུས་པར་སྨྲ་བ་དག་ཕྱག་བྱ་བ་དང ། ལྡང་བ་དང ། ཐལ་མོ་སྦྱར་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་དོ། །ཞེས་དེ་ལྟར་མོས་པའི་བར་གྱིས་ང་རྒྱལ་གྱིས་ཟིལ་གྱིས་ནོན་པས་སྡིག་པ་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཏེ། མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། འདི་ལྟ་སྟེ། མིའི་ནང་དུ་སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བ་མ་ཡིན་པ་སྨད་པའི་ལུས་ཐོབ་སྟེ། འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་པས་ན། དེར་བདག་མིར་གྱུར་པ་ན་མི་བཀྲེན་པ་དང ། མི་དབུལ་པོ་དང ། བྲན་དུ་འགྱུར་བ་དང ། གཞན་གྱི་དབང་དུ་སོང་བ་དང ། འདོད་པ་ལ་ཞེན་པའི་སེམས་ཅན་རྣམས་དང ། འདོད་པ་ལ་ཆགས་པ་རྣམས་དང ། མི་རིགས་པའི་སྤྱོད་པ་ལ་གནས་པ་རྣམས་དང ། ལོག་པར་ལྟ་བ་རྣམས་དང ། ཚུལ་ཁྲིམས་ལོག་པར་ཞུགས་པ་རྣམས་དང ། ལྟ་བ་ལོག་པར་ཞུགས་པ་རྣམས་དང ། མི་དགེ་བའི་རྩ་བ་གསུམ་པ་ལ་རབ་ཏུ་གནས་པ་རྣམས་དང ། འགྲོ་བར་བྱ་བ་མ་ཡིན་པའི་འགྲོ་བ་བཞི་ལ་འགྲོ་
170a
༄#། །བར་ཞུགས་པ་རྣམས་དང ། །སྒྲིབ་པ་ལྔས་བསྒྲིབས་པ་རྣམས་དང ། བླ་མ་དྲུག་ལ་གུས་པར་མི་གནས་པ་རྣམས་དང ། དམ་པའི་ཆོས་མ་ཡིན་པ་བདུན་ལ་འཇུག་པ་རྣམས་དང ། ལོག་པར་བརྒྱད་ལ་ལོག་པར་ངེས་པ་རྣམས་དང ། གནོད་པ་དགུའི་དངོས་པོས་གནོད་པར་གྱུར་པ་རྣམས་དང ། མི་དགེ་བ་བཅུའི་ལས་ཀྱི་ལམ་ངན་པར་ཞུགས་པ་རྣམས་དང ། སེམས་ཅན་དམྱལ་བའི་ལམ་ལ་མངོན་པར་ཕྱོགས་པ་རྣམས་དང ། མཐོ་རིས་ཀྱི་ལམ་ལ་མ་ཕྱོགས་པ་རྣམས་དང ། དགེ་བའི་བཤེས་གཉེན་དང་བྲལ་བ་རྣམས་དང ། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་རྣམས་དང ། བདུད་ཀྱི་དབང་དུ་སོང་བ་རྣམས་དང ། དགེ་བའི་ཆོས་ཡོངས་སུ་སྤངས་པ་རྣམས་དང ། མི་དགེ་བའི་ཆོས་ལ་སྤྱོད་པ་རྣམས་ཀྱིས་དབྱུག་པས་བསྡིགས། འཇིགས་པས་བསྡིགས་ནས་མི་འདོད་བཞིན་དུ་བྱེད་ཅིང་རིམ་གྲོ་དང ། བསྙེན་བཀུར་བྱེད་པར་གྱུར་ཏེ། བདག་གིས་ནི། དེ་ལྟར་དེ་དག་མཉེས་པར་བྱས་པས་དགེ་བའི་ལུས་ཐོབ་ཀྱི། སྦྱིན་གནས་ཐམས་ཅད་ཉེ་བར་ན་ཚོ་བར་བྱའོ། །ལུས་དང ། སྲོག་ལ་མི་ལྟ་བར་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱའོ། །ཞེས་ཤཱ་རིའི་བུ། སེམས་བསྐྱེད་པ་དྲུག་པ་དེ་བསྐྱེད་ནས་བྱང་ཆུབ་སེམས་དཔའ་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། །ཐ་མ་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་རབ་ཏུ་རྟོགས་སུ་གཞུག་པའི་
170b
ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྡིག་པའི་གྲོགས་ནི་ང་རྒྱལ་རྒྱགས་འཕེལ་བ། །བསྐལ་བ་མང་པོ་རྒྱ་མཚོར་བསྟེན་པས་ན། །མི་ཡི་ནང་དུ་སྐྱེས་ཀྱང་བྲན་དུ་འགྱུར། །འཁོར་བའི་རྒྱུན་དུ་ཡུན་རིང་དུས་སུ་འཁོར། །མི་ལུས་རབ་ཏུ་རྙེད་པར་དཀའ་བ་ཡང ། །དེ་ནི་བདག་གིས་དཀའ་བས་ཐོབ་གྱུར་ཏེ། །གནས་པའི་ཡུལ་ནི་མཐུན་པ་བཟང་པོ་དང ། །སངས་རྒྱས་འབྱུང་དང ། དལ་འབྱོར་དེ་བཞིན་ནོ། །གྲོགས་པོ་གང་དག་མཆོག་ཏུ་རབ་བཟང་བ། །བྱང་ཆུབ་སེམས་དཔའི་སྤྱོད་དང་ལམ་སྟོང་ཅིང ། །བྱང་ཆུབ་སེམས་ནི་རིན་ཆེན་འཕེལ་བྱེད་པ། །དེ་དག་བསྐལ་བ་བྱེ་བ་མང་པོས་རྙེད། །ལུས་ནི་ཉམ་ཆུང་མི་རྟག་མི་བརྟན་ཏེ། །ལྦུ་བ་རྡོས་དང་ཆུ་ཡི་ཆུ་བུར་འདྲ། །སྒྱུ་མ་ལྟ་བུར་གར་ལ་ལྟ་དང་མཚུངས། །རྨི་ལམ་མཐོང་དང་འདྲིད་པར་སྨྲ་བ་བཞིན། །སྲོག་ནི་ཡུན་ཐུང་ཚེ་ཡང་ཟད་པར་འགྱུར། །ཇི་ལྟར་སྤྲིན་དང་གློག་ནི་མི་གནས་ལྟར། །སྐད་ཅིག་ཏུ་ནི་དེ་བཞིན་སྲོག་ཀྱང་འགྱུར། །སྙིང་པོ་མེད་པས་སྙིང་པོ་ལེན་པར་བྱེད། །གང་གིས་འདས་པའི་དུས་ཀྱི་བསྐལ་བ་ཡང ། །རྒྱ་མཚོ་བརྒྱ་ཕྲག་བསམ་ཡས་བསླུས་གྱུར་པ། །ང་རྒྱལ་རི་བོ་མནྡྷར་གཞོམ་པ་ཡི། །དུས་དང་ཚོད་དང་མན་ནི་ཉེ་གནས་ཀྱི། །ལུས་ལ་སྡུག་པ་ཐམས་ཅད་རབ་སྤངས་ནས། །སྲོག་ལ་ཆགས་པ་མེད་པའི་ཡིད་ཀྱིས་ནི། །ང་དང་རྒྱགས་དང་དྲེགས་པ་སྤངས་གྱུར་ནས། །ཡོན་ཏན་ལྡན་ལ་གུས་བཅས་རིམ་གྲོ་བྱ། །ང་དང་རྒྱགས་པ་དྲེགས་པ་སྤངས་གྱུར་ནས། །
171a
༄#། །ཕ་དང་མ་དང་བུ་ཕོ་རྣམས་དང་ནི། །འཇིག་རྟེན་བླ་མ་མཆོག་ཏུ་གང་གྲགས་ལ། །གུས་དང་བཅས་ཤིང་མཆོག་གི་རིམ་གྲོ་བྱ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག་ཞུགས་པ། །གང་དག་བདག་དང་བྱང་ཆུབ་མཐུན་སྤྱོད་ལ། །དགའ་དང་གུས་པ་བརྟན་པ་བསྐྱེད་བྱ་སྟེ། །རིམ་གྲོ་བྱ་བའི་ཕྱིར་ནི་བརྩོན་པར་བྱ། །སྐྱེ་རྒུ་ང་རྒྱལ་ལྡན་པ་ང་རྒྱལ་སྤངས། །མི་མཁས་ང་རྒྱལ་བཅད་ཅིང་འདུལ་བའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བཅོམ་བྱས་ནས། །རྒྱགས་དང་ང་རྒྱལ་རི་ནི་བསྙིལ་བར་བྱ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱས་ཏེ། །བྱང་ཆུབ་སྙིང་པོ་མཆོག་ལ་གནས་གྱུར་ནས། །བདུད་ཀྱི་དཀྱིལ་འཁོར་རྩོད་པ་རྣམས་བརྟུལ་ཏེ། །ཆུ་བོ་བཞི་ལས་སྲོག་ཆགས་བསྒྲལ་བར་བྱ། །ཕྱོགས་བཅུ་དག་ན་མི་གང་ན་བ་རྣམས། །རང་གི་མི་གཙང་བར་ལྷུང་སྨད་པ་ལ། །བྱམས་པ་དང་ནི་སྙིང་རྗེའི་ཡིད་ཀྱིས་སུ། །མགོན་དང་སྐྱབས་དང་དཔུང་གཉེན་འགྱུར་བར་བྱ། །སྦྱིན་པའི་ཕ་རོལ་ཕྱིན་པའི་དུས་ལ་བབ། །སངས་རྒྱས་ཡོན་ཏན་བསླབ་པ་བསླབ་ནུས་ཞེས། །བཟོད་པ་བསྒོམ་པར་བྱ་བ་ཕུན་སུམ་ཚོགས། །མདུད་པ་མེད་པའི་བརྩོན་འགྲུས་བརྩམ་པར་བྱ། །བསམ་གཏན་ཕ་རོལ་ཕྱིན་ཐོབ་ཕུན་སུམ་ཚོགས། ། སེམས་འདུལ་བ་ཡི་དུས་ནི་ཉེ་བར་གནས། །ཐབས་དང་ཤེས་རབ་མཁས་ལ་གནས་གྱུར་ཏེ། །བླ་མ་ཐམས་ཅད་ལ་ནི་བསྐོར་བ་བྱ། །དེ་ལྟར་བསོད་ནམས་སྟོབས་དང་གཟི་བརྗིད་སྤེལ། །
171b
ཤེས་རབ་ཡེ་ཤེས་མཁས་པ་བསམ་མི་ཁྱབ། །རང་དབང་དམ་པ་དག་གིས་མངོན་འཕགས་ཏེ། །བྱུར་བུར་ཡོངས་སུ་བཀང་བའི་སྣོད་བྱིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དྲུག་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོ་དང་ཕྲད་པས་ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམས་ལས་ཅན། བླུན་པ། ལྐུགས་པར་གྱུར་ཏེ་ལས་ནག་པོ་དང ། ནག་པོའི་རྣམ་པར་སྨིན་པ་ཡང་མེད། ལས་དཀར་པོ་དང ། དཀར་པོའི་རྣམ་པར་སྨིན་པ་ཡང་མེད། ལས་དཀར་ནག་དང ། དཀར་ནག་གི་རྣམ་པར་སྨིན་པ་ཡང་མེད། མི་ནག་ཅིང་དཀར་བའི་ལས་དང ། མི་ནག་ཅིང་དཀར་བའི་རྣམ་པར་སྨིན་པའང་མེད་དོ། །ཞེས་དེ་ལྟར་ལྟ། དེ་ལྟར་བཟོད། དེ་ལྟར་མོས་པས་དགེ་སྦྱོང་དང ། བྲམ་ཟེ་ལ་བཙུན་པ་དག་།དགེ་བ་གང ། མི་དགེ་བ་གང ། ཁ་ན་མ་ཐོ་བ་དང་བཅས་པ་གང ། ཁ་ན་མ་ཐོ་བ་མེད་པ་གང ། བསྟེན་པར་བྱ་བ་གང ། བསྟེན་པར་མི་བྱ་བ་གང ། བྱ་བའི་རིགས་པ་གང ། བྱ་བའི་མི་རིགས་པ་གང ། ཅི་བྱས་ན། ཡུན་རིང་པོར་གནོད་པ་དང ། མི་ཕན་པ་དང ། སྡུག་བསྔལ་བར་འགྱུར། ཅི་བྱས་ན།
172a
༄#། །དོན་དང ། ཕན་པ་དང ། བདེ་བར་འགྱུར་ཞེས་མི་འདྲི་བ་དང ། ང་རྒྱལ་གྱིས་ཟིལ་གྱིས་ནོན་པས་སྡིག་པ་མི་དགེ་བའི་ལས་མངོན་པར་འདུས་བྱས་ཏེ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་འདི་ལྟ་སྟེ། སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བ་མ་ཡིན་པ། དབང་པོ་མ་ཚང་བའི་མིར་གྱུར་ནས་འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་པས་བདག་མིར་གྱུར་པ་ན་ཡང་ལོང་བ། ལྐུག་པ། བླུན་པ། སྒུར་པ། དིག་པ། རྨོངས་པ། འོན་པར་གྱུར་ཏེ་ལེགས་པར་བཤད་པ་དང ། ཉེས་པར་བཤད་པའི་དོན་ཤེས་པར་མི་ནུས་སོ། །བདག་གིས་ནི། ད་ལྟར་མཉེས་པར་བྱས་པས་འདི་ལྟ་སྟེ། དབང་པོ་ཚང་བ། དགེ་བའི་ལུས་ཐོབ་ཀྱི། སྦྱིན་གནས་ཐམས་ཅད་ཀྱིས་ཉེ་བར་འཚོ་བར་བྱ། ལུས་དང་སྲོག་ལ་མི་བལྟ་བར་བྱ། ལེགས་པར་བཤད་པ་དང ། ཉེས་པར་བཤད་པའི་དོན་ཀུན་ཤེས་པའི་མཐུ་ཡོད་པར་བྱ། སློབ་དཔོན་ལ་བཙུན་པ། དགེ་བ་གང ། མི་དགེ་བ་གང ། ཁ་ན་མ་ཐོ་བ་དང་བཅས་པ་གང ། ཁ་ན་མ་ཐོ་བ་མེད་པ་གང ། བསྟེན་པ་གང ། མི་བསྟེན་པ་གང ། བྱ་བ་གང ། མི་བྱ་བ་གང ། ཅི་བྱས་ན། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཆོས་མངོན་དུ་འགྱུར། ཅི་བྱས་ན། བྱང་ཆུབ་སེམས་དཔའི་ཆོས་མངོན་དུ་འགྱུར་ཞེས་འདྲི་ཞིང ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དོན་གྱི་ཕྱིར་སློབ་དཔོན་
172b
ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། འདི་ལྟར་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་ངོ ། །སྙམ་ནས་ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པས་མང་འདི་སྐད་གསུང་ངོ ། །ཕན་པ་འདོད་ཕྱིར་བསྐལ་པ་བརྒྱ་མང་པོར། །དགེ་བའི་བཤེས་གཉེན་ཡོངས་སུ་སྤངས་གྱུར་ནས། །དགེ་དང་མི་དགེ་ཁ་ན་མ་ཐོ་དང ། །ཁ་ན་མ་ཐོ་མེད་བྱས་འབྲས་མི་འདྲི། །ལྷག་པའི་ང་རྒྱལ་དབང་དུ་སོང་བ་ནི། །སེམས་དམྱལ་དུད་འགྲོ་གཤིན་རྗེའི་དབང་དུ་སོང ། །སྡིག་སེམས་གྲོགས་པོ་བསྟེན་པར་བྱས་པས་ན། །བསྐལ་པ་བརྒྱ་མང་གིས་ནི་ངན་འགྲོར་འཕོས། །མི་ཡི་འཇིག་རྟེན་དབང་པོ་མ་ཚང་གྱུར། །བསྐལ་པ་སྟོང་ཕྲག་མང་པོར་འཁྱམས་པའི་ལུས། །དགེ་དང་མི་དགེ་ཁ་ན་མ་ཐོ་དང ། ཁ་ན་མ་ཐོ་མེད་བྱས་འབྲས་མི་ཤེས། །རུས་སྦལ་མགྲིན་པ་ཤིང་མིག་ཆུད་འདྲ་བར། །མི་ཡི་ལུས་ནི་ཤིན་ཏུ་དཀའ་བར་འཐོབ། །དབང་པོ་དག་ནི་ཚང་ཞིང་སྐྱེ་མཆེད་དགེ། །མི་དལ་ཡོངས་སུ་སྤངས་ནས་དལ་བ་རྙེད། །འཇིག་རྟེན་སྒྲོན་མ་མཛད་པ་མཉེས་བྱས་ནས། །རྒྱལ་བས་བསྟན་བཅོས་འདོད་ཆགས་བྲལ་བ་ཐོབ། །དགེ་དང་མི་དགེ་བྱ་བའི་འབྲས་བུ་དག་།འཇིག་རྟེན་གཙོ་ལ་བདག་འདྲི་དུས་ལ་བབ། །འགྲོ་བར་སེར་སྣའི་མིར་འགྱུར་ཇི་ལྟ་བུ། །ཇི་ལྟར་སྦྱིན་བདག་སེར་སྣ་མེད་པར་འགྱུར། །ཇི་ལྟར་གཡོ་ངན་བརྐམ་པ་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ནོར་ཀུན་སྲུང་བ་ཇི་
173a
༄#། །ལྟ་བུ། །མི་ནི་ཁྲོ་དང་འཁྲུག་པར་ཇི་ལྟར་འགྱུར། །ཁྲོ་མེད་བཟོད་པའི་སྟོབས་སུ་ཇི་ལྟར་འགྱུར། །ཇི་ལྟར་ལེ་ལོ་ཅན་དང་གཡེང་ཡིད་འགྱུར། །བརྩོན་འཕགས་བསམ་གཏན་དགའ་བ་ཇི་ལྟ་བུ། །ཇི་ལྟར་འཆལ་བའི་ཤེས་རབ་བླུན་ལྐུགས་འགྱུར། །ཇི་ལྟར་ཤེས་རབ་ལྡན་ཞིང་བདེན་གཏམ་དགའ། །ཇི་ལྟར་བྱང་ཆུབ་སྤྱོད་པ་གཅིག་སེམས་པས། །སྤྱོད་པ་བཟང་པོ་ཐམས་ཅད་ཚོལ་བར་འགྱུར། །ཇི་ལྟར་འགྲོ་བ་ཀུན་ལ་བྱམས་པ་བགྱིད། །ཇི་ལྟར་ངན་སོང་སོང་བའི་སེམས་ཅན་འདྲེན། །ཇི་ལྟར་ཆོས་ཀྱི་དགའ་བས་མི་ངོམས་ཡིད། །བྱང་ཆུབ་སྤྱོད་པ་སྡེ་སྣོད་ཡོངས་སུ་ཚོལ། །ཕྱོགས་དང་ཕྱོགས་མཚམས་རབ་འབྱམས་ཞིང་རྣམས་ན། །འཇིག་རྟེན་བླ་མ་བཞུགས་པར་ཇི་ལྟར་འགྲོ། ཕྱག་འཚལ་བསོད་ནམས་བྱེད་པ་ཇི་ལྟ་བུ།། ཀུན་ཏུ་བཟང་པོའི་སྤྱོད་པ་ཅི་འདྲ་འདྲི། །སློབ་དཔོན་བླ་མ་དག་ལ་བདག་འདྲི་བ། །དེ་ཡི་དུས་ནི་དེ་རིང་ཉེར་གནས་ཏེ། །བླ་མའི་གནས་སུ་གནས་ལས་ཉན་དགའ་སྟེ། །སློབ་དཔོན་ཡིད་མགུ་བྱེད་པ་ཇི་ལྟ་བུ། །སངས་རྒྱས་སྲས་ཀྱིས་སེམས་འདི་བསྐྱེད་གྱུར་ནས། །སྟོབས་དང་བསོད་ནམས་ཡངས་པའི་བློ་གྲོས་ཅན། །ངེས་པར་མཆོག་གི་ཡེ་ཤེས་སྟོབས་ལྡན་པས། དགའ་བའི་ཡིད་ཀྱིས་སྣོད་གང་ཆུ་ཡང་འབུལ། །ཤཱ་རིའི་བུ། སེམས་བསྐྱེད་པ་བདུན་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དོན་གྱི་ཕྱིར་སློབ་དཔོན་ལ་རིམ་
173b
གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། བདག་ཡུན་རིང་པོར་དགེ་བའི་བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཟིན་པས་ལེ་ལོ་ཅན། བརྩོན་འགྲུས་ཉམས་པ། སྙོམས་ལས་ཅན། ལྐུགས་པས། གསང་ཚིག་དང ། ཡི་གེ་དང ། དོན་དང་ཚིག་ཏུ་ལྡན་པ་དང ། ཆོས་དང་ཚིག་ཏུ་ལྡན་པ་དང ། མྱ་ངན་ལས་འདས་པ་དང་ལྡན་པ་དང ། འདོད་ཆགས་དང་བྲལ་བ་དང་ལྡན་པ་དང ། འགོག་པ་དང ། ཞི་བ་དང ། རྫོགས་པའི་བྱང་ཆུབ་དང ། དགེ་སློང་དང ། བྲམ་ཟེ་དང ། མྱ་ངན་ལས་འདས་པ་དང་ལྡན་པ་དང་ཐམས་ཅད་ལ་བྱ་སྟེ། དེ་དག་སྤངས་ནས་དོན་དང་ཚིག་ཏུ་མི་ལྡན་པ་དང ། ཆོས་ཀྱི་ཚིག་དང་མི་ལྡན་པ་ནས་མྱ་ངན་ལས་འདས་པ་དང་མི་ལྡན་པའི་བར་གྱི་ཚིག་དང ། ཡི་གེ་དེ་དག་འཛིན་པ་དང ། ལེན་པ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་ནི། འདི་ལྟ་སྟེ། སྟོབས་མེད། བརྩོན་འགྲུས་མེད། སྐྱེས་བུའི་སྟོབས་མེད། སྐྱེས་བུའི་མཐུ་མེད། སྐྱེས་བུའི་རྟུལ་བ་མེད། སྤྱོད་པ་མེད། རྟུལ་བ་མེད། སྤྱོད་པ་ལ་མཐུ་མེད། རྒྱུ་མེད། རྐྱེན་མེད་དེ། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཡང་རྒྱུ་མེད་རྐྱེན་མེད་པར་སེམས་ཅན་ཀུན་ནས་ཉོན་མོངས་པར་གྱུར་ཏེ། རྒྱུ་མེད་དོ། །རྐྱེན་མེད་དོ། །སེམས་ཅན་རྣམས་རྣམ་པར་དག་པ་ཡང་རྒྱུ་མེད་རྐྱེན་མེད་པར་སེམས་ཅན་རྣམ་པར་དག་གོ། ཞེས་འདི་ལྟར་རྒྱུ་མེད་པར་ལྟ་བ་ལ་གནས་
174a
༄#། །ནས་བདག་གིས་མི་དགེ་བའི་ལས་མང་པོ་མངོན་པར་འདུ་བྱས་ཏེ། ལས་དེའི་རྣམ་པར་སྨིན་པས་འདི་ལྟ་སྟེ། མིའི་ནང་དུ་སྦྱིན་གནས་ཐམས་ཅད་ཉེ་བར་འཚོ་བ་མ་ཡིན་པ་དབང་པོ་མ་ཚང་བའི་མིའི་ལུས་ཐོབ་སྟེ། དེ་ན་བདག་གླེན་པ། གཡེང་བ། དིག་པ། ལྐུགས་པ། རྨོངས་པ། བླུན་པ། ལོང་བ། འོན་པར་གྱུར་པས། གང་ཚིག་དང ། ཡི་གེ་དང ། དོན་དུ་ལྡན་པ་ནས་མྱ་ངན་འདས་པ་དང་ལྡན་པའི་བར་དུ་དེ་དག་འཛིན་པ་དང ། ལེན་པ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པའི་མཐུ་མེད་པས་འདི་ལྟ་བུའི་སྦྱིན་གནས་མཉེས་པར་མ་བྱས་སོ། །བདག་གིས་ནི། ད་ལྟར་སྦྱིན་གནས་མཉེས་པར་བྱས་ཀྱི། ལུས་དང ། སྲོག་ལ་མི་ལྟ་བའི་བར་དུ་བྱས་ཏེ་གང་ཚིག་དང ། ཡི་གེ་དང ། དོན་དུ་ལྡན་པ་ནས་མྱ་ངན་ལས་འདས་པ་དང་ལྡན་པའི་བར་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་གཟུང་བ་ནས་ཀུན་ཆུབ་པར་བྱ་བའི་བར་དུ་ནུས་ཀྱི། འོ་ན་བདག་གིས་བརྩོན་འགྲུས་བརྩམས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་བླང་བའི་ཕྱིར་ལུས་ཀྱིས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱའོ། །འཛིན་པ་དང ། ཀློག་པ་དང ། ཁ་ཏོན་དང ། བསྙེན་བཀུར་བྱས་ཏེ་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར། བསོད་ནམས་དང ། ཡེ་ཤེས་ཀྱི་སྟོབས་ཀྱིས་ཉེ་བར་བརྟན་པ་བྱས་པར་འགྱུར་ཏེ། བསོད་ནམས་དང ། ཡེ་ཤེས་ཀྱི་
174b
སྟོབས་དེས་ཉེ་བར་བརྟན་པས་བྱང་ཆུབ་སེམས་དཔའི་སྡེ་སྣོད་འདི་དང་ཉེ་བར་འགྱུར་རོ། །སྙམ་ནས་ཆེད་དུ་བསམ་སྟེ་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །འདི་ལ་དེའི་ཆོས་ཉིད་ནི། འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཆོས་གང་དོན་དང་ལྡན་པ་དང ། །ལམ་གྱི་ཡན་ལག་ལམ་སྒོམ་དང ། །འགོག་པ་མངོན་དུ་བྱེད་པ་དང ། །མྱ་ངན་འདས་ལམ་སྙིང་པོ་ཅན། །ཆོས་དེ་དག་ནི་ཡོངས་སྤངས་ནས། །གང་ཆོས་ཕན་པ་མེད་པ་དང ། །དོན་དང་ཚིག་ཏུ་མི་ལྡན་པ། །ཆོས་དེ་དག་ནི་བདག་གིས་བསྙེན། །བརྩོན་འགྲུས་དང་ནི་སྙོམས་མེད་དེ། །སྐྱེས་བུ་ཡི་ནི་མཐུ་ཡང་མེད། །ཤིན་ཏུ་རྟུལ་བ་མཆོག་རྣམས་དང ། །དེ་དག་ཐམས་ཅད་མི་དམིགས་སོ། །སངས་རྒྱས་དང་ནི་ཆོས་ཀྱང་མེད། །ཕ་མ་མེད་དེ་དེ་བཞིན་དུ། །དཀར་པོ་དང་ནི་ནག་པོའི་ལས། །རྣམ་པར་སྨིན་པ་ཀུན་མེད་ཅེས། །དེ་འདྲའི་སྡིག་པར་ལྟ་བ་དག་།ཡང་དང་ཡང་དུ་བསྙེན་པས་ན། །གཅིག་ཏུ་མི་བཟད་མ་རུངས་པ། །སེམས་ཅན་ནད་དམྱལ་བར་ཡུན་རིང་གནས། །དེ་བཞིན་དུ་འགྲོའི་སྐྱེ་གནས་དང ། ། གཤིན་རྗེའི་འཇིག་རྟེན་སྡིག་ཅན་ཏེ། །ནམ་ཚེའང་མིར་ནི་སྐྱེས་གྱུར་ཀྱང ། །བླུན་ཞིང་ལྕེ་ནི་མེད་པར་གྱུར། །གཡེང་བ་དང་ནི་འོན་པར་འགྱུར། །དིག་པ་ལྐུགས་པ་རྨོངས་པར་འགྱུར། །ཡུན་རིང་སེམས་དམྱལ་མ་རུངས་པར། །མི་ཤེས་པས་ནི་རབ་ཏུ་ལྟུང ། །དབང་པོ་ཐམས་ཅད་ཕུན་ཚོགས་ཤིང ། །བདག་གི་ལུས་འདི་རབ་མཛེས་པ། །ཡུན་རིང་དུས་ན་བདག་གིས་ཐོབ། །འདི་ནི་བདག་བརྩོན་
175a
༄#། །བྱ་བའི་དུས། །ཆོས་གང་དོན་དང་ལྡན་པ་དང ། །མྱ་ངན་འདའ་བའི་གྲོགས་བྱེད་པ། །བྱང་ཆུབ་ལམ་དང་བྱང་ཆུབ་ལ། །བདག་ནི་འབད་པར་བྱ་བའི་དུས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །ཟབ་མོའི་དོན་དང་ལྡན་པ་སྟེ། །བསྐལ་པ་སྟོང་ཕྲག་བྱེ་བར་ཡང ། །དེ་ནི་ཤིན་ཏུ་ཐོབ་པར་དཀའ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །སངས་རྒྱས་ཆོས་མང་འདི་དང་ནི། །གཞན་ཡང་བསམ་གྱིས་མི་ཁྱབ་ལ། །རབ་ཏུ་འཇུག་ཅིང་གཟུང་བར་བྱ། །སློབ་དཔོན་ལ་ནི་གུས་བཅས་ཤིང ། །བསྙེན་བཀུར་དག་ནི་བྱས་པས་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐོས་པ་དེ་ནི་རྙེད་པར་འགྱུར། །བྱང་ཆུབ་སེམས་དཔའ་མི་འཇིགས་པ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །འདི་ལྟ་བུར་ནི་སེམས་བསྐྱེད་ནས། །རྫ་གང་ཙམ་གྱི་ཆུ་ཡང་འབུལ། །ཤཱ་རིའི་བུ། སེམས་བསྐྱེད་པ་བརྒྱད་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཕྱིར་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། ཀྱེ་མའོ་སེམས་ཅན་དེ་དག་ནི། དོན་མེད་པས་ཡོངས་སུ་བསྐོར་བ་ལུས་དང ། སྲོག་ལ་ལྟ་བའོ། །དོན་གྱིས་ཡོངས་སུ་བསྐོར་བ་ནི། ལུས་དང ། སྲོག་ལ་མི་ལྟ་བའོ། །དོན་མེད་པས་ཡོངས་སུ་བསྐོར་བ་གང་ཞེ་ན། འདི་ལྟ་སྟེ། ལུས་དང ། སྲོག་ལ་ལྟའོ། །བྱང་ཆུབ་ཀྱི་ཕྱོགས་
175b
ཀྱི་ཆོས་རྣམས་ལ་མི་ལྟ་ཞིང ། ང་ཡིར་འཛིན་པ་སྔོན་དུ་འགྲོ་བས་བདག་སྦ་བ་དང ། དྲིལ་བ་དང ། མཉེ་བ་དང ། བཀྲུ་བ་དང ། བརྫི་བས་ཡོངས་སུ་བསྐོར་བ་དེ་ནི། དོན་མེད་པས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་མེད་པས་ཡོངས་སུ་བསྐོར་བ་ནི། འདི་ལྟ་སྟེ། ལུས་དང་སྲོག་ལ་ལྟ་ཞིང་ང་ཡིར་འཛིན་པ་སྔོན་དུ་འགྲོ་བས་ཆུང་མ་དང ། བུ་ཕོ་དང ། བུ་མོ་དང ། མཛའ་བོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་སྦེད་པ་དང ། དྲིལ་བ་ནས་ཡོ་བྱད་དང ། ལོངས་སྤྱོད་ཐམས་ཅད་ཀྱི་བར་གྱིས་ཡོངས་སུ་བསྐོར་བ་དེ་ནི། དོན་མེད་པས་ཡོངས་སུ་བསྐོར་བ་ཞེས་བྱའོ། ། གཞན་ཡང་ང་ཡིར་འཛིན་པ་སྔོན་དུ་འགྲོ་བ་ནས་བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་སྦེད་པ་དང ། མངག་པ་དང ། ཀུན་ཏུ་སྲུང་བ་དེ་ནི། དོན་མེད་པས་ཡོངས་སུ་བསྐོར་བ་ཞེས་བྱའོ།། དེ་ལ་དོན་གྱིས་ཡོངས་སུ་བསྐོར་བ་གང་ཞེ་ན། འདི་ལྟ་སྟེ། ལུས་དང་སྲོག་ལ་མི་ལྟའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་ཀྱིས་ཡོངས་སུ་བསྐོར་བ་དེ་ནི། དོན་གྱིས་ཡོངས་སུ་བསྐོར་བར་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི། འདི་ལྟ་སྟེ། ལུས་དང་སྲོག་ལ་མི་ལྟའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་བར་གྱིས་ཡོངས་སུ་བསྐོར་བ་དེ་ནི།
176a
༄#། །དོན་གྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི། ལུས་དང ། སྲོག་ལ་མི་ལྟ་ཡི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྦྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་བྱ་བ་དང ། དོན་མཐུན་པས་སེམས་ཅན་ཐམས་ཅད་སྡུད་པས་ཡོངས་སུ་བསྐོར་བ་དེ་ནི། དོན་གྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི། འདི་ལྟ་སྟེ། ལུས་དང ། སྲོག་ལ་མི་ལྟའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་དྲན་པ་ཉེ་བར་གཞག་པ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་སྒོམ་པས་ཡོངས་སུ་བསྐོར་བ་དེ་ནི། དོན་གྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི། འདི་ལྟ་སྟེ། ལུས་དང ། སྲོག་ལ་མི་ལྟའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་ཕ་མ་དང ། སློབ་དཔོན་ལ་རིམ་གྲོ་བྱེད་ཅིང ། བླ་མའི་གནས་ལ་བསྙེན་བཀུར་བྱེད་པ་དང ། འདུད་པ་དང ། རབ་ཏུ་འདུད་པ་དང ། གུས་པར་སྨྲ་བ་དང ། ཕྱག་འཚལ་བ་དང ། ལྡང་བ་དང ། ཐལ་མོ་སྦྱོར་བའི་ལས་ཀྱིས་ཡོངས་སུ་བསྐོར་བ་དེ་ནི། དོན་གྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །གཞན་ཡང་དོན་གྱིས་ཡོངས་སུ་བསྐོར་བ་ནི། འདི་ལྟ་སྟེ། ལུས་དང ། སྲོག་ལ་མི་ལྟའི་
176b
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྟ་ཞིང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད་པས་ཡོངས་སུ་བསྐོར་བའོ། །དེ་ལྟར་ཀྱེ་མའོ་སེམས་ཅན་འདི་དག་ནི། དོན་མེད་པས་ཡོངས་སུ་བསྐོར་བ། ལུས་དང ། སྲོག་ལ་ལྟའོ། །ཀྱེ་མའོ་བདག་ནི། དོན་གྱིས་ཡོངས་སུ་བསྐོར་བས་ཡོངས་སུ་བསྐོར་གྱི། བདག་ད་བརྩོན་འགྲུས་བརྩམས་ལ་སློབ་དཔོན་ལ་ལུས་ཀྱིས་རིམ་གྲོ་དང ། བསྙེན་བཀུར་བྱ་སྟེ། དེ་ལྟར་ན་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པ་དང ། བསོད་ནམས་དང ། ཡེ་ཤེས་ཀྱི་སྟོབས་ཀྱིས་ཉེ་བར་བརྟན་པ་བྱས་པར་འགྱུར་ཏེ། བསོད་ནམས་དང ། ཡེ་ཤེས་ཀྱི་སྟོབས་དེས་ཉེ་བར་བརྟན་པས་བྱང་ཆུབ་ཀྱི་སྙིང་པོ་དང་ཉེ་བར་འགྱུར་རོ། །སྙམ་པ་དེ་ནི། ཤཱ་རིའི་བུ། སེམས་བསྐྱེད་པ་དགུ་པ་འདི་བསྐྱེད་ནས་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ།་ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །ལུས་དང་སྲོག་ལ་ལྟ་ལྡན་ཞིང ། །བྱང་ཆུབ་ཕྱོགས་ལ་མི་ལྟ་སྟེ། །རྣམ་པ་སྣ་ཚོགས་ལས་ཀྱང་བྱེད། །སོ་སོའི་སྐྱེ་བོ་དེ་དག་ནི། །བདག་གི་དོན་དང་ཆུང་མའི་དོན། །བུ་ཕོ་དང་ནི་བུ་མོའི་ཕྱིར། །དོན་མེད་པ་ལ་ཆགས་པར་འགྱུར། །དྲན་དང་ལས་བྱེད་མངག་པ་དག་།མི་མཁས་པས་ནི་ཀུན་དུ་མངགས། །རྐང་བཞི་པ་དག་གསོ་བྱེད་དེ། །དེ་དག་དོན་མེད་ཆགས་པར་འགྱུར། །ནོར་དང་འབྲུ་རྣམས་རབ་གསོག་ཅིང །
177a
༄#། །སྦྱིན་པ་མི་བྱེད་མི་སྤྱོད་དེ། །དོན་མེད་ཆགས་པ་དེ་དག་ནི། །གཏེར་གྱི་སྲུང་མར་བརྗོད་པ་ཡིན། །འདི་ནི་དོན་མེད་ཆགས་པ་སྟེ། །སོ་སོའི་སྐྱེ་བོ་དེ་ལ་ཆགས། །བྱང་ཆུབ་སེམས་དཔའ་བློ་ལྡན་ནི། །དོན་ལ་ཆགས་ཤིང་བརྩོན་པར་བྱེད། །ལུས་དང་སྲོག་ལ་མི་ལྟ་ཡི། །བྱང་ཆུབ་ཕྱོགས་ལ་ལྟ་བྱེད་ཅིང ། །རྣམ་པ་སྣ་ཚོགས་ལས་བྱེད་པ། །དོན་ལ་ཡོངས་སུ་ཆགས་ཞེས་བྱ། །སྦྱིན་དང་ཚུལ་ཁྲིམས་བརྩོན་འགྲུས་བཟོད། །བསམ་གཏན་ཤེས་རབ་དེ་བཞིན་དུ། །ཐབས་དང་རབ་ཏུ་ལྡན་པ་ནི། །དོན་ལ་ཡོངས་སུ་ཆགས་ཞེས་བྱ། །ཕ་དང་མ་ལ་བསྙེན་བཀུར་བྱེད། །བླ་མ་རྒན་རབས་རྗེས་སུ་བསྐྱངས། །དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད། །དོན་ལ་ཡོངས་སུ་ཆགས་ཞེས་བྱ། །ཆོས་ཀུན་ཡང་དག་བསྡུས་པ་ཡི། །བྱང་ཆུབ་སེམས་དཔའི་སྡེ་སྣོད་འདི། །གློག་ཅིང་རབ་ཏུ་སྟོན་པ་ནི། །དོན་ལ་ཡོངས་སུ་ཆགས་ཞེས་བྱ། །དོན་ལ་ཆགས་པ་དེ་དག་ནི། །སངས་རྒྱས་ཀུན་གྱིས་བསྔགས་པ་སྟེ། །དེ་ལ་བརྩོན་དང་ལྡན་པ་ནི། ། རྒྱལ་སྲས་འཇིགས་པ་མེད་པའོ། །དེ་ལྟ་བུ་ཡི་སེམས་བསྐྱེད་ནས། །རབ་ཏུ་དང་བའི་སེམས་ཀྱིས་ནི། །བླ་མ་རྣམས་ལ་བསྙེན་བཀུར་བྱེད། །སྣོད་གང་ཙམ་གྱི་ཆུ་ཡང་འབུལ། །ཤཱ་རིའི་བུ།་སེམས་བསྐྱེད་པ་དགུ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཕྱིར་སློབ་དཔོན་ལ་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་
177b
འབུལ་ལོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་དེ། ཀྱེ་མའོ་སེམས་ཅན་འདི་དག་ནི། བཀའ་བློ་མི་བདེ་བ་སྟེ། སློབ་དཔོན་གྱི་རྗེས་སུ་བསྟན་པ་དང་མི་མཐུན་པར་འཛིན་པས་དེ་དག་ཁོང་དུ་མི་ཆུད་དོ། །ཅི་ཁོང་དུ་མི་ཆུད་ཅེ་ན། འདི་ལྟ་སྟེ། སློབ་དཔོན་གྱི་ནོར་ཁོང་དུ་མི་ཆུད་དོ། །སློབ་དཔོན་གྱི་ནོར་གང་ཞེ་ན། འདི་ལྟ་སྟེ། དད་པའི་ནོར་དང ། ཚུལ་ཁྲིམས་ཀྱི་ནོར་དང ། ཐོས་པའི་ནོར་དང ། ཁྲེལ་ཡོད་པའི་ནོར་དང ། ངོ་ཚ་ཤེས་པའི་ནོར་དང ། གཏོང་བའི་ནོར་དང ། ཤེས་རབ་ཀྱི་ནོར་ཏེ། དེ་དག་ནི། སློབ་དཔོན་གྱི་ནོར་ཞེས་བྱ་སྟེ། དེ་དག་ཁོང་དུ་མ་ཆུད་པས་ན། རབ་ཏུ་དབུལ་བ་ཞེས་བྱའོ། །བདག་ནི། བཀའ་བློ་བདེ་ཞིང་སློབ་དཔོན་གྱི་རྗེས་སུ་བསྟན་པ་དང་མཐུན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། ཤིན་ཏུ་བཀའ་བློ་བདེ་བ་སྟེ། སློབ་དཔོན་གྱི་རྗེས་སུ་བསྟན་པ་དང་མཐུན་པར་འཛིན་ཅིང་ཁོང་དུ་ཆུད་པར་བྱེད་དོ། །ཅི་ཁོང་དུ་ཆུད་ཅེ་ན། འདི་ལྟ་སྟེ། སློབ་དཔོན་གྱི་ནོར་རོ། །བྱང་ཆུབ་སེམས་དཔའི་སློབ་དཔོན་གྱི་ནོར་གང་ཞེ་ན། འདི་ལྟ་སྟེ།་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་སོ། །སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་བཀའ་བློ་བདེ་བར་རིག་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྟོན་ཏོ། །རབ་ཏུ་སྟོན་ཏོ། །རབ་ཏུ་འཆད་དོ། །རབ་ཏུ་གཞོག་གོ་།རྣམ་པར་འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་པོར་གོ་བར་བྱེད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །བྱང་ཆུབ་སེམས་
178a
༄#། །དཔའི་སྡེ་སྣོད་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི། དབུལ་བ་ཡོངས་སུ་ཆད་པ་ཁོང་དུ་ཆུད་པར་འགྱུར་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་དེ་ལྟར་སེམས་བསྐྱེད་དེ་བཀའ་བློ་བདེ་ཞིང་སློབ་དཔོན་གྱི་བསྟན་པ་དང་མཐུན་པར་འཛིན་པ་ནི། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར་རོ། །སྙམ་པ་ནས་སློབ་དཔོན་གྱི་རིམ་གྲོ་དང ། བསྙེན་བཀུར་བྱེད་དོ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །ཤཱ་རིའི་བུ། སེམས་བསྐྱེད་པ་བཅུ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་བསྙེན་བཀུར་དང ། རིམ་གྲོ་བྱེད་དེ། ཐ་ན་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ་བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པས་ཡང་འདི་སྐད་གསུང་ངོ ། །བཀའ་བློ་མི་བདེ་སེམས་ཅན་གང ། །མི་དྲང་སྒྱུ་དང་གཡོ་ངན་ཅིང ། །བླ་མ་རྣམས་དང་མི་མཐུན་པ། །ཚིག་བཞིན་དུ་ནི་བྱེད་མི་འགྱུར། །བསྟན་པ་དང་ནི་མི་མཐུན་ཞིང ། །བཀའ་བློ་མི་བདེ་ཤེས་གྱུར་ནས། །དྲང་སྲོང་ནོར་ནི་གང་ཡིན་པ། །དེ་ནི་དེ་ལ་མི་སྟོན་ཏོ། །དད་པའི་ནོར་དང་ཚུལ་ཁྲིམས་ནོར། །ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། །ཐོས་པའི་ནོར་དང་གཏོང་ནོར་དང ། །ཤེས་རབ་ཉིད་ནི་ནོར་བདུན་པ། །ནོར་གྱི་རྣམ་པ་འདི་དག་ནི། །མི་ཟད་པ་ཡི་གཏེར་བདུན་ཏེ། །སྣོད་མ་ཡིན་པར་རིག་ནས་ནི། །དེ་ནི་
178b
དེ་ལ་མི་སྟོན་ཏོ། །སེམས་ཅན་གང་དག་རྣམ་པ་ཀུན། །སངས་རྒྱས་ཆོས་ཀྱི་སྣོད་གྱུར་ཅིང ། །གཡོ་མེད་ཚིག་འཇམ་སྒྱུ་མེད་ལ། །བཀའ་བློ་བདེ་ཞིང་རབ་མཐུན་པ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། ། ལུས་དང་སྲོག་ལ་མི་ལྟ་བར། །གུས་དང་བཅས་པས་ཆོས་འདོད་ཅིང ། །བརྩོན་འགྲུས་རྩོམ་པར་རབ་ཏུ་སེམས། །ཚུལ་འདི་འཛིན་པར་འགྱུར་པ་ཡི། །སྣོད་དུ་རུང་བར་རིག་གྱུར་ནས། །ཆོས་ཀྱི་དབྱིངས་ནི་དབྱེར་མེད་པ། །འདྲེན་པས་ཡང་དག་རབ་ཏུ་སྟོན། །གང་ལ་བྱང་ཆུབ་གནས་པ་ཡི། །སངས་རྒྱས་རྣམས་ཀྱི་སྙིང་པོའི་ནོར། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །རྒྱས་པར་རབ་ཏུ་སྟོན་པར་བྱེད། །ཆོས་རྣམས་ཐམས་ཅད་བདག་མེད་དེ། །མཚན་མེད་སྟོང་པའི་མཚན་ཉིད་ཅན། །སྲོག་ཀྱང་མེད་ཅིང་འགྱུར་བ་མེད། །སྤྲོས་པ་མེད་དེ་ཀུན་གཞི་མེད། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །མ་སྐྱེས་ཤིང་ནི་མཚན་ཉིད་མེད། །བྱུང་བ་མེད་ཅིང་གྲུབ་པ་མེད། །མཚན་མ་མེད་པས་ཕྱེ་བ་སྟེ། །མི་གང་བཀའ་བློ་བདེ་ཞིང་མི་འགལ་བ། །བསྟན་པ་ལ་ནི་རྗེས་སུ་མཐུན་འཛིན་པ། །དེ་དག་ལ་ཡང་རྒྱལ་བ་རང་བྱུང་རྣམས། །ཐར་སྒོ་སློབ་ཤེས་རང་གི་སྤྱོད་ཡུལ་སྟོན། །དད་ནོར་ཚུལ་ཁྲིམས་ནོར་དང་ཁྲེལ་ཡོད་དང ། །ངོ་ཚ་ཤེས་དང་ཐོས་གཏོང་ཤེས་རབ་དང ། །དེ་ལ་ནོར་འདི་རྣམས་ནི་ཀུན་འགྱེད་ཅིང ། །བདུན་པོ་མི་ཟད་ཆོས་ཀྱི་མཛོད་ཀྱང་བྱེད། །མི་འགའ་བཀའ་བློ་བདེ་ཞིང་རྗེས་སུ་མཐུན། །དགེ་བའི་བཤེས་གཉེན་སྙམ་དུ་རྟག་བསམ་
179a
༄#། །ནས། །བླ་ན་མེད་པའི་བྱང་ཆུབ་ཚོལ་བའི་ཕྱིར། །བླ་མ་དག་ལ་བདག་གིས་རིམ་གྲོ་བྱ། །དེ་ལྟ་བུ་ཡི་སེམས་ནི་བསྐྱེད་བྱས་ལ། །སྙིང་རྗེ་དགའ་བ་རྒྱ་ཆེར་རབ་བསྐྱེད་དེ། །ཁམ་སྣོད་དང་བའི་ཆུ་ཡིས་བཀང་བ་ཡང ། །སྐོམ་པ་དག་ལ་ཉེ་བར་སྦྱིན་པར་བྱ། །ཤཱ་རིའི་བུ། སེམས་བསྐྱེད་པ་བཅུ་པ་འདི་བསྐྱེད་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་སློབ་དཔོན་ལ་ལུས་ཀྱིས་རིམ་གྲོ་དང ། བསྙེན་བཀུར་བྱེད་དེ། ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་ལོ། །དགེ་བའི་རྩ་བ་དེས་ཆོས་བཞི་ཐོབ་པར་འགྱུར་ཏེ།་བཞི་གང་ཞེ་ན། མྱུར་དུ་དགེ་བའི་ཆོས་ལ་འཇུག་པ་དང ། སློབ་དཔོན་གྱི་བསྔགས་པ་བརྗོད་པར་འགྱུར་བ་དང ། ནན་ཏན་གྱིས་བསྒྲུབ་ཀྱི། ལོག་པའི་ནན་གྱིས་མ་ཡིན་པ་དང ། ཆོས་ཀྱི་ཕྱིར་སྡུག་བསྔལ་གྱི། གཞན་དུ་ཕྱོགས་པར་མི་འགྱུར་བ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མིར་གྱུར་པ་ན་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སྐྱེ་བོ་མང་པོའི་རྗེས་སུ་བསླབ་ནས་དཀར་པོའི་ཆོས་ལ་གནས་པ་དང ། སྦས་ཤིང་བཞག་པའི་གནས་སྐྱེ་བོ་མང་པོ་མགུ་བ་དང ། རབ་ཏུ་དགའ་བར་བྱེད་པ་མྱུར་དུ་ཐོབ་པ་དང ། སེམས་དགའ་བཞིན་དུ་ཉིན་མཚན་ཟད་པར་འགྱུར་བ་དང ། ཀུན་ནས་ལྡང་བ་མེད་པར་འཆི་བའི་དུས་བྱས་ནས་བདེ་
179b
འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་བ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་ལྟར་གྱུར་པ་ན་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ལྷའི་འཁོར་གྱི་སྟན་མཆོག་རྙེད་པར་འགྱུར་བ་དང ། ལྷའི་འཁོར་ཐམས་ཅད་དེའི་གདོང་དུ་བལྟ་ཞིང་ཅི་བཤད་པ་དེ་དག་ཐོས་ནས་ཤེས་པར་བྱའོ། །སྙམ་དུ་སེམས་པར་འགྱུར་བ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། དེ་བཞིན་དུ་ལྷའི་བུ་གཞན་ཡང་དེའི་དྲུང་དུ་འོང་གི་།དེ་ལྷའི་བུ་གཞན་གྱི་དྲུང་དུ་ཐེ་ཚོམ་ཡོངས་སུ་འདྲི་ཞིང་བཅད་པའི་ཕྱིར་འགྲོ་བ་མ་ཡིན་པ་དང ། དེའི་ལོངས་སྤྱོད་ཀྱི་ཕྱིར་གཞལ་མེད་ཁང་ཆེན་པོ་འབྱུང་བ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་ཏེ། ལྷར་གྱུར་པ་དང ། མིར་གྱུར་པ་ན་ཆོས་ཀྱི་སྒོ་བརྒྱད་སྟོང་ཕྲག་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ཡི་སྟན་ནི་མཐོན་པོར་འགྱུར། །ལྷ་ཡིས་མངོན་པར་ཕྱག་བྱས་ནས། །གང་དག་ཆོས་འདི་འཆད་པ་ལ། །ལྷ་རྣམས་དེ་ལ་ལྟ་བར་འགྱུར། །མཁས་པ་སེར་སྣ་བྲལ་བ་ལ། །ཀུན་གྱིས་བསྟི་སྟང་བྱས་པར་འགྱུར། །བརྒྱ་བྱིན་དེ་ག་ན་འདྲིར་འོང་ཞིང ། །གཞལ་མེད་ཁང་ཡང་ཡིད་འོང་བཟང ། །ལྷ་ཡི་འཇིག་རྟེན་གནས་འཕོས་ཏེ། །མི་ཡི་སྲིད་པར་འོངས་གྱུར་ནས། །འཁོར་ལོས་བསྒྱུར་བ་སེར་སྣ་མེད། །རྒྱལ་པོ་རྫུ་འཕྲུལ་ཆེན་པོར་འགྱུར། །མི་ཡི་འཇིག་
180a
༄#། །རྟེན་འཕོས་ནས་ཀྱང ། །ལྷ་ཡི་ནང་དུ་ཡང་འགྲོ་སྟེ། །བླ་མ་དག་ལ་གུས་བྱས་ནས། །ནམ་ཡང་སྡུག་བསྔལ་མི་འགྱུར་རོ། །ཞུམ་པ་མེད་པའི་སེམས་ཀྱིས་སུ། །བླ་མ་དག་ལ་གུས་བྱས་པས། །གནས་བཞི་པོ་ནི་དེ་དག་རྣམས། །རྒྱ་ཆེར་རྟག་ཏུ་རྙེད་པར་འགྱུར། །དགའ་བ་དང་ནི་གུས་པ་ཡིས། །སྣོད་གང་ཙམ་གྱི་ཆུ་བྱིན་ན། །ལྷ་དང་མི་དང་ཀླུ་རྣམས་ཀྱིས། །མཆོད་པ་དག་ཏུ་འོས་པ་ཡིན།། །།བམ་པོ་བཅུ་པ། དེ་ལྟར་གྱུར་ན། གཞན་ཡང་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སྔོན་གྱི་ལས་མངོན་པར་འདུས་བྱས་པའི་དགེ་བའི་རྩ་བ་གང་གིས་སྐྱེས་པ་རབ་ཏུ་ཤེས་པ་དང ། དེ་ན་དགེ་བའི་ཆོས་རྣམས་ཡོངས་སུ་འབྲི་བ་ཡང་རབ་ཏུ་ཤེས་པ་དང ། དེ་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་བ་དེ་ཡང་རབ་ཏུ་ཤེས་པ་དང ། ལྷའི་འཁོར་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ལྷའི་འཇིག་རྟེན་ནས་འཆི་འཕོ་བར་འགྱུར་བ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆོས་བཞི་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ།་བྱང་ཆུབ་སེམས་དཔའ་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་ལྷའི་གནས་ནས་ཤི་འཕོས་ནས་མི་རྣམས་སྐལ་པ་མཉམ་པར་སྐྱེ་བ་དང ། དེ་མིར་གྱུར་ན་བཙུན་པར་
180b
བྱེད་པ་ལྔ་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དེ་རིགས་བཙུན་པར་སྐྱེ་བར་འགྱུར་བ་དང ། གཟུགས་བཙུན་པར་འགྱུར་བ་དང ། ཚུལ་ཁྲིམས་བཙུན་པར་འགྱུར་བ་དང ། དེའི་འཁོར་བཙུན་པར་འགྱུར་བ་དང ། དེའི་སེམས་ཅན་བཙུན་པ་རྣམས་ལ་བྱམས་པ་སྒོམ་པར་འགྱུར་བ་སྟེ། ཤཱ་རིའི་བུ། བཙུན་པར་བྱེད་པའི་ཆོས་ལྔ་པོ་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་མི་བྱེད་པར་བྱེད་པའི་ཆོས་ལྔ་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དེའི་མཛའ་བོ་མི་བྱེད་པ་དང ། ལུས་མྱུར་དུ་འཇིག་པར་མི་འགྱུར་བ་དང ། དེའི་ལོངས་སྤྱོད་ཡོངས་སུ་ཉམས་པར་མི་འགྱུར་བ་དང ། བྱང་ཆུབ་ཀྱི་སེམས་དང་བྲལ་བར་མི་ནུས་པ་དང ། ཆོས་ཀྱི་མུ་གེ་འབྱུང་བ་ན་དེ་ལ་ཆོས་ཀྱི་ལོ་ལེགས་པར་འགྱུར་ཏེ། ཤཱ་རིའི་བུ། མི་ཕྱེད་པར་བྱེད་པའི་ཆོས་ལྔ་པོ་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་ངོ་མཚར་ཡོངས་སུ་རྫོགས་པའི་ཆོས་ལྔ་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། གང་སྣོང་སྟོང་པ། གསོག་བཞག་པར་གྱུར་པ་རྣམས་སུ་དེའི་ལག་པ་གང་དུ་བཅུག་པ་དེ་དག་ཐམས་ཅད་རིན་པོ་ཆེས་ཡོངས་སུ་གང་བར་འགྱུར་ཏེ། ངོ་མཚར་ཡོངས་སུ་རྫོགས་པ་དང་པོ་འདི་ཐོབ་པར་འགྱུར་རོ། །དེ་སྐོམ་པར་གྱུར་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྫིང་བུ་འབྱུང་སྟེ། ངོ་མཚར་ཡོངས་སུ་རྫོགས་པ་གཉིས་པ་འདི་ཐོབ་པར་འགྱུར་རོ། །གཞན་ཡང་དེའི་ལུས་ལ་གཞན་
181a
༄#། །གྱིས་གནོད་པ་བྱ་བར་མི་འགྱུར་ཏེ། འདི་ལྟ་སྟེ། དུག་དང ། མཚོན་དང ། མེ་དང ། ཆུ་དང ། མདངས་འཕྲོག་པའི་གནོད་སྦྱིན་གྱིས་གཙེ་བ་མེད་པ་སྟེ། ངོ་མཚར་ཡོངས་སུ་རྫོགས་པ་གསུམ་པ་འདི་ཐོབ་པར་འགྱུར་རོ། །གཞན་ཡང་མཚོན་གྱི་བསྐལ་པ་བར་མ་བྱུང་བའམ། ནད་ཀྱི་བསྐལ་པ་བར་མ་བྱུང་བའམ། མུ་གེའི་བསྐལ་པ་བར་མ་བྱུང་བའམ། མེའི་བསྐལ་པ་བར་མ་བྱུང་བའམ། ཆུའི་བསྐལ་པ་བར་མ་བྱུང་བའམ། རླུང་གི་བསྐལ་པ་བར་མ་བྱུང་བའམ། སྐོམ་པའི་བསྐལ་པ་བར་མ་བྱུང་བའམ། ཀུན་ཏུ་གདུང་བའི་བསྐལ་པ་བར་མ་བྱུང་བའམ། གནོད་སྦྱིན་གྱི་བསྐལ་པ་བར་མ་བྱུང་བ་ན། འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་གྱི། དེ་ལྟར་སྐྱེ་སྟེ། དེ་བདེ་བ་དང ། མཐུ་དང་ལྡན་པར་འགྱུར་ཞིང ། བདེ་བ་དང་མཐུ་མང་བར་འགྱུར་ཏེ། ངོ་མཚར་ཡོངས་སུ་རྫོགས་པ་བཞི་པ་འདི་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་ཀྱིས་མི་དལ་བར་མི་སྐྱེ། ངན་འགྲོར་མི་སྐྱེ། སེམས་ལ་འགྱོད་པས་ཀུན་ནས་དཀྲི་བར་མི་ནུས་ཤིང ། ངེས་པར་འབྱུང་བ་མྱུར་དུ་མཐོང་བར་འགྱུར་ཏེ། ངོ་མཚར་ཡོངས་སུ་རྫོགས་པ་ལྔ་པ་འདི་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ངོ་མཚར་ཡོངས་སུ་རྫོགས་
181b
པའི་ཆོས་ལྔ་པོ་འདི་དག་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཆོས་བཞི་དང་མི་འབྲལ་བར་འགྱུར་ཏེ། བཞི་གང་ཞེན། བྱང་ཆུབ་སེམས་དཔས་སྡུག་བསྔལ་བའི་སེམས་ཅན་མཐོང་མ་ཐག་ཏུ་སྙིང་རྗེ་ཆེན་པོ་ཐོབ་པ་དང ། དེ་ལ་དེའི་བུ་དང་བུ་མོ་གུས་པ་དང་བཅས་ཤིང་ཞེས་བྱེད་པར་འགྱུར་བ་དང ། རྒ་བས་བཅོམ་ཡང་བརྙས་པར་མི་འགྱུར་བ་དང ། དེ་ལས་ཀྱི་མཐའ་གང་བྱེད་པ་དེ་དག་ཀྱང་ཉིས་འགྱུར་སུམ་འགྱུར་དུ་ཐོབ་པར་འགྱུར་བ་སྟེ། ཆོས་བཞི་པོ་དེ་དག་རྟག་ཏུ་རྒྱུན་མི་འཆད་པར་མི་འབྲལ་བར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ཆོས་གསུམ་གྱི་མི་འཕྲོག་སྟེ། གསུམ་གང་ཞེ་ན། ཆགས་པས་མི་འཕྲོག་པ་དང ། ཞེ་སྡང་དང ། གཏི་མུག་གིས་མི་འཕྲོག་པ་སྟེ། ཆོས་གསུམ་པོ་དེ་དག་གིས་མི་འཕྲོག་པའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ནད་མེད་པར་བྱེད་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ནད་རྒྱུན་རིང་པོ་མེད་པ་དང ། ཡན་ལག་སྐམ་པར་མི་འགྱུར་བ་དང ། ལོངས་སྤྱོད་ཉམས་པར་མི་འགྱུར་བ་དང ། རྒྱལ་པོའམ། རྐུན་མོའམ། དེ་མ་ཡིན་པའི་སེམས་ཅན་འཚོ་བར་བྱེད་པ་གཞན་གྱིས་སྡུག་
182a
༄#། །བསྔལ་བ་དང ། གནོད་པར་བྱ་བར་མི་འགྱུར་བ་སྟེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ནད་མེད་པར་བྱེད་པའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་བླ་མའི་གནས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི། འདི་རྣམས་ཡིན་ནོ། ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བློན་པོ་རིན་པོ་ཆེ་སྟེ། བདུན་པོ་དེ་དག་གོ་།དེའི་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་ཅན། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཐམ་པར་འགྱུར་རོ། ། གླིང་བཞི་པ་ཡང་དེའི་རྗེས་སུ་འབྲང་བར་འགྱུར། དེ་ལ་གུས་པ་བྱེད་པར་འགྱུར། སྐར་མཁན་དང ། བློན་པོ་ཆེན་པོ་དང ། སྒོ་བ་དང ། འཁོར་དང ། གྲོང་རྡལ་གྱི་མི་དང ། ལྗོངས་ཀྱི་མི་དག་དང ། ཁམས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་གུས་པར་བྱེད་པར་འགྱུར་ཏེ། བླ་མའི་གནས་དང་པོ་འདི་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་
182b
ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པར་མི་འགྱུར་ཏེ། །ལྔ་གང་ཞེ་ན། འདི་ལྟ་སྟེ། མིག་གིས་ཤེས་པར་བྱ་བའི་གཟུགས་དང ། རྣ་བས་ཤེས་པར་བྱ་བའི་སྒྲ་དང ། སྣས་ཤེས་པར་བྱ་བའི་དྲི་དང ། ལྕེས་ཤེས་པར་བྱ་བའི་རོ་དང ། ལུས་ཀྱིས་ཤེས་པར་བྱ་བའི་རེག་རྣམས་ཏེ། དེ་ལྟར་འདོད་པའི་ཡོན་ཏན་ལྔ་པོ་ལ་ཆགས་པར་མི་འགྱུར་གྱི། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་མྱུར་དུ་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཞིང ། དེ་ལ་མི་དང་མི་མ་ཡིན་པ་རྣམས་གུས་པར་བྱེད་པར་འགྱུར་ཏེ། བླ་མའི་གནས་གཉིས་པ་འདི་རྗེས་སུ་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། གང་དང་གང་དུ་སྐྱེས་པ་ཐམས་ཅད་དུ་བློས་མཆོག་ཏུ་འགྱུར། ཤེས་རབ་ཀྱིས་མཆོག་ཏུ་འགྱུར། སྤོབས་པས་མཆོག་ཏུ་འགྱུར། དེ་རྒྱལ་པོར་གྲགས་པར་འགྱུར་རོ། །འདི་ལྟ་སྟེ། འདས་པའི་དུས་ན་སྨན་ཆེན་པོ་ཞེས་བྱ་བ་ཞིག་བྱུང་བ་དེ་བཞིན་དུ་དེ་རྒྱལ་པོའི་ཕོ་བྲང་གི་སྟན་མཆོག་ཐོབ་སྟེ། དེ་ལ་རྒྱལ་པོ་དང ། གང་དེ་མ་ཡིན་པ་གཞན་སྐར་མཁན་དང ། བློན་པོ་ཆེན་པོ་དང ། སྒོ་བ་དང ། འཁོར་དང ། གྲོང་རྡལ་གྱི་མི་དང་ཡུལ་གྱི་མི་རྣམས་གུས་པར་བྱེད་པར་འགྱུར་ཏེ། བླ་མའི་གནས་གསུམ་པ་འདི་རྗེས་སུ་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང །
183a
༄#། །དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་དང ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། མངོན་པར་འཕགས་པར་འགྱུར། ཚུལ་ཁྲིམས་དང ། ཏིང་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་མངོན་པར་འཕགས་པར་འགྱུར། ཚུལ་ཁྲིམས་རྣམ་པར་འཕེལ་བས་མངོན་པར་འཕགས་པར་འགྱུར། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམ་པར་འཕེལ་བས་མངོན་པར་འཕགས་པར་འགྱུར་ཏེ། བླ་མའི་གནས་བཞི་པ་དེ་ཐོབ་པར་འགྱུར་ཏེ། བླ་མའི་གནས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔས་འདི་ལྟ་སྟེ། ཆོས་འདོད་པའི་ཕྱིར་མཁན་པོ་དང ། སློབ་དཔོན་ལ་ཆུ་བུམ་པ་གང་ཙམ་ཕུལ་ན། དེ་ལྟ་བུའི་ཡོན་ཏན་གྱི་ཆོས་ཚད་མེད་པ་ལེན་པར་འགྱུར་རོ། །ཚུར་ཤོག་ཅེས་བྱས་ནའང་འོང་ཞིང ། ཇི་ལྟར་སྨྲས་པ་ལས་འགལ་བར་མི་བྱེད་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཡོ་བྱད་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སྐྱེ་བོ་མ་རབས་ཀྱི་ཡོ་བྱད་མ་ཡིན་གྱི། རྒྱལ་པོའི་ཡོ་བྱད་ཐོབ་པར་འགྱུར། དྲང་སྲོང་གི་ཡོ་བྱད་ཐོབ་པར་འགྱུར་ཏེ། འདོད་པ་སྤང་པ་ལ་འཛུད་པ་འདི་ལྟ་སྟེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དེ་ནི། ཆོས་ཀྱི་ཡོ་བྱད་ཅེས་
183b
བྱའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྐྱེ་བ་གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་ཏེ། དེ་སྐྱེ་བ་དྲན་པས་སྐྱེ་བ་དེ་དང་དེ་དག་ཏུ་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་བ་དེ་ནི། དྲན་པའི་ཡོ་བྱད་ཅེས་བྱའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བཞིས་བསྐོར་ཅིང་མདུན་དུ་བདར་བར་འགྱུར། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པས་ཀུན་ནས་བསྐོར་ཅིང་མདུན་དུ་བདར་བར་འགྱུར་ཏེ། ཡོ་བྱད་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སློབ་དཔོན་གང་དང་གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་རྙེད་ཅིང་འཛིན་པར་འགྱུར་ཏེ། དེ་ཚུར་ཤོག་ཅེས་བསྒོ་ན་ཡང་དེ་འོང ། སོང་ཞིག་ཅེས་བསྒོ་ན་ཡང་དེ་འགྲོ་བ་དང ། འདི་ནི། དགེ་བ། འདི་ནི། མི་དགེ་བ། འདི་ནི། ཁ་ན་མ་ཐོ་བ་དང་བཅས་པ། འདི་ནི། ཁ་ན་མ་ཐོ་བ་མེད་པ། འདི་ནི། བསྟེན་པར་བྱ་བ། འདི་ནི། བསྟེན་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནས་གོང་མ་བཞིན་དུ་སྦྱར་ཏེ། བྱ་བ་འདི་ནི། གནོད་པ། ཕན་པ་མེད་པ། སྡུག་བསྔལ་བར་འགྱུར་བའོ། །འདི་བྱས་ན། ཡུན་རིང་པོའི་དོན་དང །
184a
༄#། །ཕན་པ་དང་བདེ་བར་འགྱུར་རོ། །ཞེས་ཇི་ལྟར་བསྒོ་བ་བཞིན་དུ་མི་དགེ་བ་མི་བྱེད་ཅིང་དགེ་བ་ལ་བརྟན་ཏེ་སླར་མི་ལྡོག་ཅིང་མི་མཐུན་པར་མི་བྱེད་པ་དེ་དགེ་བའི་རྩ་བ་དེ་དང་ལྡན་པས་མཐོན་པོར་བྱེད་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཚུལ་ཁྲིམས་མཐོན་པོར་བྱེད་པའི་ཆོས་ཐོབ་པར་འགྱུར། ལུས་མཐོན་པོར་བྱེད་པའི་ཆོས་ཐོབ་པར་འགྱུར་ཏེ། དེའི་ལུས་རིང་ཞིང་ལུས་ཐམས་ཅད་རྒྱས་པར་འགྱུར། ཤེས་རབ་ཆེ་བར་འགྱུར་ཏེ། ཤེས་རབ་མཐོ་བ། ཤེས་རབ་རྒྱ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ། ཤེས་རབ་ངེས་པར་རྟོགས་པར་འགྱུར། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། མཐོན་པོར་བྱེད་པའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་བལྟར་མི་སྣང་བར་བྱེད་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འཐོབ་སྟེ། འདི་ནི། བལྟར་མི་སྣང་བར་བྱེད་པའི་ཆོས་ཐོབ་པར་འགྱུར་བ་དང་པོའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྐྱེས་ནས་ཕ་དང ། མ་དང ། གཞན་ཉེ་དུ་རྣམས་དང ། ལྷ་དང ། ཀླུ་དང ། དྲི་ཟ་དང ། གནོད་
184b
སྦྱིན་དང ། སྲིན་པོ་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་རྣམས་དང ། དད་པའི་སེམས་ཀྱིས་ཀྱང་རུང ། མ་དད་པའི་སེམས་ཀྱིས་ཀྱང་རུང་སྟེ། སེམས་ཅན་གང་གིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱི་གཙུག་མཐོང་བར་མི་ནུས་ཏེ། འདི་ནི། བལྟར་མི་སྣང་བར་བྱེད་པའི་ཆོས་ཐོབ་པར་འགྱུར་བ་གཉིས་པའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་སྐྱེས་པ་ནས་རྒྱས་པར་བྱ་སྟེ། ཕ་མ་ནས་མི་དང་མི་མ་ཡིན་པའི་བར་གྱིས་དད་པའི་སེམས་ཀྱིས་ཀྱང་རུང ། མ་དད་པའི་སེམས་ཀྱིས་ཀྱང་རུང་སྟེ། གང་གིས་ཀྱང་བྱང་ཆུབ་སེམས་དཔའི་ཁའི་བྱི་དོར་བྱེད་མི་ནུས་ཏེ། དེ་ཁའི་བྱི་དོར་བྱའོ། །སྙམ་པ་དང ། རྐང་པ་གཉིས་ལ་ཁའི་སྒོ་འབྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། སྐྱེས་བུ་དམ་པ་དེ་དག་འདི་ལྟ་བུའི་ངོ་མཚར་དང ། རྨད་ཀྱི་ཆོས་དང་ལྡན་ཞིང་སྐྱེས་བུ་དམ་པའི་ངག་མཆོག་དང་ལྡན་པར་འགྱུར་ཏེ། འདི་ནི། བལྟར་མི་སྣང་བར་བྱེད་པའི་ཆོས་གསུམ་པའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་གཞན་གྱིས་མ་བཟུང་བར་ས་ལ་འདུག་ནས་ཕྱོགས་བཞིར་རྣམ་པར་བལྟ་སྟེ། དེ་ཡེ་ཤེས་འབར་བ་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་སྔོན་གཡོ་མེད་པར་ཐོས་པ་བཙལ་བས་གཡོ་མེད་པའི་མིག་ཐོབ་སྟེ།
185a
༄#། །བྱང་ཆུབ་སེམས་དཔའ་གཡོ་མེད་པའི་མིག་དེ་དང་ལྡན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་མཐོང་ངོ ། །དེ་ལྟར་བྱང་ཆུབ་སེམས་དཔའ་མྱུར་བའི་ཚེ་དང་ལྡན་པའི་ཡེ་ཤེས་ཆེན་པོ་ཐོབ་སྟེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོ་དེ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་ཀྱི་ཚུལ་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་སྔོན་དོན་དུ་གཉེར་བར་བྱས། ཡིད་ལ་བྱས། སེམས་ཅན་ཐམས་ཅད་ཀྱིས་བསམ་ཞིང་རི་མོར་བྱས་ནས་ཆོས་ལ་སྨན་དུ་འདུ་ཤེས་པ་དང ། རིན་པོ་ཆེར་འདུ་ཤེས་པ་དང ། དཀོན་པར་འདུ་ཤེས་པ་དང ། ཇི་ལྟ་བ་བཞིན་དུ་འདུ་ཤེས་བསྐྱེད་དེ་ཐོས་པ་ཡོངས་སུ་བཟུང་ངོ ། །དེ་བས་ན། བྱང་ཆུབ་སེམས་དཔའ་མྱུར་དུ་རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་རྙེད་དོ། །རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ལ་ཡོངས་སུ་འཇལ་བ་ནས་ཐོས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་ལ་ཡོངས་སུ་འཇལ་ལོ། །ཚུལ་ཁྲིམས་ཀྱི་སྤྱིར་ཡོངས་སུ་འཇལ་བ་ནས་ཐོས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་
185b
མཐོང་བའི་བར་གྱི་སྤྱིར་ཡོངས་སུ་འཇལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པ་ལ་ཡོངས་སུ་འཇལ་བ་ནས་ཐོས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྒྱུ་མཐུན་པའི་བར་ལ་ཡོངས་སུ་འཇལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པ་ལས་ཤིན་ཏུ་ལྷག་པར་ཡོངས་སུ་འཇལ་བ་ནས་ཐོས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྒྱུ་མཐུན་པ་ལས་ཤིན་ཏུ་ལྷག་པའི་བར་ལ་ཡོངས་སུ་འཇལ་ལོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་དང ། སྤྱོད་པ་དང ། ནན་ཏན་དང ། བརྟུལ་བ་ལ་ཡོངས་སུ་འཇལ་ལོ། །སེམས་ཅན་ཐམས་ཅད་ཕན་ཚུན་བཙལ་ན། གང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ཐོས་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་དང ། སེམས་ཅན་ཐམས་ཅད་ཀྱི་སྤྱིའི་ཚུལ་ཁྲིམས་ནས་སྤྱིའི་ཐོས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང ། གང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པ་ལས་ཐོས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་གྱི་རྒྱུ་འདྲ་བ་དང ། གང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པ་ལས་ཤིན་ཏུ་ལྷག་པ་ནས་ཐོས་པ་དང ། ཏིང་ངེ་
186a
༄#། །འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རྒྱུ་མཐུན་པ་ལས་ཤིན་ཏུ་ལྷག་པའི་བར་དང ། གང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་དང ། སྤྱོད་པ་དང ། བརྟུལ་བ་དེ་དག་ཐམས་ཅད་དང ། བདག་གི་བསོད་ནམས་བསྒྲུན་ཅིང་ཡོངས་སུ་བཙལ་ན། བདག་དང་མཚུངས་ཤིང་མཉམ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྩ་བ་ལ་ལྷག་པར་གནས་པ་ཡོངས་སུ་ཚོལ་ཏེ། དེས་སེམས་ཅན་ཐམས་ཅད་ཡོངས་སུ་བཙལ་ན། བདག་དང་མཚུངས་ཤིང་མཉམ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མྱུར་དུ་དེའི་སྐད་ཅིག་དེ་ཉིད་ལ་ལས་ཀྱི་རྣམ་པར་སྨིན་པས་སྒྲུབ་པའི་ཡེ་ཤེས་སྐྱེ་སྟེ། དེས་སེ་གོལ་གཏོགས་པ་སྲིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པ་སྟོང་རབ་ཏུ་ཤེས་ཏེ། དེས་ཐམས་ཅད་ཡོངས་སུ་བཙལ་ན། བདག་དང་མཚུངས་ཤིང་མཉམ་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །བདག་བླ་མའི་གནས་ལ་གནས་པར་ཤེས་ཤིང་མ་བཟུང་བར་སེངྒེའི་དང ། གླང་པོ་ཆེའི་འགྲོས་ལྟ་བུས་ས་ལ་གོམ་པ་བདུན་བོར་ཏེ། དེ་བྱང་ཆུབ་ཀྱི་སྙིང་པོ་གང་ན་བ་དེར་ལས་ཀྱི་རྣམ་པར་སྨིན་པ་མདུན་དུ་བྱས་ནས་གནས་ཏེ་བདག་ནི། འཇིག་རྟེན་གྱི་གཙོ་བོ། བདག་འཇིག་རྟེན་གྱི་མཆོག་སྟེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་མཐར་བྱའོ། །
186b
སེམས་ཅན་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བས་གཟིར་བ་རྣམས་ཐར་པར་བྱའོ། །ཆོས་བཟང་པོ་བསྟན་པར་བྱའོ། །ཞེས་སྨྲས་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔས་ཚིག་དེ་སྨྲས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དབྱངས་ཀྱིས་གོ་བར་བྱས་པར་འགྱུར། ས་གཡོ་བས་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་ཡང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལྷའི་རྔ་ཡང་རྒྱུན་མི་འཆད་པར་བརྡུང་ངོ ། །ས་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པར་འགྱུར་བའི་ས་ཕྱོགས་དེར་འཁོར་ལོ་ཙམ་ཞིག་མི་གཡོའོ། །ཆུའི་ཕུང་པོ་གང་ལ་གནས་པའི་ཆུའི་ཕུང་པོ་དེ་རླུང་གིས་བསྐྱོད་པར་མི་འགྱུར་རོ། །དེས་ཐམས་ཅད་དུ་བལྟས་ན། བདག་གི་སྣང་བར་གྱུར་ཅིང་གནས་པར་མཐོང་ངོ ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན། དེ་ལ་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་མི་ནུས་སོ། །འདི་ནི། བལྟར་མི་སྣང་བར་བྱེད་པའི་ཆོས་ཐོབ་པར་བྱེད་པ་བཞི་པ་སྟེ། ཤཱ་རིའི་བུ། བལྟར་མི་སྣང་བར་བྱེད་པའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་སློབ་དཔོན་གྱིས་ཚུར་ཤོག་ཅིག་ཅེས་བྱས་ན་ཡང་འོང ། སོང་ཞིག་ཅེས་བྱས་ནའང་འགྲོ་བའི་ཕྱིར་རོ། །དེ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ཡང་བ་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་མཚན་ཉིད་མ་ཚང་
187a
༄#། །པ་མེད་ཅིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་འབྲས་བུ་ཡོད་པ་ཡང་བ་དང་པོ་འདི་འཐོབ་བོ། །དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པས་དགེ་སློང་ཆུར་ཤོག་ཅེས་གསུང་བར་འགྱུར་ཏེ། དགེ་སློང་ཚུར་ཤོག་ཅེས་བྱས་ན་སྐྲ་བྲེགས་བར་འགྱུར། ངུར་སྨྲིག་གྱོན་ཅིང་ལྷུང་བཟེད་ཐོགས་པར་འགྱུར་ཏེ། ཡང་བ་གཉིས་པ་འདི་འཐོབ་བོ། །དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་རབ་ཏུ་མཁྱེན་ཏེ། ཡང་བ་གསུམ་པ་འདི་འཐོབ་བོ། །དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སྨན་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། ཡང་བ་བཞི་པ་འདི་འཐོབ་བོ། །དེ་དག་ནི། ཡང་པ་བཞི་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་ལེགས་པར་ཞུགས་པས་སློབ་དཔོན་དང ། མཁན་པོ་ལ་ཐ་ན་ཆུ་བུམ་པ་གང་ཙམ་ཡང་འབུལ་བའི་ཕྱིར་རོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་གཞན་གྱིས་མི་ཚུགས་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྐུ་ལ་མེ་དང ། མཚོན་དང ། དུག་གིས་ཚུགས་པ་ནི། གནས་མ་ཡིན་ཞིང་སྐབས་མེད་པ་དང ། ཕ་རོལ་གྱི་གནོད་པ་བྱས་པས་འཆི་བའི་དུས་བྱེད་པར་འགྱུར་བ་དེ་ལྟ་བུའི་གནས་མེད་དོ། །ཕ་རོལ་
187b
གྱིས་མི་ཚུགས་པའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་ཡང་ཕ་རོལ་གྱིས་མི་ཚུགས་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཤཱ་རིའི་བུ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པས་མ་གསན་པའི་ཆོས་ཐ་ན་ཆོས་ཀྱི་ཚིག་གཅིག་ཙམ་ཡང་ཐོས་པར་བྱེད་ནུས་པ་གནས་མ་ཡིན་ཞིང་སྐབས་མེད་དེ། དེ་ལྟ་བུའི་གནས་མེད་དོ། །སེམས་ཅན་ཐམས་ཅད་ཀྱིས་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཡང་མཉམ་པར་གཞག་པའི་སེམས་རྙེད་པར་འགྱུར་བའི་བར་དུ་དེ་ལྟ་བུའི་གནས་མེད་དོ། །གཞན་ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། རྟག་ཏུ་མཉམ་པར་བཞག་པ་སྟེ། དེ་བཞིན་གཤེགས་པ་ནི། བྱམས་པ་ལ་གནས། སྙིང་རྗེ་ལ་གནས། དགའ་བ་ལ་གནས། བཏང་སྙོམས་ལ་གནས་སོ། །ཤཱ་རིའི་བུ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ལུས་སམ་གཟུགས་ལ་མཚན་མར་འཛིན་ནུས་པ་ནི། གནས་མ་ཡིན་ཞིང་སྐབས་མེད་དེ། དེ་ལྟ་བུའི་གནས་མེད་དེ། གཞན་གྱིས་མི་ཚུགས་པར་བྱེད་པའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ། འདི་ལྔ་ནི། དེ་བཞིན་གཤེགས་པའི་ཚད་མེད་པར་བྱེད་པའི་ཆོས་སོ། །ལྔ་གང་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཚད་མེད་པ་དང ། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཐོས་པ་ཚད་མེད་པ་དང ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང །
188a
༄#། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཚད་མེད་པ་སྟེ། ཤཱ་རིའི་བུ། ལྔ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་ཚད་མེད་པར་བྱེད་པའི་ཆོས་སོ། །ཚུར་ཤོག་ཅེས་བྱས་ན་ཡང་འོང་བའི་དགེ་བའི་རྩ་བ་དེ་ཉིད་དང་ལྡན་པས་ཐོགས་པ་མེད་པའི་ཡེ་ཤེས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང ། དེ་བཞིན་གཤེགས་པས་སེམས་མཉམ་པར་སྒྲུབ་པ་སྟེ། སེམས་མཉམ་པར་བསྒྲུབས་པ་དེས་དེ་བཞིན་གཤེགས་པས་དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང ། ཡང་དག་པའི་ཡེ་ཤེས་དང་ལྡན་ནོ། །ཡང་དག་པའི་ཡེ་ཤེས་དེས་གཞན་ལ་རག་མ་ལས། གཞན་གྱི་ཁར་མ་ལས་པར་ཆོས་ཐམས་ཅད་ཤེས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་བོ། །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་དང་ལྡན་པས་རླུང་དང་ཆར་རབ་ཏུ་མཁྱེན་ཏེ། རྗེས་སུ་མཐུན་པ་ཞེས་བྱ་བའི་རླུང་ལྡང་སྟེ། སེམས་ཅན་ཇི་སྙེད་པས་ཅུང་ཟད་སོ་སོར་རྗེས་སུ་མྱོང་བར་འགྱུར་ཏེ།
188b
རླུང་དེའི་འཕང་དུ་རྒྱང་གྲགས་གསུམ་མོ། །དེའི་སྟེང་གི་བར་སྣང་ལ་རླུང་སྤྲིན་ཞེས་བྱ་བའི་རླུང་ལྡང་སྟེ། དེའི་འཕང་དུ་རྒྱང་གྲགས་ལྔའོ། །དེའི་སྟེང་གི་བར་སྣང་ལ་འཇོམས་པ་ཞེས་བྱ་བའི་རླུང་ལྡང་སྟེ།་རླུང་དེའི་དཀྱིལ་འཁོར་གྱི་འཕང་དུ་དཔག་ཚད་བཅུའོ། །དེའི་སྟེང་གི་བར་སྣང་ལ་སྐྱེ་བྲལ་ཞེས་བྱ་བའི་རླུང་ལྡང་སྟེ། རླུང་གི་དཀྱིལ་འཁོར་དེའི་འཕང་དུ་དཔག་ཚད་སུམ་ཅུའོ། །དེའི་སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པ་ཞེས་བྱ་བའི་རླུང་ལྡང་སྟེ། རླུང་གི་དཀྱིལ་འཁོར་དེའི་འཕང་དུ་དཔག་ཚད་བཞི་བཅུའོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཤེས་རབ་ལ་རྟོན་པ་སྟེ། རླུང་གི་དཀྱིལ་འཁོར་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་རབ་ཏུ་མཁྱེན་ཏོ། །དེ་ལ་ཐ་མའི་རླུང་གི་དཀྱིལ་འཁོར་ཀུན་ཏུ་ཁྱབ་ཅེས་བྱ་སྟེ། གང་ལ་ས་ཆེན་པོ་གནས་པའི་ཆུའི་ཕུང་པོ་འཕང་དུ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་དེ། ས་ཆེན་པོའི་འཕང་དུ་ཡང་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དོ། །དེ་ལྟར་ཤཱ་རིའི་བུ། གྲངས་དང་བགྲང་བ་བསྟན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། དེ་ན་ཕུང་པོ་ཆེན་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེའི་ཚེའི་ཚད་ནི། ལོ་བྱེ་བ་ཕྲག་སུམ་ཅུའོ། །དེའི་འཁོར་ཉན་ཐོས་ནི། བྱེ་བ་ཁྲག་ཁྲིག་སུམ་ཅུ་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་
189a
༄#། །པ།་ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའི་བར་དུ་སྟེ། ཉན་ཐོས་ཆེན་པོ་རྣམས་ཀྱི་ཉན་ཐོས་འདུས་པ་ཆེན་པོ་ཡོད་དོ། །དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བརྒྱ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོབ་པ། དོན་ལ་ཤིན་ཏུ་རྣམ་པར་ངེས་པ།་ཐོས་པ་རྒྱ་མཚོ། །ཆོས་སྨྲ་བ། སྟོང་པ་ཉིད་ལ་གནས་པ། མཚན་མ་མེད་པ་ལ་གནས་པ། སྨོན་པ་མེད་པ་ལ་གནས་པ་ཆེན་པོ་ཤ་སྟག་འདུས་པ་ཡོད་དོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་སྟོང་དུ་གནས་པར་འགྱུར་རོ། །ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ན་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་རིང་བསྲེལ་ཡང་རྒྱས་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ང་ད་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་རབ་ཏུ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཡེ་ཤེས་ཐོགས་པ་མེད་པ་སྟེ། དེ་བས་ཀྱང་ལྷག་པར་དེ་བཞིན་གཤེགས་པའི་ཡེ་ཤེས་དཔག་ཏུ་མེད་པ་རླུང་གི་དཀྱིལ་འཁོར་ཡོངས་སུ་ཁྱབ་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་ཁྱབ་བོ། །ཤཱ་རིའི་བུ། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ད་ལྟར་དེ་བཞིན་གཤེགས་པ་མེད་པ་ཡང་ཡོད་ལ། དེ་ན་རང་སངས་རྒྱས་བརྒྱ་ཕྲག་
189b
སྟོང་ཡོད་དེ། དེ་དག་ལ་སེམས་ཅན་རྣམས་དགེ་བའི་རྩ་བ་བསྐྱེད་དོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཡེ་ཤེས་ལ་རྟོན་པ་སྟེ། དེའི་ཡང་སྟེང་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་ད་ལྟར་བྱུང་བ་རྣམས་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་ཚད་མེད། གྲངས་མེད། གཞལ་དུ་མེད།་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བྱུང་བ་དེ་དག་རབ་ཏུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་ཚིག་པ་དེ་སྙེད་ཀྱང་རབ་ཏུ་མཁྱེན་ཏོ། །དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་བའི་རྩ་བ་གང་དང་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར་སྒྲིབ་པ་མེད་པའི་ཡེ་ཤེས་དང་ལྡན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ང་དབང་ལ་རབ་ཏུ་གནས་ཏེ་ཆོས་ལ་གུས་པའི་འདུ་ཤེས་དང ། རི་མོར་བྱས་ཏེ་སྨན་དུ་འདུ་ཤེས་པ་དང ། རིན་པོ་ཆེར་འདུ་ཤེས་པ་དང ། དཀོན་པར་འདུ་ཤེས་པ་དང ། དགེ་བའི་རྩ་བར་འདུ་ཤེས་པ་དང ། ཇི་ལྟ་བ་བཞིན་དུ་འདུ་ཤེས་བསྐྱེད་ནས་གུས་པའི་འདུ་ཤེས་དང ། ཆོས་སུ་འདུ་ཤེས་ཡོངས་སུ་བཟུང་བ་ལ་གནས་ཏེ་ཤཱ་རིའི་བུ། དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་
190a
༄#། །འབར་བས། ཤཱ་རིའི་བུ། དེ་བཞིན་གཤེགས་པས་ཤིན་ཏུ་མང་པོ་དང ། དེ་བས་ཀྱང་ལྷག་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རྒྱུན་མི་འཆད།་དཔག་ཏུ་མེད། གྲངས་མེད། གཞལ་དུ་མེད། བརྗོད་དུ་མེད་པའང་རབ་ཏུ་མཁྱེན་ཏོ། །ཚུར་ཤོག་ཅེས་བྱས་ནའང་འོང་བའི་དབང་དེས་སེ་གོལ་གཏོག་པ་སྲིད་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པར་འཆག་ཅིང་སླར་ཡང་འོང་ངོ ། །ཤཱ་རིའི་བུ། ངས་མོས་པས་ཐོས་པ་བཟུང་བ་དེ་ཉིད་ཀྱིས་མྱུར་དུ་རྣམ་པར་གྲོལ་བ་ཐོབ་སྟེ། རྣམ་པར་གྲོལ་བ་དེས་ཤིན་ཏུ་རྣམ་པར་གྲོལ་ལོ། །ཅི་ལས་རྣམ་པར་གྲོལ་ཅེ་ན། སྡུག་བསྔལ་ཐམས་ཅད་ལས་ཤིན་ཏུ་རྣམ་པར་གྲོལ་ལོ། །ཤཱ་རིའི་བུ། གང་ལ་ལས་གུས་པའི་གནས་བཞི་ཐོབ་པ་ཙམ་གྱིས་དད་པ་ཐོབ་ནས་ཇི་ལྟར་སངས་རྒྱས་ཀྱི་ཆོས་དང་འབྲེལ་བར་མི་འགྱུར་བ་དེ་ལྟར་གནས། དེ་བཞིན་དུ་གནས། དེ་ལྟ་བུའི་ཚུལ་དུ་གནས་པར་བྱའོ། །སྙམ་དུ་སེམས་བསྐྱེད་ན་ཡང་འདི་ལྟ་བུའི་མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཀྱི་ཚིག་དང་ཡི་གེ་མི་འཛིན་ཀྱང་དེ་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཤེས་རབ་བྱེད་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། ཤེས་རབ་ཅན་ཤེས་རབ་ཆེན་པོ་དང་ལྡན་པར་འགྱུར་བ་དང ། ཤེས་རབ་ཅན་སངས་རྒྱས་མཐོང་ཞིང་ཕྲད་ནས་མཉེས་པར་
190b
བྱེད་པ་དང ། ཤེས་རབ་ཅན་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང ། ཤེས་རབ་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། ཤེས་རབ་བྱེད་པའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་མང་པོར་བྱེད་པའི་ཆོས་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། མིར་འགྱུར་བ་མང་པོ་རྙེད་པ་དང ། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་མང་པོ་དང ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་མང་པོ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མང་པོ་སྟེ། མང་པོར་བྱེད་པའི་ཆོས་བཞི་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་ཡན་ལག་བཞི་རྗེས་སུ་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འཁོར་ལོས་བསྒྱུར་བའི་ཡན་ལག་རྗེས་སུ་འཐོབ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ་དང ། ཚངས་པའི་འཇིག་རྟེན་དུ་ཚངས་པར་འགྱུར་བ་དང ། ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་བ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་རྗེས་སུ་འཐོབ། སྟོབས་བསྔགས་པ་རྗེས་སུ་འཐོབ། སེམས་ཅན་ཡོངས་སུ་རྟོགས་པའི་ཡེ་ཤེས་རྗེས་སུ་འཐོབ། རྫུ་འཕྲུལ་གྱི་སྤྱོད་ཡུལ་ཡང་རབ་ཏུ་མཁྱེན་ཅིང་ལྷར་བཅས་པའི་འཇིག་རྟེན་གྱི་མིག་ཏུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱ་
191a
༄#། །ཆེར་རབ་ཏུ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་གྱི་ནི་སྐྱབས་དང་མིག་།སེམས་ཅན་ཀུན་གྱི་དམ་པ་སྟེ། །གང་རེག་མྱ་ངན་འདས་འགྱུར་བའི། །གསོ་བ་ཐམས་ཅད་རབ་ཏུ་ཤེས། །ཚུར་ཤོག་ཅེས་བྱས་འོང་འགྱུར་བའི། །རྣམ་པར་སྨིན་པ་འདི་འདྲ་སྟེ། །ནམ་ཡང་སྡུག་བསྔལ་མི་འགྱུར་ཞིང ། །བཀའ་བློ་མི་བདེར་ཡོང་མི་འགྱུར། །ལྷ་ཡི་ནང་དུ་མྱུར་འགྲོ་ཞིང ། །མི་ཡི་ནང་དུའང་མྱུར་དུ་འགྲོ་།སངས་རྒྱས་དག་ཀྱང་མྱུར་མཐོང་ཞིང ། །མི་ཁོམ་རྣམ་པར་སྤོང་བར་འགྱུར། །འབྱོར་ཞིང་ནོར་ཡང་ཆེན་བོར་འགྱུར། །གཏེར་གྱི་རྣམས་ནི་མང་མཐོང་ཞིང ། །གང་དུ་ལག་པ་བཅུག་པ་རྣམས། །ཐམས་ཅད་རིན་ཆེན་གང་བར་འགྱུར། །ཡན་ལག་བརྒྱད་ཀྱི་ཆུས་གང་བའི། །རྫིང་བུ་རབ་ཏུ་བསགས་པར་འགྱུར། །ནམ་ཡང་མྱ་ངན་མི་མྱོང་སྟེ། །བཀའ་བློ་བདེ་བའི་འབྲས་བུ་འདི། །འཐེང་པོ་ཞ་བོར་མི་འགྱུར་ཞིང ། །རྐང་པ་འཁུམས་དང་འབུབ་པ་དང ། །ཡན་ལག་སྐམ་པར་མི་འགྱུར་ཞིང ། ཡན་ལག་ཉམས་པར་མི་འགྲོའོ། །སོར་མོ་སྒུར་བར་མི་འགྱུར་ཞིང ། །སྒུར་པོ་ཞར་པར་མི་འགྱུར་རོ། །གླང་པོའི་མགོ་ལྟར་མི་འགྱུར་ཏེ། །བཀའ་བློ་བདེ་བའི་འབྲས་བུ་འདི། །དེ་ཡི་ཡན་ལག་རྒྱས་ཤིང་དཀར། །ལྕགས་ཀྱི་དངོས་པོ་འདྲ་བར་འགྱུར། །རབ་ཏུ་མཛེས་ཤིང་བལྟ་ན་སྡུག་།ཁ་དོག་ལྡན་ཞིང་མཛེས་པར་གནས། །ལྷ་ཡིས་མངོན་པར་མཆོད་པར་འགྱུར། །མི་རྣམས་
191b
ཤིན་ཏུ་བསྟི་སྟང་བྱེད། །ཀླུ་རྣམས་ཀྱིས་ནི་མངོན་མཆོད་འགྱུར། །བཀའ་བློ་བདེ་བའི་འབྲས་བུ་འདི། །ངན་འགྲོ་ཐམས་ཅད་སྤངས་ནས་ནི། །མི་དེ་མཐོ་རིས་འགྲོ་བར་འགྱུར། །མྱུར་དུ་བྱང་ཆུབ་འཚང་རྒྱ་སྟེ། །བཀའ་བློ་བདེ་བའི་འབྲས་བུ་འདི། །མི་དེས་སེམས་ཅན་ཐམས་ཅད་ཀྱི། །སེམས་རྣམས་ཐམས་ཅད་རབ་ཏུ་ཤེས། །གོམ་པ་དག་ནི་བདུན་བོར་བས། །འཇིག་རྟེན་དབྱངས་ཀྱིས་གོ་བར་བྱེད། དེ་ཡི་ཡེ་ཤེས་མཆོག་འགྱུར་ཞིང ། །ཤེས་རབ་དག་ཀྱང་མཆོག་ཏུ་འགྱུར། །རྣམ་པར་གྲོལ་བ་མཆོག་འགྱུར་ཏེ། །སེམས་ཅན་རྣམས་ནི་ཀུན་གྱི་མཆོག་།ཤེས་རབ་ཀྱིས་ནི་ཤེས་རབ་སྦྱོང ། །ཤེས་རབ་ཡེ་ཤེས་གནས་པ་སྟེ། །ཤེས་རབ་ཡེ་ཤེས་རྣམ་པར་གྲོལ། །སངས་རྒྱས་ཀུན་གྱིས་བརྙེས་པ་ཡིན། །ཤེས་རབ་ཀྱིས་ནི་རང་བཞིན་ཤེས། །ཡེ་ཤེས་ཀྱིས་ནི་ཤེས་བྱ་ཤེས། །གང་དག་ཤེས་རབ་ཡེ་ཤེས་དག་།ཐམས་ཅད་དེ་ལ་དཀོན་མི་འགྱུར། །འདི་འདྲའི་དགེ་བའི་འདི་དག་གི། དོན་ནི་ཁྱོད་ལ་ངས་བཤད་དོ། །དེ་ནི་མོས་པ་ཆུང་བ་ཡི། །སེམས་ཅན་རྣམས་ཀྱི་དོན་མ་ཡིན། །གཏི་མུག་གིས་ནི་རྨོངས་པ་དང ། །སྡིག་པས་མངོན་པར་གཙེས་པ་རྣམས། །ཞེ་སྡང་ཁྲོ་བ་བསྐྱེད་བྱས་ནས། །ཆོས་ལ་གུས་པར་མི་འགྱུར་རོ། །ནམ་ཞིག་སེམས་ཅན་མོས་ཆུང་ཚེ། །འདི་འདྲ་བ་ཡི་ཆོས་འབྱུང་སྟེ། །དེ་ན་ཕྱིར་ཞིང་གཅིག་ལ་གཅིག་།གུས་པ་བྱེད་པར་མི་འགྱུར་ཏེ། །གང་ཚེ་སེམས་ཅན་མི་གུས་ཤིང ། །ཁྲོ་བའི་ཉེས་ལ་ཡིད་དགའ་སྟེ། །ཀུན་ནས་ཉོན་མོངས་སེམས་ཀྱིས་ཀྱང ། །དེ་
192a
༄#། །དག་བདག་ཅག་དགྲ་བཅོམ་འཛེར། །གནས་བརྟན་གང་དག་རྒས་པ་དང ། །རྒས་ཤིང་འཁོགས་པ་གཏུགས་པ་དག་།དེ་དག་འཆི་བའི་དུས་བྱེད་ཚེ། །སྲིད་པའི་ཐ་མར་གྱུར་ཅེས་ཟེར། །གནས་བརྟན་གང་དག་རྒས་པ་དང ། །རྒས་ཤིང་འཁོགས་པ་གཏུགས་པ་དང ། དགྲ་བཅོམ་བསོད་སྙོམས་ཟོས་གྱུར་ནས། །སེམས་ཅན་དམྱལ་བར་མྱུར་དུ་འགྲོ་།དེ་དག་ཚུལ་ཁྲིམས་རབ་དཀོན་ན། །དགྲ་བཅོམ་པར་ལྟ་ག་ལ་འགྱུར། །དད་པས་མཆོད་རྟེན་བྱེད་འགྱུར་ཏེ། །དེ་དག་ངན་འགྲོ་རྣམས་སུ་འགྲོ། །ཤཱ་རིའི་བུ། དེ་ལྟར་ཚུལ་ཁྲིམས་སྤྱོད་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དོན་གྱི་ཕྱིར་སློབ་དཔོན་ལ་བསྙེན་བཀུར་དང ། རིམ་གྲོ་བྱེད་པ་ན། འདི་འདྲ་བའི་ཕན་ཡོན་དེ་དག་དང ། དེ་བས་ཀྱང་ལྷག་པ་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་ཚད་མེད་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་དབང་དུ་གྱུར་པ། ཚུལ་ཁྲིམས་ཡོངས་སུ་དག་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ལ་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན། ཤཱ་རིའི་བུ། རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །བཅུ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་མི་འཚེ་བ་ཡིན། གཞན་གྱི་རྫས་ལ་མི་རྐུ་བ་ཡིན། གཞན་གྱི་ཆུང་མ་སྤངས་པ་ཡིན། སེམས་ཅན་ཐམས་
192b
ཅད་ལ་མི་སླུ་བ་ཡིན། གཞན་གྱི་གཡོག་མཐུན་པ་ལ་ཕྲ་མ་མི་ཟེར་བ་ཡིན། ཚིག་དྲག་པོ་བཟོད་པའི་ཕྱིར་ངག་མི་རྩུབ་པ་ཡིན། ཚིག་བསྡམས་པས་ཚིག་ཀྱལ་པ་སྤངས་པ་ཡིན། གཞན་གྱི་ལོངས་སྤྱོད་ལ་ང་ཡིར་མི་འཛིན་པས་བརྣབ་སེམས་མེད་པ་ཡིན། ཚིག་ངན་པར་སྨྲས་པ་བཟོད་པས་གནོད་སེམས་སྤངས་པ་ཡིན། ལྷག་གཞན་མི་འདོད་པས་ལོག་པར་ལྟ་བ་སྤངས་པ་ཡིན་ཏེ།་ཤཱ་རིའི་བུ། རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ། གཞན་ཡང་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། མི་ཤེས་པ་མི་འདོད་པས་མ་ཉམས་པའི་ཚུལ་ཁྲིམས་ཡིན། ངན་པར་སྐྱེ་བ་ཡོངས་སུ་སྤངས་པས་སྐྱོན་མེད་པའི་ཚུལ་ཁྲིམས་ཡིན།་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པས་འདྲེས་མ་མ་ཡིན་པའི་ཚུལ་ཁྲིམས་ཡིན། གཅིག་ཏུ་དཀར་པོའི་ཆོས་རྣམ་པར་སྤེལ་བས་བསྲ་བསྲེ་མེད་པའི་ཚུལ་ཁྲིམས་ཡིན། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་རང་དབང་གི་ཚུལ་ཁྲིམས་ཡིན། མཁས་པས་མ་སྨད་པས་བསྔགས་པའི་ཚུལ་ཁྲིམས་ཡིན། ཉེས་པ་ཐམས་ཅད་མི་སྒྲུབ་པས་མ་སྨད་པའི་ཚུལ་ཁྲིམས་ཡིན།་དབང་པོ་བསྲུངས་པས་ཤིན་ཏུ་སྦས་པའི་ཚུལ་ཁྲིམས་ཡིན། དྲན་པ་དང་ཤེས་བཞིན་གྱི་ཕྱིར་ཤིན་ཏུ་བསྲུངས་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ། རྣམ་པ་བཅུ་པོ་དེ་དག་
193a
༄#། །གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ། གཞན་ཡང་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། རུང་བའི་ཚོད་ཤེས་པས་འདོད་པ་ཉུང་བའི་ཚུལ་ཁྲིམས་ཡིན། འདོད་པ་སྤོང་བས་ཆོག་ཤེས་པའི་ཚུལ་ཁྲིམས་ཡིན། ལུས་དང་སེམས་རབ་ཏུ་དབེན་པས་ནན་ཏན་གྱི་ཚུལ་ཁྲིམས་ཡིན། འདུ་འཛི་ལ་སྨོད་པས་དགོན་པར་གནས་པའི་ཚུལ་ཁྲིམས་ཡིན། བདག་གི་ཁར་ལས་པའི་དགེ་བའི་རྩ་བ་བསྒྲུབ་པའི་ཕྱིར་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་ཡིན། ཕ་རོལ་གྱི་གདོང་དུ་མི་ལྟ་བས་འཕགས་པའི་རིགས་ལ་དགའ་བའི་ཚུལ་ཁྲིམས་ཡིན། ལྷ་དང་མི་རྣམས་ལ་མི་སླུ་བས་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པའི་ཚུལ་ཁྲིམས་ཡིན། རང་གི་སེམས་ངེས་པར་རྟོག་པས་བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པའི་ཚུལ་ཁྲིམས་ཡིན། ཕ་རོལ་གྱི་སེམས་སྲུང་བས་གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས་ཡིན། བསྡུ་བའི་དངོས་པོ་རྗེས་སུ་མི་གཏོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ།་རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ། གཞན་ཡང་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་
193b
ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཐ་བའི་སེམས་མེད་པས་སངས་རྒྱས་ལ་དད་པའི་ཚུལ་ཁྲིམས་ཡིན། དམ་པའི་ཆོས་སྲུང་བས་ཆོས་ལ་དད་པའི་ཚུལ་ཁྲིམས་ཡིན། འཕགས་པ་འདུས་པ་ལ་གུས་པས་དགེ་འདུན་ལ་དད་པའི་ཚུལ་ཁྲིམས་ཡིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་དང་མ་བྲལ་བས་འདུད་པའི་ཚུལ་ཁྲིམས་ཡིན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་བསགས་པས་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ཁྲིམས་ཡིན། མི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་ཡིན། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་བྱམས་པའི་ཚུལ་ཁྲིམས་ཡིན། ཉམ་ཐག་པར་གྱུར་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྙིང་རྗེའི་ཚུལ་ཁྲིམས་ཡིན། ཆོས་ལ་དགའ་ཞིང་རབ་ཏུ་མོས་པས་དགའ་བའི་ཚུལ་ཁྲིམས་ཡིན། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཀྱི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ། རྣམ་པ་བཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ། གཞན་ཡང་རྣམ་པ་བཅུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས་ཡིན། སེམས་ཀུན་ཏུ་སྲུང་པས་བཟོད་པའི་ཚུལ་ཁྲིམས་
194a
༄#། །ཡིན།་མི་ལྡོག་པས་བརྩོན་འགྲུས་ཀྱི་ཚུལ་ཁྲིམས་ཡིན། བསམ་གཏན་གྱི་ཚོགས་ཡང་དག་པར་རྫོགས་པར་བྱེད་པས་བསམ་གཏན་གྱི་ཚུལ་ཁྲིམས་ཡིན་ཐོས་པ་དང་ཚུལ་ཁྲིམས་ཀྱིས་མི་ངོམས་པས་ཤེས་རབ་ཀྱི་ཚུལ་ཁྲིམས་ཡིན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོངས་སུ་ཚོལ་བས་ཐོས་པ་ཡོངས་སུ་ཚོལ་བའི་ཚུལ་ཁྲིམས་ཡིན། རྟག་པའི་འདུ་ཤེས་སོ་སོར་རྟོག་པས་ལུས་ལ་མི་ལྟ་བའི་ཚུལ་ཁྲིམས་ཡིན། སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པས་སྲོག་ལ་ཡིད་མི་རྟོན་པའི་ཚུལ་ཁྲིམས་ཡིན། །ཐོག་མ་ནས་ཚུལ་ཁྲིམས་ཡོངས་སུ་དག་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ཐམས་ཅད་ཡོངས་སུ་བསྔོ་བས་དེ་བཞིན་གཤེགས་པ་དང་ཕྲད་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ། རྣམ་པ་བཅུ་པོ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །ཤཱ་རིའི་བུ། དེ་ལྟར་ཚུལ་ཁྲིམས་ཤིན་ཏུ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔས་ལྷ་དང ། མིའི་དཔལ་ཕུན་སུམ་ཚོགས་པ་མྱོང་བར་མི་འགྱུར་བ་གང་ཡང་མེད་དོ། །འཇིག་རྟེན་གྱི་བཟོའི་གནས་དང ། ལས་ཀྱི་གནས་མི་ཤེས་པ་གང་ཡང་མེད་དོ། །དེས་སེམས་ཅན་ཐམས་ཅད་ལོངས་སྤྱོད་དང ། ཉེ་བར་སྤྱོད་པ་ཐོབ་པར་མི་བྱེད་པ་གང་ཡང་མེད་དོ། །སོ་སོའི་སྐྱེ་བོ་ཕན་ཚུན་མི་མཛའ་བར་འགྱུར་བ་དེ་གང་ཡང་མེད་དེ། དེ་ལ་བྱང་
194b
ཆུབ་སེམས་དཔའ་ཁོང་ཁྲོ་བ་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་མ་དད་པར་འགྱུར་བའི་བརྫུན་དུ་སྨྲ་བ་དེ་གང་ཡང་མེད་དོ། །དེ་སེམས་ཅན་གང་ལ་ཡང་མར་འདུ་ཤེས་མི་སྐྱེད་པ་མེད་དོ། ། དེ་སེམས་ཅན་གྱི་རིས་ན་སེམས་ཅན་གང་ལ་ཡང་ཕར་འདུ་ཤེས་མི་སྐྱེད་པ་མེད་དོ། །དེ་སེམས་ཅན་གང་ལ་ཡང་ཡིད་རྟོན་པའི་འདུ་ཤེས་མི་སྐྱེད་པ་མེད་དོ། །དེ་འདུས་བྱས་ཀྱི་ཆོས་གང་ལ་ཡང་མི་རྟག་པར་འདུ་ཤེས་མི་སྐྱེད་པ་མེད་དོ། །དེ་ཐམས་ཅད་དུ་འདུ་བྱེད་དུ་གཏོགས་པར་ཤེས་ནས་ལུས་དང་སྲོག་ལ་མི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ཏེ། བདེ་བར་གཤེགས་པས་དེ་སྐད་བཀའ་སྩལ་ནས་སྟོན་པས་ཡང་འདི་སྐད་གསུངས་སོ། །ཚུལ་ཁྲིམས་འདི་ལ་གང་གནས་པ། །སྐྱོབ་པ་ཡི་ནི་ཆོས་སྐུ་དང ། །དབྱངས་དང་ཁ་དོག་གཟུགས་རྣམས་ནི། །དེ་དག་ལ་ནི་རྙེད་མི་དཀའ། །ལྡོངས་ཤིང་དམུས་ལོང་མི་འགྱུར་ལ། །ཞ་སྒུར་ཞར་བར་མི་འགྱུར་རོ། །འབྱུང་བ་རྣམ་པར་དག་འགྱུར་ཞིང ། །དེ་ཡི་ལུས་ནི་མཛེས་པར་འགྱུར། །སྟོབས་ཆེ་ཞིང་ནི་མཐུ་ཆེ་སྟེ། །གཟི་བརྗིད་ཆེ་ཞིང་གཟི་བརྗིད་རབ། །ཤེས་རབ་དང་ནི་བརྩོན་འགྲུས་ཀྱི། །སྡིག་ཅན་བདུད་ནི་སྐྲག་པར་བྱེད། །རྒྱལ་པོ་ཡིས་ནི་མངོན་མཆོད་ཅིང ། །ལྷ་ཀླུ་རྣམས་ཀྱིས་བཀུར་སྟི་བྱས། །ཐེ་ཚོམ་ཐམས་ཅད་ཆད་པར་འགྱུར། །དེ་དག་བྱམས་པ་ཤིན་ཏུ་བསྒོམས། །ཚུལ་ཁྲིམས་ཕུང་པོར་
195a
༄#། །རབ་གནས་ནས། །གསོད་པར་བྱེད་ཀྱང་འཇིགས་པ་མེད། །གྲགས་པ་ཆེན་པོ་ཆོས་སྤྱོད་པ། །ངན་འགྲོ་དག་ཏུ་མི་འགྲོའོ། །སེམས་ཅན་ཐམས་ཅད་གཉིད་ལོག་ཀྱང ། །སྙོམ་པ་མེད་ཅིང་མི་ཉལ་ཏེ། །ཕྱོགས་བཞི་དག་ནི་ཀུན་ཏུ་ཡང ། །ལེགས་པར་སྤྱད་པ་ཡོངས་སུ་ཚོལ། །ཚུལ་ཁྲིམས་ཕུང་པོར་གནས་པ་དག་།རིན་ཆེན་མཆོག་དང་ཆུང་མ་དང ། །བདག་གི་ཤ་ཡང་རབ་གཏོང་ཞིང ། །བྱང་ཆུབ་ལམ་ནི་ཀུན་ཏུ་ཚོལ། །སངས་རྒྱས་ཆོས་ནི་བླ་ན་མེད། །མཆོག་གི་ཆོས་རྣམས་ཡོངས་སུ་ཚོལ། །འཇིག་རྟེན་དག་གི་མགོན་འགྱུར་ཞིང ། །མཆོད་རྟེན་དང་ནི་སྦྱིན་པར་འོས། །གཤེ་ཤིང་ཡོངས་སུ་སྤྱོ་བ་དང ། །ཉེས་པར་བྱས་པ་ཐམས་ཅད་བཟོད། །བཟོད་པ་ཉིད་ལ་རབ་གནས་ཤིང ། །བཟོད་པ་ཡི་ནི་བསྔགས་པ་བརྗོད། །མི་བདེན་པ་ནི་མི་སྨྲ་སྟེ། །ཇི་ལྟར་སྨྲས་པ་དེ་བཞིན་བྱེད། །བྱང་ཆུབ་སྙིང་པོར་འདུག་ནས་ནི། །ས་འདི་དག་ཀྱང་གཡོ་བར་བྱེད། །སངས་རྒྱས་ཆོས་ལ་ནེམ་ནུར་མེད། །ལྷ་གཞན་དག་ནི་རབ་ཏུ་སྤོང ། །རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས། །ལྷ་གཞན་ཡོད་པར་མི་འགྱུར་རོ། །མཚོན་དག་དང་ནི་དུག་རྣམས་ཀྱིས། །ཕན་ཚུན་གནོད་པར་བྱེད་པ་ཡི། །སྡུམས་ནི་བྱེད་པར་འགྱུར་བ་དང ། །དེ་ནི་མ་ཁས་པའི་མཚན་ཉིད་དོ། །སེམས་ཅན་སྡུག་བསྔལ་རྣམས་མཐོང་ན། །བསྐལ་པ་བྱེ་བ་མང་པོར་ཡང ། །བདག་གི་དོན་ནི་མེད་གྱུར་ཀྱང ། །ཡལ་བར་འདོར་
195b
བར་མི་འགྱུར་རོ། །དོན་རྙེད་ན་ནི་མཛའ་བོ་ཞེས། །ཕན་ཚུན་དུ་ནི་རབ་ཏུ་སྨྲ། །དོན་ནི་བྱེད་པར་མ་གྱུར་ན། །གཅིག་ལ་གཅིག་ནི་གསོད་པར་བྱེད། །འཛམ་བུ་ཡི་ནི་གླིང་འདི་དང ། །སངས་རྒྱས་ཀྱི་ནི་ཞིང་ཀུན་ཏུ། །རིན་ཆེན་བཀང་སྟེ་སྦྱིན་བྱས་ནས། །རྟག་ཏུ་བདག་གི་གྲོགས་སུ་འགྱུར། །གང་དག་མཚོན་རྣམས་རྣོན་པོ་ཡིས། །ཡན་ལག་ཉིང་ལག་གཅོད་པ་ཡི། །སེམས་ཅན་དག་ནི་ཐམས་ཅད་ལ། །སེམས་ནི་མཉམ་པར་རབ་ཏུ་འཇུག་།སངས་རྒྱས་དག་གི་ཆོས་རྣམས་ཕྱིར། །བྱིས་པ་རྣམས་ཀྱི་ཆོས་སྤོང་སྟེ། །ཆོས་ལ་ཤིན་ཏུ་གནས་གྱུར་པས། །ཚུལ་ཁྲིམས་རྟག་ཏུ་དག་པར་འགྱུར། །ཆོས་ཀྱི་རྗེས་མཐུན་ཆོས་ཞུགས་ནས། །བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །རིག་གསུམ་བདུད་རྩི་རབ་ཏུ་སྦྱིན། །ཚུལ་ཁྲིམས་ཕུང་པོར་གནས་བྱས་ནས། །ཆོས་རྣམས་ཐམས་ཅད་མངོན་པར་བསླབ། །མཁས་པ་ལྷ་དང་བཅས་པ་ཡི། །འཇིག་རྟེན་ན་ནི་མཆོད་པར་འོས། །ཆོས་རྣམས་ཀུན་ལ་ཐེ་ཚོམ་མེད། །བཟོ་ཀུན་ལ་ཡང་རབ་ཏུ་མཁས། །སེམས་ཅན་བསམ་པ་ཤེས་གྱུར་ནས། །སྙན་པའི་ཚིག་ནི་སྟོན་པར་བྱེད། །ཚུལ་ཁྲིམས་ཕུང་པོ་རྣམ་སྦྱངས་ནས། །བྱང་ཆུབ་དམ་པར་སངས་རྒྱས་ཏེ། །ཤིང་མཆོག་དྲུང་དུ་འདུག་བྱས་ནས། །སྡིག་ཅན་བདུད་ནི་སྐྲག་པར་བྱེད། །ཉི་ཟླ་དག་ནི་སྣང་བ་ལྟར། །གཟི་བརྗིད་དྲག་པོ་འོད་བྱེད་པ། །དེ་ལྟར་སེམས་ཅན་མཆོག་འགྱུར་ཞིང ། །ཤེས་རབ་ཀྱི་ནི་མིག་ལས་བྱུང ། །སེམས་ཅན་རྣམས་ལ་ལག་བྱིན་ཏེ། །དྲིས་པ་
196a
༄#། །ལ་ནི་ལམ་རྣམས་སྟོན། །རྟག་ཏུ་གསོང་པོར་སྨྲ་འགྱུར་ཏེ། །དེ་དག་ལ་ནི་ཕྲག་དོག་མེད། །བདག་དང་རིན་ཆེན་གཞན་དག་ཀྱང ། །མང་པོ་རྣམས་ནི་མྱུར་དུ་གཏོང ། །དེ་ནི་བརྒྱ་ལམ་བྱང་ཆུབ་མཆོག་།གཏོང་བར་འགྱུར་བ་མ་ཡིན་ནོ། །དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །བདེན་པའི་ཚིག་ལ་རབ་ཏུ་གནས། །ཚུལ་ཁྲིམས་ཕུང་པོར་རབ་གནས་པས། ། དེ་དག་ལ་ནི་སྒྱུ་མེད་དོ། །རྫུན་ཟེར་བ་དག་འོངས་གྱུར་ནས། །སྦྱིན་ཞིང་བྱ་ཞེས་ཟེར་ཡང་ནི། །བདེན་པའི་ཚིག་ལ་གནས་པས་ན། །དད་པས་དེ་ལ་དད་པར་འགྱུར། །ཕན་ཚུན་གཅིག་ལ་གཅིག་སྨྲ་བ། །ཆོས་གོས་དང་ནི་བསོད་སྙོམས་རྣམས། །འདི་བཞིན་སྨྲས་ཏེ་མ་ཡིན་ཡང ། །དེ་ལ་ཡིད་ནི་འཁྲུག་པ་མེད། །གཞན་ཡང་ཤཱ་རིའི་བུ། དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ནི། འདུ་བྱེད་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེད་དོ། །སེམས་ཅན་ཐམས་ཅད་ལ་ཕ་མར་འདུ་ཤེས་སྐྱེད་དོ། །འདོད་པའི་ཡོན་ཏན་ལྔ་ལ་ཡོན་ཏན་མེད་པར་འདུ་ཤེས་སྐྱེད་དོ། །ཚོར་བ་དང་རྣམ་པར་རིག་པ་ལ་རྣམ་པར་རིག་པ་མེད་པར་འདུ་ཤེས་སྐྱེད་དོ། །དེ་མཉམ་པ་དང་མི་མཉམ་པར་ཡང་སེམས་ཀྱིས་མངོན་པར་མི་སྒྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སེམས་ཀྱིས་མཉམ་པར་བྱེད་ན། མྱ་ངན་ལས་འདས་པ་སེམས་ལས་འདས་པར་འགྱུར་རོ། །སེམས་ཀྱིས་མི་མཉམ་པར་བྱེད་ན་ནི། ཆགས་
196b
པའི་སེམས་སུ་འགྱུར་བས་ཆེས་མི་མཉམ་པར་འགྱུར་རོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། ཆགས་པའི་སེམས་བསྐྱེད་ནས་འགགས་པ་དེའི་བག་ལ་ཉལ་གྱིས་སེམས་དེའི་རང་བཞིན་དུ་སྐྱེ་སྟེ། མི་བདེན་པའི་དམིགས་པ་ལ་མི་བདེན་པའི་སེམས་སྡུག་གོ་།ཞེས་རྟོག་སྟེ། དེ་ནི། ཚུལ་བཞིན་མ་ཡིན་པའོ། །མི་སྡུག་པའོ། །ཞེས་མོས་པ་བྱེད་པ་ནི། རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ན་བ་དེར་ཟད་པའོ། །ཅི་ཟད་ཅེ་ན། གང་ཟད་པ་དེ་ནི། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་སྐད་ཅིག་གིས་ཟད་པར་འགྱུར་ཏེ། འདོད་ཆགས་ཀྱང་གཞན་ལ་ཟད་པ་ཡང་གཞན་ཞིག་ཡིན་དུ་ཟིན་ན། འདོད་ཆགས་ཡང་དག་པ་ཉིད་དུ་འགྱུར་རོ། །དེ་ལྟར་འདོད་ཆགས་ཡང་དག་པ་མ་ཡིན་པས་ཟད་པར་འགྱུར་བ་ཡང་ཤཱ་རིའི་བུ། འདོད་ཆགས་ནི། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་བྱུང་བ་ཀུན་ཏུ་རྟོག་པས་ཕྱེ་བ་སྟེ། གང་ཀུན་ཏུ་མི་རྟོག་པ་དེ་ནི། མི་རྟོག་གོ་།རྟོག་པ་སྤངས་པ་ནི། ཡང་དག་པ་མ་ཡིན་པ་སྟེ། དེ་ལ་འདོད་ཆགས་བྱེད་པ་དེ་ནི། ཡང་དག་པ་མ་ཡིན་ནོ། །གང་ཡང་དག་པ་མ་ཡིན་པ་དེ་ལ་སྡུག་བསྔལ་མེད། ཡོངས་སུ་གདུང་བ་མེད་དོ། ། གང་ཡོངས་སུ་གདུང་བ་མེད་པ་དེ་ནི། ཡང་དག་པ་མ་ཡིན་པའོ། །གང་ཡང་དག་པ་མ་ཡིན་པ་དེ་ལ་གདུང་བ་མེད་དེ། དེ་ནི། བསིལ་བར་གྱུར་པ་མྱ་ངན་ལས་འདས་པ་ཡིན་པས་དེ་ལ་འདོད་ཆགས་མེད་
197a
༄#། །དོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི། སེམས་དང་ལྡན་པ་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ཟད་པར་བྱེད་པར་འགྱུར་རོ། །མྱ་ངན་ལས་འདས་པ་ནི། འདོད་ཆགས་ཟད་པ་སྟེ། དེ་ལྟར་འདོད་ཆགས་ཀྱང་གཞན། མྱ་ངན་ལས་འདས་པ་ཡང་གཞན་ཏེ། གང་གཞན་ཡིན་པ་དེ་ནི། ཕ་རོལ་བས་ཀྱང་ཕ་རོལ་ལོ། །ཕ་རོལ་བས་ཀྱང་ཕ་རོལ་གང་ཡིན་པ་དེ་ནི། མཁས་པ་རྣམས་ཡོངས་སུ་ཚོལ་ཏེ། ཡོངས་སུ་ཚོལ་བ་ནི། སྙིང་པོ་མི་དམིགས་སོ། །གང་སྙིང་པོ་མེད་པ་དེ་ནི། གསོག་གོ་།གསོག་གང་ཡིན་པ་དེ་ནི། གསོབ་བོ། ། གསོབ་གང་ཡིན་པ་དེ་ནི། སྟོང་པའོ། །ཅིས་སྟོང་ཞེ་ན། བདག་དང ། བདག་གི་དང ། རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང ། མི་འགྱུར་བའི་ཆོས་ཀྱིས་སྟོང་སྟེ། གང་སེམས་ཅན་མེད་པ་དེ་ནི། སྲོག་མེད་པ་སྟེ། དེ་ལས་འདོད་ཆགས་མི་སྐྱེ། ཞེ་སྡང་མི་སྐྱེ། གཏི་མུག་མི་སྐྱེའོ། །ཅི་ཡོད་པས་ང་ཞེས་བྱ་བའམ། ངའི་ཞེས་བྱ་བའམ། འདི་ནི། ང ། འདི་ནི། ངའིའོ། ། ཞེས་ངར་འཛིན་དང ། ང་ཡིར་འཛིན་པ་ལོག་པ་འདི་འབྱུང་ཞེ་ན། ང་ཡིར་འཛིན་པ་ལས་མངོན་པར་འདུ་བྱེད་པ་འབྱུང་སྟེ། དེ་ལ་མངོན་པར་འདུ་བྱེད་པ་ནི། བཞིའོ། །བཞི་གང་ཞེ་ན། ལུས་ཀྱིས་མངོན་པར་འདུ་བྱེད་དོ། །ངག་གིས་མངོན་པར་འདུ་བྱེད་དོ། །ཡིད་ཀྱིས་བརྟགས་ནས་ངག་རྩུབ་པོ་སྨྲས་ཏེ་དེ་ནས་ཕྱིས་ལུས་ཀྱིས་གནོད་པར་བྱེད་དོ། །དེ་ལྟར་བདག་དང །
197b
གཞན་དུ་འདུ་ཤེས་པ་ལ་འདུ་ཤེས་འཛིན་པར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི། འདུ་ཤེས་ཀྱི་མདུད་པ་ཡིན་ཏེ། ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་གི་འདུ་ཤེས་འདི་ལྟ་བུར་རིག་ནས་སུ་ཡང་སྟེན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བསྟེན་པ་ལས་དེའི་འཇིགས་པ་འབྱུང་སྟེ། བདག་ནི། འཇིགས་པ་མི་འདོད་དོ། །ཞེས་ཤཱ་རིའི་བུ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཡིད་མི་རྟོན་པ་ཡིན་ནོ། །ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕ་མར་འདུ་ཤེས་བསྐྱེད་ཅེ་ན། ཤཱ་རིའི་བུ། འདི་ལ་ཡུན་རིང་པོའི་དུས་ནས་མར་མ་གྱུར་པ་དང ། ཕར་མ་གྱུར་བའི་སེམས་ཅན་གང་ཡང་རྙེད་པར་སླ་བ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱང་ཕ་མར་གྱུར་ཏེ། དེ་དག་ལ་འདོད་ཆགས་ཀྱི་སེམས་སྐྱེས་ན། མར་འདུ་ཤེས་པས་སྤོང་ངོ ། །ཞེ་སྡང་གི་སེམས་སྐྱེས་ན། ཕར་འདུ་ཤེས་པས་སྤོང་སྟེ། ཤཱ་རིའི་བུ། རྣམ་གྲངས་འདིས་ཅི་ནས་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་གཉེན་ཡིན་པར་དེ་ལྟར་རིག་པར་བྱའོ། །ཤཱ་རིའི་བུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་དེའི་དུས་དེའི་ཚེ་ན་མཆོག་གི་ཚོགས་ཅན་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་
198a
༄#། །དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་ལོ་བྱེ་བ་ཕྲག་དགུ་བཅུའི་བར་དུ་བཞུགས་སོ། །དེའི་ཉན་ཐོས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུའི་འདུས་པ་ཆེན་པོ་བྱུང་ངོ ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་དྲན་པ་རྙེད་ཅེས་བྱ་བ་ཞིག་རྒྱལ་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་སྟེ། ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ་ཞིག་བྱུང་སྟེ། དེ་བཙས་མ་ཐག་ཏུ་མས་བུ་མོ་བརྒྱད་ཁྲི་བཞི་སྟོང་བྱིན། ཕས་བུ་མོ་བརྒྱད་ཁྲི་བཞི་སྟོང་བྱིན། མཛའ་བོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་ཀྱིས་བུ་མོ་བརྒྱད་ཁྲི་བཞི་སྟོང་བྱིན། ཕ་མའི་གཉེན་བཤེས་ཀྱིས་ཀྱང་བུ་མོ་བརྒྱད་ཁྲི་བཞི་སྟོང་གཉེན་གྱི་གཡོག་ཏུ་བྱིན་ན། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་ཕས་ཁང་པ་གསུམ་བྱེད་དུ་བཅུག་པ་འདི་ལྟ་སྟེ། དཔྱིད་ས་དང ། དབྱར་ས་དང ། དགུན་ས་བྱས་སོ། །བྱང་ཆུབ་སེམས་དཔའ་དུས་བཞིན་དུ་ཁང་པའི་སྟེང་ན་འདུག་སྟེ། གང་ན་འདུག་པ་དེར་སིལ་སྙན་ཐོགས་པ་བརྒྱ་སྟོང་དུ་མ་འོངས་ནས་བསྙེན་བཀུར་དང་རིམ་གྲོ་བྱེད་དོ། །རོལ་མོའི་སྒྲ་ཕྱུང་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་སྐྱེ་བ་དང ། འཇིག་པའི་འདུ་ཤེས་སྐྱེས་སོ། །སྒྲ་འགགས་མ་ཐག་ཏུ་སྒྲ་འདི་དག་ག་ལས་བྱུང ། གང་དུ་བྱུང ། གང་ནས་
198b
འགགས། གང་དུ་འགགས་ཞེས་ཡོངས་སུ་ཚོལ་ཏེ། དེ་མཚན་མོའི་འདུ་ཤེས་ཀྱང་མི་སྐྱེ། ཉིན་མོའི་འདུ་ཤེས་ཀྱང་མི་སྐྱེ་ཞིང ། གཞན་དུ་ན་རྟག་པར་འདུ་ཤེས་སྐྱེ་སྟེ། དེ་མངོན་པར་མི་དགའ་བའི་འདུ་ཤེས་སྐྱེའོ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་དྲན་པ་ཐོབ་པ་དེ་ལོ་སྟོང་ཕྲག་བཞི་བཅུར་ནམ་ཡང་ཡིད་རོལ་མོ་ལ་ཆགས་པར་མ་གྱུར་ཏོ། །ལོ་སྟོང་ཕྲག་བཞི་བཅུར་ནམ་ཡང་འདོད་པ་ལ་མ་སྤྱད་དོ། །དེ་ཉིད་ན་དེ་ཁྱིམ་ན་གནས་བཞིན་དུ་བསམ་གཏན་བཞི་རྣམས་ལ་བསམ་གཏན་བྱེད་དེ། མངོན་པར་ཤེས་པ་ལྔ་བསྒྲུབས་ནས་དེ་ཁྱིམ་དེ་ནས་རྫུ་འཕྲུལ་གྱིས་སྟེང་གི་བར་སྣང་ལས་བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག་ལ་བ་དེར་སོང་སྟེ་བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བའི་དངོས་པོ་ཅུང་ཟད་ཅིག་ཞུའོ། །སྙམ་པ་དང ། ཤཱ་རིའི་བུ། བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་ཉིན་པར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ཡོངས་སུ་མྱ་ངན་ལས་འདས་པའི་དྲུང་དུ་ཕྱིན་ནས་དགེ་སློང་དག་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིའོ། །ཞེས་དྲིས་ན། དེ་ལ་དགེ་སློང་དག་ན་རེ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་ཟེར་རོ། །དེ་ཡོངས་སུ་མྱ་ངན་ལས་འདས་ཞེས་ཐོས་ནས་ས་ཕྱོགས་དེ་ཉིད་དུ་ངུ་ཞིང་བརྒྱལ་ཏེ་ཁ་བུབ་ཏུ་
199a
༄#། །སའི་སྟེང་དུ་འགྱེལ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇིག་རྟེན་སྒྲོལ་མཛད་འདི་ལྟ་བུ། །ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན། །བག་མེད་གནས་སུ་བདག་སོང་ནས། །བདག་ཉིད་ཡོངས་སུ་བསླུས་པར་གྱུར། །བསྐལ་པ་བྱེ་བ་ཕྲག་སྟོང་གིས། །དེ་བཞིན་གཤེགས་པ་འབྱུང་འགྱུར་ན། །མགོན་པོ་བདག་གིས་མ་མཉེས་བྱས། །བདག་གི་སྐྱབས་གྱུར་སུ་ཞིག་ཡོད། །བདག་ལ་སངས་རྒྱས་མ་བརྗོད་པ། །མ་ནི་བདག་གི་དགྲ་ཡིན་སྙམ། །སྐྱེས་མ་ཐག་ཏུ་དེ་ཡི་ཚེ། །དེ་བཞིན་གཤེགས་པ་བལྟ་བ་ཞིག་།གང་གིས་འདོད་ལ་བདག་སྦྱར་བ། །ཕ་ནི་བདག་གི་དགྲར་སེམས་ཏེ། །དེ་དག་དབང་དུ་གྱུར་པས་ན། །འཇིག་རྟེན་མགོན་པོ་མ་མཉེས་བྱས། །འདི་ལྟར་སངས་རྒྱས་གསུང་སྒྲ་ནི། །ཡན་ལག་དྲུག་ཅུ་བདག་མ་ཐོས། ། བདག་གིས་སངས་རྒྱས་མ་མཉེས་བྱས། །བདག་ལ་ཉམས་པ་ཆེན་པོ་བྱུང ། །འཇིག་རྟེན་ཕན་མཛད་ཐུགས་བརྩེ་དེ་ལྟ་བུ། །ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན་པ་ནི། །བག་མེད་པ་ཡིས་དེ་རིང་དུས་འདས་ཏེ། །རྐང་གཉིས་གཙོ་བོ་བདག་གིས་མ་མཉེས་བྱས། །བསྐལ་པ་ཁྲག་ཁྲིག་བྱེ་བ་ཕྲག་བརྒྱར་ཡང ། །སངས་རྒྱས་བརྒྱ་ལམ་མཐོང་བའང་རྙེད་པར་དཀའ། །བདེ་གཤེགས་མྱ་ངན་འདས་ནས་ཕྱིན་པ་ནི། །རྒྱལ་བ་དེང་འདིར་བདག་གིས་མ་མཉེས་བྱས། །སྐྱེས་མ་ཐག་ཏུ་སངས་རྒྱས་མ་བརྗོད་པ། །ཕ་དང་མ་ནི་དེ་རིང་དགྲ་ཡིན་སྙམ། །གལ་ཏེ་རྒྱལ་བ་བཞུགས་པ་
199b
མཐོང་གྱུར་ན། །ཆོས་རྣམས་ཉན་ཅིང་མཆོད་པ་བྱ་བ་ཞིག་།བདེ་གཤེགས་མྱ་ངན་འདས་ནས་གདོད་འོངས་པས། །དེ་བཞིན་གཤེགས་ཀྱི་ཡན་ལག་དྲུག་ཅུ་པོ། །དེ་དག་ཀུན་དང་ལྡན་པའི་དབྱངས་འབྱུང་བ། །རྒྱལ་བའི་དེ་དག་བདག་གིས་དེང་མ་ཐོས། །མྱ་ངན་འདས་ནས་འདིར་ནི་བདག་ཕྱིན་པ། །དེ་རིང་བདག་ལ་ཉམས་པ་ཆེན་པོ་བྱུང ། །སྔོན་གྱི་སངས་རྒྱས་དག་གིས་རྟག་བསྟན་པ། །གྱ་ནོམ་ཆོས་རྣམས་བདག་ལ་མི་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དེ་ས་ཕྱོགས་དེ་ནས་མྱུར་དུ་ལངས་ཏེ་བཅོམ་ལྡན་འདས་མཆོག་གི་ཚོགས་ཅན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པའི་ཁྲི་ལ་ངུ་ཞིང་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་ས་ཕྱོགས་གཅིག་ཏུ་འདུག་སྟེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སེམས་ཅན་མཆོག་ནི་ཡང་དག་སྟེ། །ཡང་དག་ཆོས་རྣམས་བསྟན་པ་མཛད། །བྱང་ཆུབ་དམ་པ་མཆོག་གི་ཕྱིར། །བདག་གི་སེམས་ནི་ཡང་དག་སྐྱེས། །ཤེས་རབ་ཆེན་པོ་ཡང་དག་གསུང ། །དེ་བཞིན་གཤེགས་པ་མི་མཐོང་སྟེ། །རྒྱལ་བ་ཁྱོད་ཀྱི་ཅི་འདྲ་བ། །བདག་གི་ཤེས་པའང་དེ་འདྲར་འགྱུར། །བདག་སྔོན་སྟོབས་ཀྱང་ཆུང་བ་སྟེ། །ཤེས་རབ་ཞན་པ་བདུད་ཀྱི་ཕྱོགས། །ཁྱིམ་གྱི་གནས་ན་མཆིས་པས་ན། །མི་ཡི་གཙོ་བོ་མ་མཉེས་བགྱིས། །སྔོན་བགྱིས་བསོད་ནམས་མཆིས་པས་ནི། །དེ་བཞིན་གཤེགས་པ་བདག་གིས་མཐོང ། །ཆོས་རྣམས་བདག་
200a
༄#། །ལ་མི་སྟོན་པས། །དེ་ཕྱིར་ཤིན་ཏུ་སྡུག་བསྔལ་ལོ། །ལྷ་དང་ཀླུ་ཡི་མདུན་དུ་ནི། །བདེན་པའི་ཚིག་རྣམས་བདག་གིས་བརྗོད། །ཅི་སྟེ་བདག་ནི་ཡང་དག་ཏུ། །ཇི་སྐད་སྨྲས་པ་བཞིན་གྱུར་ཏེ། །མ་འོངས་པ་ཡི་དུས་ཀྱི་ཚེ། །གླང་པོ་ཆེན་པོ་དོན་གཟིགས་པ། །ཡང་དག་ཉིད་ཀྱི་ཆོས་སྟོན་པ། །མི་མཆོག་སངས་རྒྱས་འགྱུར་བར་བགྱི། །མི་ཁོམ་པར་ནི་མི་སྐྱེ་ཞིང ། །སྐྱེས་ནས་འདོད་པ་བསྟེན་མི་འགྱུར། །བུད་མེད་དངོས་པོར་མི་འགྱུར་ཞིང ། །བདུད་ཀྱི་བཅིང་བ་གཅད་པར་བགྱི། །མངོན་སུམ་དུ་ནི་ཆོས་སྟོན་པ། །སངས་རྒྱས་རྣམས་ནི་རྟག་ཏུ་བལྟ། །མཐོང་ནས་རབ་ཏུ་དད་པར་བགྱི། །དད་ནས་བསྟི་སྟང་རིམ་གྲོ་བགྱི། །བདག་གིས་གང་སྨྲས་ཚིག་འདི་ནི། །ཡང་དག་བདེན་པར་འགྱུར་ཞེ་ན། །བདེན་པ་དེས་ནི་སངས་རྒྱས་འདི། །བྱང་ཆུབ་བཞིན་དུ་བཞུགས་པར་ཤོག་།ཚིག་འདི་རྣམས་ནི་སྨྲས་པ་དང ། །དེ་བཞིན་གཤེགས་པ་ཅོ་གེར་བཞུགས། །ལྷ་རྣམས་བྱེ་བ་ཕྲག་སྟོང་གིས། །དེ་ཚེ་རབ་ཏུ་གོས་རབ་གཏོར། །དེ་ནི་རབ་ཏུ་ཡིད་དགའ་ནས། །བར་སྣང་ལ་ནི་འདུག་གྱུར་ཏེ། །བར་སྣང་ལ་ནི་འདུག་ནས་སུ། །རྒྱལ་བ་དེ་ལ་ཚིགས་བཅད་བསྟོད། །སྣང་བར་གྱུར་པ་ཕན་པའི་ཐུགས། །རྫུ་འཕྲུལ་ཆེན་པོ་དམ་པ་གསུང ། །མཆོག་གི་ཆོས་རྣམས་ཆོས་མཛད་པ། །སངས་རྒྱས་སྨྲ་བ་མགོན་པོ་དྲན། །དེས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་འཁོར་རྣམས་རྒྱ་ཆེ་ཚིམ་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་
200b
སོ། །བདག་ནི་མི་གཙོས་ལུང་བསྟན་ཏོ། །འཇིག་རྟེན་དུ་ཡང་སངས་རྒྱས་འགྱུར། །བདག་གི་རྗེས་སུ་སློབ་གྱིས་ལ། །དེ་བཞིན་གཤེགས་ལ་རིམ་གྲོ་གྱིས། །བདག་ལ་རྗེས་སུ་ཐུགས་བརྩེའི་ཕྱིར། །མྱ་ངན་འདས་པའང་བཞེངས་གྱུར་ན། །འཇིག་རྟེན་མགོན་པོ་བསམ་མི་ཁྱབ། །སུ་ཞིག་སངས་རྒྱས་དད་མི་བྱེད། །དེ་བཞིན་གཤེགས་པ་ལ་དེས་དགེ་བའི་རྩ་བ་བསྐྱེད་དེ། མཆོད་པ་དང ། རིམ་གྲོ་བྱས་ནས་དགེ་བའི་རྩ་བ་དེ་ཉིད་ཀྱིས་དེ་ནས་ཤི་འཕོས་པ་དང་བདེ་འགྲོ་མཐོ་རིས་སུ་སྐྱེས་ཏེ། དེ་བསྐལ་པ་བྱེ་བ་ཕྲག་ཉིས་ཤུར་ངན་འགྲོ་ལོག་པར་ལྟུང་བར་མ་སོང་ངོ ། །བསྐལ་པ་བྱེ་བ་ཕྲག་ཉི་ཤུར་འདོད་པ་ལ་ནམ་ཡང་ཡོངས་སུ་མ་སྤྱད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འདོད་པའི་ཕྱིར་དེ་དག་ཐམས་ཅད་ལ་ཡང་མཆོད་པ་དང ། རིམ་གྲོ་ཆེར་བྱས་ཏེ་ཐམས་ཅད་དུ་ཡང་ཚངས་པར་སྤྱོད་པ་སྤྱད་ནས་དེ་བསྐལ་པ་ཐ་མ། དུས་ཐ་མ། ལུས་ཐ་མ་ལ་བདག་གི་དངོས་པོ་ཐ་མ་ཐོབ་པའི་ཚེ་རང་གི་དགེ་བའི་རྩ་བས་བསྐུལ་ནས་སཱ་ལའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་སུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། ཤཱ་རིའི་བུ། བཅོམ་ལྡན་འདས་སཱ་ལའི་རྒྱལ་པོའི་ཚེའི་ཚད་ནི། བསྐལ་པ་བྱེ་བ་ཕྲག་
201a
༄#། །ཉི་ཤུར་གྱུར་ཏོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་སཱ་ལའི་རྒྱལ་པོའི་ཉན་ཐོས་འདུས་པ་ནི། གཉིས་འབྱུང་སྟེ། ཉན་ཐོས་འདུས་པ་གཅིག་ལ་ནི། དགེ་སློང་བྱེ་བ་ཕྲག་ཉི་ཤུ་ཡོད་དོ། །ཉན་ཐོས་འདུས་པ་གཉིས་པ་ལ་ནི། དགེ་སློང་སྟོང་ཕྲག་བཞི་བཅུ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པའི་བར་དུའོ། །ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡང་རྒྱས་པར་གྱུར་ཏོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་ཤཱ་ལའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནི། ལོ་སྟོང་ཕྲག་བཅུར་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསྐལ་པ་བྱེ་བ་ཉི་ཤུར་ནི། །ངན་འགྲོར་ནམ་ཡང་མ་སོང་སྟེ། །བསྐལ་པ་བྱེ་བ་ཉི་ཤུར་ཡང ། །འདོད་པ་དག་ལ་ཡོང་མ་བསྟེན། །དེ་ཡི་བར་དུ་སངས་རྒྱས་ནི། །སྟོང་ཕྲག་བདུན་རྣམས་མྱ་ངན་འདས། །དེར་ནི་ཚངས་པར་སྤྱོད་སྤྱད་དེ། །ཆོས་འདོད་པར་ཡང་རྟག་ཏུ་གྱུར། །དེ་ཕྱིར་བྱང་ཆུབ་སངས་རྒྱས་ནས། །རྒྱལ་བ་སཱ་ལའི་དབང་པོར་གྱུར། །བྱེ་བ་སྟོང་ཕྲག་སུམ་ཅུ་རྣམས། །བྱང་ཆུབ་མཆོག་ལ་རབ་ཏུ་བཀོད། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་དམ་པ་སངས་རྒྱས་ནས། །བསྐལ་བ་བྱེ་བ་ཉི་ཤུར་ནི། །སྲོག་ཆགས་རྣམས་
201b
ལ་ཆོས་བསྟན་ཏེ། །སྟོང་ཕྲག་དག་ནི་བཞི་བཅུ་དང ། །གཞན་ཡང་བྱེ་བ་ཉི་ཤུ་སྙེད། །ཐམས་ཅད་ཟག་ཟད་དྲང་སྲོང་གི་།དགེ་འདུན་དེ་ཚེ་དེ་སྐད་བྱུང ། །སྟོན་པ་མྱ་ངན་འདས་ནས་ཀྱང ། །རིང་བསྲེལ་ཤིན་ཏུ་རྒྱས་པར་གྱུར། །མཆོད་རྟེན་སྟོང་ཕྲག་དྲུག་ཅུ་དང ། །བྱེ་བ་དག་ཀྱང་དེར་བྱུང་ངོ ། །མྱ་ངན་འདས་ནས་དམ་པའི་ཆོས། །ལོ་ནི་སྟོང་ཕྲག་བཅུར་གནས་ཏེ། །རྒྱལ་བའི་བསྟན་པ་ཐོས་ནས་ནི། །སུ་ཞིག་དེ་ལ་དད་མི་བྱེད། །སངས་རྒྱས་ཀྱི་ནི་ཆོས་ཐོས་ནས། །མཁས་པ་སུ་དག་ནེམ་ནུར་མེད། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མྱུར་དུ་མྱ་ངན་འདས་ལ་རེག་།ཤཱ་རིའི་བུ། དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་མ་དང་ཕར་འདུ་ཤེས་བསྐྱེད་དེ། འདོད་ཆགས་ཀྱི་སེམས་སྐྱེས་པ་ནི། མར་འདུ་ཤེས་པས་སྤོང་ངོ ། །ཞེ་སྡང་གི་སེམས་སྐྱེས་པ་ནི། ཕར་འདུ་ཤེས་པས་སྤོང་ངོ་།། །།བམ་པོ་བཅུ་གཅིག་པ། ཤཱ་རིའི་བུ། གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་མི་མཐུན་པ་མང་དུ་གནས་པ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པས་འདོད་པ་ལ་ཡང་དག་པར་མི་མཐུན་པ་སྐྱེད་དོ། །དེ་འདོད་པ་དང་འདོད་པའི་མི་མཐུན་པ་ཡང་རབ་ཏུ་ཤེས་སོ། །དེ་ལ་འདོད་པ་གང ། འདོད་པའི་མི་མཐུན་པ་གང་ཞེ་ན། འདོད་པ་ཞེས་བྱ་བ་ནི། གང་མིག་གིས་ཤེས་པར་བྱ་བའི་གཟུགས་ལ་མངོན་པར་ཆགས་པ་དེ་ནི། འདོད་པ་
202a
༄#། །ཞེས་བྱའོ། །གཞན་ཡང་འདོད་པ་ཞེས་བྱ་བ་ནི། གང་རྣ་བས་ཤེས་པར་བྱ་བའི་སྒྲ་ལ་མངོན་པར་ཆགས་པའོ། །དེ་བཞིན་དུ་སྦྱར་ཏེ་གང་སྣས་ཤེས་པར་བྱ་བའི་དྲི་དང ། ལྕེས་ཤེས་པར་བྱ་བའི་རོ་དང ། ལུས་ཀྱི་ཤེས་པར་བྱ་བའི་རེག་བྱ་ལ་མངོན་པར་ཆགས་པ་དེ་ནི། འདོད་པ་ཞེས་བྱའོ། །དེ་ལ་གང་མངོན་པར་ཆགས་པ་དེ་ནི། ལྷག་པར་ཞེན་པའོ། །གང་ལྷག་པར་ཞེན་པ་དེ་ནི། ཀུན་ཏུ་སྦྱོར་བའོ། །གང་ཀུན་ཏུ་སྦྱོར་བ་དེ་ནི། མངོན་པར་འགྲུབ་པའོ། །གང་མངོན་པར་འགྲུབ་པ་དེ་ནི། འཆིང་བ་སྟེ། དེ་ཡང་དག་པ་མ་ཡིན་པ་འདྲིད་པའོ། །དེ་ལྟར་ཀྱེ་མའོ། །སེམས་ཅན་འདི་དག་ནི། ཡང་དག་པ་མ་ཡིན་པ་འདྲིད་པའི་འཆིང་བས་བཅིངས་པ་སྟེ། བཅིངས་པ། ངེས་པར་བཅིངས་པ། ཤིན་ཏུ་ངེས་པར་བཅིངས་པའོ། །ཅིས་བཅིངས་ཤེ་ན། གཟུགས་ཀྱི་འཆིང་བས་བཅིངས་པ་ནི། བཅིངས་ཞེས་བྱ་བ་ནས་སྒྲ་དང ། དྲི་དང ། རོ་དང ། རེག་གི་བར་གྱི་འཆིང་བས་བཅིངས་པ་ནི། བཅིངས་ཞེས་བྱའོ། །གཟུགས་ཀྱི་འཆིང་བ་གང་ཞེ་ན། འདི་ལྟ་སྟེ། ལུས་ཐོབ་པའི་གཟུགས་དེ་ལ་གང་བདག་ཏུ་འདུ་ཤེས་པ་དང ། སྲོག་ཏུ་འདུ་ཤེས་པ་དང ། གང་ཟག་ཏུ་འདུ་ཤེས་པ་དང ། རྟག་པར་འདུ་ཤེས་པ་དང ། བརྟན་པར་འདུ་ཤེས་པ་དང ། ཐེར་ཟུག་ཏུ་འདུ་ཤེས་པ་དང ། རྫས་སུ་འདུ་ཤེས་པ་དང ། རིལ་པོར་འདུ་ཤེས་པ་དང ། གོང་བུར་འདུ་ཤེས་པ་དེ་ནི། གཟུགས་
202b
ཀྱི་འཆིང་བ་ཞེས་བྱའོ། །ཡང་གཟུགས་ཀྱི་འཆིང་བ་གང་ཞེ་ན། འདི་ལྟ་སྟེ། ལུས་མངོན་པར་གྲུབ་པ་དེ་ལ་རིམ་གྲོ་བྱའོ། །སྙམ་ནས་དེ་བདག་ལ་བྱམས་པས་ཆུང་མ་ལ་མངོན་པར་ཆགས་པར་བྱེད་དེ། གཟུགས་ཀྱི་འཆིང་བས་བཅིངས་ནས་འདོད་པའི་ལོངས་སྤྱོད་ཐོབ་པས་མི་དགེ་བའི་ལམ་མངོན་པར་འདུ་བྱེད་དེ། འདོད་པའི་ཉེས་པ་མི་ཤེས་སོ། །དེ་ལ་འདོད་པའི་ཉེས་པ་གང་ཞེ་ན།་ཉེས་པ་དག་ལ་འདོད་པ་དང ། ཉེས་པ་ལ་འདོད་པ་མེད་མོད་ཀྱི། གང་ངན་སོང་དུ་གཞོལ་བའི་འདོད་པའི་ཉེས་པ་དེ་དག་བསྟན་པར་བྱའོ། །སྙམ་མོ། །དེ་ལ་ངན་སོང་དུ་གཞོལ་བའི་འདོད་པའི་ཉེས་པ་གང་ཞེ་ན། ཤཱ་རིའི་བུ། འདོད་པ་བསྟེན་པ་ནི། སྡིག་པ་མི་བྱེད་པ་ཅུང་ཟད་ཀྱང་མེད་དེ། དེའི་རྣམ་པར་སྨིན་པས་སྡུག་བསྔལ་ཡོངས་སུ་གཟུང་བར་མི་འགྱུར་བ་གང་ཡང་མེད་ཅེས་བཤད་དོ། །དེ་ལྟར་ཤཱ་རིའི་བུ། སྟོང་གི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་བརྟགས་ན། ཇི་ལྟར་བདག་གི་ཆུང་མ་ལྟ་བུ་དགྲར་གྱུར་པ་ནི། གཞན་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི། ཡེ་ཤེས་དང་ལྡན་ནོ། །སེམས་ཅན་ཐམས་ཅད་ནི། མི་ཤེས་པ་སྟེ། གང་ཡེ་ཤེས་དང་ལྡན་པས་ཟིན་པ་དེ་ནི། རབ་ཏུ་ཡང་དག་པའོ། །གང་མི་ཤེས་པས་ཡོངས་སུ་ཟིན་པ་དེ་ནི། ཡང་དག་པ་མ་ཡིན་པའོ། །མི་ཤེས་པས་གང་ཡོངས་སུ་བཟུང་ཞེ་ན། འདུས་བྱས་ཡོངས་སུ་བཟུང་ངོ ། །བུ་དང ། བུ་མོ་དང ། ཆུང་མ་
203a
༄#། །ཡོངས་སུ་བཟུང་ངོ ། །དེས་དེ་ལྟར་ཡོངས་སུ་བཟུང ། ཕན་ཚུན་དུ་དེ་ལྟར་ཡོངས་སུ་བཟུང ། འཕགས་པའི་ལམ་གྱིས་ཀུན་ཏུ་མ་བཟུང་སྟེ། བུ་ཕོ་དང ། བུ་མོ་དང ། ཆུང་མས་ཀུན་ཏུ་བསྐོར་ཅིང་སྲེད་པ་ཉེ་བར་ལེན་པ་ནི། རབ་ཏུ་འབྱུང་བའི་བར་དུ་གཅོད་དོ། །ཚུལ་ཁྲིམས་ཀྱི་བར་དུ་གཅོད། བསམ་གཏན་གྱི་བར་དུ་གཅོད། མཐོ་རིས་ཀྱི་བར་དུ་གཅོད། མྱ་ངན་ལས་འདས་པའི་བར་དུ་གཅོད་པའོ། །བྲན་ཕོ་དང ། བྲན་མོ་ཡོངས་སུ་འཛིན་པ་དང ། བུ་ཕོ་དང ། བུ་མོ་དང ། ཆུང་མ་ཡོངས་སུ་འཛིན་པ་ནི། དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པའོ། །གོང་མ་བཞིན་དུ་སྦྱར་ཏེ། བུ་ཕོ་དང ། བུ་མོ་དང ། ཆུང་མ་ཡོངས་སུ་འཛིན་པ་ནི། དགྲར་གྱུར་པ་ཡོངས་སུ་འཛིན་པའོ། །སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ཡོངས་སུ་འཛིན་པའོ། །མདོར་ན་མི་དགེ་བ་ཐམས་ཅད་ཡོངས་སུ་འཛིན་པ་སྟེ། ཐ་ན་ཟས་བཟང་པོའི་ཡང་བར་དུ་གཅོད་པའོ། །སངས་རྒྱས་མཐོང་བའི་བར་དུ་གཅོད་པའོ། །གོང་མ་བཞིན་དུ་སྦྱར་ཏེ། ཆོས་མཉན་པ་དང ། དགེ་འདུན་ལ་བསྙེན་བཀུར་བྱ་བ་དང ། སངས་རྒྱས་བལྟ་བར་དད་པ་རྙེད་པ་དང ། ཆོས་མཉན་པར་དད་པ་རྙེད་པ་དང ། དགེ་འདུན་ལ་བསྙེན་བཀུར་བྱ་བར་དད་པ་རྙེད་པ་དང ། དལ་བའི་འབྱོར་བ་རྙེད་པའི་བར་དུ་གཅོད་པའོ། །གོང་མ་བཞིན་དུ་སྦྱར་ཏེ་དད་པའི་ནོར་དང །
203b
ཚུལ་ཁྲིམས་ཀྱི་ནོར་དང ། ཐོས་པའི་ནོར་དང ། ཤེས་རབ་ཀྱི་ནོར་དང ། གཏོང་བའི་ནོར་དང ། ཁྲེལ་ཡོད་པའི་ནོར་དང ། ངོ་ཚ་ཤེས་པའི་ནོར་རྙེད་པའི་བར་དུ་གཅོད་པའོ། །ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་འཛིན་པ་ནི། མ་དད་པ་ཡོངས་སུ་འཛིན་པའོ། །ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་འཛིན་པ་ནི། འཆལ་བའི་ཚུལ་ཁྲིམས་དང ། སེར་སྣ་དང ། འཆལ་པའི་ཤེས་རབ་དང ། ཁྲེལ་མེད་དང ། ངོ་ཚ་མི་ཤེས་པ་ཡོངས་སུ་འཛིན་པའོ། །ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་འཛིན་པ་ནི། ནད་དང ། འབྲས་དང ། ཟུག་རྔུ་ཡོངས་སུ་འཛིན་པའོ། ། མེའི་ཕུང་པོ་ཡོངས་སུ་འཛིན་པའོ། །སྦྲུལ་གདུག་པ་ཡོངས་སུ་འཛིན་པའོ། །ཁྱིམ་གྱི་གནས་ནི། དུར་ཁྲོད་ཀྱི་གནས་སོ། །དུར་ཁྲོད་དང་ཁྱིམ་ནི། མྱ་ངམ་དགོན་པ། སྨྲེ་བའི་ས་མེད་པ་སྟེ། ཆོས་དཀར་པོ་ཐམས་ཅད་རྐུ་བའོ། །ཞེས་ངས་བཤད་དོ། །བུ་དང ། བུ་མོ་དང ། ཆུང་མ་ལ་ཆགས་པ་ནི། རྡོའི་སེར་བ་འབབ་པ་ལ་ཆགས་པའོ། །རལ་གྲིའི་སོ་ལ་ཆགས་པའོ། །ལྕགས་ཀྱི་ཁྲི་བསྲེགས་པ་ལ་ཆགས་པའོ། །དེའི་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་ལ་ཆགས་པ་ནི། ལྕགས་ཀྱི་ཁྲི་དང ། ལྕགས་ཀྱི་ཐོ་ལུམ་གྱི་ཕྲེང་བ་དང ། བཤང་གཅིས་བྱུགས་པ་ལ་ཆགས་པའོ། །ཁྱིམ་ཡོངས་སུ་འཛིན་པ་ནི། ལྕགས་ཟངས་ཡོངས་སུ་འཛིན་པའོ། །བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་ཡོངས་སུ་འཛིན་པ་ནི། སེམས་ཅན་དམྱལ་བའི་སྲུང་མ་ཡོངས་སུ་འཛིན་པའོ། །གླང་
204a
༄#། །པོ་ཆེ་དང ། རྟ་དང ། རྔ་མོ་དང ། བ་ལང་དང ། བོང་བུ་དང ། ལུག་དང ། ཁྱིམ་བྱ་དང ། ཕག་པ་ཡོངས་སུ་འཛིན་པ་ནི། སྲོག་ཆགས་སྲེ་བོ་དང ། ཁྲ་བོ་དཔག་ཚད་བརྒྱ་པ་ཡོངས་སུ་འཛིན་པའོ། །ཆུང་མ་དང ། བུ་དང ། བུ་མོ་ཡོངས་སུ་འཛིན་པ་ནི། སྡུག་བསྔལ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་ཐམས་ཅད་ཡོངས་སུ་འཛིན་པའོ། །ཤཱ་རིའི་བུ། ལྕགས་ཀྱི་ཁྲི་དཔག་ཚད་སྟོང་པ། རབ་ཏུ་ཆེ་བ། ཀུན་ཏུ་རབ་ཏུ་འབར་བ་མེ་དང་འདྲ་བར་གྱུར་པ་དང་མཐང་སྦྱར་ཀྱང་བླའི། ཕ་དང ། མས་བྱིན་པའི་ཆུང་མ་ལ་རྒྱང་རིང་པོ་ནས་ཀུན་ཏུ་ཆགས་པའི་སེམས་ཀྱིས་ལྟ་བ་ཡང་དེ་ལྟ་མ་ཡིན་ན། མཐང་སྦྱར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཆུང་མ་ནི། སྡུག་བསྔལ་གྱི་རྩ་བའོ། །ཆུང་མ་ནི། སྡིག་པའི་རྩ་བའོ། །ཆུང་མ་ནི། ཀུན་ནས་མནར་སེམས་ཀྱི་རྩ་བའོ། །ཆུང་མ་ནི། འཆིང་བའི་རྩ་བའོ། །ཆུང་མ་ནི། མྱ་ངན་གྱི་རྩ་བའོ། །ཆུང་མ་ནི། དགྲའི་རྩ་བའོ། །ཆུང་མ་ནི། དམུས་ལོང་གི་རྩ་བའོ། །ཆུང་མ་ནི། ཤེས་རབ་ཀྱི་མིག་དང་མི་མཐུན་པའི་རྩ་བའོ། །ཆུང་མ་ནི། ལྕགས་དང་རྡོ་བསྲེགས་པ་བཀྲམ་པའི་སའོ། །ཆུང་མ་ནི། ཕ་རོལ་གནོན་པར་བྱེད་པ་དང་འདྲའོ། །ཆུང་མ་ནི། ལོག་པའི་ལས་ཀྱི་རབ་ཏུ་གཟིར་བའོ། །ཅིའི་ཕྱིར་ཆུང་མ་ཞེས་བྱ་ཞེ་ན། ཁུར་བསྐུར་བ་དང ། ཁུར་ཁྱེར་བ་དང ། ཁུར་རབ་ཏུ་ལེན་པ་དང ། ཁུར་ཐོགས་པ་དང ། ཁྲུ་ཡོངས་སུ་ཐོགས་པ་དང ། ཁུར་གྱིས་
204b
ཉོན་མོངས་པ་དང ། ཁུར་གྱིས་ཉེན་པ་དང ། ཁུར་གྱིས་བསྲབས་པས་ན། དེའི་ཕྱིར་ཆུང་མ་ཞེས་བྱའོ། །སེམས་ཅན་དག་དེ་ལ་གསོ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། སྲིད་པས་འཁོལ་བས་ཆུང་མ་ལ་གཞོལ་ཞིང་ཆུང་མས་ཡོངས་སུ་ཟིན། ཆུང་མས་ཕམ་པར་བྱས། ཆུང་མས་ཡོངས་སུ་བསྡུས། ཆུང་མས་དབང་བྱས། ཆུང་མས་འཁོལ། ཆུང་མའི་རྗེས་སུ་འབྲང་སྟེ། དེའི་ཕྱིར་ཆུང་མ་ཞེས་བྱའོ། །ཆུང་མའི་ཕྱིར་ཁུར་ཆེན་པོ་མི་འདོར་རོ། །ཁུར་གང་མི་འདོར་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་པོའོ། །ཕུང་པོ་ལྔ་པོ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་དང ། ཚོར་བའི་ཕུང་པོ་དང ། འདུ་ཤེས་ཀྱི་ཕུང་པོ་དང ། འདུ་བྱེད་ཀྱི་ཕུང་པོ་དང ། རྣམ་པར་ཤེས་པའི་ཕུང་པོ་སྟེ། ཕུང་པོ་ལྔ་པོ་དེ་དག་གི་ཁུར་མི་འདོར་བས་དེའི་ཕྱིར་ཆུང་མ་ཞེས་བྱའོ། །ཅིའི་ཕྱིར་གོད་རྙིང་གཉིས་པ་ཞེས་བྱ་ཞེ་ན། འདི་ལྟར་ཤཱ་རིའི་བུ། ཚུལ་ཁྲིམས་ཉམས་པ་གཉིས་པའོ། །ཆོ་ག་ཉམས་པ་གཉིས་པའོ། །ཡང་དག་པའི་ལྟ་བ་ཉམས་པ་གཉིས་པའོ། །བཟའ་བ་དང་བཏུང་བ་གཉིས་པའོ། ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་གཉིས་པའོ། །འཕགས་པའི་ཤེས་རབ་ཀྱི་བར་ཆད་བྱེད་པའོ། །མྱ་ངན་ལས་འདས་པའི་བདེ་བ་ལ་མི་མཐུན་པའི་ཕྱོགས་བྱེད་པའོ། །སྡུག་བསྔལ་ཐམས་ཅད་ཡང་དག་པར་སྡུག་པ་གཉིས་པ་སྟེ། དེའི་ཕྱིར་གོད་རྙིང་གཉིས་པ་ཞེས་བྱའོ། །ཅིའི་ཕྱིར་བུད་མེད་ཅེས་བྱ་ཞེ་ན། ཉེས་པ་མང་ཞིང་
205a
༄#། །སྒྱུ་མཐའ་ཡས་པས་དེའི་ཕྱིར་འདི་ནི། སྒྱུ་མ་སྟེ། བུད་མེད་ཅེས་བྱའོ། །གང་བུད་མེད་ཀྱི་ལག་ཏུ་སོང་བ་དེ་དག་བདུད་ཀྱི་ལག་ཏུ་སོང་བའོ། །གང་བདུད་ཀྱི་ལག་ཏུ་སོང་བ་དེ་དག་སྡིག་ཅན་གྱི་དབང་དུ་སོང་བ་སྟེ། བུད་མེད་ནི། ཉེས་པ་མང་བ། སྒྱུ་མཐའ་ཡས་པ། སེམས་ཡང་བ། སེམས་འགྱུར་བ། སེམས་མི་བརྟན་པ། སེམས་རབ་ཏུ་གཡོ་ཞིང་མི་བརྟན་པ། སྤྲེའུའི་སེམས། སྤྲེའུ་དང་མཚུངས་པ། སྒྱུ་མ་སྟོན་པ་ལ་མཁས་པ་སྟེ། དེའི་ཕྱིར་བུད་མེད་ཅེས་བྱའོ། །ཤཱ་རིའི་བུ། བུད་མེད་ནི། སྒྱུ་མའི་གྲོང་ཁྱེར། སྒྱུ་མའི་རྒྱལ་པོའི་ཕོ་བྲང་འཁོར། སྒྱུ་མའི་གྲོང་རྡལ། སྒྱུ་མའི་རྒྱལ་པོའི་ཡུལ་འཁོར། སྒྱུ་མའི་རྒྱལ་སྲིད། སྒྱུ་མའི་ཡུལ། སྒྱུ་མའི་འཇིག་རྟེན། སྒྱུ་མའི་འཇིག་རྟེན་གྱི་ཁམས། སྒྱུ་མ་མཐའ་ཡས་པ། སྒྱུ་མ་རྒྱས་པ། སྒྱུ་མ་དཔག་ཏུ་མེད་པ། སྒྱུ་མ་བསམ་གྱིས་མི་ཁྱབ་པ་སྟེ། དེའི་ཕྱིར་བུད་མེད་ཅེས་བྱའོ། །ཤཱ་རིའི་བུ། དེ་ལྟར་འདོད་པའི་ཉེས་པ་དེ་དག་ནི། ངན་སོང་དུ་འགྲོ་བའོ། །ཞེས་བྱའོ། །འདི་ལྟ་སྟེ། ཤཱ་རིའི་བུ། སྒྱུ་མ་བྱེད་པ་ཤིན་ཏུ་བསླབ་པ་ཞིག་ལྟད་མོ་པའི་ནང་དུ་སོང་ནས་སྒྱུ་མ་རྣམ་པ་སྣ་ཚོགས་ཉེ་བར་སྟོན་པ་དེ་བཞིན་དུ་ཤཱ་རིའི་བུ། བུད་མེད་བུད་མེད་ཀྱི་སྒྱུ་མ་ཤིན་ཏུ་བསླབ་པ་ཡང་མཐོང་བས་ཀྱང་སྐྱེས་བུ་འཆིང་བར་བྱེད། ཐོས་པས་ཀྱང་སྐྱེས་བུ་འཆིང་བར་བྱེད། རེག་པས་ཀྱང་སྐྱེས་བུ་འཆིང་ཞིང་དབང་དུ་བྱེད། གླུ་
205b
ལེན་པས་ཀྱང་སྐྱེས་བུ་ལ་དབང་དུ་བྱེད། གར་བྱེད་པས་ཀྱང་སྐྱེས་བུ་ལ་དབང་དུ་བྱེད། རྒོད་པས་ཀྱང་སྐྱེས་བུ་ལ་དབང་དུ་བྱེད་པ་ནས་ངུ་བ་དང ། འགྲོ་བ་དང ། འོང་བ་དང ། འགྲེང་བ་དང་འདུག་པ་དང ། ཉལ་བ་དང ། རྣམ་པ་ཐམས་ཅད་ཀྱིས་ཀྱང་སྐྱེས་བུ་ལ་འཆིང་ཞིང་དབང་དུ་བྱེད་དོ། །འདི་ལྟ་སྟེ། ཤཱ་རིའི་བུ། འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་སྨིན་པ་ལ་སེར་བ་ཆེན་པོ་བབ་ན་བརླག་པ་དེ་བཞིན་དུ་ཤཱ་རིའི་བུ། བུད་མེད་ཀྱི་སེར་བ་ཡང་དེ་དང་འདྲ་སྟེ། སྐྱེས་བུའི་ཞིང་ལ་བབ་ན། ཆོས་དཀར་པོ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཤཱ་རིའི་བུ།་དེ་དག་ནི། ངན་སོང་དུ་གཞོལ་བའི་འདོད་པའི་ཉེས་པ་ཡིན་ན། གང་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་མི་ཤེས་པས་ཆུང་མ་ཡོངས་སུ་འཛིན་ཏོ། །དེ་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མཁས་པས་ནི། འདོད་པའི་ཉེས་པ་འདི་དག་རིག་ནས་འདུ་ཤེས་གཉིས་བསྐྱེད་དོ། །གཉིས་གང་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་སྐྱེས་བུ་ངན་པར་འདུ་ཤེས་བསྐྱེད་པ་དང ། འཕགས་པའི་སེམས་ཅན་ཐམས་ཅད་ལ་སྐྱེས་བུ་དམ་པར་འདུ་ཤེས་བསྐྱེད་པའོ། །དེ་འདུ་ཤེས་འདི་གཉིས་བསྐྱེད་ནས་འདི་སྙམ་དུ་སེམས་ཏེ། བདག་ནི། སྐྱེས་བུ་དམ་པའི་འགྲོས་སུ་འགྲོ་བར་བྱའི། སྐྱེས་བུ་ངན་པའི་འགྲོས་སུ་ནི། མ་ཡིན་ནོ། །བདག་སེམས་ཅན་དམྱལ་བའི་འགྲོས་སུ་འགྲོ་བར་མི་བྱ། དུད་འགྲོའི་སྐྱེ་གནས་ཀྱི་འགྲོས་སུ་མ་ཡིན། གཤིན་རྗེའི་
206a
༄#། །འཇིག་རྟེན་གྱི་འགྲོས་སུ་འགྲོ་བར་མི་བྱ། བདག་འཆལ་བའི་ཚུལ་ཁྲིམས་ཀྱི་འགྲོས་སུ་འགྲོ་བར་མི་བྱ། བདག་ཚུལ་ཁྲིམས་འཆལ་པ་དང་འགྲོགས་ཤིང་འགྲོ་བར་མི་བྱའི། །མཆོག་དམ་པ་གཙོ་བོ་ཆོས་ཐམས་ཅད་སྒྲིབ་པ་མེད་པར་རྟོགས་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་འགྲོས་སུ་འགྲོ་བར་བྱའོ། །བདག་རྒྱུན་ལས་བཟློག་པ་སྤྱད་པར་བྱའི། རྒྱུན་གྱི་རྗེས་སུ་སྤྱད་པར་མི་བྱ། བདག་སེངྒེའི་སྒྲ་སྒྲོག་པར་བྱའི། ཝའི་སྒྲ་སྒྲོག་པར་མི་བྱ། བདག་ནམ་མཁའ་ལྡིང་གི་མཐུ་སྟོན་པར་བྱའི། སྲོག་ཆགས་ཕྲ་མོ་ལྟར་མི་བྱ། བདག་མི་ཅང་ཤེས་སུ་འགྱུར་བར་བྱའི། བདག་མི་མ་རུངས་པར་འགྱུར་བར་མི་བྱ། བདག་ཅང་ཤེས་ཀྱི་ཟས་དང ། ཟས་ངན་པ་མ་ཡིན་པ་བཟའ་བར་བྱ་སྟེ། བདག་ཅང་ཤེས་པ་མ་ཡིན་པའི་ཟས་དང ། ཟས་ངན་པ་བཟའ་བར་མི་བྱའོ། །བདག་བསམ་གཏན་བཟང་པོ་དང ། བསམ་གཏན་མཆོག་དང ། བསམ་གཏན་རབ་དང ། ཏིང་ངེ་འཛིན་དམ་པ་ཐོབ་པར་འགྱུར་བ་དེའི་རང་བཞིན་གྱི་བསམ་གཏན་དག་ལ་བསམ་གཏན་དུ་བྱ་སྟེ། དེའི་རང་བཞིན་མ་ཡིན་པའི་བསམ་གཏན་དང ། དམན་པའི་བསམ་གཏན་ལ་བསམ་གཏན་མི་བྱའོ། །བདག་སངས་རྒྱས་ཀྱི་བསམ་གཏན་གྱིས་རྩེ་བར་བྱའི། ཉན་ཐོས་དང ། རང་སངས་རྒྱས་དང ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་གཏན་གྱིས་ནི། མ་ཡིན་ནོ། །བདག་མི་གནས་པར་བསམ་གཏན་
206b
བྱ་སྟེ།་གཟུགས་ལ་མི་གནས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ལ་མི་གནས། སའི་ཁམས་ལ་མི་གནས་པར་བསམ་གཏན་བྱའོ། །ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་ལ་མི་གནས་པར་བསམ་གཏན་བྱའོ། །འདོད་པའི་ཁམས་ལ་མི་གནས། གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མེད་པའི་ཁམས་ལ་མི་གནས། འཇིག་རྟེན་འདི་ལ་མི་གནས། འཇིག་རྟེན་ཕ་རོལ་ལ་མི་གནས། གང་མཐོང་བ་དང ། ཐོས་པ་དང ། དྲན་པ་དང ། རྣམ་པར་ཤེས་པ་དང ། ཐོབ་པ་དང ། རེག་པ་དང ། མངོན་སུམ་དུ་བྱས་པ་དེ་དག་ལ་ཡང་མི་གནས་པར་བསམ་གཏན་བྱའོ། །བསམ་གཏན་བྱེད་ན། ཇི་ལྟར་བདག་ལ་གནོད་པར་མི་འགྱུར་བ་དང ། གཞན་ལ་གནོད་པར་མི་འགྱུར་བ་དང ། གཉིས་ཀ་ལ་གནོད་པར་མི་འགྱུར་བར་བྱའོ། །བདག་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་གྲུབ་པ་ཀུན་ཏུ་ཚོལ་གྱི། བདག་ལ་འདོད་པ་ཚོལ་བས་ནི། ཆོག་གོ་།དེ་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མཁས་པ་ནི། ལྡོག་པ་བཞི་བསྐྱེད་དེ། བཞི་གང་ཞེ་ན། འདོད་པའི་ལས་ལྡོག་པ་དང ། སྲེད་པ་ལས་ལྡོག་པ་དང ། བྱས་པ་མི་གཟོ་བའི་སེམས་ཅན་ལས་ལྡོག་པ་དང ། འདུ་བྱེད་དུ་གཏོགས་པའི་སྡུག་བསྔལ་ཐམས་ཅད་ལས་ལྡོག་པ་སྟེ། ལྡོག་པ་བཞི་པོ་དེ་དག་བསྐྱེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ངན་སོང་ན་གནས་པས་ཀྱང་ཁ་དོག་རྒྱས་པའི་བུད་མེད་མཐོང་ན། འདུ་
207a
༄#། །ཤེས་བཞི་བསྐྱེད་དེ། བཞི་གང་ཞེ་ན། ཉམས་པར་འདུ་ཤེས་པ་དང ། གཡང་སར་འདུ་ཤེས་པ་དང ། ཕྱི་ས་ཁུང་དུ་འདུ་ཤེས་པ་དང ། རྣག་ཏུ་བློས་ཉེ་བར་དཔྱོད་ཅིང་འདུ་ཤེས་པའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ངན་སོང་ན་གནས་ན་ཡང་ཁ་དོག་རྒྱས་པའི་བུད་མེད་མཐོང་ན། འདུ་ཤེས་འདི་བཞི་བསྐྱེད་ན། མིར་གྱུར་པ་ན་ལྟ་ཅི་སྨོས། ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུས་ཁ་དོག་རྒྱས་པའི་བུད་མེད་མཐོང་ན། འདུ་ཤེས་བཞི་བསྐྱེད་དེ། ཉམས་པར་འདུ་ཤེས་པ་དང ། གཡང་སར་འདུ་ཤེས་པ་དང ། ཕྱིས་ཁུང་དུ་འདུ་ཤེས་པ་དང ། རྣག་ཏུ་བློས་ཉེ་བར་དཔྱོད་ཅིང་འདུ་ཤེས་པའོ། །གལ་ཏེ་དེ་ལྟར་བརྟགས་ཀྱང་འདོད་ཆགས་ཀྱི་སེམས་སྐྱེ་བ་ལྟ་ན། དེས་འདུ་ཤེས་གསུམ་བསྐྱེད་པར་བྱའོ།། གསུམ་གང་ཞེ་ན། མ་འདྲ་བ་ལ་མར་འདུ་ཤེས་པ་དང ། སྲིང་མོ་འདྲ་བ་ལ་སྲིང་མོར་འདུ་ཤེས་པ་དང ། བུ་མོ་འདྲ་བ་ལ་བུ་མོར་འདུ་ཤེས་པ་སྟེ། འདུ་ཤེས་འདི་གསུམ་བསྐྱེད་པར་བྱའོ། །དེ་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔས་ངས་ལེགས་པར་བཤད་པ་ཁོང་དུ་ཆུང་ནས་མདོ་སྡེ་དང་མཐུན་པར་བྱའོ། །ཡུན་རིང་པོ་ནས་བདག་གི་མར་མ་གྱུར་པའམ། ཕར་མ་གྱུར་པའི་སེམས་ཅན་དེ་ལྟ་བུ་རྙེད་པར་སླ་བ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་བདག་གི་མ་དང་ཕར་གྱུར་པས་མ་ཉིད་ཆུང་མ་བྱ་བའི་མི་རིགས་སོ། །ཞེས་དེ་ལྟར་བསླབ་པར་བྱའོ། །
207b
བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི། མི་མཐུན་པ་ལ་གནས་ཀྱི། བདག་ནི། མི་མཐུན་པ་ལ་གནས་པར་མི་བྱའོ། །དེ་ལྟར་སྤྱད་ཀྱང་འདོད་ཆགས་ཀྱི་སེམས་དེ་ཉིད་རྗེས་སུ་འབྲང་བ་ལྟ་ན་དེས་ཚུལ་བཞིན་དུ་སོ་སོར་བརྟག་པར་བྱའོ། །འདི་ལྟ་སྟེ། འདོད་ཆགས་ཀྱི་སེམས་སྐྱེས་ན། དེ་ཅི་མཐོང་བ་ལས་སྐྱེ། འོན་ཏེ་འདོད་ཆགས་དེ་མིག་ལས་གྱུར་ན། དེས་འདི་ལྟར་ཚུལ་བཞིན་དུ་སོ་སོར་བརྟག་པར་བྱའོ། །བདག་མིག་ལ་ཆགས་ན་ནི། ཅི་མིག་གིས་མིག་མཐོང་ངམ། དེ་ཅི་རང་བཞིན་གྱིས་རང་བཞིན་མཐོང་ངམ། དེ་ཅིའི་ཕྱིར་ཞེ་ན། དེ་ཡང་མིག་འདི་ཡང་མིག་གོ་།དེ་ཡང་འབྱུང་བ་ཆེན་པོ་ལས་གྱུར་པ་སྟེ། དེ་ཡང་འབྱུང་བ་ཆེན་པོ་ལས་འབྱུང་བའོ། །འདི་ཡང་འབྱུང་བ་ཆེན་པོ་ལས་བྱུང་བ་སྟེ། རང་བཞིན་གྱིས་རང་བཞིན་ལ་མི་ཆགས། བདག་གིས་བདག་རང་ལའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཅི་ཙམ་པ་འདི་ཡང་དེ་ཙམ་སྟེ། དེ་ལ་ཆགས་པ་དང ། འདི་ལ་ཆགས་པ་དེ་དག་ནི། ཁྱད་པར་མེད་དེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི། ཁྱད་པར་མེད་པར་གནས་སོ། །བདག་ནི། ཁྱད་པར་ཅན་དུ་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འདོད་པ་ལ་རྣམ་པར་རྟོག་པ་དེ་ལྟ་བུ་ནི། ཡོན་ཏན་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཕན་ཚུན་དག་ནི་དོན་གཅིག་སྟེ། །དེ་ལ་ཁྱད་པར་ཡོང་མེད་པ། །དེ་ནི་ཚུལ་བཞིན་མ་ཡིན་འཛིན། །འདོད་ཆགས་སེམས་ནི་ཀུན་ནས་
208a
༄#། །ལངས། །འདི་ནི་འབྱུང་ལས་གྱུར་པ་སྟེ། །འབྱུང་བ་ཆེ་ལ་ཇི་ལྟར་ཆགས། །ཆོས་འདི་རྣམས་ནི་ཤིང་འདྲ་སྟེ། །དེ་ལ་ཆགས་འགྱུར་གང་ཡང་མེད། །འདི་ནི་བདག་གིས་བརྟགས་པ་སྟེ། །ཡང་དག་མིན་གྱིས་ཀུན་ནས་ལངས། །མེད་པ་ལས་ནི་འདོད་ཆགས་སྐྱེ། །འདོད་ཆགས་ཉིད་ཀྱང་ཡོད་མ་ཡིན། །ཕྱོགས་བཅུ་རྣམས་སུ་བཙལ་ན་ཡང ། །འདོད་ཆགས་ཡོད་པ་མ་ཡིན་ཏེ། །ཡང་དག་མ་ཡིན་ཡོངས་བརྟགས་པས། །འདོད་ཆགས་སེམས་ནི་ཀུན་ནས་ལངས། །གལ་ཏེ་དེ་ལྟར་སོ་སོར་བརྟགས་ཀྱང་འདོད་ཆགས་ཀྱི་སེམས་དེ་ཉིད་རྗེས་སུ་འབྲང་བ་ལྟ་ན། དེས་དམ་པ་རྒྱ་ཆེར་ལེགས་པར་བཤད་པ་ཁོང་དུ་ཆུད་ཅིང་མདོ་སྡེ་ལ་མཁས་པས་རབ་ཏུ་མདོ་སྡེ་དང་རྗེས་སུ་མཐུན་པར་བྱའོ། །མིག་འདི་ནི། དབུ་བ་དང་འདྲ་སྟེ། མཉེར་མི་བཟོད་དོ། །དབུ་པ་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད་དེ། དེ་ལྟར་བྱེད་པ་མེད་པའི་ཆོས་ལ་སུ་ཞིག་ཆགས་པར་འགྱུར། མིག་འདི་ནི། ཆུའི་ཆུ་བུར་དང་འདྲ་སྟེ། རང་བཞིན་གྱིས་སྙིང་པོ་མེད་པའོ། །ཆུའི་ཆུ་བུར་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད།་སྐྱེས་བུ་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད། དེ་ལྟར་བྱེད་པ་མེད་པ་གཡོ་བ་མེད་པའི་ཆོས་ལ་སུ་ཞིག་ཆགས་པར་འགྱུར། མིག་འདི་ནི། སྨིག་
208b
རྒྱུ་དང་འདྲ་སྟེ། ལས་དང ། ཉོན་མོངས་པ་དང ། སྲེད་པ་ལས་བྱུང་བའོ། །སྨིག་རྒྱུ་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད། དེ་ལྟར་བྱེད་པ་མེད་པ་གཡོ་བ་མེད་པའི་ཆོས་ལ་སུ་ཞིག་ཆགས་པར་འགྱུར། མིག་འདི་ནི། ཆུ་ཤིང་དང་འདྲ་སྟེ། རང་བཞིན་གྱིས་སྙིང་པོ་མེད་པའོ། །ཆུ་ཤིང་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། སྒྱུ་མ་དང་འདྲ་སྟེ། ཕྱིན་ཅི་ལོག་ལས་བྱུང་བའོ། །སྒྱུ་མ་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། རྨི་ལམ་དང་འདྲ་སྟེ། མི་བདེན་པ་ཡང་དག་པ་མ་ཡིན་པ་མཐོང་བའོ། །རྨི་ལམ་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། བྲག་ཆ་དང་འདྲ་སྟེ། རྐྱེན་གྱིས་ཁ་ན་ལུས་པའོ། །བྲག་ཅ་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། གཟུགས་བརྙན་དང་འདྲ་སྟེ། ལས་ཀྱི་གཟུགས་བརྙན་གྱིས་ཀུན་ཏུ་སྣང་བའོ། །གཟུགས་བརྙན་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། སྤྲིན་དང་འདྲ་སྟེ། གསལ་པར་འཁྲུགས་པ་དང་བྲལ་བའི་མཚན་ཉིད་དོ། །སྤྲིན་ལ་ཡང་
209a
༄#། །བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། གློག་དང་འདྲ་སྟེ། སྐད་ཅིག་གིས་འཇིག་པ་དང་ལྡན་པའོ། །གློག་ལ་ཡང་བདག་མེད་སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། སྟོང་པ་ཉིད་དང་འདྲ་སྟེ། བདག་དང ། བདག་གི་དང་བྲལ་བའོ། །དེ་ལྟར་ཆོས་རྣམས་སྟོང་པ་སྟེ། བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། བེམ་པོ་ལྟ་བུ་སྟེ། རྩཝ་དང ། ཤིང་དང ། རྩིག་པ་དང ། རྡོ་བ་དང ། མིག་ཡོར་ལྟ་བུའོ། །དེ་ལྟར་ཆོས་ཐམས་ཅད་བེམ་པོ་སྟེ། བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། གཡོ་བ་མེད་པ་སྟེ། རླུང་གི་འཁྲུལ་འཁོར་དང་ལྡན་པས་འཇུག་པའོ། །དེ་ལྟར་ཆོས་ཐམས་ཅད་བྱེད་པ་མེད་དེ། བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། གསོབ་སྟེ། མི་གཙང་བ་དང ། རྣག་གི་ཚོགས་སོ། །དེ་ལྟར་ཆོས་ཐམས་ཅད་གསོབ་སྟེ། བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། གསོག་སྟེ། འཇིག་པ་དང ། འགྱེས་
209b
པ་དང ། འབྱེ་བ་དང ། འཐོར་བ་དང ། འཇོམས་པའི་ཆོས་ཅན་ནོ། །དེ་ལྟར་ཆོས་ཐམས་ཅད་གསོག་སྟེ། བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། ཁྲོན་པ་རྙིང་པ་དང་འདྲ་སྟེ། རྟག་ཏུ་རྒས་པས་ཟིལ་གྱིས་ནོན་ཏོ། །དེ་ལྟར་ཆོས་ཐམས་ཅད་ཁྲོན་པ་རྙིང་པ་དང་འདྲ་སྟེ། བདག་མེད། སེམས་ཅན་མེད་པ་ནས་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར་བའི་བར་དུའོ། །མིག་འདི་ནི། ཐ་མར་མི་གནས་པ་སྟེ། ཐ་མར་འཆི་བའོ། །དེ་ལྟར་ཆོས་ཐམས་ཅད་ནི། མཐར་མི་གནས་པ་སྟེ། བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། བྱེད་པ་པོ་མེད། ཚོར་བ་པོ་མེད་དེ། དེ་ལྟར་བྱེད་པ་པོ་མེད་ཅིང་རྐྱེན་འདུས་པ་ལས་བྱུང་བ་དེ་ལ་སུ་ཞིག་ཆགས་པར་འགྱུར། གང་དུ་ཆགས་པར་འགྱུར། དེ་བཞིན་དུ་ནང་དང ། ཕྱིའི་སྐྱེ་མཆེད་ཐམས་ཅད་ལ་ཡང་རྒྱས་པར་སྦྱར་བར་བྱའོ། །ཤཱ་རིའི་བུ། དེ་ལྟར་ཚུལ་བཞིན་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱིས་མི་འཕྲོག་སྟེ། དེ་ལྟ་བུའི་གནས་མེད་དོ། །དེ་ཆོས་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཡིན་ནོ། །ཤཱ་རིའི་བུ། འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཤཱ་རིའི་བུ། དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་དུ་སྲོག་ཆགས་ལ་
210a
༄#། །གསོད་པར་མི་བྱེད་དེ། སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་གནོད་པ་མ་ཡིན་ནོ། །སྲོག་གི་ཕྱིར་ཡང་རྣམ་པ་ཐམས་ཅད་དུ་མ་བྱིན་པར་མི་ལེན་ཏེ། གཞན་གྱི་ལོངས་སྤྱོད་ལ་མི་རྐུ་བ་ཡིན་ནོ། །སྲོག་གི་ཕྱིར་ཡང་རྣམ་པ་ཐམས་ཅད་དུ་འདོད་པ་ལ་ལོག་པས་གཡེམ་པ་མི་བསྟན་ཏེ། གཞན་གྱི་ཆུང་མ་ལ་སྙིང་ཆགས་པར་མི་བྱེད་དོ། །སྲོག་གི་ཕྱིར་ཡང་རྫུན་གྱི་ཚིག་མི་སྨྲ་སྟེ། སེམས་ཅན་ཐམས་ཅད་ལ་མི་སླུ་བ་ཡིན་ནོ། །བདག་གི་གཡོག་གིས་ཆོག་པས་ཕྲ་མའི་ཚིག་མི་ཟེར་བ་ཡིན་ནོ། །སྲོག་གི་ཕྱིར་ཡང་ཕྲ་མའི་ཚིག་མེད་པ་ཡིན། ཚིག་གཞན་མི་སྨྲ་བས་ཚིག་ཚོད་བཟུང་བ་ཡིན། སྲོག་གི་ཕྱིར་ཡང་གཞན་གྱི་ལོངས་སྤྱོད་ལ་བརྣབ་སེམས་མི་བསྐྱེད་པས་གཞན་གྱི་ལོངས་སྤྱོད་ལ་བརྣབ་སེམས་མེད་པ་ཡིན། སྲོག་གི་ཕྱིར་ཡང་ངན་དུ་སྨྲ་བ་དང ། ངན་དུ་བརྗོད་པའི་ཚིག་དང་དུ་ལེན་པས་མི་ཁྲོ་ཞིང་བཟོད་པ་ཡིན། སངས་རྒྱས་ལ་སྐྱབས་སུ་སོང་བས་སྲོག་གི་ཕྱིར་ཡང་ལོག་པར་ལྟ་བ་མི་སྤྱོད་དེ། ལྷ་གཞན་མེད་པ་ཡིན། དེ་ཡེ་ཤེས་གཞན་ལ་རེ་བ་མེད་པས་མ་ཉམས་པའི་ཚུལ་ཁྲིམས་ཡིན། ངན་པར་སྐྱེ་བ་ཡོངས་སུ་སྤངས་པས་སྐྱོན་མེད་པའི་ཚུལ་ཁྲིམས་ཡིན། འགྲོ་བ་ངན་པ་ཉོན་མོངས་པ་རྣམས་དང་མ་འདྲེས་པས་འདྲེན་མ་མ་ཡིན་པའི་ཚུལ་ཁྲིམས་ཡིན། ཆོས་དཀར་པོ་གཅིག་ཏུ་རྣམ་པར་འཕེལ་བ་བསྲ་བསྲེ་མེད་པའི་ཚུལ་ཁྲིམས་ཡིན། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བས་རང་
210b
དབང་གི་ཚུལ་ཁྲིམས་ཡིན། འགྲོ་བ་མཁས་པས་མ་སྨད་པས་བསྔགས་པའི་ཚུལ་ཁྲིམས་ཡིན། དྲན་པ་དང་ཤེས་བཞིན་དང་ལྡན་པས་ཤིན་ཏུ་བསྲུངས་པའི་ཚུལ་ཁྲིམས་ཡིན། ཉེས་པ་ཐམས་ཅད་དུ་མི་སྐྱེ་བས་མ་སྨད་པའི་ཚུལ་ཁྲིམས་ཡིན། དབང་པོའི་སྒོ་བསྡམས་པས་ཤིན་ཏུ་སྦས་པའི་ཚུལ་ཁྲིམས་ཡིན། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པས་རྣམ་པར་བསྒྲགས་པའི་ཚུལ་ཁྲིམས་ཡིན། རུང་བ་ལ་ཆོག་ཤེས་པས་འདོད་པ་ཉུང་བའི་ཚུལ་ཁྲིམས་ཡིན། སྤོང་བ་ལ་དགའ་བས་ཆོག་ཤེས་པའི་ཚུལ་ཁྲིམས་ཡིན། ལུས་དང་སེམས་རབ་ཏུ་དབེན་པས་ནན་ཏན་གྱི་ཚུལ་ཁྲིམས་ཡིན། འདུ་བ་ལ་མི་དགའ་བས་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཡིན། གཞན་གྱི་གདོང་དུ་མི་ལྟ་བས་འཕགས་པའི་རིགས་ལ་དགའ་བའི་ཚུལ་ཁྲིམས་ཡིན། བདག་གི་ཁ་ན་ལས་པའི་དགེ་བའི་རྩ་བ་བསྐྱེད་པས་སྦྱངས་པའི་ཡོན་ཏན་གྱི་ཚུལ་ཁྲིམས་ཡིན། ལྷ་དང་མི་རྣམས་ལ་མི་བསླུ་བས་ཇི་ལྟར་སྨྲས་པ་ད་ལྟར་བྱེད་པའི་ཚུལ་ཁྲིམས་ཡིན། སེམས་ཅན་ཐམས་ཅད་ལ་མི་འཚེ་བས་བྱམས་པའི་ཚུལ་ཁྲིམས་ཡིན། སྡུག་བསྔལ་ཐམས་ཅད་དང་དུ་ལེན་པས་སྙིང་རྗེའི་ཚུལ་ཁྲིམས་ཡིན། ཆོས་ལ་དགའ་ཞིང་ཞུམ་པ་མེད་པས་དགའ་བའི་ཚུལ་ཁྲིམས་ཡིན། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བས་བཏང་སྙོམས་ཀྱི་ཚུལ་ཁྲིམས་ཡིན། རང་གི་སེམས་ངེས་པར་རྟོག་པས་བདག་གི་འཁྲུལ་བ་ལ་སོ་སོར་རྟོག་པའི་ཚུལ་ཁྲིམས་ཡིན། གཞན་གྱི་སེམས་
211a
༄#། །རྗེས་སུ་སྲུང་བས་གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའི་ཚུལ་ཁྲིམས་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་ཡིན།་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤིན་ཏུ་བསྲུངས་པའི་ཚུལ་ཁྲིམས་ཡིན། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཁོང་ཁྲོ་བ་མེད་པའི་ཚུལ་ཁྲིམས་ཡིན། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་དགེ་བའི་ཆོས་མི་ཟློག་པའི་ཚུལ་ཁྲིམས་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་བསམ་གཏན་གྱི་ཡན་ལག་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཐོས་པ་རབ་ཀྱི་ཚུལ་ཁྲིམས་ཡིན། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་བསགས་པས་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཚུལ་ཁྲིམས་ཡིན། ལམ་ངན་པ་ཡོངས་སུ་སྤོང་བས་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་ཡིན། མི་རྟག་པའི་འདུ་ཤེས་སོ་སོར་རྟོག་པས་ལུས་ལ་མི་ལྟ་བའི་ཚུལ་ཁྲིམས་ཡིན། ཡིད་མི་རྟོན་པས་སྲོག་ལ་མི་ལྟ་བའི་ཚུལ་ཁྲིམས་ཡིན། བསམ་པ་ཤིན་ཏུ་ཡོངས་སུ་དག་པས་མི་འགྱོད་པའི་ཚུལ་ཁྲིམས་ཡིན། རབ་ཏུ་སྦྱོར་བ་ཤིན་ཏུ་ཡོངས་སུ་དག་པས་བཅོས་མ་མ་ཡིན་པའི་ཚུལ་ཁྲིམས་ཡིན། ལྷག་པའི་བསམ་པ་ཤིན་ཏུ་ཡོངས་སུ་དག་པས་ཡོངས་སུ་གདུང་བ་མེད་པའི་ཚུལ་ཁྲིམས་ཡིན། འདོད་ཆགས་དང་བྲལ་བས་མི་རྒོད་པའི་ཚུལ་ཁྲིམས་ཡིན། སྒྲུབ་པས་མི་སྙེམས་པའི་ཚུལ་ཁྲིམས་
211b
ཡིན། ཅང་ཤེས་པས་མུ་ཅོར་མི་སྨྲ་བའི་ཚུལ་ཁྲིམས་ཡིན། ཁྲོ་བ་མེད་པས་དུལ་བའི་ཚུལ་ཁྲིམས་ཡིན། ཉེ་བར་ཞི་བས་ཞི་བའི་ཚུལ་ཁྲིམས་ཡིན། ཇི་ལྟར་བསྒོ་བ་བཞིན་ལས་འགལ་བར་མི་བྱེད་པས་བཀའ་བློ་བདེ་བའི་ཚུལ་ཁྲིམས་ཡིན། བསྡུ་བའི་དངོས་པོ་རྗེས་སུ་མི་གཏོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་ཡིན། རང་གི་ནོར་རབ་ཏུ་མི་འཇིག་པས་ཆོས་རྗེས་སུ་སྲུང་བའི་ཚུལ་ཁྲིམས་ཡིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མཁས་པ་ནི། འདི་ལྟ་བུའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་བརྩོན་པ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་བདུད་དང ། བདུད་ཀྱི་རིས་ཀྱི་ལྷའི་བུས་མི་ཐུལ་བ་ཡིན། ཕས་ཀྱི་རྒོལ་བ་གཞན་དག་གིས་ཀྱང་མི་ཐུལ་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ། བདུན་པའོ།། །།ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་གང་ལ་བརྩོན་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ནི། བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་ངང་ཚུལ་ཅན་ཡིན་པས། གྲང་བ་དང ། ཚ་བ་དང ། བཀྲེས་པ་དང ། སྐོམ་པ་དང ། རླུང་དང ། ཉི་མ་དང ། སྦྲང་བུ་དང ། ཤ་སྦྲང་དང ། སྡིག་སྦྲུལ་གྱིས་རེག་པ་དང །
212a
༄#། །ངན་དུ་སྨྲ་བ་དང ། ངན་དུ་བརྗོད་པའི་ཚིག་གི་ལམ་ལ་བཟོད་པ་དང་ལྡན་པ་ཡིན་ནོ། །ལུས་ལས་ཚོར་བ་བྱུང་ཞིང་སྐྱེས་པ་སྡུག་བསྔལ་བ་ཤིན་ཏུ་དྲག་པོ་དང ། རྩུབ་པ་དང ། ཚ་བ་དང ། སྲོག་འཕྲོག་པ་དང ། འཆི་བ་ལ་ཐུག་པའི་ཚོར་བ་རྣམས་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་ངང་ཚུལ་ཅན་ཡིན་ནོ། །ཤཱ་རིའི་བུ། ང་སྔོན་མངོན་པར་རྫོགས་པར་སངས་མ་རྒྱས་པ་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཡུན་རིང་པོར་བཟོད་པ་བསྒོམས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཇི་ལྟར་བཟོད་པ་སྒོམ་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ངས་མངོན་པར་ཤེས་པ་འདས་པའི་དུས་ན་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་དག་འོངས་ནས་གཤེ་ཞིང་བརྒྱད། ཚིག་ངན་པ་དང ། ངག་རྩུབ་པོའི་ཚིག་སྨྲ་བ་དེ་ལ་ཤཱ་རིའི་བུ། ང་ཁྲོ་བ་དང ། ཞེ་སྡང་དང ། གཏི་མུག་དང ། སེར་སྣས་ཡོངས་སུ་གདུང་བ་མ་སྐྱེས་སོ། །དེ་ལྟར་འཁོར་བར་ཞུགས་པ་ན་འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བ་ལྟར་རྙེད་པར་སླ་བ་གང་ཡང་མེད་མོད་ཀྱི། དེ་ལ་བདག་གིས་བཏང་སྙོམས་སུ་བྱ། དེ་ལ་སྙིང་རྗེ་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་གཤེ་བ་དང ། མི་སྙན་པར་ཟེར་བ་ལ་ཕལ་ཆེར་རབ་ཏུ་གནས་པ་དེ་དག་ལས་དེ་འདྲ་བའི་རྣམ་པར་སྨིན་པ་མངོན་པར་འགྲུབ་སྟེ། གཤེ་བ་དང ། མི་སྙན་པ་ཟེར་བ་རྙེད་པར་འགྱུར་རོ། །
212b
གང་དང་གང་དུ་སྐྱེས་པ་ཐམས་ཅད་དུ་གཟུགས་ངན་པ་དང ། མི་སྡུག་པའི་ལུས་རབ་ཏུ་ཐོབ་བོ། །ང་ནི། གཟུགས་ངན་པར་མི་འདོད། གཤེ་བ་དང ། མི་སྙན་པ་ཟེར་བར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན།་འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བ་དེ་དག་ནི། མི་རིགས་པའོ། །དེ་དག་ནི། མི་རིགས་པའི་ལས་སོ། །དེ་དག་ནི། བྱིས་པ་སོ་སོའི་སྐྱེ་བོའི་ལས་སོ། །དེ་དག་ནི། དམན་པའི་ལས་སོ། །དེ་དག་ནི། སྐྱེས་བུ་དམ་པ་མ་ཡིན་པའི་ལས་སོ། །དེ་དག་ནི། མི་དགྲུངས་\?\་པའི་ལས་སོ། །འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། སེམས་ཅན་དམྱལ་བར་ལྟུང་བའོ། །འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བའོ། །འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། སེམས་ཅན་དམྱལ་བའི་གཡོག་བྱེད་པའོ། །འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། གནོད་སྦྱིན་དབུལ་པོར་བྱེད་པའོ། །འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། གནོད་སྦྱིན་དབུལ་པོར་བྱེད་པའི་རྩ་བའོ། །འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། ཡིད་དྭགས་དབུལ་པོར་བྱེད་པ་དང ། ཡིད་དྭགས་དབུལ་པོར་བྱེད་པའི་རྩ་བའོ། །འདི་ལྟ་སྟེ། གཤེ་བ་དང ། མི་སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། མི་དབུལ་པོར་བྱེད་པ་དང ། མི་དབུལ་པོར་བྱེད་པའི་རྩ་བའོ། །འདི་ལྟ་སྟེ། གཤེ་བ་དང ། མི་
213a
༄#། །སྙན་པར་ཟེར་བའི་ཆོས་དེ་ལྟ་བུ་དེ་དག་ནི། དམན་པའི་འགྲོ་བར་བྱེད་པ་དང ། དམན་པའི་འགྲོ་བར་བྱེད་པའི་རྩ་བ་སྟེ། ང་ནི། དམན་པའི་འགྲོ་བ་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ངེད་རིགས་པ་དང ། དེ་དག་མི་རིགས་པར་ཡང་ཁྱད་པར་ཡང་ཅི་ཞིག་ཡོད། བྱེ་བྲག་ཅི་ཞིག་ཡོད་པར་འགྱུར། ཤཱ་རིའི་བུ། དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ངའི་རྗེས་སུ་སློབ་པར་འགྱུར་བའི་རང་བཞིན་ཅན་དུ་འགྱུར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ལ་གཞན་གཤེ་བའམ། མི་སྙན་པར་ཟེར་ན།་འདི་ལྟ་བུའི་ཆོས་ཡིད་ལ་བྱས་ན་བཟོད་པར་འགྱུར་ཏེ། གང་གླིང་ཆེན་པོ་བཞི་ཡི་འཇིག་རྟེན་གྱི་ཁམས་འདི་འགྲོན་བུ་དང ། གསེར་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། གསེར་དང ། དངུལ་གྱིས་ཡོངས་སུ་བཀང་སྟེ་བྱིན་པ་བས་བཟོད་པས་བསྒྲུབས་པའི་དགེ་བའི་རྩ་བ་ཆེས་མང་དུ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།་ཤཱ་རིའི་བུ། སྐྱེས་བུ་དམ་པས་ནན་ཏན་གྱིས་སྒྲུབ་པར་བྱེད། བཟོད་པས་སྟོབས་ཤེས་པར་བྱེད་དོ། །ཤཱ་རིའི་བུ། སེམས་ཅན་ཕལ་ཆེར་ནི། གཤེ་བ་དང ། མི་སྙན་པར་ཟེར་བའི་དབང་དུ་སོང་བས་འཁོར་བ་ལས་མི་ལྡོག་གོ་།ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཅི་བདག་ལ་ཕ་རོལ་གཤེ་བའམ་མི་སྙན་པར་ཟེར་ན། སངས་རྒྱས་དང ། བྱང་ཆུབ་དང །
213b
ཆོས་དང ། དགེ་འདུན་ཡིད་ལ་བྱེད་དམ་ཞེས་བདག་གིས་མཐུ་ཤེས་པར་བྱ་སྟེ། གལ་ཏེ་ཡིད་ལ་བྱེད་ན་ལེགས། ཡིད་ལ་མི་བྱེད་པར་གྱུར་ན། དེས་རྣམ་གྲངས་དུ་མར་སངས་རྒྱས་སམ། བྱང་ཆུབ་བམ།་ཆོས་སམ། དགེ་འདུན་ཡིད་ལ་བྱའོ། །ཡིད་ལ་མི་བྱེད་ན། དེ་དག་ཀྱང་གནོད་སེམས་དང་ལྡན་པ་སངས་རྒྱས་དང ། བྱང་ཆུབ་དང ། ཆོས་དང ། དགེ་འདུན་ཡིད་ལ་མི་བྱེད་བདག་ཀྱང་ཡིད་ལ་མི་བྱེད་ན། བདག་དང ། སེམས་ཅན་དེ་དག་ཏུ་ཁྱད་པར་ཅི་ཞིག་ཡོད། ཐ་དད་པ་ཅི་ཞིག་ཡོད། དཀའ་བར་སྤྱོད་པ་ཅི་ཞིག་ཡོད་ཀྱི། དེ་དག་དང ། བདག་ཅག་གནོད་སེམས་ཀྱི་དུས་ན་བཏང་སྙོམས་སུ་བྱ་བ་དང ། སངས་རྒྱས་དང ། བྱང་ཆུབ་དང ། ཆོས་དང ། དགེ་འདུན་ཡིད་ལ་བྱ་བ་དང ། བཟོད་པའི་སྟོབས་ཀྱང་གོ་བར་བྱ་བའི་རིགས་སོ། །ཞེས་བདག་ལ་བསྐུལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།་བདག་ནི། སེམས་ཅན་གཅིག་བཟུང་ལ་སེམས་ཅན་ཐམས་ཅད་བཏང་བ་མ་ཡིན་གྱི། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བྱའོ། །ཞེས་དེ་ལྟ་བུའི་ཚིག་སྨྲས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བདག་ལ་རིགས་ཀྱི་བུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཏེ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་མཁྱེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡི་ཤེས་ཀྱིས་གཟིགས་པ་ཆགས་པ་མེད་པ་ཐོགས་པ་མེད་པས་
214a
༄#། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་མཁྱེན་ཏེ། གལ་ཏེ་བདག་གནོད་སེམས་ཀྱི་དུས་ན་བཏང་སྙོམས་སུ་མ་གྱུར་ཅིང ། གང་སངས་རྒྱས་དང ། བྱང་ཆུབ་དང ། ཆོས་དང ། དགེ་འདུན་ཡིད་ལ་མི་བྱེད་ན། དེ་ནི། བདག་གི་མི་ཆའོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་བྱེ་མ་དང་མཉམ་པ་གང་དེ་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་རིགས་ཀྱི་བུ་དེས་འདི་ལྟར་སེམས་བསྐྱེད་དེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བྱའོ། །སྙམ་དུ་བདག་གིས་སེམས་བསྐྱེད་པ་མཁྱེན་ཏོ། །ཡང་ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། ཤར་ལྷོ་དང ། ལྷོ་ནུབ་དང ། ནུབ་བྱང་དང ། བྱང་ཤར་དང ། དེ་བཞིན་དུ་སྟེང་དང ། འོག་གི་ཕྱོགས་དང ། དེ་ལྟར་ཕྱོགས་དང ། ཕྱོགས་མཚམས་དང ། དེ་བཞིན་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་གང་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་གིས་ཀྱང་རིགས་ཀྱི་བུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་སོ། །ཞེས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
214b
སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་ཅིང་བཟོད་པའི་བསྔགས་པ་བརྗོད་པར་བྱའོ། །ཞེས་སེམས་བསྐྱེད་པ་དེ་མཁྱེན་གྱི། དེ་བས་ན། སེངྒེའི་སྒྲ་བསྒྲགས་ལ་བདག་ཝའི་སྒྲ་བསྒྲག་པར་ནི། མི་བྱའོ། །ཀྱེ་མའོ་འདི་ལྟ་སྟེ། སེངྒེའི་སྒྲ་དེ་ནི། བཟོད་པའི་སྟོབས་ཤེས་པར་བྱེད་པའོ། །ཀྱེ་མའོ་འདི་ལྟ་སྟེ། ཝའི་སྒྲ་དེ་ནི། གཤེ་བ་དང ། མི་སྙན་པར་ཟེར་བའོ།། སེམས་ཅན་འདི་དག་ནི། སེམས་ཅན་གང་དོན་བྱེད་ན། སེམས་ཅན་དེ་ཡང་འདིའི་དོན་བྱེད་དོ། །བདག་ཀྱང་སེམས་ཅན་གང་གི་དོན་བྱས་པ་དེའི་ཕྱིར་དེའི་དོན་བྱེད་པར་གྱུར་ན། དེ་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་པ་ཅི་ཞིག་ཡོད། དཀའ་བར་སྤྱོད་པ་ཅི་ཞིག་ཡོད། སེམས་ཅན་འདི་དག་ནི། སེམས་ཅན་གང་གནོད་པར་བྱེད་ན། དེ་ལ་སེམས་ཅན་དེ་ཡང་གནོད་པར་བྱེད་དོ། །བདག་གིས་ཀྱང་སེམས་ཅན་གང་གནོད་པར་བྱེད་ན། བདག་ཀྱང་དེ་ལ་གནོད་པར་བྱེད་དེ། གནོད་པའི་ཕྱིར་གནོད་པར་བྱེད་ན། དེ་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་པ་ཅི་ཞིག་ཡོད། དཀའ་བར་སྤྱོད་པ་ཅི་ཞིག་ཡོད་པར་འགྱུར། ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སློབ་སྟེ། སེམས་ཅན་འདི་དག་ཐམས་ཅད་ནི། ཕན་ཚུན་དུ་མི་མཛའ་བ་སྟེ། དེ་དག་ནོར་ཐོབ་ན་ནི། མཛའ་བར་ཤེས། གནོད་པར་བྱས་ན་ནི། གཅིག་ལ་གཅིག་གསོད་པར་བྱེད་དོ། །བདག་ནི། སེམས་ཅན་གྱི་དོན་ལ་ཚམ་ཚོམ་མེད་དེ། བདག་ལ་གནོད་པར་གྱུར་ཀྱང་བདག་སེམས་ཅན་གྱི་དོན་བྱའོ། །སྙམ་མོ། །
215a
༄#། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསྐལ་པ་བྱེ་བ་མང་པོ་བརྒྱར། །བདག་ལ་གནོད་པར་གྱུར་ཀྱང་ནི། །སེམས་ཅན་སྡུག་བསྔལ་རྣམས་མཐོང་ན། །ཡལ་བར་བོར་ཞིང་མི་འདུག་གོ་།དོན་རྙེད་ན་ནི་མཛའ་བོ་ཞེས། །ཕན་ཚུན་གཅིག་ལ་གཅིག་སྨྲ་ཡི། །དོན་རྣམས་བྱེད་པར་མི་འགྱུར་ན། །ཕན་ཚུན་དུ་ནི་གནོད་པར་བྱེད། །ང་དང་རྟག་ཏུ་མཛའ་བྱ་ཞེས། །ཛམྦུའི་གླིང་འདི་ཐམས་ཅད་དང ། །སངས་རྒྱས་ཞིང་རྣམས་རིན་པོ་ཆེ། །འབའ་ཞིག་བཀང་སྟེ་སྦྱིན་བྱེད་དང ། །གང་དག་མཚོན་ནི་རྣོན་པོ་ཡིས། །ཡན་ལག་ཉིང་ལག་གཅོད་པ་ཡི། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །མཉམ་པ་ཡི་ནི་སེམས་སུ་བྱ། །གཤེ་དང་མི་སྙན་ཟེར་བ་དང ། །ངན་དུ་བྱས་པ་ཐམས་ཅད་བཟོད། །བཟོད་པ་ལ་ནི་རབ་གནས་ནས། །བཟོད་པ་དག་གི་བསྔགས་པ་བརྗོད། །དུག་ལྡུད་མཚོན་གྱིས་འདེབས་པ་ཡི། །གཅིག་ལ་གཅིག་ནི་གནོད་བྱེད་པ། །སེམས་ཅན་དེ་དག་བསྡུམ་པར་བྱ། །དེ་ནི་མཁས་པའི་མཚན་ཉིད་དོ། །བྱིས་པ་སྤྱོད་པའང་གཞན་ཡིན་ཏེ། །གང་གིས་མྱ་ངན་འདའ་བའང་གཞན། །བདག་ནི་ཁྱད་པར་ཚོལ་བས་ན། །བྱིས་པ་དག་ནི་བདག་མི་སློབ། །ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་པར་བྱ་སྟེ། གལ་ཏེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་རྡོ་དབྱུག་དང ། མཚོན་འདེབས་ཤིང་འཕེན་པས་ཡུད་ཙམ་ཡང་འཚོར་མི་སྟེར་ན། དེས་ཀྱེ་མའོ་ངོ་
215b
མཚར་ཏོ། །ཞེས་བྱ་བ་ནས་སེམས་ཅན་འདི་དག་ནི། འཕགས་པ་སྟེ། བདག་གི་སྲོག་མ་བཅད་དོ། །སྙམ་པའི་བར་དུའོ། །དེ་ལྟར་བདག་གོ་བར་བྱ་ཞིང་ཡང་འདི་ལྟར་བསླབ་བོ། །ཡོངས་སུ་བརྟག་པ་བཟུང་སྟེ་བརྒྱལ་བདག་གོམ་པ་བདུན་པོར་བ་ཙམ་གྱི་ཡུན་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མགོ་བཅད་པར་གྱུར་ཀྱང་བདག་ཁྲོ་བ་དང ། གཤེ་བ་བསྒོམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱ་སྟོང་དུ་བསྒྲུབས་པའི་དགེ་བའི་རྩ་བ་འཇོམས་པ་སྟེ། ཡང་ཕྱིར་བདག་གིས་བསྐལ་པ་བརྒྱ་སྟོང་དུ་དགེ་བའི་རྩ་བ་བསྒྲུབ་པར་བྱ་དགོས་སོ། །དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི། སྒྲུབ་དཀའ་བ་ཡིན་ཏེ། དེ་ལྟར་ཆོས་དེ་འབྱུང་བར་དཀའོ། །དེ་བས་ན། བདག་བཟོད་པའི་སྟོབས་ཀྱི་གོ་ཆ་བགོ་བར་བྱའོ། །དེ་ལྟར་ཤཱ་རིའི་བུ། ཐེག་པ་ཆེན་པོ་ལ་ཞུགས་པ་སེམས་སྡང་པར་གྱུར་པ་ལ་བདུད་ཀྱིས་གླགས་རྙེད་དོ། །གླགས་རྙེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་གཅོད་པར་འགྱུར་རོ། །སེམས་སྡང་བས་ནི། བྱང་ཆུབ་ཏུ་བྱ་བ་ལ་གཡེང་བར་འགྱུར་རོ། །སེམས་གཡེང་བ་ལ་ནི། བདུད་སྡིག་ཅན་བདུད་ཀྱི་ལས་ཀྱིས་བསྐུལ་བར་བྱེད་དོ། །དེ་ལ་བདུད་ཀྱི་ལས་གང་ཞེ་ན། འདི་ལྟ་སྟེ། ལྷུང་བཟེད་ལ་ཞུགས་པའི་སེམས་ནི། བདུད་ཀྱི་ལས་སོ། །ཆོས་གོས་ལ་ཞུགས་པའི་སེམས་ནི། བདུད་ཀྱི་ལས་སོ། །གྲོང་དུ་སློང་བ་ལ་ཞུགས་པའི་སེམས་ནི། བདུད་ཀྱི་ལས་སོ། །རྙེད་པ་དང ། བཀུར་
216a
༄#། །སྟི་དང ། ཚིགས་སུ་བཅད་པ་ལ་ཞུགས་པའི་སེམས་ནི། བདུད་ཀྱི་ལས་སོ། །རབ་ཏུ་བྱུང་བ་ལ་འདུན་པ་ཟློག་པ་ནི། བདུད་ཀྱི་ལས་སོ། །ཆོས་དཀར་པོ་མང་པོ་ལས་འདུན་པ་ཟློག་པ་ནི། བདུད་ཀྱི་ལས་སོ། །དགོན་པར་གནས་པ་ལས་མོས་པ་ཟློག་པ་ནི། བདུད་ཀྱི་ལས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་འདུན་པ་ཟློག་པ་ནི། བདུད་ཀྱི་ལས་སོ། །ཡེ་ཤེས་གཞན་འདོད་པ་ནི། བདུད་ཀྱི་ལས་སོ། །མཁན་པོ་དང་སློབ་དཔོན་ལ་སྲི་ཞུ་མི་བྱེད་པ་ནི། བདུད་ཀྱི་ལས་སོ། །དེ་ལྟར་ཤཱ་རིའི་བུ། སེམས་སྡང་བ་ལ་ནི། བྱང་ཆུབ་ཏུ་བྱ་བ་ལ་གཡེང་བར་འགྱུར་རོ། །སེམས་གཡེང་བ་ནི། བདུད་སྡིག་ཅན་བདུད་ཀྱི་ལས་འདི་དག་ལ་འཛུད་དོ། །ཤཱ་རིའི་བུ། བདུད་སྡིག་ཅན་ཡུན་རིང་པོ་ནས་གླགས་ཚོལ་ཏེ། འདི་ལྟ་སྟེ། ཁྲོ་བ་དང ། གནོད་སེམས་ཚོལ་མོད་ཀྱི། ཤཱ་རིའི་བུ། ངས་མངོན་པར་ཤེས་པ་འདས་པའི་དུས་ན་ང་སྤྱོད་པའི་སྤྱོད་ཡུལ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་ཏེ། དེ་ན་ང་ལ་བདུད་སྡིག་ཅན་གྱིས་སྐྱེས་བུ་ལྔ་བརྒྱ་གཤེ་བ་ལ་དཔའ་བ་མངོན་པར་སྤྲུལ་ནས་དེ་དག་ལོ་ལྔ་བརྒྱའི་བར་དུ་རྟག་ཏུ་རྒྱུན་མི་འཆད་པར་ངའི་ཕྱི་བཞིན་ཉིན་ཐོག་ཐག་ཏུ་འགྲེང་ཞིང་དེ་དག་མཚན་མོ་ཡང་གཤེ་།ཉིན་མོ་ཡང་གཤེ་།འགྲོ་ཡང་གཤེ་།འོང་ཡང་གཤེ་།འགྲེང་ཡང་གཤེ་།འདུག་ཀྱང་གཤེ་།ཉལ་བ་དང ། འཆག་པ་དང ། འདུག་པ་དང ། གྲོང་དུ་འགྲོ་བ་དང ། སྲང་ན་འགྲེང་
216b
བ་དང ། ཁྱིམ་ན་འགྲེང་བ་དང ། སྲང་ན་འདུག་པ་དང ། ཁྱིམ་ན་འདུག་པ་དང ། དགོན་པར་སོང་བ་དང ། དགོན་པ་ན་འགྲེང་བ་དང ། དགོན་པ་ན་འདུག་ཀྱང་གཤེ་ཞིང་མི་སྙན་པར་ཟེར་ཏེ་ངན་དུ་སྨྲ། ཚིག་རྩུབ་པོ་སྨྲ་ཞིང་ཐབས་དེ་ལྟ་བུར་གནས་ཏེ། དེ་དག་ལོ་ལྔ་བརྒྱའི་བར་དུ་ཕྱི་བཞིན་ཐོག་ཐག་ཏུ་འབྲངས་པར་གྱུར་ཏེ། འོན་ཀྱང་ཤཱ་རིའི་བུ། ལོ་ལྔ་བརྒྱར་གཤེ་བ་ལ་དཔའ་བའི་སྐྱེས་བུ་དེ་དག་ལ་བྱམས་པ་ཉེ་བར་སྦྱོར་བས་ལྟ་བ་ལས་གཞན་ཐ་བའི་ཉེས་པ་བསྐྱེད་པའི་སེམས་བསྐྱེད་པ་གཅིག་ཙམ་ཡང་མི་ཤེས་སོ། །དེའི་ཚེ་ང་འདི་སྙམ་དུ་སེམས་ཏེ། གང་རིགས་ཀྱི་བུ་དེ་དག་ནི། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། རང་བཞིན་གྱིས་འདོད་ཆགས་ཆུང་བ། ཞེ་སྡང་ཆུང་བ། གཏི་མུག་ཆུང་བ་སྟེ། བདག་ནི། དེ་དག་ཉི་ཚེའི་དོན་དུ་དཀའ་བ་སྤྱོད་པ་མ་ཡིན། དེ་དག་ཉི་ཚེའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པ་མ་ཡིན་གྱི། སེམས་ཅན་གང་དམུ་རྒོད་གདུལ་དཀའ་བ། ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཅན། རང་བཞིན་གྱིས་འདོད་ཆགས་མང་བ། ཞེ་སྡང་མང་བ། གཏི་མུག་མང་བ། དེ་དག་གི་དོན་དུ་བདག་དཀའ་བ་སྤྱད་པ་སྤྱོད། དེ་དག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་སྟེ། དེ་དག་ཉིད་བདག་གིས་ཐོག་མར་མྱ་ངན་ལས་འདའ་བར་བྱའོ། །ཤཱ་རིའི་བུ། སེམས་སྡང་བ་མེད་པ་ལ་དྲན་པ་འདི་སྐྱེས་སོ། །དེ་ལྟར་ཤཱ་རིའི་བུ། དེ་བཞིན་གཤེགས་བ་ནི།
217a
༄#། །ཕན་པའི་དངོས་པོ་ཕུན་སུམ་ཚོགས་པ་སྟེ། སྔོན་གྱི་མཐའ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་འོངས་པའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འདོད་པ་དེ་དག་གིས་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་རང་བཞིན་ཅན་དུ་བྱའོ། །གྲང་བ་དང ། ཚ་བ་དང ། བཀྲེས་པ་དང ། སྐོམ་པ་དང ། རླུང་དང ། ཉི་མ་དང ། སྦྲང་བུ་དང ། ཤ་སྦྲང་དང ། སྡིག་སྦྲུལ་གྱིས་རེག་པ་དང ། ཕ་རོལ་གྱིས་ངན་དུ་སྨྲས་པ་དང ། ངན་དུ་བརྗོད་པའི་ཚིག་གི་ལམ་རྣམས་ལ་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་རང་བཞིན་ཅན་དུ་བྱའོ། །ལུས་ལས་སྐྱེས་ཤིང་བྱུང་བའི་ཚོར་བ་སྡུག་བསྔལ་བ་མི་བཟོད་པ། རྩུབ་པ། སྲོག་འཕྲོག་པ། འཆི་བ་ལ་ཐུག་པའི་ཚོར་བ་རྣམས་ལ་བཟོད་པ་དང་ལྡན་ཞིང་དང་དུ་ལེན་པའི་རང་བཞིན་ཅན་དུ་བྱའོ། །དེ་ལྟར་ཤཱ་རིའི་བུ། བཟོད་པ་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པ་གང་ཞེ་ན། གནོད་སེམས་མེད་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །མི་ཁྲོ་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །མི་འཚེ་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །རྩོད་པ་མེད་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །གནོད་པར་བྱེད་པ་མེད་ནི། བྱང་
217b
ཆུབ་སེམས་དཔའི་བཟོད་པར་བལྟའོ། །གནོད་པར་བྱ་བ་མེད་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །བདག་རྗེས་སུ་སྲུང་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །གཞན་རྗེས་སུ་སྲུང་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལུས་རྗེས་སུ་སྲུང་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ངག་རྗེས་སུ་སྲུང་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ།། སེམས་རྗེས་སུ་སྲུང་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ཚུལ་བཞིན་གྱིས་སོ་སོར་རྟོག་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །མྱ་ངན་ལས་འདས་པ་འདོད་ཆགས་དང་བྲལ་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལུས་ཡོངས་སུ་དག་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ངག་ཡོངས་སུ་དག་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །སེམས་ཡོངས་སུ་དག་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ལྷ་དང་མིའི་ཕུན་སུམ་ཚོགས་པ་རྗེས་སུ་མྱོང་བ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །དེ་བཞིན་གཤེགས་པའི་གསུང་ཚངས་པའི་སྒྲ་དབྱངས་སྒྲོག་པ་ཐོབ་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང ། དགེ་བའི་རྩ་བ་
218a
༄#། །ཐམས་ཅད་ཆུད་མི་གསོན་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ཕས་ཀྱི་གནོད་པར་བྱེད་པ་ཐམས་ཅད་ལས་འདས་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །མདོར་ན་དེ་བཞིན་གཤེགས་པའི་སྟོབས་དང ། མི་འཇིགས་པ་དང ། མ་འདྲེས་པ་དང ། སྙིང་རྗེ་ཆེན་པོ་དང ། བྱམས་པ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པར་བལྟའོ། །ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་བ་ནི། འདི་ལྟར་བྲག་ཅའི་སྒྲ་དང་མཚུངས་པར་རབ་ཏུ་ཤེས་པས་སྤྱོས་ཀྱང་སླར་མི་གཤེའོ། །ལུས་གཟུགས་བརྙན་དུ་ཤེས་པས་བརྡེགས་ཀྱང་སླར་མི་བརྡེག་།སེམས་སྒྱུ་མ་ལྟ་བུར་རབ་ཏུ་རྟོགས་པས་ཁྲོས་ཀྱང་སླར་མི་ཁྲོ། རང་གི་ཡོན་ཏན་ཡོངས་སུ་རྫོགས་པས་དེ་མ་བསྔགས་པ་ལ་ཁོང་ཁྲོ་བ་མེད། བསྔགས་པ་ལ་རྗེས་སུ་ཆགས་པར་མི་བྱེད་དོ། །དུལ་ཞིང་ཞི་བའི་ཕྱིར་རྙེད་པས་དགའ་པར་མི་འགྱུར། མི་རྙེད་པས་ཞུམ་པར་མི་འགྱུར། རབ་ཏུ་བརྟགས་པའི་བློ་རྒྱ་ཆེ་བའི་ཕྱིར་གྲགས་པས་ངོ་མཚར་དུ་མི་འཛིན། མ་གྲགས་བས་འཁྲུལ་བར་མི་འགྱུར། མི་གཡོ་བར་རབ་ཏུ་གནས་པའི་ཕྱིར་སྨད་པས་འདུད་པར་མི་འགྱུར། བསྟོད་པས་ཁེངས་པར་མི་འགྱུར། སེམས་
218b
ཅན་ལ་ལྟ་བའི་ཕྱིར་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ། །འདུས་བྱས་ཀྱི་བདེ་བ་མི་རྟག་པའི་ཕྱིར་བདེ་བ་ལ་དགའ་བ་མེད། སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པས་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས། ཕ་རོལ་ལ་མི་གནོད་པས་བདག་ལ་གནོད་པ་བཟོད། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཡོངས་སུ་རྫོགས་པས་ཡན་ལག་དང ། ཉིང་ལག་དང ། མགོ་བཅད་ཀྱང་བཟོད། སངས་རྒྱས་ཀྱི་སྐུ་འདོད་པས་ལུས་གཏུབས་ཀྱང་བཟོད། ལེགས་པར་བྱས་པའི་ལས་ཀྱི་སྟོབས་བསྐྱེད་པས་ངན་དུ་བྱས་པ་ཐམས་ཅད་བཟོད་དེ། ཤཱ་རིའི་བུ། དེ་ནི། བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། རབ་ཏུ་བཟོད་པའོ། །དེ་ཅིའི་ཕྱིར་ཞེ་ན། གཤེ་བ་ནི། སུ། གཤེ་བར་བྱ་བ་ནི། གང་ཞེས་བཟོད་ན། དེ་གཉི་ག་དམིགས་པའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །ཡང་འདི་ལ་གཤེ་བ་གང་ཞེས་བཟོད་ན། དེ་ཆོས་བགྲང་བའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། ། ཅི་མིག་གིས་མིག་ལ་གཤེའམ་ཞེས་བཟོད་ན། དེ་སྐྱེ་མཆེད་ལ་སོ་སོར་རྟོག་པའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །འདི་ནི། ཡི་གེ་ཡིན་ནོ། །ཞེས་བཟོད་ན། དེ་བྲག་ཅའི་སྒྲའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །འདི་ཡང་མི་རྟག་།བདག་ཀྱང་མི་རྟག་ཅེས་བཟོད་ན། དེ་མི་རྟག་པ་ལ་འཇུག་པའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །འདི་ནི། ཕྱིན་ཅི་ལོག་།བདག་ནི།
219a
༄#། །ཕྱིན་ཅི་ལོག་མ་ཡིན་ཞེས་བཟོད་ན། དེ་མཐོ་དམན་གྱི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི། རིགས། འདི་ནི། མི་རིགས་སོ། །ཞེས་བཟོད་ན། དེ་རིགས་པ་མ་ཡིན་པའི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །བདག་ནི། ལམ་ལ་གནས། འདི་ནི། ལམ་ངན་པ་ལ་གནས་ཞེས་བཟོད་ན། དེ་གཉིས་ཀྱི་བཟོད་པ་སྟེ། དེ་རབ་ཏུ་བཟོད་པ་མ་ཡིན་ནོ། །བདག་སྟོང་པ་ཉིད་བཟོད་ཀྱི། བདག་ལྟ་བར་སོང་བ་མི་བཟོད། བདག་མཚན་མ་མེད་པ་བཟོད་ཀྱི། བདག་རྣམ་པར་རྟོག་པ་མི་བཟོད། བདག་སྨོན་པ་མེད་པ་བཟོད་ཀྱི། བདག་སྨོན་པ་ཡོད་པ་མི་བཟོད། བདག་མངོན་པར་འདུ་མི་བྱེད་པ་བཟོད་ཀྱི། བདག་མངོན་པར་འདུ་བྱེད་པ་མི་བཟོད། བདག་ཉོན་མོངས་པ་ཟད་པ་བཟོད་ཀྱི། བདག་ཉོན་མོངས་པ་མི་བཟོད། བདག་དགེ་བ་བཟོད་ཀྱི། བདག་མི་དགེ་བ་མི་བཟོད། བདག་ཁ་ན་མ་ཐོ་བ་མེད་པ་བཟོད་ཀྱི། བདག་ཁ་ན་མ་ཐོ་བ་མི་བཟོད། བདག་ཟག་བ་ཟད་པ་བཟོད་ཀྱི། བདག་ཟག་པ་དང་བཅས་པ་མི་བཟོད། བདག་འཇིག་རྟེན་ལས་འདས་པ་བཟོད་ཀྱི། བདག་འཇིག་རྟེན་པ་མི་བཟོད། བདག་རྣམ་པར་བྱང་བ་བཟོད་ཀྱི། བདག་ཀུན་ནས་ཉོན་མོངས་པ་མི་བཟོད། བདག་མྱ་ངན་ལས་འདས་པ་བཟོད་ཀྱི། བདག་འཁོར་བ་མི་བཟོད་ན། དེ་གཉེན་པོས་སྤོང་བའི་བཟོད་པ་སྟེ། རབ་ཏུ་བཟོད་པ་མ་ཡིན་ནོ། །དེ་ལ་རབ་ཏུ་བཟོད་པ་གང་ཞེ་ན། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་
219b
ལ་ལྟ་བ་བསལ་བའང་མེད། སྟོང་པ་ཉིད་དུ་སྒྲོ་འདོགས་པའང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་རྣམ་པར་རྟོག་པ་བསལ་བའང་མེད། མཚན་མ་མེད་པར་སྒྲོ་འདོགས་པ་དང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་སྨོན་པ་བསལ་བའང་མེད། སྨོན་པ་མེད་པར་སྒྲོ་འདོགས་པའང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་མངོན་པར་འདུ་བྱེད་པ་བསལ་བའང་མེད། མངོན་པར་འདུ་མི་བྱེད་པར་སྒྲོ་འདོགས་པའང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་ཉོན་མོངས་པ་བསལ་བའང་མེད། ཀུན་ནས་ཉོན་མོངས་པ་ཟད་པར་སྒྲོ་འདོགས་པའང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་མི་དགེ་བ་བསལ་བའང་མེད། དགེ་བར་སྒྲོ་འདོགས་པའང་མེད། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པ་བསལ་བའང་མེད། ཁ་ན་མ་ཐོ་བ་མེད་པར་སྒྲོ་འདོགས་པའང་མེད། གོང་མ་བཞིན་དུ་ཐམས་ཅད་ལ་རྒྱས་པར་བྱ་སྟེ། གང་སྟོང་པ་ཉིད་ཁོང་དུ་ཆུད་པ་དེ་ལ་འཁོར་བ་བསལ་བའང་མེད། མྱ་ངན་ལས་འདས་པར་སྒྲོ་འདོགས་པ་ཡང་མེད་དེ། གང་འདི་ལ་བཟོད་པ་དེ་ནི། རབ་ཏུ་བཟོད་པ་ཞེས་བྱའོ། །གང་མ་སྐྱེས། མ་བསྐྱེད། མ་བྱུང ། བྱུང་བར་མ་གྱུར་པ་དེ་ལ་འབྱུང་བ་གང་ཡང་མེད་དོ། །འབྱུང་བ་མེད་པས་མི་ཟད་དེ། གང་མི་ཟད་པ་དེ་རབ་ཏུ་བཟོད་པའོ། །གང་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན། སྒྲོ་འདོགས་པའང་མ་ཡིན། མ་གཞག་།མ་སྤེལ། ཡང་དག་པར་མ་སྤེལ་བ། མི་འཕྲོག་པ། མི་གསོག་པ། མི་འབྲི་བ་དེ་ལ་
220a
༄#། །སྐྱེ་བ་གང་ཡང་མེད་དོ། །གང་མི་སྐྱ་བ་དེ་ནི། མི་ཟད་པ་སྟེ། གང་དེ་ལྟར་བཟོད་ན། དེ་ནི། མི་སྐྱེ་བ་ལ་བཟོད་པ་ཞེས་བྱའོ། །ཤཱ་རིའི་བུ། བཟོད་པ་འདི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །ཤཱ་རིའི་བུ། འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། བདུད་དང ། བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་དང ། དེ་མ་ཡིན་པ་གཞན་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུབ་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ། བརྒྱད་པའོ།། །།བམ་པོ་བཅུ་གཉིས་པ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ཞུགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང ། བདུད་དང ། བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་དང ། དེ་མ་ཡིན་པ་གཞན་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུལ་བར་འགྱུར་བའི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། རང་གི་ལུས་དང ། སྲོག་ལ་མི་ལྟ་བར་བརྩོན་འགྲུས་དྲག་པོ་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་ཚོལ་བར་
220b
བྱེད། ཤིན་ཏུ་ཉན་པར་བྱེད། འཆང་བར་བྱེད། འཛིན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་འཆད་པར་བྱེད། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད། བྲིས་ནས་འཛིན་པར་བྱེད་དོ། །དེ་ཇི་ལྟར་ན། ལུས་དང ། སྲོག་མི་ལྟ་བ་ཡིན་ཞེ་ན། འདི་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་མདོ་སྡེ་འཆང་བ་དང ། འཛིན་པ་དང ། ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང ། གཞན་ལ་ཡང་གོ་བར་བྱེད་པ་དང ། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང ། བྲིས་ནས་འཛིན་པ་དང ། དེ་བཞིན་དུ་ནན་ཏན་བྱེད་པ་དེ་དག་གི་ལུས་ལ་ངས་མདའ་དང ། མཚོན་དང ། མདུང་ཐུང་བརྒྱས་ཕུག་སྟེ་སྲོག་བཅད་དོ། །ཞེས་ཕ་རོལ་གྱིས་བསྡིགས་ཀྱང་དེ་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མི་འཇིགས། མི་དངང ། མི་སྐྲག་།ཀུན་ཏུ་སྐྲག་པར་མི་འགྱུར་གྱི། ཕྱིར་ཞིང་བརྩོན་འགྲུས་བརྟན་པ་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མི་སྤོང ། རྣམ་པར་མི་སྤོང ། རབ་ཏུ་རྣམ་པར་མི་སྤོང་མི་འདོར་ཏེ། མོས་པ་དྲག་པོར་འགྱུར། མོས་པ་བརྟན་པར་འགྱུར། བཟོད་པ་བརྟན་པར་འགྱུར། བརྩོན་འགྲུས་བརྟན་པར་འགྱུར་རོ། །ཤཱ་རིའི་བུ། བཟོད་པ་བརྟན་པ་དང ། བརྩོན་འགྲུས་བརྟན་པ་ལས་བཟུང་སྟེ་དཔེ་བསྟན་ཏོ། །བཟོད་པ་བརྟན་པ་ཇི་ཙམ་པ་དང ། བརྩོན་འགྲུས་བརྟན་པ་ཇི་ཙམ་པའི་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ལ་མི་ལྟ་བར་འགྱུར་ཏེ། ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་
221a
༄#། །སེམས་ཅན་ཇི་སྙེད་པ་སྒོ་ང་ལས་སྐྱེས་བའམ། མངལ་ནས་སྐྱེས་བའམ། དྲོད་གཤེར་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ། སྣང་བར་གྱུར་བའམ། མི་སྣང་བར་གྱུར་བའམ། སེམས་ཅན་ཇི་སྙེད་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་ཡོངས་སུ་བརྟག་པ་བཟུང་སྟེ་སྐད་ཅིག་ཐང་གཅིག་ཡུད་ཙམ་ལ་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་མིར་གྱུར་ནས་ཐམས་ཅད་ཀྱི་ལག་ཏུ་མཚོན་རྣོན་པོ་ཐོགས་ཏེ་དགྲར་གྱུར་ནས་ཚིག་འདི་སྐད་ཅེས་འདི་ལྟ་བུའི་ཚིག་དང ། ཡི་གེ་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། གཞན་དག་ལ་འཆད་པ་དང ། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང ། དེ་བཞིན་དུ་ནན་ཏན་བྱེད་པ་དེ་དག་ངེད་ཀྱིས་བཟུང་སྟེ་སྲོག་གཅད་དོ། །ཞེས་ཟེར་ན་ཡང་དེ་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་དངང་བ་དང་སྐྲག་པ་སྐྱེ་བའི་སེམས་གཅིག་ཀྱང་མི་བསྐྱེད་ཀྱི། དེ་བས་ལྷག་པར་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཤཱ་རིའི་བུ།་འདི་ནི། བྱང་ཆུབ་སེམས་དཔའི་མི་ལྡོག་པའི་བརྩོན་འགྲུས་དང་ལྡན། མཐའ་ཡས་པའི་བརྩོན་འགྲུས་ཀྱི་སྟོབས་ཀྱི་ཤུགས་དང་ལྡན་ཞིང ། བརྩོན་འགྲུས་དཔའ་བ་དང ། སེམས་
221b
དཔའ་བ་དང ། ཚུལ་ཁྲིམས་དཔའ་བ་དང ། བཟོད་པ་དཔའ་བ་དང ། ཏིང་ངེ་འཛིན་དཔའ་བ་དང ། ཤེས་རབ་དཔའ་བ་དང ། སྤྱོད་པའི་ཁྱད་པར་གྱི་ཡེ་ཤེས་དཔའ་བ་ཞེས་བྱའོ། །དེ་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་གང་མཚོན་རྣོན་པོ་ཐོགས་པའི་དགྲ་རྣམས་ལ་གནོད་པའི་སེམས་གཅིག་ཀྱང་མི་བསྐྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་ཚངས་པ་དང་མཚུངས། དབང་པོ་དང་མཚུངས། ལྷུན་པོ་དང་མཚུངས་ཏེ། མི་བསྒུལ་བ། སྙིང་རྗེ་ཅན། བྱམས་པ་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་གསོ་བ་ལ་མོས་པ། ཕྱིར་མི་ལྡོག་པའི་སྤྱོད་ཡུལ་བ། སེམས་ས་དང་མཚུངས་པ།་སེམས་ཆུ་དང་མཚུངས་པ། སེམས་མེ་དང་མཚུངས་པ། སེམས་རླུང་དང་མཚུངས་པ། སེམས་ནམ་མཁའ་དང་མཚུངས་པ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཐ་བ་སེལ་བ་ལ་ཞུགས་པ་ཞེས་བྱའོ། །ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྦྱིན་པ་བྱིན་པ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འདི་ལྟ་བུའི་ཆོས་བདག་གིས་བསླབ་པར་བྱའོ། །ཞེས་སེམས་ལ་རབ་ཏུ་བཞག་ན། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སློབ་པར་འདོད་
222a
༄#། །པས་མ་བསླབ་ཀྱང་དགེ་བའི་རྩ་བ་ཆེས་མང་དུ་ཡོངས་སུ་གཟུང་བར་འགྱུར་ཏེ། སྦྱིན་པ་ཆེན་པོ་བྱིན་པས་ནི། དེ་ཙམ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། འདིའི་ཁར་ལུས་སོ། །དེ་བས་ན། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྣམ་གྲངས་མཉན་པ་དང ། གཟུང་བ་དང ། ཡི་གེར་འབྲི་བ་དང ། བཀླག་པ་དང ། བཅང་བ་དང ། ཕ་རོལ་ལ་ཡང་ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་བརྩོན་འགྲུས་བརྩམ་མོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ནི། འགྲོ་བ་མེད་པའི་འགྲོ་བར་འགྲོ་བའོ། །འགྲོ་བ་མེད་པར་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པ་སྟེ། དེར་བདུད་སྡིག་ཅན་འགྲོ་བ་མེད་དོ། །དེ་བས་ན། འགྲོ་བ་མེད་པར་འགྲོ་བ་ཞེས་བྱའོ། །དེར་འགྲོ་བ་ནི། བརྩོན་འགྲུས་དང་ལྡན་པ། སྐྱེས་བུ་དམ་པ་སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་སྤྱོད་པའི་ལམ་དུ་ཞུགས་པ་དེ་ནི། དེ་ལྟ་བུའི་སྐྱེས་བུ་དམ་པ་དག་དང ། སངས་རྒྱས་རྣམས་སོ། །གང་ལ་ལ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་སེམས་ཅན་ཐམས་ཅད་ནི།་གནས་གསུམ་སྟེ། གསུམ་གང་ཞེ་ན། ངན་སོང་དུ་གཞོལ་བ་དང ། ངན་སོང་དུ་འབབ་པ་དང ། ངན་སོང་དུ་བབ་པ་སྟེ། ཚུལ་ཁྲིམས་དང ། བཟོད་པ་དང ། མང་དུ་ཐོས་པ་མ་གཏོགས་
222b
པར་མངོན་པར་བྱུང་བའི་ཆོས་གཞན་གང་ཡང་མེད་དོ། །ཀྱེ་མའོ་སེམས་ཅན་འདི་དག་ནི། ང་ཞེས་ཟེར་བའི་ཚིག་གི་ལམ་ལ་གནས་པ་སྟེ། ལམ་མ་ཡིན་པ་ལ་གནས་སོ། །ཀྱེ་མའོ་སེམས་ཅན་འདི་དག་ནི། ང་ཞེས་ཟེར་བའི་བརྩོན་འགྲུས་བརྩམས་པ་སྟེ། ལེ་ལོ་ཅན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་མཁས་པ་ནི། ལམ་མ་ཡིན་པ་ལ་གནས་པའི་སེམས་ཅན་ལེ་ལོ་ཅན་དང་མཛའ་བར་མི་བྱེད།་སྟེན་པར་མི་བྱེད་དེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་མཐུན་པར་སྤྱོད་པ་བརྩོན་འགྲུས་བརྩམས་པ་དང་སྟེན་པར་བྱད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ལས་གཞན་མྱ་ངན་ལས་འདས་པའི་མཆོག་གང་ཡང་མེད་དོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་རྣམ་པར་བྱང་བ་ལ་མོས་ཤིང་བརྩོན་འགྲུས་བརྩམས་པ་ནི། བདག་གིས་ལུས་འབའ་ཞིག་ཉེ་བར་ཞི་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་ནས་ཁོང་དུ་ཆུད་པར་བྱེད། སྟོན་པར་བྱེད། སྐུལ་བར་བྱེད། འཛིན་དུ་འཇུག་།འཕགས་པའི་ལམ་སྲང་དུ་འཛུད་དེ། དེ་བས་ན། སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མདུད་པ་མེད་པའི་བརྩོན་འགྲུས་ཀྱིས། །རྟག་ཏུ་ཡང་དག་འཕགས་པར་འགྱུར། །མཁས་པ་བྱང་ཆུབ་སེམས་དཔའ་ཡི། །སྡེ་སྣོད་དག་ནི་རྟག་ཏུ་འཛིན། །ཆོས་རྣམས་ཀྱི་ནི་དོན་སེམས་ཏེ། །དེ་
223a
༄#། །དག་བློ་ནི་བསམ་མི་ཁྱབ། །རྣམ་པར་བྱང་བ་ཀུན་ཚོལ་བ། །བྱང་ཆུབ་སེམས་དཔར་བརྗོད་པ་ཡིན། །ཤེས་རབ་ཆེན་པོ་དེ་དག་འབད། །ཤིང་མཆོག་དྲུང་དུ་འདུག་ནས་ནི། ། དེ་བཞིན་གཤེགས་ཤེས་རབ་བརྩོན་འགྲུས་ཀྱིས། །སྡིག་ཅན་བདུད་རྣམས་སྐྲག་པར་བྱེད། །འཇིག་རྟེན་ཀུན་གྱི་བརྡ་དག་ལས། །ཚུལ་ཁྲིམས་དག་ནི་ཐམས་ཅད་སྟོན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དེ་ལ་བརྩོན་འགྲུས་ཉམས་མི་འགྱུར། །ཤཱ་རིའི་བུ། དུས་འདི་ལྟ་བུ་དང ། ཚོད་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། གང་ང་དང་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལྔ་བརྒྱ་ཐ་མ་ལ་འདི་ལྟ་བུའི་མདོ་སྡེ་འགྲོ་བ་མང་པོ་དགའ་བ་དང ། མགུ་བར་བྱེད་པ། ཤེས་རབ་སྒྲུབ་པར་བྱེད་པ། བསོད་ནམས་སྒྲུབ་པར་བྱེད་པ། ལོངས་སྤྱོད་འཕེལ་བ་སྒྲུབ་པར་བྱེད་པ། མཐོ་རིས་སྒྲུབ་པར་བྱེད་པ། ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པའི་སྟོབས་དང ། མི་འཇིགས་པ་དང ། སོ་སོ་ཡང་དག་པར་རིག་པ་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པར་བྱེད་པ། མདོར་ན་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པ། བདུད་སྐྲག་པར་བྱེད་པ།་སེམས་རྣམ་པར་དག་པར་བྱེད་པ། སྐྱེ་བ་ཟད་པའི་མཐར་བྱེད་པ། སྡུག་བསྔལ་ཟད་པའི་མཐར་བྱེད་པ། མྱ་ངན་ལས་འདས་པ་དང་ཉེ་བར་བྱེད་པ་འབྱུང་ན། དེ་དག་དེའི་དུས་ན་སྤོང་
223b
བར་འགྱུར། མི་འདོད་པར་འགྱུར། ཡོངས་སུ་གཏོང་བར་འགྱུར་རོ། །དེ་ལ་ཤཱ་རིའི་བུ། གང་བརྩོན་པ། རབ་ཏུ་བརྩོན་པ། མངོན་པར་རབ་ཏུ་བརྩོན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ། ཚུལ་ཁྲིམས་འདོད་པ། ཐོས་པ་འདོད་པ། ཏིང་ངེ་འཛིན་འདོད་པ། ཤེས་རབ་འདོད་པ། རྣམ་པར་གྲོལ་བ་འདོད་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འདོད་པ། སངས་རྒྱས་ཀྱི་ཆོས་འདོད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འདོད་པ། ལོག་པར་ལྟ་བ་སྤོང་བར་འདོད་པ། ཡང་དག་པར་ལྟ་བ་སྒོམ་པར་འདོད་པ། འཁོར་བ་སྤོང་བར་འདོད་པ། འཕགས་པའི་ལམ་སྒོམ་པར་འདོད་པ། ཆོས་སྟོན་པར་འདོད་པ། བདུད་སྐྲག་པར་བྱེད་པར་འདོད་པ། འདོད་ཆགས་ཞི་བར་འདོད་པ། ཞེ་སྡང་ཞི་བར་འདོད་པ། གཏི་མུག་འཇོམས་པར་འདོད་པ།་མ་རིག་པ་འཇོམས་པར་འདོད་པ། རིག་པ་བསྐྱེད་པར་འདོད་པའི་སེམས་ཅན་དེ་དག་འབྱུང་བར་འགྱུར་ཏེ། ཤཱ་རིའི་བུ། དེ་དག་འདི་ལྟ་བུའི་ཆོས་ཐོས་ནས་དགེ་བའི་རྩ་བའི་ཆོས་ཐམས་ཅད་འདོད་པའི་ཕྱིར་བརྩོན་འགྲུས་རྩོམ་པར་འགྱུར་རོ། །འདི་འདྲ་བ་ཡི་ཆོས་ཐོས་ནས། །སངས་རྒྱས་ཆོས་རྣམས་ཐམས་ཅད་ནི། །བར་དུ་གཅོད་པ་མི་འབྱུང་སྟེ། །འདི་ལ་བདག་ནི་ཐེ་ཚོམ་མེད། །དེ་ལ་ཤཱ་རིའི་བུ། སེམས་ཅན་གང་བསོད་ནམས་ཀྱི་སྟོབས་ཀྱིས་ཉེ་བར་བརྟན་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་འབྱུང་བ་དེ་དག་འདི་
224a
༄#། །ལྟ་བུའི་མདོ་སྡེ་འདི་ཉན་པར་བྱེད་དེ། ཐོས་ནས་རྒྱ་ཆེར་དགའ་ཞིང་མགུ་བ་ཐོབ་པར་འགྱུར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རབ་ཏུ་ཀུན་ཆུབ་བར་བྱེད་པར་འགྱུར། །ནན་ཏན་གྱིས་བསྒྲུབ་པར་འགྱུར་རོ། །ཡང་གང་གིས་དེ་བཞིན་གཤེགས་པའི་བསྟན་པ་མཉན་པའི་ཆོས་སུ་བྱས་པར་གྱུར་བ་དེ་དག་རྒྱུ་ལ་ལ་དང ། དམིགས་པ་ལ་ལས་དབང་དུ་མ་གྱུར་པར་ཉན་པར་བྱེད་དེ། ཐོས་ནས་རྒྱ་ཆེར་དགའ་བ་དང ། མགུ་བ་ཐོབ་པར་འགྱུར། དེ་དག་དགའ་བ་དང ། མགུ་བ་སྐྱེས་ནས་བརྩོན་འགྲུས་ཤིན་ཏུ་བརྟན་པ་རྩོམ་པར་འགྱུར་ཏེ། དེ་འདི་ལྟ་བུའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་དཀོན་མཆོག་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། ཤིང་ཏོག་སྨིན་པ་རྣམ་པ་མང་པོ་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ། རྒྱ་མཚོ་ཆེན་པོས་ཁྱེར་བ་དང ། སྐྱེས་བུ་ལ་ལས་བརྩོན་འགྲུས་དང་རྟུལ་བ་ཆེན་པོ་བསྐྱེད་ནས་ཆུ་ཆེན་པོར་ཞུགས་ཏེ་ལག་པ་དང་རྐང་པས་འབད་ནས་རྒྱ་མཚོ་ཆེན་པོ་དེ་ལས་ཤིང་ཏོག་གཅིག་བླངས། གཉིས་དང་གསུམ་བླངས་ནས་རྒྱ་མཚོ་ཆེན་པོ་དེ་ལས་བརྒལ་ནས་དེ་ཕྱོགས་གཅིག་ཏུ་སོང་སྟེ་ཤིང་ཏོག་དེ་མྱངས་ན། དེས་སྔོན་མ་མྱོང་བའི་རོ་མྱོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཤིང་ཏོག་འདི་དག་ཁ་དོག་དང་ལྡན་ཞིང ། ཤིང་ཏོག་འདི་དག་
224b
དྲི་དང་ལྡན། ཤིང་ཏོག་འདི་དག་རོ་དང་ལྡན་ཏེ། སྔོན་མ་མྱོང་གི་།འདི་ལྟར་བདག་གིས་བརྩོན་འགྲུས་རབ་ཏུ་བརྩམས་ཏེ་ལག་པ་དང་རྐང་པས་འབད་ནས་ཤིང་ཏོག་གཞན་ཡང་བླང་སྙམ་སྟེ་རྒྱ་མཚོ་ཆེན་པོ་དེ་ལ་ཡང་ཞུགས་པ་དང ། དེས་ཕྱི་མ་མ་མཐོང་ནས་འདི་ལྟར་ཤིང་ཏོག་ཁ་དོག་དང ། དྲི་དང ། རོ་དང་ལྡན་ཞིང་སྨིན་པ་རྣམ་པ་སྣ་ཚོགས་དེ་དག་ལས་བདག་གིས་མང་དུ་མ་བླངས་པས་ཡོངས་སུ་ཉམས་པར་གྱུར་ཏོ། །ཞེས་དེ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་འགྱོད་དོ། །དེ་བཞིན་དུ་ཤཱ་རིའི་བུ། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་དད་པ་ཆུང་བ། གཏོང་བ་ཆུང་བ། ཤེས་རབ་ཆུང་བ། བརྩོན་འགྲུས་ཆུང་བ་འབྱུང་སྟེ། རྣམ་གྲངས་འགའ་ཞིག་གིས་འདི་ལྟ་བུའི་མདོ་སྡེ་དཀོན་མཆོག་ཉན་པར་འགྱུར་ཏེ། ཐོས་ནས་གང་ཅུང་ཟད་ཙམ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་འཛིན་པ་དེ་དག་ལ་བདུད་སྡིག་ཅན་ཡོངས་སུ་འཚེ་བར་འགྱུར་རོ། །དེ་དག་ལ་སྐྱེ་བོ་མང་པོ་དགའ་བར་མི་འགྱུར། སྐྱེ་བོ་མང་པོས་མཆོད་པར་མི་འགྱུར། སྐྱེ་བོ་མང་པོས་བསྟོད་པར་མི་འགྱུར་ཏེ། མི་དགའ། མི་མཆོད། མི་བསྟོད་པར་རིག་ནས་ཡལ་བར་འདོར་རོ། །ཡང་དེ་དག་གིས་གང་ཐོས་པར་འགྱུར་བ་དང ། ཟིན་པར་འགྱུར་བ་ཡང་ཉུང་ཞིང་དོག་ལ་ཆུང་སྟེ། མི་མང་བས་དེ་ཕྱོགས་གཅིག་ཏུ་སོང་ནས་སེམས་ལ་འཇོག་སྟེ། སེམས་ཀྱིས་ངེས་པར་རྟོག་ཅིང་དེ་དག་དགའ་བ་མི་སྐྱེ་ལ་འགྱོད་པར་འགྱུར་རོ། །ཀྱེ་
225a
༄#། །མའོ་བདག་དེ་བཞིན་གཤེགས་པའི་བསྟན་པ་མཆོག་ལས་ཡོངས་སུ་ཉམས་ཏེ་ཆོས་མང་པོར་མ་ཐོས། ཆོས་མང་པོར་མ་བཟུང་ངོ ། །ཞེས་དེ་དག་ཡུད་ཙམ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྗེས་སུ་དྲན་པར་འགྱུར་རོ། །ཤཱ་རིའི་བུ། གཞན་ཡང་དེའི་དུས་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། གང་མདོ་སྡེ་འདི་ཐོས་ནས་སྐྱེ་བོ་མང་པོའི་མདུན་དུ་མདོ་སྡེ་འདི་ནི། རང་བཟོར་བྱས་པ་ཡིན་ཏེ། འདི་ནི། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་སྤོང་བར་འགྱུར་རོ། །ཡང་ཤཱ་རིའི་བུ། དེའི་དུས་ན་དགེ་སློང་གང་ཐམས་ཅད་ཡོད་མི་ཉན་པ་དག་ཀྱང་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འདི་འདྲ་བ་ཡི་ཆོས་ཐོས་ནས། །བར་དུ་གཅོད་པར་ཡོང་མི་འགྱུར། །སངས་རྒྱས་ཀྱི་ནི་ཆོས་ཐམས་ཅད། །དེ་ལ་བདག་ནི་ནེམ་ནུར་མེད། །གང་དག་བསོད་ནམས་ཆུང་འབྱུང་བ། །དེ་དག་འདི་འདྲ་ཉན་མི་འགྱུར། །གང་དག་བསོད་ནམས་ཆུང་འབྱུང་བ། །ཐོས་ནས་དད་པར་མི་འགྱུར་རོ། །གང་དག་བསོད་ནམས་ལྡན་འབྱུང་བ། །ཐོས་ནས་དད་པས་འཛིན་པར་འགྱུར། །གང་དག་བསོད་ནམས་ཆུང་འབྱུང་བ། །འདི་ནི་བསྟན་པ་མིན་ཞེས་ཟེར། །དེ་དག་ངན་འགྲོར་འགྲོ་བར་འགྱུར། །ས་ཡི་སྟེང་ན་དམུས་ལོང་བཞིན། །བསོད་ནམས་ལྡན་འབྱུང་དེ་དག་ནི། །ཐོས་ནས་རབ་
225b
ཏུ་དགའ་བར་འགྱུར། །བདེ་འགྲོ་བར་ནི་དེ་དག་འགྲོ། །སྤྲིས་མ་མར་གྱི་སྙིང་པོ་བཞིན། །གང་དག་བསོད་ནམས་ཆུང་འབྱུང་བ། ཐོས་ནས་ཡིད་ནི་མི་བདེར་འགྱུར། །དེ་དག་ཡུན་རིང་སྡུག་བསྔལ་ཏེ། ། མི་ཤེས་པས་ནི་གྲོལ་མི་འགྱུར། །ཉུང་དུ་ཐོས་པ་ཁ་ཅིག་ནི། །དེ་དག་བདུད་ཀྱིས་ཡོངས་སུ་གཙེས། །སངས་རྒྱས་བྱང་ཆུབ་སྤངས་གྱུར་ནས། །མྱུར་དུ་སེམས་ཅན་དམྱལ་བར་འགྲོ་།ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི། རྣམ་པར་དག་པ་སྟེ། ཤཱ་རིའི་བུ། འཁོར་བཞི་ལས་གང་ལ་ལ་ཐ་ན་དགེ་སློང་གཅིག་གམ། དགེ་སློང་མ་གཅིག་གམ། དགེ་བསྙེན་གཅིག་གམ། དགེ་བསྙེན་མ་གཅིག་ཀྱང་སངས་རྒྱས་ཀྱི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་ན་དེ་འདི་ལྟ་བུའི་མདོ་སྡེ་ཉན་ཏེ། ཐོས་ནས་ནན་ཏན་བྱེད་ཅིང་འཛིན་པར་འགྱུར་བ་དང ། གང་གིས་ཐོས་ནས་སྤོང་བར་འགྱུར་བ་དང ། གང་ཐམས་ཅད་ཡོད་ཉན་པར་མི་འགྱུར་བ་དེ་ཀུན་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་ལ་གང་ཐོས་ནས་ནན་ཏན་བྱེད་ཅིང་འཛིན་པར་འགྱུར་བ་དེ་དག་སྒྲིབ་པ་མེད་ཅིང་ཡོངས་སུ་དག་པ་བཞི་དང་ལྡན་པར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་དང་ལྡན་པར་འགྱུར་བ་དང ། དལ་བ་འབྱོར་པ་སོ་སོར་ཐོབ་པར་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་དང་ལྡན་པར་འགྱུར་བ་དང ། སངས་རྒྱས་མངོན་སུམ་དུ་མཐོང་སྟེ་འགྲོགས་པ་རྣམ་པར་དག་པ་སྒྲིབ་པ་མེད་པ་དང་ལྡན་པར་འགྱུར་བ་དང ། དེ་བཞིན་གཤེགས་པ་བྱམས་པ་
226a
༄#། །མཐོང་ནས་མཐོང་མ་ཐག་ཏུ་རྣམ་པར་དག་ཅིང་སྒྲིབ་པ་མེད་པར་འགྱུར་ཏེ། ཇི་ལྟར་དགེ་བའི་རྩ་བ་སྐྱེད་པ་དང ། ཇི་ལྟར་སྦྱོར་བ་དེ་བཞིན་དུ་སོ་སོར་མྱོང་བར་འགྱུར་ཏེ། ཤཱ་རིའི་བུ། རྣམ་པར་དག་ཅིང་སྒྲིབ་པ་བཞི་པོ་དེ་དག་དང་ལྡན་པར་འགྱུར་རོ། །ཤཱ་རིའི་བུ། ཡང་དེའི་ཚེ་དེའི་དུས་ན་དམ་པའི་ཆོས་ནུབ་པར་འགྱུར་བ་དེའི་དུས་ཀྱི་ཚེ་ཐེག་པ་ཆེན་པོ་ལ་གནས་པ་འདི་ལྟ་བུའི་མདོ་སྡེ་ལ་བརྩོན་པ་དག་འབྱུང་སྟེ། བརྩོན་འགྲུས་རབ་ཏུ་རྩོམ་པར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། འཆང་བར་འགྱུར། གཞན་དག་ལ་ཡང་གོ་བར་བྱེད་པར་འགྱུར། རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེའི་ཚེ་དེ་དག་ལ་བར་དུ་གཅོད་པ་བཅུ་འབྱུང་སྟེ། དེ་དག་མཁས་པས་ཁོང་དུ་ཆུད་པར་བྱའི། དེ་དག་གི་དབང་དུ་འགྲོ་བར་མི་བྱ་སྟེ། བརྩོན་འགྲུས་ཀྱང་བརྩམ་པར་བྱའོ། །བར་དུ་གཅོད་པར་འགྱུར་བ་གང་མཁས་པ་དག་གིས་ཁོང་དུ་ཆུད་པར་བྱའི། དེ་དག་གི་དབང་དུ་འགྲོ་བར་མི་བྱ་བ་བཅུ་གང་ཞེ་ན། ཤཱ་རིའི་བུ། དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན། བདུད་སྡིག་ཅན་ཚིག་གཞིག་པར་བྱད་དེ། དེ་ནི། བར་དུ་གཅོད་པ་དང་པོ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་
226b
པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན། མིག་ནད་འབྱུང་བ་དེ་ནི། བར་དུ་གཅོད་པ་གཉིས་པ་སྟེ། མཁས་པས་ཁོད་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན། ཡན་ལག་དང་ཉིང་ལག་ན་བར་འགྱུར་བ་དེ་ནི། བར་དུ་གཅོད་པ་གསུམ་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན། གནས་ལ་མི་དགའ་བར་འགྱུར་ཞིང་འགྲོ་བའི་སེམས་བསྐྱེད་པར་འགྱུར་བ་དེ་ནི། བར་དུ་གཅོད་པ་བཞི་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན། ཕན་ཚུན་དུ་ཁྲོ་བ་སྐྱེ་བར་འགྱུར་ཞིང་ཁྲོ་བའི་ཟིལ་གྱིས་ནོན་པས་གཅིག་ལ་གཅིག་གནོད་པའི་སེམས་ཀྱིས་འདི་ལྟ་བུའི་མདོ་སྡེ་ལ་གནས་པར་མི་འགྱུར་བ་དེ་ནི། བར་དུ་གཅོད་པ་ལྔ་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དགེ་སློང་དོན་དུ་གཉེར་བ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན། རྩོད་པའི་གཞི་བྱུང་ཞིང་གནས་པར་འགྱུར། འཐབ་མོ་འབྱུང་བ་དང ། མཚང་འདྲུ་བ་འབྱུང་བ་དང ། འགྱེད་པ་དང ། ངན་
227a
༄#། །སེམས་དང་ལྡན་པར་གྱུར་པས་གཅིག་ལ་གཅིག་དག་གི་མདུང་ཐུང་བརྒྱས་མངོན་པར་རྩོད་ཅིང་འཚེ་བ་ལ་གནས་པར་འགྱུར་རོ། །དེ་དག་རྩོད་པའི་གཞི་བྱུང་བ་དང ། མཚང་འདྲུ་བ་འབྱུང་བ་དང ། འགྱེད་པ་དང་གནོད་སེམས་དང་ལྡན་ཞིང་ཕན་ཚུན་དག་གི་མདུང་ཐུང་བརྒྱས་རྩོད་ཅིང་འཚེ་བ་ལ་གནས་པས་བར་དུ་གཅོད་པར་འགྱུར་ཏེ། སྨོད་པའི་ལས་ཀྱི་ཕྱིར་འདི་ལྟ་བུའི་མདོ་སྡེ་མི་བརྗོད་པར་བྱ་བ་ལ་བརྩོན་པར་འགྱུར་བ་དེ་ནི། བར་དུ་གཅོད་པ་དྲུག་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དགེ་སློང་དོན་དུ་གཉེར་བ་ལ་མངོན་པར་བརྩོན་པ་དག་ལ་མདོ་སྡེ་རྣམས་བརྩམས་ན། ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་བདུད་སྡིག་ཅན་ཀུན་ནས་སློང་བར་འགྱུར་རོ། །དེ་དག་བདུད་སྡིག་ཅན་གྱིས་ཀུན་ནས་བསླངས་ནས་འདི་ལྟ་བུའི་མདོ་སྡེ་ལ་ནན་ཏན་མི་བྱེད་པ་དང ། རབ་ཏུ་སྨོད་ཅིང་སྤོང་བའི་ལས་ལ་སྤྲོ་བར་འགྱུར་བ་དེ་ནི། བར་དུ་གཅོད་པ་བདུན་པ་སྟེ། མཁས་པས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དགེ་སློང་རྣམས་དེའི་ཚེ་དེའི་དུས་ན་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་འདི་ལྟ་བུའི་མདོ་སྡེ་དང ། ཆོས་འདུལ་བ་ལ་བརྩོན་པའི་དགེ་སློང་གཞོན་ནུ་རིང་པོ་མ་ལོན་པ་འབྱུང་བར་འགྱུར་ཏེ། དེ་དག་དེས་པ་དང ། དད་པ་དང ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
227b
ལ་ཡང་དག་པར་ཞུགས་པ་དེ་དག་འདི་ལྟ་བུའི་མདོ་སྡེ་མཉན་ཏེ་ཐོས་ནས་དགའ་བ་དང ། མོས་པ་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་དེ་དག་ལ་དེ་དག་གི་མཁན་པོ་དང ། སློབ་དཔོན་གྱིས་ཆོས་དཀར་པོ་གཅོད་པར་བྱེད་དེ། འདི་ལྟ་བུ་ནི། སངས་རྒྱས་ཀྱི་ཚིག་མ་ཡིན། འདི་ནི། སངས་རྒྱས་ཀྱི་བྱང་ཆུབ་མ་ཡིན། འདི་ནི། འདུལ་བ་མ་ཡིན། འདི་ནི། སྟོན་པའི་བསྟན་པ་མ་ཡིན་ནོ། །ཞེས་བཟློག་པ་དང ། དེ་དག་དད་པས་རབ་ཏུ་བརྟགས་ནས་འདི་ནི། བདག་ཅག་གི་དོན་འདོད་པ་ཡང་དག་པ་ཡིན་ནོ། །ཞེས་སྨྲས་ནས་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་འགྱུར་རོ། །དགེ་སློང་གསར་བུ་དེ་དག་དད་པ་དང ། ཡིད་ཆེས་པས་རབ་ཏུ་བརྟགས་ནས་སྔོན་གྱི་དགེ་བ་ཀུན་འཇོམས་པར་འགྱུར། ཡང་དག་པར་གཅོད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་ཆད་ནས་བདུད་སྡིག་ཅན་གྱིས་ཆོས་རྣམས་ལས་ཀུན་ནས་བསླངས་ནས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་ཏེ། དེ་དག་འཆི་བའི་དུས་ཀྱིས་ཚེ་མ་དུལ་བར་འཆི་བར་འགྱུར། འཆི་བ་ཆེན་པོར་མངོན་པར་འགྲོ་བར་འགྱུར། སེམས་ཅན་དམྱལ་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་ཏེ། དེ་དག་ཀྱང་ཤཱ་རིའི་བུ། དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །གང་ཡོངས་སུ་སྤོང་བར་འགྱུར་བ་དང ། སེམས་ཅན་ཇི་སྙེད་ཡོངས་སུ་སྤོང་བར་འགྱུར་བ་དང ། གང་འོངས་ནས་ཡོངས་སུ་སྤོང་བར་འགྱུར་བ་དང ། སོང་ནས་ཡོངས་སུ་སྤོང་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་
228a
༄#། །རབ་ཏུ་མཁྱེན་ཏོ། །དེ་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་ཤིང་ཐེག་པ་ཆེན་པོ་ལ་ཞུགས་པས་འདུ་ཤེས་བཞི་བསྐྱེད་པར་བྱའོ། །བཞི་གང་ཞེ་ན།་བདག་འདུལ་བའི་འདུ་ཤེས་བསྐྱེད་པར་བྱ་བ་དང ། བདག་གིས་བྱས་པ་ལ་སོ་སོར་བརྟག་པར་བྱའི། གཞན་གྱིས་བྱས་པ་ལ་མ་ཡིན་པ་དང ། སེམས་ཅན་གཞན་ལ་སྙིང་རྗེའི་འདུ་ཤེས་བསྐྱེད་པར་བྱ་བ་དང ། རང་གི་སེམས་རྗེས་སུ་བསྲུང་བ་དང ། གཞན་གྱི་སེམས་རྗེས་སུ་བསྲུང་ཞིང་དགོན་པ་ནགས་ཀྱི་བས་མཐའི་གནས་མལ་དུ་གནས་པར་བྱ་བ་སྟེ། འདུ་ཤེས་འདི་བཞི་བསྐྱེད་པར་བྱའོ། །ཤཱ་རིའི་བུ། གཞན་ཡང་དེའི་དུས་ན་སྐྱེ་བོ་མང་པོ་ལོག་པར་ལྟ་བ་ཡོངས་སུ་འཛིན་པར་འགྱུར་རོ། །དེའི་དུས་ན་ཆོས་སྨྲ་བའི་དགེ་སློང་ཉུང་བར་འགྱུར་ཞིང་དེ་དག་ལ་ཡང་བརྙས་པར་འགྱུར།་བསྟི་སྟང་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད། གཙང་མར་མི་བྱེད། བསྟེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། །དེའི་དུས་ན་ཆོས་མ་ཡིན་པར་སྨྲ་བའི་དགེ་སློང་དག་ལ་སྐྱེ་བོ་མང་པོ་བསྟེན་པར་འགྱུར། བསྟི་སྟང་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ་རབ་ཏུ་བཀོད་པ་དང ། ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་དག་མདོ་སྡེ་འདི་ལྟ་བུ་ལ་འཕྱ་ཞིང་བསྟིང་བར་འགྱུར་རོ། །དེ་ལ་ཤཱ་རིའི་བུ། གང་མི་འདོད་པ་དེ་དག་ནི། མི་འདོད་པ་ཉིད་དུ་འགྱུར་རོ། །གང་འདོད་པ་དེ་དག་ཀྱང་འདོད་པ་ཉིད་དུ་འགྱུར་རོ། །གང་འདི་ལྟ་བུའི་
228b
མདོ་སྡེ་འདི་ལ་འཇུག་པར་འགྱུར་བ་དེ་དག་ནི། སྐྱེ་བོ་མང་པོའི་དོན་དུ་འཆད་པར་མི་འགྱུར་ཏེ། དེ་ནི། བར་དུ་གཅོད་པ་བརྒྱད་པ་སྟེ། མཁས་པ་དག་གིས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དེའི་ཚེ་དགེ་སློང་འདོད་པའི་ཟིལ་གྱིས་ནོན་པ་རྐུ་བ་མང་བ་དག་འབྱུང་སྟེ། དེ་དག་ཆོས་གསུམ་ལ་བརྩོན་པར་འགྱུར་རོ། །གསུམ་གང་ཞེ་ན། ལྷུང་བཟེད་དང ། ཆོས་གོས་ཀུན་ཏུ་ཚོལ་བ་དང ། བཟའ་བ་དང་བཏུང་བ་ལ་ཆགས་པ་དང ། འཇིག་རྟེན་རྒྱང་ཕན་པ་ཚོལ་བ་ལ་བརྩོན་པར་འགྱུར་བ་སྟེ། འདི་གསུམ་ལ་བརྩོན་པར་འགྱུར་བ་དེ་ནི། བར་དུ་གཅོད་པ་དགུ་པ་སྟེ། མཁས་པ་དག་གིས་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །ཤཱ་རིའི་བུ། གཞན་ཡང་དེའི་ཚེ་དེའི་དུས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འདི་ལྟ་བུའི་མདོ་སྡེ་ལ་རབ་ཏུ་བརྩོན་པ་དག་འབྱུང་སྟེ། བརྩོན་འགྲུས་རབ་ཏུ་རྩོམ་པ་དང ། འཛིན་པ་དང ། ཡི་གེར་བྲིས་ནས་འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གཞན་དག་ལ་ཡང་གོ་བར་བྱེད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེ་དག་བདུད་ཀྱིས་བྱིན་གྱིས་བརླབས་ནས་ལས་ཀྱི་སྒྲིབ་པས་བསྒྲིབས་པར་འགྱུར། ཉོན་མོངས་པའི་སྒྲིབ་པས་བསྒྲིབས་པར་འགྱུར་ཏེ། དེ་དག་ལས་ལ་དགའ་བར་འགྱུར། ལས་ལ་དགའ་ཞིང་ལས་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར། སྨྲ་བ་ལ་དགའ་བར་འགྱུར། སྨྲ་བ་ལ་དགའ་ཞིང་
229a
༄#། །སྨྲ་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར། གཉིད་ལ་དགའ་བར་འགྱུར། གཉིད་ལ་དགའ་ཞིང་གཉིད་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར། འདུ་འཛི་ལ་དགའ་བར་འགྱུར། འདུ་འཛི་ལ་དགའ་ཞིང་འདུ་འཛི་ལ་དགའ་བའི་སྦྱོར་བ་ལ་བརྩོན་པར་འགྱུར་ཏེ། དེ་དག་འདི་ལྟ་བུའི་མདོ་སྡེ་འདི་འཛིན་པར་མི་འགྱུར། འཆང་བར་མི་འགྱུར། ཀློག་པར་མི་འགྱུར། ཀུན་ཆུབ་པར་བྱེད་པར་མི་འགྱུར། ཕ་རོལ་ལ་གོ་བར་བྱེད་པར་མི་འགྱུར། ཕ་རོལ་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མི་འགྱུར་ཏེ། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་བསྟན་པའི་བར་དུ་གཅོད་པར་འགྱུར་བ་དང ། དེ་བཞིན་གཤེགས་པའི་བསྟན་པ་རབ་ཏུ་འཇིག་པར་བྱེད་པ་ནི། དགེ་སློང་སྡིག་ཅན་ལས་གཞན་གང་ཡང་མེད་དོ། །ཤཱ་རིའི་བུ།་དེ་ནི། དེའི་དུས་ན་བར་དུ་གཅོད་པར་འགྱུར་བ་བཅུ་པ་སྟེ། ཤཱ་རིའི་བུ། མཁས་པ་དག་གིས་དེ་ཁོང་དུ་ཆུད་པར་བྱའི། དེའི་དབང་དུ་འགྲོ་བར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ནི་བདུད་ཀྱི་ལས་ཀྱིས་ནི། །བར་དུ་གཅོད་པ་མང་པོ་འབྱུང ། །དཀར་པོའི་ཆོས་ནི་སྤོང་བར་འགྱུར། །དབེན་པ་དག་ནི་འདོད་པ་མེད། ཤེས་རབ་ཆུང་ཞིང་བློ་ངན་པས། །དམ་པའི་ཆོས་ལ་མི་གནས་ཤིང ། །ཆོས་མ་ཡིན་པ་སྤྱད་བྱས་ཏེ། །དེ་དག་ངན་འགྲོ་སྤྱོད་ཡུལ་འགྱུར། །དེ་ནི་འཆི་བའི་དུས་ཀྱི་ཚེ། །བླ་མ་མཁན་པོ་
229b
སློབ་དཔོན་རྣམས། །མགོན་དང་སྐྱབས་ནི་བྱེད་འགྱུར་ཡང ། །དེ་དག་ངན་འགྲོར་འགྲོ་བར་འགྱུར། །བདག་གིས་བསྐལ་པ་བྱེ་སྟོང་དུ། །སྡུག་བསྔལ་འཇིག་རྟེན་དོན་སྤྱད་ན། །མེ་གསུམ་དག་གིས་ཚིག་པ་ཡི། །སེམས་ཅན་ཇི་ལྟར་འགྲོ་བར་འགྱུར། །བདག་གིས་བྱང་ཆུབ་མཆོག་ཐོབ་སྟེ། །ཚངས་པའི་འཁོར་ལོ་རབ་བསྐོར་བས། །ལྷ་དང་བཅས་པའི་འཇིག་རྟེན་ན། །བདག་མཚུངས་མེད་ན་ག་ལ་ལྷག་།འཇིག་རྟེན་འདི་ན་རབ་དཀོན་པའི། །ང་ལ་བཏང་སྙོམས་དེ་དག་བྱེད། །ཕ་རོལ་ཕྱོགས་ནི་བསྟེན་པ་དང ། །དེ་དག་རབ་ཏུ་སྡུག་བསྔལ་འགྱུར། །བྱང་ཆུབ་ཀྱི་ནི་ལམ་རྒྱུ་ཡི། །སྦྱིན་པ་ལས་ནི་ཟློག་པར་བྱེད། །སངས་རྒྱས་བསྟན་དང་རབ་ལྡན་པ། །ལམ་ངག་ལས་ཀྱང་རྨོངས་པར་བྱེད། །འདི་འདྲ་པ་ཡི་ཆོས་ཐོས་ནས། །གང་དུ་སྟོང་པ་ཉིད་བསྔགས་ཤིང ། །ནན་ཏན་ལ་ནི་གང་གནས་པ། ། བར་དུ་གཅོད་པ་འབྱུང་བར་འགྱུར། །འདི་མཆོག་ཡང་དག་འདི་ཡིན་ཞེས། །ཡང་དག་མིན་ལ་ཡང་དག་འཛིན། །དམ་པའི་ཆོས་རྣམས་སྨོད་པ་ལ། །བར་དུ་གཅོད་པ་མི་འབྱུང་ངོ ། །སངས་རྒྱས་ལ་ནི་དགའ་བ་དང ། །གུས་པ་བརྟན་པར་གང་གྱུར་པ། །དེ་དག་འདི་འདྲའི་ཆོས་ཐོས་ནས། །བཟང་པོ་རྣམས་ནི་དགའ་བར་འགྱུར། །དགའ་བ་སྐྱེས་པར་རིག་ནས་ནི། །བདུད་རྣམས་ཡིད་ནི་མི་བདེ་ནས། དེ་དག་དེ་ལ་བར་ཆད་རྣམས། །རབ་ཏུ་འཇིག་པ་བྱེད་པར་འགྱུར། །དགེ་སློང་ཆ་བྱད་བསྒྱུར་བྱས་ནས། །འདི་ནི་བྱང་ཆུབ་ལམ་མིན་ན། །ཅི་ཕྱིར་འདི་ལ་ཡོངས་རྒྱུག་ཅེས། །དེ་ནི་རབ་ཏུ་འགྱོད་པར་བྱེད། །
230a
༄#། །མདོ་སྡེ་འདི་ལ་རྒྱུ་ཡོད་དེ། །སྙིང་པོ་བརྟན་པར་རབ་གནས་ལ། །འཁྲུག་པར་འགྱུར་བ་བསྐྱེད་བྱས་ནས། །ཕྱིས་ནི་རབ་ཏུ་སྤོང་བར་འགྱུར། །བདུད་ཀྱིས་ཀུན་ནས་བསླངས་གྱུར་ནས། །ཇི་ལྟར་བདེ་བ་བཞིན་དུ་བཟུང ། །འདི་ནི་ཆོས་མིན་ཞེས་སྨྲས་ནས། །དེས་ནི་མྱ་ངན་འདས་པ་སྤངས། །དེ་དག་སྟོན་པ་བཏང་ནས་ནི། །ཆོས་ལ་དོན་དུ་གཉེར་བ་མེད། །བདག་ལ་སྲེད་པ་བསྐྱེད་བྱས་ནས། །སེམས་ཅན་དམྱལ་བར་མྱུར་དུ་འགྲོ་།གང་དག་ཆུང་དུ་བྱུང་བ་ནི། །སྟོང་པའི་ཆོས་རྣམས་མི་གཉེར་ཏེ། །ཡུལ་ནི་སོ་སོར་གནས་གྱུར་ནས། །མི་འདུམ་པ་དང་ལྡན་པར་འགྱུར། །ཆོས་རྣམས་ཀྱི་ནི་མཆོག་འདི་ཡང ། །མཉན་ནས་འགལ་བ་སྨྲ་བར་བྱེད། །དངངས་ཤིང་སྐྲག་ནས་རབ་འབྲོས་པ། །ཕྱི་མའི་དུས་ན་བྱེད་པར་འགྱུར། །མི་ཆུང་བ་དག་གཞན་རྣམས་ནི། །སྟོན་པར་བྱེད་པ་མི་འབྱུང་སྟེ། །ཡང་དག་ཆུང་ངུར་གྱུར་པ་རྣམས། །དེ་དག་རྣམས་ཀྱང་བཏང་སྙོམས་འགྱུར། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །འདི་ལྟ་བུ་ཡི་ཆོས་འདི་ཡི། །བར་དུ་གཅོད་པ་མང་འབྱུང་སྟེ། །མེ་ལྕེ་ཅི་འདྲ་བཞིན་དུ་འགྱུར། །དེ་ན་རབ་ཏུ་ངེས་པ་རྣམས། །སྲོག་བོར་དགོན་པར་གནས་པར་འགྱུར། །ཆོས་འདི་དག་ནི་བསྒོམས་བྱས་ན། །མྱུར་དུ་བདེ་འགྲོར་འགྲོ་བར་འགྱུར། །དེ་ལ་ཤཱ་རིའི་བུ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུའི་མི་བཟོད་པ་དང ། མི་བསྔགས་པ་དང ། དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་
230b
བརྩོན་འགྲུས་ཆེན་པོའི་སྟོབས་ཀྱི་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། གཟུང་བར་བྱ། ཡི་གེར་བྲིས་ནས་བཅད་བར་བྱ། གཞན་ལ་ཡང་གོ་བར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེས་ཀྱང་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕའི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མེད་པ་ནས་བཟུང་སྟེ་དཀའ་བ་སྤྱད་པ་ཡིན་ན། དེའི་ཕྱིར་རབ་ཏུ་འཇིག་པར་འགྱུར་བ་གཟུང་བར་བྱ། ཀུན་ནས་རབ་ཏུ་གཟུང་བར་བྱ་སྟེ། ཆུད་ཟ་བར་མི་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། སྐྱེས་བུ་ཞིག་ལ་བུ་གཅིག་ཅིག་ཡོད་ལ་བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་གཡངས་ཆེན་པོར་ལྷུང་བར་གྱུར་པ་དང ། དེས་དེ་ལག་གིས་བཟུང་སྟེ་སེམས་ཅན་དམྱལ་བའི་གཡངས་འདིར་ལྷུང་བར་མ་གྱུར་ཅིག་།ཅེས་འཛིན། རབ་ཏུ་འཛིན་པ་དེ་བཞིན་དུ་ཤཱ་རིའི་བུ། གང་སྐྱེས་བུ་དམ་པ་དེ་དག་ང་ལ་དད་ཅིང་ཆོས་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང ། མྱ་ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས་ངས་དེ་དག་
231a
༄#། །ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། །འདི་ལྟ་སྟེ། དཔེར་ན། ཤཱ་རིའི་བུ། གཡུལ་ཆེན་པོའི་ནང་ན་གང་སྐྱེ་བོ་མང་པོ་བསྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་བའི་སེམས་ཅན་དེ་དག་ནི། ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ། གང་དཔའ་བ། འོས་སུ་གྱུར་པར་བྱས་པ། གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་ན་གཡུལ་མི་བཟད་པ་ཆེན་པོའི་དུས་ན་སྐྱེ་བོ་མང་པོའི་ཕྱིར་དམག་གི་མདུན་ན་འདུག་པ་དེ་བཞིན་དུ་ཤཱ་རིའི་བུ། དེའི་ཚེ་དམ་པའི་ཆོས་རབ་ཏུ་འཇིག་པར་ཉེ་བར་གནས་པ་ན། གང་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། དཔའ་བ། བརྩོན་འགྲུས་བརྟན་པ། གོ་ཆ་སྲ་བ་བགོས་པ་དེ་དག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་དེ། བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡོངས་སུ་སྤོང་བ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་ཅིང་རྩོད་པར་མི་བྱེད་ལ། འདི་ནི། སངས་རྒྱས་ཀྱིས་བཤད་པ་ཡང་དག་པའོ། །ཞེས་སྐྱེ་བོ་མང་པོ་ལ་སྒྲོག་ཅིང་ཤེས་པར་བྱེད་པ་དེ་ནི། འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་སྟེ། ཤཱ་རིའི་བུ། དེ་ལྟ་བུའི་གང་ཟག་རྣམས་ལ་བསོད་ནམས་ཀྱི་རྣམ་པར་
231b
སྨིན་པ་ཆུང་ངོ ། །ཞེས་ང་མི་འཆད་དེ། ནམ་མཁའ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། སྐྱེས་བུ་དམ་པ་དེ་ལྟ་བུ་ནི། ཤིན་ཏུ་དཀོན་ཏེ།་སྐྱེས་བུ་མཆོག་ཅེས་བརྗོད་དོ། །སྐྱེས་བུ་རབ་ཅེས་བརྗོད་དོ། །སྐྱེས་བུ་དཔའ་བོ་ཞེས་བརྗོད་དོ། །སྐྱེས་བུ་ཆེན་པོ་ཞེས་བརྗོད་དོ། །དེ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱོགས་སོ། །དེ་དག་སྡེར་མི་སྨྲ་མི་འཁྲུག་གོ་།དེ་དག་ནན་ཏན་སྙིང་པོར་བྱེད་པ་སྟེ། ཤཱ་རིའི་བུ། འཆི་བའི་མཐའི་བར་དུ་ནན་ཏན་སྙིང་པོར་བྱའོ། །འཆི་བའི་མཐའི་བར་དུ་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱའོ། །འཆི་བའི་མཐའི་བར་དུ་སྟོང་པ་ཉིད་ལ་མོས་པར་བྱའོ། །ཤཱ་རིའི་བུ། ཆོས་དེ་བཞི་དང་ལྡན་ན། དེའི་ཚེ་དེའི་དུས་ན་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས། དམ་པའི་ཆོས་ནུབ་པར་འགྱུར་བའི་དུས། ཚུལ་ཁྲིམས་འཆལ་བའི་ཕྱོགས་མང་བའི་དུས། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཀུན་ཏུ་ཚོལ་བ་མང་བའི་དུས། བསྐལ་པ་སྙིགས་མའི་དུས། སེམས་ཅན་སྙིགས་མའི་དུས། ཚེ་སྙིགས་མའི་དུས། ཉོན་མོངས་པ་སྙིགས་མའི་དུས། ལྟ་བ་སྙིགས་མའི་དུས། དུས་གསུམ་ལ་གནས་པར་བྱ། འཐབ་མོ་ཉེ་བར་ཞི་བ་ལ་གནས་པར་བྱ། སངས་རྒྱས་ཀྱི་བྱང་ཆུབ་དང་འབྲལ་བར་མི་འགྱུར་བར་བྱ་སྟེ། ཤཱ་རིའི་བུ། དུས་འདི་གསུམ་ལ་རབ་ཏུ་གནས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མཆོག་གི་ཆོས་དང་འབྲལ་བར་
232a
༄#། །མི་འགྱུར་ཏེ། །རྒ་ཤི་ཟད་པར་བྱེད་དང་ལྡན་པར་འགྱུར། །དེ་ལ་ཕྱིར་ཞིང་ཉམས་པར་མི་འགྱུར་ཏེ། །བདག་དོན་སྐྱེ་མང་དོན་ཕན་ལྡན་པར་འགྱུར། །གང་དག་ངས་བསྟན་ཆོས་ཐོས་ནས། །ཚུལ་བཞིན་གནས་པར་འགྱུར་བ་དག་།དེ་ཡི་སྟོན་པ་ང་ཡིན་ཏེ། །དེ་དག་ང་ཡི་ཉན་ཐོས་ཡིན། །གང་དག་ཆོས་རྣམས་ཐོས་གྱུར་ནས། །ཚུལ་བཞིན་གནས་པ་མ་ཡིན་པ། ། དེ་དག་ངན་འགྲོར་འགྲོ་འགྱུར་ཏེ། །ཇི་ལྟར་རྒྱ་མཚོར་ཤིང་རྟ་བཞིན། །བསྐལ་པ་བྱེ་བ་ཕྲག་སྟོང་དུ། །སངས་རྒྱས་འབྱུང་བ་རབ་དཀའ་བ། །རྙེད་ཀྱང་མཉེས་པར་མི་བྱེད་པ། །དེ་དག་རྣམས་ཀྱང་བདུད་དབང་སོང་།། །།བམ་པོ་བཅུ་གསུམ་པ། ཤཱ་རིའི་བུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་གསུང་རབ་ལ་སྡིག་པའི་དགེ་སློང་དྲུག་འདི་ལྟ་སྟེ། ཤིན་ཏུ་མཐོང་ཞེས་བྱ་བ་དང ། རྙེད་སླ་བ་དང ། དགའ་བྱེད་དང ། དགེ་བྱེད་དང ། གྲགས་པ་དང ། མེས་བྱིན་ཞེས་བྱ་བ་རྣམས་བྱུང་སྟེ། བདག་ཏུ་སྨྲ་བ། གང་ཟག་ཏུ་སྨྲ་བ། ཆད་པར་སྨྲ་བ། རྟགས་པར་སྨྲ་བ་རྣམས་འགྲོགས་བསྡོངས་ཤིང་ཕན་
232b
ཚུན་དུ་ཡིད་རྟོན་ཅིང་གནས་པ་དེ་དག་གིས་ཁྲིམས་འདི་ལྟ་བུ་ཞིག་བྱས་ཏེ། བདག་ཅག་རེ་རེས་ཀྱང་ཁྱིམ་བརྒྱ་བརྒྱ་གཟུང་བར་བྱའོ། །ཁྱིམ་བརྒྱ་ཡོངས་སུ་རྫོགས་པ་ལ་དེར་འོངས་ཏེ་གཅིག་ལ་གཅིག་བསྙད་པར་བྱའོ། །ཁྱིམ་ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་དང ། བརྒྱར་མ་གྲུབ་པ་ལ་བསྙད་པར་བྱའོ། །ཞེས་དེ་ལྟ་བུའི་ཁྲིམས་བྱས་ནས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་དང ། ཕོ་བྲང་འཁོར་དུ་དོང་ནས་དེ་དག་ཐམས་ཅད་ཁྱིམ་གཅིག་ཏུ་དོང་ངོ ། །ཁྱིམ་གཅིག་ཏུ་དོང་ནས་གཅིག་ལ་གཅིག་ཐོག་མ་ཉིད་དུ་སངས་རྒྱས་ལ་མི་སྙན་པ་ཟེར་རོ། །སངས་རྒྱས་ལ་མི་སྙན་པ་ཇི་སྐད་ཟེར་ཞེ་ན། ཁྱིམ་དེར་ཕྱིན་ནས་འདི་སྐད་ཅེས་སྨྲས་ཏེ། བདག་ཡོད་དོ། །སེམས་ཅན་ཡོད་དོ། །སྲོག་ཡོད་དོ། །གང་ཟག་ཡོད་དོ། །གལ་ཏེ་བདག་མེད་དུ་ཟིན་ན། འོང་བ་སུ། འགྲོ་བ་སུ། འགྲང་བ་སུ། འདུག་པ་སུ། ཉལ་བ་སུ། སྨྲ་བ་སུ། མི་སྨྲ་བར་འགྱུར་བ་སུ། སྦྱིན་པ་སྦྱིན་པར་བྱེད་པ་སུ། ལེན་པ་སུ། ཟ་བ་སུ། བདེ་བ་དང ། སྡུག་བསྔལ་གྱི་ཚོར་བ་སོ་སོར་ཡང་དག་པར་མྱོང་བ་སུ། གང་ཁྱོད་ལ་འདི་སྐད་དུ་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད་ཅེས་སྨྲ་བ་དེ་ནི། ཁྱེད་ཀྱི་མི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་མ་ཡིན་ནོ། །ཞེས་ཟེར་བ་དང ། དེ་ལ་ཤཱ་རིའི་བུ། བུད་མེད་དང ། སྐྱེས་པ་དང ། ཁྱེའུ་དང ། བུ་མོ་དག་ན་རེ། གང་དགེ་བའི་བཤེས་གཉེན་མ་ཡིན་པ་དེ་ནི། སྡིག་པའི་གྲོགས་པོའོ། །དེའི་ཕྱིར་སྡིག་
233a
༄#། །པའི་གྲོགས་པོར་གྱུར་པ་དེ་དགེ་བའི་བཤེས་གཉེན་མ་ཡིན་ནོ། །ཞེས་དེ་སྐད་སྨྲས་པ་དང ། དེ་དག་གིས་དེ་དག་ལ་ཁྱེད་དེ་ལྟར་ཤེས་པ་ནི། མཁས་པ་ཡིན་ཏེ། སྡིག་པའི་གྲོགས་པོ་གང་ཡིན་པ་དེ་ནི། དགེ་བའི་བཤེས་གཉེན་མ་ཡིན་ནོ། །དེ་ཅིའི་ཕྱིར་གང་ཁྱེད་ལ་འདི་སྐད་དུ་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད་ཅེས་ཟེར་བ་ལ། བརྟེན་པར་མི་བྱ། འགྲོགས་པར་མི་བྱ། བསྙེན་བཀུར་མི་བྱའོ། །ཞེས་སྨྲས་ཏེ། དགེ་སློང་དེ་དག་རེ་རེས་ཀྱང་ཟླ་བ་ཕྱེད་ཀྱིས་ཁྱིམ་ལྔ་བརྒྱ་ལྔ་བརྒྱ་ལོག་པར་འཛིན་པ་ལ་བཙུད་དོ། །ཤཱ་རིའི་བུ།་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་དགེ་སློང་དགྲ་བཅོམ་པ་དྲི་མ་དང་ཉོན་མོངས་པ་བསལ་བ་དག་གྲོང་དུ་དོང་སྟེ་ཕྱིན་པ་དང ། བུད་མེད་དང ། སྐྱེས་པ་དང ། ཁྱེའུ་དང ། བུ་མོ་དག་གཤེ་ཤིང་མི་སྙན་པ་ཟེར། ཚིག་ངན་པ་རྩུབ་པོས་སྤྱོས་ཏེ་ཚིགས་སུ་བཅད་པ་འདི་སྐད་ཟེར་རོ། །ཁྱེད་ནི་ལམ་ལ་རྨོངས་པ་སྟེ། །ཆོས་ཤེས་པ་ནི་བྱེད་མ་ཡིན། །ཁྱེད་ནི་ཆོས་ལས་ཉམས་པས་ན། །ཐམས་ཅད་སེམས་ཅན་དམྱལ་བར་འགྲོ། །དེ་ལྟར་དགེ་སློང་དེ་དག་ལ་ཚིགས་སུ་བཅད་བའི་དབྱངས་ཀྱིས་གཤེ་ཞིང་མི་སྙན་པ་སྨྲས་པ་དང ། སངས་རྒྱས་ཀྱི་བསྔགས་པ་བརྗོད་ཅིང་སླར་ཚིགས་སུ་བཅད་དེ་སྨྲས་པ། འདུས་བྱས་ཐམས་ཅད་མི་རྟག་ཅིང ། །ཆོས་ཀུན་ལ་ནི་བདག་མེད་
233b
དེ། །རྟག་མེད་ཐེར་ཟུག་མེད་དོ་ཞེས། །སངས་རྒྱས་ཀྱིས་ནི་ཆོས་བཤད་དོ། །གསོ་བ་དང་གསོག་དང་སྟོང་པ་དང ། །འདུས་བྱས་ཐམས་ཅད་སྙིང་པོ་མེད། །བརྫུན་པ་སླུ་བའི་ཆོས་ཅན་ཏེ། །བྱིས་པ་རྟག་ཏུ་འདྲིད་པའོ། །དེ་བཞིན་གཤེགས་པས་བདག་མེད་སེམས་ཅན་མེད། །སྲོག་མེད་གང་ཟག་མེད་པར་ཆོས་བསྟན་ཏོ། །ཞེས་ཚིགས་སུ་བཅད་དེ་སྨྲས་སོ། །སྦྱིན་དང་ཟས་དང་ལེན་པ་དང ། །ཚོར་བ་རྒྱ་ཆེན་མྱོང་གྱུར་ལ། །དེ་དག་ངན་འགྲོར་འགྲོ་བར་འགྱུར། །བདག་མེད་པར་ནི་གང་སྨྲ་བ། །དེ་ལ་ཤཱ་རིའི་བུ། གང་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་སྐྱེས་བུ་དམ་པ་མ་ཡིན་པའི་ཚིག་བཞིན་དུ་བྱེད་པ་དེ་དག་ལས་སྲོག་ཆགས་དྲུག་ཁྲི་བརྒྱད་སྟོང་དེ་ནས་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེ་ན་དེ་དག་གི་ལུས་གཟུགས་འདི་ལྟ་སྟེ། ཉ་ལྟ་བུ་མངོན་པར་གྲུབ་བོ། །མགོ་ནི། འདི་ལྟ་བུར་འདི་ལྟ་སྟེ། མིའི་ལྟ་བུར་གྱུར་པའོ། །འདི་ལྟ་བུའི་ལྕེ་མངོན་པར་གྲུབ་པ་ནི། འདི་ལྟ་སྟེ། དཔེར་ན། ཆང་ཚོང་གི་རེ་ལྡེ་ཆེན་པོ་ལྟ་བུ་སྟེ། དེ་དག་གི་ལྕེ་དེ་ལ་ལྕགས་ཀྱི་གཤོལ་མང་པོས་རབ་ཏུ་རྨོས་སོ། །དེ་དག་གི་ལུས་རེ་རེ་ལ་ཡང་མདུང་ཐུང་བརྒྱ་བརྒྱས་དམྱལ་ཏོ། །སྟེང་གི་བར་སྣང་ལས་ཀྱང་ལྕགས་ཀྱི་ཐུ་ལུམ་ཀུན་ཏུ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། འབར་བ་དང་བཅས་པར་གྱུར་པ། །འབར་བ་གཅིག་ཏུ་གྱུར་པ་ལུས་ཀྱི་སྟེང་དུ་འབབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་
234a
༄#། །གསུངས་སོ། །གློག་ལྕེ་རབ་ཏུ་འབར་བའི་མདའ། །བརྒྱ་ཕྲག་མང་པོ་སྟོང་རྣམས་ནི། །རྟག་ཏུ་ལུས་ལ་རབ་འབབ་སྟེ། །མི་དག་ན་ཚ་མྱོང་བར་བྱེད། །ཐམས་ཅད་ལུས་ནི་ཀུན་ཏུ་འབར། །མེ་ལྕེ་འབར་བར་བསྙེན་པ་དཀའ། །དཔག་ཚད་བརྒྱ་སྙེད་གང་བ་ཡི། །ལུས་ལས་མེ་ལྕེ་རབ་ཏུ་འབྱུང ། །རེ་རེ་དག་གི་ལྕེ་ལ་ཡང ། །དེ་སྙེད་གཤོལ་གྱིས་རྨོ་བར་བྱེད། ། ཀུན་གྱི་ལྕེ་ནི་དྲལ་བས་ན། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །སྡིག་པའི་གྲོགས་པོ་བསྟེན་བྱས་པས། །དེ་དག་ཕྱི་ཕྱིར་འབྱུང་བར་འགྱུར། །ཚུལ་ཁྲིམས་ལྡན་པ་རྣམས་སྤངས་པས། །མྱུར་དུ་ངན་འགྲོར་འགྲོ་བར་འགྱུར། །ཡང་ཤཱ་རིའི་བུ། སྐྱེས་བུ་དམ་པ་མ་ཡིན་པ་དྲུག་པོ་དེ་དག་དེ་ནས་ཤི་འཕོས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་དེ་དག་རེ་རེའི་ལུས་ཀྱང་དཔག་ཚད་བརྒྱ་བརྒྱ་པར་མངོན་པར་གྲུབ་པར་གྱུར་ཏེ། ལུས་རེ་རེ་ལ་ཡང་ཁ་སྟོང་སྟོང་མངོན་པར་གྲུབ་པར་གྱུར་ཏོ། །ཁ་རེ་ལ་ཡང་ལྕེ་གཉིས་གཉིས་ཆུ་ཞེང་དུ་དཔག་ཚད་བཞི་ཙམ་ཡོད་པ་མངོན་པར་གྲུབ་པར་གྱུར་ཏོ། །ལྕེ་རེ་རེ་ལ་ཡང་གཤོལ་ལྔ་བརྒྱ་ལྔ་བརྒྱ་མངོན་པར་གྲུབ་པར་གྱུར་ཏེ། དེ་དག་ལྕགས་ཀྱི་ཐུ་ལུམ་དང ། ལྕགས་ཀྱི་གཤོལ་གྱི་རྨོས་ནས་དེ་དག་གི་ལྕེ་བཤགས་ནས་ཨ་ན་ཞེས་འཛར་ཀྱང་མི་ནུས་སོ། །དེ་དག་རེ་རེའི་མགོ་ལ་ཡང་སེམས་ཅན་དམྱལ་བའི་སྲུང་མ་བྱེ་བ་ཕྲག་སྟོང་གནས་ཤིང་མགུལ་བ་གཅོད་པར་བྱེད་
234b
དོ། །དེ་ན་དེ་དག་གཅིག་གི་ཚེ་ཚད་ཀྱང་ལོ་བྱེ་བ་ཕྲག་སྟོང་དུ་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོ་གཞན་དང་གཞན་དག་ཏུ་ཚོར་བ་རྣམ་པ་མང་པོ་ཡང་མྱོང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་མི་བསྔགས་པ་བརྗོད་པ་བྱས་པའི་ཕྱིར་རོ། །ཡང་དེའི་དུས་ན་ཁྱིམ་བདག་བདེ་བ་ཞེས་བྱ་བ་ཕྱུག་ཅིང་ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ལོངས་སྤྱོད་མང་བ།་བདག་དབང་བ་མང་བ། འགྲོན་བུ་དང ། གསེར་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། དངུལ་དང ། ས་ལེ་སྦྲམ་མང་པོ་དང་ལྡན་པ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བའི་མི་མང་བ། ནོར་དང ། འབྲུ་དང ། བང་བ་དང ། མཛོད་མང་པོ་དང་ལྡན་པ། དེ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་ཆད་པར་ལྟ་བ་མུ་སྟེགས་ཅན་གཅེར་བུ་པའི་སྨྲ་བ་ལ་བཞག་པར་གྱུར་ཏོ། །དེའི་ཆུང་མ་འོད་འཕྲོ་ཅན་ཞེས་བྱ་བ་ཞིག་ཡོད་དེ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ ། །དེ་ལས་བུ་ཞིག་བཙས་པ་ཡང་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་བྱུང་སྟེ། དེ་བཙས་མ་ཐག་ཏུ་ལན་གསུམ་དུ་འཛུམ་མུལ་ཞེས་རྒོད་ནས་བདག་ནི། ཆད་པར་སྨྲ་བའི་རིགས་སུ་སྐྱེས་སོ། །ཞེས་དེ་སྐད་
235a
༄#། །ཀྱི་ཚིག་གི་ལས་སྨྲས་པ་དང ། ཁྱེའུ་དེའི་མས་སྒྲ་དེ་ཐོས་ནས་དངངས་སྐྲག་ཅིང་མི་དགའ་སྟེ། སྤུ་ཟིང་ཞེས་བྱེད་ནས་ཁྱེའུ་དེ་བོར་ཏེ་བྲོས་པ་དང ། བུད་མེད་གཞན་འདུས་པར་གྱུར་པ་དག་ཀྱང་བྱེར་རོ། །དེ་ནས་ཤཱ་རིའི་བུ། བུད་མེད་དེ་དག་རིང་ཞིག་ཏུ་ཕྱིན་པ་དང་སླར་ལོག་སྟེ་བལྟ་ཞིང་ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། གྲུལ་བུམ་མམ། འབྱུང་པོའམ། ཤ་ཟའམ། མི་དང ། མི་མ་ཡིན་པའམ། འདི་སུ་ཞིག་ཤེས་པར་བྱའོ། །སྙམ་མོ། །ཤཱ་རིའི་བུ།་དེ་ནས་ཁྱེའུ་དེས་བསམ་པ། ཀྱེ་མའོ་བུད་མེད་དེ་དག་ནི། བདེ་བ་ལས་བྲོས་པར་གྱུར་ཏོ། །སྙམ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ང་ནི་ཁྱོད་ཀྱི་དོན་འདོད་ཀྱི། །གནོད་མི་འབྱུང་གི་མ་འཇིགས་ཤིག་།ཁྱེད་ནི་ལམ་ངན་ཞུགས་པ་ལས། །ངས་ནི་རབ་ཏུ་ཐར་པར་བྱ། །ཁྱེད་རྣམས་དེ་ལས་འཇིགས་པར་བྱེད། །དགྲ་རྣམས་ཀྱིས་ནི་མདུན་དུ་བདར། །ལོག་པར་ལྟ་བར་ལྷུང་བ་ལས། །ངས་ནི་ཁྱེད་རྣམས་དགྲོལ་བར་བྱ། །ཤཱ་རིའི་བུ། དེ་ནས་ཁྱེའུ་དེའི་མ་དང ། ཕ་དང ། སྐྱེ་བོ་ཕལ་པོ་ཆེས་ཚིགས་སུ་བཅད་པ་དེ་དག་ཐོས་ནས་ཁྱེའུ་དེ་ག་ལ་བ་དེར་དོང་ངོ ། །དེ་ནས་ཁྱེའུ་དེས་རང་གི་མ་དང ། ཕ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ནོར་དག་དང་ནི་འབྲུ་དག་རྣམས། །ཁྱིམ་ན་རྒྱ་ཆེན་ཡོད་པ་དག་།མྱུར་དུ་བདག་ལ་སྦྱིན་པར་གྱིས། །བདག་ནི་
235b
སངས་རྒྱས་ཉན་ཐོས་སོ། །འཇིག་རྟེན་གསུམ་ཀུན་དཀྱིལ་འཁོར་ན། །རྣམ་གཟིགས་འཇིག་རྟེན་སྣང་མཛད་པ། །དེ་འདྲ་བ་ནི་གང་ཡང་མེད། །བདག་ནི་དེ་ཡི་ཉན་ཐོས་སོ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཆོས་རྣམས་ཡང་དག་རབ་སྟོན་གང ། །རྣམ་གཟིགས་འཇིག་རྟེན་སྣང་མཛད་པ། །བདག་ནི་དེ་ཡི་ཉན་ཐོས་སོ། །གང་གི་སྐུ་ལ་སྐྱེས་ཆེན་གྱི། །སུམ་ཅུ་རྩ་གཉིས་མཚན་མངའ་བ། །རྣམ་གཟིགས་གཟིགས་འཇིག་རྟེན་སྒྲོན་མ་མཛད། །བདག་ནི་དེ་ཡི་ཉན་ཐོས་སོ། །བསྐལ་པ་བྱེ་བ་ཕྲག་སྟོང་དུ། །ུ་དུམ་ཝ་རའི་མེ་ཏོག་ལྟར། །ཡང་དག་ཤིན་ཏུ་ཐོས་དཀའ་བ། །བདག་ནི་དེ་ཡི་ཉན་ཐོས་སོ། ། དེ་ལྟར་ཤཱ་རིའི་བུ། ཁྱེའུ་དེའི་ཕ་དང་མས་གསེར་བྱེ་བ་ཕྲག་ཉི་ཤུ་བྱིན་ནས་ཁྱེའུ། འདི་ནི། ཁྱོད་ཀྱི་ཕ་མའི་ནོར་ཡིན་གྱི། གང་ལ་སེམས་དད་པར་གྱུར་པ་དེ་ལ་སྦྱིན་པ་བྱིན་ཅིག་།ཅེས་དེ་སྐད་སྨྲས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ། །འདི་ནི་ཁྱོད་ཀྱི་ཕ་ཡི་ནོར། །འདི་ནི་ཁྱོད་ཀྱི་མ་ཡི་ནོར། །གང་དུ་སེམས་ནི་དད་པར་གྱུར། །ཁྱེའུ་ཡིས་སྦྱིན་པ་བྱིན་པར་གྱིས། །དབྱིག་རྣམས་དང་ནི་གསེར་གྱི་རྣམས། །ཁྱིམ་འདི་ན་ནི་ཡོད་པ་དག་།དེ་དག་མྱུར་དུ་ཁྱེར་གྱིས་ཏེ། །གང་དུ་སེམས་དད་དེར་ཕུལ་ཅིག་།མལ་ཆ་དང་ནི་གདིང་བ་དང ། །བྱུག་པ་ཕྲེང་བ་སྤོས་ཀྱི་རྣམས། །དགའ་བཞིན་དུ་ནི་ཁྱེར་གྱིས་ལ། །གང་དུ་སེམས་དང་དབུལ་བྱོས་ཤིག་།སངས་རྒྱས་ཆོས་དང་དགེ་འདུན་ནི། །བླ་ན་མེད་པའི་བསོད་ནམས་ཞིང ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །དེ་དག་ལ་ནི་
236a
༄#། །སྦྱིན་པ་བྱིན། །ཤཱ་རིའི་བུ། དེ་ནས་ཁྱེའུ་དེས་རང་གི་ཕ་དང ། མ་ལ་སླར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྣམ་པར་གཟིགས་པ་འཇིག་རྟེན་མགོན། །དེ་ཡི་དྲུང་དུ་བདག་མཆི་སྟེ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཤིན་ཏུ་རྒྱས་པའི་མཆོད་པ་བགྱི། །ལྷ་རྣམས་དང་ནི་མི་དག་ལས། །གང་དག་བདེ་བ་འདོད་པ་རྣམས། །བདག་ནི་གང་དུ་འགྲོ་བ་ཡི། །རྗེས་བཞིན་དུ་ནི་ཀུན་ཤོག་ཅིག་།ཤཱ་རིའི་བུ། དེ་ནས་ཁྱེའུ་དེས་ཤེས་བཞིན་དུ་ཕྱོགས་བཞིར་བལྟས་ནས་རང་གི་ཕ་མ་ལ་ཀྱེ་ཡབ་ཡུམ། བདག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེ་ག་ལ་བ་དེར་མཆིའོ། །ཞེས་སྐད་སྨྲས་པ་དང ། དེ་ན་སྐྱེ་བོ་མང་པོས་ཐོས་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ན་སྐྱེས་ནས་ཉིན་ཞག་གཅིག་ཁོ་ན་ལོན་པའི་ཁྱེའུ་ཕ་མ་ལ་སྨྲ་ཞིང་རྐང་གིས་འགྲོ་བ་ཞིག་གོ་།སྙམ་ནས་དེ་ན་སྲོག་ཆགས་བྱེ་བ་བརྒྱད་ཁྲི་བཞི་སྟོང་འདུས་པར་གྱུར་ཏེ། ཁྱེའུ་འདི་ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། མིའམ། མི་མ་ཡིན་པའམ། གང་ཡིན་ཤེས་པར་བྱའོ། །སྙམ་མོ།། དེ་ནས་ཁྱེའུ་དེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་
236b
གཟིགས་ག་ལ་བ་དེར་དོང་ངོ ། །ཡང་ཤཱ་རིའི་བུ། ཁྱེའུ་དེ་འགྲོ་བ་ན་སྟེང་གི་བར་སྣང་ལས་གདུགས་སྟོང་ཕྲག་བཅུ་བྱུང་ནས་དེ་དག་གིས་དེའི་ལུས་བསྐྱབས་ཏེ། དེའི་ལུས་ལ་རླུང་དང ། ཉི་མས་གནོད་པའམ་གྱུར་པར་བྱེད་དོ། །ཡང་ཁྱེའུ་དེ་འགྲོ་བ་ན་སྟེང་གི་བར་སྣང་ལས་གསེར་གྱི་དྲ་བ་བྲེས་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལྷའི་ལས་ཀྱང་འདས་པའི་མེ་ཏོག་གི་ཆར་དང ། ཕྱེ་མའི་ཆར་རབ་ཏུ་བབ་བོ། །ཡང་ཁྱེའུ་དེ་འགྲོ་བ་ན་བསིལ་བའི་རླུང་ལྷའི་དྲི་དང་ལྡན་པ་ལངས་སོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་སྤོས་ཆུས་བཏབ་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་གསེར་གྱི་གླེགས་མས་གཡོགས་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་པུས་མོ་ནུབ་ཙམ་དུ་ལྷའི་མེ་ཏོག་ཆལ་བར་བཀྲམ་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་རྫིང་བུ་སྟོང་ཕྲག་དུ་མ་བྱུང་སྟེ། རྫིང་བུ་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་ལ་མེ་ཏོག་ཨུཏྤལ་དང ། པདྨ་དང ། ཀུ་མུ་ཏ་དང ། པདྨ་དཀར་པོས་ཁེབས་ཤིང་ངུར་པ་སྒྲ་འབྱིན་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་གྱི་མུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་དཀྲིགས་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལྷའི་སིལ་སྙན་མང་པོ་འཁྲོལ་བར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་ལམ་གྱི་གཡས་གཡོན་རིན་པོ་ཆེས་ཀུན་ཏུ་བརྒྱན་པར་གྱུར་ཏོ། །ཡང་ཁྱེའུ་དེ་འགྲོ་བ་ན་མདུན་དུ་མེ་ཏོག་གི་སྲང་ཞིག་བྱུང་བར་གྱུར་ཏེ། དེ་ལ་རྐང་པ་འདོར་ཞིང ། བཏེག་པ་དང་མི་སྣང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེ་ཡུད་ཙམ་ཞིག་ལམ་དུ་འཕགས་
237a
༄#། །ཏེ་སླར་བལྟས་ནས་ཚིགས་སུ་བཅད་དེ་སྨྲས་པ། རིགས་པ་མི་རིགས་ནམ་ཡང་མི་འགྲོགས་ཏེ། ང་ལམ་རྒྱ་ཆེན་ཚུལ་ནི་གུད་ན་ཡོད། ཁྱོད་ནི་མི་རིགས་ང་ནི་རིགས་པ་སྟེ། །རིགས་པས་རྒྱལ་བའི་དྲུང་དུ་འགྲོ་བར་བྱ། །བསྐལ་པ་ཁྲག་ཁྲིག་མང་པོ་འདས་ཀྱང་ནི། །བརྒྱ་ལམ་དག་ན་མི་ཡི་ལུས་ཐོབ་ཅིང ། །བརྒྱ་ལམ་དག་ན་སངས་རྒྱས་འབྱུང་འགྱུར་ཏེ། །དད་དང་ཤེས་རབ་དག་ཀྱང་བརྒྱ་ལམ་ཐོབ། །ཤཱ་རིའི་བུ། ཁྱེའུ་དེས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་སྟེང་གི་བར་སྣང་ལས་ལྷ་བྱེ་བ་བརྒྱད་ཁྲི་བཞི་སྟོང་གིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་ཤེས་རབ་ཆེ། །ཁྱོད་ཀྱིས་སྨྲས་པ་མཆོག་ཡིན་གྱི། །མི་རིགས་རྣམས་ནི་ཕྱི་ནས་འོང ། །གྲོགས་པོ་རིགས་པ་ཁྱོད་བཞུད་ཅིག་།ཤཱ་རིའི་བུ། དེ་ནས་ཁྱེའུ་དེས་ལྷ་རྣམས་ལ་སླར་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་རིགས་ཞེས་སྨྲས་པ་དང ། །ཁྱོད་ཀྱིས་མི་རིགས་ཞེས་སྨྲས་པ། རིགས་པའི་དོན་ནི་ཇི་ལྟ་བུ། །མི་རིགས་དོན་ཀྱང་ཇི་ལྟ་བུ། ། ཤཱ་རིའི་བུ། དེ་ནས་ལྷ་དེ་དག་གིས་ཁྱེའུ་དེ་ལ་སླར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདོད་པའི་ལོངས་སྤྱོད་གང་གནས་པ། །དེ་དག་མངོན་བྱུང་སྤྱོད་ཡུལ་མིན། །དེ་དག་མི་རིགས་རྨོངས་པ་སྟེ། །དེ་དག་སེམས་ཅན་དམྱལ་ལ་གནས། །འདོད་པའི་ལོངས་སྤྱོད་སྤངས་བྱས་ནས། །ཁྱིམ་མེད་པར་ནི་རབ་བྱུང་བ། །འཇིག་རྟེན་འདི་ན་དེ་དག་རིགས། །དེ་དག་རིགས་ཞེས་རབ་
237b
ཏུ་བཤད། །ཤཱ་རིའི་བུ། དེ་ནས་ཁྱེའུ་དེས་ལྷ་དེ་དག་ལ་སླར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་རིགས་ཞེས་བྱ་བ་དེ། །ཁྱེད་ཀྱིས་དེ་ནི་མི་ཤེས་སོ། །ཇི་ལྟར་མི་རིགས་ཞེས་བྱ་བ། །ངས་ནི་དེ་དག་རབ་ཏུ་ཤེས། །དེ་ལྟར་ཤཱ་རིའི་བུ། ཁྱེའུ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འཇིག་རྟེན་དག་གི་དོན་ཕྱིར་སྤྱོད། །རིགས་གསུམ་བདུད་རྩི་རབ་སྦྱིན་པ། །གླང་པོ་ཆེན་པོ་སེངྒེ་ཆེ། །རྟག་ཏུ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྣང་མཛད་ཤིན་ཏུ་དཀོན། །འཇིག་རྟེན་མགོན་པོ་འོད་མཛད་པ། །ུ་དུམ་ཝ་རའི་མེ་ཏོག་བཞིན། །ཁ་དོག་ལྡན་ཞིང་དབྱིབས་མཛེས་པ། །འཇིག་རྟེན་འདི་ནི་ཉེ་བར་གཅེས། །འཕགས་པའི་ལམ་ལ་མི་མཁས་ཏེ། །ས་ཡི་སྟེང་ན་དམུས་ལོང་བཞིན། །ལམ་ངན་པར་ནི་རབ་ཏུ་རྒྱུག་།མི་མཆོག་ཁྱོད་ནི་ཅི་འདྲ་བར། །བདག་ནི་འཇིག་རྟེན་སངས་རྒྱས་གྱུར། །མེ་གསུམ་དག་གིས་ཚིག་པ་ཡི། །སྡུག་བསྔལ་པ་ལས་སེམས་ཅན་དགྲོལ། །སྲོག་ཆགས་བརྒྱ་པོ་འདི་ཀུན་ཡང ། །བདག་གི་སླད་དུ་མཆིས་པ་ལགས། །འདི་དག་ལ་ནི་ཆོས་བསྟན་ཅིང ། །བྱང་ཆུབ་མཆོག་ལ་དགོད་དུ་གསོལ། །དེ་ནས་ཤཱ་རིའི་བུ། ཁྱེའུ་དེས་ཚིགས་སུ་བཅད་པ་འདི་དག་གསོལ་
238a
༄#། །ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཆོས་སྟོན་པ་དེ་ལ་དེ་སྐད་ཅེས་གསོལ་པ་དང ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིང ། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཆོས་སྟོན་པ་བཞིན་དུ་ཆོས་སྟོན་པར་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི། ཆོས་ཉིད་དེ། སངས་རྒྱས་བཅོམ་ལྡན་འདས་གང་གི་ཚེ་འཛུམ་པ་མཛད་པ་དེ་ན་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ཁ་དོག་དུ་མ། ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེབ་རྒན་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། དེ་དག་གིས་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བས་ཁྱབ་པར་བྱས་ནས་
238b
ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་སོང་སྟེ། ཉི་མ་དང ། ཟླ་བའི་གཟི་བརྗིད་སྤ་བཀོང་ནས་སླར་ལོག་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ནས་བཅོམ་ལྡན་འདས་དེའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །ཤཱ་རིའི་བུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེའི་ཞམ་འབྲིང་པ་དགེ་སློང་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་འཛུམ་པ་མཛད་པ་མཐོང་ནས་སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བཅོམ་ལྡན་ཅི་རྒྱུ་བདེ་གཤེགས་ཅི་རྐྱེན་གྱིས། །གང་ཕྱིར་འཇིག་རྟེན་མགོན་པོ་འཛུམ་མཛད་དེ། །རབ་ཏུ་མཛེས་ཤིང་ཤིན་ཏུ་དཀོན་བྱུང་བ། །རྣམ་གཟིགས་སངས་རྒྱས་མཆོག་ལ་བདག་ཞུའོ། །རྒྱུ་མ་མཆིས་ཤིང་རྐྱེན་མ་མཆིས་པར་ནི། །རྐང་གཉིས་གཙོ་བོ་འཛུམ་པ་མི་མཛད་ན། །འཇིག་རྟེན་ཕན་པ་ཐུགས་བརྩེ་འཛུམ་མཛད་པ། འདི་ཡི་རྒྱུ་རྐྱེན་གང་ལགས་བདག་ལ་གསུངས། །ཐུབ་ཆེན་གྱི་ནི་སྤྱན་སྔར་མཆིས་པ་ཡི། །སྲོག་ཆགས་བརྒྱ་སྟོང་མཆིས་པ་འདི་དག་ཀྱང ། །རྣབ་བླགས་ཏེ་མཆིས་ཤིང་
239a
༄#། །ཉན་འཚལ་ན། །དེ་དག་ཐུགས་བརྩེའི་སླད་དུ་མགོན་པོས་གསུངས། །ཁྱོད་ནི་སྲོག་ཆགས་ཀུན་གྱི་མིག་ལགས་ཏེ། །ཁྱོད་ནི་གནས་སྐྱབས་མགོན་དང་དཔུང་གཉེན་ལགས། །ཁྱོད་ནི་སྲོག་ཆགས་ཀུན་གྱི་ཐེ་ཚོམ་གཅོད། །འཇིག་རྟེན་ཕན་པར་མཛད་ཅིང་ཐུགས་བརྩེ་བ། །ཁྱོད་ཀྱིས་འདས་ལ་རྟག་ཏུ་ཡེ་ཤེས་འཇུག་།ཁྱོད་ཀྱིས་མ་འོངས་ཐམས་ཅད་རབ་ཏུ་མཁྱེན། །སངས་རྒྱས་ཞིང་ན་ཅུང་ཟད་ཅི་མཆིས་པ། །བྱུང་བ་དག་ལའང་ཐེ་ཚོམ་མི་མངའ་འོ། །དེ་བཞིན་གཤེགས་པ་དུས་གསུམ་ཡེ་ཤེས་ལྡན། །ཆོས་ཀྱི་རྗེ་ནི་ཐམས་ཅད་འཛིན་པའི་གསུང་།། འཇིག་རྟེན་མགོན་པོ་འཛུམ་པ་མཛད་པ་འདི། །རྒྱུ་རྐྱེན་གང་ལགས་བདག་ནི་ཁྱོད་ལ་ཞུ། །ཁྱོད་ཀྱིས་འདིར་ནི་ཐེ་ཚོམ་ཐམས་ཅད་ཆོད། །ཁྱོད་ནི་ཆོས་ཀུན་ལ་ཡང་ཐེ་ཚོམ་མེད། །ཡན་ལག་བརྒྱད་དང་ལྡན་པའི་གསུང་འབྱིན་ཅིང ། །སྲོག་ཆགས་མྱ་ངན་ཟུག་རྔུ་བསལ་དུ་གསོལ། །རབ་ཏུ་མགུ་ཞིང་དགའ་བའི་སེམས་རྒྱས་ནས། །སོར་མོ་བཅུ་རྣམས་ཐལ་མོ་རབ་སྦྱར་ཏེ། །འཛུམ་པ་མཛད་འདི་རྒྱུ་རྐྱེན་གང་ལགས་པ། །ཆོས་རྗེ་ཁྱོད་ལ་བདག་ནི་དེ་ཞུ་འོ། །ཤཱ་རིའི་བུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེས་ཞམ་འབྲིང་བ་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་ཀྱིས་ཁྱེའུ་འདི་མཐོང་ངམ། །གསོལ་པ། བཅོམ་ལྡན་འདས། མཐོང་ལགས་སོ། །བདེ་
239b
བར་གཤེགས་པ། མཐོང་ལགས་སོ། །བཀའ་སྩལ་པ། དགེ་སློང ། ཁྱེའུ་འདིས་རྫོགས་པའི་བྱང་ཆུབ་བཙལ་བའི་ཕྱིར་སྔོན་འདས་པའི་དུས་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལ་ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་ཀྱིས་བསྟི་སྟང་བྱས། བླ་མར་བྱས། རིམ་གྲོ་བྱས། མཆོད་པ་བྱས་སོ། །དེ་ནས་ཁྱེའུ་འདིས་རྫོགས་པའི་བྱང་ཆུབ་བཙལ་བའི་ཕྱིར་སངས་རྒྱས་ཁྲག་ཁྲིག་ཕྲག་བཅུ་ལ་ཚངས་པར་སྤྱོད་པ་སྤྱད་དོ། །དགེ་སློང ། ཁྱོད་ཀྱིས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་མཐོང་ངམ། །གསོལ་པ། བཅོམ་ལྡན་འདས། མཐོང་ངོ ། །བདེ་བར་གཤེགས་པ། མཐོང་ངོ ། །བཀའ་སྩལ་པ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་ནི། སྔོན་ཁྱེའུ་འདིའི་ཕ་མར་གྱུར་ཏོ། །དགེ་སློང ། ཁྱེའུ་འདིས་འདི་ལྟ་བུའི་སྨོན་ལམ་བཏབ་པར་གྱུར་ཏེ། དེ་གང་དང་གང་དུ་སྐྱེས་པ་ན་གང་བདག་གི་ཕ་མར་གྱུར་པ་དེ་དག་བདག་གིས་བྱང་ཆུབ་ལ་དགོད་དོ། །ཡང་གཉིས་སུ་ན་དེ་དག་བུད་མེད་ཀྱི་དངོས་པོར་མངོན་པར་མ་གྲུབ་ཅིག ། ཅེས་བྱས་པས་དེ་དག་དེ་ལྟར་ཁྱེའུ་དེའི་རྗེས་སུ་སློབ་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཞམ་འབྲིང་བ་དགེ་སློང་དེ་ལ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དགེ་སློང་ཁྱོད་ཀྱི་མདུན་ན་ཁྱེའུ་འདི་དང ། །སྲོག་ཆགས་སྟོང་
240a
༄#། །གནས་མཆོག་ཏུ་དགའ་སེམས་ཀྱིས། །ཇི་ལྟར་ཆོས་ཀྱི་བདག་པོ་འདི་བཞིན་དུ། །གྱུར་ཅིག་ཅེས་སྨྲ་ཁྱོད་ཀྱིས་མཐོང་བ་སྟེ། །དགེ་སློང་འདིས་ནི་སྔོན་གྱི་ཚེ་རབས་ལ། །ལྷར་བཅས་འཇིག་རྟེན་དག་ལ་ཕན་པའི་ཕྱིར། །འཇིག་རྟེན་རྣམ་འདྲེན་བྱེ་བ་ཁྲག་ཁྲིག་ཀྱང ། །སྟོང་ཕྲག་དྲུག་ཅུ་བཞི་ལ་རི་མོར་བྱས། བྱང་ཆུབ་མཆོག་འདི་ལ་ནི་རེ་བའི་ཕྱིར། །དེ་ནི་སངས་རྒྱས་ཁྲག་ཁྲིག་ཕྲག་བཅུ་ཡི། །བསྟན་པ་ལ་ནི་ཆེད་དུ་རབ་བྱུང་ནས། །དེ་ནས་ཚངས་པར་སྤྱོད་པ་མཆོག་སྤྱད་དོ། །ཁྱོད་ཀྱིས་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་བཞི། །ང་མདུན་འདུག་པ་དེ་དག་ཀུན་མཐོང་ངམ། །དེ་དག་སྔོན་ཆད་འདས་དུས་ཡངས་པ་ན། དེ་ཡི་མར་ནི་གྱུར་པ་ཤ་སྟག་གོ་།གང་དང་གང་སྐྱེས་ང་ཡི་མར་གྱུར་པ། །ཐམས་ཅད་བདག་གིས་བྱང་ཆུབ་མཆོག་ལ་དགོད། །ཅི་ནས་བུད་མེད་དངོས་པོར་མ་གྱུར་ཅེས། །དེས་ནི་སྨོན་ལམ་འདི་འདྲ་བཏབ་པར་གྱུར། །དེ་དག་ཐམས་ཅད་དེ་ཡི་རྗེས་སློབ་ཅིང ། །བྱང་ཆུབ་ཀྱི་ནི་སེམས་ལ་གཞོལ་བར་འགྱུར། །འདི་དག་རྐང་གཉིས་ཀྱི་ནི་མཆོག་འགྱུར་ཞེས། །དེ་དག་ལ་ནི་ངས་ལུང་བསྟན་པར་བྱ། །མ་འོངས་དུས་ན་ཇི་ལྟར་སྤྱོད་འགྱུར་ཞིང ། །མི་མཆོག་ཏུ་ནི་ཇི་ལྟར་འགྱུར་བ་དང ། །དེ་དག་སྔོན་གྱི་སྤྱོད་པ་རབ་ཤེས་ཏེ། །དེ་ཡི་ཕྱིར་ནི་འཛུམ་པ་ངས་མཛད་དོ། །དེ་སྐད་ལུང་བསྟན་པ་ནི་ཐོས་གྱུར་ནས། །རྣམ་པར་གཟིགས་པ་འཇིག་རྟེན་སྤྱོད་པ་ལ། །ལྷ་དང་ཀླུ་དང་དེ་བཞིན་མི་རྣམས་དང ། །སྲོག་ཆགས་བྱེ་བ་རྣམས་ནི་དགའ་བར་གྱུར། །ཤཱ་
240b
རིའི་བུ།་དེ་ནས་ཁྱེའུ་དེ་དག་དགའ་མགུ་རངས་རབ་ཏུ་དགའ་སྟེ། དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་རིངས་པའི་ཚུལ་གྱིས་རང་གི་ཕ་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རང་གི་ཕ་མ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྲོག་ཆགས་བརྒྱ་པོ་དེ་དག་ཀུན། །སྔོན་ནི་བདག་གི་མར་གྱུར་ཏེ། །ཐམས་ཅད་བྱང་ཆུབ་རབ་ཏུ་ཞུགས་ན། །ཁྱོད་ཀྱི་སེམས་ནི་གང་དུ་འཇུག་།ཤཱ་རིའི་བུ། དེ་ནས་ཁྱེའུ་དེའི་ཕ་མས་ཁྱེའུ་དེ་ལ་སླར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁྱོད་ཀྱིས་དེ་དག་ཇི་ལྟ་བ། །དེ་ལྟར་ང་ཡི་སེམས་འཇུག་སྟེ། །ང་ནི་ཐམས་ཅད་མཁྱེན་པར་འགྱུར། །འདི་ལ་ང་ནི་ཐེ་ཚོམ་མེད། །གང་དུ་སྐྱེས་པར་ང་མ་བྲལ། །ཁྱོད་ལ་གནས་ནི་འདི་སློང་གི་།ཇི་ལྟར་བྱང་ཆུབ་ང་ཐོབ་པར། །རྟག་ཏུ་ང་ནི་དྲན་པར་གྱིས། །ཤཱ་རིའི་བུ། དེ་ནས་ཁྱེའུ་དེས་རང་གི་མ་སྐྱེད་པར་བྱེད་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཇི་སྙེད་བདག་གིས་བསྐུལ་བ་རྣམས། །དེ་དག་ཐོག་མར་སངས་རྒྱས་འགྱུར། །བདག་ནི་སྐྱེས་བུ་ཁ་ལོ་སྒྱུར། །འཇིག་རྟེན་སྒྲོན་མར་ཕྱིས་འགྱུར་བགྱི། །ཤཱ་རིའི་བུ། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་གསུང་རབ་ལ་ཁྱེའུ་ཞིག་བྱུང་བ་གཞན་ཡིན་སྙམ་དུ་ཐེ་ཚོམ་དང ། ཡིད་གཉིས་ཟ་ན། དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དབང་ཕྱུག་ཆེན་པོ་འདི་ནི། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་ལ་ཁྱེའུ་དེར་གྱུར་ཏོ། །དེ་ཕྱིས་
241a
༄#། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་ལོག་པར་ལྷུང་བར་མ་སོང་ངོ ། །བསྐལ་པ་བྱེ་བ་ཁྲག་ཁྲིག་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་རྗེ་ཅན་ཞེས་བྱ་བར་འགྱུར་ཏེ། འཁོར་ལོས་བསྒྱུར་བའི་རིགས་ལས་མངོན་པར་འབྱུང་བར་འགྱུར་རོ། །དེའི་དུས་ན་དེའི་ཡབ་ནི། གྲགས་པ་ཞེས་བྱ་བར་འགྱུར་ཏེ། འདི་ལྟ་སྟེ།་དཔེར་ན། ད་ལྟར་ངའི་ཡབ་ཟས་གཙང་མ་བཞིན་ནོ། །དེའི་ཡུམ་མུན་པ་དང་བྲལ་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། དཔེར་ན། ད་ལྟར་ངའི་ཡུམ་སྒྱུ་འཕྲུལ་བཞིན་ནོ། །དེའི་དུས་ན་མྱ་ངན་མེད་ཅེས་བྱ་བ་སྲས་སུ་འགྱུར་བ་ནི། འདི་ལྟ་སྟེ། དཔེར་ན། ད་ལྟར་ངའི་སྲས་སྒྲ་གཅན་ཟིན་བཞིན་ཏེ། དེ་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ།་དེ་བྱང་ཆུབ་ཐོབ་པ་ན་དེའི་ཚེའི་ཚད་ནི། ལོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དུ་འགྱུར་རོ། །སངས་རྒྱས་དེའི་འོད་ཀྱིས་དཔག་ཚད་སྟོང་ཕྲག་བཅུར་ཁྱབ་པར་འགྱུར་རོ། །དེའི་འཁོར་གྱི་དཀྱིལ་འཁོར་ནི། དཔག་ཚད་བརྒྱར་འགྱུར་རོ། །དེའི་ཉན་ཐོས་བྱེ་བ་ཕྲག་བརྒྱ་དང ། བྱེ་བ་ཁྲག་ཁྲིག་དང ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་འདུས་པ་འབྱུང་སྟེ། དེའི་ཉན་ཐོས་བྱེ་བ་ནི། དགྲ་བཅོམ་པ་འབའ་ཞིག་སྟེ།་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མངོན་པར་ཤེས་པ་དྲུག་དང་ལྡན་པ་ཤ་སྟག་སྟེ། ཤཱ་རིའི་བུ།
241b
དགྲ་བཅོམ་པ་དེ་དག་དཀོན་མཆོག་གསུམ་འདུས་པ་ཐོབ་པ་ཡོངས་སུ་བརྗོད་པ་འབྱུང་བ་དེ་སྙེད་ཀྱི་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་འབྱུང་སྟེ། ཐམས་ཅད་ཀྱང་སྔོན་མར་གྱུར་པ་ཤ་སྟག་གོ ། ཕྱིར་མི་ལྡོག་པའི་ཆོས་བསྟན་ཏེ། ཚད་མེད་གྲངས་མེད་པའི་སེམས་ཅན་གྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་བྱེ་བར་གནས་པར་འགྱུར། དེའི་རིང་བསྲེལ་ཡང་རྒྱས་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན། ད་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ། འདི་ནི། སྐྱེས་བུ་དམ་པས་རྣམ་པར་བརྟགས་པ། སྐྱེས་བུ་དམ་པས་བལྟ་བ། ཚུལ་ཁྲིམས་མ་མཉམས་\་ཾཎYཱཾ?\་པ། སྐྱེས་བུ་དམ་པ། བརྩོན་འགྲུས་མི་ལྡོག་པ་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་དྲན་པའི་སེམས་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩོན་འགྲུས་རབ་ཏུ་བརྩམ་པར་བྱ་བར་གྲངས་ཀྱིས་བགྲང་བ་དེ་སྙེད་དུ་བཙལ་ཞིང་བསྐལ་པ་དེ་སྙེད་དུ་ནི་འཁོར་བར་བྱའོ། །བསྐལ་པ་དེ་སྙེད་དུ་ནི་འཁོར་བར་མི་བྱའོ། །ཞེས་དེ་ལྟར་མི་བྱའི། ཤཱ་རིའི་བུ། བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོ་བར་བྱ་སྟེ། འཁོར་བའི་མཐའ་མའི་མཐའ་ཇི་ཙམ་པར་བདག་འཁོར་བར་བྱའི། ཡོངས་སུ་བརྟག་པ་བཟུང་སྟེ། བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་ལྷོད་པར་མི་བྱ་སྟེ། བརྩོན་འགྲུས་མི་ལྡོག་པ། རྟུལ་བ་དང་ལྡན་པར་འགྱུར་རོ། །བྱང་ཆུབ་
242a
༄#། །སེམས་དཔའི་བརྩོན་འགྲུས་རྟུལ་བ་གང་ཞེ་ན། བརྩོན་འགྲུས་རྟུལ་བ་མ་ཉམས་པའི་བྱང་ཆུབ་སེམས་དཔའ་ནི། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལ་བརྒལ་ཞིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བལྟ་བའི་ཕྱིར་འགྲོ་བར་སྤྲོ་བ་དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པའོ། །དམ་པའི་ཆོས་ཉན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལ་བརྒལ་ཞིང་ཡོངས་སུ་བརྟག་པ་བཟུང་སྟེ་བརྒལ་ཞིང་འགྲོ་བར་སྤྲོ་བ་དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པའོ། །གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལ་བརྒལ་ཞིང་དགེ་བའི་རྩ་བའི་ཕྱིར་འགྲོ་བར་སྤྲོ་བ་དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། གང་གཞན་གྱི་དོན་གྱི་ཕྱིར་རྟུལ་བ་བསྐྱེད་པའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། གང་གཞན་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རྟུལ་བ་བསྐྱེད་པའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། མི་ལྷོད་པ་དང ། བརྟན་པ་དང ། མི་ལྡོག་པ་
242b
དང ། བསམ་པ་དགེ་བ་དང ། སྙིང་རྗེ་ཆེན་པོས་རབ་ཏུ་ནོན་པས་རྟག་ཏུ་སེམས་ཅན་གྱི་དོན་ལ་བརྩོན་ཅིང་རྟུལ་བ་བསྐྱེད་པའོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། གང་གོམ་པ་འདེག་ཅིང་འདོར་བ་ན་ཡང་བྱང་ཆུབ་ཀྱི་སེམས་མི་གཏོང་སྟེ། སངས་རྒྱས་དང ། ཆོས་དང ། དགེ་འདུན་མངོན་སུམ་དུ་བྱེད་ཅིང་སེམས་ཅན་ལ་ལྟ་ཡང་ཉོན་མོངས་པའི་དབང་གིས་མི་འགྲོ་བའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། གང་དགེ་བའི་རྩ་བའི་སེམས་སྐྱེས་ཤིང་བྱུང་བ་རྣམས་བྱང་ཆུབ་ཏུ་བསྔོ་བ་སྟེ། དེའི་དགེ་བའི་རྩ་བ་དེ་མི་ཟད་པར་འགྱུར་ཏེ། ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོར་སོང་བའི་ཆུ་ནི། བར་མ་དོར་ཆུད་ཟ་བར་མི་འགྱུར་བ་དེ་བཞིན་དུ། ཤཱ་རིའི་བུ། བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ཡང་བར་མ་དོར་ཟད་པར་མི་འགྱུར་ཏེ། དེའི་ཕྱིར་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཡང་དག་པར་ཞུགས་པ་ནི། དགེ་བའི་རྩ་བ་དེ་དག་སྡུད་ཅིང་ཐམས་ཅད་མཁྱེན་པའི་རྣམ་པ་མངོན་པར་སྒྲུབ་པའི་དགེ་བའི་རྩ་བ་སྡུད་པས་དེའི་ཕྱིར་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། ། ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ནི། འདི་ལྟར་སློབ་སྟེ། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དང ། སློབ་པ་དང་མི་སློབ་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་
243a
༄#། །དང ། རང་སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དང ། བསོད་ནམས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུའི་བ་སྤུའི་ཁུང་བུ་གཅིག་ཡོངས་སུ་འགྲུབ་བོ། །བ་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པ་ཇི་སྙེད་པ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་དག་ཐམས་ཅད་ཀྱིས་ནི། གཏན་པ་མེད་པའི་མཆོད་སྦྱིན་བྱས་ན་འགྲུབ་པར་འགྱུར་རོ། །དེ་ལྟ་བུའི་མཆོད་སྦྱིན་བརྒྱས་ནི། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་བོ། །དེ་ལྟར་འཇུག་པས་མཚན་ཐམས་ཅད་ཀྱང་མངོན་པར་འགྲུབ་བོ། །མཚན་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་ཡོངས་སུ་འགྲུབ་བོ། །མཛོད་སྤུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས། བརྒྱ་ཕྲག་སྟོང་དུ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི། དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་བལྟར་མི་མཐོང་བའི་སྐྱེས་བུ་ཆེན་པོ་དེའི་མཚན་མངོན་པར་འགྲུབ་བོ། །གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་བྱེ་བ་བརྒྱ་སྟོང་དུ་བསྒྲེས་པའི་བསོད་ནམས་ཀྱི་ཕུང་པོས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་ཡོངས་སུ་འགྲུབ་སྟེ། མདོར་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་དེས་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་མཛད་དེ།
243b
སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཇི་ལྟ་བུར་མོས་ཤིང་འདུལ་བ་བཞིན་དུ་ཚིམ་པར་མཛད་དོ། །དེ་ལྟར་དཀའ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་ཀྱང་བདག་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱས་ཏེ། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་དབྱངས་ཀྱིས་གོ་བར་བྱའོ། །ཞེས་སྤྲོ་ཞིང་གོ་ཆ་མི་འདོར་བ་དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དད་པས་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པར་གྱུར་པས་ནི། ཆོས་ཀྱི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆའམ། བརྒྱ་ཕྲག་སྟོང་གི་ཆའམ། ཆར་རམ། བགྲང་བར་རམ། རྒྱུར་ཡང་ཉེ་བར་མི་འགྲོའོ། །གོང་མ་བཞིན་དུ་སྦྱར་ཏེ་དེ་ལྟར་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པའི་ཡེ་ཤེས་དང་ལྡན་པར་གྱུར་པ་དང ། དེ་དག་ལན་གཅིག་ཕྱིར་འོང་བའི་ཡེ་ཤེས་དང་ལྡན་པ་དང ། དེ་བཞིན་དུ་ཕྱིར་མི་འོང་བའི་ཡེ་ཤེས་དང་ལྡན་པ་དང ། དེ་བཞིན་དུ་དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པ་དང ། དེ་བཞིན་དུ་རང་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པ་དང ། དེ་བཞིན་དུ་བསྐལ་པ་བརྒྱས་འབྱུང་བའི་བྱང་
244a
༄#། །ཆུབ་སེམས་དཔའ་དང ། དེ་བཞིན་དུ་ཕྱིར་མི་ལྡོག་པའི་ཡེ་ཤེས་དང་ལྡན་པ་དང ། དེ་བཞིན་དུ་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། རྒྱས་པར་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་པ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་རམ། བརྒྱ་ཕྲག་སྟོང་གི་ཆར་རམ། གྲངས་སུའམ། ཆར་རམ། བགྲང་བར་རམ། རྒྱུར་ཡང་ཉེ་བར་མི་འགྲོའོ། །ཡེ་ཤེས་ལ་འཇུག་པ་འདི་ཐོས་ནས་མི་དངང ། མི་སྐྲག་།སྐྲག་པར་མི་འགྱུར་ཞིང་ཡེ་ཤེས་དེ་ལ་འཇུག་པར་མོས་པ་བསྐྱེད་དེ། བརྩོན་འགྲུས་རྩོམ་ཞིང་བྲི་དང ། རྒྱུས་པ་དང ། རུས་པ་དང ། པགས་པ་དང ། ཤ་དང ། ཁྲག་དང ། ལུས་ཡོངས་སུ་བསྐམས་པར་གྱུར་ཀྱང་བླའི། དེ་བཞིན་གཤེགས་པའི་སྟོབས་མ་ཐོབ་ཀྱི་བར་དུ་བརྩོན་འགྲུས་ཉམས་པར་མི་འགྱུར་བ་དེ་ནི། བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་སློབ་སྟེ། སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་ཇི་སྙེད་པ་དེ་དག་སེམས་ཅན་གཅིག་གི་སེམས་གཅིག་ཏུ་ཞུགས་པར་གྱུར་ལ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་དེ་ཙམ་དུ་ཚད་མེད་ཅིང་མང་བར་གྱུར་ཏེ། གང་སེམས་ཅན་ཐམས་
244b
ཅད་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཉོན་མོངས་པ་ཐམས་ཅད་ཀྱིས་གང་བའི་སེམས་དེ་དག་སེམས་ཅན་གཅིག་གི་སེམས་གཅིག་ལ་འཇུག་པར་གྱུར་ལ། རྣམ་གྲངས་འདིས་སེམས་ཅན་ཐམས་ཅད་དེ་སྙེད་ཀྱི་ཉོན་མོངས་པ་མང་པོ་ཚད་མེད་པར་གྱུར་ཀྱང་དེ་ལ་བདག་གིས་དེ་འདྲ་བའི་ཤེས་རབ་དང ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བར་བྱ། འབད་པར་བྱ། བརྩོན་འགྲུས་བརྩམ་པར་བྱ་སྟེ། ཇི་ལྟར་བརྩོན་འགྲུས་བརྩམས་པས་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་ཀུན་ཏུ་གདུང་བ་དང ། ཞེ་སྡང་གི་ཀུན་ཏུ་གདུང་བ་དང ། གཏི་མུག་གི་ཀུན་ཏུ་གདུང་བ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་བྱ། དུག་མེད་པར་བྱ། གཞོལ་བར་བྱ། དགྲོལ་བར་བྱ། ཐལ་བར་བྱ། མྱ་ངན་ལས་འདས་པའི་ལམ་ལ་རབ་ཏུ་དགོད་པར་བྱའོ། །སྙམ་དུ་གང་དེ་ལ་རྟུལ་བ་དེ་ནི། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟུལ་བ་མ་ཉམས་པར་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ནི། གང་ལུས་ཀྱི་ལས་དགེ་བ་ལ་གནས་པ་དང ། ངག་གི་ལས་དགེ་བ་ལ་གནས་པ་དང ། ཡིད་ཀྱི་ལས་དགེ་བ་ལ་གནས་པ་དང ། བརྩོན་འགྲུས་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལུས་དང ། ངག་དང ། སེམས་དང་ལྡན་པའོ། །ལུས་དང་ངག་གི་བརྩོན་འགྲུས་བས་སེམས་ཀྱི་བརྩོན་འགྲུས་ཉིད་མཆོག་ཅེས་བྱའོ། །དེ་ལ་སེམས་ཀྱི་བརྩོན་འགྲུས་གང་ཞེ་ན། གང་སེམས་ཀྱི་འཇུག་པ་དང ། གནས་པའོ། །
245a
༄#། །དེ་ལ་སེམས་ཀྱི་འཇུག་པ་གང་ཞེ་ན། གང་བྱང་ཆུབ་ལ་རྩོལ་བའོ། དེ་ལ་སེམས་ཀྱི་གནས་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་ཉེ་བར་མ་ཞི་བའོ། །དེ་ལ་འཇུག་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེ་བའོ། །དེ་ལ་གནས་པ་གང་ཞེ་ན། གང་བདག་མེད་པ་ལ་བཟོད་པའོ། །དེ་ལ་འཇུག་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་སྡུད་པའོ། །དེ་ལ་གནས་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའོ། །འཇུག་པ་ནི། འཁོར་བས་ཡོངས་སུ་མི་སྐྱོ་བའོ། །གནས་པ་ནི། ཁམས་གསུམ་མི་དམིགས་པའོ། ། འཇུག་པ་ནི། ནོར་ཐམས་ཅད་ཡོངས་སུ་གཏོང་བའོ། །གནས་པ་ནི། སྦྱིན་པ་མི་སྙེམས་པའོ། །འཇུག་པ་ནི། ཚུལ་ཁྲིམས་ཡང་དག་པར་འཛིན་པའོ། །གནས་པ་ནི། ཚུལ་ཁྲིམས་མི་སྙེམས་པའོ། །འཇུག་པ་ནི། བཟོད་པས་སྡུག་བསྔལ་བཟོད་པའོ། །གནས་པ་ནི། སེམས་མི་འཁྲུགས་པའོ། །འཇུག་པ་ནི། དགེ་བའི་རྩ་བའི་ཆོས་ཐམས་ཅད་བརྩོན་པའོ། །གནས་པ་ནི། རབ་ཏུ་དབེན་པའོ། །འཇུག་པ་ནི། བསམ་གཏན་སྒྲུབ་པའོ། །གནས་པ་ནི། སེམས་ངེས་པར་རྟོགས་པའོ། །འཇུག་པ་ནི། ཐོས་པས་མི་ངོམས་པའོ། །གནས་པ་ནི། ཚུལ་བཞིན་རབ་ཏུ་སྦྱོར་བའོ། །འཇུག་པ་ནི།་ཐོས་པ་སྟོན་པའོ། །གནས་པ་ནི། བརྗོད་དུ་མེད་པའི་ཆོས་ཉིད་དོ། །འཇུག་པ་ནི། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བའོ། །གནས་པ་ནི། སྤྲོས་པ་ཐམས་ཅད་ཡང་དག་པར་གཅོད་པའོ། །
245b
འཇུག་པ་ནི། ཚངས་པའི་གནས་གསོག་པའོ། །གནས་པ་ནི། ཡང་དག་པའི་ཡེ་ཤེས་ཀྱི་བཏང་སྙོམས་སོ། །འཇུག་པ་ནི། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པའོ། །གནས་པ་ནི། ཟག་པ་ཟད་པ་ཡོངས་སུ་འདྲིས་པར་བྱེད་པའོ། །འཇུག་པ་ནི། དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །གནས་པ་ནི། དྲན་པ་མེད་པ་དང ། ཡིད་ལ་བྱེད་པ་མེད་པའོ། །འཇུག་པ་ནི། ཡང་དག་པར་སྤོང་བ་ལ་རབ་ཏུ་སྦྱོར་བའོ། །གནས་པ་ནི། དགེ་བ་དང ། མི་དགེ་བ་དང་བྲལ་བའོ། །འཇུག་པ་ནི། རྫུ་འཕྲུལ་གྱི་རྐང་པ་མངོན་པར་སྒྲུབ་པའོ། །གནས་པ་ནི། ལྷུན་གྱིས་གྲུབ་པས་བྱ་བ་འཇུག་པའོ། །འཇུག་པ་ནི། དབང་པོ་ལ་མཁས་པའོ། །གནས་པ་ནི། དབང་པོ་ཆོས་ལ་སོ་སོར་རྟོག་པའོ། །འཇུག་པ་ནི། སྟོབས་སྒྲུབ་པའོ། །གནས་པ་ནི། མི་རྫི་བའི་གནས་སོ། །འཇུག་པ་ནི། བྱང་ཆུབ་ཀྱི་ཡན་ལག་ཡང་དག་པར་འབྱུང་བའོ། །གནས་པ་ནི། ཆོས་ལ་རབ་ཏུ་ཤེས་པའི་ཡེ་ཤེས་སོ། །འཇུག་པ་ནི། ལམ་གྱི་ཚོགས་ཡོངས་སུ་ཚོལ་བའོ། །གནས་པ་ནི། གང་དུ་ཡང་མི་འགྲོ་བའོ། །འཇུག་པ་ནི། ཞི་གནས་ཡོངས་སུ་ཚོལ་བའོ། །གནས་པ་ནི། ཞི་གནས་ཀྱི་སེམས་སོ། །འཇུག་པ་ནི། ལྷག་མཐོང་གི་ཚོགས་སོ། །གནས་པ་ནི། ཆོས་ཉིད་རིག་པའོ། །འཇུག་པ་ནི། རྒྱུ་ཁོང་དུ་ཆུད་པའོ། །གནས་པ་ནི། རྒྱུ་ཡོངས་སུ་ཤེས་པའོ། །འཇུག་པ་ནི། གཞན་གྱི་སྒྲ་ཐོས་པའོ། །གནས་པ་ནི། ཆོས་ལ་ནན་ཏན་བྱེད་པའོ། །འཇུག་པ་ནི། ཆོས་ཀྱི་སྐུའི་རྒྱན་ཏོ། །གནས་པ་ནི། ཆོས་ཀྱི་སྐུ་ཉིད་དོ། །འཇུག་པ་ནི། ངག་གི་རྒྱན་
246a
༄#། །ཏོ། །གནས་པ་ནི། འཕགས་པའི་མི་སྨྲ་བའོ། །འཇུག་པ་ནི། རྣམ་པར་ཐར་པའི་སྒོ་གསུམ་ལ་མོས་པའོ། །གནས་པ་ནི། མི་བྱེད་པའོ། །འཇུག་པ་ནི། བདུད་བཞི་རྣམ་པར་སྤོང་བའོ། །གནས་པ་ནི། བག་ཆགས་ཀྱི་ཉོན་མོངས་པ་འདོར་བའོ། །འཇུག་པ་ནི། ཐབས་མཁས་པའོ། །གནས་པ་ནི། ཤེས་རབ་ཀྱིས་བལྟའོ། །འཇུག་པ་ནི། མི་དམིགས་པར་བལྟའོ། ། གནས་པ་ནི། སྒྲོལ་བར་བལྟའོ། །འཇུག་པ་ནི། བརྡར་བལྟའོ། །གནས་པ་ནི། དོན་དུ་བལྟའོ། །འདི་ནི། སེམས་ཀྱི་བརྩོན་འགྲུས་ཞེས་བྱ་སྟེ། གང་བརྩོན་འགྲུས་ལ་རྩོམ་པ་དང ། འབད་པ་དང ། རྟུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྟུལ་བ་མ་ཉམས་པ་ཞེས་བྱའོ། །དེ་ལྟར་ཤཱ་རིའི་བུ། བརྩོན་འགྲུས་རྟུལ་བ་མ་ཉམས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་ལྔས་མངོན་པར་འཕགས་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་ལྔ་པོ་གང་དག་གིས་མངོན་པར་འཕགས་པ་ཡིན་ཞེ་ན། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པས་མངོན་པར་འཕགས་པ་ཡིན། དགེ་བའི་བཤེས་གཉེན་ལ་བརྟེན་པས་མངོན་པར་འཕགས་པ་ཡིན། དལ་པ་ཕུན་སུམ་ཚོགས་པ་ཐོབ་པས་མངོན་པར་འཕགས་པ་ཡིན། ཇི་ལྟར་དགེ་བའི་ཆོས་བསྒྲུབས་བ་ཆུད་མི་ཟ་བས་མངོན་པར་འཕགས་པ་ཡིན། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
246b
ཆེན་པོའི་རྗེས་སུ་བསླབ་པས་མངོན་པར་འཕགས་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་གང་ཆོས་ལྔས་མངོན་པར་འཕགས་པར་མི་འགྱུར་བ་དེ་ལྟ་བུ་མཆིས་སམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ཡོད་དོ། །བཅོམ་ལྡན་འདས། ཇི་ལྟར་ཇི་ལྟ་བུ་ལགས། བདེ་བར་གཤེགས་པ། ཇི་ལྟར་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་པ་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་དང ། དགེ་བའི་བཤེས་གཉེན་ལ་མི་བརྟེན་པ་དང ། དལ་བ་འབྱོར་བ་མི་རྙེད་པ་དང ། དགེ་བའི་ཆོས་ཇི་ལྟར་བསྒྲུབས་པ་ཆུད་གསོན་པ་དང ། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་མ་བསླབ་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཆོས་ལྔ་གང་ཞེ་ན། འདི་ལ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་པོའི་བཀྲབས་པར་འགྱུར། སྐྱེ་བོ་མང་པོ་སྐྲག་པར་འགྱུར་ཞིང་སྐྱེ་བོ་མང་པོས་བདག་ཅག་གི་དོན་བགྱིར་གསོལ་ཞེས་དེ་ལ་གསོལ་བ་བཏབ་པ་དང ། དེ་དག་ལ་བྱའོ། །ཞེས་སྨྲས་ནས་དེ་མི་བྱེད་ཅིང་ཚིག་གི་དངོས་པོ་ཙམ་གྱི་བར་ལ་གནས་པ་
247a
༄#། །མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟ་བུའི་ཆོས་འདི་ནི། མཐོ་རིས་ལས་ཉམས་པར་འགྱུར་བའོ། །ཤཱ་རིའི་བུ། འདི་ལྟ་བུའི་ཆོས་འདི་ནི། དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ཉམས་པར་འགྱུར་བའོ། །ཤཱ་རིའི་བུ། ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། ལུས་གསོ་བའི་ཕྱིར་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུའང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་གྲོང་ཁྱེར་དུ་འཚེ་བ་ལ་ཆགས་པ་སྟེ། གྲོང་ཁྱེར་དུ་འཚེ་བ་གང་ཞེ་ན། ཤཱ་རིའི་བུ། འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཆོས་སྟོན་པ་ནི། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏེ། དེ་ལས་འཁོར་བཞི་འབྱུང་ངོ ། །འཁོར་བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མའོ། །དེ་ལ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་གྲོང་ངམ། གྲོང་
247b
ཁྱེར་རམ། ལྗོངས་སམ། ཡུལ་ལམ། ཕོ་བྲང་འཁོར་གྱི་ནང་དུ་གནས་པར་གྱུར་པ་ལས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པར་བྱེད་པ་སྟེ། དེ་ནི། གྲོང་ཁྱེར་ལ་འཚེ་བ་ཞེས་བྱའོ། །དེ་ལ་ཆགས་ནས་བྱང་ཆུབ་སེམས་དཔའ་ཁྱིམ་པ་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་བར་དུའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་གནས་པ། ཕ་མ་ལ་ཆོས་ཀྱི་བར་ཆད་བྱེད་པ་དང ། བུ་དང ། བུ་མོ་དང ། ཆུང་མ་དང ། སྲིང་མོ་ལ་ཆོས་ཀྱི་བར་ཆད་བྱེད་པ་དང ། མཛའ་བོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་པ་དང ། དེ་བཞིན་དུ་སེམས་ཅན་གཞན་རྣམས་ལའང་ཆོས་ཀྱི་བར་ཆད་བྱེད་པ་དེ་ནི། ཡུན་རིང་པོར་ཆོས་ཀྱི་བར་ཆད་དུ་འགྱུར་བ་ཡིན་ཏེ། ཤཱ་རིའི་བུ། ཆོས་གསུམ་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་ཀྱི་བར་ཆད་བྱས་ནས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་དག་འདོད་པ་ཉུང་བ་དང་མཐུན་པ། ཡོ་བྱད་བསྙུངས་པ་དང་མཐུན་པ། ཐོས་ན་མི་དད་ཅིང་གཞན་ཡང་ལྟ་བ་དེ་ཉིད་ཡང་དག་པར་འཛིན་དུ་འཇུག་པ་དང ། དེ་དེ་བཞིན་གཤེགས་པའི་བསྟན་པ་ལ་སྨོད་ཅིང་མཉེས་པར་མི་
248a
༄#། །བྱེད་དེ། སྨད་པའི་འགྲོ་བ་ཉིད་དུ་འགྲོ་བའོ། །སྨད་པའི་འགྲོ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། མཐའ་འཁོབ་ཀྱི་ཡུལ་མི་དང ། ཡན་ལག་ཉམས་པ་དང ། ཀླ་ཀློ་དང ། ལོག་པར་ལྟ་བའི་སེམས་ཅན་གྱི་ནང་དུ་སྐྱེ་བ་སྟེ། ཤཱ་རིའི་བུ། ཆོས་བཞི་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་འདི་ལྟ་སྟེ། བློན་པོ་དང ། དེ་མ་ཡིན་པའི་འཁོར་གཞན་སྟོབས་ཆེན་པོ་ལ་བརྟེན་པར་གྱུར་ཏེ། དེ་དབང་ཕྱུག་གི་དབང་གིས་སྐྱེ་བོ་མང་པོ་ལ་གཤེ་ཤིང་བརྒྱད་དེ་ཚིག་ངན་པ་རྩུབ་པོས་སྤྱོད་དེ། འཕྱས་འདོགས་ཤིང་འཐིང་སླད་བྱེད་དེ། ངག་གི་ཉེས་པར་སྤྱོད་པ་དེ་དང་ལྡན་པས་ངན་སོང་དུ་འཇིགས་སུ་རུང་བའི་ལུས་འཐོབ་པར་འགྱུར་རོ། །ཤཱ་རིའི་བུ། ཆོས་ལྔ་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད། དགེ་བའི་བཤེས་གཉེན་ལ་ཡང་མི་བརྟེན། དལ་བ་ཕུན་སུམ་ཚོགས་པ་ཡང་མི་འཐོབ། ཇི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་ཡང་ཆུད་གསོན། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་རྗེས་སུ་སློབ་
248b
པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལས་ནི་རྣམ་པ་འདི་ལྟ་སྟེ། །དེས་ནི་ཤེས་རབ་མི་འཕེལ་འགྱུར། །བློ་ཡང་མྱུར་དུ་མ་རུང་འགྱུར། །མི་མཆོག་རྣམས་ནི་མཉེས་མི་བྱེད། །དེ་ནི་སེམས་ཅན་སླུ་བ་སྟེ། །ཕོ་བྲང་འཁོར་གྱི་བཀྲབས་པ་ལྟར། །མི་དགེ་རྩ་བ་དེ་དག་གིས། །འཇིག་རྟེན་མགོན་པོ་མི་མཐོང་ངོ ། །བདག་གིས་ཕྲོགས་ཤིག་ལོངས་ཤིག་ཅེས། །སེམས་ཅན་རྣམས་ལ་འཇིགས་བསྐྱེད་དེ། །ཉེས་པའི་ལས་རྣམས་བྱས་གྱུར་ནས། །མི་མཆོག་རྣམས་ནི་མཉེས་མི་བྱེད། །དགེ་སློང་དང་ནི་དགེ་སློང་མ། །ཚུལ་ཁྲིམས་ཉམས་བྱས་སྡུག་བསྔལ་འགྱུར། །སངས་རྒྱས་མང་པོ་མཉེས་མི་བྱེད། །དེ་ལ་དལ་བ་རྙེད་པར་དཀའ། །ཕ་དང་མ་དང་ཆུང་མ་རྣམས། །ཆོས་སྤྱོད་པ་ཡི་གེགས་བྱེད་དེ། །མྱུར་དུ་ཆོས་ཀྱང་མི་ཐོས་ཤིང ། །གཏི་མུག་གིས་ནི་བསྒྲིབས་པར་འགྱུར། །རབ་ཏུ་འབྱུང་བར་འགྲོ་བ་ལ། །བར་དུ་གཅོད་པར་བྱས་གྱུར་ནས། །སངས་རྒྱས་མང་པོ་མཉེས་མི་བྱེད། །དེ་ལ་དལ་པ་མི་འབྱུང་ངོ ། །གང་དུ་སྟོང་པ་ཉིད་བསྔགས་པ། །འདི་ལྟ་བུ་ཡི་ཆོས་ཐོས་ནས། །ཁྲོ་བ་དག་ནི་ཉེར་ལེན་ཅིང ། །འདི་ནི་ཆོས་མིན་ཞེས་ཀྱང་སྨྲ། །བར་ཆད་འདི་དག་ཐམས་ཅད་ཀྱིས། །བཅུ་དྲུག་ཆར་ཡང་མི་འགྲོའོ། །དམ་པའི་ཆོས་ལ་སྨད་བྱས་ནས། །དམུས་ལོང་རབ་ཏུ་སྡུག་བསྔལ་འགྱུར། །རྫོགས་པའི་སངས་རྒྱས་དེས་མི་
249a
༄#། །མཐོང ། །མཐོང་དུ་ཟིན་ཀྱང་དད་མི་འགྱུར། །བུད་མེད་མ་ནིང་དམུས་ལོང་དང ། །ཁྱི་དང་བོང་བུ་རྣམས་སུ་འགྱུར། །གང་ཞིག་སངས་རྒྱས་བྱང་ཆུབ་དང ། །བྱང་ཆུབ་སེམས་དཔའ་དགའ་བ་དག་།བར་དུ་གཅོད་པ་རྣམས་སྤངས་ནས། །བཟང་པོ་དག་གི་ལམ་རྣམས་སྒོམ། །ཕ་དང་མ་ནི་ཆོས་འདི་ལ། །ཡང་དང་ཡང་དུ་སྦྱོར་བ་དང ། །སེམས་ཅན་ཐམས་ཅད་རབ་འབྱུང་བར། །མྱུར་བ་ཉིད་དུ་ལེན་དུ་བཅུག་།མ་ནི་ཆོས་ལ་སྦྱར་བྱས་ན། །མྱུར་དུ་བཟང་པོའི་འགྲོ་བར་འགྲོ་།རབ་ཏུ་འབྱུང་བར་བསྔགས་པས་ན། །མྱུར་དུ་བྱང་ཆུབ་རྣམ་འཚང་རྒྱ། །ཤཱ་རིའི་བུ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན། སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད། དགེ་བའི་བཤེས་གཉེན་ལ་མི་བརྟེན། དལ་བ་ཕུན་སུམ་ཚོགས་པ་ཡང་མི་འཐོབ། ཇི་ལྟར་བསྒྲུབས་པའི་དགེ་བའི་རྩ་བ་རྣམས་ཀྱང་ཆུད་ཟ་བར་བྱེད། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་རྗེས་སུ་སློབ་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ལྔ་གང་ཞེ་ན། འཆལ་བའི་ཚུལ་ཁྲིམས་ལ་སྤྱོད་པ་དང ། དམ་པའི་ཆོས་ལ་སྨོད་པ་དང ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་ཆགས་པ་དང ། བདག་ཏུ་ལྟ་བའི་ཐིབས་པོ་དང ། གཞན་གྱི་ཁྱིམ་ལ་ཕྲག་དོག་དང ། སེར་སྣ་བསྐྱེད་པ་སྟེ། ཤཱ་རིའི་བུ།
249b
རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཆོས་ལྔ་པོ་དེ་དག་དང་ལྡན་ན། སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་དང ། དགེ་བའི་བཤེས་གཉེན་ལ་མི་བརྟེན་པ་དང ། གོང་མ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཤཱ་རིའི་བུ། འདི་ལྟ་སྟེ། ཁྱི་ལྟོགས་པ་ཀེང་རུས་ཤ་མེད་པ་ཁྲག་གིས་འབགས་པ་བླངས་ནས་དེ་སྲང་གི་སྒོ་ན་གནས་ཏེ་ཁ་ཆུས་གོས་པ་དེ་འཆའ་བ་ལས། དེ་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྱི་ལྟོགས་པ་དེ་ལོགས་སུ་འོང་བ་ཁྱི་དེས་རྒྱང་མ་ནས་འོང་བ་མཐོང་ནས་དེ་འདི་སྙམ་དུ་བསམ་སྟེ། འདི་ནི། བདག་གི་ཁ་ཟས་རོ་ཞིམ་པོ་འདི་འཕྲོག་པ་ཞིག་གོ་།སྙམ་ནས་དེ་ཤིན་ཏུ་ཟུགས་ཤིང་མིག་ཚུགས་སུ་བལྟ་ལ་བྲང་བསྙེར་ཏེ་སྐད་ཆེར་ཟུགས་ན། ཤཱ་རིའི་བུ། དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཀེང་རུས་ཤ་མེད་པ་ཁྲག་གིས་འབགས་པ་དེ་འདོད་པ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བདེ་བར་གཤེགས་པ། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱི་དེ་ཅིའི་ཕྱིར་ཤིན་ཏུ་ཟུགས་ཤིང་མིག་ཚུགས་སུ་བལྟལ་བྲང་བསྙེར་ཏེ་སྐད་ཆེར་ཞུགས། གསོལ་པ། དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཁ་ཟས་རོ་ཞིམ་པོ་འདི་འཕྲོག་པ་ཞིག་གོ་།སྙམ་སྟེ། ཤིན་ཏུ་ཟུགས་ཤིང་མིག་
250a
༄#། །ཚུགས་སུ་བལྟ་ལ་བྲང་བསྙེར་ཏེ་སྐད་ཆེར་ཟུགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། དེ་བཞིན་དུ་གང་ཁྱིམ་གྱི་སེར་སྣ་ལ་བརྩོན་པ། བཤང་བ་དང ། གཅི་བས་ཀུན་ཏུ་བསྐོར་བ་ལ་ཆགས་པའི་དགེ་སློང་དག་འབྱུང་བར་འགྱུར་ཏེ། འདི་ལྟ་བུའི་དལ་བ་ཕུན་སུམ་ཚོགས་པ་རྙེད་ནས་དེས་ཆུད་ཟོས་པར་བྱེད་པ་དེ་དག་ནི། ངས་ཁྱི་དང་འདྲའོ། །ཞེས་བརྗོད་དེ། དེ་དག་འབའ་ཞིག་གི་ཕྱིར་དེ་བཞིན་གཤེགས་པ་འདི་ལྟ་བུའི་བརྗོད་པའི་གནས་བྱེད་པ་མ་ཡིན་གྱི། ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དེ་དག་ནི། བདག་གི་ཤ་ཡང་ཡོངས་སུ་གཏོང་ན། གཞན་གྱི་ཁྱིམ་ལ་རྟོག་ཅིང་བསྙེན་པའི་ཕྱིར་ཕྲག་དོག་དང ། སེར་སྣ་བྱེད་པར་མི་འགྱུར་བ་ལྟ་ཅི་སྨོས། ཡང་ཤཱ་རིའི་བུ། སྐྱེས་བུ་གཏི་མུག་དེ་དག་འཚོ་བའི་ཕྱིར་ཟང་ཟིང་དང ། བྲན་དང ། འཇིག་རྟེན་གྱི་ཟང་ཟིང་ལྷུར་བྱེད་ཅིང་ཟས་དང ། སྲོག་ལ་ལྷུར་བྱེད་པ། རྟོག་ཅིང་བསྙེན་པའི་ཕྱིར་གཞན་གྱི་ཁྱིམ་ལ་ཕྲག་དོག་དང ། སེར་སྣ་བསྐྱེད་པར་འགྱུར་ཏེ། ཤཱ་རིའི་བུ། དེ་ལྟར་བརྩོན་པའི་དགེ་སློང་མཐོང་ན། ཕྲག་དོག་དང ། སེར་སྣ་བསྐྱེད་དེ། བདག་ནི། སྔོན་ཆད་འདིར་ཤེས་ན། ཕྱི་མ་འདི་ག་ལས་འོངས་པ་ཞིག་།འདི་ནི། བདག་དང་སྔོན་འཐམས་པ་ཞིག་ཡིན་ན། ཕྱི་མ་འདི་ག་ལས་འོངས་པ་ཞིག་ཅེས་ཟེར་ཞིང ། གལ་ཏེ་དེའི་ཁྱིམ་
250b
བདག་དེ་དག་གིས་ལྷུང་བཟེད་དང ། ཆོས་གོས་དང ། བསོད་སྙོམས་དམ་བཅས་པར་གྱུར་པ་དང ། མལ་སྟན་དང ། ན་བའི་གསོས་སྨན་དང ། ཡོ་བྱད་ཁས་བླངས་པར་གྱུར་པ་རྣམས་སྔོན་ནི། བདག་དང་དམ་བཅས་པར་གྱུར་མོད་ཀྱི། ཕྱིས་འོངས་ནས་སྦྱིན་པར་མི་འགྱུར་གྲང་སྙམ་ནས་དེ་དེ་ལ་ཉེས་པ་གསུམ་བསྐྱེད་དེ། གསུམ་གང་ཞེ་ན། གནས་ལ་ཉེས་པ་བསྐྱེད་དེ། གནས་དེ་ནས་འགྲོའོ། །སྙམ་སེམས་པ་དང ། ཤེས་པར་བྱ་བ་མ་ཡིན་པ་ཤེས་ཤིང་ཤེས་པར་བྱ་བ་མི་ཤེས་ལ། གང་ཅུང་ཟད་བསྟེན་པ་ཡང་མི་སྟེན་པ་དང ། དེ་ཁྱིམ་པ་ལ་ཉེས་པ་བསྐྱེད་པ་སྟེ། དེ་དགེ་སློང་དེ་གནས་གསུམ་བརྗོད་པར་བྱེད་དོ། །གསུམ་གང་ཞེ་ན། གནས་ཀྱི་ཉེས་པ་བརྗོད་པ་དང ། ཉམས་མི་དགའ་བ་བརྗོད་ཅིང་ཁྱིམ་གཏོང་བར་བྱེད་པ་དང ། མི་བདེན་པའི་གཏམ་ཟེར་ཞིང་སྐྱེས་བུ་དམ་པ་མ་ཡིན་པ་འདི་དག་གཡོ་བྱེད་དོ། །ཞེས་ཡིད་རྟོན་པའི་སྦྱོར་བས་དམ་བཅའ་བར་བྱ་བའི་ཆོས་ཡང་དག་པ་རབ་ཏུ་སྟོན་པ་སྟེ། ཤཱ་རིའི་བུ། དེ་ལྟར་ན་ཁྱིམ་ལ་སེར་སྣ་བྱེད་པ་ཆོས་དཀར་པོ་ཡོངས་སུ་ཉམས་པར་འགྱུར་བའོ། །ཡང་ཤཱ་རིའི་བུ། ཁྱིམ་ལ་སེར་སྣ་བྱེད་པ་ལ་གནས་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སྡོམ་པ་དང ། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བཏང་བར་འགྱུར་ཏེ། སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པར་མི་འགྱུར་རོ། །བམ་པོ་བཅུ་བཞི་པ། ཤཱ་རིའི་བུ། དེ་བས་
251a
༄#། །ན། རྣམ་གྲངས་འདིས་ཀྱང་འདི་ལྟར་ཤེས་པར་བྱ་སྟེ། ཤཱ་རིའི་བུ། སྔོན་བྱུང་བ་འདས་པའི་དུས། བསྐལ་བ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལོ་བྱེ་བ་ཕྲག་དགུ་བཅུའི་བར་དུ་བཞུགས་སོ། །དེའི་ཉན་ཐོས་ཀྱང་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུའི་ཉན་ཐོས་རྣམས་ཀྱི་ཉན་ཐོས་འདུས་པ་ཆེན་པོ་བྱུང་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་གི་བར་དུའོ། །ཡང་དེའི་ཚེ་ཁྱིམ་བདག་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ཕྱུག་ཅིང་ནོར་ཆེ་བ། ལོངས་སྤྱོད་ཆེ་ཞིང་ལོངས་སྤྱོད་མང་བ། བདག་དབང་བ་མང་བ། ནོར་དང་ཡོ་བྱད་མང་པོ་དང་ལྡན་ཞིང ། འགྲོན་བུ་དང ། གསེར་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། དངུལ་དང ། ས་ལེ་སྦྲམ་མང་པོ་དང་ལྡན་པ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་
251b
པ་དང ། ཞོ་ཤས་འཚོ་བ་མང་ཞིང ། གླང་པོ་ཆེ་དང ། རྟ་དང ། ར་ལུག་མང་བ། ནོར་དང ། འབྲུ་དང ། མཛོད་དང ། བང་བ་མང་པོ་དང་ལྡན་པ་ཞིག་བྱུང་སྟེ། དེའི་ཁྱེའུ་དེ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ་སྡོམ་པ་ཞེས་བྱ་བ་དང ། སྡོམ་པ་ལ་གནས་པ་ཞེས་བྱ་བ་གཉིས་བྱུང་སྟེ། དེ་གཉིས་དུས་གཞན་ཞིག་ན་ཁང་ཐོག་ཏུ་དོང་བར་གྱུར་ཏོ། །ཤཱ་རིའི་བུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་པ་དེ་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་མནབས། ལྷུང་བཟེད་བསྣམས་ཏེ་དགེ་སློང་གི་དགེ་འདུན་གྱིས་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱི་མདུན་དུ་བདར་ནས་བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དེར་གཤེགས་པ་དང ། མཛེས་པ། དགའ་བར་གྱུར་པ། དབང་པོ་ཞི་བ། ཡིད་ཞི་བ། མཆོག་ཏུ་དུལ་བ་དང ། ཞི་གནས་ཀྱི་མཆོག་ཐོབ་པ། ཤིན་ཏུ་དུལ་ཞིང་ཞི་གནས་ཀྱི་མཆོག་ཐོབ་པ། དབང་པོ་དུལ་ཞིང་སྦས་པ། གླང་པོ་ལྟར་རབ་ཏུ་དུལ་བ། མཚོ་ལྟར་དྭངས་ཤིང་ཐོག་པ་མེད་ལ་གསལ་བ། གསེར་གྱི་མཆོད་སྡོང་ལྟ་བུ། ས་ལེ་སྦྲམ་གྱི་རི་ལྟ་བུ། རིན་པོ་ཆེས་ཡོངས་སུ་གང་བའི་མཚོ་ལྟ་བུ། ལྷས་ཀུན་ནས་བསྐོར་བའི་བརྒྱ་བྱིན་ལྟ་བུ། ཡིད་རབ་ཏུ་ཞི་བའི་ཚངས་པ་ལྟ་བུའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་
252a
༄#། །འཕགས་མཛེས་ཤིང་དགའ་བར་འགྱུར་བ་དེ་རྒྱང་མ་ནས་བྱོན་པ་ཁྱེའུ་དེ་གཉིས་ཀྱིས་མཐོང་ངོ ། །ཤཱ་རིའི་བུ། དེ་ནས་གང་སྡོམ་པ་ལ་གནས་པ་ཞེས་བྱ་བའི་གཞོན་ནུ་དེས་དང་པོ་ཉིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་སྔར་མཐོང་ནས་དེས་ནུ་བོ་དེ་ལ་སྨྲས་པ། སེམས་ཅན་གྱི་རྒྱལ་པོ་འདི་ལྟ་བུར་མཛེས་པ་ནུ་བོ་ཁྱོད་ཀྱིས་སྔོན་ནམ་ཡང་རེས་འགའ་མཐོང་ངམ། དེས་ཕུ་བོ་ལ་ཕུ་བོ། །སེམས་ཅན་གྱི་རྒྱལ་པོ་མཛེས་པ་འདི་ལྟ་བུ་བདག་གིས་སྔོན་ལན་འགའ་ཡང་མ་མཐོང་ངོ ། །ཞེས་དེ་སྐད་སྨྲས་པ་དང ། དེས་ནུ་བོ། །ང་ནི། འདི་དང་འདྲ་བ་ཉིད་དུ་འགྱུར་བར་བྱའོ། །ཞེས་དེ་སྐད་སྨྲས་སོ། །ཤཱ་རིའི་བུ། དེ་ནས་ཁྱེའུ་སྡོམ་པ་ལ་གནས་པས་ཁྱེའུ་སྡོམ་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྡོམ་པ་ཇི་ལྟར་མཐོང་བ་བཞིན། །དེ་འདྲ་བར་ནི་བདག་བསྒྱུར་ཏེ། །བདག་ནི་དེ་བས་མང་བ་ཡི། །དགེ་སློང་དགེ་འདུན་བསྡུ་བར་བྱ། །བྱང་ཆུབ་ཀྱི་ནི་ལམ་གྱི་ཕྱིར། །ཟས་དང་སྐོམ་ནི་མི་བཟའ་འོ། །སྡོམ་པ་འདི་ནི་རྒྱལ་བ་སྟེ། །བདག་ནི་ཁྱིམ་འདིར་དགའ་བ་མེད། །སེམས་ཅན་ཀུན་གྱི་མཆོག་འདི་ནི། །སྐར་མང་དབུས་ན་ཟླ་བ་བཞིན། །མཐོང་ན་དད་པར་སུ་མི་འགྱུར། །ཁྱིམ་ནས་མི་འབྱུང་སུ་ཞིག་ཡོད། །ཤཱ་རིའི་བུ། དེ་ནས་ཁྱེའུ་སྡོམ་པས་ཁྱེའུ་སྡོམ་པ་ལ་གནས་པ་ལ་སླར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཚིག་ཏུ་བྱས་པས་
252b
མི་འགྱུར་གྱི། །སྒྲ་བོ་ཆེ་ནི་མ་འབྱིན་ཅིག་།ད་ནི་ཚིག་ཏུ་མི་སྨྲ་སྟེ། །འཚང་རྒྱ་གང་མྱུར་ཤེས་པར་བྱ། །ཤཱ་རིའི་བུ། དེ་ནས་ཁྱེའུ་སྡོམ་པ་ལ་གནས་པས་ཁྱེའུ་སྡོམ་པ་ལ་སླར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ཉིད་སེར་སྣ་སེམས་པ་དང ། །ཞུམ་པ་དག་གི་ལམ་མིན་ཏེ། །མི་མཆོག་སངས་རྒྱས་འགྱུར་རོ་ཞེས། །བཟང་པོའི་སྒྲ་ནི་བདག་གིས་བསྒྲགས། །བདག་ནོར་ཤེས་པར་མི་འགྱུར་བ། ། སེར་སྣ་ཅན་གྱི་རྟགས་ཡིན་ནོ། །བདག་ནི་མི་སྨྲ་མི་བྱ་སྟེ། །བདག་གཏོང་ནོར་ལྟ་ག་ལ་ཞིག་།ཁྱིམ་འདི་དག་ནི་ཁྱོད་ཀྱིའོ། །ང་ནི་བྱང་ཆུབ་ལམ་ཕྱིར་འགྲོ་།ཁྱིམ་དང་ནོར་ནི་ཁྱོད་ཀྱི་སྟེ། །བདག་ནི་སངས་རྒྱས་དགའ་བའོ། །སུམ་ཅུ་རྩ་གཉིས་མཆོག་གི་མཚན། །འདི་འདྲ་བ་དག་མཐོང་གྱུར་ན། །ལྟ་བ་ཉམས་པ་མ་གཏོགས་པར། །བྱང་ཆུབ་མཆོག་འདི་སུ་མི་ཚོལ། །ཁྱིམ་དག་དང་ནི་ནོར་རྣམས་དང ། །ཕ་དང་མ་དང་གཉེན་རྣམས་དང ། །བདག་གིས་དེ་དག་ཀུན་སྤངས་ཏེ། །སངས་རྒྱས་དྲུང་དུ་འགྲོ་བར་བྱ། །འཇིག་རྟེན་མགོན་པོ་འོད་མཛད་པའི། །འཇིག་རྟེན་སྣང་མཛད་རབ་ཏུ་དཀོན། །བསྐལ་པ་བྱེ་བ་སྟོང་དུ་ཡང ། །དེ་ནི་ཐོས་པར་ཤིན་ཏུ་དཀོན། །ནམ་མཁའ་དག་པའི་ཟླ་བ་ནི། །ས་ལ་ལམ་མེར་འདུག་པ་ལྟར། །རྒྱལ་པོའི་ཕོ་བྲང་འཁོར་ཞུགས་ནས། །དགེ་སློང་དགེ་འདུན་མདུན་དུ་བྱས་སོ། །འོད་ཟེར་སྟོང་པའི་ཉི་མ་ནི། །བར་སྣང་གནས་ན་ལྷང་ངེ་བ། །དེ་བཞིན་སངས་རྒྱས་སྲས་དབུས་ན། །ཀུན་ནས་རབ་ཏུ་མཛེས་པར་སྣང ། །རིའི་རྒྱལ་པོ་རི་རབ་ནི། །རིན་ཆེན་བདག་ཉིད་མཛེས་པར་སྣང ། །དེ་
253a
༄#། །བཞིན་སངས་རྒྱས་མཛེས་པ་ཡང ། །དགེ་སློང་དགེ་འདུན་མདུན་དུ་བྱས། །སྐུ་ཡི་གཟི་བརྗིད་འབར་བ་ནི། །འགྲོ་བ་འདི་དག་རྣམས་ལ་སྣང ། །གཟི་བརྗིད་ཕུང་པོའི་གཟུགས་ཅན་ཏེ། །རྐང་གཉིས་དམ་པ་དེ་མཛེས་སོ། །ལྷ་དང་ཀླུ་དང་མི་རྣམས་ནི། །རྫུ་འཕྲུལ་དག་གིས་རབ་སྡུད་ཅིང ། །རྒྱལ་པོའི་ཕོ་བྲང་འཁོར་ཞུགས་ནས། །ཆོ་འཕྲུལ་དག་ནི་རྣམ་པར་སྟོན། །སུམ་ཅུ་རྩ་གཉིས་བསོད་ནམས་མཚན་མཆོག་ལྡན། །ཆོས་ཀྱི་བདག་པོ་འདི་འདྲ་མཐོང་ནས་ནི། །བྱིས་པ་མ་བསླབ་པ་དག་མ་གཏོགས་པར། །ཐེག་པ་དམན་ལ་སུ་ཞིག་འཇུག་པར་འགྱུར། །ཤིན་ཏུ་དཀོན་པ་རབ་ཏུ་མཛེས་བྱུང་བ། །མི་མཆོག་འདི་ནི་བདག་གིས་མཐོང་བས་ན། །བྱང་ཆུབ་ཕྱིར་ནི་མངོན་པར་ཞུགས་གྱུར་ནས། །བདེ་བར་གཤེགས་པའི་དྲུང་དུ་ཉེ་བར་འགྲོ་།ཤཱ་རིའི་བུ།་དེ་ནས་ཁྱེའུ་སྡོམ་པས་ཁྱེའུ་སྡོམ་པ་ལ་གནས་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ནི་ལེ་ལོའི་ལམ་དག་ནས། །སངས་རྒྱས་དྲུང་དུ་མི་འགྲོ་སྟེ། །ཁང་ཐོག་འདི་ནས་ཕྱི་རོལ་ཏུ། །བདག་གི་ལུས་འདི་མཆོང་བར་བྱ། །བདག་ཏུ་འདུ་ཤེས་བསལ་གྱུར་ནས། །སྲོག་ལ་བལྟ་བར་མི་བྱ་སྟེ། །ཡེ་ཤེས་མཆོག་ནི་ཡོངས་བཙལ་ཞིང ། །སངས་རྒྱས་དྲུང་དུ་འགྲོ་བར་བྱ། །ཕ་ལ་ཆགས་དང་མ་ལ་ཆགས། །ཁྱིམ་ལ་ཆགས་པ་མི་བཟད་པ། །དེ་དག་ཐམས་ཅད་རྣམ་སྤངས་ནས། །སངས་རྒྱས་དྲུང་དུ་འགྲོ་བར་བྱ། །འདི་འདྲར་འགྱུར་བར་གང་འདོད་པ། །དེ་ནི་སངས་རྒྱས་དགའ་
253b
བ་ཡིན། །རིན་པོ་ཆེ་ནི་ཀུན་སྤངས་ནས། །ཁྱིམ་མེད་པར་ནི་རབ་ཏུ་འབྱུང ། །དེ་ལྟར་ཤཱ་རིའི་བུ། ཁྱེའུ་སྡོམ་པ་ལ་གནས་པ་ནི། ཁྱིམ་གྱི་སྐས་ལས་བབས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་ག་ལ་བ་དེར་སོང་ངོ ། །ཡང་ཤཱ་རིའི་བུ། ཁྱེའུ་སྡོམ་པ་ནི། ཁང་ཐོག་དེ་ནས་མཆོང་ནས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་པ་ག་ལ་བ་དེར་ཤིན་ཏུ་མྱུར་དུ་སོང་ངོ ། །ཁྱེའུ་སྡོམ་པ་ལ་གནས་པ་ཕྱི་ནས་སོང་ངོ ། །ཤཱ་རིའི་བུ། དེ་ནས་ཁྱེའུ་སྡོམ་པས་བཅོམ་ལྡན་འདས་དེ་ལ་ན་བཟའ་སྲང་བྱེ་བ་རི་བ་ཕུལ་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བདག་ནི་གཟུགས་རྣམས་ཚོལ་བའི་ཕྱིར། །སངས་རྒྱས་ན་བཟའ་འབུལ་མ་ལགས། །མི་མཆོག་དག་ནི་ཅི་འདྲ་བར། །དེ་འདྲ་བར་ནི་འགྱུར་བར་བགྱི། །ཡེ་ཤེས་ཕུང་པོ་ལྡན་པ་དང ། །བརྩོན་འགྲུས་སྟོབས་ལ་རབ་གནས་ཤིང ། །སུམ་ཅུ་རྩ་གཉིས་མཚན་མངའ་བ། །རྐང་གཉིས་དམ་པར་འགྱུར་བར་ཤོག་།སྟོབས་བཅུ་རྣམས་དང་ལྡན་གྱུར་ཅིང ། །མི་འཇིགས་པ་ལ་རབ་གནས་པ། །དེ་བཞིན་གཤེགས་པ་ཅི་འདྲ་བ། །དེ་འདྲ་བར་ནི་འགྱུར་བར་ཤོག་།ཁྱོད་ཀྱིས་ཆོས་གང་མཁྱེན་པ་དང ། །གང་ལ་ཞུགས་པར་ལྷང་ངེ་བ།། བྱང་ཆུབ་དམ་པར་སངས་རྒྱས་ནས། །བདག་ནི་ཆོས་དེ་སྟོན་པར་ཤོག་།བདག་ནི་གཟུགས་རྣམས་མངོན་པར་ཚོལ་བའི་ཕྱིར། །སངས་རྒྱས་ན་བཟའ་མཆོག་འབུལ་མ་ལགས་ཀྱི། །ལྷར་བཅས་
254a
༄#། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །བྱང་ཆུབ་མཆོག་གི་ཞི་བ་མངོན་པར་ཚོལ། །གཉིས་སུ་མེད་པའི་ཆོས་མཆོག་དེར་གནས་ཤིང ། །ཕ་རོལ་རྒོལ་བ་ཀུན་གྱིས་མི་གཡོས་པ། །ཆོས་དེ་ཉིད་ནི་མངོན་པར་འཚལ་བའི་ཕྱིར། །སངས་རྒྱས་ལ་ནི་ན་བཟའ་མཆོག་ཕུལ་ལོ། །ལྷར་བཅས་འཇིག་རྟེན་དག་ལ་སྨན་པའི་ཕྱིར། །གང་ན་སྐྱེ་རྒན་འཆི་མ་མཆིས་ཤིང ། །མྱ་ངན་དང་ནི་སྨྲེ་སྔགས་མ་མཆིས་པ། །ཞི་བའི་ཆོས་དེ་བདག་ནི་སྟོན་པར་ཤོག་།གང་ན་འདོད་ཆགས་ཞེ་སྡང་མ་མཆིས་ཤིང ། །གཏི་མུག་མ་མཆིས་སྲེད་པ་མ་མཆིས་པ། །བསིལ་དངོས་བདུད་རྩི་འདུས་མ་བགྱིས་པ་དེ། །བདག་ནི་བྱང་ཆུབ་སངས་རྒྱས་སྟོན་པར་ཤོག་།གང་ལ་ཁྱོད་ཞུགས་སེམས་ཅན་ལྷ་ཀླུ་དང ། །དེ་བཞིན་མི་དང་སེམས་མེད་དངོས་པོ་དང ། །དེ་ལྟར་སེམས་དང་ལྡན་པ་རབ་འདུད་པ། །བདག་ནི་ཞི་བའི་ཆོས་དེ་སྟོན་པར་ཤོག་།གར་གནས་སངས་རྒྱས་ཞིང་དུ་སྣང་བ་དང ། །ཕྱོགས་བཞི་དག་ན་ཀུན་ཏུ་སྣང་བ་དང ། །མུན་པ་ཆེན་པོར་འོད་ཟེར་ཕུང་ལྟ་བུའི། །བསིལ་དངོས་བདུད་རྩི་དེ་ལ་རེག་པར་ཤོག་།འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དག་དང ། །དེ་བཞིན་གཟུགས་མེད་ཁམས་ལ་རྟག་མི་གནས། །དགའ་དང་མི་དགའ་ཐམས་ཅད་རབ་དབེན་པའི། །ཆོས་ཀྱི་དམ་པ་དེར་ནི་བདག་སོན་ཤོག་།ཤཱ་རིའི་བུ། དེ་ནས་ཁྱེའུ་སྡོམ་པ་ལ་གནས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
254b
པའི་སངས་རྒྱས་མངོན་པར་འཕགས་དེ་ལ་ཤིང་ལྷམ་གསར་པ་བཟུང་གཅིག་ཕུལ་ལོ། །ཕུལ་ནས་ཀྱང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སེམས་ཅན་རྣམས་ཀྱི་གནས་རྟེན་ནས། །དཔུང་གཉེན་མགོན་དུ་འགྱུར་བར་ཤོག་།ངན་པའི་ལམ་དུ་མི་མཆི་ཞིང ། །རྟག་ཏུ་ལམ་རྣམས་སྟོན་པར་ཤོག་།བྱིས་པ་རྣམས་ཀྱི་སྤྱོད་ཡུལ་འདི། །འདོད་པ་ནམ་ཡང་བསྟེན་མ་གྱུར། །འདུས་བྱས་དག་ཀྱང་རབ་སྤངས་ནས། །རྟག་ཏུ་སངས་རྒྱས་འབྱུང་རྙེད་གྱུར། །འཇིག་རྟེན་སྣང་མཛད་མཐོང་ནས་ཀྱང ། །རྐང་གཉིས་དམ་པ་མཆོད་པར་གྱུར། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་དམ་པ་ཡོངས་སུ་བཙལ། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །མེ་ཏོག་ཕྲེང་བ་སྤོས་རྣམས་དང ། །རྒྱལ་མཚན་དག་དང་གདུགས་རྣམས་ཀྱིས། །གླང་པོ་ཆེན་པོ་བཀུར་སྟིར་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཆོས་གོས་དག་དང་བསོད་སྙོམས་དང ། །མལ་སྟན་རྣམས་དང་གདིང་པ་ཡིས། །སངས་རྒྱས་རྣམས་ལ་མཆོད་པར་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །རྔ་དང་དུང་དང་རྔ་ཆེན་དང ། །སིལ་སྙན་དག་དང་པི་ཝང་གིས། །འཇིག་རྟེན་སྣང་མཛད་མཆོད་པར་ཤོག་།བཟའ་བ་དང་ནི་བཅའ་བ་དང ། །དུས་ཀྱིས་མ་ཕྱེ་བཟའ་བ་རྣམས། །དེ་དག་གིས་ནི་འཇིག་རྟེན་མགོན། །སྐྱོབ་པ་བདག་གིས་མཆོད་པར་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །མཆོད་པ་རྒྱ་ཆེན་བགྱིས་གྱུར་ནས། །དེ་ཉིད་དུ་ནི་རབ་བྱུང་སྟེ། །ཚངས་པར་སྤྱོད་པ་བདག་གིས་སྤྱད། །སྲོག་ཆགས་ཀུན་གྱི་
255a
༄#། །མགོན་དུ་བདག་གྱུར་ཅིག་།བདག་ནི་ལམ་གོལ་ནམ་ཡང་འགྲོ་མ་གྱུར། །ཡན་ལག་བརྒྱད་ལྡན་ལམ་མཆོག་རབ་གནས་པས། །བདག་གིས་སྲོག་ཆགས་བྱེ་བ་དེ་ཉིད་དགྲོལ། །དམན་ལ་འཕགས་མིན་མཆོག་ཏུ་སྨད་པ་ཡི། །འདོད་པ་དག་ནི་ནམ་ཡང་བསྟེན་མ་གྱུར། །བག་མེད་ཐམས་ཅད་ཡོངས་སུ་སྤངས་གྱུར་ནས། །བདག་ནི་རྟག་ཏུ་བག་ཡོད་འགྱུར་བར་ཤོག་།མི་ཁོམ་བརྒྱད་ལམ་ནམ་ཡང་སྐྱེས་མ་གྱུར། །རྟག་ཏུ་དད་པའི་རིགས་སུ་སྐྱེས་གྱུར་ཅིང ། །སྐྱེས་པར་གྱུར་ནས་མི་མཆོག་རྣམས་མཐོང་ལ། །མཐོང་ནས་དེ་ལ་བདག་ནི་དད་པར་ཤོག་།དེ་འདྲའི་ཡེ་ཤེས་དེ་ནི་བཙལ་བའི་ཕྱིར། །དང་པའི་སེམས་ཀྱིས་མེ་ཏོག་ཕྲེང་བ་དང ། །བྱུག་པ་དག་དང་རྫ་ང་རྔ་ཆེན་དང ། །རྔ་དང་གླིང་བུ་དག་གིས་རི་མོར་བགྱི། །བསྐལ་པ་བྱེ་མང་རྣམ་པ་སྣ་ཚོགས་ཀྱི། །མཆོད་པ་ཆེན་པོ་དག་ནི་བགྱིས་གྱུར་ནས། །མྱུར་དུ་འདོད་པ་སྤངས་ཏེ་རབ་བྱུང་ལ། །ཚངས་པར་སྤྱད་པ་བདག་ནི་སྤྱོད་པར་ཤོག་།དེ་དག་ས་ཕྱོགས་གང་དུ་འདུག་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་འཕགས་པའི་རྒྱལ་པོ་དེ་ལ་ཚིགས་སུ་བཅད་པའི་གླུའི་དབྱངས་ཀྱིས་བསྟོད་པའི་ས་ཕྱོགས་དེར་ཙནྡན་དམར་པོ་ལས་བྱས་པའི་དེ་བཞིན་གཤེགས་པའི་གཙུག་ལག་ཁང་རྒྱར་དཔག་ཚད་བཞི། འཕང་དུ་དཔག་ཚད་ཕྱེད་པ་བྱས་ཏེ། དེ་དག་གིས་གཙུག་ལག་ཁང་དེ་བྱས་ནས་དེ་བཞིན་གཤེགས་
255b
པ་ལ་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །གནས་པ་གང་ལ་ཁྱོད་ནི་བཞུགས་གྱུར་བས། ། སྔོན་གྱི་རྒྱལ་བས་བཞི་པོ་གང་བསྔགས་པ། །གནས་པ་དེ་ནི་བཙལ་བར་བགྱི་བའི་ཕྱིར། །གཙུག་ལག་ཁང་འདི་བདེ་བར་གཤེགས་ལ་དབུལ། །གནས་པ་དག་ནི་གང་ལ་རྟག་བཞུགས་ན། །འདས་དང་མ་འོངས་ད་ལྟར་བྱུང་བ་ཡི། །སེམས་ནི་སྲོག་ཆགས་བྱེ་བས་མི་འཚལ་བའི། །སྤྱོད་པ་དེ་ནི་བདག་གིས་བཙལ་བར་བགྱི། །སྤྱོད་པ་གང་དག་ཕ་རོལ་སོན་པ་ནི། །ཡང་དག་སྤོང་དང་དེ་བཞིན་དུ་རྫུ་འཕྲུལ་རྐང ། །མཆོག་བཞི་རྣམས་ཀྱི་སོ་སོ་ཡང་དག་རིག་།སྤྱོད་པ་དེ་དག་བདག་གིས་བཙལ་བར་བགྱི། །དེ་དག་གིས་གཙུག་ལག་ཁང་དེ་ཉིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་དེ་དང ། དགེ་སློང་གི་དགེ་འདུན་དུ་བཅས་པ་ལ་ཟླ་བ་ཕྱེད་ཀྱི་བར་དུ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། དེ་དག་གིས་གཙུག་ལག་ཁང་དེར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དུ་བཅས་པ་ལ་བསྟི་སྟང་དུ་བྱས། །བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་དྲུང་དུ་སྐྲ་དང ། ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དགེ་བའི་ཆོས་ཚོལ་བ་ལ་བརྩོན་པར་གྱུར་ཏེ། དགེ་བའི་ཆོས་ཚོལ་བ་ལ་ཡིད་བརྩོན་པར་གྱུར་ཏོ། །དེ་ནས་གཅིག་
256a
༄#། །གིས་སྨྲས་པ། འཇིག་རྟེན་མགོན་པོ་འོད་བྱེད་པར། །བདག་ནི་དང་པོ་སྔར་གྱུར་ཅིག་།གཅིག་ཤོས་ཀྱིས་སྨྲས་པ། དེད་དཔོན་མི་ཡི་གཙོ་བོར་ཡང ། །བདག་ནི་དང་པོ་སྔར་གྱུར་ཅིག་།དེ་ནས་ཤཱ་རིའི་བུ། གང་སྡོམ་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་དེའི་སྤྱན་སྔར་འདུག་ནས་ཡི་དམ་བཅས་པ། སྟན་དག་ལ་ཡང་མི་འདུག་ཅིང ། །བདག་ནི་མལ་དུ་མི་ཉལ་ལོ། །སྲོག་ཆགས་རྣམས་ཀྱི་དོན་འཚལ་ཕྱིར། །བདག་གིས་བྱང་ཆུབ་ལམ་བཙལ་ལོ། །བདག་ཉིད་ཀྱི་ཡང་ལུས་དང་ནི། །སྲོག་ཀྱང་ཡོངས་སུ་སྤངས་བགྱིས་ཏེ། །ལེ་ལོ་དག་ནི་ཀུན་སྤངས་ནས། །བྱང་ཆུབ་དམ་པ་བཙལ་བར་བགྱི། །ཤ་རྣམས་དང་ནི་དེ་བཞིན་ཁྲག་རྣམས་དང ། །པགས་པ་དང་ནི་རྒྱུས་བསྐམས་སྲོག་བོར་ཏེ། །ལེ་ལོ་ཐམས་ཅད་ཡོངས་སུ་སྤངས་བགྱིས་ནས། །བྱང་ཆུབ་མཆོག་ཕྱིར་བརྩོན་འགྲུས་བརྩམ་པར་བགྱི། །ཤཱ་རིའི་བུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡོམ་པ་ལ་གནས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡོམ་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ཅག་གཉིས་ནི་འདུས་གྱུར་ནས། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་སྤྱོད་པ་རྣམས་སྤྱད་ཅིང ། །བརྩོན་འགྲུས་དམ་པ་བརྩམ་པར་བྱ། །ལུས་རྣམས་དང་ནི་དེ་བཞིན་སྲོག་པོར་ཏེ། །
256b
ཤ་དང་ཁྲག་ནི་དེ་བཞིན་བསྐམས་གྱུར་ཀྱང ། །སྲིད་པ་སྟོང་དུ་ཁྱོད་ཀྱི་རྗེས་སློབ་ཅིང ། །བྱང་ཆུབ་མཆོག་ཕྱིར་བརྩོན་འགྲུས་བརྩམ་པར་བྱ། །གང་དུ་ཆོས་ཀྱི་བདག་པོ་བཞུགས་མཛེས་པའི། །ཡེ་ཤེས་དམ་པ་ཡོངས་སུ་བཙལ་བྱ་ཞིང ། །དགོན་པའི་གནས་ཀྱི་རི་དང་ཆུ་དྲུང་དུ། །ཐེ་ཚོམ་མེད་པར་བརྩོན་འགྲུས་བརྩམ་པར་བྱ། །ཤཱ་རིའི་བུ། དེ་ནས་བྱང་ཆུབ་སེམས་དཔའ་སྡོམ་པ་དང ། སྡོམ་པ་ལ་གནས་པ་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེ་གོལ་གཏོགས་པ་སྲིད་དུ་ཡང་རྨུགས་པ་དང ། གཉིད་ཀྱིས་ནོན་པར་མ་གྱུར་ཏོ། །ལོ་སྟོང་དུ་ལན་འགའ་ཡང་ཉལ་ལོ། །སྙམ་དུ་ཉལ་བའི་སེམས་མ་བསྐྱེད་དོ། །ལོ་སྟོང་དུ་ལན་འགའ་ཡང་འདུག་གོ་།སྙམ་དུ་སྟན་འདོད་པར་མ་གྱུར་ཏོ། །དེ་གཉིས་བཤང་བ་དང ། གཅི་བའི་ཚེ་མ་གཏོགས་པར་ལོ་སྟོང་དུ་ཐ་ན་ལན་འགའ་ཡང་ཙོག་ཙོག་པོར་མ་འདུག་གོ་།ནམ་ཁ་ཟས་ཟ་བ་ན་ཡང་འགྲེང་བཞིན་དུ་ཁམས་གསུམ་གསུམ་ཙམ་ཟ་ཞིང་ཆུ་ཕོར་གང་ཙམ་འཐུང་ངོ ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཁ་ཟས་འདོད་པའམ། བཀྲེས་ན་མྱུར་དུ་ཁ་ཟས་རྙེད་པར་དགའ་བ་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཁ་ཟས་དེ་ལས་ལྷག་པར་མ་ཟོས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ཁ་ཟས་ཟ་བ་ན་ལན་འགའ་ཡང་ཁ་ཟས་ལ་མངར་བ་དང ། སྐྱུར་བ་དང ། བྲོ་བ་དང ། ཚ་བ་དང ། ཁ་བ་དང ། བསྐ་བར་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཡང་འདུ་ཤེས་མ་བསྐྱེད་དོ། །དེ་གཉིས་ཀྱིས་
257a
༄#། །ལོ་སྟོང་དུ་བསོད་སྙོམས་སྒྲུབ་པ་ལ་ངེད་ལ་བསོད་སྙོམས་སྦྱིན་པ་འདི་བུད་མེད་དམ། སྐྱེས་པའམ། ཁྱེའུའམ། བུ་མོའམ། སུ་ཞིག་ཅེས་ལན་འགའ་ཡང་གདོང་དུ་མ་བལྟས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ཤིང་གང་གི་དྲུང་ན་གནས་པའི་ཤིང་དེ་ལ་གྱེན་དུ་ལན་འགའ་ཡང་མ་བལྟས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཆོས་གོས་གཉིས་སུ་མ་བརྗེས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐན་སེམས་བསྐྱེད་པ་གཅིག་ཀྱང་འདོད་པའི་རྣམ་པར་རྟོག་པ་མ་བརྟགས། གནོད་སེམས་ཀྱི་རྣམ་པར་རྟོག་པ་མ་བརྟགས། འཚེ་བའི་རྣམ་པར་རྟོག་པ་མ་བརྟགས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་ཟླ་བ་ལ་སོང་བའམ། ཉི་མ་ལ་སོང་བའམ། ཕ་ལ་སོང་བའམ། མ་ལ་སོང་བའམ། སྤུན་ལ་སོང་བའམ། སྲིང་མོ་ལ་སོང་བའམ། ཉེ་དུ་ལ་སོང་བའི་རྣམ་པར་རྟོག་པ་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་འདས་པའི་བར་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་ཁྱིམ་ལ་གནས་པའི་རྣམ་པར་རྟོག་པ་མ་བརྟགས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཟླ་བའམ། ཉི་མའམ། སྐར་མའི་གཟུགས་སམ། བར་སྣང་ལ་གྱེན་དུ་མ་བལྟས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་རྩིག་པའམ། ཤིང་ལ་མ་བསྙེས་སོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་མར་རམ། འབྲུ་མར་གྱིས་ལུས་མ་བསྐུས་སོ། །
257b
དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་མར་དང་ལྡན་པའི་སེམས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་ལུས་ལ་སྐྱོ་བ་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་ཐ་ན་སེམས་བསྐྱེད་པ་གཅིག་ཀྱང་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཞེས་ལུས་ལ་ངལ་བ་མ་བསྐྱེད་དོ། །དེ་གཉིས་ལོ་སྟོང་དུ་ལན་འགའ་ཡང་ལུས་ན་བའམ། སེམས་ན་བར་མ་གྱུར་ཏོ། །དེ་དག་གིས་ལོ་སྟོང་འདས་ཀྱི་བར་དུ་ནམ་ཡང་སྐྲ་འབྲེག་པར་སེམས་མ་བསྐྱེད་དོ། །གཞན་དུ་ན་རྒྱལ་པོ་ཆེན་པོ་བཞི་འོངས་ནས་མགོ་ལ་བྱུགས་ཏེ་སྐྲ་ཁྱེར་ནས་ཕྱིར་འདོང་ངོ ། །དེ་དག་སྐྲ་ཁྱེར་ནས་མཆོད་རྟེན་བཙུགས་སོ། །དེ་དག་གིས་ལོ་སྟོང་གི་བར་དུ་རྒྱལ་པོ་ཆེན་པོ་དེ་དག་འོངས་པ་དང ། སོང་བ་ལ་ནམ་ཡང་འོང་བ་དང་འགྲོ་བའི་སེམས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་གྲིབ་མ་བབ་པ་ན་ཉི་མ་དང ། ཉི་མས་ཕོག་ན་གྲིབ་མའི་སེམས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་གྲང་བའི་དུས་ན་ཡང་ལན་འགའ་ཡང་ལུས་ལ་གཡོགས་པའི་འདུ་ཤེས་མ་བསྐྱེད་དོ། །དེ་གཉིས་ཀྱིས་ལོ་སྟོང་དུ་ལན་འགའ་ཡང་འཇིག་རྟེན་གྱི་ཚིག་མ་སྨྲས་སོ། །ཡང་ཤཱ་རིའི་བུ། དེའི་དུས་ན་དྲན་པ་རྨོངས་བྱེད་ཅེས་བྱ་བའི་བདུད་ཅིག་བྱུང་སྟེ། འདི་ལྟ་སྟེ། དཔེར་ན། ད་ལྟར་གྱི་ངའི་བདུད་སྡིག་ཅན་བཞིན་ནོ། །ཤཱ་རིའི་བུ། བདུད་དྲན་པ་
258a
༄#། །རྨོངས་བྱེད་ཀྱིས་བྱང་ཆུབ་སེམས་དཔའ་སྡོམ་པའི་འཆག་སར་རལ་གྲི་སོ་གཏམས་པ་བྱས་པར་གྱུར་པ་དང ། དེས་རལ་གྲིའི་སོ་དེ་ལ་རལ་གྲིའི་སོར་འདུ་ཤེས་བསྐྱེད་ནས་དེས་བདག་ནི། བག་མེད་པ་ལ་གནས་སོ། །བདག་ནི། བག་མེད་པ་ལ་གནས་སོ། །ཞེས་སྒྲ་ཕྱུང་བ་དང ། སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་གྱུར་ཏོ། །དེ་ལྟར་ཤཱ་རིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་བྱས་པ་དང ། སྟེང་གི་བར་སྣང་ལས་བདུད་ཀྱི་རིས་ཀྱི་ལྷ་བྱེ་བ་བརྒྱ་ཕྲག་སྟོང་གིས་ཀྱེ་མའོ། །བྱང་ཆུབ་སེམས་དཔའ་ཤི་འཕོས་སུ་མ་གྱུར་ཏོ། །ཤི་འཕོས་སུ་མ་གྱུར་ཏོ། །ཞེས་སྒྲ་བྱུང་ངོ ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སྡོམ་པ་དེ་ལྟར་འཆག་པས་སེམས་བསྐྱེད་པ་དེའི་རྗེས་སུ་ཞུགས་ཏེ་ཡང་ཤཱ་རིའི་བུ། ལྷ་དང་བཅས་པས་སྒྲ་གཉིས་པ་ཕྱུང་བ་དེ་བྱང་ཆུབ་སེམས་དཔའ་སྡོམ་པས་མ་ཐོས་སོ། །གང་ལྷའི་སྒྲ་དང ། གང་སྡོམ་པའི་སྒྲ་དེ་གཉིས་ཀྱང་བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་པས་མ་ཐོས་ཏེ། ཤཱ་རིའི་བུ། སྐྱེས་བུ་དམ་པ་དེ་གཉིས་སྤྱོད་ལམ་དེ་ལྟ་བུ་དང ། སྤྱོད་པ་དེ་ལྟ་བུ་དང ། ནན་ཏན་དེ་ལྟ་བུ་དང ། སྙིང་རྗེ་ཆེན་པོ་དེ་ལྟ་བུ་དང ། རྟུལ་བ་དེ་ལྟ་བུ་དང་ལྡན་པར་གྱུར་ཏེ། དེ་གཉིས་ཀྱིས་ལོ་སྟོང་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་སོ། །གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
258b
མངོན་པར་འཕགས་པའི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་པ་དང ། དེ་ནས་ལྷ་ཞིག་འོངས་ནས་རིགས་ཀྱི་བུ་དག་།དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་སྦྲན་ཏེ། དེ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་ཐོས་ནས་བཅོམ་ལྡན་འདས་དེའི་ཁྲི་གང་ན་ཡོད་པ་དེར་སོང་སྟེ་འགྲེང་བཞིན་དུ་ཐལ་མོ་སྦྱར་ནས་ཉི་མ་བདུན་གྱི་བར་དུ་མིག་མི་འཛུམ་པར་བལྟ་སྟེ། བྱམས་པ་དང་ལྡན་ཞིང་འགྲན་ཟླ་མེད་པའི་གུས་པས་རྗེས་སུ་དྲན་པར་བྱས་ཏེ། དེ་དག་གིས་བརྩོན་འགྲུས་མ་བཏང་བས་འགྲེང་བཞིན་དུ་འཆི་བའི་དུས་བྱས་སོ། ། དེ་དག་དེ་ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་གཉིས་ཚངས་པར་གྱུར་ནས་སླར་ལོག་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཆོད་རྟེན་བྱས་ནས་ལོ་བཞི་ཁྲིའི་བར་དུ་མཆོད་རྟེན་གྱི་ཡོ་བྱད་ཀྱི་ལས་བྱས་སོ། །དེ་གཉིས་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་གདུགས་བཙུགས་ཟིན་པར་ཤེས་ནས་ལོ་བདུན་ཁྲིའི་བར་དུ་འགྲེང་བཞིན་དུ་ཐལ་མོ་སྦྱར་ཏེ་གནས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ལ་ཕྱག་བྱེད་དོ། །དེ་དག་ཚེའི་མཐར་ཕྱིན་ཏེ་ཤི་འཕོས་ནས་ཡང་ཛམྦུའི་གླིང་ཉིད་དུ་སྐྱེས་ཏེ། འཁོར་ལོས་བསྒྱུར་བའི་རིགས་སུ་མའི་མངལ་དུ་མ་ཚེ་མར་སྐྱེས་སོ། །དེ་གཉིས་སྐྱེས་མ་ཐག་ཏུ་གཅིག་གིས་གཅིག་དྲན་ནས་བདག་ཅག་བག་ཡོད་པ་ལ་གནས་པར་བྱའོ། །བདག་ཅག་བག་ཡོད་
259a
༄#། །པའི་མཆོག་བསྒོམ་པར་བྱའོ། །ཞེས་སྨྲས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འབྱོར་དང་རྒྱས་ཤིང་རྟག་ཏུ་ལོ་ལེགས་པའི། །ཡིད་འོང་རྒྱལ་པོའི་རིགས་སུ་བདག་ཅག་སྐྱེས། །བག་མེད་རྒྱགས་པ་རབ་ཏུ་སྤང་བྱ་སྟེ། །བྱང་ཆུབ་དམ་པ་རབ་ཏུ་བསྒྲུབ་པར་བྱ། །འདོད་དང་ལོངས་སྤྱོད་དེ་བཞིན་རྒྱལ་པོའི་སྲིད། །ཡིད་བརྟན་མི་རུང་རིང་པོར་མི་ཐོགས་ཏེ། །བྱང་ཆུབ་དམ་པ་ཡོངས་སུ་ཚོལ་བ་ན། །མཁས་པ་དེ་ལ་འདོད་པ་མི་བསྐྱེད་དོ། །སྲོག་ཆགས་ཕན་ཕྱིར་བྱང་ཆུབ་གང་ཞུགས་པ། །འདོད་དང་ལོངས་སྤྱོད་ལ་ནི་འདོད་མི་བསྐྱེད།། མྱུར་དུ་འདོད་པ་སྤངས་ཤིང་རབ་བྱུང་ནས། །ཚངས་པར་སྤྱོད་པ་དམ་པ་མཆོག་སྤྱད་དོ། །སྔོན་འདས་དུས་ནི་ཤིན་ཏུ་རྒྱས་པ་ནས། །ལྷ་རྫས་དག་དང་མི་ཡི་བཟང་པོ་དང ། །འདོད་པའི་ཡོན་ཏན་ལྔ་དག་བསྟེན་གྱུར་ཀྱང ། །དེ་ལ་ནམ་ཡང་ངོམས་པ་མ་རྙེད་དོ། །དེ་ཕྱིར་རྒྱལ་སྲིད་རྒྱས་དང་གཉེན་ཚོགས་དང ། །འདོད་པའི་ཡོན་ཏན་འདི་དག་སྤང་བྱ་སྟེ། །ལུས་སྐྱེས་ནས་ནི་མྱུར་དུ་རབ་བྱུང་ལ། ། བྱང་ཆུབ་ཕྱིར་ནི་བརྩོན་འགྲུས་བརྩམ་པར་བྱ། །དེ་གཉིས་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་འདྲ་བར་གྱུར་ནས་སྐྲ་དང ། ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ལོ་ཉི་ཁྲིའི་བར་དུ་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ནས་ཤི་འཕོས་ནས་སླར་ཡང་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་སླར་
259b
ཡང་ཛམྦུའི་གླིང་དུ་སྐྱེས་སོ། །ཡང་ཤཱ་རིའི་བུ། དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མཆོག་ཅེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེ་དེ་གཉིས་ཀྱིས་མཉེས་པར་བྱས་ཏེ། དེ་གཉིས་དེ་བཞིན་གཤེགས་པ་དེའི་དྲུང་དུ་སྐྲ་དང ། ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་གཉིས་རབ་ཏུ་བྱུང་ནས་ལོ་བྱེ་བར་ཚངས་པར་སྤྱོད་པ་སྤྱད་དོ། །ཤཱ་རིའི་བུ། རྣམ་གྲངས་དེས་སངས་རྒྱས་ཁྲི་མཉེས་པར་བྱས་ཏེ། བྱང་ཆུབ་སེམས་དཔའ་སྡོམ་པས་ཐམས་ཅད་དུ་ཚངས་པར་སྤྱོད་པ་སྤྱད་དོ། །བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་པས་ནི། དེ་བཞིན་གཤེགས་པ་གཅིག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ལ་ཤཱ་རིའི་བུ། གང་བྱང་ཆུབ་སེམས་དཔའ་སྡོམ་པ་ཞེས་བྱ་བ་དེ་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་འབར་བ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་
260a
༄#། །རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་ལོ་བྱེ་བ་ཕྲག་དགུ་བཅུའི་བར་དུ་གནས་སོ། །དེའི་ཉན་ཐོས་ཀྱང་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུའི་ཉན་ཐོས་ཀྱི་འདུས་པ་ཆེན་པོ་བྱུང་ངོ ། །ཤཱ་རིའི་བུ། དེ་བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་ཞེས་བྱ་བ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་བྱང་ཆུབ་ཐོབ་པ་དེའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། དེས་དེ་བཞིན་གཤེགས་པ་དེ་དང་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང ། བསོད་སྙོམས་དང ། མལ་སྟན་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་སོ། །དེ་ནས་ཤཱ་རིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་འབར་བ་དེས་རྒྱལ་པོ་དེ་འོངས་པར་མཁྱེན་ནས་རྒྱལ་པོ་དེ་ལ་བསྐུལ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ཆོས་རྣམས་འཐོབ་པ་ལ། །བརྩོན་འགྲུས་དམ་པ་མཆོག་ཡིན་ཏེ། །འདོད་ལ་བརྐམ་པའི་སེམས་ཅན་རྣམས། །སེམས་ཅན་དོན་བྱེད་ཤིན་ཏུ་དཀོན། །འདོད་ལ་བརྐམ་པའི་དོན་རྣམས་གང ། །དེ་ནི་མཁས་པའི་དོན་མ་ཡིན། །ཁྱོད་ནི་དོན་མེད་གནས་པ་སྟེ། །མཆོག་གི་དོན་ནི་ཚོལ་མ་ཡིན། །ང་ཉིད་དང་ནི་ཁྱོད་ཉིད་དུ། །སྔོན་ནི་སྤུན་
260b
དུ་གྱུར་པ་སྟེ། །རྫོགས་པའི་སངས་རྒྱས་མྱུར་བསྒྲུབ་ཅིང ། །དེ་ན་བདག་ཅག་དམ་བཅས་སོ། །ངས་ནི་བྱང་ཆུབ་ཐོབ་གྱུར་ཏེ། །ཚངས་པའི་འཁོར་ལོ་བསྐོར་ལ་ལྟོས། །ཁྱོད་ནི་ཁྱིམ་དང་ཆུང་མ་དག་།རྟག་ཏུ་སྲུང་ཞིང་གནས་པ་ཡིན། །མཁས་པ་རྣམས་ནི་འདི་ལ་ཡིད་མི་རྟོན། །འདོད་པ་འདི་དག་ངན་ཞེས་རྒྱལ་བས་གསུངས། །སྐྱེ་བོ་དག་ནི་བག་མེད་དོན་སྤྱོད་དེ། །དེ་ཕྱིར་དོན་མིན་རྟག་ཏུ་རྣམ་པར་སྤངས། །བློ་གྲོས་ངན་པ་དོན་མེད་ཁུར་ཁྱེར་ཏེ། །ཁྱོད་ནི་དོན་མེད་པ་ལ་རབ་ཏུ་གནས། །འཕགས་པ་དག་གིས་འབྱུང་བར་རབ་ཏུ་བསྔགས། །འདོད་ཡོན་སྡུག་བསྔལ་ཐོབ་བྱེད་མི་ཤེས་སོ། །བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་དེ་དག་གིས་དེ་བསྐུལ་བ་དང ། དེ་བུ་ལ་མ་བལྟས། ཆུང་མ་ལ་ཡང་མ་བལྟས། ཚོང་དཔོན་དང ། བློན་པོ་དང ། ཕ་དང ། མ་དང ། མཁར་གྱི་རྒྱལ་པོ་དང ། གྲོང་རྡལ་དང ། ལྗོངས་དང ། རྒྱལ་སྲིད་ཐམས་ཅད་ལ་ཡང་མ་བལྟས། ནོར་བུའི་ཕུང་པོ་ཐམས་ཅད་ལ་ཡང་མ་ཆགས་པར་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་དེའི་སྤྱན་སྔར་འདུག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་ཕྱིར། །བདག་གི་ཤ་ཡང་བསྐམ་པར་བགྱི། །ཁྱིམ་ཀུན་ཀྱང་ནི་སྤང་བར་བགྱི། །དགོན་པར་མཆིས་ནས་འགུམ་པར་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །ཁྱིམ་མེད་པར་ནི་རབ་བྱུང་ནས། །དགོན་པ་རབ་དགོན་སྟེན་བགྱིད་ཅིང ། །ཕྱིར་ཡང་བརྩོན་འགྲུས་བརྩམ་པར་བགྱི། །བྱིས་པ་
261a
༄#། །སྨྲ་བ་སྡིག་པ་ཡི། །འདོད་པའི་ཕྱིར་ཡང་མི་སྟེན་ཏེ། །དེ་ལ་གནས་པར་གྱུར་བས་ན། །བདག་ནི་རྒྱབ་ཀྱིས་ཕྱོགས་བར་གྱུར། །འདོད་དང་ལོངས་སྤྱོད་རྒྱལ་སྲིད་དང་།། ཐམས་ཅད་རྣམ་པར་སྤངས་གྱུར་ཏེ། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །དེང་ཉིད་བདག་ནི་རབ་ཏུ་འབྱུང ། །བྱང་ཆུབ་ཕྱིར་ནི་སྤྱད་པ་སྤྱོད་བྱེད་ན། །མཁས་པ་སུ་ཞིག་འདུས་བྱས་ཡིད་རྟོན་བྱེད། །གང་དུ་བདག་ནི་འདོད་ལ་ཞུགས་གྱུར་པས། །བརྩོན་འགྲུས་བརྩམས་ཀྱང་བྱང་ཆུབ་རེག་མ་གྱུར། །དེ་བས་འདོད་པའི་ཡོན་ཏན་བདག་སྤངས་ཏེ། །ལོངས་སྤྱོད་བདེ་དང་རྒྱལ་སྲིད་བདེ་སྤངས་ནས། །རྒྱལ་བའི་བསྟན་ལ་ཆེད་དུ་རབ་བྱུང་ལ། །བྱང་ཆུབ་མཆོག་ཕྱིར་བརྩོན་འགྲུས་བརྩམ་པར་བགྱི། །དེས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་དྲུང་དུ་སྐྲ་དང ། ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །རྒྱལ་པོ་མངོན་པར་བྱུང་ཞིང་རབ་ཏུ་བྱུང་བར་ཤེས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་མཆོད་པ་བྱས་ནས་དེ་ནས་ཤི་འཕོས་མ་ཐག་ཏུ་དགའ་ལྡན་གྱི་རིས་ཀྱི་ལྷའི་རྒྱལ་པོར་སྐྱེས་སོ། །དེ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་བསྐལ་པ་དེ་ཉིད་ལ་བླ་ན་མེད་པ་ཡང་
261b
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་སྤྱོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་སྟེ། དེ་ལོ་བྱེ་བ་ཚང་བར་གནས་སོ། །དེའི་ཉན་ཐོས་ཀྱང་བྱེ་བ་ཁྲག་ཁྲིག་ཚང་བའི་ཉན་ཐོས་ཆེན་པོ་འདུས་པར་གྱུར་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་གི་བར་དུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱ་ཕྲག་སྟོང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བར་དུ་བཀོད་དོ། །ཆོས་བསྟན་ནས་སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནི། བསྐལ་པ་ལས་ལྷག་པར་གནས་པར་གྱུར་ཏོ། །དེའི་རིང་བསྲེལ་ཡང་རྒྱས་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན།་ང་ད་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སྡོམ་པ་དང ། བྱང་ཆུབ་སེམས་དཔའ་སྡོམ་པ་ལ་གནས་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་བསླབ་ཅིང་བརྩོན་འགྲུས་མ་ཉམས་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པར་བྱའི། སེམས་ཅན་ཀེང་རུས་ལ་གནས་པ་དང ། སེར་སྣ་ལ་གནས་པ་དག་གི་
262a
༄#། །རྗེས་སུ་བསླབ་པར་མི་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་གང་ལ་ལ་བྱང་ཆུབ་འདོད་ལ་གཞན་གྱི་ཁྱིམ་ལ་སེར་སྣ་བསྐྱེད་ན། དེའི་ཚེ་དེ་ལ་འཇིགས་པ་གསུམ་འབྱུང་བར་ཤེས་པར་བྱའོ། །གསུམ་གང་ཞེ་ན། གཞན་གྱི་ཁྱིམ་དག་ཏུ་ཁ་ཟས་ཀྱི་ཕྱིར་སྨྲ། ཀུན་ཏུ་སྨྲ་བའི་ཕྱིར་འཕགས་པའི་དགེ་སློང་གཞན་མཐོང་ན་ཕྲག་དོག་དང ། སེར་སྣ་བསྐྱེད་ཅིང་ཁོང་ཁྲོ་བའི་སེམས་གཅིག་ཙམ་གྱིས་ཀྱང་མི་མཐུན་པར་བྱེད་ན། དེས་སེམས་ཅན་དམྱལ་བའི་ལམ་ཡོངས་སུ་བཟུང་བར་འགྱུར། །དམུས་ལོང་གི་ས་བོན་བཏབ་བར་འགྱུར། མཐའ་འཁོབ་ཏུ་སྐྱེ་བའི་གནས་ཡོངས་སུ་བཟུང་བར་འགྱུར་རོ། །ཤཱ་རིའི་བུ། གང་ལ་ལས་འཕགས་པའི་དགེ་སློང་མཐོང་ན་ཁྲོ་བའི་ཟིལ་གྱིས་ནོན་ཏེ་ཁྲོ་བའི་སེམས་ཀྱིས་མི་སྨྲ་ཞིང་སེར་སྣ་བསྐྱེད་དེ། ཁོང་ཁྲོ་བའི་སེམས་གཅིག་ཙམ་གྱིས་ཀྱང་མི་མཐུན་པར་བྱེད་ན། དེས་སེམས་ཅན་དམྱལ་བའི་ལམ་ཡོངས་སུ་བཟུང་བར་འགྱུར། དམུས་ལོང་གི་ས་བོན་བཏབ་པར་འགྱུར། མིར་སྐྱེས་ན་ཡང་མཐའ་འཁོབ་ཀྱི་མིའི་ཡུལ་ཕྱོགས་སུ་སྐྱེ་བའི་གནས་ཡོངས་སུ་བཟུང་བར་འགྱུར། ཁོང་ཁྲོ་བ་མང་བར་འགྱུར། །དམུས་ལོང་དུ་འགྱུར། གཞན་གྱི་དྲིང་འཇོག་ཅིང་སྐུར་པ་མང་བར་འགྱུར་རོ། །ཤཱ་རིའི་བུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་གཞན་གྱི་ཁྱིམ་ལ་ཕྲག་དོག་དང ། སེར་སྣ་སྐྱེས་པ་དེའི་ཚེ་དེ་དག་འཇིགས་པ་འདི་གསུམ་ཡིད་ལ་བྱའོ། །དེ་སྐད་
262b
ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ལ་དེ་ལྟར་རྙེད་པ་ལེགས་པར་རྙེད་དོ། །དེ་བཞིན་གཤེགས་པ་ཁྱིམ་གྱི་སེར་སྣ་ལས་བྱུང་བ་འདི་ལྟ་བུ་བཤད་པ་ངོ་མཚར་ཏོ། །བཅོམ་ལྡན་འདས། བདག་ཅག་ཉན་ཐོས་རྣམས་ལ་ཡང་ཁྱིམ་གྱི་སེར་སྣ་ལས་འབྱུང་བ་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས། བདག་ཅག་ཀྱང་སེམས་ཅན་དམྱལ་བ་ལས་ཐར་པར་འཚལ་བ་ལགས་ཀྱི། བདག་ཅག་དམུས་ལོང་འཚལ་བ་མ་ལགས་སོ། །བདག་ཅག་གཅུགས་མ་མཆིས་པའི་འཁོན་མི་འཚལ་ཏེ། བདག་ཅག་ཀྱང་སྐུར་པ་འདེབས་པ་འཚལ་བ་མ་ལགས་སོ། །བདག་ཅག་མཐའ་འཁོབ་ཀྱི་གནས་འཚལ་བ་མ་ལགས་སོ། །བཅོམ་ལྡན་འདས། བདག་ཅག་ནི།་ཡུལ་གྱི་དབུས་ཀྱི་ཕྱོགས་འཚལ་ཏེ། བདག་ཅག་གིས་དེ་བཞིན་གཤེགས་པ་དང ། ཆོས་ཉན་པ་ཡོངས་སུ་མ་བཏང་ངོ ། །དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། ཁྱོད་འདི་ལྟར་གནམ་ཞིང་དྲང་བར་གྱུར་ཏེ། གང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི། ལེགས་སོ། །ལེགས་སོ། །ངོ་མཚར་ཏོ། །དེ་བས་ན། ཤཱ་རིའི་བུ། གང་འཇིག་རྟེན་ན་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པར་འདོད་པ་དེ་དག་གི་ཕྱིར་བཤད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ།
263a
༄#། །མ་བསླབ་ན། འཐབ་པའི་རྩ་བ་རྩོད་པར་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ནི། དད་པ་དང ། དད་བ་མང་ཞིང་སེམས་ཅན་རྣམས་ཀྱི་སྐྱབས་ཀྱི་ཕྱིར་ཡུན་རིང་པོར་བལྟ་བ་དང ། དུས་རིང་པོར་བལྟ་བར་འགྱུར་ཞིང ། དེ་བཞིན་གཤེགས་པའི་དྲུང་དུ་སོང་ནས་ཡོངས་སུ་འདྲི་བར་བྱེད་དེ། དེ་འདི་ལྟ་བུའི་ཆོས་འདི་ཐོས་ནས་དགའ་བ་དང ། དད་པ་དང ། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་ཏེ། ནན་ཏན་གྱིས་ཀྱང་སྒྲུབ་མོད་ཀྱི། ཤཱ་རིའི་བུ། གང་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པའི་སེམས་ཅན་དེ་དག་ནི། ཉུང་བར་འགྱུར་ཏེ། ཕལ་ཆེར་དངོས་པོ་གསུམ་ལ་གནས་སོ། །གསུམ་གང་ཞེ་ན། རྙེད་པ་དང ། བཀུར་སྟི་དང ། ཚིགས་སུ་བཅད་པ་ཚོལ་བ་དང ། མཛའ་བོའི་ཁྱིམ་དང་སློང་བའི་ཁྱིམ་ཚོལ་བ་དང ། གནས་ཡོངས་སུ་འཛིན་པའི་ཕྱུག་པ་ཚོལ་ཏེ། དངོས་པོ་གསུམ་པོ་འདི་དག་ལ་གནས་སོ། །དེ་བས་ན། གང་དངོས་པོ་འདི་གསུམ་ལ་གནས་པ་དེ་དག་ནི། ངན་སོང་གསུམ་ལས་ཡོངས་སུ་མི་ཐར་རོ། །དེ་དག་སེམས་ཅན་དམྱལ་བ་ལས་ཐར་པ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ལས་ཐར་པར་བྱ་བ་ལ་སྤྲོ་བ་ཆུང་ཞིང་དེ་དག་མཐོ་རིས་ཟད་པར་འགྱུར་བ་དང ། གླེང་བ་དང ། འཐབ་པ་དང ། རྩོད་པ་དང ། འབྲེག་པ་དང ། འགྱེད་པ་ལ་བརྩོན་ཞིང་ལྟ་བར་འགྱུར་རོ། །དེ་དག་མ་དད་པར་གྱུར་པས་མཛའ་བ་མང་པོས་
263b
ཡོངས་སུ་ཟིན་ནས་དགོན་པར་གནས་པ་སྤོང་བ་རྗེས་སུ་འཐོབ་པར་འགྱུར་ཏེ། དེ་དག་ལ་ཁྱིམ་པ་དག་།ཚེ་དང་ལྡན་པ་ཁྱོད་ངེད་ཀྱི་གནས་དང་ཉེ་བར་གནས་པར་གྱིས་ཤིག་དང ། ངེད་ཀྱིས་ཆོས་གོས་དང ། བསོད་སྙོམས་དང ། མལ་སྟན་དང ། ན་བའི་གསོས་སྨན་དང ། ཡོ་བྱད་ཀྱིས་བསྙེན་བཀུར་བྱའོ། །ཚེ་དང་ལྡན་པ་དགོན་པ་ལ་གནས་ན། ངེད་ཀྱིས་ཀྱང་ཁྱོད་མི་མཐོང་ངོ ། །ཁྱོད་ཀྱིས་ཀྱང་ངེད་མི་མཐོང་ངོ ། །ཞེས་དེ་སྐད་ཟེར་ཞིང ། དེ་དག་ཕན་ཚུན་སྨྲ་བ་མང་བས་གནས་ལ་ཆགས་ནས་མངོན་པར་དགའ་བ་བསྐྱེད་དེ། དེ་དག་གནས་ལ་སྲེད་པ་བསྐྱེད་པར་འགྱུར། རིང་དུ་གནས་པར་འགྱུར། མཛའ་བོའི་ཁྱིམ་དང ། སློང་བ་སྦྱིན་པའི་ཁྱིམ་མང་བར་འགྱུར་ཏེ། དེ་དག་ཕྱི་ཕྱིར་ཞིང་མཐོང་ན། གཅིག་ལ་གཅིག་སྲེད་པར་འགྱུར་ཏེ། དེ་ལ་གང་དགེ་སློང་ཐོར་བུར་འོངས་པ་དེ་དག་ལ་བསྔགས་པ་མ་ཡིན་པ་སྨྲ་བར་འགྱུར་ཏེ། མང་དུ་ཐོས་པ་མ་ཡིན་ནོ། །རྒྱུན་དུ་ཞུགས་པ་མ་ཡིན་ནོ། །ཞེས་སྨྲ་བར་བྱེད། ལན་གཅིག་ཕྱིར་འོང་བ་མ་ཡིན་ནོ། །ཞེས་སྨྲ་བར་བྱེད། དགྲ་བཅོམ་པ་མ་ཡིན་ནོ། །ཞེས་སྨྲ་བར་བྱེད་དེ། གཞན་ལ་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་བ་ལ་སྤྲོ་བར་བྱེད་དོ། །ཤཱ་རིའི་བུ། དེ་ལ་ཁྱིམ་པ་དེ་དག་གང་དགེ་སློང་ཐོར་བུར་འོངས་པ་དེ་དག་ནི།་བདག་ཅག་གི་དྲུང་ན་ཡུན་རིང་དུ་གནས་པ་མ་ཡིན་གྱི། གང་དགེ་སློང་འཁོད་པ་དག་ནི། བདག་ཅག་གཅིག་གི་གཅིག་དོན་གྱི་ཕོ་ཉ་ཡིན་ནོ། །ཞེས་པ་འདི་སྙམ་དུ་སེམས་ཏེ། དེ་
264a
༄#། །དག་གཅིག་ལ་གཅིག་སེར་སྣ་བྱེད་པར་འགྱུར་རོ། །ཤཱ་རིའི་བུ། དེ་ལ་ཁ་ཅིག་ནི། ཆོས་འདི་ལྟ་བུ་ཁོང་དུ་ཆུད་པར་མ་གྱུར། ཁོང་དུ་མ་ཆུད། ཁོང་དུ་ཆུད་པར་མི་འགྱུར་ཏེ། དེ་དག་ཐམས་ཅད་མདོ་སྡེ་འདི་ལྟ་བུ་དག་སྤངས་པར་གྱུར། སྤོང་བར་བྱེད། སྤོང་བར་འགྱུར་རོ། །ཡང་ཤཱ་རིའི་བུ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུའི་ཚིག་དང་འབྲུའི་རྣམ་གྲངས་ཐོས་ནས་ཐོས་མ་ཐག་ཏུ་མོས་པར་མི་བྱེད་ཀྱི། སེམས་ཅན་ངན་སོང་དུ་འགྲོ་བའི་སེམས་ཅན་དེ་ལྟ་བུ་དག་ནི། སྨོད་པར་བྱེད་པར་འགྱུར་རོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ་ནི། སེར་སྣ་དང ། ཕྲག་དོག་གི་གཞི་འདི་ལྟ་བུ་ངན་སོང་དུ་འགྲོ་བའི་ལས་ཐོས་ནས་ཁྱིམ་གྱི་སེར་སྣ་མ་བྱེད་པ་ཡང་མི་བྱེད། ཁྱིམ་གྱི་སེར་སྣ་བྱས་པ་ཡང་འཆགས་པར་འགྱུར་རོ། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཤཱ་རིའི་བུ། བརྩོན་འགྲུས་མ་ཉམས་པའི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སེམས་ཅན་ཐམས་ཅད་ལ་ནད་པར་འདུ་ཤེས་བསྐྱེད་དེ། སེམས་ཅན་དེ་དག་ཐམས་ཅད་ནི། གདུང་བའི་ནད་འདི་གསུམ་གྱིས་རྟག་ཏུ་གདུངས་སོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བའོ།།
264b
སྨན་དང ། རྩི་བསྐུ་བའི་སྦྱོར་བ་གང་གིས་སེམས་ཅན་རྣམས་ཀྱི་འདོད་ཆགས་རབ་ཏུ་ཞི་བར་འགྱུར་བ་དང ། ཞེ་སྡང་རབ་ཏུ་ཞི་བར་འགྱུར་བ་དང ། གཏི་མུག་རབ་ཏུ་ཞི་བར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྨན་དང ། རྩིས་བསྐུ་བའི་སྦྱོར་བ་དག་གིས་བསྡུ་བར་བྱའོ། །ཞེས་དེ་ལྟར་སེམས་ཤིང་དེ་ཆོས་ཀྱི་སྨན་དང ། རྩིས་བསྐུས་པའི་སྦྱོར་བ་གང་གིས་སེམས་ཅན་རྣམས་ཀྱི་འདོད་ཆགས་རབ་ཏུ་ཞི་བར་འགྱུར་བ་དང ། ཞེ་སྡང་རབ་ཏུ་ཞི་བར་འགྱུར་བ་དང ། གཏི་མུག་རབ་ཏུ་ཞི་བར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྨན་དང ། རྩིས་བསྐུས་པའི་སྦྱིན་པ་སྡུད་པར་བྱེད་དོ། །དེ་ནི། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། སེམས་ཅན་ཐམས་ཅད་ནི། གདུང་བའི་ནད་གསུམ་གྱིས་རྟག་ཏུ་གདུངས་ནས་ན་བ་སྟེ། འདི་ལྟ་སྟེ། འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བའོ། །སེམས་ཅན་གང་སེམས་ཅན་དམྱལ་བར་སྐྱེ་བ་དེ་དག་ཀྱང་གདུང་བ་འདི་གསུམ་གྱི་རྟག་ཏུ་གདུངས་ཏེ། འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བའོ། །གང་དུད་འགྲོའི་སྐྱེ་གནས་པ་དང ། གང་གཤིན་རྗེའི་འཇིག་རྟེན་པ་དང ། གང་མིའི་འཇིག་རྟེན་པ་དང ། གང་ལྷར་སྐྱེས་པའི་སེམས་ཅན་དེ་དག་ཀྱང་འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བ་འདི་གསུམ་གྱིས་རྟག་
265a
༄#། །ཏུ་གདུངས་ཏེ། གང་སེམས་ཅན་དེ་དག་གི་སྨན་པ་གསོ་བར་བྱེད་པ་དེ་དག་ཀྱང་གང་འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བ་འདི་གསུམ་གྱིས་རྟག་ཏུ་གདུངས་ཏེ། དེ་ལ་སྨན་པ་གཞན་དང ། སྨན་གཞན་བསྐུ་བའི་སྦྱོར་བས་སེམས་ཅན་དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱ་མི་ནུས་ཀྱི། གཞན་དུ་ན་དེ་བཞིན་གཤེགས་པ་བླ་ན་མེད་པའི་སྨན་པའི་རྒྱལ་པོ་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པས་བདག་ཉིད་སྨན་དུ་གྱུར་པར་བྱིན་གྱིས་བརླབས་ནས་སེམས་ཅན་དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་ནུས་སོ། །དེ་བས་ན། ཤཱ་རིའི་བུ། རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་སྨན་པ་ཕལ་དང ། སྨན་གྱིས་བསྐུ་བའི་སྦྱོར་བ་ཕལ་གྱིས་སེམས་ཅན་དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་ནུས་པ་སླ་བ་མ་ཡིན་གྱི། གཞན་དུ་ན་དེ་བཞིན་གཤེགས་པ་བླ་ན་མེད་པའི་སྨན་པའི་རྒྱལ་པོ་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པས་སེམས་ཅན་དེ་དག་གི་འདོད་ཆགས་ཀྱི་གདུང་བ་དང ། ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་ནུས་
265b
པར་རིག་པར་བྱའོ། །ཤཱ་རིའི་བུ། དེ་ཇི་སྙམ་དུ་སེམས། སེམས་ཅན་གྱི་ཁམས་རབ་ཏུ་མང་ངམ། གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་ཏེ། སེམས་ཅན་གྱི་ཁམས་ནི། རབ་ཏུ་མང་གི་།སའི་ཁམས་ནི། དེ་ལྟ་མ་ལགས་སོ། །ཆུའི་ཁམས་ནི། དེ་ལྟ་མ་ལགས། མེའི་ཁམས་ནི། དེ་ལྟ་མ་ལགས། རླུང་གི་ཁམས་ནི། དེ་ལྟ་མ་ལགས་སོ། །བཀའ་སྩལ་པ། དེ་དེ་བཞིན་ནོ། །ཤཱ་རིའི་བུ། དེ་དེ་བཞིན་ཏེ། ཤཱ་རིའི་བུ། སེམས་ཅན་གྱི་ཁམས་ནི། རབ་ཏུ་མང་གི་།སའི་ཁམས་ནི། དེ་ལྟ་མ་ཡིན། ཆུའི་ཁམས་ནི། དེ་ལྟ་མ་ཡིན། མེའི་ཁམས་ནི།་དེ་ལྟ་མ་ཡིན། རླུང་གི་ཁམས་ནི། དེ་ལྟ་མ་ཡིན་ནོ། །ཡང་ཤཱ་རིའི་བུ། སེམས་ཅན་སྐལ་བ་མཉམ་པར་གྱུར་པ་འདི་ལས་ཕྱི་རོལ་གྱི་དྲང་སྲོང་གི་ལྷའི་མིག་ལ་སྣང་བར་མ་གྱུར་པ། ཉན་ཐོས་དང།་རང་སངས་རྒྱས་ཀྱི་ལྷའི་མིག་ལ་སྣང་བར་མ་གྱུར་པ་ཡོད་དོ། །ཤཱ་རིའི་བུ། གང་ཤིང་རྟའི་འཁོར་ལོ་ཙམ་གྱི་ཁྱོན་ལ་དེ་བཞིན་གཤེགས་པའི་ལྷའི་སྤྱན་ལ་སྣང་བར་གྱུར་པ་དེ་ནི། རབ་ཏུ་མང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང ། མིར་བཅས་པའི་སྐྱེ་རྒུ་ནི། དེ་ལྟ་མ་ཡིན་ཏེ། དེ་ལྟར་སེམས་ཅན་གྱི་ཁམས་དཔག་ཏུ་མེད་དོ། །ཤཱ་རིའི་བུ། ཇི་ཙམ་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་སྒོ་ང་ལས་སྐྱེ་བའམ། མངལ་ནས་སྐྱེ་བའམ། དྲོད་གཤེར་ལས་སྐྱེ་བའམ། རྫུས་ཏེ་སྐྱེ་བའམ། གཟུགས་ཅན་ནམ་
266a
༄#། །གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ། སྣང་བའམ། མི་སྣང་བའམ། ཇི་ཙམ་སེམས་ཅན་གྱི་ཁམས་སུ་བཏགས་པ་དེ་དག་ཐམས་ཅད་ཡོངས་སུ་བརྟག་པ་བཟུང་སྟེ། སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་ལ་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ་དེ་དག་ཐམས་ཅད་མིར་གྱུར་ནས་ཀྱང་སྨན་པར་གྱུར་ཏེ། ཚེའི་ཚད་ཀྱང་བསྐལ་པར་གནས་པར་གྱུར་ནས་ཡོངས་སུ་བརྟག་པ་བཟུང་སྟེ་སློབ་དཔོན་ཁམས་གསོ་བ་ལ་མཁས་པ་འདི་ལྟ་སྟེ། ཤཱ་རིའི་བུ། ད་ལྟར་གྱི་སྨན་པའི་རྒྱལ་པོའི་འཚོ་བྱེད་ལྟ་བུ་དེ་དག་ཐམས་ཅད་འདུས་ནས་སེམས་ཅན་གཅིག་གི་འདོད་ཆགས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱ་བ་དང ། ཞེ་སྡང་གི་གདུང་པ་དང ། གཏི་མུག་གི་གདུད་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་འབད་ཅིང ། སྨན་པ་དེ་རེ་རེས་ཀྱང་བསིལ་བའི་ཡན་ལག་གི་སྨན་རི་རབ་ཙམ་གྱི་ཕུང་པོ་བསྡུས་ནས་དེ་དག་ཐམས་ཅད་སེམས་ཅན་གཅིག་གི་འདོད་ཆགས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་བསིལ་བའི་ཡན་ལག་གི་སྨན་གྱི་ཕུང་པོ་བཏགས་ཏེ་བསྐུས་པར་གྱུར་ཀྱང་ཤཱ་རིའི་བུ། སྨན་པ་ཚེའི་ཚད་བསྐལ་བར་གནས་པ་ཐམས་ཅད་སྐྱོ་བར་གྱུར་ལ། བསིལ་བའི་ཡན་ལག་གི་སྨན་གྱི་ཕུང་པོ་དེ་དག་ཐམས་ཅད་ཡོངས་སུ་འབྲིང་ཅིང་ཟད་པར་གྱུར་ཀྱང་སེམས་ཅན་གཅིག་གི་འདོད་ཆགས་ཀྱི་གདུང་བ་དང །
266b
ཞེ་སྡང་གི་གདུང་བ་དང ། གཏི་མུག་གི་གདུང་བ་དེ་དག་རབ་ཏུ་ཞི་བར་མི་ནུས་ཀྱི། དེ་ལྟར་དེ་བཞིན་གཤེགས་པས་མི་སྡུག་པའི་ཆོས་ཀྱི་སྨན་དང ། རྩི་བསྐུ་བའི་སྦྱོར་བས་ནི། སེམས་ཅན་དུ་མ། སེམས་ཅན་བརྒྱ་ཕྲག་དུ་མ། སེམས་ཅན་སྟོང་ཕྲག་དུ་མ། སེམས་ཅན་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་མ། སེམས་ཅན་ཁྲག་ཁྲིག་དཀྲིགས་ཕྲག་དུ་མ། སེམས་ཅན་གཏམས་ཕྲག་དུ་མ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་འདོད་ཆགས་ཀྱི་གདུང་བ་མི་སྡུག་པའི་སྨན་དང ། རྩི་བསྐུ་བའི་སྦྱོར་བས་རབ་ཏུ་ཞི་བར་བྱེད་དོ། ། བྱམས་པའི་ཆོས་ཀྱི་སྨན་དང ། རྩིས་བསྐུ་བའི་སྦྱོར་བས་སེམས་ཅན་དུ་མའི་ཞེ་སྡང་གི་གདུང་བ་རབ་ཏུ་ཞི་བར་བྱེད་དེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་ཞེ་སྡང་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྨན་དང ། རྩིས་བསྐུ་བའི་སྦྱོར་བས་སེམས་ཅན་དུ་མའི་གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དེ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུ་ཐོབ་པས་ཀྱང་བདག་ཉིད་ཀྱི་ཆོས་ཀྱི་སྨན་དུ་གྱུར་པར་བྱིན་གྱིས་བརླབས་ནས་སེམས་ཅན་དུ་མའི་འདོད་ཆགས་ཀྱི་གདུང་བར་རབ་ཏུ་ཞི་བར་བྱེད། །ཞེ་སྡང་གི་གདུང་བར་རབ་ཏུ་ཞི་བར་བྱེད། །གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །སེམས་ཅན་
267a
༄#། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །དེ་བས་ན། ཤཱ་རིའི་བུ། རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཀྱི་སྐུ་ལ་གནས་ནས་བདག་ཉིད་ཆོས་ཀྱི་སྨན་དུ་གྱུར་པར་བྱིན་གྱིས་བརླབས་ནས་སེམས་ཅན་དུ་མ་ནས་སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་འདོད་ཆགས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱེད། ཞེ་སྡང་གི་གདུང་བ་རབ་ཏུ་ཞི་བར་བྱེད། །གཏི་མུག་གི་གདུང་བ་རབ་ཏུ་ཞི་བར་བྱེད་དོ། །ཤཱ་རིའི་བུ། ངས་མངོན་པར་ཤེས་པ་བསྐལ་པ་གྲངས་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུའོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས་ང་ལ་གཞོན་ནུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ཡང་ཤཱ་རིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ལུང་བསྟན་མ་ཐག་ཏུ་ངས་ཆོས་ཀྱི་སྐུ་
267b
ཐོབ་པར་གྱུར་ཏེ། ང་ཆོས་ཀྱི་སྐུ་དང་ལྡན་པར་གྱུར་ནས་མར་མེ་མཛད་ཀྱི་འོག་ཏུ་ལྷའི་དབང་པོ་བརྒྱ་བྱིན་མིག་མཛེས་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་བདག་པོ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ།་དབང་ཆེ་བར་གྲགས་པར་གྱུར་ཏོ། །ཡང་དེའི་ཚེ་ཛམྦུའི་གླིང་འདིར་གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཕྲག་བཞི་བྱུང་ངོ ། །གྲོང་དང ། ཚོང་འདུས་དང ། རི་ཁྲོད་སྟོང་ཕྲག་མང་པོ་བྱུང་སྟེ། གྲོང་ཁྱེར་ཆེན་པོ་དང ། ཚོང་འདུས་དང ། རི་ཁྲོད་སྟོང་ཕྲག་མང་པོ་དེ་དག་ཐམས་ཅད་ཀྱང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་མང་པོས་གང་བར་གྱུར་ཏོ། །ཡང་དེའི་ཚེ་ནད་ཆེན་པོའི་བསྐལ་པ་བར་མ་བྱུང་སྟེ། སེམས་ཅན་ཕལ་ཆེར་ལུས་རྨ་ཅན་དུ་གྱུར་ཏེ། ལུས་རུལ་པ་དང ། ལྦ་བ་དང ། འབྲས་དང ། མེ་དབལ་དང ། གཡན་པ་དང ། རླུང་དང ། མཁྲིས་པ་དང ། བད་ཀན་གྱིས་རྒྱས་པར་གྱུར་ཏོ། །དེ་ན་སྨན་པ་བརྒྱ་སྟོང་ཕྲག་མང་པོ་སེམས་ཅན་དེ་དག་གི་ནད་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་པར་བྱེད་དོ། །ཤཱ་རིའི་བུ། དེ་ནས་སེམས་ཅན་དེ་དག་གསོ་བ་མ་རྙེད་དེ། མགོན་མེད། སྐྱབས་མེད་ནས་སྒྲ་ཆེར་ཕྱུང་བ། ལྷ་དག་དང་ནི་ཀླུ་རྣམས་དང ། གནོད་སྦྱིན་དྲི་ཟ་སྲིན་པོ་དང ། མི་དང་མི་མ་ཡིན་པ་དང ། བདག་ཅག་ནས་ལས་ཐར་བྱེད་གང ། བདག་ཅག་སྡུག་བསྔལ་ཐར་བྱེད་ལ། །ནོར་རྣམས་ཐམས་ཅད་སྦྱིན་པར་བྱ། །དེ་ཡི་བཀའ་ཡི་རྗེས་སུ་འཇུག་།བྱས་པ་བདག་ཀྱང་གཟོ་བར་བྱ།། །།བམ་པོ་བཅོ་ལྔ་པ། ཡང་ཤཱ་རིའི་བུ། ངས་མིའི་ལས་འདས་པའི་
268a
༄#། །ལྷའི་མིག་རྣམ་པར་དག་པས་སེམས་ཅན་དེ་དག་ནད་ཀྱིས་གཟིར་ཏེ་དེ་དག་ཕལ་ཆེར་ལུས་རྨ་ཅན་དུ་གྱུར་ཏེ། ལུས་རུལ་བ་དང ། ལྦ་བ་དང ། འབྲས་དང ། མེ་དཔལ་དང ། གཡན་པ་དང ། རླུང་དང ། མཁྲིས་པ་དང ། བད་ཀན་གྱིས་བརྒྱལ་བར་མཐོང ། །མིའི་ལས་འདས་པ་ལྷའི་རྣ་བ་རྣམ་པར་དག་པས་སེམས་ཅན་དེ་དག་གི་སྒྲ་ཆེར་ཕྱུང་བ་ཐོས་ཏེ། མཐོང་ཞིང་ཐོས་ནས་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། དེ་དག་ལ་ངས་འདི་སྙམ་དུ་བསམ་མོ། །ང་སེམས་ཅན་འདི་དག་གི་གནས་སུ་གྱུར་ཅིག་།སེམས་ཅན་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་གྱུར་ཅིག་།སེམས་ཅན་རྟེན་མེད་པ་རྣམས་ཀྱི་རྟེན་དུ་གྱུར་ཅིག་།སེམས་ཅན་གསོ་བ་མེད་པ་རྣམས་ཀྱི་གསོ་བ་སྦྱར་བར་བྱའོ། །སྙམ་སྟེ། ཤཱ་རིའི་བུ། ངས་བརྒྱ་བྱིན་གྱི་ལུས་ཆེན་པོ་མི་སྣང་བར་བྱས་ནས་གྲོང་ཁྱེར་ཆེན་པོ་ཀུ་རུ་ནས་ཤིན་ཏུ་མི་རིང་བ་ཞིག་ཏུ་དེས་པ་ཞེས་བྱ་བའི་སྲོག་ཆགས་ཤིག་ཏུ་རྫུས་ཏེ་སྐྱེས་ནས་སྟེང་གི་བར་སྣང་ལ་འདུག་སྟེ། འཛམ་བུའི་གླིང་གི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཚིགས་སུ་བཅད་པ་འདི་དག་གིས་བསྐུལ་ཏོ། །གྲོང་ཁྱེར་ཀུ་རུ་ནས་ནི་མི་རིང་ན། དེས་པ་ཞེས་བྱའི་སྲོག་ཆགས་རྣམ་པ་ཡོད། །གང་དག་དེ་ཡི་ཤ་ལ་ཡོངས་ཟ་བ། །དེ་ཀུན་ནད་ལས་ཡོངས་སུ་ཐར་པར་འགྱུར། །འཇིགས་ཤིང་སྐྲག་པ་དག་པར་ཏུ་མ་བྱེད་པར། །དེ་ཡི་ཤ་ནི་ཇི་ལྟར་འདོད་དག་ལོངས། །
268b
དེ་ནི་གནོད་པར་མི་སེམས་ཁྲོ་གཤེ་མེད། །དེ་ནི་ཛམྦུའི་གླིང་གི་རྩི་ཡིན་ནོ། །དེ་ལྟར་ཤཱ་རིའི་བུ། གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ཕྲག་བཞི་པོ་དེ་དག་དང ། གྲོང་དང ། གྲོང་ཁྱེར་དང ། ཚོང་འདུས་དང ། རི་ཁྲོད་སྟོང་པ་དེ་དག་ན་སེམས་ཅན་ན་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྒྲ་དེ་ཐོས་ནས་གྲོང་ཁྱེར་ཆེན་པོ་ཀུ་རུ་ཞེས་བྱ་བ་ག་ལ་བ་དང ། སྲོག་ཆགས་ཀྱི་རྣམ་པ་དེས་པ་གང་ན་ཡོད་པ་དེར་སོང་སྟེ་ཕྱིན་ནས་སྲོག་ཆགས་དེས་པ་ཞེས་བྱ་བའི་ལུས་ལས་ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་དེའི་ལུས་ལས་ཤ་ཡོངས་སུ་ཟད་པར་མ་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་བྱུང་ངོ ། །གང་ཕྱིར་བདེན་པས་བྱང་ཆུབ་རེག་འགྱུར་ཞིང ། །ཡེ་ཤེས་ཕུང་པོ་དེ་ཟད་མི་འགྱུར་ཏེ། །ང་ཡི་ཚིག་དེ་བདེན་པར་འགྱུར་ཞེ་ན། །ལུས་ལ་ཤ་ནི་ནམ་ཡང་ཟད་མ་གྱུར། ། དེ་ལྟར་ཤཱ་རིའི་བུ། ཛམ་བུའི་གླིང་ཀུན་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་དེས་པ་ཞེས་བྱ་བའི་སྲོག་ཆགས་ཀྱིས་ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་དེའི་ལུས་ལ་བྲི་བའམ་གང་བར་ཡང་མི་མངོན་ཏེ། དེ་ཡང་བཅད་ཡང་བཅད་ཀྱང་སླར་དེ་བཞིན་དུ་སྐྱེའོ། །ཡང་ཤཱ་རིའི་བུ། གང་སེམས་ཅན་ན་བ་རྣམས་ཀྱིས་དེས་པ་ཞེས་བྱ་བའི་སྲོག་ཆགས་ཀྱི་ཤ་ཟོས་ན། དེ་དག་གི་ནད་ཐམས་ཅད་བྱང་སྟེ་ནད་མེད་ཅིང་བདེ་བ་ལས་མི་འགྱུར་བར་གྱུར་ཏོ། །དེ་བཞིན་དུ་མཐར་གྱིས་ཛམྦུའི་གླིང་ན་ན་བ་ཐམས་ཅད་ཀྱི་ནད་སྣ་ཚོགས་བྱང་སྟེ་ནད་མེད་པར་བྱས་ནས་བདེ་ཞིང་འགྱུར་བ་མེད་དོ། །དེ་ནས་ཛམྦུའི་
269a
༄#། །གླིང་གི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། མི་ཐམས་ཅད་འདི་སྙམ་དུ་སེམས་ཏེ། དེས་པ་ཞེས་བྱ་བའི་སྲོག་ཆགས་དེས་བདག་ཅག་ནད་ལས་ཡོངས་སུ་ཐར་ཏེ། བདེ་ཞིང་འགྱུར་བ་མེད་པར་བྱས་ན། བདག་ཅག་གིས་དེ་ལ་མཆོད་པ་དང ། བཀུར་སྟི་ཅི་ཞིག་བྱ་སྙམ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་འདུས་སོ། །འདུས་ནས་དེས་པ་ཞེས་བྱ་བའི་སྲོག་ཆགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྲོག་ཆགས་དེས་པ་ལ་འཁོར་ཡུག་ཏུ་བསྐོར་ཏེ་སླར་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཁྱོད་ནི་གནས་དང་སྐྱབས་ལགས་ཏེ། ཁྱོད་ནི་སྨན་པ་ཁྱོད་ཉིད་སྨན། །ཁྱོད་ལ་མཆོད་པ་ཅི་བགྱི་བ། །བདག་ཅག་ལ་ནི་བཀའ་སྩོལ་ཅིག་།ཤཱ་རིའི་བུ། ཨེ་མའོ་སྐྱེ་བོའི་ཚོགས་རྣམས་འདུན་པར་གྱུར་ཏོ། །སྙམ་དུ་ངས་ཤེས་ནས་ལུས་ཆེན་པོ་དེ་མི་སྣང་བར་བྱས་ཏེ། རང་གི་བརྒྱ་བྱིན་གྱི་ཆ་བྱད་དུ་འདུག་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ལ་སྨྲས་པ། ཀྱེ་གྲོགས་པོ་དག་།ང་ལ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་དང།་རྒྱལ་པོའི་ཕོ་བྲང་འཁོར་མི་དགོས་སོ། །གྲོགས་པོ་དག་།ང་ལ་ཞིང་གི་དངོས་པོ་དང ། ཁྱིམ་གྱི་དངོས་པོ་དང ། ཚོང་འདུས་ཀྱི་དངོས་པོ་དང ། འགྲོན་བུ་དང ། གསེར་དང ། ནོར་བུ་དང།་མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་རྣམས་མི་དགོས་སོ། །གྲོགས་པོ་དག་།ང་ལ་གླང་པོ་ཆེ་དང ། རྟ་དང ། རྔ་མོ་དང ། བ་ལང་དང ། བོང་བུ་དང ། ར་ལུག་
269b
དང ། ཁྱིམ་བྱ་དང ། ཕག་རྣམས་མི་དགོས་སོ། །སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བའི་མི་རྣམས་ཀྱང་མི་དགོས་སོ། །བཟའ་བ་དང ། བཏུང་བ་དང ། མལ་ཆ་དང ། ན་བའི་གསོ་སྨན་དང ། ཡོ་བྱད་དང ། སྐྱེད་མོས་ཚལ་དང ། དཀའ་ཐུབ་ཀྱི་ནགས་ཚལ་གྱི་ལོངས་སྤྱོད་རྣམས་ཀྱང་མི་དགོས་སོ། །ཀྱེ་གྲོགས་པོ་དག་།ཁྱེད་ཀྱིས་སྲོག་གཅོད་པ་སྲོངས་ལ་སྲོག་གཅོད་པ་ལས་སླར་ལྡོག་པར་གྱིས་ཤིག་།མ་བྱིན་པར་ལེན་པ་སྤོངས་ལ་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་གྱིས་ཤིག་།འདོད་པས་ལོག་པར་གཡེམ་པ་སྤོངས་ལ་འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་གྱིས་ཤིག། །བརྫུན་དུ་སྨྲ་བ་སྤོངས་ལ་བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་གྱིས་ཤིག་།ཕྲ་མ་སྤོངས་ལ་ཕྲ་མ་ལས་སླར་ལྡོག་པར་གྱིས་ཤིག་།དེ་བཞིན་དུ་སྦྱར་ཏེ་ངག་རྩུབ་པོ་དང ། ཚིག་ཀྱལ་པ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བའི་བར་དུ་སྤོངས་ལ་ལོག་པར་ལྟ་བ་ལས་སླར་ལྡོག་པར་གྱིས་ཤིག་།དེའི་ཚེ་སྐྱེ་བོའི་ཚོགས་ཆེན་པོ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ང་ལ་འགྲོན་བུ་བྱེ་བ་མི་དགོས་ཏེ། །གསེར་ཕུང་རི་རབ་ཙམ་ཡང་དགོས་པ་མེད། །བུད་མེད་ལྷ་མོ་འདྲ་བ་མི་དགོས་ཏེ། །བཟའ་དང་བཏུང་དང་ཁ་ཟས་མི་དགོས་སོ། །དེས་པའི་སྲོག་ཆགས་ལ་ནི་མཆོད་འདོད་ན། །ལས་ཀྱི་ལམ་ནི་རབ་དག་བཅུ་པོ་འདི། །ཐམས་ཅད་འདུས་ནས་དེ་དག་སྲུང་བར་
270a
༄#། །གྱིས། །ཕན་ཚུན་དུ་ཡང་བྱམས་པའི་ཡིད་ཀྱིས་ལྟོས། །ལས་ལམ་བཅུ་པོ་རྫོགས་པ་འདི་དག་རྣམས། །ཐམས་ཅད་གཅིག་ཏུ་འདུས་ཏེ་སྲུངས་ཤིག་དང ། དེ་ཚེ་ང་ལ་མཆོད་པ་བྱས་པར་འགྱུར། །བྱང་ཆུབ་སེམས་དཔའ་ནོར་དང་འབྲུ་མི་ཚོལ། །ང་ལ་ནོར་རྣམས་དགོས་པ་མ་ཡིན་ཏེ། །བཟའ་བཏུང་དག་དང་དབྱིག་ནོར་འབྲུ་མི་དགོས། །རྟ་དང་གླང་ཆེན་ཤིང་རྟ་མི་དགོས་ཏེ། །བུད་མེད་མཆོག་དང་རིན་ཆེན་གོས་མི་དགོས། །ཕན་ཚུན་དུ་ནི་བྱམས་སེམས་དག་པ་དང ། །ཕན་པའི་དངོས་པོ་དག་གི་སེམས་བསྐྱེད་ལ། །ཐམས་ཅད་ཀུན་ཀྱང་གཅིག་ཏུ་འདུས་གྱུར་ལ། །དགེ་བཅུའི་ལས་ལམ་དག་རྫོགས་སྲུང་བར་གྱིས། །དབང་པོས་མི་རྣམས་དེ་དག་རབ་བསྐུལ་བ། །ཚིག་དེ་དག་ནི་ཐོས་པར་གྱུར་པ་དང་།། དགེ་བ་བཅུ་ཡི་ལས་ལམ་རྣམ་དག་པ། །དགེ་བ་རྣམས་ནི་ཡང་དག་རབ་ཏུ་ལེན། ཤཱ་རིའི་བུ། ངས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ལ་ཆོས་ཀྱི་གཏམ་ཀུན་ཏུ་བསྟན། །ཡང་དག་པར་འཛིན་དུ་བཙུད། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་བ་དེ་ནི། ང་ཡིན་ནོ། །ཤཱ་རིའི་བུ། ངས་མངོན་པར་ཤེས་ཏེ་འཛམ་བུའི་གླིང་གི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། མི་དེ་སྙེད་ཐམས་ཅད་ཀྱིས་སྲོག་ཆགས་ངེས་པ་ཞེས་བྱ་བའི་ཤ་ཟོས་པ་ལས་ཐ་ན་སེམས་
270b
ཅན་གཅིག་ཀྱང་དེ་ན་འཆི་བའི་དུས་བྱས་ཏེ་དེ་ནས་ཤི་འཕོས་ནས་ལོག་པར་ལྟུང་བར་སོང་བར་མ་གྱུར་ཏེ། །དེ་དག་ཐམས་ཅད་དེ་ནས་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མ་མཉམ་པར་སྐྱེས་སོ། །ཤཱ་རིའི་བུ། ངས་དེ་དག་ལ་ཆོས་ཀྱི་གཏམ་ཀུན་ཏུ་བསྟན། །ཡང་དག་པར་འཛིན་ཏུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། བླ་ན་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཐེག་པ་གསུམ་ལ་ངེས་པར་གྱུར་ཏེ། དེ་ལ་ལ་ལ་ནི། ཡོངས་སུ་མྱ་ངན་ལས་འདས། ལ་ལ་ནི། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཤཱ་རིའི་བུ། ངས་དེ་ལྟར་ལུས་གཅིག་ཡོངས་སུ་བཏང་བས་སེམས་ཅན་དེ་སྙེད་ཐེག་པ་གསུམ་དག་ལ་ཡོངས་སུ་སྨིན་པར་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྐུ་ལ་གནས་པའི་རྫུ་འཕྲུལ་ཆེན་པོ་ཅི་འདྲ་བ་དང ། མཐུ་ཆེན་པོ་ཅི་འདྲ་བ་དང ། དབང་ཆེ་བར་གྲགས་པ་ཅི་འདྲ་བ་ལ་ལྟོས། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྐུ་དེ་ཅི་འདྲ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྐུ་ནི། བརྟན་པ། སྲ་བ། མི་ཤིགས་པ།
271a
༄#། །རྡོ་རྗེའི་སྐུ། འཆི་འཕོ་མེད་པ། མི་སྐྱེ་བ་སྟེ། དེ་ནི། སྐུ་ཐ་དད་པས་འདུལ་བ་སེམས་ཅན་རྣམས་འདུལ་བའི་དབང་གིས་ཐ་དད་དུ་འགྱུར་ཡང་མེས་མི་ཚིག་།མཚོན་གྱིས་མི་ཚུགས་ཏེ། རྡོ་རྗེ་ལྟ་བུར་བརྟན་པ། མི་ཤིགས་པ་ཡིན་ནོ། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་ལ་གནས་པ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷུན་གྱིས་གྲུབ་པར་སྤྱོད་ཅིང ། ལུས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་པ་མེད། ཡོངས་སུ་རྟོག་པ་མེད། ལུས་དབེན་པའི་མཚན་ཉིད་དུ་རབ་ཏུ་ཤེས་སོ། །ལུས་དབེན་པའི་མཚན་ཉིད་ཀྱིས་ཀྱང་ཆོས་ཐམས་ཅད་དབེན་པའི་མཚན་ཉིད་རྗེས་སུ་ཤེས་ལ། ལུས་དབེན་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་དབེན་པའི་མཚན་ཉིད་ལ་གཉིས་སུ་ཡང་མི་བྱེད་དེ། མཚན་ཉིད་གང་ལུས་དབེན་པའི་མཚན་ཉིད་ཡིན་པའི་མཚན་ཉིད་དེ་ནི། ཆོས་ཐམས་ཅད་དབེན་པའི་མཚན་ཉིད་དེས་དབེན་པའི་མཚན་ཉིད་གཅིག་གིས་རྗེས་སུ་འཇུག་གོ་།ནང་གི་ཆོས་མི་དམིགས་པའི་ཕྱིར་རང་གི་ལུས་དབེན་པའི་མཚན་ཉིད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་དབེན་པའི་མཚན་ཉིད་དུ་མཉམ་པར་བྱེད་དོ། །དེ་སེམས་ཅན་ཐམས་ཅད་ཀྱི་ལུས་དབེན་པའི་མཚན་ཉིད་ཀྱང་ཆོས་ཀྱི་དབྱིངས་དབེན་པའི་མཚན་ཉིད་ཀྱིས་རྗེས་སུ་ཤེས། ཆོས་ཀྱི་དབྱིངས་དབེན་པའི་མཚན་ཉིད་ཀྱང་ཆོས་ཐམས་ཅད་དབེན་པའི་
271b
མཚན་ཉིད་ཀྱིས་རྗེས་སུ་སློབ་སྟེ། དེ་རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །དེ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་ཏེ། འདས་པའི་དེ་བཞིན་ཉིད་ཀྱིས་ཀྱང་མ་འོངས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། འདས་པའི་དེ་བཞིན་ཉིད་ཀྱིས་ཀྱང་ད་ལྟར་བྱུང་བའི་དེ་བཞིན་ཉིད་འགལ་བར་མི་བྱེད། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་ཀྱང་འདས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། མ་འོངས་པའི་དེ་བཞིན་ཉིད་ཀྱིས་ཀྱང་འདས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། འདས་པའི་དེ་བཞིན་ཉིད་ཀྱིས་ཀྱང་མ་འོངས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། མ་འོངས་པའི་དེ་བཞིན་ཉིད་ཀྱིས་ཀྱང་ད་ལྟར་བྱུང་བའི་
272a
༄#། །དེ་བཞིན་ཉིད་འགལ་བར་མི་བྱེད། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་ཀྱང་མ་འོངས་པའི་དེ་བཞིན་ཉིད་འགལ་བར་མི་བྱེད། མ་འོངས་པའི་དེ་བཞིན་ཉིད་ཀྱིས་ཀྱང་ད་ལྟར་བྱུང་བའི་དེ་བཞིན་ཉིད་འགལ་བར་མི་བྱེད། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་ཀྱང་འདས་པའི་དེ་བཞིན་ཉིད་འགལ་པར་མི་བྱེད། འདས་པའི་དེ་བཞིན་ཉིད་ཀྱིས་ཀྱང་ད་ལྟར་བྱུང་བའི་དེ་བཞིན་ཉིད་འགལ་བར་མི་བྱད་དེ། ཡང་འདས་པའི་དེ་བཞིན་ཉིད་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ། །ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་དེ་བཞིན་ཉིད་དོ། ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་དང ། འཁོར་བའི་དེ་བཞིན་ཉིད་དོ། །འཁོར་བ་དང ། མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་མངོན་པར་འདུ་བྱེད་པའི་དེ་བཞིན་ཉིད་དོ། །མངོན་པར་འདུ་བྱེད་པའི་དེ་བཞིན་ཉིད་གང་ཡིན་པ་འདུ་བྱེད་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་ཉིད་ཡིན་ཏེ།་ཡང་ཤཱ་རིའི་བུ། དེ་བཞིན་ཉིད་ཅེས་བྱ་བ་ནི། དེ་ཁོ་ནའོ། །དེ་བཞིན་ཉིད་དོ། །གཞན་མ་ཡིན་པ་ཉིད་དོ། །བྲལ་བ་མེད་པའོ། །ལུས་མེད་པའོ། །དེ་བཞིན་ཉིད་ལ་ནི། ལུས་གང་ཡང་
272b
མེད་དེ།་ལུས་མེད་པའི་དེ་བཞིན་ཉིད་དོ། །དེ་བས་ན། དེ་བཞིན་གཤེགས་པའི་ལུས་ཞེས་བྱའོ། །དེའི་ཕྱིར་འདི་ནི། དེ་བཞིན་ཉིད་ཀྱི་ལུས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ལུས་ཞེས་བྱའོ། །ལུས་དེ་ལྟ་བུ་ནི། ལུས་ཐམས་ཅད་དེ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ལུས་ཐམས་ཅད་ཀྱང་སྟོན་པ་ལ་དེ་བཞིན་གཤེགས་པའི་ལུས་ཀྱང་མི་བྱེད་དེ། ལུས་མེད་པ་རྩོད་པ་མེད་པས། གཟུགས་ཀྱི་ལུས་ཐམས་ཅད་ཀྱང་སྟོན་པ་ལ་དེ་བཞིན་གཤེགས་པའི་ལུས་ཀྱང་འཁྲུགས་པར་མི་བྱེད་དོ། །དེ་བཞིན་གཤེགས་བའི་ཡེ་ཤེས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་སོ་སོར་རྟོག་སྟེ། དེ་བཞིན་གཤེགས་པའི་སྐུ་མཉམ་པ་ཉིད་ཀྱིས་ཀྱང་རང་གི་ལུས་མཉམ་པ་ཉིད་སོ་སོར་རྟོག་གོ་།རང་གི་ལུས་མཉམ་པ་ཉིད་ཀྱིས་ལུས་དང་ལུས་མེད་པ་ཐམས་ཅད་ཀྱི་མཉམ་པ་ཉིད་སོ་སོར་རྟོག་གོ་།ལུས་དང་ལུས་མེད་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་ཤིན་ཏུ་ལུས་མེད་པའི་ལུས་སུ་མཐོང་ངོ ། །ལུས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བར་ཡང་ཤེས་སོ། །ཤེས་ནས་ཀྱང་ཆོས་ཀྱི་སྐུ་མངོན་པར་སྒྲུབ་བོ། །ཆོས་ཀྱི་སྐུ་མངོན་པར་བསྒྲུབས་ནས་ཆོས་ཀྱི་སྐུ་ཉིད་ཡིན་གྱི། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་ལུས་ནི། མ་ཡིན་ནོ། །དེ་ཆོས་ཀྱི་སྐུ་རབ་ཏུ་ཕྱེ་བས་མཐོང་བས་ཀྱང་སེམས་ཅན་རྣམས་འདུལ་ལོ། །ཐོས་པས་ཀྱང་སེམས་ཅན་རྣམས་འདུལ་ལོ། །རེག་པས་ཀྱང་སེམས་ཅན་རྣམས་འདུལ་ལོ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཤཱ་
273a
༄#། །རིའི་བུ། འདི་ལྟ་སྟེ། དཔེར་ན། སྨན་པའི་རྒྱལ་པོ་གསོ་བྱེད་ཀྱིས་རྩི་ཐམས་ཅན་བསྡུས་ནས་རྩི་ཤིང་མང་པོ་སྦྱར་བ་ལས་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པའི་མཆོག་དང་ལྡན་པ་ཤིན་ཏུ་རྫོགས་པར་ཟིན་པ་བྱི་དོར་བྱས་པ་ཞིག་བྱས་ནས་དེར་འོང་བ་དང ། འགྲོ་བ་དང ། འགྲེང་བ་དང ། འདུག་པ་དང ། ཉལ་བར་བྱེད་ཀྱང་མི་རྟོག་།རྣམ་པར་མི་རྟོག་མོད་ཀྱི། བྱ་བ་དེ་དག་ཀྱང་སྟོན་ཏོ། །དེ་ན་རྒྱལ་པོའམ། རྒྱལ་བུའམ། རྒྱལ་པོའི་བློན་པོ་ཆེན་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གམ། མཁར་གྱི་རྒྱལ་པོ་ཡང་རུང་སྟེ། གང་ན་བ་ཆེན་པོ་ཆེ་བ་དེ་དག་འོངས་ན། དེ་དག་ལ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་སྨན་གྱི་བུ་མོ་དེ་དང་སྤྲད་པ་དང ། ཕྲད་མ་ཐག་ཏུ་ནད་ཐམས་ཅད་ཐུབ་པར་འགྱུར།་མི་ན་བར་འགྱུར་ཏེ། འགྱུར་བ་མེད་ཅིང་བདེ་བར་འགྱུར་རོ། །ཤཱ་རིའི་བུ། དེ་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་འཇིག་རྟེན་གྱི་ནད་གསོ་བ་ཤེས་པ་དེ་ལྟར་སྨན་པ་གཞན་དག་ལ་མེད་དོ། །ཤཱ་རིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུས་ཆེ་བ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ལུས་ལ་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་སེམས་ཅན་ཇི་སྙེད་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་གདུངས་པ་རྣམས་ཀྱིས་རེག་ན། དེ་དག་རེག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེའི་སྔོན་གྱི་སྨོན་ལམ་ཤིན་ཏུ་ཡོངས་སུ་
273b
དག་པས་ནད་ཐམས་ཅད་བྱང་ཞིང་གདུང་བ་ཡང་མེད་པར་འགྱུར་རོ། །ཤཱ་རིའི་བུ། ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུས་ཅན་གྱི་ལུས་ནི། ཟས་དང ། སྐོམ་གྱིས་གསོ་བ་མ་ཡིན་ན། ཟས་ཁམ་གྱི་ཟ་བས་ལུས་གསོ་བ་མ་ཡིན་གྱི། དེ་ཁ་ཟས་ཐམས་ཅད་ཡོངས་སུ་ཤེས་པས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟའོ། །དེ་ཟས་ཟ་ཡང་གཏོང་བར་མི་བྱེད་དོ། །ཟས་ཟ་ཡང་ལུས་ཀྱི་ནང་དུ་གཏོང་བར་མི་བྱེད་དོ། །ཆོས་ཀྱི་སྐུའི་སྟོབས་ལས་ཀྱང་མི་ཉམས། ཡོངས་སུ་མི་ཉམས་སོ། །ཤཱ་རིའི་བུ། ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུས་ཅན་ལ་ཚེ་དང ། འཆི་འཕོ་བ་དང ། སྐྱེ་བ་ཡང་མེད་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཆི་འཕོ་དང ། སྐྱེ་བ་ཡང་སྟོན་ཏོ། །དེ་འཆི་འཕོ་ཡང་ཆོས་ཐམས་ཅད་འཆི་འཕོ་མེད་པ་དང ། མངོན་པར་འདུ་བྱེད་པ་མ་ཡིན་པར་རབ་ཏུ་ཤེས་སོ། །སྐྱེ་ཡང་ཆོས་ཐམས་ཅད་འཕོ་བ་མེད་པར་རབ་ཏུ་ཤེས་སོ། །འབྱུང་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པར་རབ་ཏུ་ཤེས་སོ། །དེ་ཆོས་ཀྱི་ལུས་དང ། ཆོས་ཀྱི་ཟས་དང ། ཆོས་ཀྱི་སྟོབས་དང ། ཆོས་ལ་རྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྔོན་གྱི་སྨོན་ལམ་ལྷུན་གྱིས་གྲུབ་པས་བརྩོན་འགྲུས་མ་ཉམས་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་དག་ལུས་ནི་རྡོ་རྗེ་
274a
༄#། །ལྟ་བུར་མི་ཤིགས་པ། །འདུལ་བའི་དུས་ཤེས་ནས་ནི་ཐ་དད་སྟོན་པར་འགྱུར། །མཚོན་གྱིས་མི་ཚུགས་མེས་ནི་ཚིག་པ་མ་ཡིན་ཡང ། །འདུལ་བའི་སེམས་ཅན་མཐོང་ན་ཚུགས་ཤིང་མེས་ཚིག་འགྱུར། །སེམས་ཅན་ན་བ་མཐོང་ན་སྨན་རྣམས་སུ་ཡང་འགྱུར། །དེ་བཞིན་བཀྲེས་པ་རྣམས་ལ་ཟས་དང་སྐོམ་དུ་འགྱུར། །འོན་ཀྱང་ཆོས་ཀྱི་དབྱིངས་ལ་རྣམ་རྟོག་ཅི་ཡང་མེད། །ཆོས་ཀྱི་སྐུ་དང་ལུས་མེད་ཚུལ་གཅིག་རབ་ཏུ་འཇུག་།ཤེད་ལས་སྐྱེས་དང་གསོ་དང་ཤེད་ཅན་ཡོད་མིན་ཏེ། །ཆོས་སོ་ཅོག་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བར་ཤེས། །གང་དེའི་སྐྱོན་ཡོད་པ་ན་སྡུག་བསྔལ་ལམ་འབྱུང་སྟེ། །རྐྱེན་མེད་པ་ན་སྡུག་བསྔལ་ལམ་ནི་ཆད་པར་འགྱུར། །གཟུགས་ནི་ལྦུ་བ་རྡོས་པ་འདྲ་སྟེ་སྙིང་པོ་མེད། །ཚོར་བ་ཆུ་ཡི་ཆུ་བུར་མཚུངས་ཤིང་འདྲ་བར་སེམས། །འདུ་ཤེས་དཔྱིད་ཀྱི་དུས་ཀྱི་སྨིག་རྒྱུ་རྒྱུ་བ་འདྲ། །འདུ་བྱེད་རྣམས་ནི་ཆུ་སྐྱེས་ཤིང་དང་འདྲ་བར་བལྟ། །ཇི་ལྟར་གར་ལ་བལྟ་བར་སྒྱུ་མ་བསླབ་པ་རྣམས། །སྐད་ཅིག་གིས་ནི་གཟུགས་རྣམས་སྣ་ཚོགས་སྟོན་བྱེད་པ། །མི་བདེན་བྱེད་པ་དེ་ལྟར་རྣམ་ཤེས་ཤེས་གྱུར་ནས། །མཁས་པ་དེ་དག་ཐམས་ཅད་དུ་ཡང་སྨོན་པ་མེད། །ལོངས་སྤྱོད་རྣམས་ནི་རི་གཟར་ཆུ་དང་མཚུངས་ཤིང་འདྲ། །གློག་དང་མཁའ་སྤྲིན་ཕུང་པོ་ལྟ་བུར་བྱུང་ནས་མེད། །ལོངས་སྤྱོད་
274b
འགྱུར་བ་གཞུ་དྲག་འཕངས་པའི་མདའ་ལྟར་ཤེས། །མཁས་པ་རྣམས་ནི་ཀུན་ཏུ་ལོངས་སྤྱོད་སྨོན་པ་མེད། །ལྷ་ཡི་འཇིག་རྟེན་ལྷ་རྫས་བདེ་བ་མ་མྱོང་བ། །འཇིག་རྟེན་གསུམ་པོ་དག་ན་སེམས་ཅན་གང་ཡང་མེད། །སླར་ཡང་སེམས་དམྱལ་སྡུག་བསྔལ་མྱོང་བ་མཐོང་གྱུར་ནས། །བདེ་གཤེགས་སྲས་པོས་དེ་མཐོང་མཐོ་རིས་འགྲོ་མི་བྱེད། །ཡིད་ནི་ནམ་མཁའ་འདྲ་བ་དེ་དག་གནས་མེད་དེ། །གནས་དང་བྲལ་བ་རྣམས་ལ་འབྱུང་བ་སྲིད་མ་ཡིན། །འབྱུང་བ་མེད་རྣམས་སྐྱེ་དང་འཆི་འཕོ་མེད་པར་འགྱུར། །བྱང་ཆུབ་སེམས་དཔའ་ཆེ་བ་མི་རྒ་མི་འཆི་འཐོབ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འདི་ལྟར་སློབ་སྟེ། སྐྱེ་མའོ། །འཇིག་རྟེན་གནས་པ་འདི་ནི། གང་འདོད་ཆགས་ནད་ཆེན་པོར་རབ་ཏུ་མི་ཤེས། ཞེ་སྡང་ནད་ཆེན་པོར་རབ་ཏུ་མི་ཤེས། གཏི་མུག་ནད་ཆེན་པོར་རབ་ཏུ་མི་ཤེས་ཏེ། གསུམ་པོ་འདི་དག་ནད་ཆེན་པོར་མི་ཤེས་པའི་སྨན་པ་མི་མཁས་པ་ཤ་སྟག་གིས་ཡོངས་སུ་གང ། སྨན་པ་མི་མཁས་པ་ཤ་སྟག་གིས་ཡོངས་སུ་གང་ནས་ནད་ཆེན་པོ་གསུམ་པོ་དེ་དག་གི་སྨན་གསུམ་མི་ཤེས་ཏེ། འདོད་ཆགས་ཀྱི་ནད་ཆེན་པོའི་སྨན་ཆེན་པོ་མི་གཙང་བ་ཡིན་པར་རབ་ཏུ་མི་ཤེས། ཞེ་སྡང་གི་ནད་ཆེན་པོའི་སྨན་ཆེན་པོ་བྱམས་པ་ཡིན་པར་རབ་ཏུ་མི་ཤེས། གཏི་
275a
༄#། །མུག་གི་ནད་ཆེན་པོའི་སྨན་ཆེན་པོ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པར་རབ་ཏུ་མི་ཤེས་ཏེ། ཀྱེ་མའོ་སྨན་པ་དེ་དག་ནི། ནད་གཞན་དང ། གཞན་དག་གསོ་ནུས་ཀྱི། ནད་ཐམས་ཅད་ནི། གསོ་བར་མི་ནུས་སོ། །ཀྱེ་མའོ་སྨན་པ་དེ་དག་གི་སྨན་དེ་ནི། རེ་ཞིག་གསོ་ནུས་པ་ཡིན་གྱི། གཏན་དུ་གསོ་བར་བྱེད་པ་མ་ཡིན་ནོ། །དེ་བས་ན།་བདག་ཅག་གིས་ནི། སྨན་པ་དེ་དག་གི་རྗེས་སུ་བསླབ་པར་མི་བྱའི། བདག་ཅག་གིས་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མཁས་པ་བླ་ན་མེད་པ་སྨན་པའི་རྒྱལ་པོ་ཆེན་པོ་ནད་ཐམས་ཅད་གསོ་བར་བྱེད་པ་དེའི་རྗེས་སུ་བསླབ་པར་བྱའོ། །བདག་ཅག་གིས་ནི། ནད་ཐམས་ཅད་གསོ་བར་བྱའི། ནད་གཞན་དང ། གཞན་དག་གསོ་བར་མི་བྱ། བདག་ཅག་གིས་རེ་ཞིག་གསོ་བར་མི་བྱ་སྟེ། བདག་ཅག་གིས་གཏན་དུ་གསོ་བར་བྱེད་པ་བྱའོ། །གང་གི་སྒྲ་ཐོས་པས་འདོད་ཆགས་ཀྱི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་བ་དང ། ཞེ་སྡང་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་བ་དང ། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་སྨན་དང ། རྩི་བྱུག་པའི་སྦྱོར་བ་བསྡུ་བར་བྱའོ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་དེ་བཞིན་
275b
གཤེགས་པ་སྨན་པའི་རྒྱལ་པོ་བླ་ན་མེད་པ་ཆོས་ཐམས་ཅད་ལ་མཁས་པ་མ་གཏོགས་པར་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་པ་དེ་འདྲ་བའི་ཆོས་ཀྱི་སྨན་དང ། རྩིས་བསྐུ་བའི་སྦྱོར་བ་སྡུད་བར་བྱེད་དེ། ཆོས་ཀྱི་སྨན་དང ། རྩིས་བསྐུ་བའི་སྦྱོར་བ་དེས་ཆོས་ཀྱི་དུང་ཆེན་པོ་ལ་བསྐུས་ནས་ཡོངས་སུ་སྒྲོག་སྟེ། དེའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མངོན་པར་གོ་བར་བྱེད་དོ། །དེ་ན་སེམས་ཅན་དུ་མ། སེམས་ཅན་བརྒྱ་ཕྲག་དུ་མ། སེམས་ཅན་སྟོང་ཕྲག་དུ་མ། སེམས་ཅན་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཕྲག་དུ་མ། སེམས་ཅན་བྱེ་བ་བརྒྱ་ཕྲག་དུ་མ། སེམས་ཅན་བྱེ་བ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་དཀྲིགས་ཕྲག་དུ་མ་ནས་དེ་བཞིན་དུ་སྦྱར་ཏེ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་ཏེ། ཤཱ་རིའི་བུ། འདི་ལྟ་སྟེ། དཔེར་ན། གངས་ཀྱི་རིའི་རྒྱལ་པོ་ལ་སྨན་གྱི་རྒྱལ་པོ་ཆེན་པོ་འབྲལ་བར་བྱེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེའི་དྲིས་དུག་གི་དྲག་ཤུལ་ཐམས་ཅད་ལས་རབ་ཏུ་ཐར་པར་འགྱུར་ཏེ། དཔག་ཚད་བརྒྱ་ཙམ་ན་འཁོད་པ་དག་ཀྱང་དུག་མེད་པར་འགྱུར་རོ། །ཤཱ་རིའི་བུ། གལ་ཏེ་དུང་ངམ་རྔ་ལ་སྨན་
276a
༄#། །གྱི་རྒྱལ་པོ་ཆེན་པོ་འབྲལ་བར་བྱེད་པས་བསྐུས་ཏེ་བུས་སམ། བརྡུངས་ན། སེམས་ཅན་དུག་འཐུངས་པའམ། ཟོས་པའམ། བསྐུས་པས་ཟུག་པར་གྱུར་པ་ཇི་སྙེད་པ་དེ་དག་ཐམས་ཅད་དེའི་སྒྲ་ཐོས་ན་དུག་མེད་པར་འགྱུར་རོ། །ཤཱ་རིའི་བུ། གང་སྨན་གྱི་རྒྱལ་པོ་འབྲལ་བར་བྱེད་པ་དེ་ལྟ་བུ་ནི། སྨན་པའི་རྒྱལ་པོ་འཚོ་བྱེད་མ་གཏོགས་པར་སྨན་པ་ཐམས་ཅད་ཀྱིས་མི་ཤེས་སོ། །ཤཱ་རིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་མཁས་པ་སྨན་པའི་རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་སེལ་བ་མ་གཏོགས་པར་གང་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་མེད་པ་དེ་འདྲ་བའི་ཆོས་ཀྱི་སྨན་དང ། རྩིས་བསྐུ་བའི་སྦྱོར་བ་སྡུད་པར་བྱེད་དེ། ཆོས་ཀྱི་སྨན་དང ། རྩིས་བསྐུ་བའི་སྦྱོར་བ་དེས་ཆོས་ཀྱི་དུང་ཆེན་པོ་ལ་བསྐུས་ནས་ཡོངས་སུ་སྒྲོག་སྟེ། དེའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མངོན་པར་གོ་བར་བྱེད་དོ། །དེ་ན་སེམས་ཅན་དུ་མས་དེ་ཐོས་ནས་འདོད་ཆགས་ཀྱི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་རོ། །ཞེ་སྡང་དང ། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར། སེམས་ཅན་དུ་མ། སེམས་ཅན་བརྒྱ་ཕྲག་དུ་མ། སེམས་ཅན་སྟོང་ཕྲག་དུ་མ། སེམས་ཅན་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཕྲག་དུ་མ། སེམས་
276b
ཅན་བྱེ་བ་བརྒྱ་ཕྲག་དུ་མ། སེམས་ཅན་བྱེ་བ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ། སེམས་ཅན་དཀྲིགས་ཕྲག་དུ་མ་ནས་དེ་བཞིན་དུ་སྦྱར་ཏེ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སེམས་ཅན་རྣམས་ཀྱི་སྒྲ་དེ་ཐོས་ནས་འདོད་ཆགས་ཀྱི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར། ཞེ་སྡང་དང ། གཏི་མུག་གི་ནད་ཆེན་པོ་རབ་ཏུ་ཞི་བར་འགྱུར་རོ། །དེ་གང་ནས་སྡུད་པར་བྱེད་ཅེ་ན། གང་དུ་བྱང་ཆུབ་སེམས་དཔའ་དེའི་ནོར་བཞག་པ་ནས་སོ། །བྱང་ཆུབ་སེམས་དཔའ་དེའི་ནོར་གང་དུ་བཞག་ཅེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལས་གུད་ན་མ་ཡིན་ནོ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རབ་ཏུ་ཉན་ཏོ། །འཛིན་ཏོ། །འཆང་ངོ ། །ཀློག་གོ་།ཀུན་ཆུབ་པར་བྱེད་དོ། །གཞན་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །ཤཱ་རིའི་བུ། དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་ཉན་པར་བྱེད། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་བྱེད། གཞན་དག་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏེ། ཤཱ་
277a
༄#། །རིའི་བུ། དེ་བས་ན། རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཉན་པར་བྱེད། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་དག་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ། །ཡང་ཤཱ་རིའི་བུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡངས་པ། དཔག་ཏུ་མེད་པའི་ཕ་རོལ་གྱི་ཡང་ཤིན་ཏུ་ཕ་རོལ་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུའོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་དེ་འདི་ལྟ་སྟེ། ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུའི་ཉན་ཐོས་འདུས་པ་ཆེན་པོ་གཅིག་ཏུ་བྱུང་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་གོ་།ཤཱ་རིའི་བུ། བཅོམ་ལྡན་འདས་དེ་
277b
བཞིན་གཤེགས་པ་པདྨའི་བླ་མ་དེའི་ཚེའི་ཚད་ནི། ལོ་བརྒྱད་ཁྲི་ཐུབ་པར་གྱུར་ཏོ། །ཤཱ་རིའི་བུ། པདྨའི་བླ་མ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ཡང་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་སོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡང་རྒྱས་པར་གྱུར་ཏེ། དེ་འདི་ལྟ་སྟེ། དཔེར་ན། ད་ང་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་རྒྱས་པར་འགྱུར་བ་བཞིན་ནོ། །ཤཱ་རིའི་བུ། དེའི་ཚེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་བླ་མ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་བྱང་ཆུབ་སེམས་དཔའ་གཅིག་ཅིག་འཇིག་རྟེན་གྱི་ཁམས་གཞན་ཞིག་ནས་ཤི་འཕོས་ཏེ་དེའི་གསུང་རབ་ལ་རྒྱལ་རིགས་སུ་སྐྱེས་པར་གྱུར་ཏེ། དེ་བཙས་མ་ཐག་ཏུ་བདག་ནི། ཆོས་སྤྱོད་པའི་རིགས་སུ་སྐྱེས་ཀྱི། བདག་གིས་ཆོས་སྤྱོད་པར་བྱའོ།། ཞེས་ཚིག་དེ་སྐད་སྨྲས་ཏེ། དེའི་མིང་ཆོས་སྤྱོད་ཅེས་བཏགས་སོ། །ཤཱ་རིའི་བུ། དེ་ནས་རྒྱལ་བུ་ཆོས་སྤྱོད་དབང་པོ་ཡོངས་སུ་སྨིན་པའི་རྒྱུས་སྐྱེས་ནས་ལོ་ཉི་ཤུ་ལོན་པ་འདྲ་བ་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགོན་པ་ནགས་ཚལ་ན་གནས་པས་མཐའི་གནས་མལ་དུ་གནས་སོ། །དེ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་པ་ན་ལྷ་ཞིག་འོངས་ནས་
278a
༄#། །དགེ་སློང ། ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སྒྲ་རྣམ་པར་གྲགས་པར་འགྱུར་གྱི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་བརྩོན་པར་གྱིས་ཤིག་།དེ་མ་ཐོབ་པར་བརྩོན་འགྲུས་ཉམས་པར་མ་བྱེད་ཅིག་།ཅེས་དོན་དེ་བསྟན་པ་དང ། དེས་ལྷ་དེ་ལས་ཚིག་དེ་ཐོས་ནས་དགའ་མགུ་ཡིད་རངས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དང ། ལྗོངས་ནས་ལྗོངས་སུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀུན་ཏུ་ཚོལ་ཞིང་རྗེས་སུ་སྤྱོད་དེ། དེ་གང་དང་གང་དུ་དགེ་འདུན་གྱི་ཀུན་དགའ་ར་བར་དགེ་སློང་ཕ་དང་དགེ་སློང་མ་མཐོང་བ་དང་དེ་དག་གི་གན་དུ་སོང་ནས་འཕགས་པ་བྱང་ཆུབ་སེམས་དཔས་གང་ལ་བསླབ་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་གང་ལགས་ཞེས་དྲིས་པ་དང ། དེ་དག་གིས་སྨྲས་པ། དགེ་སློང ། བདག་ཅག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་ཅི་འདྲ་བ་མི་ཤེས་ཏེ།་དགེ་སློང ། བདག་ཅག་གིས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་ཡང་དེད་གདོད་རྣ་བས་ཐོས་སུ་ཟད་དོ། །ཞེས་སྨྲས་པ་དང ། དེ་འདི་
278b
སྙམ་དུ་སེམས་ཏེ། ལྷ་ནི། རྫུན་མི་ཟེར་གྱི། ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མ་ཐོས་པ་དེ་སྲིད་དུ་བརྩོན་འགྲུས་མ་ཉམས་པར་བྱའོ། །སྙམ་ནས་དེས་ཚེ་དང་ལྡན་པ་དག།་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་བླ་མ་དེ་གང་དུ་ཞུགས་ལ་བཞེན་ཅེས་དྲིས་པ་དང ། དེ་དག་གིས་དགེ་སློང ། ས་ཕྱོགས་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་བླ་མ་དེ་ཞུགས་ལ་བཞེན་ཏོ། །ཞེས་ཕྱོགས་དེ་བསྟན་ནས་དེས་ཕྱོགས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། ས་ཕྱོགས་དེར་བསྐོར་བ་བྱས་ནས་ས་ཕྱོགས་དེ་ཉིད་དུ་ཕྱོགས་གཅིག་ཏུ་འདུག་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་བླ་མ་དེ་མངོན་དུ་བྱས་ནས་དེ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་བླ་མ་དེ་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མངོན་དུ་མ་ཐོས་པ་དེ་སྲིད་དུ་བདག་ས་ཕྱོགས་འདི་ནས་མི་ལྡང་ཞིང་སྐྱིལ་མོ་ཀྲུང་མི་གཞིག་གོ་།སྙམ་མོ། །ཤཱ་རིའི་བུ། དེ་ལྟར་རྒྱལ་བུ་དྲང་སྲོང་བརྩོན་འགྲུས་མ་ཉམས་པས་དེ་ལྟ་བུར་དམ་བཅས་པ་བརྟན་པར་བྱས་ནས་ས་ཕྱོགས་དེ་ཉིད་དུ་འདུག་སྟེ་ཞག་བདུན་གྱི་བར་དུ་གནས་སོ། །ཞག་བདུན་འདས་པ་དང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཅུ་པ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ་བྱོན་ནས་ཆོས་ཀྱི་སྒོའི་
279a
༄#། །ཚིག་བརྒྱད་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཁོང་དུ་ཆུད་པར་བྱའོ། །ཞེས་ཆོས་ཀྱི་སྒོའི་ཚིག་བརྒྱད་རྣམས་ཡང་དག་པར་རབ་ཏུ་བསྟན་པ་དང ། དེ་ཆོས་ཀྱི་སྒོའི་ཚིག་བརྒྱད་པོ་དེ་དག་གིས་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་དང་ལྡན་པར་གྱུར་ནས་ས་ཕྱོགས་དེ་ཉིད་ནས་ལངས་ཏེ་སོང་ངོ། །བརྩོན་འགྲུས་མ་ཉམས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་ལོ་དྲུག་ཅུའི་བར་དུ་རྒྱུ་ཞིང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་རབ་ཏུ་བསྟན་ཏོ། །དེས་ལོ་དྲུག་ཅུའི་བར་དུ་ལྷ་དང་མིའི་སྲོག་ཆགས་བྱེ་བར་ཚང་བ་སྙེད་ཐེག་པ་གསུམ་དག་ལ་བཀོད་ནས་འཆི་ཁར་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་།ཅེས་སྨོན་ལམ་བཏབ་ནས་དེ་འཆི་བའི་དུས་བྱས་པ་དང ། དེ་ཛམྦུའི་གླིང་དེ་ཉིད་དུ་ཚོང་དཔོན་གྱི་རིགས་ཤིག་ཏུ་སླར་སྐྱེས་ཏེ། དེ་བཙས་མ་ཐག་ཏུ་ཆོས་སྤྱོད་པར་བྱའོ། །ཆོས་སྤྱད་པར་བྱའོ། །ཞེས་ཚིག་དེ་སྐད་ཅེས་སྨྲས་ནས་དེ་སྔ་མ་བཞིན་དུ་མིང་ཆོས་སྤྱོད་ཅེས་བཏགས་སོ། །དེ་བཙས་ནས་ལོ་དྲུག་ལོན་པ་འདྲ་བ་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ལྟར་རབ་ཏུ་བྱུང་ནས་རིང་པོ་
279b
མ་ལོན་པར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མངོན་དུ་གྱུར་ཏོ། །དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་གནས་ནས་ལོ་དྲུག་ཅུའི་བར་དུ་གྲོང་ནས་གྲོང་དུ། གྲོང་ཁྱེར་ནས་གྲོང་ཁྱེར་དུ། ལྗོངས་ནས་ལྗོངས་སུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་སྟོན་ཅིང་རྒྱུའོ། །དེས་ལོ་དྲུག་ཅུའི་བར་དུ་ལྷ་དང་མིའི་སྐྱེ་རྒུའི་སྲོག་ཆགས་གཞན་བྱེ་བ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། ཐེག་པ་ཆེན་པོ་བླ་ན་མེད་པ་དང་ཐེག་པ་གསུམ་དག་ལ་ཡོངས་སུ་སྨིན་པར་བྱས་སོ། །དེ་ཡང་འཆི་ཁར་མིར་སྐྱེས་པར་གྱུར་ཅིག་།ཅེས་སྨོན་ལམ་བཏབ་པ་དང ། དེའི་སྨོན་ལམ་གྱི་སྟོབས་ཀྱིས་ཛམྦུའི་གླིང་དེ་ཉིད་དུ་རྒྱལ་རིགས་ཤིག་ཏུ་སླར་སྐྱེས་ཏེ།་དེ་བཙས་མ་ཐག་ཏུ་ལྷས་ཀྱེ་མའོ་འཇིག་རྟེན་དུ་སེམས་ཅན་ཆོས་ཀྱི་བླ་མ་འདི་སྐྱེས་སོ། །ཀྱེ་མའོ་འཇིག་རྟེན་དུ་སེམས་ཅན་ཆོས་ཀྱི་བླ་མ་འདི་སྐྱེས་སོ། །ཞེས་སྒྲ་བྱུང་ནས་དེའི་མིང་ཆོས་ཀྱི་བླ་མ་ཆོས་ཀྱི་བླ་མ་ཞེས་བཏགས་སོ། །དེ་ཡང་དབང་པོ་རྣམས་ཡོངས་སུ་སྨིན་པའི་རྒྱུས་སྐྱེས་ནས་ལོ་ཉི་ཤུ་ལོན་པ་འདྲ་བ་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། ། དེ་ལྟར་རབ་ཏུ་བྱུང་ནས་དགེ་སློང་ཆོས་ཀྱི་བླ་མ་དེ་དྲན་པའི་སྟོབས་བསྐྱེད་པ་དང ། ཤེས་རབ་ཀྱི་སྟོབས་བསྐྱེད་པས་སླར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མངོན་
280a
༄#། །དུ་གྱུར་ཏོ། །ཤཱ་རིའི་བུ། དེ་ལྟར་དགེ་སློང་ཆོས་ཀྱི་བླ་མས་ཐེ་ཚོམ་གཅོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལོ་སྟོང་དྲུག་ཁྲི་ཚང་བར་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་སྣ་ཚོགས་སུ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ལོ་སྟོང་དྲུག་ཁྲིའི་བར་དུ་ལྷ་དང་མིའི་སྐྱེ་རྒུའི་སྲོག་ཆགས་གཞན་བྱེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱས་ནས་དེ་ཡང་འཆི་ཁར་མིར་སྐྱེ་བར་སྨོན་ལམ་བཏབ་སྟེ།་དེ་འཆི་བའི་དུས་བྱས་པ་དང་ཛམྦུའི་གླིང་དེ་ཉིད་དུ་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སླར་སྐྱེས་ཏེ། དེ་བཙས་མ་ཐག་ཏུ་ལྷ་ཞིག་གིས་ཀྱེ་མའོ་འཇིག་རྟེན་དུ་སེམས་ཅན་དྲན་པ་ཐོབ་པ་འདི་སྐྱེས་སོ། །ཀྱེ་མའོ་འཇིག་རྟེན་དུ་སེམས་ཅན་དྲན་པ་ཐོབ་པ་འདི་སྐྱེས་སོ། །ཞེས་སྒྲ་བྱུང་ནས་དེའི་མིང་དྲན་པ་ཐོབ་པ་དྲན་པ་ཐོབ་པ་ཞེས་བཏགས་སོ། །དེ་དབང་པོ་ཡོངས་སུ་སྨིན་པའི་རྒྱུས་སྐྱེས་ནས་ལོ་ཉི་ཤུ་ལོན་པ་འདྲ་བ་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དྲན་པ་མི་བརྗེད་པས་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་དང་ལྡན་པར་གྱུར་ཏོ། །དེས་ལོ་དྲུག་ཁྲིའི་བར་དུ་གྲོང་དང ། གྲོང་ཁྱེར་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་རྒྱུ་ཞིང་ཆོས་སྟོན་པ་འདི་ལྟ་སྟེ། ཐེ་
280b
ཚོམ་ཐམས་ཅད་གཅོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་ལོ་དྲུག་ཁྲིའི་བར་དུ་ཆོས་སྟོན་ཏེ། ངེས་ལོ་དྲུག་ཁྲིའི་བར་དུ་ལྷ་དང་མིའི་སྐྱེ་རྒུའི་སྲོག་ཆགས་བྱེ་བ་ཕྲག་བཞི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ་དང་ཐེག་པ་གསུམ་དག་ལ་ཡོངས་སུ་སྨིན་པར་བྱས་སོ། །ཤཱ་རིའི་བུ། དེ་ལྟར་ཆོས་སྟོན་པའི་དགེ་སློང་དེ་ནས་ཤི་འཕོས་ཏེ་ཤི་བའི་དུས་བྱས་ནས་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ལྷ་དང ། མི་དང ། ལྷ་མ་ཡིན་གྱི་སྐྱེ་རྒུའི་སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུར་ཚང་བ་ཐེག་པ་གསུམ་དག་ལ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་མ་ཐག་ཏུ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་དང་ལྡན་པར་གྱུར་ཏོ། །དེ་དེ་ན་ཚེ་ཇི་ཙམ་ཐུབ་པར་འདུག་ནས་དེ་ནས་ཤི་འཕོས་ཏེ་ཤི་བའི་དུས་བྱས་པ་དང ། དེ་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེས་ཏེ་གང་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་བླ་མ་བྱུང་བའི་འཇིག་རྟེན་གྱི་ཁམས་དེར་རྒྱལ་རིགས་
281a
༄#། །སུ་སྐྱེས་སོ། །སྔོན་ཡོངས་སུ་སྨིན་པར་བྱས་པའི་སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་ཀྱང་དེ་ཉིད་དུ་སྐྱེས་ནས་དེའི་གཡོག་ཏུ་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མཐོར་གཤེགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་དེ་ཚེའི་ཚད་ལོ་བྱེ་བ་ཕྲག་བརྒྱད་ཅུ་ཐུབ་པར་གྱུར་ཏོ། །དེའི་ཚེ་ན་མི་དེ་དག་གི་ཚེའི་ཚད་ཀྱང་ལོ་བྱེ་བ་ཕྲག་བརྒྱད་ཅུ་ཐུབ་པར་གྱུར་ཏོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མཐོར་གཤེགས་ཀྱི་ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུའི་ཉན་ཐོས་དགྲ་བཅོམ་པ་ཤ་སྟག་འདུས་པ་བྱུང་སྟེ། ལོ་བྱེ་བ་རེ་རེ་ཞིང་ཉན་ཐོས་འདུས་པ་རེ་རེ་བྱུང་ངོ ། །ཉན་ཐོས་འདུས་པ་རེ་རེ་ལ་ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུ་བྱུང་སྟེ། དགྲ་བཅོམ་པ་འབའ་ཞིག་གོ། དེའི་ཚེ་བྱང་ཆུབ་སེམས་དཔའ་རྒྱལ་བུ་གཞོན་ནུ་དཔའ་བས་བྱིན་ཞེས་བྱ་བ་མང་དུ་ཐོས་པ་ཡིད་གཞུངས་པ་དེའི་རྒྱུས་དཔྱོད་པ་དང་ལྡན་པ་ཞིག་བྱུང་ངོ ། །ཤཱ་རིའི་བུ། གཞོན་ནུ་དེ་གཡོག་དང་བཅས་པ་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུས་བསྐོར་ཏེ་མདུན་དུ་བདར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མཐོར་
281b
གཤེགས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གཞོན་ནུ་དཔའ་བས་བྱིན་གཡོག་དང་བཅས་པ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་པ་དང ། དེ་ནས་ཤཱ་རིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་དེས་གཞོན་ནུ་དཔའ་བས་བྱིན་དེའི་ལྷག་པའི་བསམ་པ་མཁྱེན་ནས་སྔོན་བྱུང་བ་དང་ལྡན་པའི་གཏམ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་ཤཱ་རིའི་བུ། རྒྱལ་བུ་གཞོན་ནུ་དཔའ་བས་བྱིན་དེ་སྔོན་བྱུང་བ་དང་ལྡན་པའི་གཏམ་དེ་ཐོས་ནས་དད་པ་རབ་ཏུ་ཐོབ་བོ། །དེ་སེམས་དད་པར་གྱུར་ནས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་པོ་དེ་དག་དང་ལྷན་ཅིག་ཏུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་དེ་ན་ཚེ་ཇི་ཙམ་ཐུབ་པར་བྱང་ཆུབ་ཚོལ་ཞིང་ཚངས་པར་སྤྱོད་པ་སྤྱད་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་དེས་དགེ་སློང་དག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བས་བྱིན་འདི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་ཆེན་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་འགྱུར་རོ་ཞེས་ལུང་བསྟན་
282a
༄#། །ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་དེ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་དེས་མཆོད་པ་བྱས་ཏེ་དམ་པའི་ཆོས་ཀྱང་ཡང་དག་པར་བཟུང་ནས་དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེན་པོའི་ཚེའི་ཚད་ནི། བསྐལ་པ་ཕྱེད་ཐུབ་པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ཡང་དཔག་ཏུ་མེད་པ་ཞིག་བྱུང་སྟེ། དེའི་ཉན་ཐོས་འདུས་པ་རེ་རེ་ལ་ཡང་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དེ། དགྲ་བཅོམ་པ་འབའ་ཞིག་གོ། ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་མ་ཉམས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའ་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མང་དུ་ཐོས་ཏེ་བཟུངས། བཅངས། བཀླགས། ཀུན་ཆུབ་པར་བྱས་པས་མཐར་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་བར་དུའོ། །ཤཱ་རིའི་བུ། དེ་བས་ན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བརྩོན་འགྲུས་མ་ཉམས་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་
282b
ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན་པར་བྱ། གཟུང་བར་བྱ་བ་ནས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའི་བར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་ཚོལ་བ་ལ་བརྩོན་འགྲུས་མ་ཉམས་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤཱ་རིའི་བུ། འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྩོན་པས་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ། དགུ་པའོ།། །།བམ་པོ་བཅུ་དྲུག་པ། དེ་ལ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་ན་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །ཤཱ་རིའི་བུ།་གཞན་ཡང་བྱང་ཆུབ་སེམས་དཔའ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ཞིང་ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་
283a
༄#། །ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་ལྟར་སེམས་མཉམ་པར་བཞག་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བར་གྱུར་ནས་ཏིང་ངེ་འཛིན་ཀྱང་མི་གཏོང་ལ་བསམ་གཏན་གྱི་ལས་ཀྱང་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ལས་གང་ཞེ་ན། གང་མངོན་པར་ཤེས་པ་དང་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་མངོན་པར་ཤེས་པ་གང ། ཡེ་ཤེས་གང་ཞེ་ན། མངོན་པར་ཤེས་པ་ཞེས་
283b
བྱ་བ་ནི།་འདི་ལྟ་སྟེ། ལྷའི་མིག་དང ། ལྷའི་རྣ་བ་དང ། ཕ་རོལ་གྱི་སེམས་ཤེས་པ་དང ། སྔོན་གྱི་གནས་དང ། རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱ་བར་མངོན་པར་ཤེས་པ་སྟེ། འདི་དག་ནི།་མངོན་པར་ཤེས་པ་ལྔ་ཞེས་བྱའོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ནི། གང ། མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པ་ནི། གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་མཉམ་པར་བཞག་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ།་ཉོན་མོངས་པ་མེད་པ། ཉེ་བའི་ཉོན་མོངས་པ་དང་བྲལ་བས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མངོན་སུམ་དུ་བྱ་བའི་ཕྱིར་སེམས་འཇུག་པར་བྱེད་དེ། དེ་ལྷའི་མིག་རྣམ་པར་དག་པ། མི་ལས་ཤིན་ཏུ་འདས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང ། སྐྱེ་བ་དང ། ཁ་དོག་བཟང་པོ་དང ། ཁ་དོག་ངན་པ་དང ། བདེ་འགྲོ་དང ། ངན་འགྲོ་དང ། བཟང་པོ་དང ། ངན་པ་རྣམས་མཐོང་སྟེ། ཀྱེ་སེམས་ཅན་འདི་དག་ནི། ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ།་འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་སྟེ། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་འགྲོ་ལོག་
284a
༄#། །པར་ལྟུང་བའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་སྟེ། དེ་དག་ཡང་དག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ། །ཞེས་སེམས་ཅན་རྣམས་ཀྱི་ལས་ཇི་ལྟར་བསགས་པ་བཞིན་དུ་ཤེས་སོ། །དེ་ལྟར་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་རྣམས་ཀྱི་ལས་ཇི་ལྟར་བསགས་པ་ཤིན་ཏུ་རབ་ཏུ་ཤེས་སོ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའི་ལྷའི་མིག་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། གཟུགས་སུ་སྣང་བ་ཐམས་ཅད་ལ་སྒྲིབ་པ་མེད་པ་སྟེ། གང་ཀླུ་ཐམས་ཅད་ཀྱི་ལྷའི་མིག་དང ། གནོད་སྦྱིན་ཐམས་ཅད་དང ། དྲི་ཟ་ཐམས་ཅད་དང ། ལྷ་མ་ཡིན་ཐམས་ཅད་དང ། སློབ་པ་ཐམས་ཅད་དང ། དགྲ་བཅོམ་པ་ཐམས་ཅད་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ལྷའི་མིག་དེ་བས་ལྷའི་མིག་གང་ཤིན་ཏུ་ཁྱད་པར་དུ་འཕགས་པ། ཤིན་ཏུ་དམ་པ། ཤིན་ཏུ་རབ། ཤིན་ཏུ་བཟང་བ། ཤིན་ཏུ་གསལ་བ། འོད་གསལ་བ། ངེས་པར་འབྱུང་བའི་ལས་ཐམས་ཅད་ཀྱིས་ངེས་པར་བྱུང་བའི་ལྷའི་
284b
མིག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་རགས་པའམ། ཕྲ་བའམ། ངན་པའམ། བཟང་པོའམ། གང་རིང་བའམ། གང་ཉེ་བ་ཐམས་ཅད་སྣང་སྟེ། དེའི་ལྷའི་མིག་གིས་ཤེས་སོ། །ཤིན་ཏུ་རྟོགས་སོ། །རབ་ཏུ་མཐོང་ངོ ། །དེའི་ལྷའི་མིག་དེས་གཟུགས་མེད་པ་ན་སྤྱོད་པ་མ་གཏོགས་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སེམས་ཅན་གང་དག་འགྲོ་བ་ཐམས་ཅད་དུ་སྐྱེས་པ་དེ་དག་ཐམས་ཅད་ཀྱི་འཆི་འཕོ་དང ། སྐྱེ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དག་གི་ལས་ཀྱི་རྒྱུ་ཡང་རབ་ཏུ་ཤེས་སོ། །དེ་དག་གི་ལས་ཀྱི་འབྲས་བུ་ཡང་རབ་ཏུ་ཤེས་སོ། །དེ་དག་གི་དབང་པོ་རྣམས་ཀྱང་རབ་ཏུ་ཤེས་སོ། །དབང་པོའི་རྒྱུ་ཡང་རབ་ཏུ་ཤེས་སོ། །དབང་པོའི་རིམ་པ་ཡང་རབ་ཏུ་ཤེས་སོ། །གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་གི་བཀོད་པ་དེ་དག་ཐམས་ཅད་ཀྱང་མངོན་སུམ་དུ་མཐོང་བས་མཐོང་ངོ ། །མཐོང་ནས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་དེའི་བསྔོ་བ་འགྲུབ་པར་འགྱུར་རོ། ། དེའི་ལྷའི་མིག་རྣམ་པར་དག་པ་མི་ལས་ཤིན་ཏུ་འདས་པ་དེས་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་ཐམས་ཅད་ཀྱང་མཐོང་ངོ ། །མཐོང་
285a
༄#། །ནས་ཀྱང་གང་སྐྱེས་བུ་དམ་པ་དེ་དག་གི་ཆོ་ག་དང ། སྤྱོད་ཡུལ་དང ། སྤྱོད་པ་དང ། དྲན་པ་དང ། ཤེས་བཞིན་དང ། སྤྱོད་ལམ་གྱི་གནས་དང ། ཆོས་ཀྱི་རྣམ་པར་ཐར་པའི་ཡེ་ཤེས་ལ་གནས་པ་དང ། གཟུངས་ཐོབ་པའི་ཡེ་ཤེས་ལ་མཁས་པ་དང ། ཤེས་རབ་དང ། ཡེ་ཤེས་དང ། ཐབས་མཁས་པ་ལ་འཇུག་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེའི་མིག་དེ་ནི། གཟུགས་ཐམས་ཅད་མཐོང་བས་སྒྲིབ་པ་མེད་པའོ། །དེའི་མིག་དེ་ནི། གཟུགས་ཐམས་ཅད་ལ་མི་ཆགས་པས་ཆགས་པ་མེད་པའོ། །དེའི་མིག་དེ་ནི། བག་ལ་ཉལ་དང་ལྟ་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །དེའི་མིག་དེ་ནི། རང་བཞིན་གྱིས་འོད་གསལ་བས་རྣམ་པར་དག་པའོ། །དེའི་མིག་དེ་ནི། ཡུལ་ཐམས་ཅད་ལ་མི་གནས་པའོ། ། དེའི་མིག་དེ་ནི། ཉོན་མོངས་པ་དང་བག་ལ་ཉལ་བ་རྣམས་མི་ལེན་པའོ། །དེའི་མིག་དེ་ནི། ཐེ་ཚོམ་མེད་པས་རབ་རིམ་མེད་པའོ། །དེའི་མིག་དེ་ནི། སྒྲིབ་པ་མེད་པའི་ཆོས་རྣམས་ལ་ཀུན་ནས་ལྡང་བ་མེད་པའོ། །དེའི་མིག་དེ་ནི། ཆོས་སྣང་བ་རྣམས་ལ་ཆོས་སྣང་བ་ཐོབ་པའོ། །དེའི་མིག་དེ་ནི། རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་ཏེ། ཡེ་ཤེས་ལ་རྟེན་པའོ། །དེའི་མིག་དེ་ནི།་ཉོན་མོངས་པ་ཐམས་ཅད་ཀྱིས་གོས་པ་མེད་པ། ཞེ་སྡང་མེད་པ། རྨོངས་པ་མེད་པའོ། །དེའི་མིག་དེ་ནི། འཕགས་པའི་རྣམ་པའི་དབང་པོ་རྣམས་ཀྱིས་ངེས་པར་འབྱེད་པའི་ཆ་
285b
དང་མཐུན་པའོ། །དེའི་མིག་དེ་ནི། སེམས་ཅན་ཐམས་ཅད་ལ་འོད་ཟེར་མཉམ་པར་གཏོང་བས་ཁོང་ཁྲོ་བ་མེད་པའི་མཚན་ཉིད་དོ། །དེའི་མིག་དེ་ནི། སེམས་ཀྱི་འཁྲུག་པ་དང་བྲལ་བས་རྣམ་པར་དག་པའོ། །དེའི་མིག་དེ་ནི། རང་བཞིན་གྱིས་འོད་གསལ་བས་དྲི་མ་མེད་པའོ། །དེའི་མིག་དེ་ནི། བསམ་པ་མི་འདོར་བས་སངས་རྒྱས་ཀྱི་སྤྱན་གྱིས་མངོན་པར་བསྒྲུབས་པའོ། །དེའི་མིག་དེ་ནི། ཆགས་པ་དང ། ཁོང་ཁྲོ་བ་དང་བྲལ་བས་ཆགས་པ་མེད་པ། ཞེ་སྡང་མེད་པའོ། །དེའི་མིག་དེ་ནི། དོན་དང ། སྤྱོད་ཡུལ་དང ། སྤྱོད་པ་དང ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རླབས་པོ་ཆེར་གནས་པའོ། །དེའི་མིག་དེ་ནི། སློང་བ་རྣམས་ལ་ཁོང་ཁྲོ་བ་མེད་པའོ། །དེའི་མིག་དེ་ནི། ཚུལ་ཁྲིམས་འཆལ་བ་རྣམས་ལ་ཁོང་ཁྲོ་བ་མེད་པའོ། །དེའི་མིག་དེ་ནི། གནོད་པར་སེམས་པ་རྣམས་ལ་རྗེས་སུ་བསྲུངས་པའོ། །དེའི་མིག་དེ་ནི། ལེ་ལོ་ཅན་རྣམས་ལ་རབ་ཏུ་བཟུང་བ་སྟེར་བའོ། །དེའི་མིག་དེ་ནི། སེམས་འཁྲུགས་པ་རྣམས་ལ་བསམ་གཏན་གྱི་ཡན་ལག་སྟོན་པའོ། །དེའི་མིག་དེ་ནི། ཤེས་རབ་འཆལ་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པའོ། །དེའི་མིག་དེ་ནི། ལམ་ནོར་བར་ཞུགས་པ་རྣམས་ལ་ལམ་སྟོན་པའོ། ། དེའི་མིག་དེ་ནི། མོས་པ་ཆུང་བ་རྣམས་ལ་སངས་རྒྱས་རྒྱ་ཆེན་པོར་སྟོན་པའོ། །དེའི་མིག་དེ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་ཆེན་པོས་མངོན་པར་འཕགས་པའི་མངོན་པར་ཤེས་
286a
༄#། །པ་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་བ་སྟེ། ཤཱ་རིའི་བུ། འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷའི་མིག་གི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པའོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷའི་རྣ་བའི་ཁམས་ཀྱིས་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ནི། གང ། མངོན་པར་ཤེས་པ་དང ། ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ནི། གང་ཞེ་ན། ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའི་ལྷའི་རྣ་བའི་ཁམས་རྣམ་པར་དག་པ། མི་ལས་ཤིན་ཏུ་འདས་པས་མི་དང ། མི་མ་ཡིན་པ་གཉི་གའི་སྒྲ་ཡང་ཐོས་ཏེ། དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་གང་ལ་ལ་སྒྲར་གྲགས་པ་ལྷའི་སྒྲའམ། ཀླུའི་སྒྲའམ། གནོད་སྦྱིན་གྱི་སྒྲའམ། དྲི་ཟའི་སྒྲའམ། ལྷ་མ་ཡིན་གྱི་སྒྲའམ། ནམ་མཁའ་ལྡིང་གི་སྒྲའམ། མིའམ་ཅིའི་སྒྲའམ། ལྟོ་འཕྱེ་ཆེན་པོའི་སྒྲའམ། མི་དང་མི་མ་ཡིན་པའི་སྒྲའམ། གང་ཡང་འཕགས་པའི་སྒྲའམ། སངས་རྒྱས་ཀྱི་སྒྲའམ། རང་སངས་རྒྱས་ཀྱི་སྒྲའམ། བྱང་ཆུབ་སེམས་དཔའི་སྒྲའམ། ཉན་ཐོས་ཀྱི་སྒྲ་ཡང་རུང་སྟེ། དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་དེའི་ལྷའི་རྣ་བའི་ཁམས་ཀྱིས་རིག་གོ་།གང་ཡང་ངན་སོང་གི་སྒྲའམ། སེམས་ཅན་
286b
དམྱལ་བའི་སྒྲའམ། དུད་འགྲོའི་སྐྱེ་གནས་ཀྱི་སྒྲའམ། གཤིན་རྗེའི་འཇིག་རྟེན་གྱི་སྒྲའང་རུང་སྟེ། དེ་དག་ཐམས་ཅད་དེའི་ལྷའི་རྣ་བའི་ཁམས་ཀྱིས་རིག་སྟེ། ཐ་ན་སྲིན་བུ་དང ། ཕྱེ་མ་ལེབ་དང ། སྦྲང་བུ་དང ། ཤ་སྦྲང་གི་སྒྲའམ། སེམས་ཅན་དེ་དག་གི་སེམས་ཀྱི་དམིགས་པ་དགེ་བའམ། མི་དགེ་བ་དེ་དག་གིས་ངག་གི་ལས་འབྱིན་པ་དེ་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ། །ངག་གི་ལས་གང་དགེ་བའི་རྒྱུ་འཛིན་པ་དང ། ངག་གི་ལས་གང་མི་དགེ་བའི་རྒྱུ་འཛིན་པ་དེ་ཡང་རབ་ཏུ་ཤེས་སོ། །གང་འདོད་ཆགས་བག་ལ་ཉལ་ལས་ཁོང་ཁྲོ་བའི་ངག་གི་ལས་འབྱུང་བ་དང ། གང་ཞེ་སྡང་བག་ལ་ཉལ་ལས་ཆགས་པའི་ངག་གི་ལས་འབྱུང་བ་དང ། གང་འདོད་ཆགས་དང ། ཞེ་སྡང་བག་ལ་ཉལ་ལས་རྨོངས་པའི་ངག་གི་ལས་འབྱུང་བ་དེ་ཡང་རབ་ཏུ་ཤེས་སོ། །གང་གཏི་མུག་བག་ལ་ཉལ་ལས་ཆགས་པའི་ངག་གི་ལས་འབྱུང་བ་དང ། གང་འདོད་ཆགས་བག་ལ་ཉལ་ལས་ཆགས་པའི་ངག་གི་ལས་འབྱུང་བ་དང ། གང་ཞེ་སྡང་བག་ལ་ཉལ་ལས་ཞེ་སྡང་འབྱུང་བ་དང ། གཏི་མུག་བག་ལ་ཉལ་ལས་རྨོངས་པ་འབྱུང་བ་དེ་ཡང་རབ་ཏུ་ཤེས་སོ། །ངག་གི་ལས་གང་བསམ་པ་དག་ལ་སྦྱོར་བ་ཁོང་ཁྲོ་དང ། ངག་གི་ལས་གང་སྦྱོར་བ་དག་ལ་བསམ་པ་ཁོང་ཁྲོ་བ་དེ་ཐམས་ཅད་ཀྱང་ལྷའི་རྣ་བས་མངོན་པར་ཤེས་པ་དང ། ཡེ་ཤེས་ཐོགས་པ་མེད་པས་ཡང་དག་པ་ཇི་ལྟ་བ་བཞིན་
287a
༄#། །དུ་རབ་ཏུ་ཤེས་སོ། །དེ་ལྷའི་རྣ་བ་དེས་འཕགས་པ་རྣམས་དང ། འཕགས་པ་མ་ཡིན་པ་རྣམས་ཀྱི་སྒྲ་རྣམས་ཐོས་ཏེ། ཐོས་ནས་ཀྱང་འཕགས་པ་རྣམས་ཀྱི་སྒྲ་ལ་རྗེས་སུ་ཆགས་པ་ཡང་མེད། འཕགས་པ་མ་ཡིན་པ་རྣམས་ཀྱི་སྒྲ་ལ་ཁོང་ཁྲོ་བ་ཡང་མེད་དེ། དེ་འཕགས་པ་རྣམས་ཀྱི་སྒྲ་ལས་ནི། བྱམས་པ་ཆེན་པོ་རབ་ཏུ་རྙེད་དོ། །འཕགས་པ་མ་ཡིན་པ་རྣམས་ཀྱི་སྒྲ་ལས་ནི། སྙིང་རྗེ་ཆེན་པོ་རབ་ཏུ་རྙེད་དོ། །དེ་སྒྲ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་ཡོངས་སུ་གཅོད་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལྷའི་རྣ་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་ཐོས་ཏེ། ཐོས་ནས་ཀྱང་དྲན་པའི་སྣོད་མི་བརྗེད་པས་ཐམས་ཅད་ཀུན་ཏུ་འཛིན་ཏོ། །ཀུན་ཏུ་བཟུང་ནས་ཀྱང་མི་བརྗེད་པར་བྱེད་ཅིང་སེམས་ཅན་གྱི་སྣོད་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་དོ། །ཆོས་ཐམས་ཅད་ངང་གི་ངང་གི་འཇིག་པ་ཡང་རབ་ཏུ་ཤེས་སོ། །དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པ་ཉན་ཀྱང་དེ་བཞིན་གཤེགས་པ་གཉིས་པས་ཆོས་བསྟན་པ་ལ་སྒྲིབ་པའམ་ཀུན་ནས་བཀྲིས་ཏེ་འདུག་པར་ཡང་མི་བྱེད་དེ། ཡང་ཤཱ་རིའི་བུ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་སྔ་ཕྱི་མེད་པར་ཀུན་ཏུ་འཛིན་ཏོ། །གང་དགེ་བའི་རྩ་བའི་སྒྲ་
287b
ཐོས་པ་དེ་ཡང་དུས་དང་དུས་མ་ཡིན་པར་སྦྱོར་ཞིང་སྟོན་ཏོ། །དེ་འཁོར་གྱི་དུས་ལ་མ་བབ་པའམ། སྐལ་པ་མི་མཉམ་པར་བསྟན་པའི་དུས་ཆོས་བསྟན་པའི་དུས་ལ་བབ་ཀྱང་འཇོག་སྟེ་ཐོས་ཀྱང་མི་སྟོན་ཏོ། །དེ་ཆོས་ཀྱི་དུས་ལ་བབ་པའམ། འཁོར་གྱི་དུས་ལ་བབ་ན། གཅིག་སློབ་པ་ཡན་ཆད་ལ་ཡང་ཆོས་སྟོན་ཏེ། ལུང་བསྟན་པ་ཡང་དག་པའང་གཞན་ལ་གནོད་ན་མི་བྱེད་དོ། །ལུང་བསྟན་པ་ཡང་དག་པ་མ་ཡིན་ཡང་དོན་དང་ལྡན་ན། གཞན་ལ་ཕན་གདགས་པ་དང་མཐུན་པར་ཐབས་ལ་མཁས་པས་རང་གི་སེམས་ཡོངས་སུ་དག་པའི་ཕྱིར་ལུང་སྟོན་ནོ། །སྒྲའི་རྣམ་པ་ཇི་ལྟ་བུ་ཐོས་པར་དགའ་བ་དེ་ལྟ་བུའི་སྒྲ་ཐོས་སོ། །སྒྲའི་རྣམ་པ་ཇི་ལྟ་བུ་ལ་མི་དགའ་བ་དེ་ལྟ་བུའི་སྒྲའི་རྣམ་པ་མི་ཐོས་སོ། །འཁོར་གང་ལ་ཆོས་སྟོན་པ་ན་བྱིན་གྱི་རླབས་ཀྱིས་སེམས་ཅན་རྣམས་ཀྱི་རྣ་བའི་རྣམ་པར་ཤེས་པས་སྒྲ་རབ་ཏུ་ཤེས་སོ། །དེ་ལ་སེམས་ཅན་གང་དག་ཆོས་ཅང་ཤེས་པ་དེ་དག་གིས་ནི། དེའི་ཆོས་ཐོས་སོ། །སེམས་ཅན་གང་དག་ཅང་ཤེས་པ་མ་ཡིན་པ་དེ་དག་གིས་ནི། ཆོས་དེ་མི་ཐོས་སོ། །དེའི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་དག་པ་ཡིན། དེའི་རྣ་བའི་ཁམས་དེ་བདག་གི་ཁམས་ཀྱིས་རྣམ་པར་དག་པ་ཡིན། སེམས་ཅན་གྱི་ཁམས་ཀྱིས་རྣམ་པར་དག་པ་ཡིན་ནོ། །དེ་རྣ་བའི་ཁམས་དེ་སྒྲ་ཇི་ལྟ་བ་བཞིན་གྱི་ཡི་གེའི་ངེས་པའི་ཚིག་ཐོས་པས་ཤིན་ཏུ་རྟོགས་པ་ཡིན་ནོ། །གང་འགྲོ་བ་ལྔར་སྐྱེས་པའི་སེམས་
288a
༄#། །ཅན་དེ་དག་གི་སྐད་དང ། སྨྲ་བ་སྣ་ཚོགས་ལ་འཇུག་པའི་ཕྱིར་ཆོས་སྟོན་ཏོ། །དེའི་རྣ་བའི་ཁམས་དེ་ཡང་དེ་བཞིན་གཤེགས་པའི་ལྷའི་སྙན་དུ་ཡོངས་སུ་བསྔོས་བ་ཡིན་གྱི། ཐེག་པ་གཞན་དུ་ནི། མ་ཡིན་ཏེ། འདི་ནི། བྱང་ཆུབ་སེམས་དཔའི་ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་ནི། གང ། མངོན་པར་ཤེས་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ནི། གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའི་སེམས་ཀྱང་རབ་ཏུ་ཤེས། ཕྱི་མའི་མཐའི་སེམས་ཀྱང་རབ་ཏུ་ཤེས་ད་ལྟར་བྱུང་བའི་སེམས་ཀྱང་རབ་ཏུ་ཤེས་སོ། །དེ་འདས་པའི་སེམས་ཤེས་པས་སེམས་སན་འདིའི་སེམས་ཀྱི་རྒྱུ་ནི། རྒྱུ་ཆེ་བའོ། ། སེམས་ཅན་འདིའི་སེམས་ཀྱི་རྒྱུ་ནི། རྒྱུ་འབྲིང་ངོ ། །སེམས་ཅན་འདིའི་སེམས་ཀྱི་རྒྱུ་ནི། རྒྱུ་ཆུང་ངོ ། །སེམས་ཅན་འདིའི་དབང་པོ་རྣམས་ནི། སྦྱིན་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། ཚུལ་ཁྲིམས་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། བཟོད་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། བརྩོན་འགྲུས་ཀྱི་བསམ་པ་
288b
དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། བསམ་གཏན་གྱི་བསམ་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། ཤེས་རབ་ཀྱི་བསམ་པ་དང་ལྡན་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། བྱམས་པའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། སྙིང་རྗེའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། དགའ་བའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། བཏང་སྙོམས་ཀྱི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། ཐེག་པ་ཆེན་པོའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། རང་སངས་རྒྱས་ཀྱི་ཐེག་པའི་རྣམ་པའོ། །སེམས་ཅན་འདིའི་དབང་པོ་རྣམས་ནི། ཉན་ཐོས་ཀྱི་ཐེག་པའི་རྣམ་པའོ། །སེམས་ཅན་འདི་ནི། རྒྱུའི་སྟོབས་ཅན་ཏེ། རྒྱུའི་གཙོ་བོའི་དགེ་བ་དང་ལྡན་པའོ། །སེམས་ཅན་འདི་ནི། རྐྱེན་གྱི་སྟོབས་ཅན་ཏེ། རྐྱེན་གྱི་གཙོ་བོའི་རྒྱུ་དང་ལྡན་པའོ། །སེམས་ཅན་འདི་ནི། རྒྱུའི་སྟོབས་ཅན་ཡིན་ཡང་རྒྱུའི་གཙོ་བོའི་དགེ་བ་དང་ལྡན་པ་མ་ཡིན་ཏེ། སེམས་ཅན་འདི་ནི།་སྦྱོར་བའི་རྒྱུས་རིགས་དམའ་བར་སྐྱེས་པའོ། །སེམས་ཅན་འདི་ནི། སྦྱོར་བའི་སྟོབས་ཅན་ཡིན་ཡང་དགེ་བ་རྒྱ་ཆེན་པོའི་རྒྱུ་དང་མི་ལྡན་ཏེ། སེམས་ཅན་འདི་ནི། རྒྱུའི་སྟོབས་བསྐྱེད་པའི་རྒྱུས་རིགས་ཆེན་པོར་སྐྱེས་པའོ། །སེམས་ཅན་འདི་ནི། བསམ་པ་དག་ལ་སྦྱོར་བ་མ་དག་པའོ། །སེམས་ཅན་འདི་ནི། སྦྱོར་བ་དག་ལ་བསམ་པ་མ་དག་པའོ། །སེམས་ཅན་
289a
༄#། །འདི་ནི། སྦྱོར་བ་ཡང་དག་ལ་བསམ་པ་ཡང་དག་པའོ། །སེམས་ཅན་འདི་ནི། བསམ་པ་ཡང་མ་དག་ལ་སྦྱོར་བ་ཡང་མ་དག་པའོ། །ཞེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་དང ། ཉེ་བའི་རྒྱུའི་རྣམ་གྲངས་ཀྱི་སེམས་ཀྱི་ཤེས་པ་ལ་འཇུག་གོ་།ཤཱ་རིའི་བུ། དེ་ལྟར་གང་སེམས་ཅན་ཐམས་ཅད་ཀྱི་འདས་པའི་རྒྱུའི་དབང་པོ་ལ་སེམས་ཀྱི་སྤྱོད་པ་ཤེས་པ་དང ། དེ་དག་ལ་ཅི་རིགས་པར་ཆོས་སྟོན་པར་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ། །ཡང་སེམས་ཅན་འདི་དེ་ལྟར་སྦྱིན་པའི་རྒྱུ་སྟེ། མ་འོངས་པའི་དུས་ན་ཚུལ་ཁྲིམས་ཀྱི་རྒྱུར་འགྱུར་རོ། །སེམས་ཅན་འདི་ད་ལྟར་ཚུལ་ཁྲིམས་ཀྱི་རྒྱུ་སྟེ། མ་འོངས་པའི་དུས་ན་སྦྱིན་པའི་རྒྱུར་འགྱུར་རོ། །སེམས་ཅན་འདི་ད་ལྟར་བཟོད་པའི་རྒྱུ་སྟེ། མ་འོངས་པའི་དུས་ན་བརྩོན་འགྲུས་ཀྱི་རྒྱུར་འགྱུར་རོ། །སེམས་ཅན་འདི་ད་ལྟར་བརྩོན་འགྲུས་ཀྱི་རྒྱུ་སྟེ། མ་འོངས་པའི་དུས་ན་བཟོད་པའི་རྒྱུར་འགྱུར་རོ། །སེམས་ཅན་འདི་ད་ལྟར་འཇིག་རྟེན་པའི་སྤྱོད་པ་ཡིན་ལ། མ་འོངས་པའི་དུས་ན་རང་སངས་རྒྱས་ཀྱི་ཐེག་པའི་རྒྱུར་འགྱུར་རོ། །སེམས་ཅན་འདིའི་དབང་པོ་རྣམས་ནི།་ད་ལྟར་ཉན་ཐོས་ཀྱི་ཐེག་པའི་རྒྱུ་ལས་སྐྱེས་པ་སྟེ། མ་འོངས་པ་ན་ཐེག་པ་ཆེན་པོའི་རྒྱུ་ལས་སྐྱེས་པའི་དབང་པོ་རྣམས་སུ་འགྱུར་རོ། །སེམས་ཅན་འདིའི་དབང་པོ་རྣམས་ནི།
289b
ད་ལྟར་ཉན་ཐོས་ཀྱི་ཐེག་པའི་རྒྱུ་ལས་སྐྱེས་པ་སྟེ། མ་འོངས་པའི་དུས་ན་རང་སངས་རྒྱས་ཀྱི་ཐེག་པའི་རྒྱུ་ལས་སྐྱེས་པའི་དབང་པོ་རྣམས་སུ་འགྱུར་རོ། །སེམས་ཅན་འདིའི་དབང་པོ་རྣམས་ནི།་ད་ལྟར་ཐེག་པ་ཆེན་པོའི་རྒྱུ་ལས་སྐྱེས་པ་སྟེ། མ་འོངས་པའི་དུས་ན་ཉན་ཐོས་ཀྱི་ཐེག་པའི་རྒྱུ་ལས་སྐྱེས་པར་འགྱུར་རོ། །ཞེས་ཕྱི་མའི་མཐའི་སེམས་ལ་འཇུག་པ་ཤེས་སོ། །ཤཱ་རིའི་བུ། དེ་ལྟར་མ་འོངས་པའི་དུས་ན་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམས་ཀྱི་རྒྱུ་ལས་སྐྱེས་པ་གང་དང ། རྣམ་པ་གང་དང ། རྐྱེན་དུ་འགྱུར་བ་གང་ཡིན་པ་དེའི་རྒྱུ་ལས་སྐྱེས་པ་དང ། དེའི་རྣམ་པ་དང ། དེའི་རྐྱེན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་སེམས་ཅན་ཡོངས་སུ་མ་སྨིན་པ་ཐམས་ཅད་ལ་དེའི་སེམས་ལ་འཇུག་པའི་ཤེས་པའི་བར་དུ་སྐྱོ་བར་མི་བྱེད་དེ། དེའི་ཆོས་ཀྱི་སྣོད་ཅི་འདྲ་བ་དེ་འདྲ་བར་ཆོས་སྟོན་ཏོ། །དེ་འབྲས་བུ་ཡོད་པའི་ཆོས་སྟོན་ཀྱང་ཆོས་ཉིད་ལས་བྱས་སོ། །ཞེས་བྱེད་པ་མ་ཡིན་ནོ། །གང་ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འཇུག་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་
290a
༄#། །དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པའི་སེམས་ཀྱང་ཞེ་སྡང་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་མེད་པའི་སེམས་ཀྱང་ཞེ་སྡང་མེད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བཅས་པའི་སེམས་ཀྱང་གཏི་མུག་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་མེད་པའི་སེམས་ཀྱང་གཏི་མུག་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤཱ་རིའི་བུ།་དེ་ལྟར་ཀུན་ནས་ཉོན་མོངས་པ་གང་དང་གང་གིས་སེམས་ཅན་གང་དང་གང་གིས་སེམས་པ་སྒྲིབས་པ་དེ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་ཉོན་མོངས་པ་ལས་གདོན་པའི་ཕྱིར་དེ་ལྟ་དེ་ལྟ་བུར་ཆོས་སྟོན་ཏེ། འཁོར་གང་གི་ནང་དུ་འགྲོ་ཡང་ཐོག་མ་ཉིད་དུ་འཁོར་དེ་དག་ཐམས་ཅད་ལ་རྣམ་པར་ལྟའོ། །རྣམ་པར་བལྟས་ནས་སེམས་ཅན་རྣམས་ལ་ཇི་ལྟ་ཇི་ལྟ་བུར་རིག་པ་དེ་ལྟ་དེ་ལྟ་བུའི་ཆོས་སྟོན་ཏེ། ཤཱ་རིའི་བུ། དེ་ལྟར་གང་སེམས་ཅན་དེ་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དེ་ཐམས་ཅད་རབ་ཏུ་ཤེས་ཀྱང་བྱང་ཆུབ་སེམས་དཔའ་རང་གི་སེམས་ལྷུར་བྱེད་པའང་མ་ཡིན་ལ། གཞན་གྱི་སེམས་ལྷུར་བྱེད་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་
290b
བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྒྱུན་ནི། ཡེ་ཤེས་ཀྱིས་རིག་པའོ། །སེམས་ཀྱི་རྒྱུན་ནི། དྲན་པས་རིག་པའོ། །བློ་གྲོས་ཀྱིས་རིག་པའོ། །སེམས་ཀྱི་རྒྱུན་ནི། རྟོགས་པས་རིག་པའོ། ། སེམས་ཀྱི་རྒྱུན་ནི། ཤེས་རབ་ཀྱིས་རིག་པའོ། །སེམས་ཀྱི་རྒྱུན་ནི། བློས་རིག་པའོ། །སེམས་ཀྱི་རྒྱུན་ནི། ཉོན་མོངས་པ་མེད་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་བཅད་པ། དག་པ།་དྲི་མ་མེད་པ། འོད་གསལ་བ། ཁ་ན་མ་ཐོ་བ་མེད་པ། མི་རྩུབ་པ། རྙོག་པ་མེད་པ། ཆོས་ཐམས་ཅད་སྣང་བར་རིག་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྗེས་སུ་ཞུགས་པར་རིག་པའོ། །ཤཱ་རིའི་བུ། དེ་ལྟར་གང་དེ་ལྟ་བུའི་ཆོས་ལ་སེམས་ཤེས་པ་འཇུག་པ་འདི་ནི། བྱང་ཆུབ་སེམས་དཔའི་ཕ་རོལ་གྱི་སེམས་མངོན་པར་ཤེས་པ་དང ། ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་ནི། གང ། མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པ་ནི། གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་གཅིག་དང ། གཉིས་དང ། གསུམ་དང ། བཞི་དང ། ལྔ་དང ། བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་དང ། སྐྱེ་བ་བརྒྱ་དང ། སྐྱེ་བ་སྟོང་
291a
༄#། །དང ། སྐྱེ་བ་བརྒྱ་ཕྲག་སྟོང་དང ། སྐྱེ་བ་བརྒྱ་ཕྲག་དུ་མ་དང ། སྐྱེ་བ་སྟོང་ཕྲག་དུ་མ་དང ། སྐྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང ། འཇིག་པའི་བསྐལ་པ་དང ། ཆགས་པའི་བསྐལ་པ་དང ། འཇིག་པ་དང་ཆགས་པའི་བསྐལ་པ་དང ། འཇིག་པའི་བསྐལ་པ་དུ་མ་དང ། ཆགས་པའི་བསྐལ་པ་དུ་མ་དང ། འཇིག་པ་དང་ཆགས་པའི་བསྐལ་པ་དུ་མ་དང ། སེམས་ཅན་འདི་སྔོན་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་བྱུང་སྟེ། མིང་ནི། འདི་ཞེས་བྱ། རུས་ནི། འདི་ཞེས་བྱ། རིགས་ནི། འདི་ཞེས་བྱ། ཁ་དོག་ནི། འདི་ལྟ་བུ། ཆ་བྱད་ནི། འདི་ལྟ་བུ། དབྱིབས་ནི། འདི་ལྟ་བུ། ཟས་ནི། འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི། འདི་སྲིད་གཅིག་ཏུ་གནས་གནས། བདེ་བ་དང་སྡུག་བསྔལ་ནི། འདི་ལྟ་བུ་ཞིག་མྱོང་སྟེ། དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ། །ཞེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་ལྟར་ན། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་རྣམ་པ་དང་བཅས་པ་དང ། ཡུལ་ཕྱོགས་དང་བཅས་པ་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་བདག་གི་སྔོན་གྱི་མཐའ་ནས་བཟུང་སྟེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་གི་སྔོན་གྱི་མཐའ་ནས་བཟུང་སྟེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་རང་གི་དགེ་བའི་རྩ་བ་སྔོན་གྱི་རྒྱུ་ལས་བྱུང་བ་ཡང་རྗེས་སུ་དྲན་ནོ།
291b
གཞན་དག་གི་དགེ་བའི་རྩ་བའི་རྒྱུ་ཡང་རྗེས་སུ་དྲན་ནོ། །དེ་རང་གི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །སེམས་ཅན་གཞན་གྱི་དགེ་བའི་རྩ་བ་རྣམས་ཀྱང་སེམས་ཅན་རྣམས་རྗེས་སུ་དྲན་པར་བྱས་ནས་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །གང་སྔོན་གྱི་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དེ་ཡང་མི་རྟག་པ་དང ། སྡུག་བསྔལ་པ་དང ། སྟོང་པ་དང ། བདག་མེད་པར་སྟོན་ཏོ། །དེ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ལ་རྟོན་པས་གཟུགས་ཀྱིས་དྲེགས་པ་མ་ཡིན། ལོངས་སྤྱོད་ཀྱིས་དྲེགས་པ་མ་ཡིན། གཡོག་གིས་དྲེགས་པ་མ་ཡིན། དབང་ཕྱུག་གིས་དྲེགས་པ་མ་ཡིན། འཁོར་ལོས་བསྒྱུར་བ་འདོད་པས་དྲེགས་པ་མ་ཡིན། བརྒྱ་བྱིན་འདོད་པས་དྲེགས་པ་མ་ཡིན། ཚངས་པ་འདོད་པས་དྲེགས་པ་མ་ཡིན་འཇིག་རྟེན་སྐྱོང་བ་འདོད་པས་དྲེགས་པ་མ་ཡིན། སྐྱེ་བ་ཐམས་ཅད་འདོད་པས་དྲེགས་པ་མ་ཡིན། འདོད་པ་དང ། རྒྱལ་པོའི་སྲིད་དང ། དབང་ཕྱུག་གི་བདེ་བ་ཐམས་ཅད་འདོད་པའི་བློ་གྲོས་ཅན་མ་ཡིན་ཏེ། གཞན་དུ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་སྲིད་པ་འཛིན་པ་ནི། མ་གཏོགས་སོ། །དེ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ལ་རྟོན་པས་སྔོན་གྱི་ཉོན་མོངས་པའི་སྤྱོད་པ་ལ་ཁྲེལ་ཞིང་ངོ་ཚ་བར་བྱེད། སྨོད་པར་བྱེད་དེ། ད་ལྟར་བྱུང་བའི་དངོས་པོས་སྲོག་གི་ཕྱིར་ཡང་མི་དགེ་བའི་རྩ་བར་
292a
༄#། །འགྱུར་བའི་ལས་མི་བྱེད་དོ། །དེ་སྔོན་གྱི་དགེ་བའི་རྩ་བ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་རྒྱས་པར་བྱེད་དོ། །ད་ལྟར་གྱི་དགེ་བའི་རྩ་བ་རྣམས་ཀྱང་ཐམས་ཅད་བསྡུས་པའི་ཕྱིར་མི་མཐུན་པའི་ཡོངས་སུ་བསྔོ་བ་སྤངས་ཏེ། སངས་རྒྱས་ཀྱི་རིགས་དང ། ཆོས་ཀྱི་རིགས་དང ། དགེ་འདུན་གྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དྲན་པ་ཡང་དག་པར་བསྐྱེད་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོ་སྟེ། དེའི་དྲན་པ་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པའོ། །ཤིན་ཏུ་རིགས་པས་མི་གཡོའོ། །བསམ་གཏན་ཡོངས་སུ་སྦྱང་བ་བྱས་པས་མ་བརྟགས་པའོ། །ཞི་གནས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པས་གནོད་པ་མེད་པའོ། །ལྷག་མཐོང་གིས་ཤིན་ཏུ་ཡང་དག་པར་ཟིན་པས་འཁྲུལ་པ་མེད་པའོ། །མངོན་སུམ་གྱི་ཕྱིར་ཕལ་པ་མ་ཡིན་པའོ། །དྲན་པ་མ་ཉམས་པའི་ཕྱིར་བརྗེད་པ་མེད་པའོ། །བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་དང ། གཞན་ལ་རག་མ་ལུས་པའི་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར་མྱོང་བ་ཆེན་པོའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་བསགས་པའི་ཕྱིར་ཕ་རོལ་ཏུ་སོང་བ་སྟེ། དེ་ལྟར་དྲན་པ་ཡང་དག་པར་བསྐྱེད་པའི་སྟོབས་ཀྱིས་འདས་པ་དང ། ད་ལྟར་བྱུང་བའི་ཆོས་རྣམས་བརྗེད་པ་མེད་
292b
པ་འདི་ནི། བྱང་ཆུབ་སེམས་དཔའི་སྔོན་གྱི་གནས་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པའོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱ་བ་ཤེས་པས་མངོན་པར་ཤེས་པ་ནི། གང ། མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པ་ནི། གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའི་འདུན་པ་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་དང ། བརྩོན་འགྲུས་དང ། སེམས་དང ། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་སྟེ། དེ་འདུན་པ་དང ། བརྩོན་འགྲུས་དང ། སེམས་དང ། དཔྱོད་པས་རབ་ཏུ་ཟིན་པའི་ཆོས་རྣམས་འདོད་པ་དང ། སྟུག་པར་བྱེད་པ་དང ། དབང་སྒྱུར་བ་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཤིན་ཏུ་ཡོངས་སུ་བསྒོམ་པའི་ཕྱིར་རྫུ་འཕྲུལ་རྣམས་མངོན་དུ་ཐོབ་པ་ཡིན་ཏེ། དེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་སྤང་བ་རྣམ་པ་དུ་མ་མྱོང་ངོ ། །དེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དག་ཀྱང་སེམས་ཅན་ལ་བལྟ་བའི་ཕྱིར་ཡོངས་སུ་གོམས་པ་ཡིན་ནོ། །དེ་གཟུགས་སམ། སྟོབས་སམ། བྱིན་གྱིས་བརླབས་སམ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དང་དེ་ཉིད་ཉེ་བར་སྟོན་ཏེ། །དེ་གཟུགས་དང ། ཁ་དོག་ཏུ་སྣང་བ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་
293a
༄#། །འགྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་ཉིད་སྟོན་ཏེ། སངས་རྒྱས་ཀྱི་གཟུགས་དང ། ཁ་དོག་ཏུ་སྣང་བའམ། རང་སངས་རྒྱས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བའམ། ཉན་ཐོས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བའམ། བརྒྱ་བྱིན་གྱི་གཟུགས་དང་ཁ་དོག་ཏུ་སྣང་བའམ། ཚངས་པའི་གཟུགས་དང་ཁ་དོག་ཏུ་སྣང་བའམ། འཇིག་རྟེན་སྐྱོང་བའི་གཟུགས་དང་ཁ་དོག་ཏུ་སྣང་བའམ། འཁོར་ལོས་བསྒྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བའམ། གཞན་ཡང་གཟུགས་དང་ཁ་དོག་ཏུ་སྣང་བ། ཐ་ན་དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་གཟུགས་དང་ཁ་དོག་ཏུ་སྣང་བ་དེ་དང་དེ་ཉིད་སེམས་ཅན་རྣམས་ལ་ཉེ་བར་བསྟན་ནས་ཆོས་སྟོན་ཏོ། །དེའི་སྟོབས་སྙེམས་པ་དང ། ཁྲོ་བ་དང ། རྒྱགས་པ་ལྷུར་བྱེད་པའི་སེམས་ཅན་རྣམས་སྟོབས་གང་གིས་འདུལ་བར་བྱ་བའི་སྟོབས་དེ་ཉེ་བར་སྟོན་ཏོ། །ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཙམ་མམ། ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཀྱི་བཞི་ཆ་ཙམ་མམ། ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཀྱི་ཕྱེད་ཙམ་མམ། ཇི་ཙམ་སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་རངས་པ་ཙམ་མམ། ཇི་ཙམ་སྟོབས་གང་གིས་རིའི་རྒྱལ་པོ་རི་རབ་འཕང་དུ་དཔག་ཚད་སྟོང་ཕྲག་བརྒྱ་དྲུག་ཅུ། ཞེང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་སོར་
293b
མོ་གཉིས་ཀྱིས་བླངས་ནས་འཕེན་ཏེ། འདི་ལྟ་སྟེ། དཔེར་ན། སྐྱུ་རུ་ར་འབྲུ་གཅིག་བླངས་པ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་དུ་འཕངས་ཀྱང་བྱང་ཆུབ་སེམས་དཔའ་དེའི་སྟོབས་ཡོངས་སུ་ཉམས་པར་མི་འགྱུར་བ་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟར་རྒྱ་ཆེ་བ། འདི་ལྟར་ཡངས་པ། འདིའི་ཆུའི་ཕུང་པོ་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར་དུ་ལག་མཐིལ་དུ་བཞག་ལ་བསྐལ་པར་འདུག་ཅིང་སྤྱོད་ལམ་ཐམས་ཅད་ཀྱང་སྟོན་པ་དེ་ལྟ་བུའི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྟོབས་སྙེམས་པ་དང ། ཁྲོ་བ་དང ། རྒྱགས་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་སྟོབས་སྙེམས་པ་དང ། ཁྲོ་བ་དང ། རྒྱགས་པ་གཞིལ་བའི་ཕྱིར་ཆོས་སྟོན་ཏོ། །དེ་རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་བྱིན་གྱི་རླབས་ཀྱིས་ཡེ་ཤེས་འཐོབ་སྟེ། བྱིན་གྱི་རླབས་ཀྱི་ཡེ་ཤེས་དེས་གང་བྱིན་གྱིས་བརླབས་པ་དེ་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་རྒྱ་མཚོ་ཆེན་པོ་ཕྱུགས་རྗེས་ཀྱི་ཆུ་ཙམ་དུ་བྱིན་གྱིས་བརླབས་ན་དེ་ཕྱུགས་རྗེས་ཀྱི་ཆུ་ཙམ་དུ་གནས་སོ། །གལ་ཏེ་ཕྱུགས་རྗེས་རྒྱ་མཚོ་ཆེན་པོ་ཙམ་དུ་གྱུར་ཅིག། ཅེ་ན་ཡང་དེ་རྒྱ་མཚོ་ཆེན་པོར་འགྱུར་རོ། །གལ་ཏེ་སྲེག་པའི་བསྐལ་བ་ཆུའི་ཕུང་པོར་གྱུར་ཅིག་།ཅེས་བྱིན་གྱིས་བརླབས་ན་ཡང་དེ་བཞིན་དུ་ཆུའི་ཕུང་པོར་འགྱུར་རོ། །ཆུས་འཇིག་པ་ཡང་མེས་འཇིག་པར་གྱུར་ཅིག་།ཅེས་བྱིན་གྱིས་བརླབས་པ་དེ་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ་ཐ་མ་
294a
༄#། །དང ། རབ་དང ། འབྲིང་གི་ཆོས་རྣམས་ཀྱིས་གང་དང ། གང་བྱིན་གྱིས་བརླབས་པའི་བྱིན་གྱི་རླབས་དེ་དང་དེ་ཐམས་ཅད་དེ་བཞིན་དུ་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །དེའི་བྱིན་གྱི་རླབས་དེ་ནི། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བརྒྱ་བྱིན་ནམ། བདུད་དམ། ཚངས་པའམ། འཇིག་རྟེན་འདི་ན་གང་གིས་ཀྱང་ཆོས་དང་མཐུན་པས་བསྒུལ་བའམ། བསྐྱོད་པའམ། མི་སྣང་བར་བྱེད་མི་ནུས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མ་གཏོགས་སོ། །དེ་བྱིན་གྱི་རླབས་ཀྱི་སྟོབས་བསྐྱེད་པ་དེས་དགའ་བ་དང ། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྣ་ཚོགས་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀྱང་ཉམས་པ་མེད་པའོ། །བདག་ཉིད་དབང་བའོ། །བདུད་དང་ཉོན་མོངས་པའི་ཡུལ་ལས་ཤིན་ཏུ་འདས་པའོ། །སངས་རྒྱས་ཀྱི་ཡུལ་ལ་འཇུག་པའོ། །སེམས་ཅན་རྣམས་ལ་མི་འཚེ་བར་སྦྱོར་བའོ། །དགེ་བའི་རྩ་བའི་ཚོགས་ཐམས་ཅད་བསགས་པའོ། །བདུད་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་ཕྱེད་པ་སྟེ། འདི་ནི། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བྱ་བ་མངོན་སུམ་དུ་བྱ་བ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པའོ། །ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ནི། གང ། ཡེ་ཤེས་ནི། གང་ཞེ་ན། གང་ལྷའི་
294b
མིག་གིས་གཟུགས་རྣམས་མཐོང་བ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གཟུགས་སུ་སྣང་བ་རྣམས་ལ་ཟད་པའི་ཆོས་ཉིད་དུ་ཤེས་ཀྱང་མངོན་སུམ་དུ་མི་བྱེད་པ་འདི་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་ཤཱ་རིའི་བུ། གང་སྒྲར་གྲགས་པ་ཐམས་ཅད་ཐོས་པ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་ཐོས་པའི་སྔོན་གྱི་མཐའ་བརྗོད་དུ་མེད་པ་འདི་ནི། ཡེ་ཤེས་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་གང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་པ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་སེམས་འགོག་པར་ཡང་ཤེས་ལ་འགོག་པ་མངོན་སུམ་དུ་ཡང་མི་བྱེད་པ་འདི་ནི། ཡེ་ཤེས་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་གང་སྔོན་གྱི་མཐའ་ལ་ཆགས་པ་མེད་པར་དྲན་པ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་འདི་ནི། ཡེ་ཤེས་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་གང་ཞིང་ཐམས་ཅད་དུ་འགྲོ་བ་དང་འོང་བ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་ཞིག་ནམ་མཁའ་ལྟ་བུར་ཤེས་པ་ལ་འཇུག་པ་འདི་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་གང་བཙུན་པའི་ཆོས་ལ་འཇུག་པ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། ། གང་ཆོས་མཉམ་པར་མཐོང་བ་འདི་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་གང་འཇིག་རྟེན་ཐམས་ཅད་ལ་ཆགས་པར་འགྱུར་བ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་
295a
༄#། །འཇིག་རྟེན་ཐམས་ཅད་དང་མི་འདྲེ་བ་འདི་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་གང་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཟིལ་གྱིས་གནོན་པ་འདི་ནི། མངོན་པར་ཤེས་པ་ཞེས་བྱའོ། །གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཤེས་པ་འདི་ནི། ཡེ་ཤེས་ཞེས་བྱ་སྟེ། ཤཱ་རིའི་བུ། དེ་ལྟར་མངོན་པར་ཤེས་པ་དེ་དག་དང ། ཡེ་ཤེས་འདི་ནི། མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ལས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །ཤཱ་རིའི་བུ། དེ་ལྟར་ཉོན་མོངས་པའི་སེམས་གཡེང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཚོགས་དང ། སེམས་ཀྱི་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཀྱང་དེ་ཙམ་མོ། །སེམས་ཅན་ཐམས་ཅད་ཀྱི་སེམས་གཡེང་བ་ཇི་སྙེད་པ་དེ་ཙམ་དུ་བྱང་ཆུབ་སེམས་དཔས་བསམ་གཏན་གྱི་ཡན་ལག་གི་ཚོགས་ཡང་དག་པར་བསྡུ་བར་བྱའོ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་ནམ་ཡང་དག་པར་བླངས་ཏེ། དེ་ལ་གནས་པ་དེ་ན་མཉམ་པར་གཞག་པ་ཞེས་བྱ་སྟེ། སེམས་ཅན་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། །སེམས་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། །བསམ་པ་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། །སྦྱོར་བ་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། །ལྷག་པའི་བསམ་པ་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། །སྦྱིན་
295b
པ་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། །ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་མཉམ་པར་གཞག་པའོ། །བྱང་ཆུབ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་པའོ། །སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་པ་སྟེ། གང་མཉམ་པ་དེ་ལ་སྙོམས་པར་ཞུགས་པ་དེ་ནི། སྙོམས་པར་ཞུགས་པ་ཞེས་བྱའོ། །སྟོང་པ་ཉིད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་པ་སྟེ། མཉམ་པ་དེ་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །མཚན་མ་མེད་པ་གང་དང་མཉམ་པ་དང ། སྨོན་པ་མེད་པ་གང་དང་མཉམ་པ་དང ། མངོན་པར་འདུ་མི་བྱེད་པ་གང་དང་མཉམ་པའི་མཉམ་པ་དེ་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །རང་གི་སེམས་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སྙོམས་པར་ཞུགས་པས་དེའི་ཕྱིར་སྙོམས་པར་ཞུགས་པ་ཤེས་བྱའོ། །ཕན་འདོགས་པ་དང ། གནོད་པར་བྱེད་པ་ཐམས་ཅད་ལ་སེམས་ས་དང་མཉམ་པ། སེམས་ཆུ་དང་མཉམ་པ། སེམས་མེད་དང་མཉམ་པ། སེམས་རླུང་དང་མཉམ་པ། སེམས་ནམ་མཁའ་དང་མཉམ་པ། མི་མཐོ་བ། མི་དམའ་བ། གནས་པ། ཤིན་ཏུ་གནས་པ། མི་གཡོ་བ་
296a
༄#། །ཐོབ་པ། སྤྱོད་ལམ་ཐམས་ཅད་དང་མཉམ་པར་གཞག་པ། སྤྱོད་ལམ་མ་བཅོས་པ་རང་བཞིན་གྱིས་སྙོམས་པར་ཞུགས་པ། མི་རྒོད་པ། མི་གཡེང་བ། མི་འཕྱར་བ། མུ་ཅོར་མི་སྨྲ་བ། ཚིག་མ་འཚལ་བ། དོན་ཤེས་པ། ཆོས་ཤེས་པ། དུས་ཤེས་པ། ཚོད་ཤེས་པ། དྲོད་ཤེས་པ། འཇིག་རྟེན་ཐམས་ཅད་དང་མཐུན་པ། འཇིག་རྟེན་དང་མ་འདྲེས་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པ། ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ། འདུ་འཛི་དང་བྲལ་བ། སྤྱོད་ཡུལ་དབེན་པ་སྟེ། དེ་ལྟ་བུའི་ཆོས་ལ་གནས་པ། མཉམ་པ། གཞག་པའི་གནས་ཀྱང་མི་འདོར་བ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དུ་ཡང་ཀུན་ཏུ་སྣང་བ་འདི་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཐབས་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གང་ལ་སྙོམས་པར་འཇུག་པ་ན་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོས་དམིགས་པའི་སེམས་ཉེ་བར་འབྲེལ་བར་བྱེད་པ་འདི་ནི། དེའི་ཐབས་སོ། །ཞི་བ་དང ། རབ་ཏུ་ཞི་བ་ལ་སྙོམས་པར་འཇུག་པ་འདི་ནི། དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་ཡེ་ཤེས་སྒྲུབ་པ་འདི་ནི། དེའི་ཐབས་སོ། །གང་ཆོས་གང་ལ་ཡང་ཉེ་བར་འབྲེལ་པར་མི་བྱེད་པ་འདི་ནི། དེའི་ཤེས་རབ་པོ། །གང་སྙོམས་པར་འཇུག་པ་ན་ཆོས་ཐམས་ཅད་འཛིན་པ་ལ་
296b
ལྟོས་པ་དེ་ནི། དེའི་ཐབས་སོ། །གང་ཆོས་ཀྱི་དབྱིངས་དབྱེར་མེད་པས་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་པོ། །གང་སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་སྐུ་རྒྱན་མངོན་དུ་བྱེད་པ་འདི་ནི། དེའི་ཐབས་སོ། །གང་ཆོས་ཀྱི་སྐུ་ལ་གནས་ནས་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་གསུང་དང ། དབྱངས་དང ། སྒྲ་དང ། ཚངས་པའི་དབྱངས་ལ་སེམས་པ་དེ་ནི། དེའི་ཐབས་སོ། །གང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱིས་བསམ་གཏན་བྱེད་པ་དེ་ནི། དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སེམས་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབ་པ་འདི་ནི། དེའི་ཐབས་སོ། །གང་དྲན་པ་མི་གཡེང་བས་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བྱིན་གྱིས་རློབ་པ་འདི་ནི། དེའི་ཐབས་སོ། །གང་སེམས་ཅན་ཐམས་ཅད་བདག་མེད་པར་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་བོ། །གང་བསམ་གཏན་བྱེད་པ་ན་དགེ་བའི་རྩ་བ་རྣམས་ལྷག་པར་དམིགས་པ་འདི་ནི། དེའི་ཐབས་སོ། །གང་རྩ་བ་མེད་པ་དང ། གནས་མེད་པར་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་བོ། ། གང་སྙོམས་པར་འཇུག་པ་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མངོན་དུ་བྱེད་པ་འདི་ནི། དེའི་ཐབས་སོ། །གང་ཞིང་ནམ་མཁའ་དང་མཉམ་པར་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་བོ། །
297a
༄#། །གང་སྙོམས་པར་འཇུག་པ་ན་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་མངོན་དུ་བྱེད་པ་འདི་ནི། དེའི་ཐབས་སོ། །གང་ཉོན་མོངས་པ་ཉེ་བར་ཞི་བར་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་བོ། །གང་སྙོམས་པར་འཇུག་པ་ན་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལ་དམིགས་པར་བྱེད་པ་འདི་ནི། དེའི་ཐབས་སོ། །གང་བསྐོར་བ་ཡང་མེད་ལྡོག་པ་ཡང་མེད་པར་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་བོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཇི་སྙེད་པ་དེ་ལ་སྙོམས་པར་འཇུག་པ་ན་བཏང་སྙོམས་སུ་བྱེད་པ་དང ། མངོན་དུ་བྱེད་པ་འདི་ནི།་དེའི་ཐབས་སོ། །ཉེ་བའི་ཉོན་མོངས་པ་ཇི་སྙེད་པ་ཡོངས་སུ་གདུང་བ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང ། བསམ་གཏན་གྱི་བདེ་བ་ཆོས་ཐམས་ཅད་དང་མི་ལྡན་པ་དང ། འདུ་ཤེས་ཆགས་པ་མེད་པ་འདུ་ཤེས་ཡོངས་སུ་ཤེས་པ་དང ། འདུ་ཤེས་ཐམས་ཅད་སེལ་བ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངེས་པར་གྱུར་པ་དེ་ལ་བསམ་གཏན་དང ། བསམ་གཏན་མེད་པར་བསམ་གཏན་བྱེད་པ་འདི་ནི། དེའི་ཤེས་རབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུར་ཞུགས་པ་རྣམས་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཟད་མི་ཤེས་པའོ། །བདུད་ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་ཉེ་བར་གནས་པ་ཡིན་ནོ། །ཤཱ་རིའི་བུ། དེ་ལྟར་ན། འདི་ནི།
297b
ཐབས།་འདི་ནི། ཤེས་རབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང ། ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མངོན་པར་ཤེས་པ་ལས་ཉམས་པ་མེད་པར་འདུ་ཤེས་སུ་གྱུར་པའི་ལས་རྣམས་ཀྱང་བྱེད་དོ། །མངོན་པར་ཤེས་པས་ཀྱང་རྣམ་པར་རོལ་ལ་བྱ་བ་ཐམས་ཅད་ཀྱང་ཡོངས་སུ་སྟོན་ཏོ། །མངོན་པར་ཤེས་པ་ལ་ཡང་རབ་ཏུ་གནས་ལ། འཇུག་པ་ཆེན་པོ་ལ་ཡང་འཛུད་པར་བྱེད་དོ། །དེའི་མངོན་པར་ཤེས་པ་དེ་ནི། ཡེ་ཤེས་བྱེད་པའོ། ། འཇིག་རྟེན་ལས་འདས་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །བྱ་བ་ཐམས་ཅད་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའོ། །དེའི་མངོན་པར་ཤེས་པ་དེ་ནི། ཤེས་རབ་བྱེད་པའོ། །འཇིག་རྟེན་གྱི་དང ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་མངོན་སུམ་དུ་གྱུར་པའོ། །དེའི་མངོན་པར་ཤེས་པ་དེ་ནི། ཟད་པའི་རྣམ་པའོ། །ཐམས་ཅད་ཀྱི་རྗེས་སུ་འཇུག་པའོ། །ནམ་མཁའ་དང་མཚུངས་པའོ། །དེའི་མངོན་པར་ཤེས་པ་དེ་ནི། གཟུགས་དང ། གཟུགས་མེད་པ་རྣམས་སུ་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པའོ། །དེའི་མངོན་པར་ཤེས་པ་དེ་ནི། སྔོན་གྱི་མཐའི་སྒྲ་དང་མཉམ་པ་ཉིད་ཀྱིས་སྒྲ་ཐམས་ཅད་ཀྱི་རྗེས་སུ་སོང་ངོ ། །དེའི་མངོན་པར་ཤེས་པ་དེ་ནི། རང་བཞིན་དག་མངོན་སུམ་དུ་མཐོང་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་རྣམ་
298a
༄#། །པར་ལྟ་བའོ། །དེའི་མངོན་པར་ཤེས་པ་དེ་ནི། སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་ཡོངས་སུ་གཅོད་པས་བསྐལ་པ་ཐམས་ཅད་རྗེས་སུ་དྲན་པའོ། །དེའི་མངོན་པར་ཤེས་པ་དེ་ནི། རྫུ་འཕྲུལ་དང ། རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་ཅིང་གཞན་ལ་མངོན་དུ་ཕྱོགས་པ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དོ། །དེའི་མངོན་པར་ཤེས་པ་དེ་ནི། དུས་ལས་མི་འདའ་བས་དུས་ལ་སྡོད་པའི་ཕྱིར་ཟག་པ་ཟད་པའི་ཡེ་ཤེས་ཀྱི་རྗེས་སུ་སོང་བའོ། །དེའི་མངོན་པར་ཤེས་པ་དེ་ནི། འཕགས་པའོ། །འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །དེའི་མངོན་པར་ཤེས་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བའོ། །དེའི་མངོན་པར་ཤེས་པ་དེ་ནི། ཟབ་མོའི་དོན་ཏོ། །བདུད་དང་ཕྱིར་རྒོལ་བ་བཅོམ་པའོ། །དེའི་མངོན་པར་ཤེས་པ་དེ་ནི། བྱང་ཆུབ་ཀྱི་སྙིང་པོ་འཛིན་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་གཞོལ་བའོ། །དེའི་མངོན་པར་ཤེས་པ་དེ་ནི། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཐུན་པའོ། །དེའི་མངོན་པར་ཤེས་པ་དེ་ནི། སེམས་ཅན་ཐམས་ཅད་འདུལ་བར་བྱེད་པའོ། །དེའི་མངོན་པར་ཤེས་པ་དེ་ནི། ཆོས་ཐམས་ཅད་ལ་དབང་བས་དབང་བསྐུར་བ་ཐོབ་པའོ། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་མ་ཉམས་པ་ནི། ཤེས་པས་བྱས་པའི་
298b
ལས་རྣམས་བྱེད་ཀྱི། ང་རྒྱལ་གྱིས་བྱས་པ་ནི། མ་ཡིན་ནོ། །མངོན་པར་ཤེས་པ་མ་ཉམས་པ་དེ་སེམས་ཡོངས་སུ་དག་པ་དང ། ཡོངས་སུ་བྱང་བ་དང ། འོད་གསལ་བ་དང ། ཉོན་མོངས་པ་མེད་པ་དང ། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང ། ཤིན་ཏུ་དུལ་བ་དང ། ཤིན་ཏུ་ཞི་བ་དང ། ཤིན་ཏུ་སྦྱང་བ་བྱས་པ་དང ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པས་ཀྱང་བསམ་བཞིན་དུ་སྐྱེས་ཏེ། བཅིངས་བཞིན་དུ་སྐྱེ་བ་མ་ཡིན། བཅིངས་བཞིན་དུ་འཆི་འཕོ་བ་མ་ཡིན། བཅིངས་བཞིན་དུ་འབྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་གྲོལ་བའོ། །དེ་ནི། ཉོན་མོངས་པའི་བཅིངས་པ་ཐམས་ཅད་ལས་གྲོལ་བའོ། །དེ་ནི། ཕྱིན་ཅི་ལོག་གི་རྩེ་མོའི་གནས་ལས་གྲོལ་བའོ། །དེ་བས་ན། དེ་གྲོལ་བཞིན་དུ་སྐྱེ། གྲོལ་བཞིན་དུ་འཆི་འཕོ། །གྲོལ་བཞིན་དུ་འབྱུང་ངོ ། །དེ་སྐྱེ་ཡང་ཐེག་པ་ཆེན་པོས་ཕོངས་པར་ཡང་མི་འགྱུར་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་ཕྱོགས་བཅུ་ཀུན་ཏུ་བཙལ་ཀྱང་མི་རྙེད་མི་དམིགས་ལ། ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་འཇུག་གོ་།དེ་ལྟར་ན། སངས་རྒྱས་ཀྱི་ཆོས་དང ། ཆོས་ཐམས་ཅད་དང་ནི། ཆོས་ཀྱང་མ་ཡིན་ལ། ཆོས་ཡིན་པ་ཡང་མ་ཡིན་པ་ཞེས་བྱའོ། །ཆོས་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་
299a
༄#། །བཙལ་ཀྱང་མི་རྙེད་པ་དེ་ལ་བགྲང་བ་གང་ཡང་མེད་དེ། ཆོས་ཐམས་ཅད་ནི། བགྲང་བའི་ལམ་ལས་ཤིན་ཏུ་འདས་པའོ། །གང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དེ་ནི། ཆོས་དང ། ཆོས་མ་ཡིན་པ་ལ་མངོན་པར་ཆགས་པར་མི་བྱེད་དོ། །མངོན་པར་ཆགས་པ་མེད་པ་དེ་ནི། ཆོས་ཐམས་ཅད་ཀྱི་དོན་ཏོ། །གང་དོན་ལ་རློམ་སེམས་སུ་བྱེད་པ་དེ་ནི། དེའི་གནོད་པ་ཆེན་པོའོ། །གང་དོན་ལ་རློམ་སེམས་སུ་མི་བྱེད་པ་དེའི་མདུན་ན་ནི། དོན་ནམ་དོན་མ་ཡིན་པ་མི་གནས་སོ། །དོན་མཐོང་བ་ལས་གང་དུའང་བློ་ཐོགས་པར་མི་འགྱུར་ཏེ། དེའི་བློ་ཐོགས་པ་མེད་དོ། །གང་བློ་ཐོགས་པ་མེད་པ་དེ་ཡོངས་སུ་མི་འཛིན་ཏོ། །གང་ཡོངས་སུ་མི་འཛིན་པ་དེ་མི་ཆགས་སོ། །གང་མི་ཆགས་པ་དེ་གནས་མེད་དོ། །གང་གནས་མེད་པ་དེ་ཉམས་པ་མེད་དོ། །གང་ཉམས་པ་མེད་པ་དེའི་རྩོལ་བ་འབྲས་བུ་ཡོད་པའོ། །གང་རྩོལ་བའི་འབྲས་བུ་ཡོད་པ་དེ་ལ་གཏི་མུག་མེད་དོ། །གང་གཏི་མུག་མེད་པ་དེ་ལ་ང་ཡི་བ་མེད་དོ། །གང་ལ་ང་ཡི་བ་མེད་པ་དེ་ལ་རྩོད་པ་མེད་དོ། །གང་ལ་རྩོད་པ་མེད་པ་དེ་དགེ་སྦྱོང་གི་ཆོས་རྩོད་པ་མེད་པའོ། །གང་དགེ་སྦྱོང་གི་ཆོས་རྩོད་པ་མེད་པ་དེ་ལག་པའི་ནམ་མཁའ་དང་མཚུངས་སོ། །གང་ལག་པའི་ནམ་མཁའ་དང་མཚུངས་པ་དེ་འདོད་པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་
299b
ཁམས་སུ་གཏོགས་པ་མ་ཡིན་ནོ། །གང་ཐམས་ཅད་དུ་གཏོགས་པ་མ་ཡིན་པ་དེ་ལ་ཁ་དོག་མེད། མཚན་མ་མེད། དབྱིབས་མེད་དོ། །གང་ཁ་དོག་མེད། མཚན་མ་མེད། དབྱིབས་མེད་པ་དེའི་རྗེས་སུ་གཏོགས་པ་ནི། དེ་འདྲའོ། །དེའི་རྗེས་སུ་གཏོགས་པ་ཅི་འདྲ་བར་གཏོགས་པའང་དེ་འདྲའོ། །ཅིའི་ཕྱིར་རྗེས་སུ་གཏོགས་པ་དང ། གཏོགས་པ་ཞེས་བྱ་ཞེ་ན། གང་གི་ཕྱིར་གང་རྗེས་སུ་གཏོགས་པར་བྱ་བ་དང ། གཏོགས་པར་བྱ་བའི་ཆོས་རྡུལ་ཙམ་ཡང་མི་དམིགས་པས་དེའི་ཕྱིར་རྗེས་སུ་གཏོགས་པ་དང ། གཏོགས་པ་ཞེས་བྱའོ། །དེ་ལྟར་རྗེས་སུ་གཏོགས་པ་དང ། གཏོགས་པ་ལ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་ཞེ་ན། གང་བྱམས་པ་དང ། བདག་མེད་པ་ཉིད་དང ། སྙིང་རྗེ་དང ། སེམས་ཅན་མེད་པ་ཉིད་དང ། དགའ་བ་དང ། སྲོག་མེད་པ་ཉིད་དང ། བཏང་སྙོམས་དང ། གང་ཟག་མེད་པ་ཉིད་དང ། སྦྱིན་པ་དང་སྦྱིན་པའི་སེམས་ཉིད་དང ། ཚུལ་ཁྲིམས་དང་ཞི་བའི་སེམས་ཉིད་དང ། བཟོད་པ་དང་མི་ཟད་པའི་སེམས་ཉིད་དང ། བརྩོན་འགྲུས་དང་དབེན་པའི་སེམས་ཉིད་དང ། བསམ་གཏན་དང་ངེས་པར་རྟོགས་པའི་སེམས་ཉིད་དང ། ཤེས་རབ་དང་སྤྲོས་པ་མེད་པའི་སེམས་ཉིད་དང ། དྲན་པ་ཉེ་བར་གཞག་པ་དང་དྲན་པ་མེད་ཅིང་
300a
༄#། །ཡིད་ལ་བྱེད་པ་མེད་པའི་སེམས་ཉིད་དང ། ཡང་དག་པར་སྤོང་བ་དང་སྐྱེ་བ་མེད་ཅིང་འགག་པ་མེད་པའི་སེམས་ཉིད་དང ། རྫུ་འཕྲུལ་གྱི་རྐང་པ་དང་སྤྲོས་པ་མེད་པའི་སེམས་ཉིད་དང ། དད་པ་དང་ཆགས་པ་མེད་པའི་སེམས་ཉིད་དང ། དྲན་པ་དང་རང་བྱུང་གི་སེམས་ཉིད་དང ། ཏིང་ངེ་འཛིན་དང་སྙོམས་པར་ཞུགས་པའི་སེམས་ཉིད་དང ། ཤེས་རབ་དང་དབང་པོ་མེད་པའི་སེམས་ཉིད་དང ། སྟོང་པ་ཉིད་དང་ཁ་ན་མ་ཐོ་བ་མེད་པའི་སེམས་ཉིད་དང ། བྱང་ཆུབ་ཀྱི་ཡན་ལག་དང་བྱང་ཆུབ་རབ་ཏུ་དབྱེ་བ་དང ། ལམ་སྒོམ་པ་དང་སྒོམ་པའི་སེམས་ཉིད་དང ། ཞི་གནས་དང་ཉེ་བར་ཞི་བའི་སེམས་ཉིད་དང ། ལྷག་མཐོང་དང་མཐོང་བ་བྲི་བ་མེད་པ་དང་འཕགས་པའི་བདེན་པ་སྒོམ་པ་དང་ཤིན་ཏུ་ཡོངས་སུ་ཤེས་པའི་སེམས་ཉིད་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་ཐོག་མ་ནས་དག་པ་ཉིད་དང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་ཆོས་ཀྱི་དབྱིངས་དབྱེར་མེད་པའི་སེམས་ཉིད་དང ། མི་སྐྱེ་བ་ལ་བཟོད་པ་དང་མི་དམིགས་པའི་སེམས་ཉིད་དང ། ཕྱིར་མི་ལྡོག་པའི་ས་དང་ཕྱིར་མི་ལྡོག་པའི་སེམས་ཉིད་དང ། མཚན་རྙེད་པ་དང་མཚན་མེད་པའི་སེམས་ཉིད་དང ། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དང་ཁམས་གསུམ་གྱི་སྙིང་པོའི་སེམས་ཉིད་དང ། བདུད་ཚར་གཅོད་པ་དང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སེམས་ཉིད་དང ། བྱང་ཆུབ་དང་ཆོས་ཐམས་ཅད་ཀྱི་རང་
300b
བཞིན་རྗེས་སུ་རྟོག་པའི་སེམས་ཉིད་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ལྡོག་པ་མེད་པའི་སེམས་ཉིད་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་སེམས་ཉིད་དང ། འཁོར་བའི་རང་བཞིན་མཉམ་པའི་སེམས་ཉིད་དེ། ཤཱ་རིའི་བུ། དེ་ལྟར་ན། རྗེས་སུ་གཏོགས་པ་དང ། གཏོགས་པའི་དོན་ལ་སྙོམས་པར་ཞུགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ནི། འདི་དག་དང ། གཞན་དག་སྟེ། དེའི་ཕྱིར་ངོ་མཚར་དང ། རྨད་དུ་བྱུང་བའི་ཆོས་དང་ལྡན་པའི་སྐྱེས་བུ་དམ་པ་དེ་དག་དེ་འདྲ་ཞེས་བྱའོ། །ཤཱ་རིའི་བུ། དེ་ལ་བསམ་གཏན་ཞེས་བྱ་བ་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དེ་ལ་མ་ཆགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། བདག་བདེ་བ་ལ་མ་ཆགས་པའི་ཕྱིར་མྱོང་བ་མེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། ཉོན་མོངས་པ་ཐམས་ཅད་སྤོང་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་དམིགས་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་ཏིང་ངེ་འཛིན་ལས་མི་ལྡོག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རབ་ཏུ་ཤེས་པའི་ཕྱིར་མངོན་པར་ཤེས་པ་སྦྱོང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། སེམས་ཀྱི་དབང་ཕྱུག་ཤེས་པའི་ཕྱིར་དེ་ཁོ་ན་
301a
༄#། །ལ་འགྲོ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། གཟུགས་དང ། གཟུགས་མེད་པའི་ཁམས་ཐམས་ཅད་ཀྱི་ཕྱིར་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙོམས་པར་འཇུག་པ་ཟིལ་གྱིས་ནོན་པའི་ཕྱིར་ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། ཤིན་ཏུ་མཐར་ཕྱིན་པའི་ཕྱིར་མི་བསྐྱོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པའི་ཕྱིར་གཉེན་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། འཇིག་རྟེན་ཐམས་ཅད་ལས་འདས་པའི་ཕྱིར་ཤེས་རབ་ཀྱི་མཆོག་གོ་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་ཕྱིར་སེམས་ཅན་ལ་བསམ་པ་སྔོན་དུ་འགྲོ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི།་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཟད་མི་ཤེས་པས་དཀོན་མཆོག་གསུམ་གྱི་རིགས་མི་འཆད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། རྟག་ཏུ་མཉམ་པར་གཞག་པའི་ཕྱིར་མངོན་པར་འཕགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། ལས་ཐམས་ཅད་ཡོངས་སུ་རྫོགས་པར་དབང་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་
301b
བསམ་གཏན་ནི། ཡེ་ཤེས་ཆེ་བ་ཉིད་ཀྱི་ཕྱིར་ཕྱིན་པ་སྟེ། ཤཱ་རིའི་བུ། དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་ནོ། །ཤཱ་རིའི་བུ། དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གི་སྔོན་དུ་འགྲོ་ཞེ་ན། འདི་ལྟ་སྟེ། སེམས་ངེས་པར་རྟོག་པའི་སྔོན་དུ་འགྲོ་བའོ། །སེམས་རྩེ་གཅིག་པའི་སྔོན་དུ་འགྲོ་བའོ། །སེམས་གནས་པའི་སྔོན་དུ་འགྲོ་བའོ། ། སེམས་ཞི་གནས་ཀྱི་སྔོན་དུ་འགྲོ་བའོ། །ཏིང་ངེ་འཛིན་གྱི་དབང་པོའི་སྔོན་དུ་འགྲོ་བའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྔོན་དུ་འགྲོ་བའོ། །ཡང་དག་པའི་ཏིང་ངེ་འཛིན་གྱི་སྔོན་དུ་འགྲོ་བའོ། ། བསམ་གཏན་དང་རྣམ་པར་ཐར་པའི་སྔོན་དུ་འགྲོ་བའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྔོན་དུ་འགྲོ་བའོ། །འགོག་པ་དགུའི་སྔོན་དུ་འགྲོ་བའོ། །དགེ་བའི་ཆོས་ཀྱི་སྔོན་དུ་འགྲོ་བའོ། །ཉོན་མོངས་པའི་དགྲ་འདུལ་བའི་སྔོན་དུ་འགྲོ་བའོ། །ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་སྔོན་དུ་འགྲོ་བའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྔོན་དུ་འགྲོ་བའོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྔོན་དུ་འགྲོ་བའོ། །དེ་ལྟར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་དག་དང ། ཞི་བར་བྱེད་པའི་ཆོས་གཞན་རྣམས་ཀྱི་ཡང་སྔོན་དུ་འགྲོ་བ་སྟེ། ཤཱ་རིའི་བུ། འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྩོན་པའི་བྱང་ཆུབ་སེམས་
302a
༄#། །དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསམ་གཏན་དང་ནི་རྣམ་ཐར་ཕ་རོལ་ཕྱིན། །པདྨ་ཆུ་ཡིས་གོས་པ་མེད་པ་ལྟར། །ཡིད་ནི་ཆགས་མེད་དག་པའི་འཇིག་རྟེན་ན། །བསྐལ་མང་རྒྱ་མཚོར་རྟག་ཏུ་སྤྱད་པ་སྤྱོད། །གང་དུ་ཏིང་འཛིན་ཕ་རོལ་སོན་པ་ཡིས། །རྣམ་པར་སྣང་མཛད་ཞི་བའི་ཏིང་འཛིན་དང ། །ཟླ་འོད་ཅེས་བྱ་ཏིང་འཛིན་རྣམ་བཀོད་པ། །དེ་ཉིད་གློག་གིས་རབ་ཏུ་བརྒྱན་པ་དང ། །མངོན་པར་འཕགས་དང་དེ་བཞིན་སེམས་པ་དང ། །དྲི་མ་མེད་དང་སྣང་ལྡན་ཏིང་འཛིན་དང ། །ཡོན་ཏན་འོད་དང་གྲུབ་འོད་མྱ་ངན་མེད། །ཆོས་རྣམས་ཐམས་ཅད་ལ་ནི་དབང་བསྒྱུར་དང ། །ཆོས་སྒྲོན་དང་ནི་དེ་བཞིན་ཆོས་པ་དང ། །ཏིང་འཛིན་ཆོས་ཀྱི་དབང་ཕྱུག་རི་རབ་དཔའ། །དམ་པའི་ཆོས་ཀྱི་ཡེ་ཤེས་དབང་བྱེད་དང ། །དམ་ཆོས་ཀུན་འཛིན་ཤིན་ཏུ་རྣམ་དག་དང ། །གཞན་གྱི་སེམས་ལ་རྣམ་སྤྱོད་ཏིང་འཛིན་དང ། །དམ་ཆོས་དཀོན་མཆོག་འོད་ཟེར་ཏིང་འཛིན་དང ། །རྒྱལ་མཚན་རྩེ་མོ་དཔུང་རྒྱན་ཉོན་མོངས་སེལ། །བདུད་ཀྱི་སྟོབས་རྣམས་འཇོམས་པའི་ཏིང་འཛིན་དང ། །སྟོབས་བཅུ་དང་ནི་སྟོབས་ལས་མངོན་འཕགས་དང ། །ཀུན་བཅད་ཆགས་མེད་ཅེས་བྱའི་ཏིང་འཛིན་དང ། །ལག་ན་སྒྲོན་མ་འདུག་སྦྱིན་
302b
བསྐྲགས་པ་དང ། །ས་འཛིན་ལེགས་པར་གནས་པའི་ཏིང་འཛིན་དང ། །རི་རབ་སྒྲོན་དང་རྒྱལ་བ་མི་ཕམ་དང ། །ཡེ་ཤེས་སྒྲོན་དང་དེ་བཞིན་མི་གཙང་དང ། །རྒྱལ་བ་ཐམས་ཅད་དྲན་པའི་ཏིང་འཛིན་དང་།། ཆོས་དྲན་དང་ནི་ཡོན་ཏན་ཡེ་ཤེས་འཇུག་།སྟོང་པར་འཇུག་དང་དེ་བཞིན་མཚན་མེད་དང ། །སྨོན་མེད་ཏིང་འཛིན་དེ་བཞིན་ཞི་བའི་ས། །འདུ་ཤེས་སྣ་ཚོགས་བྲལ་ཞེས་བྱ་བ་དང ། །རབ་དུལ་ཀླུ་དབང་སྟག་ཅེས་བྱ་བ་དང ། །འཁྱིལ་བ་དང་ནི་རྣམ་པར་ལྡོག་པ་དང ། འཛུམ་པ་མེད་དང་སྟོབས་དང་མིག་དག་དང ། །ཏིང་འཛིན་རྡོ་རྗེ་འདྲ་དང་རྡོ་རྗེས། །མངོན་འཕགས་མི་འཛུམ་ལྷུན་པོ་ལྟ་བུ་དང ། །ཀུན་ནས་ཀློང་འཁྱིལ་རྣམ་པར་དག་སྒྲ་དང ། །ངེས་རྟོག་ཉོན་མོངས་བྲལ་བའི་ཏིང་འཛིན་དང ། །ནམ་མཁའ་འདྲ་དང་ནམ་མཁའི་བར་སྐབས་དང ། །ཡོན་ཏན་ཐམས་ཅད་གུས་པར་ལེན་པ་དང ། །བློ་གྲོས་དྲན་རྟོགས་བློ་འཕེལ་སྤོབས་མི་ཟད། །ངེས་ཚིག་བསྟན་པ་མཐའ་ཡས་མི་ཟད་དང ། །ལེགས་བྱས་བྱས་པ་ཆུད་མི་ཟ་བ་དང ། །ལྟ་བ་དང་ནི་འགྲོ་བ་ཚིམ་བྱེད་དང ། ། བྱམས་པ་མངོན་འཕགས་སྙིང་རྗེ་ཡངས་པའི་རྩ། །དགའ་དང་མཆོག་ཏུ་དགའ་བ་འཇུག་པ་དང ། །བཏང་སྙོམས་དང་ནི་གཉིས་ལ་ཆགས་གྲོལ་དང ། །ཆོས་དོན་ཆོས་ཀྱི་འོད་ཟེར་ཏིང་འཛིན་དང ། །འཁྲུག་མེད་ཡེ་ཤེས་སྒྲོན་དང་ཡེ་ཤེས་མཚོ། །རྣམ་གྲོལ་སྙིང་པོ་འགྲོ་བ་ཚིམ་བྱེད་དང ། །རྡོ་རྗེ་རྒྱལ་མཚན་པདྨའི་དམ་པ་དང ། །ཆོས་ཀྱི་རྒྱལ་དང་མི་གཡོ་ཏིང་འཛིན་དང ། །ཤེས་རབ་
303a
༄#། །རྩིབས་དང་ཞི་བ་སངས་རྒྱས་མཚོ། །འོད་ཟེར་མཐའ་ཡས་རྣམ་གྲོལ་སྦྱིན་པ་དང ། །ཡེ་ཤེས་ཏིང་འཛིན་དེ་བཞིན་གཤེགས་ཀྱི་རྒྱན། །བཀོད་པ་ཆེན་པོ་ཞིང་བཀོད་སྣང་བ་དང ། །སེམས་ཅན་བསམ་པ་ཡོངས་རངས་དགའ་བ་དང ། །རྫོགས་པའི་བྱང་ཆུབ་ལམ་ལ་རྟག་མཐུན་དང ། །ཕ་རོལ་ཕྱིན་པ་རྒྱན་དང་དཀོན་མཆོག་གཙུག་།ཏིང་འཛིན་བྱང་ཆུབ་ཡན་ལག་མེ་ཏོག་སྦྱིན། །རྣམ་གྲོལ་སྙིང་པོ་བདུད་རྩི་སྦྱིན་པ་དང ། །རླུང་དང་རླུང་བཞིན་འགྲོ་བ་མི་དམིགས་དང ། །རྒྱ་མཚོ་ཤུགས་འཛིན་རིན་ཆེན་མཛོད་ལྡན་དང ། །བྲག་དང་རི་འཐབ་རྒྱལ་པོ་ཞེས་བྱ་དང ། །རྫུ་འཕྲུལ་ཡངས་དང་ཤིན་ཏུ་དོན་འཛིན་དང ། །སངས་རྒྱས་ཡུལ་སྟོན་ཏིང་ངེ་འཛིན་དག་དང ། །དེ་དང་གཞན་ཡང་རྒྱ་ཆེན་མཐའ་ཡས་པའི། །ཞི་བའི་ཏིང་འཛིན་བྱེ་བ་ཁོང་དུ་ཆུད། །གང་དག་བསམ་གཏན་ཕ་རོལ་ཕྱིན་སྤྱོད་པ། །བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་མེད་དེ། །མཉམ་པར་གཞག་ནས་བསམ་གཏན་སྤྱོད་ཡུལ་འགྲེང ། །མཉམ་པར་གཞག་ནས་རྒོད་པ་མེད་པར་འཆག་།མཉམ་པར་གཞག་ནས་འདུག་ཅིང་ཉལ་བར་བྱེད། །དེ་ཡི་སྤྱོད་ལམ་མཉམ་པར་མ་གཞག་མེད། །མཉམ་པར་གཞག་པས་སྒྲ་ནི་འབྱིན་བྱེད་དེ། །ཆོས་འདི་ཐམས་ཅད་ཞི་དང་རབ་ཞི་བ། །རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད། །བདག་མེད་སྲོག་མེད་དབང་ཕྱུག་དག་ཀྱང་མེད། །བྱང་ཆུབ་སེམས་
303b
དཔའ་མཁས་པ་སྙིང་རྗེ་ཅན། །བསམ་གཏན་ཕ་རོལ་ཕྱིན་པ་སྤྱོད་བྱེད་པ། །ཡོན་ཏན་རྒྱ་མཚོ་དེ་ཡི་ཡོན་ཏན་ནི། །འདི་དང་གཞན་ཡང་ཕ་རོལ་མཐའ་ཡས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ། བཅུ་པའོ།། །།བམ་པོ་བཅུ་བདུན་པ། ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བརྩོན་ན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འགྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་རབ་ཏུ་ཉན་པར་བྱེད། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་དག་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དེ།་ཤཱ་རིའི་བུ། དེ་ལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན། བླངས། བཟུང ། བཀླགས། གཞན་དག་ལ་ཡང་འཆད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། ཤེས་རབ་ཀྱི་རྣམ་པ་འདི་དག་འཐོབ་པར་འགྱུར་རོ། །ཤེས་རབ་དེ་ཡང་རྣམ་པ་གང ། འཇུག་པ་གང་ཞེ་ན། དེ་ལ་ཤེས་རབ་ཀྱི་ཐོས་པ་ནི། རྣམ་པའོ། ། ཚུལ་བཞིན་ཡིད་ལ་བྱེད་པ་ནི། འཇུག་པའོ། །ཐོས་པ་ཡང་རྣམ་པ་གང་ཞེ་ན། འདི་ལྟ་སྟེ། འདུན་པའི་རྣམ་པ་དང ། བསམ་པའི་རྣམ་པ་དང ། སྦྱོར་བའི་རྣམ་པ་དང ། དགེ་བའི་བཤེས་
304a
༄#། །གཉེན་གྱི་རྣམ་པ་དང ། ང་རྒྱལ་མེད་པའི་རྣམ་པ་དང ། རབ་ཏུ་འདུད་པའི་རྣམ་པ་དང ། རི་མོར་བྱེད་པའི་རྣམ་པ་དང ། མཐུན་པའི་རྣམ་པ་དང ། བཀའ་བློ་བདེ་བའི་རྣམ་པ་དང ། བསྙེན་བཀུར་བྱེད་པའི་རྣམ་པ་དང ། རྣ་བླགས་ཏེ་ཉན་པའི་རྣམ་པ་དང ། བཀུར་སྟི་བྱེད་པའི་རྣམ་པ་དང ། ཡིད་ལ་བྱེད་པའི་རྣམ་པ་དང ། མི་གཡེང་བའི་རྣམ་པ་དང ། རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང ། སྨན་དུ་འདུ་ཤེས་པའི་རྣམ་པ་དང ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་འདུ་ཤེས་ཀྱི་རྣམ་པ་དང ། དྲན་པའི་སྣོད་ཀྱི་རྣམ་པ་དང ། རྟོགས་པ་ཤེས་པའི་རྣམ་པ་དང ། བློ་གྲོས་འདོད་པའི་རྣམ་པ་དང ། བློ་ལ་འཇུག་པའི་རྣམ་པ་དང ། སངས་རྒྱས་ཀྱི་ཆོས་ཐོས་པས་མི་ངོམས་པའི་རྣམ་པ་དང ། གཏོང་བ་སྤེལ་བའི་རྣམ་པ་དང ། བྱིན་ནས་མི་སྨོད་པའི་རྣམ་པ་དང ། མང་དུ་ཐོས་པ་བསྟན་པའི་རྣམ་པ་དང ། གུས་པར་དགའ་བ་མྱོང་བར་བྱེད་པའི་རྣམ་པ་དང ། ལུས་སིམ་པའི་རྣམ་པ་དང ། སེམས་རངས་པའི་རྣམ་པ་དང ། མི་སྐྱོ་བར་ཉན་པའི་རྣམ་པ་དང ། དོན་ཉན་པའི་རྣམ་པ་དང ། ཆོས་ཉན་པའི་རྣམ་པ་དང ། ནན་ཏན་ཉན་པའི་རྣམ་པ་དང ། ཐེག་པ་གཞན་ལ་འདོད་པ་མེད་པར་ཉན་པའི་རྣམ་པ་དང ། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང ། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང །
304b
ཐབས་མཁས་པ་ཉན་པའི་རྣམ་པ་དང ། ཚངས་པའི་གནས་པ་ཉན་པའི་རྣམ་པ་དང ། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང ། དྲན་པ་ཉེ་བར་གཞག་པ་ཉན་པའི་རྣམ་པ་དང ། ཡང་དག་པར་སྤོང་བ་ཉན་པའི་རྣམ་པ་དང ། རྫུ་འཕྲུལ་གྱི་རྐང་པ་ཉན་པའི་རྣམ་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉན་པའི་རྣམ་པ་དང ། མི་རྟག་པ་ཉན་པའི་རྣམ་པ་དང ། སྡུག་བསྔལ་བ་ཉན་པའི་རྣམ་པ་དང ། བདག་མེད་པ་ཉན་པའི་རྣམ་པ་དང ། ཞི་བ་ཉན་པའི་རྣམ་པ་དང ། སྟོང་པ་ཉིད་ཉན་པའི་རྣམ་པ་དང ། མཚན་མ་མེད་པ་ཉན་པའི་རྣམ་པ་དང ། སྨོན་པ་མེད་པ་ཉན་པའི་རྣམ་པ་དང ། མངོན་པར་འདུ་མི་བྱེད་པ་ཉན་པའི་རྣམ་པ་དང ། དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ཉན་པའི་རྣམ་པ་དང ། རང་དབང་དུ་གྱུར་པའི་རྣམ་པ་དང ། ཆོས་ཉན་པར་འདུ་ཤེས་པའི་རྣམ་པ་དང ། ཀུན་ཏུ་འདྲ་བ་མི་མཐུན་པའི་ཕྱོགས་སུ་འདུ་ཤེས་པའི་རྣམ་པ་དང ། ཉོན་མོངས་པ་ཐམས་ཅད་ཚར་གཅོད་པའི་རྣམ་པ་དང ། མཁས་པ་ལ་མངོན་པར་དགའ་བའི་རྣམ་པ་དང ། འཕགས་པ་བསྟེན་པའི་རྣམ་པ་དང ། འཕགས་པ་མ་ཡིན་པ་ཡོངས་སུ་སྤོང་བའི་རྣམ་པ་དང ། འཕགས་པ་ཉན་པའི་རྣམ་པ་དང ། དབང་པོ་ཉན་པའི་རྣམ་པ་དང ། རྗེས་སུ་དྲན་པ་སྒོམ་པ་ཉན་པའི་རྣམ་པ་དང ། བྱང་ཆུབ་ཀྱི་ཡན་ལག་ཉན་པའི་རྣམ་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉན་པའི་རྣམ་པ་དང ། དེ་བཞིན་གཤེགས་པའི་སྟོབས་དང །
305a
༄#། །མི་འཇིགས་པ་དང ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཆེན་པོ་དང ། སོ་སོ་ཡང་དག་པར་རིག་པ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཉན་པའི་རྣམ་པ་སྟེ། ཤཱ་རིའི་བུ། དེ་ལྟར་གང་ན་ཐོས་པ་དེ་ན་ཤེས་པའོ། །གང་ན་ཤེས་པ་དེ་ན་ནན་ཏན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་མོས་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་བསམ་པ་ཡོད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་སྦྱོར་བ་ཡོད་པ་དེ་ནི།་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ང་རྒྱལ་མེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་རབ་ཏུ་འདུད་པ་དེ་ནི།་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་རི་མོར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་
305b
ནས་ནན་ཏན་བྱེད་དོ། །གང་མཐུན་པར་འཛིན་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བཀའ་བློ་བདེ་བ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་བསྙེན་བཀུར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་རྣ་བླགས་ཏེ་ཉན་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་བཀུར་སྟི་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་འཆད་པ་དང ། གང་མང་དུ་ཐོས་པ་ཡིད་ལ་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་རིན་པོ་ཆེར་འདུ་ཤེས་པ་དེ་ནི།་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ལ་རྩིར་འདུ་ཤེས་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ཐོས་ནས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རབ་ཏུ་ཞི་བར་རབ་ཏུ་འདུ་ཤེས་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ཐོས་ནས་འཛིན་པར་འདུ་ཤེས་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཆོས་རྣམས་རྟོགས་
306a
༄#། །པར་ཁོང་དུ་ཆུད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པར་བློ་གྲོས་འདོད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པ་ཐོས་ནས་བློ་རྣམ་པར་གཡོ་བ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཐོས་པས་མི་ངོམས་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་སྦྱིན་པའི་གཏམ་ཐོས་ནས་སྦྱིན་པ་གཏོང་བར་བྱེད་པ་དེ་ནི།་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཚུལ་ཁྲིམས་ཀྱི་གཏམ་ཐོས་ནས་ཚུལ་ཁྲིམས་སྲུང་བ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བཟོད་པའི་གཏམ་ཐོས་ནས་བཟོད་པར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། ། གང་བརྩོན་འགྲུས་ཀྱི་གཏམ་ཐོས་ནས་བརྩོན་འགྲུས་མ་ཉམས་པར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བསམ་གཏན་གྱི་གཏམ་ཐོས་ནས་སེམས་མི་གཡེང་བར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཤེས་རབ་ཀྱི་གཏམ་ཐོས་ནས་ཟག་པ་ཟད་པ་
306b
ལ་སེམས་གཞོལ་བར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་མང་དུ་ཐོས་པར་དགའ་བ་སྐྱེ་བ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཆོས་ཐོས་ནས་ལུས་སིམ་པར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཆོས་ཐོས་ནས་རངས་པར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཐེག་པ་ཆེན་པོ་ཐོས་ནས་མོས་པར་འགྱུར་བ་དེ་ནི། ཐོས་པར་འགྱུར་རོ། ། ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བསྡུ་བའི་དངོས་པོ་ཐོས་ནས་གང་བསྡུ་བར་སེམས་བསྐྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དྲན་པ་ཉེ་བར་གཞག་པའི་གཏམ་ཐོས་ནས་དད་པ་ལུས་ལ་ཞུགས་པ་དང ། དྲན་པ་ཚོར་བ་ལ་ཞུགས་པ་དང ། དྲན་པ་སེམས་ལ་ཞུགས་པ་དང ། དྲན་པ་ཆོས་ལ་ཞུགས་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཡང་དག་པར་སྤོང་བའི་གཏམ་ཐོས་ནས་མི་དགེ་བ་སྐྱེས་ཤིང་བྱུང་བ་དག་ལ་ཁྲེལ་ཞིང་ངོ་ཚ་བར་འགྱུར་བ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་ལ་མི་གཏོང་བར་བློ་འཇུག་པ་དེ་ནི། ཐོས་པར་
307a
༄#། །འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་རྫུ་འཕྲུལ་གྱི་རྐང་པའི་གཏམ་ཐོས་ནས་ལུས་ཡང་བ་དང ། སེམས་ཡང་བ་དང ། འདུན་པ་ཡང་བ་སྐྱེ་བ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བསམ་གཏན་གྱི་གཏམ་ཐོས་ནས་ངེས་པར་རྟོག་པ་ལ་སེམས་གཏོང་བ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ཚད་མེད་པའི་གཏམ་ཐོས་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། ཕོངས་པར་གྱུར་པ་རྣམས་ལ་སྙིང་རྗེ་ཆེ་བ་དང ། ཆོས་ལ་དགའ་བ་དང ། མི་དགའ་བ་ལ་བཏང་སྙོམས་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དབང་པོའི་གཏམ་ཐོས་ནས་དད་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་དབང་པོ་དང ། དྲན་པའི་དབང་པོ་དང ། ཏིང་ངེ་འཛིན་གྱི་དབང་པོ་དང ། ཤེས་རབ་ཀྱི་དབང་པོ་ལ་སེམས་འཇུག་པར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་ཐོས་ནས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སེམས་འཇུག་པར་བྱེད་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་ལམ་གྱི་གཏམ་ཐོས་ནས་མྱ་ངན་ལས་འདའ་བར་
307b
འགྲོ་བ་ལ་སེམས་འཇུག་པ་དེ་ནི། ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་དང ། མི་འཇིགས་པ་དང ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཆེན་པོ་དང ། སོ་སོ་ཡང་དག་པར་རིག་པ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡང་དག་པར་བསླབ་པ། སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་འཇུག་སྟེ། དེ་ཐོས་པར་འགྱུར་རོ། །ཐོས་ནས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །ཤཱ་རིའི་བུ།་འདི་ནི། ཐོས་པའི་རྣམ་པ་ལ་འཇུག་པ་རྣམ་པ་བཞི་བཅུ་རྩ་གཅིག་ཅེས་བྱ་སྟེ། ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ།་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན། བླངས། བཟུང ། བཀླགས། ཀུན་ཆུབ་པར་བྱས། གཞན་ལ་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ནས་ནན་ཏན་སྙིང་པོར་བྱེད་པ་ཡིན་ནོ། །ཆོས་རྣམས་ལ་ནན་ཏན་བྱེད་པ་གང་ཞེ་ན། གང་ཇི་ལྟར་བསྟན་པ་བཞིན་དུ་གནས་པ་སྟེ། དེ་ནི། ཆོས་ལ་ནན་ཏན་བྱེད་པའོ། །གཞན་ཡང་ཆོས་ལ་ནན་ཏན་བྱེད་པ་ནི། གང་ཆོས་ཐམས་ཅད་མི་ལེན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ལེན་ན་ཡང་ལོག་པའི་
308a
༄#། །ནན་ཏན་དུ་འགྱུར་ཏེ། གང་ཟག་གང་ཆོས་ལེན་པར་གནས་པ་ནི། དེ་ཆོས་དེ་དག་ལས་འབྱུང་བར་འགྱུར་བའི་གནས་དང ། སྐབས་མེད་དེ། དེ་ནི། གནས་མེད་པའོ། །གང་ཟག་མི་ལེན་པར་སྤྱོད་པ་རྣམས་ཀྱང་བསལ་བའི་ཕྱིར་ཆོས་འདི་དག་ལ་ནན་ཏན་དུ་གཞག་པ་ཐེ་ཚོམ་དུ་འགྱུར་ན། ཆོས་ལེན་པར་སྤྱོད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན། ཆོས་ཐམས་ཅད་མི་ལེན་པ་ནི། ནན་ཏན་ནོ། །གཞན་ཡང་གང་ཆོས་རྣམས་ལ་མི་སྒྲིབ་པ་དེ་ནི། ནན་ཏན་ཞེས་བྱའོ། །གང་ཆོས་རྣམས་ལ་རློམ་སེམས་མེད་པ་དང ། གང་ཆོས་རྣམས་མི་ལེན་པ་དང ། མི་རློམ་པ་དང ། མི་སྐྱེ་བ་དང ། མི་འགོག་པ་དེ་ནི། ནན་ཏན་ཞེས་བྱའོ། །གཞན་ཡང་ཆོས་རྣམས་ལ་བསྟན་པ་མེད་པ་དང ། བསལ་བ་མེད་པ་དེ་ནི།་ནན་ཏན་ཞེས་བྱའོ། །གཞན་ཡང་གང་དུ་ཅུང་ཟད་ཀྱང་མ་བཤད། ཇི་ལྟར་བཤད་པ་བཞིན་དུ་མི་སྣང་བ་དེ་ལྟ་བུ་ནི། ཆོས་ཐམས་ཅད་མི་སྣང་བ། མཚན་ཉིད་གཅིག་པའོ། །མཚན་ཉིག་དང་ཞེ་ན། འདི་ལྟ་སྟེ། མཚན་ཉིད་མེད་པའོ། །མཚན་ཉིད་ཅེས་བྱ་བ་ནི། མཚན་ཉིད་མེད་པ་སྟེ། དེ་ནི། གཉི་ག་ལས་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་བརྟགས་པའམ།་ཡང་དག་པར་བརྟགས་པ་དེ་ཉིད་མཚན་ཉིད་མེད་པར་བཤད་པ་ཡིན་ནོ། །འདི་ནི། མཚན་ཉིད་དོ། །འདི་ནི། མཚན་ཉིད་མ་ཡིན་པའོ། །ཞེས་འདི་ལྟ་སྟེ། ཆོས་ཐམས་ཅད་
308b
ལ་མཚན་ཉིད་མེད་པ། མི་སྣང་བ། བླང་བ་མེད་པར་རྟོགས་པ་དེ་ནི། ནན་ཏན་ཞེས་བྱའོ། །ནན་ཏན་ལ་བརྩོན་པར་གྱིས་ཤིག་།ཆོས་ཐམས་ཅད་མི་སྒྲིབ་པར་སྣང་བ་ཐོབ་པར་གྱིས་ཤིག། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་ཞིག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ། །ཤིན་ཏུ་ངེས་པར་ནན་ཏན་གནས་བྱེད་པ། །མཁས་པ་དེ་ནི་ཆོས་ལ་འཛིན་མི་བྱེད། །མི་འཛིན་པས་ན་ནན་ཏན་དེ་འདྲའོ། །མིས་ནི་ཆོས་རྙེད་སྟོང་པར་མི་བྱེད་དོ། །ཆོས་ལའང་དེ་ནི་སྟོང་པར་རློམ་སེམས་མེད། །སྟོན་པའི་ཆོས་ལ་རློམ་སེམས་གང་ཡང་མེད། ། རློམ་སེམས་མེད་ཕྱིར་ནན་ཏན་དེ་འདྲའོ། །ཆོས་ལ་ལེན་པ་མེད་ཅིང་འདོར་བ་མེད། །ཆོས་ནི་ཆོས་ལ་ལེན་པར་བྱེད་པ་མེད། །ལེན་པ་མེད་ཕྱིར་འདི་ནི་ཆོས་ཀྱི་མཚན། །དེ་འདྲ་བ་ནི་ནན་ཏན་ཞེས་བྱའོ། །གང་ཕྱིར་ཆོས་ལ་ནམ་ཡང་དེ་མི་ཆགས། །དེ་ལ་དེ་ཡི་ཡེ་ཤེས་བླངས་མི་འགྱུར། །ཡེ་ཤེས་མ་བླངས་དེ་ལའང་རློམ་སེམས་མེད། །དེ་འདྲ་བ་ལའང་ནན་ཏན་ཞེས་བྱའོ། །མཁས་པས་སྦྱངས་པའི་ཡོན་ཏན་གནས་པར་གྱིས། །ཆོས་འདི་དག་ལ་ཤིན་ཏུ་བརྩོན་པར་གྱིས། །ཆོ་ག་སྤྱོད་པ་དག་ལ་གནས་གྱུར་ན། །དེ་ཚེ་དེ་ཡི་སྒོ་ནི་དག་པར་འགྱུར། །སྒོ་དག་ན་ནི་ཆོས་འདི་འདྲ་བ་ཤེས། །དེ་ན་སེམས་ལ་བསམ་པའང་ཤེས་པར་འགྱུར། །མཁས་པ་དེ་ཚེ་བསམ་པ་ཤེས་ནས་ནི། །འདི་འདྲ་བ་ཡི་ཆོས་ཀྱང་འཆད་པར་འགྱུར། །ཟབ་མོའི་ཆོས་ལ་དོན་དམ་མཁའ་
309a
༄#། །གྱུར་ནས། །རྟག་ཏུ་དོན་ལ་རྣམ་པར་གདོན་མི་ཟ། །སྤྱོད་པ་མཐའ་ཡས་ཡོན་ཏན་རྣམས་ཀྱིས་འཕགས། །མཁས་པ་མང་དུ་ཐོས་པ་རྒྱ་མཚོ་འདྲ། །དེ་ཡི་དོན་དང་ཚིག་འབྲུ་དག་ལ་ཡང ། །མཐའ་མ་རྟོགས་པར་རུང་བ་མ་ཡིན་ཞིང ། །དོན་ཀྱང་མཐའ་ཡས་ཚིག་འབྲུ་མཐའ་ཡས་ཏེ། །ནན་ཏན་སྙིང་པོར་བྱེད་པ་མི་འཁྲུགས་འགྱུར། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་ཉན་པ་ནས་གཞན་ལ་རྒྱ་ཆེར་བསྟན་པའི་བར་དུ་བྱས་ནས་མ་རིག་པའི་མུན་པ་མུན་ནག་མུན་པ་རབ་རིབ་སྟུག་པོ་བསལ་བའི་ཕྱིར་ཆོས་ཐམས་ཅད་ལ་སྣང་བ་ཐོབ་སྟེ། ཤེས་རབ་ཀྱི་སྣང་བའོ། །དེ་སྣང་བ་དེ་ཐོབ་པས་དགེ་བ་དང ། མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་ཏེ། དེ་སྲོག་གི་ཕྱིར་ཡང་མི་དགེ་བའི་ཆོས་ལ་མི་གནས་ཏེ། དེ་མི་དགེ་བའི་ཆོས་རྣམས་སྤང་བའི་ཕྱིར་ཇི་ལྟར་ཐོས་པའི་ཆོས་རྣམས་རྟོགས་པས་ན། དགེ་བ། ཐུབ་པ། ཞི་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཇི་ལྟར་མུན་པས་ཁྱབ་བསྒྲིབས་པ། །ཁྱིམ་དུ་ཞུགས་པར་གྱུར་ན་ནི། །ཡོད་པར་གྱུར་པའི་གཟུགས་རྣམས་ཀྱང ། །མིག་གིས་
309b
མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ནི་འདི་ལ་ཡང ། །ལ་ལའི་མི་དག་སྐྱེས་གྱུར་ཀྱང ། །དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་སྟེན་མི་བྱེད། །ཐོས་ནས་གནོད་པ་སྤོང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་འཐོབ། །ཐོས་པར་འདོད་པས་ཐོས་པ་འཕེལ། །ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་སྦྱོང ། །དོན་ཐོབ་ནས་ནི་བདེ་ཐོབ་འགྱུར། །དོན་ཐོབ་དེ་ནི་ཡིད་རྣོ་སྟེ། །ཚེ་འདི་ལ་ནི་མྱ་ངན་འདས། །ཆོས་ལ་སྦྱོར་ཞིང་གཙང་ལ་མཁས། །ཤིན་ཏུ་བདེ་བ་འཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། །ཐོས་ནས་ཆོས་ཉིད་གནས་པར་འགྱུར། །འཇིག་རྟེན་ལ་ནི་སྣང་གྱུར་ནས། །བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པའི་གང་ཟག་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལ་ཤིན་ཏུ་བྱང་བར་བྱེད། རྣམ་པར་དག་པར་བྱེད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་འདིའི་དོན་གྱི་ཕྱིར་འདུན་པ་བསྐྱེད། འབད་པར་བྱེད། བརྩོན་འགྲུས་བརྩོན་པར་བྱེད། སེམས་ལ་རབ་ཏུ་འཛིན་པར་བྱེད། ཡང་དག་པར་རབ་ཏུ་འཇོག་པར་
310a
༄#། །བྱེད་དེ།་དེ་ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་ཞུགས་པས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་འཐོབ་བོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཆོས་སྨྲ་བ་ནི་གང་ཡིན་པ། །དེ་ལ་དགེ་བའི་བཤེས་སུ་སེམས། །རྟག་པར་ནན་ཏན་གནས་གྱུར་ནས། །ཆོས་ལ་ནན་ཏན་བྱས་ཏེ་ཉན། །རྟག་པར་འདུན་པ་འབྲི་མི་བྱེད། །རྟག་པར་བརྩོན་འགྲུས་ཤིན་ཏུ་འཕགས། །རྣམ་རྟག་ཤེས་རབ་རྣམ་པར་སྦྱོང ། །ཡེ་ཤེས་ལ་ནི་རྟག་ཏུ་གནས། །དེ་ནི་བདག་ཉིད་ཆོས་ཤེས་ཏེ། །དད་པའི་ཕྱིར་ནི་འགྲོ་མི་བྱེད། །སངས་རྒྱས་ཀྱིས་ནི་གང་བཤད་པ། །མི་གཡོ་བ་ཡི་ཆོས་ཤེས་སོ། །མཁས་པ་དེ་དག་ཚིག་རྣམས་འབྱེད་ལ་མཁས། །བསླབ་པའི་དོན་ལ་ཁོང་དུ་ཆུད་པར་བྱེད། །དེ་དག་དཀར་པོའི་ཕྱོགས་ནི་རྟག་པར་སྦྱོང ། །ནག་པོའི་ཕྱོགས་ནི་རྟག་ཏུ་སྤོང་བར་བྱེད། །དེ་ཡི་སེམས་ལ་ནམ་ཡང་ཉམས་པ་མེད། །དེ་ནི་ཆོས་རྣམས་གང་ལའང་ཞུམ་པ་མེད། །ལུས་ཀྱང་དེ་བཞིན་སེམས་དང་བརྩོན་འགྲུས་དང ། །འདུན་པ་ཡང་བའང་མྱུར་དུ་འཐོབ་པར་འགྱུར། །ཆོས་ཐོས་ནས་ནི་ཤེས་རབ་འཕེལ་བར་འགྱུར། །ཡེ་ཤེས་རྣམ་པར་རྟོགས་ནས་དྲན་མི་ཉམས། །དྲན་དང་ཡེ་ཤེས་ལ་ནི་རྟག་གནས་ནས། །དགེ་དང་མི་དགེའི་ཆོས་ནི་རབ་ཏུ་ཤེས། །བླ་ན་མེད་པའི་ཆོས་རྣམས་བསླབ་ནས་ནི། །རྟོགས་དང་དྲན་པ་ཤེས་རབ་སྟོབས་མཆོག་ཐོབ། །ཇི་ལྟར་
310b
བདག་ཉིད་ཡུན་རིང་བསླབ་པ་བཞིན། །དེས་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཤེས། །ཆོས་བསླབ་ནས་ནི་ཁྱད་པར་འཐོབ་འགྱུར་ཏེ། །ཁྱད་པར་འཐོབ་ཅིང་ཡེ་ཤེས་དག་གྱུར་ནས། །དེ་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཤེས། །དེ་ཕྱིར་བསམ་པ་བཞིན་དུ་ཆོས་སྟོན་ཏོ། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་བློ་སྦྱངས་པ་དང ། དེ་ལྟར་ཆོས་སྣང་བའི་སྒོ་ཤིན་ཏུ་ཡོངས་སུ་དག་པས་འདི་ལྟར་སློབ་སྟེ། འཕགས་པའི་ཡང་དག་པར་ལྟ་བ་འབྱུང་བ་ནི། རྒྱུ་གཉིས་དང ། རྐྱེན་གཉིས་ཏེ། གཉིས་གང་ཞེ་ན། གཞན་གྱི་སྒྲ་དང ། བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའོ། །དེ་འདི་སྙམ་དུ་སེམས་ཏེ། །གཞན་གྱི་སྒྲ་དེ་གང ། བདག་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་གང་ཞེ་ན། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་འདི་སྙམ་དུ་སེམས་པར་འགྱུར་ཏེ། རྣལ་འབྱོར་སྤྱོད་པ་གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་དགའ་བ་རྙེད་ནས་ང་རྒྱལ་གྱི་དབང་གིས་ཆེ་བའི་ང་རྒྱལ་དུ་ལྷུང་བ་དེ་དག་ནི། སྐྱེ་བ་དང ། །རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་ལས་ཡོངས་སུ་མི་ཐར། སྡུག་བསྔལ་གྱི་ཕུང་པོ་
311a
༄#། །ལས་ཡོངས་སུ་མི་ཐར་ཏེ། དེ་དག་ལ་དེ་བཞིན་གཤེགས་པས་དགོངས་ནས་འདི་སྐད་གསུངས་སོ། །ཕ་རོལ་ལ་རྗེས་སུ་མཐུན་པ་ཐོས་པ་ནི། རྒ་བ་དང ། འཆི་བ་ལས་རྣམ་པར་གྲོལ་བའོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་རྣམས་ཐོས་ནས་རྣམ་པར་ཤེས། །ཐོས་ནས་སྡིག་པ་མི་བྱེད་དེ། །ཐོས་ནས་གནོད་པ་སྤོང་བར་འགྱུར། །ཐོས་ནས་མྱ་ངན་འདས་པ་འཐོབ། །ཐོས་འདོད་ཐོས་པ་འཕེལ་བར་འགྱུར། །ཐོས་པས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་སྦྱོང ། །དོན་རྙེད་ནས་ནི་བདེ་ཐོབ་འགྱུར། །དོན་རྙེད་དེ་ནི་ཡིད་རྣོ་སྟེ། །ཚེ་འདི་ལ་ནི་མྱ་ངན་འདས། །ཆོས་གཙང་མཁས་པ་གཙང་བ་དང ། །མཆོག་ཏུ་བདེ་བ་འཐོབ་པར་འགྱུར། །ཤཱ་རིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འཕགས་པའི་ཆོས་འདུལ་བ་ཤིན་ཏུ་མཉན་པར་བྱ། བླང་བར་བྱ། །གཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། །གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རིའི་བུ། གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མི་ཉན་པ་དང ། ཚུལ་བཞིན་དུ་སྦྱོར་བར་མི་བྱེད་པ་དེ་དག་ནི། འཕགས་པའི་ལམ་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པ་འདི་སྐད་དུ་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ནི། རྒ་བ་དང །
311b
ན་བ་དང ། འཆི་བ་ལས་གྲོལ་བའོ། །ཞེས་གསུངས་སོ། །དེ་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་བཞིན་སྦྱོར་བ་ནི། གང ། ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་བཞིན་སྦྱོར་བ་ཡིན་སྙམ་ནས་དེ་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་གང་ལའང་སྦྱོར་བར་མི་བྱེད། རབ་ཏུ་སྦྱོར་བར་མི་བྱེད་དོ། །ཚུལ་བཞིན་དུ་སྦྱོར་བ་ཞེས་བྱ་བ་དེ་ནི། མི་སྦྱོར་བའི་ཚིག་བླ་དྭགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི། སྒྲ་འབྱིན་པར་མི་བྱེད། ཟློས་པ་འབྱིན་པར་མི་བྱེད། གང་ནས་སྒྲ་འབྱུང་བ་དེ་ཡང་མི་དམིགས། སྒྲ་དེ་ཉིད་གང་ནས་འབྱུང ། གང་དུ་འགག་ཅེས་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་ལ་རྟོག་པར་བྱེད་དེ། གང་སྨྲས་པ་དང ། གང་སྨྲ་བ་དང ། གང་སྨྲ་བར་འགྱུར་བ་དང ། གང་གིས་སྨྲས་པ་དང ། གང་གིས་སྨྲ་བ་དང ། གང་གིས་སྨྲ་བར་འགྱུར་བ་དང ། གང་སྤོང་བའི་ཕྱིར་སྨྲས་པ་དང ། གང་སྤོང་བའི་ཕྱིར་སྨྲ་བ་དང ། གང་སྤོང་བའི་ཕྱིར་སྨྲ་བར་འགྱུར་བ་དང ། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲས་པ་དང ། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བ་དང ། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བར་འགྱུར་བ་དེ་ཐམས་ཅད་ཡོངས་སུ་བཙལ་ན། འདས་པའི་རྣམ་པ་དང ། མ་འོངས་པའི་རྣམ་པ་དང ། ད་ལྟར་བྱུང་བའི་རྣམ་པར་མི་དམིགས་པ་དེ་ནི། དེའི་ཚུལ་བཞིན་དུ་སྦྱོར་བའོ། །ཞེས་དེ་དེ་ལྟར་སློབ་བོ། །བྱང་ཆུབ་
312a
༄#། །སེམས་དཔའ་དེ་ལྟར་ཚུལ་བཞིན་དུ་སྦྱོར་བས་ཇི་ལྟར་ཚུལ་བཞིན་དུ་མཐོང་ཞེ་ན། དེ་འདི་ལྟར་སློབ་སྟེ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་འགག་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །གང་གི་ཚེ་ཆོས་ཐམས་ཅད་རྣམ་པར་ཞི་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་མ་ཞུགས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །གང་གི་ཚེ་ཆོས་ཐམས་ཅད་མ་སྐྱེས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །གང་གི་ཚེ་ཆོས་ཐམས་ཅད་མ་བྱུང་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་ཡང་དག་པར་མ་བྱུང་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །གང་གི་ཚེ་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ ། །དེ་གང་གིས་མཐོང་བ་དེ་ལ་ཡང་རྟོག་སྟེ། ཅི་ནས་ཀྱང་མི་མཐོང་བ་དང ། མི་རྟོག་པ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ན། ཚུལ་བཞིན་མཐོང་བ་ཞེས་བྱའོ། །ཡང་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ལ་ཡང་ཐེ་ཚོམ་དང ། རྨོངས་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ལ་ཡང་སྒྲིབ་པ་མེད་དོ། །ཚུལ་བཞིན་
312b
དུ་སྦྱོར་བ་ནི། ཆོས་གང་ལ་ཡང་གང་ཐར་པའི་སྒོར་མི་འགྱུར་བ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ཡང་སྤང་བར་བྱ་བའི་ཕྱིར་འབད་པ་མེད་དོ། །གང་ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ལ་ཡང་རྟོགས་པར་བྱ་བའི་ཕྱིར་འབད་པ་མེད་དེ། ཆོས་གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང ། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི། ཡང་དག་པར་ལྟ་བའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ། མ་མཐོང་བའོ། །མ་མཐོང་བ་ཞེས་བྱ་བ་དེ་ནི། མ་སྐྱེས་པའི་ཚིག་བླ་དྭགས་སོ། །མ་སྐྱེས་པ་ཞེས་བྱ་བ་དེ་ནི། ཡང་དག་པར་མ་བྱུང་བའི་ཚིག་བླ་དྭགས་སོ། །ཡང་དག་པར་མ་བྱུང་བ་ཞེས་བྱ་བ་གང་ཞེ་ན། དེ་ནི། མི་སྣང་བའི་ཚིག་བླ་དྭགས་ཏེ། དེ་བཞིན་གཤེགས་པ་དེ་ལ་དགོངས་ནས་འདུ་བྱེད་ཐམས་ཅད་མི་སྐྱེ་བར་མཐོང་ན། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་སྟེ། འདི་ལྟ་སྟེ། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་དེ་ནི། ཡང་དག་པར་ལྟ་བའོ། །ཞེས་དེ་སྐད་གསུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་ཞེས་བྱ་ཞེས་དེ་འདི་ལྟར་སློབ་སྟེ། ཆོས་ཐམས་ཅད་གང་དང་མཉམ་པ་སངས་རྒྱས་ཀྱི་ཆོས་དེ་དང་མཉམ་སྟེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པའོ། །དེ་ལྟ་བས་ན། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པར་འདོད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་
313a
༄#། །ཤིན་ཏུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ལའང་ཚུལ་བཞིན་དུ་སྦྱར་བར་བྱ་སྟེ། ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་བློ་ཤིན་ཏུ་ཡོངས་སུ་སྦྱངས་པ་དང ། དེ་ལྟར་ཆོས་སྣང་བའི་སྒོ་ཤིན་ཏུ་ཡོངས་སུ་དག་པས་ཚུལ་བཞིན་དུ་འཇུག་པ་ལ་བརྩོན་ན། ཚུལ་བཞིན་གྱི་ཚིག་མཐོང་ངོ ། །དེ་ལ་ཚུལ་བཞིན་དུ་འཇུག་པ་གང ། ཚུལ་བཞིན་གྱི་ཚིག་གང་ཞེ་ན། དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་འཇུག་པ་ནི། འདི་ལྟ་སྟེ། ཞི་གནས་ཀྱི་གནས་ལ་འཇུག་པ་དང ། ལྷག་མཐོང་རྣམ་པར་རྟོག་པ་ལ་འཇུག་པ་ནི། ཚུལ་བཞིན་དུ་འཇུག་པའོ། །ལུས་དབེན་པར་འཇུག་པ་དང ། སེམས་ཡིད་དུ་འོང་བར་འཇུག་པ་དང ། ཆད་པ་མ་ཡིན་པར་འཇུག་པ་དང ། རྟག་པ་མ་ཡིན་པར་འཇུག་པ་དང ། རྒྱུ་དང་རྐྱེན་ལ་འཇུག་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གང་ཟག་མེད་པ་ལ་འཇུག་པ་དང ། མ་འོངས་མ་ཕྱིན་མི་གནས་པ་ལ་འཇུག་པ་དང ། མི་འཕོ་བ་དང ། རྒྱུ་དང་འབྲས་བུ་ཆུད་མི་ཟ་བ་དང ། རྒྱུ་སྟོང་པ་ཉིད་དུ་རྣམ་པར་
313b
འབྱེད་པ་ལ་འཇུག་པ་དང ། མཚན་མ་མེད་པ་འདྲིས་པར་བྱ་བ་ལ་འཇུག་པ་དང ། སྨོན་པ་མེད་པ་རབ་ཏུ་ཤེས་པ་ལ་འཇུག་ཀྱང་སྟོང་པ་ཉིད་དང ། སྨོན་པ་མེད་པ་ལེན་པར་འཇུག་པ་མ་ཡིན་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ལེན་པ་ལ་འཇུག་ཀྱང་ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ལ་མི་འཇུག་པ་དང ། མངོན་པར་ཤེས་པའི་ཡེ་ཤེས་ལེན་པ་ལ་འཇུག་ཀྱང་ཟག་པ་ཟད་པ་ལ་མི་འཇུག་པ་དང ། མི་སྐྱེ་བར་རྟོག་པ་ལ་འཇུག་ཀྱང་ངེས་པར་གྱུར་པར་འགྲོ་བ་ལ་མི་འཇུག་པ་དང ། སེམས་ཅན་ཐམས་ཅད་བདག་མེད་པར་རྟོག་པར་འཇུག་ཀྱང་སྙིང་རྗེ་ཆེན་པོ་གཏོང་བ་ལ་མི་འཇུག་པ་དང ། སྐྱེ་བ་ཐམས་ཅད་འཇིགས་པར་མཐོང་བ་ལ་འཇུག་ཀྱང་སྲིད་པ་བསམ་གྱིས་མི་ཁྱབ་པ་ལེན་པ་ལ་འཇུག་པ་དང ། མྱ་ངན་ལས་འདའ་བར་འདོད་པ་ལ་འཇུག་ཀྱང་ཆོས་མངོན་དུ་བྱ་བ་ལ་མི་འཇུག་པ་དང ། འདོད་པའི་ཡོན་ཏན་གྱི་དགའ་བ་དང ། བཏང་སྙོམས་པ་ལ་འཇུག་ཀྱང་ཆོས་ཀྱི་དགའ་བ་འདོར་བ་ལ་མི་འཇུག་པ་དང ། རྟོག་པ་སྤྲོས་པ་ཐམས་ཅད་གཏོང་བ་ལ་འཇུག་ཀྱང་ཐབས་མཁས་པ་གཏོང་བ་ལ་མི་འཇུག་པ་སྟེ། ཤཱ་རིའི་བུ། དེ་ནི། ཚུལ་བཞིན་དུ་འཇུག་པ་ཞེས་བྱའོ། །ཤཱ་རིའི་བུ། ཚུལ་བཞིན་གྱི་ཚིག་ཅེས་བྱ་པ་གང་ཞེ་ན། རིགས་པའི་ཚིག་དེ་ནི། ཚུལ་བཞིན་གྱི་ཚིག་གོ་།ཤཱ་རིའི་བུ། གཞན་ཡང་ཚུལ་བཞིན་གྱི་ཚིག་དེ་ནི། ཚུལ་གྱི་ཚིག་གོ་།དེ་ནི། སྒོའི་ཚིག་གོ་།དེ་ནི། ཁའི་ཚིག་གོ་།དེ་ནི།
314a
༄#། །རྒྱུའི་ཚིག་གོ་།དེ་ནི། རབ་ཏུ་རྣམ་པར་འབྱེད་པའི་ཚིག་གོ་།དེ་ནི། མི་འགལ་བའི་ཚིག་གོ་།དེ་ནི། མི་རྩོད་པའི་ཚིག་གོ་།དེ་ནི། བཏང་སྙོམས་ཀྱི་ཚིག་གོ་།མི་ལེན་པའི་ཚིག་དང ། མི་འདོར་བའི་ཚིག་དང ། མ་སྤྲོས་པའི་ཚིག་དང ། མི་བསྣན་པའི་ཚིག་དང ། མ་བྲི་བའི་ཚིག་དང ། མི་སྐྱེ་བའི་ཚིག་དང ། རྩོད་པའི་གཞི་མེད་པའི་ཚིག་དང ། མི་ལྡོག་པའི་ཚིག་དང ། གཉེན་པོ་མེད་པའི་ཚིག་དང ། དེ་ཁོ་ནའི་ཚིག་དང ། དེ་བཞིན་ཁོ་ནའི་ཚིག་དང ། མ་ལོག་པ་དེ་བཞིན་ཉིད་ཀྱི་ཚིག་དང ། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཆིག་དང ། དེ་བཞིན་ཉིད་ཀྱི་ཚིག་དང ། ཇི་ལྟ་བ་བཞིན་གྱི་ཚིག་དང ། དུས་གསུམ་མཉམ་པ་ཉིད་ཀྱི་ཚིག་དང ། ཡོངས་སུ་ཆད་པའི་ཚིག་དང ། གཟུགས་རྣམ་པར་ཤེས་པའི་གནས་མེད་པའི་ཚིག་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་གནས་མེད་པའི་ཚིག་གོ། དེ་ནི། མིག་དང ། གཟུགས་དང ། མིག་གི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ་།དེ་ནི། རྣ་བ་དང ། སྒྲ་དང ། རྣ་བའི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ་།དེ་ནི། སྣ་དང ། དྲི་དང ། སྣའི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ། དེ་ནི། ལྕེ་དང ། རོ་དང ། ལྕེའི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ་།དེ་ནི། ལུས་དང ། རེག་དང ། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ་།དེ་ནི།
314b
ཡིད་དང ། ཆོས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གནས་མེད་པའི་ཚིག་གོ་།དེ་ནི། དོན་ལ་རྟོན་པའི་ཚིག་གོ་།དེ་ནི། ཆོས་ལ་རྟོན་པའི་ཚིག་གོ་།དེ་ནི། ཡེ་ཤེས་ལ་རྟོན་པའི་ཚིག་གོ། དེ་ནི། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའི་ཚིག་སྟེ། ཤཱ་རིའི་བུ། དེ་ནི། ཚུལ་བཞིན་གྱི་ཚིག་གོ་།དེ་ལྟར་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་འཇུག་པ་ལ་བརྩོན་པ་ཚུལ་བཞིན་གྱི་ཚིག་མཐོང་བ་དེ་ནི། གང་གིས་མཐོང་བ་དེ་ཉིད་མི་མཐོང་སྟེ། ཇི་ལྟར་མི་མཐོང་རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ངོ ། །དེ་ལྟར་མཐོང་ན། ཚུལ་བཞིན་མཐོང་བ་ཞེས་བྱའོ། །ཤཱ་རིའི་བུ། ཡང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ལ་ཡང་རྨོངས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ཡང་གང་ཐར་པའི་སྒོར་མི་འགྱུར་བ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ཡང་སྤང་བའི་ཕྱིར་འབད་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ཡང་རྟོགས་པར་བྱ་བའི་ཕྱིར་འབད་པ་མེད་དོ། །གང་ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང ། ཇི་ལྟ་བ་བཞིན་མཐོང་བ་དེ་ནི། ཡང་དག་པར་ལྟ་བའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ། མི་མཐོང་བའོ། །མི་མཐོང་བ་གང་ཞེ་ན། དེ་ནི། མི་སྐྱེས་པའི་ཚིག་བླ་དྭགས་སོ། །མ་སྐྱེས་པ་ཞེས་བྱ་བ་གང་ཞེ་ན། དེ་ནི། མི་སྣང་བའི་བར་གྱི་ཚིག་བླ་དྭགས་ཏེ། རྒྱ་ཆེར་སྔར་ཇི་ལྟར་བཟླས་པ་དེ་ལྟར་དེ་བཞིན་དུ་བཟླས་པར་
315a
༄#། །བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་སློབ་སྟེ། ཆོས་ཐམས་ཅད་ནི། བདག་བཞིན་དུ་ཚུལ་བཞིན་ཏེ། ཇི་ལྟར་བདག་ལ་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་བདག་མེད་པར་མཐོང་ངོ ། །ཇི་ལྟར་སེམས་ཅན་བདག་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ནི། བདག་མེད་པར་མཐོང་སྟེ། དེ་ལྟར་མཐོང་ན། ཚུལ་བཞིན་དུ་མཐོང་ངོ ། །གང་ཚུལ་བཞིན་འཁོར་བའི་ཁམས་མཐོང་བ་དེ་ཚུལ་བཞིན་མྱ་ངན་ལས་འདས་པའི་ཁམས་དང་ལྡན་པར་མཐོང་སྟེ། དེ་ནི། ཚུལ་བཞིན་དུ་སྦྱོར་བ་ཞེས་བྱའོ། །དེ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཉོན་མོངས་པའི་རང་བཞིན་དུ་བྱེ་བྲག་མེད་པ་དང་ལྡན་པར་མཐོང་ངོ ། །རྣལ་འབྱོར་དང་རྣལ་འབྱོར་མ་ཡིན་པར་ཡང་མི་སྙེམས་སོ། །ཚུལ་བཞིན་སྦྱོར་བས་ཚུལ་བཞིན་མཐོང་སྟེ། ཚུལ་བཞིན་གྱི་སྦྱོར་བ་ཇི་སྙེད་པ་སེམས་ཅན་གྱི་གནས་ཐམས་ཅད་ཀྱང་དེ་སྙེད་དེ། སེམས་ཅན་གྱི་གནས་ཀྱང་མི་མཐོང ། །ཆོས་ཀྱི་གནས་ཀྱང་འཁྲུག་པར་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་ཚུལ་བཞིན་སྦྱོར་བ་སྟེ། ཤཱ་རིའི་བུ། དེ་ལྟར་ན། རྣམ་པ་འདི་དང ། ཐོས་པ་འདི་དང ། ཚུལ་བཞིན་དུ་འཇུག་པ་འདི་དང ། ཚུལ་བཞིན་མཐོང་བ་འདི་དང ། ཇི་ལྟ་བ་བཞིན་དུ་མཐོང་བའི་རྒྱུ་
315b
མཐུན་པ་འདི་དང ། འདི་དག་ནི། ཤེས་རབ་ཅེས་བྱ་སྟེ། ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདུས་བྱས་ལ་སྤྱོད་པའི་ཆོས་ཐམས་ཅད་ལ་ཤེས་རབ་ཀྱིས་མི་གནས་པ་ཡིན་ཏེ། འདི་ལྟ་སྟེ། མ་རིག་པ་དང་ལྷན་ཅིག་ཏུ་མི་གནས། འདུ་བྱེད་རྣམས་དང་ལྷན་ཅིག་ཏུ་མི་གནས་པ་ནས་རྒྱས་པར་བྱ་སྟེ། རྒ་ཤིའི་བར་དང་ལྷན་ཅིག་ཏུ་མི་གནས། བདག་ཏུ་ལྟ་བ་དང་ལྷན་ཅིག་ཏུ་མི་གནས་པ་ནས་བདག་ཏུ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་བ་དྲུག་ཅུ་རྩ་གཉིས་དང་ལྷན་ཅིག་ཏུ་མི་གནས། མཐོ་བར་སེམས་པ་དང་ལྷན་ཅིག་ཏུ་མི་གནས། དམའ་བར་སེམས་པ་དང་ལྷན་ཅིག་ཏུ་མི་གནས། འཇིག་རྟེན་གྱི་ཆོས་བརྒྱད་རྣམས་དང་ལྷན་ཅིག་ཏུ་མི་གནས། ང་རྒྱལ་དང ། ཆེ་བའི་ང་རྒྱལ་དང ། ལོག་པའི་ང་རྒྱལ་ནས་ཉེ་བའི་ཉོན་མོངས་པ་ཉི་ཤུའི་བར་དང་ལྷན་ཅིག་ཏུ་མི་གནས། ཆེན་པོ་དང ། འབྲིང་པོ་དང ། ཕྲ་མོ་ནས་ཉོན་མོངས་པ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། གཏི་མུག་གི་མུན་པ་རབ་རིབ་ཀྱི་ལིང་ཏོག་གིས་བསྒྲིབས་པ་དང ། ཆོད་པར་བྱེད་པ་ཀུན་ཏུ་དཀྲིས་ཏེ་འདུག་པ་ནས་དམའ་བའི་ཆོས་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། རྩོད་པའི་རྙོག་པ་དང ། ཉོན་མོངས་པ་དང ། ཕུང་པོ་དང ། ལྷའི་བུ་དང ། འཆི་བདག་གི་བདུད་
316a
༄#། །ནས་བདུད་ཐམས་ཅད་ཀྱི་ལས་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། བདག་དང ། སེམས་ཅན་དང ། སྲོག་དང ། གསོ་བ་དང ། གང་ཟག་དང ། ཤེད་བུ་དང ། ཤེད་ལས་སྐྱེས་པ་ནས་བདག་ཏུ་ལྟ་བ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། ལས་ཀྱི་སྒྲིབ་པ་དང ། ཉོན་མོངས་པའི་སྒྲིབ་པ་དང ། ཆོས་ཀྱི་སྒྲིབ་པ་དང ། ལྟ་བའི་སྒྲིབ་པ་དང ། རྣམ་པར་སྨིན་པའི་སྒྲིབ་པ་དང ། མི་ཤེས་པའི་སྒྲིབ་པ་ནས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། ཀུན་ཏུ་རྟོག་པ་དང ། རྣམ་པར་རྟོག་པ་དང ། མཚན་མ་དང ། དམིགས་པ་དང ། མཐོང་བ་དང ། ཐོས་པ་དང ། དྲན་པ་དང ། རྣམ་པར་རིག་པ་དང ། འདུད་པའི་སྒྲོ་འདོགས་པ་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས། སེར་སྣ་དང ། གཏོང་བ་དང ། ཚུལ་ཁྲིམས་དང ། འཆལ་བའི་ཚུལ་ཁྲིམས་དང ། བཟོད་པ་དང ། གནོད་སེམས་དང ། བརྩོན་འགྲུས་དང ། ལེ་ལོ་དང ། བསམ་གཏན་དང ། གཡེང་བ་དང ། ཤེས་རབ་དང ། འཆལ་བའི་ཤེས་རབ་ནས་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དང ། ཤེས་པ་དང ། མི་ཤེས་པའི་བར་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས།་ངེས་པ་དང ། མ་ངེས་པ་དང ། ལོག་པར་ངེས་པ་དང ། དགེ་བ་དང ། མི་དགེ་བ་དང ། ཁ་ན་མ་ཐོ་བ་དང ། ཁ་ན་མ་ཐོ་བ་མེད་པ་དང ། འཁོར་བ་དང ། མྱ་ངན་ལས་འདས་
316b
པ་ནས་ཆོས་ཐམས་ཅད་ཀྱི་གཉེན་པོའི་བར་དང་ལྷན་ཅིག་ཏུ་མི་གནས། ཞིང་སྣ་ཚོགས་དང ། སངས་རྒྱས་སྣ་ཚོགས་དང ། སེམས་ཅན་སྣ་ཚོགས་དང ། ཆོས་སྣ་ཚོགས་ནས་སྣ་ཚོགས་ཐམས་ཅད་ཀྱི་བར་དང་ལྷན་ཅིག་ཏུ་མི་གནས། མི་ཤེས་པ་དང ། ཤེས་པ་དང ། རྣམ་པར་ཤེས་པ་དང ། ཀུན་རྫོབ་དང ། དོན་དམ་པ་ནས་སེམས་ཅན་ཐམས་ཅད་ཀྱི་མཚན་མ་ཡིད་ལ་བྱེད་པ་དག་དང་ལྷན་ཅིག་ཏུ་མི་གནས། ཤེས་རབ་མི་རྒྱུ་བ་དང ། ལུས་མེད་པ་དང ། མཚན་ཉིད་མེད་པ་དང ། མཚན་མ་མེད་པ་དང ། འདུས་མ་བྱས་ནས་ཡིད་ལ་བྱེད་པ་ཐམས་ཅད་དང ། སེམས་དང ། རྣམ་པར་ཤེས་པའི་གནས་དག་གི་བར་དང་ལྷན་ཅིག་ཏུ་མི་གནས་ཏེ། དེ་དག་དང ། གཞན་ཡང་འདུས་བྱས་ལ་སྤྱོད་པའི་ཆོས་དཔག་ཏུ་མེད་པ་དག་དང་ལྷན་ཅིག་ཏུ་མི་གནས་སོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་དེ་ནི། གང་འདུས་བྱས་ཀྱི་སྤྱོད་པ་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས་ཏེ། ཤཱ་རིའི་བུ།་དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འབྱེད་མཁས་པ་ཡིན་ཏེ། ཆོས་ཐམས་ཅད་ལ་མཁས་པ་རྗེས་སུ་འཐོབ་བོ། །དེ་ལ་ཤེས་རབ་རྣམ་པར་འབྱེད་པ་གང་
317a
༄#། །ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། བདེན་པ་ལ་མཁས་པ་དང ། སོ་སོ་ཡང་དག་པར་རིག་པ་ལ་མཁས་པ་དང ། རྟོན་པ་ལ་མཁས་པ་དང ། རྣམ་པར་ཤེས་པ་དང་ཡེ་ཤེས་ལ་མཁས་པ་དང ། བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་དང ། ལས་ལ་མཁས་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་བཅུ་སྟེ། མཁས་པ་རྣམ་པ་བཅུ་པོ་འདི་དག་གིས་རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི། ཤེས་རབ་རྣམ་པར་འབྱེད་པ་ཞེས་བྱའོ། །དེ་ལ་ཕུང་པོ་ལ་མཁས་པ་གང་ཞེ་ན། གང་འདི་ཕུང་པོ་རྣམས་ཀྱི་དཔེར་བྱ་བ་བསྟན་པ་འདི་ལྟ་སྟེ། ལྦུ་བ་རྡོས་པ་ལྟ་བུར་བསྟན་པ་དང ། སྨིག་རྒྱུ་ལྟ་བུར་བསྟན་པ་དང ། ཆུ་བུར་ལྟ་བུར་བསྟན་པ་དང ། ཆུ་ཤིང་ལྟ་བུར་བསྟན་པ་དང ། སྒྱུ་མ་ལྟ་བུར་བསྟན་པ་དང ། རྨི་ལམ་ལྟ་བུར་བསྟན་པ་དང ། བྲག་ཅ་ལྟ་བུར་བསྟན་པ་དང ། མིག་ཡོར་ལྟ་བུར་བསྟན་པ་དང ། གཟུགས་བརྙན་ལྟ་བུར་བསྟན་པའོ། །གཟུགས་ནི། ཆུའི་ལྦུ་བ་ལྟ་བུ་སྟེ། ལྦུ་བ་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། སྐྱེས་བུ་མེད། ཤེད་བུ་མེད། ཤེད་ལས་སྐྱེས་མེད་དེ། ལྦུ་བའི་རང་བཞིན་གང་ཡིན་པ་གཟུགས་ཀྱང་དེའི་རང་བཞིན་ཏེ། གང་དེ་ལ་མཁས་པ་དེ་ནི། ཕུང་པོ་ལ་མཁས་པ་ཞེས་བྱའོ། །ཚོར་བ་ནི། ཆུའི་ཆུ་བུར་ལྟ་བུ་སྟེ། ཆུ་
317b
བུར་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། ཤེད་བུ་མེད། ཤེད་ལས་སྐྱེས་མེད། སྐྱེ་བ་པོ་མེད་དེ། ཆུ་བུར་གྱི་རང་བཞིན་གང་ཡིན་པ་ཚོར་བ་ཡང་དེའི་རང་བཞིན་ཏེ། གང་དེ་ལ་མཁས་པ་འདི་ནི། ཕུང་པོ་ལ་མཁས་པ་ཞེས་བྱའོ། །འདུ་ཤེས་ནི། སྨིག་རྒྱུ་ལྟ་བུ་སྟེ། སྨིག་རྒྱུ་ལ་ཡང་བདག་མེད། སེམས་ཅན་མེད་པ་ནས་སྐྱེས་བུའི་བར་དུ་མེད་དེ། སྨིག་རྒྱུའི་རང་བཞིན་གང་ཡིན་པ་འདུ་ཤེས་ཀྱང་དེའི་རང་བཞིན་ཏེ། གང་དེ་ལ་མཁས་པ་དེ་ནི། ཕུང་པོ་ལ་མཁས་པ་ཞེས་བྱའོ། །འདུ་བྱེད་རྣམས་ནི། ཆུ་ཤིང་ལྟ་བུ་སྟེ། ཆུ་ཤིང་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད་པ་ནས་སྐྱེས་བུའི་བར་དུ་མེད་པ་སྟེ། ཆུ་ཤིང་གི་རང་བཞིན་གང་ཡིན་པ་འདུ་བྱེད་ཀྱང་དེའི་རང་བཞིན་ཡིན་ཏེ། གང་དེ་ལ་མཁས་པ་དེ་ནི། ཕུང་པོ་ལ་མཁས་པ་ཞེས་བྱའོ། །རྣམ་པར་ཤེས་པ་ནི། སྒྱུ་མ་ལྟ་བུ་སྟེ། སྒྱུ་མ་ལ་ཡང་བདག་མེད། སེམས་ཅན་མེད། སྲོག་མེད། གང་ཟག་མེད། ཤེད་བུ་མེད། ཤེད་ལས་སྐྱེས་མེད། སྐྱེས་བུ་མེད།་བྱེད་པ་པོ་མེད། ཚོར་བ་པོ་མེད་པ་སྟེ། སྒྱུ་མའི་རང་བཞིན་གང་ཡིན་པ་རྣམ་པར་ཤེས་པའི་རང་བཞིན་ཡང་དེ་ཡིན་ཏེ། གང་དེ་ལ་མཁས་པ་དེ་ནི། ཕུང་པོ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཕུང་པོ་རྣམས་ཞེས་བྱ་བ་ནི། འཇིག་རྟེན་ཡིན་ཏེ། འཇིག་རྟེན་ཡང་འཇིག་པའི་མཚན་ཉིད་དོ། །འཇིག་རྟེན་རྣམས་ཀྱི་རང་བཞིན་གང་ཡིན་པ་ཕུང་པོ་རྣམས་ཀྱི་རང་བཞིན་ཡང་དེ་ཡིན་ནོ། །
318a
༄#། །ཡང་འཇིག་རྟེན་གྱི་རང་བཞིན་གང་ཡིན་ཞེ་ན། འདི་ལྟ་སྟེ། མི་རྟག་པའི་རང་བཞིན་དང ། སྡུག་བསྔལ་གྱི་རང་བཞིན་ཏེ། ཕུང་པོ་ཡང་དེའི་རང་བཞིན་ཡིན་ནོ། ། གང་དེ་ལ་མཁས་པ་དེ་ནི། ཕུང་པོ་ལ་མཁས་པ་ཞེས་བྱའོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཕུང་པོ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་ཁམས་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་ཁམས་ནི། སའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་སྲ་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། ཆུའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་རླན་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། མེའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་ཚ་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། རླུང་གི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་གཡོ་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། མིག་གི་རྣམ་པར་ཤེས་པའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་མཐོང་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། རྣ་བའི་རྣམ་པར་ཤེས་པའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་སྒྲ་རྟོགས་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། སྣའི་རྣམ་པར་ཤེས་པའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་དི་\་ཌRཱི?\་སྣོམ་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། ལྕེའི་རྣམ་པར་ཤེས་པའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་རོ་མྱོང་བའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། ལུས་ཀྱི་རྣམ་པར་
318b
ཤེས་པའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་རེག་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་ནི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མོད་ཀྱི། ཆོས་ཀྱི་ཁམས་རྣམ་པར་སྒོམ་པའི་མཚན་ཉིད་མ་ཡིན་ནོ། །ཆོས་ཀྱི་ཁམས་དང ། བདག་གི་ཁམས་དེ་ནི། མཚུངས་སོ། །འདོད་པའི་ཁམས་དང ། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་ནི། མཚུངས་སོ། །འཁོར་བའི་ཁམས་དང ། མྱ་ངན་ལས་འདས་པའི་ཁམས་དེ་མཚུངས་སོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་ཁམས་དང ། ནམ་མཁའི་ཁམས་དེ་མཚུངས་ཏེ། སྟོང་པ་ཉིད་དང་མཚུངས་པས་མཚུངས། མི་འགྱུར་བ་དང་མཚུངས་པས་མཚུངས་ཏེ། འདུས་བྱས་ཀྱི་ཁམས་སུ་འཇུག་པ་དང ། འདུས་མ་བྱས་ཀྱི་ཁམས་སུ་འཇུག་པའི་ཕྱིར་དེ་ལ་བཤད་པ་དཔག་ཏུ་མེད་དེ། གང་ཁམས་ལ་འཇུག་པ་དེས་རབ་ཏུ་རྣམ་པར་འབྱེད་པ་དེ་ནི། མཁས་པ་ཞེས་བྱའོ། །དེ་ལྟར་ན། ཁམས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སྐྱེ་མཆེད་ལ་མཁས་པ་གང་ཞེ་ན། འདི་ལ་མིག་བདག་དང ། བདག་གིས་སྟོང་པ་དེ་བྱང་ཆུབ་སེམས་དཔའ་མིག་གི་རང་བཞིན་ནི། འདི་ལྟ་བུའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །གོང་མ་བཞིན་དུ་སྦྱར་ཏེ། དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་བདག་དང །
319a
༄#། །བདག་གིས་སྟོང་པ་དེ་བྱང་ཆུབ་སེམས་དཔའ་ཡིད་ཀྱི་རང་བཞིན་ནི། འདི་ལྟ་བུའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དགེ་བ་གསོག་པའི་ཕྱིར་གང་སྐྱེ་མཆེད་ལ་ཀུན་གསོག་པ་དང ། སྣ་ཚོགས་གསོག་པ་དེ་དག་གསོག་པར་མི་བྱེད་ཅིང་དགེ་བ་དང ། མི་དགེ་བའི་ཆོས་རྣམས་ལ་འདུ་ཤེས་གཉིས་སུ་མི་འཇུག་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །འདི་ནི། མིག་གི་སྐྱེ་མཆེད་དོ། །འདི་ནི། གཟུགས་ཀྱི་སྐྱེ་མཆེད་དོ། །ཞེས་དེ་ལྟར་མིག་དང་གཟུགས་རྣམས་ལ་འདོད་ཆགས་མེད་པར་མཐོང་ཡང་འདོད་ཆགས་མེད་པ་མངོན་དུ་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །རྣ་བ་དང་སྒྲ། སྣ་དང་དྲི། ལྕེ་དང་རོ། ལུས་དང་རེག་།ཡིད་དང་ཆོས་གོང་མ་བཞིན་དུ་སྦྱར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཡིད་དང་ཆོས་ཀྱི་བར་དུ་འདོད་ཆགས་མེད་པར་མཐོང་མོད་ཀྱི། འདོད་ཆགས་མེད་པ་མངོན་དུ་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །སྐྱེ་མཆེད་ཅེས་བྱ་བ་ཡང་འཕགས་པའི་སྐྱེ་མཆེད་དང ། འཕགས་པ་མ་ཡིན་པའི་སྐྱེ་མཆེད་དེ། དེ་ལ་འཕགས་པའི་སྐྱེ་མཆེད་ནི།་གང་ལམ་སྡུད་པར་བྱེད་པའོ། །འཕགས་པ་མ་ཡིན་པའི་སྐྱེ་མཆེད་ནི། གང་ལམ་གཏོང་བར་བྱེད་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ནི། སེམས་ཅན་
319b
ལམ་ལ་བརྩོན་པ་བོར་ཞིང་གནས་པ་ལ་སྙིང་རྗེ་ཆེན་པོ་འཐོབ་ཅིང ། ལམ་གྱི་སྐྱེ་མཆེད་ཀྱང་མི་གཏོང་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཀྱང་མི་གཏོང་བ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པའོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་བདེན་པ་ལ་འཇུག་པ་མཁས་པ་ནི། རྣམ་པ་བཞི་སྟེ། འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང ། ཀུན་འབྱུང་བ་ཤེས་པ་དང ། འགོག་པ་ཤེས་པ་དང ། ལམ་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། ཕུང་པོ་རྣམས་ལ་མི་སྐྱེ་བར་ཤེས་པ་དེ་ནི། སྡུག་བསྔལ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། གང་སྲེད་པ་འཇོམས་པ་དེ་ནི། ཀུན་འབྱུང་བཤེས་པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། གང་མི་འབྱུང་མི་འཇིག་པར་ཤེས་པ་དེ་ནི། འགོག་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། གང་མཉམ་པ་ཉིད་ཐོབ་པའི་ཆོས་རྣམས་ལ་སྒྲོ་མི་འདོགས་པ་དེ་ནི། ལམ་ཤེས་པ་ཞེས་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་བདེན་པ་འདི་བཞི་དེ་ལྟར་ཤེས་རབ་ཀྱིས་ཤེས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མངོན་དུ་མི་བྱེད་པ་དེ་ནི། བདེན་པ་ལ་
320a
༄#། །མཁས་པ་ཞེས་བྱའོ། །གཞན་ཡང་བདེན་པ་ལ་མཁས་པ་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང ། དོན་དམ་པའི་བདེན་པ་དང ། མཚན་ཉིད་ཀྱི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང ། ཡི་གེ་དང ། སྒྲ་དང ། བརྡར་བསྟན་པ་སྟེ། དེ་ནི། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་ལྟ་ཅི་སྨོས་ཏེ། དེ་ནི། དོན་དམ་པའི་བདེན་པ་ཞེས་བྱའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་གང་ཞེ་ན། འདི་ལྟ་སྟེ། མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་ལ། མཚན་ཉིད་གཅིག་པ་ནི། མཚན་ཉིད་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཀྱི་བདེན་པ་འཆད་པས་མི་སྐྱོ། །དོན་དམ་པའི་བདེན་པ་མངོན་དུ་བྱེད་པར་མི་ལྟུང ། མཚན་ཉིད་ཀྱི་བདེན་པ་མཚན་ཉིད་མེད་པས་རྟོགས་པར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་བདེན་པ་ནི། གཅིག་པུ། གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །དེ་ལ་བདེན་པ་གཅིག་པུ་ལ་གང་སྒྲོ་མི་འདོགས་པ་དང ། སེམས་ཅན་སྒྲོ་འདོགས་པར་ལྷུང་བ་རྣམས་ལ་བདེན་པ་སྦྱོར་བར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཕུང་པོ་ལྔ་རྣམས་ནི། སྡུག་
320b
བསྔལ་བ་སྟེ། གང་ཕུང་པོ་ལྔ་རྣམས་ཀྱི་སྡུག་བསྔལ་གྱི་མཚན་ཉིད་དེ་ནི། སྡུག་བསྔལ་ཞེས་བྱའོ། །སྡུག་བསྔལ་གྱི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་རྟོགས་པ་དེ་ནི། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཕུང་པོ་རྣམས་ཀྱི་བག་ལ་ཉལ་རྒྱུ་སྲེད་པ་ལས་བྱུང་བའི་ལྟ་བ་དེ་ནི། ཀུན་འབྱུང་བའི་བདེན་པའོ། །གང་སྲེད་པའི་རྒྱུ་ལྟ་བ་དེ་ལ་ཡང་སྒྲོ་མི་འདོགས། མི་ལེན། མི་སྙེམས་པ་དེ་ནི། ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཕུང་པོ་ལྔ་རྣམ་ཤིན་ཏུ་ཟད་པའི་ཕྱིར་འགོག་པ་སྔོན་གྱི་མཐར་མ་བྱུང་བ། ཕྱི་མའི་མཐར་མི་འཕོ་བ། ད་ལྟར་བྱུང་བར་མི་གནས་པ་དེ་ནི། འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ལམ་ལ་བརྟེན་ནས་སྡུག་བསྔལ་ཤེས་པ་དང ། ཀུན་འབྱུང་བ་ཤེས་པ་དང ། འགོག་པ་ཤེས་པ་ལ་ཡང་རེག་པར་བྱེད་ལ། རྗེས་ལས་རྟོགས་པའི་ཤེས་པ་ཡང་ཐོབ་པར་བྱེད་པ་དེ་ནི། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་ཞེས་བྱའོ། ། གང་བདེན་པ་ཤེས་པ་དེ་ལ་རྣམ་པར་རྟོག་པ་དང ། སེམས་ཅན་ཡོངས་སུ་བརྟག་པ་ལ་རྟོག་པར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་ཚོར་བ་ཐམས་ཅད་སྡུག་བསྔལ་བ་སྟེ། དེ་ལ་ཚོར་བར་བྱ་བ་རྣམ་པར་འབྱེད་པ་དང ། བློས་རིག་པ་ཉིད་དེ་ནི། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །རྒྱུ་གང་གིས་ཀུན་འབྱུང་བར་
321a
༄#། །ཤེས་པའི་རྒྱུ་དེ་ཇི་ལྟ་བ་ཡང་དག་པར་རབ་ཏུ་ཤེས་བ་དེ་ནི། ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །གང་ཚོར་བ་གཏོང་ཞིང་མ་ཚོར་བ་ཚོར་བར་བྱེད་པ་དང ། འགོག་པ་ལ་ཡང་སོ་སོར་རྟོག་ལ་ཚོར་བ་འགོག་པ་ཡང་མངོན་དུ་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །ཚོར་བ་གང་གིས་གཟིངས་དང་འདྲ་བའི་ལམ་དེ་སྡུད་པར་བྱེད་ལ་ཚོར་བར་དགོས་པ་ཡང་མ་ཡིན། ལམ་གྱི་དགོས་པ་ཡང་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལྟར་རྟོགས་ནས་བདེན་པ་དེ་བཞི་ལ་མཉམ་པར་མཐོང་ཞིང་མཐོང་བ་ཤིན་ཏུ་དག་པའང་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་སྐྱེ་བ་སྡུག་བསྔལ་བ་སྟེ། གང་མི་སྐྱེ་བ་ལ་སོ་སོར་རྟོག་པར་ཤེས་པ་དེ་ནི། སྡུག་བསྔལ་ཤེས་པ་ཞེས་བྱའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་སྟེ། གང་སྲིད་པ་འཇིག་པར་ཤེས་པ་དེ་ནི། ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །སྐྱེ་བ་ཐམས་ཅད་གང་གིས་མི་སྐྱེ་བར་ཤེས་པ་དེ་ལ་འགོག་པ་གང་ཡང་མེད་ཅིང ། གང་མི་འགོག་པར་ཤེས་པ་དེ་ནི། ཟད་པ་འགོག་པ་ཤེས་པ་ཞེས་བྱའོ། །གང་དེ་ལྟར་ཚོར་བ་དང ། འཇལ་བ་དང ། ཡོངས་སུ་ཚོར་བ་དང ། རྣམ་པར་རྟོག་པ་དང ། འཇུག་པའི་ཤེས་
321b
པ་དེ་ནི། ལམ་ཤེས་པ་ཞེས་བྱ་བ་སྟེ། གང་བདེན་པའི་ཤེས་པ་དེ་ལ་གཞོག་པར་བྱེད་ཀྱང་བདེན་པའི་ཤེས་པ་དེ་ལ་མི་གནས་པ་དེ་ནི། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་ལ་མཁས་པ་གང་ཞེ་ན། བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང ། ཆོས་སོ་སོ་ཡང་དག་པར་རིག་པ་དང ། ངེས་པའི་ཚིགས་སོ་ཡང་དག་པར་རིག་པ་དང ། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ཆོས་རྣམས་ལ་དོན་དམ་པའི་ཚིག་ཏུ་ཤེས་པ་དང ། གཉིས་སུ་མེད་པའི་རྒྱུ་ཤེས་པ་དང ། རྐྱེན་ཤེས་པ་དང ། འདུས་པ་ཤེས་པ་དང ། མཐའ་མེད་པའི་རྗེས་སུ་འགྲོ་བ་ཤེས་པ་དང ། བརྟེན་པ་ལ་འཇུག་པ་ཤེས་པ་དང ། ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པ་དང ། དེ་བཞིན་ཉིད་ཀྱི་རྗེས་སུ་འཇུག་པ་ཤེས་པ་དང ། ཡང་དག་པའི་མཐའ་མི་གནས་པ་ཤེས་པ་དང ། སྟོང་པ་ཉིད་ཀྱི་རྗེས་སུ་རྟོགས་པ་ཤེས་པ་དང ། མཚན་མ་མེད་པ་རྟོགས་པ་ཤེས་པ་དང ། སྨོན་པ་མེད་པ་ལ་སྨོན་པ་མེད་པར་ཤེས་པ་དང ། མངོན་པར་འདུ་མི་བྱེད་པ་ལ་མངོན་པར་འདུ་བྱེད་པར་ཤེས་པ་དང ། ཚུལ་གཅིག་ཏུ་འཇུག་
322a
༄#། །པ་ཤེས་པ་དང ། སེམས་ཅན་མེད་བར་འཇུག་པ་ཤེས་པ་དང ། བདག་མེད་པར་འཇུག་པ་ཤེས་པ་དང ། སྲོག་མེད་པ་བྱེད་པ་གཅིག་པ་ཤེས་པ་དང ། གང་ཟག་མེད་པ་དོན་དམ་པར་ཤེས་པ་དང ། འདས་པའི་དུས་ལ་མ་ཆགས་པར་ཤེས་པ་དང ། མ་འོངས་པའི་དུས་ལ་མཐའ་མེད་པར་ཤེས་པ་དང ། ད་ལྟར་བྱུང་བའི་དུས་ལ་ཐམས་ཅད་དུ་ཤེས་པ་དང ། ཕུང་པོ་རྣམས་ལ་སྒྱུ་མར་ཤེས་པ་དང ། ཁམས་རྣམས་ལ་སྦྲུལ་གདུག་པ་དང་མཚུངས་པར་ཤེས་པ་དང ། སྐྱེ་མཆེད་རྣམས་ལ་སྟོང་པ་ཉིད་དུ་ངེས་པར་རྟོག་པ་ཤེས་པ་དང ། ནང་ཞི་བ་ཤེས་པ་དང ། ཕྱི་རོལ་ཏུ་མི་རྒྱུ་བ་ཤེས་པ་དང ། ཡུལ་ལ་ཡུལ་མེད་པར་ཤེས་པ་དང ། དྲན་པ་ལ་གནས་སུ་ཤེས་པ་དང ། རྟོགས་པ་ལ་ཁོང་དུ་ཆུད་པར་ཤེས་པ་དང ། བློ་གྲོས་ལ་མངོན་སུམ་དུ་ཤེས་པ་དང ། བདེན་པ་ལ་རབ་ཏུ་རྟོགས་པར་ཤེས་པ་དང ། སྡུག་བསྔལ་ལ་མི་འབྱུང་བར་ཤེས་པ་དང ། ཀུན་འབྱུང་བ་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དང ། འགོག་པ་ལ་མཚན་ཉིད་མེད་པར་ཤེས་པ་དང ། ལམ་ལ་སྒྲོལ་བར་ཤེས་པ་དང ། ཆོས་ལ་ཚིག་རབ་ཏུ་ཐ་དད་པར་ཤེས་པ་དང ། དབང་པོ་རྣམས་ལ་འཇུག་པར་ཤེས་པ་དང ། སྟོབས་རྣམས་ལ་མི་རྫི་བར་ཤེས་པ་དང ། ཞི་གནས་ལ་གནས་སུ་ཤེས་པ་དང ། ལྷག་མཐོང་ལ་སྣང་བར་ཤེས་པ་དང ། སྒྱུ་མ་ལ་སྒྲུབ་པར་ཤེས་པ་དང ། སྨིག་རྒྱུ་ལ་འཁྲུལ་པར་
322b
ཤེས་པ་དང ། རྨི་ལམ་ལ་མི་བདེན་པ་མཐོང་བར་ཤེས་པ་དང ། བྲག་ཅག་ལ་རྐྱེན་ལ་འཇུག་པར་ཤེས་པ་དང ། མིག་ཡོར་ལ་འཕོ་བར་ཤེས་པ་དང ། མཚན་ཉིད་སྣ་ཚོགས་ལ་མཚན་ཉིད་གཅིག་ཏུ་ཤེས་པ་དང ། འདུ་བ་ལ་འབྲལ་བར་ཤེས་པ་དང ། རབ་ཏུ་སྦྱངས་པ་ལ་ཕྱིར་མཚམས་སྦྱོར་བ་མེད་པར་ཤེས་པ་དང ། ཉན་ཐོས་ཀྱི་ཐེག་པ་ལ་སྒྲའི་རྗེས་སུ་འགྲོ་བར་འཇུག་པ་ཤེས་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་ལ་བརྟེན་པ་ལ་འཇུག་པ་ཤེས་ཤིང་དབེན་པ་ལ་མཆོག་ཏུ་ཤེས་པ་དང ། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བའི་ཚོགས་བསགས་པ་ཐམས་ཅད་ཤེས་པ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །གཞན་ཡང་དོན་སོ་སོ་ཡང་དག་པར་རིག་པ་ནི། གང་དོན་ལ་རྟོན་པ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་གྱི་དོན་ལ་རྟོན་པ་ཉིད་ཀྱི་རྗེས་སུ་འབྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མ་ལུས་པར་སྟོང་པ་སྟེ། སྟོང་པའི་དོན་གང་ཡིན་པ་དེ་ནི། དོན་ནོ། །ཆོས་ཐམས་ཅད་མ་ལུས་པར་མཚན་མ་མེད་པ་སྟེ། མཚན་མ་མེད་པའི་དོན་གང་ཡིན་པ་དེ་ནི། དོན་ནོ། །ཆོས་ཐམས་ཅད་མ་ལུས་པར་སྨོན་པ་མེད་པ་སྟེ། སྨོན་པ་མེད་པའི་དོན་གང་ཡིན་པ་དེ་ནི། དོན་ནོ། །ཆོས་ཐམས་ཅད་མ་ལུས་པ་རྣམ་པར་ཕྱེ་བ་སྟེ། རྣམ་པར་ཕྱེ་བའི་དོན་གང་ཡིན་པ་དེ་ནི། དོན་ནོ། །ཆོས་ཐམས་ཅད་མ་ལུས་པར་སེམས་ཅན་མེད། སྲོག་མེད། གང་ཟག་མེད་པ་སྟེ།
323a
༄#། །གང་ཟག་མེད་པའི་དོན་གང་ཡིན་པ་དེ་ནི། དོན་ནོ། །གང་དེ་ལྟ་བུའི་ཆོས་རྣམས་རྟོགས་པ་དེ་ནི། དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། གང་དོན་སྟོན་པ་དེ་ནི། གནས་མེད་པ་སྟོན་པའོ། །དེ་ནི། མི་ཟད་པ་སྟོན་པའོ། །སོ་སོ་ཡང་དག་པར་རིག་པ་ནི། རྟོགས་པའི་དོན་སྟོན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གནང་བ་རྗེས་སུ་ཡི་རང་བ། ཡང་དག་པ། དེ་ཁོ་ན། གཞན་མ་ཡིན་པ། ཤེས་རབ་ཀྱིས་ཤིན་ཏུ་རྟོགས་པ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་དེ་ནི། བྱང་ཆུབ་སེམས་དཔའི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་དགེ་བ་དང ། མི་དགེ་བ་དང ། ཁ་ན་མ་ཐོ་བ་དང་བཅས་པ་དང ། ཁ་ན་མ་ཐོ་བ་མེད་པ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་དང ། འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པ་དང ། འདུས་བྱས་དང ། འདུས་མ་བྱས་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བའི་ཆ་དང་མཐུན་པ་དང ། འཁོར་བ་དང ། མྱ་ངན་ལས་འདས་པར་ཉེ་བར་འགྲོ་བའི་ཆོས་རྣམས་ལ་འཇུག་ཤེས་པ་དང ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཤེས་པ་དང ། བྱང་ཆུབ་ཀྱི་མཉམ་པ་ཉིད་ཤེས་པ་དང ། ཁམས་མཉམ་པ་ཉིད་ཤེས་པ་སྟེ། དེ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །གཞན་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་
323b
ནི། གང་འདོད་ཆགས་སྤྱོད་པ་རྣམས་ལ་སེམས་འཇུག་པ་ཤེས་པ་དང ། བཅོས་པའི་འདོད་ཆགས་སྤྱོད་པ་རྣམས་དང ། འདོད་ཆགས་བརྟན་པར་སྤྱོད་པ་རྣམས་དང ། འདོད་ཆགས་ཆུང་ངུ་སྤྱོད་པ་རྣམས་དང ། རྣམ་པར་མི་ལྡང་བའི་འདོད་ཆགས་སྤྱོད་པ་རྣམས་དང ། མཐའ་མ་རྟག་ཏུ་མེད་པའི་འདོད་ཆགས་སྤྱོད་པ་རྣམས་དང ། ད་ལྟར་བྱུང་བ་ལ་རྐྱེན་གྱིས་འདོད་ཆགས་སྤྱོད་པ་རྣམས་ལ་འཇུག་པ་སྟེ། སེམས་ཅན་གང་དག་ནང་དུ་འདོད་ཆགས་ལ་ཕྱི་རོལ་ཏུ་འདོད་ཆགས་མེད་པ་དང ། ཕྱི་རོལ་ཏུ་འདོད་ཆགས་ལ་ནང་དུ་འདོད་ཆགས་མེད་པ་དང ། ནང་དུའང་འདོད་ཆགས་མེད། ཕྱི་རོལ་ཏུའང་འདོད་ཆགས་མེད་པ་དང ། ནང་དང་ཕྱི་རོལ་ཏུ་འདོད་ཆགས་པ་དང ། གཟུགས་ལ་འདོད་ཆགས་ལ་སྒྲ་ལ་འདོད་ཆགས་མེད་པ་དང ། སྒྲ་ལ་འདོད་ཆགས་ལ་གཟུགས་ལ་འདོད་ཆགས་མེད་པ་དང ། གཟུགས་དང་སྒྲ་ལ་འདོད་ཆགས་པ་དང ། གཟུགས་དང་སྒྲ་ལ་འདོད་ཆགས་མེད་པ་དང ། དྲི་ལ་འདོད་ཆགས་མེད་པ་དང ། དྲི་ལ་འདོད་ཆགས་ལ་རེག་ལ་འདོད་ཆགས་མེད་པ་དང ། རེག་ལ་འདོད་ཆགས་ལ་རོ་ལ་འདོད་ཆགས་མེད་པ་དང ། རོ་ལ་འདོད་ཆགས་ལ་གཟུགས་ལ་འདོད་ཆགས་མེད་པ་དང ། གཟུགས་ལ་འདོད་ཆགས་ལ་དྲི་ལ་འདོད་ཆགས་མེད་པ་དེ་ནི། འདོད་ཆགས་སྤྱོད་པ་རྣམས་ཀྱི་འཇུག་པ་སྟེ། འཇུག་པ་དེའི་སྒོས་འདོད་ཆགས་སྤྱོད་པ་རྣམས་ལ་ཉི་ཁྲི་ཚིག་སྟོང ། ཞེ་སྡང་སྤྱོད་པ་རྣམས་ལ་ཉི་ཁྲི་ཆིག་
324a
༄#། །སྟོང ། གཏི་མུག་སྤྱོད་པ་རྣམས་ལ་ཉི་ཁྲི་ཆིག་སྟོང ། ཆ་མཉམ་པར་སྤྱོད་བ་རྣམས་ལ་ཉི་ཁྲི་ཆིག་སྟོང་སྟེ། གང་དེ་དག་གི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་སེམས་འཇུག་པ་ཤེས་པ་དང ། ཇི་ལྟར་རིག་པར་བསྟན་པ་ཤེས་པ་དང ། མི་མང་མི་ཉུང་བར་བསྟན་པ་ཤེས་པ་དང ། འདོད་པ་ལས་ཡང་དག་པར་འདའ་བར་ཤེས་པ་དང ། སྣོད་ཀྱི་ཁྱད་པར་ཤེས་པ་དང ། འབྲས་བུ་ཡོད་པར་བསྟན་པ་ཤེས་པ་དེ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་སྐད་ཐམས་ཅད་ལ་སྐད་མེད་པར་འཇུག་པ་ཤེས་པ་དང ། ལྷའི་སྐད་དང ། ཀླུའི་སྐད་དང ། གནོད་སྦྱིན་གྱི་སྐད་དང ། དྲི་ཟའི་སྐད་དང ། མིའམ་ཅིའི་སྐད་དང ། ལྟོ་འཕྱེ་ཆེན་པོའི་སྐད་དང ། མི་དང་མི་མ་ཡིན་པའི་སྐད་དང ། འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐད་དང ། སྒྲ་དང་དབྱིངས་རྣམས་ལས་སྐད་དེས་དེ་དག་ལ་ཆོས་འཆད་པ་སྟེ། དེ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། དེ་ལྟར་ཆོས་དེ་དག་བརྟག་པར་བྱའོ། །དེ་ལྟར་ཆོས་དེ་དག་བསྡུ་བར་བྱའོ། །དེ་ལྟར་ཆོས་དེ་དག་རྗེས་སུ་རྒྱུན་ཆགས་པར་བྱའོ། །དེ་ལྟར་ཆོས་དེ་དག་ཡི་གེ་རྣམས་ཀྱིས་སྦྲེལ་བར་བྱའོ། །དེ་ཚིག་གཅིག་གི་བླ་དྭགས་ཤེས། ཚིག་གཉིས་པའི་བླ་དྭགས་ཤེས། ཚིག་མང་པོའི་བླ་དྭགས་ཤེས། བུད་མེད་ཀྱི་ཚིག་ཤེས། སྐྱེས་པའི་
324b
ཚིག་ཤེས། མ་ནིང་གི་ཚིག་ཤེས། བསྡུས་པའི་ཚིག་ཤེས། རྒྱས་པའི་ཚིག་ཤེས། སྨད་པའི་ཚིག་ཤེས། བསྟོད་པའི་ཚིག་ཤེས། འདས་པའི་ཚིག་ཤེས། མ་འོང་པའི་ཚིག་ཤེས། ད་ལྟར་བྱུང་བའི་ཚིག་ཤེས། ཡི་གེ་གཅིག་གིས་སྒྲོ་བཏགས་པ་ཤེས། ཡི་གེ་མང་པོས་སྒྲོ་བཏགས་པ་ཤེས་ཏེ། དེ་ནི། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཡང་དེའི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། འཁྲུལ་པ་མ་ཡིན། ཟློས་པ་མ་ཡིན། བརྟགས་པ་མ་ཡིན། དོན་གསལ་བའི་ཡི་གེ་ཡོངས་སུ་བྱང་བ་སྟེ། ཅི་ནས་ཀྱང་འཁོར་ཡང་དག་པར་དགའ་བ། སྣ་ཚོགས་པ། ཟབ་པ། ཟབ་པར་སྣང་བ། ཀུན་རྫོབ་དང་དོན་དམ་པས་བརྒྱན་པ། བདག་གི་སེམས་མཐོང་བའི་ཤེས་པ་ལ་རག་ལུས་པ། སངས་རྒྱས་ཀྱིས་གནང་བ། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་ངེས་བའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ཚིག་བཟང་བ་མི་གནས་པར་ལུང་བསྟན་པ། སྟོན་པ་རྒྱུན་མི་འཆད་པ། སྤོབས་པ་མྱུར་བ། སྤོབས་པ་མགྱོགས་ཤིང་མྱུར་བ། སྤོབས་པ་མི་རྨོངས་པ། སྤོབས་པ་ཇི་ལྟར་དྲིས་པ་བཞིན་པ། སྤོབས་པ་ཡོངས་སུ་མ་ཉམས་པ། སྤོབས་པ་མི་འགལ་བ། སྤོབས་པ་རྩོད་པ་མེད་པ། སྤོབས་པ་ཆོས་ལ་རབ་ཏུ་དགའ་བ། སྤོབས་པ་བཟོད་པ་
325a
༄#། །ལ་གནས་པ། སྤོབས་པ་ཟབ་པ། སྤོབས་པ་སྣ་ཚོགས་པ། ཀུན་རྫོབ་དང་དོན་དམ་པ་ལ་སྤོབས་པ། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཐམས་ཅད་ལ་གནས་པའི་སྤོབས་པ། དྲན་པ་ཉེ་བར་གཞག་པ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། ཞི་གནས་དང ། ལྷག་མཐོང་ལ་སྤོབས་པ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་དང ། བདེན་པ་ལ་འཇུག་པ་ཐམས་ཅད་ཤེས་པའི་སྤོབས་པ། ཐེག་པ་ཐམས་ཅད་ལ་སྤོབས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་སྤོབས་པ། ཚིག་མི་ལྐུག་པའི་སྤོབས་པ། ཚིག་མི་རྩུབ་པའི་སྤོབས་པ། ཚིག་མི་འཆལ་བའི་སྤོབས་པ། ཚིག་རྩུབ་མོ་མ་ཡིན་པའི་སྤོབས་པ། ཚིག་མཉེན་པའི་སྤོབས་པ་དང ། ཚིག་དག་པ། ཚིག་གྲོལ་བ། ཚིག་མ་ཆགས་པ། ཚིག་བཙུན་པ། ཚིག་འབྲེལ་པ། ཚིག་ལྡན་པ། ཚིག་མ་ཉམས་པ། ཚིག་སྙན་པ། ཚིག་འཇམ་པ། ཚིག་མ་སྨད་པ། ཚིག་འཕགས་པ་ཐམས་ཅད་ཀྱིས་བསྟོད་པ་སྟེ། ཞིང་མཐའ་ཡས་པའི་རྣམ་པར་ཤེས་པའི་རྗེས་སུ་སོང་བའི་སྒྲ་ཚངས་པའི་སྒྲ་སྐད་ཀྱི་དབྱངས་དང་འདྲ་བ། རྟོགས་པར་བྱེད་པའི་སྒྲ་གཅིག་པ། སངས་རྒྱས་
325b
ཀྱིས་གནང་བའི་སྤོབས་པས་སེམས་ཅན་གཞན་དང ། གང་ཟག་གཞན་དག་ལ་ཆོས་སྟོན་ཏོ། །དེའི་ཆོས་བསྟན་པ་དེ་ཡང་འབྱུང་བར་བྱེད་པ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ནི། བྱང་ཆུབ་སེམས་དཔའི་སྤོབས་པ་ལ་མཁས་པ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའི་སྤོབས་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། །།བམ་པོ་བཅོ་བརྒྱད་པ། དེ་ལ་བྱང་ཆུབ་སེམས་དཔའི་རྟོན་པ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་འདི་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང ། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པ་དང ། ངེས་པའི་དོན་གྱི་མདོ་སྡེ་རྣམས་ལ་རྟོན་གྱི་དྲང་བའི་དོན་རྣམས་ལ་མ་ཡིན་པ་དང ། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མ་ཡིན་པའོ། །དེ་ལ་དོན་གང ། ཚིག་འབྲུ་ནི། གང་ཞེ་ན། ཚིག་འབྲུ་ཞེས་བྱ་བ་ནི། གང་འཇིག་རྟེན་གྱི་ཆོས་ཀྱི་བྱ་བ་ལ་འཇུག་པའོ། །དོན་ཞེས་བྱ་བ་ནི། གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། སྦྱིན་པ་དང ། དུལ་བ་དང ། སྡོམ་པ་དང ། ངེས་པ་བརྟན་པའོ། །དོན་ཞེས་བྱ་བ་ནི། དུལ་བ་དང ། ཞི་གནས་དང ། གསར་པ་མ་ཡིན་པ་དང ། རྙིང་པ་མ་ཡིན་པར་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། འཁོར་
326a
༄#། །བ་ཡོངས་སུ་བཅད་པ་སྒྲོག་པའོ། །དོན་ཞེས་བྱ་བ་ནི། མི་དམིགས་པ་ལ་རྟོན་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་ཡོན་ཏན་ཡོངས་སུ་སྒྲོག་པའོ། །དོན་ཞེས་བྱ་བ་ནི། ཆོས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་རྣམ་པར་མི་རྟོག་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། ཐེག་པ་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་འཆད་པའོ། །དོན་ཞེས་བྱ་བ་ནི། ཆོས་ཚུལ་གཅིག་པར་རྟོགས་པར་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་མི་གཏོང་བར་བསྟན་པའོ། །དོན་ཞེས་བྱ་བ་ནི། འཁོར་གསུམ་ཡོངས་སུ་དག་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། ལུས་དང ། ངག་དང ། ཡིད་སྡོམ་ཞིང ། བསླབ་པ་དང ། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་ལེན་པར་བསྟན་པའོ། །དོན་ཞེས་བྱ་བ་ནི། ལུས་དང ། ངག་དང ། ཡིད་མི་དམིགས་ཤིང ། མངོན་པར་འདུ་མི་བྱེད་པ་ཡོངས་སུ་དག་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། གནོད་སེམས་ཀྱི་ཐ་བ་དང ། ཁྲོ་བ་དང ། ང་རྒྱལ་དང ། རྒྱགས་པ་དང ། དྲེགས་པ་འཇོམས་ཤིང་བཟོད་པ་དང ། ངེས་པ་བརྟན་པའོ། །དོན་ཞེས་བྱ་བ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། དགེ་བའི་རྩ་བ་ལ་བརྩོན་འགྲུས་རྩོམ་པ་ཐམས་ཅད་བསྟན་པའོ། །དོན་ཞེས་བྱ་བ་ནི། མི་ལེན་མི་གཏོང་བ་ལ་གནས་པའི་བརྩོན་འགྲུས་སོ། །ཚིག་འབྲུ་ཞེས་བྱ་བ་
326b
ནི། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་བསྟན་པའོ། །དོན་ཞེས་བྱ་བ་ནི། འགོག་པའི་སྙོམས་པར་འཇུག་པ་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། ཐོས་པ་ཐམས་ཅད་འཛིན་པ་ཤེས་རབ་ཀྱི་རྩ་བའོ། །དོན་ཞེས་བྱ་བ་ནི། བརྗོད་དུ་མེད་པའི་དོན་ཏོ། །ཚིག་འབྲུ་ཞེས་བྱ་བ་ནི། གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་རབ་ཏུ་བསྟན་པའོ། །དོན་ཞེས་བྱ་བ་ནི། གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ནན་ཏན་དུ་བྱེད་པའི་འབྲས་བུ་མངོན་སུམ་དུ་བྱེད་པའོ།། ཚིག་འབྲུ་ཞེས་བྱ་བ་ནི། སྡུག་བསྔལ་བ་དང ། ཀུན་འབྱུང་བ་དང ། ལམ་རབ་ཏུ་བསྟན་པའོ། །དོན་ཞེས་བྱ་བ་ནི། འགོག་པ་མངོན་སུམ་དུ་བྱེད་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། མ་རིག་པ་ལ་སོགས་ཏེ་རྒ་ཤིའི་བར་དུ་བསྟན་པའོ། །དོན་ཞེས་བྱ་བ་ནི། མ་རིག་པ་འགོག་པ་ནས་རྒ་ཤིའི་བར་དུ་འགོག་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། ཞི་གནས་དང ། ལྷག་མཐོང་གི་ཚོགས་བསྟན་པའོ། །དོན་ཞེས་བྱ་བ་ནི། རིག་པ་དང ། རྣམ་པར་གྲོལ་བ་ཤེས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། གང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཆ་མཉམ་པར་སྤྱོད་པ་རྣམས་ལ་ཆོས་བསྟན་པའོ། །དོན་ཞེས་བྱ་བ་ནི། སེམས་ཀྱི་རྣམ་པར་གྲོལ་བ་མི་འཁྲུགས་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། སྒྲིབ་པར་བྱེད་པའི་ཆོས་ཐམས་ཅད་རབ་ཏུ་བསྟན་པའོ། །དོན་
327a
༄#། །ཞེས་བྱ་བ་ནི། སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་ཐར་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་བསྔགས་པ་མཐའ་མེད་པ་ཡང་དག་པར་རབ་ཏུ་བསྟན་པའོ། །དོན་ཞེས་བྱ་བ་ནི། གང་ཆོས་འདོད་ཆགས་མེད་པ་དང ། འདུས་མ་བྱས་པའི་དགེ་འདུན་གྱི་ཡོན་ཏན་སྒྲུབ་པའོ། །ཚིག་འབྲུ་ཞེས་བྱ་བ་ནི། གང་བྱང་ཆུབ་སེམས་དཔའི་ཐོག་མ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བསླབ་པ་དང ། ཡོན་ཏན་རྩོམ་པ་བསྟན་པའོ། །དོན་ཞེས་བྱ་བ་ནི། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བསྟན་པ་དེ་ནི། ཚིག་འབྲུ་ཞེས་བྱའོ། །སྒྲ་དང ། ཡི་གེ་དང ། ཚིག་འབྲུ་ཐམས་ཅད་བརྗོད་དུ་མེད་པའི་དོན་ཏོ། །དེ་ལ་དྲང་བའི་དོན་གྱི་མདོ་སྡེ་གང་ཞེ་ན། གང་ཚིག་འབྲུ་བཤད་པ་ཇི་ལྟར་བསྟན་པ་བཞིན་དུ་རྒྱ་ཆེར་ཁོང་དུ་ཆུད་པར་བྱ་སྟེ། འདི་དག་ནི། དྲང་བའི་དོན་གྱི་མདོ་སྡེ་དག་གོ་།ངེས་པའི་དོན་གྱི་མདོ་སྡེ་གང་ཞེ་ན། དོན་གང་བཤད་པ་ཇི་ལྟར་བསྟན་པ་བཞིན་དུ་རྒྱ་ཆེར་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་ནི། ངེས་པའི་དོན་གྱི་མདོ་སྡེ་དག་གོ་།ད་ཇི་ལྟར་ན། ཆོས་ལ་རྟོན་གྱི་གང་ཟག་ལ་མ་ཡིན་ཞེ་ན། གང་དྲང་བའི་དོན་དེ་ནི། གང་ཟག་གི་དོན་ཡིན་པས་དེ་ལ་མི་རྟོན་གྱི། གང་ངེས་པའི་དོན་དེ་ནི།
327b
ཆོས་ཉིད་ཇི་ལྟ་བ་བཞིན་པས་དེ་ལ་རྟོན་པ་སྟེ། འདི་དག་ནི། བྱང་ཆུབ་སེམས་དཔའི་རྟོན་པ་བཞིའོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟོན་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་འབྲུ་ལ་མཁས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཆོས་གཉིས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཆོས་གཉིས་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་ལ་མཁས་པ་དང ། ཡེ་ཤེས་ལ་མཁས་པ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་གང ། ཡེ་ཤེས་གང་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། རྣམ་པར་ཤེས་པའི་གནས་པ་བཞིའོ། །བཞི་གང་ཞེ་ན། གཟུགས་ལ་ཞུགས་པའི་རྣམ་པར་ཤེས་པ་ཡོངས་སུ་གནས་ཤིང་གནས་པ་དང ། ཚོར་བ་ལ་ཞུགས་པ་དང ། འདུ་ཤེས་ལ་ཞུགས་པ་དང ། འདུ་བྱེད་ལ་ཞུགས་པའི་རྣམ་པར་ཤེས་པ་ཡོངས་སུ་གནས་ཤིང་གནས་པ་སྟེ། དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་གང་ཞེ་ན། གང་ལེན་པའི་ཕུང་པོ་ལྔ་རྣམས་ལ་གནས་པ་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །གང་སའི་ཁམས་རྣམས་པར་ཤེས་པ་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་རྣམ་པར་ཤེས་པ་དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ཡེ་ཤེས་ཁམས་བཞི་ལ་མི་གནས་པ། ཆོས་ཀྱི་དབྱིངས་ཐ་མི་དད་པར་
328a
༄#། །ཤེས་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བ་ནི། གང་མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་གཟུགས་རྣམས་ཤེས་པ་དང ། རྣ་བའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་སྒྲ་རྣམས་དང ། སྣའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་དྲི་རྣམས་དང ། ལྕེའི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་རོ་རྣམས་དང ། ལུས་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་རེག་རྣམས་དང ། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་ཆོས་རྣམས་ཤེས་པ་དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ནང་གི་སྐྱེ་མཆེད་རྣམས་ལ་ཉེ་བར་ཞི་ཞིང ། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ལ་རྒྱུ་བ་མེད་པས་ཡེ་ཤེས་ལ་རྟོན་པས་ཆོས་གང་ཡང་གཞོག་པར་མི་བྱེད་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བ་ནི། དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང ། ཡོངས་སུ་རྟོགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་སྟེ། དེ་ནི། རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་མི་འཛིན་པ། མི་སྙེམས་པ། མི་དམིགས་པ། རྣམ་པར་མི་རིག་པ། མི་འཁྲུག་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །གཞན་ཡང་འདུས་བྱས་ལ་སྤྱོད་པའི་ཆོས་རྣམས་ལ་རྣམ་པར་ཤེས་པ་ལ་གནས་ཀྱི། འདུས་མ་བྱས་ལ་རྣམ་པར་ཤེས་པ་རྒྱུ་བ་མེད་དོ། །གང་ཡང་འདུས་མ་བྱས་ཤེས་པ་དེ་ནི། ཡེ་ཤེས་སོ། །གཞན་ཡང་སྐྱེ་བ་དང །
328b
འཇིག་པ་ལ་གནས་པ་ནི། རྣམ་པར་ཤེས་པའོ། །གང་ཡང་མི་སྐྱེ་མི་འགག་མི་གནས་པ་དེ་ནི། ཡེ་ཤེས་ཞེས་བྱའོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་གང ། དྲང་བའི་དོན་གྱི་མདོ་སྡེ་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པར་བྱེད་པ་དེ་དག་ནི། དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པར་བྱེད་པ་དེ་དག་ནི། ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བྱེད་པ་དེ་དག་ནི། དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་བསྟན་པ་དེ་དག་ནི། ངེས་པའི་དོན་ཞེས་བྱའོ། །གཞན་ཡང་མདོ་སྡེ་གང་དག་ལས་ཀྱི་བྱ་བ་ལ་འཇུག་པ་དེ་དག་ནི། དྲང་བའི་དོན་ཞེས་བྱའོ། མདོ་སྡེ་གང་དག་ལས་དང ། ཉོན་མོངས་པ་ཟད་པར་བསྟན་པ་དེ་དག་ནི། ངེས་པའི་དོན་ཞེས་བྱའོ། །གཞན་ཡང་མདོ་སྡེ་གང་དག་ཀུན་ནས་ཉོན་མོངས་པ་ཡོངས་སུ་བཤད་པའི་ཕྱིར་བསྟན་པ་དེ་དག་ནི། དྲང་བའི་དོན་ཏོ། །མདོ་སྡེ་གང་དག་རྣམ་པར་བྱང་བ་རྣམ་པར་དག་པའི་ཕྱིར་བསྟན་པ་དེ་དག་ནི། ངེས་པའི་དོན་ཏོ། །མདོ་སྡེ་གང་དག་འཁོར་བས་སྐྱོ་བར་བྱེད་པ་དེ་དག་ནི། དྲང་བའི་དོན་ཏོ། །མདོ་སྡེ་གང་དག་འཁོར་བ་དང ། མྱ་ངན་ལས་འདས་པ་གཉིས་སུ་མི་འཇུག་པ་དེ་དག་ནི། ངེས་པའི་དོན་ཏོ། །མདོ་སྡེ་གང་དག་ཡི་གེ་དང ། ཚིག་སྣ་ཚོགས་སུ་བསྟན་པ་དེ་དག་ནི། དྲང་བའི་དོན་ཏོ། །མདོ་སྡེ་གང་དག་ཟབ་པ། བལྟ་དཀའ་བ། རྟོགས་པར་དཀའ་བ་དེ་དག་ནི། ངེས་པའི་དོན་ཏོ། མདོ་སྡེ་
329a
༄#། །གང་དག་ཚིག་འབྲུ་མང་བ། སེམས་ཅན་རྣམས་ཀྱི་སེམས་རངས་པར་བྱེད་པ་དེ་དག་ནི། དྲང་བའི་དོན་ཏོ། །མདོ་སྡེ་གང་དག་ཚིག་དང ། ཚིག་འབྲུ་ཉུང་ལ་ངེས་པར་རྟོགས་པར་བྱེད་པ་དེ་དག་ནི། ངེས་པའི་དོན་ཏོ། །གཞན་ཡང་མདོ་སྡེ་གང་དག་བདག་དང ། སེམས་ཅན་དང ། སྲོག་དང ། སྐྱེས་བུ་དང ། གང་ཟག་དང ། ཤེད་བུ་དང ། ཤེད་ལས་སྐྱེས་དང ། བྱེད་པ་པོ་དང ། ཚོར་བ་པོའི་སྒྲ་སྣ་ཚོགས་བདག་པོ་མེད་པ་བདག་པོ་ཡོད་བཞིན་དུ་བསྟན་པ་དེ་དག་ནི། དྲང་བའི་དོན་ཏོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། མི་འབྱུང་བ་དང ། མ་སྐྱེས་པ་དང ། ཡང་དག་པར་མི་འབྱུང་བ་དང ། སེམས་ཅན་མེད་པ་དང ། གང་ཟག་མེད་པ་དང ། དུས་གསུམ་ལས་རྣམ་པར་ཐར་པའི་སྒོ་བསྟན་པ་དེ་དག་ནི། ངེས་པའི་དོན་ཞེས་བྱའོ། །དེ་ལ་ཆོས་གང ། གང་ཟག་གང་ཞེ་ན། གང་ཟག་ཏུ་ལྟ་བ་ལ་གནས་ཏེ་ཆོས་ཁ་ཅིག་ལ་རྩོམ་པ་དེ་ནི། གང་ཟག་ཅེས་བྱའོ། ། གང་ཟག་ཏུ་ལྟ་བ་རྩོམ་པ་དེའི་གང་ཆོས་གནས་པ་ཆོས་ཀྱི་དབྱིངས་དེ་ནི། ཆོས་ཞས་བྱའོ། །གཞན་ཡང་གང་ཟག་ནི། སོ་སོའི་སྐྱེ་བོའི་གང་ཟག་དང ། སོ་སོའི་སྐྱེ་བོའི་དགེ་བའི་གང་ཟག་དང ། དད་པའི་རྗེས་སུ་འབྲང་བའི་གང་ཟག་དང ། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དང ། བརྒྱད་པའི་གང་ཟག་དང ། རྒྱུན་དུ་ཞུགས་པའི་གང་ཟག་དང ། ལན་གཅིག་ཕྱིར་
329b
འོང་བའི་གང་ཟག་དང ། ཕྱིར་མི་འོང་བའི་གང་ཟག་དང ། དགྲ་བཅོམ་པའི་གང་ཟག་དང ། རང་སངས་རྒྱས་ཀྱི་གང་ཟག་དང ། བྱང་ཆུབ་སེམས་དཔའི་གང་ཟག་དང ། སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་ཐུགས་བརྩེ་བ་དང ། ལྷ་དང་མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་དང ། ཕན་པ་དང་བདེ་བའི་ཕྱིར་གང་ཟག་གཅིག་འཇིག་རྟེན་དུ་སྐྱེ་བ་འབྱུང་བར་འགྱུར་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། གང་ཟག་གི་སྒྲ་དེ་ཐམས་ཅད་དེ་བཞིན་གཤེགས་པས་ཀུན་རྫོབ་ཀྱི་གནས་ཀྱིས་སེམས་ཅན་རྣམས་གཟུང་བའི་ཕྱིར་བསྟན་པའོ། །དེ་ལ་གང་མངོན་པར་ཆགས་པ་དེ་དག་ནི། རྟོན་པ་མ་ཡིན་པ་ཞེས་བྱའོ། །དེ་དག་རྟོན་པ་ལ་དགོད་པའི་ཕྱིར་ཆོས་ཉིད་ལ་རྟོན་པར་བྱའི། གང་ཟག་ལ་མ་ཡིན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་ཆོས་ཉིད་གང་ཞེ་ན། འདི་ལྟ་སྟེ། མི་འགྱུར་བ། སྒྲོ་མ་བཏགས་པ། མི་བྱེད་པ། རྣམ་པར་མི་བྱེད་པ། མི་གནས་པ། གནས་པ་མེད་པ། རྩ་བ་མེད་པ། ཐམས་ཅད་དུ་མཉམ་པ། མཉམ་པ་ལ་མཉམ་པ། མི་མཉམ་པ་ལ་མཉམ་པ། མཉམ་པ་དང་མི་མཉམ་པ་ལ་མཉམ་པ། རྣམ་པར་མི་རྟོག་པ། མི་རྩོམ་པ། ངེས་པར་གྱུར་པ་ཐོབ་པ། ཆོས་ཐམས་ཅད་ལ་ཤིན་ཏུ་ངོ་བོ་ཉིད་མེད་པའི་མཚན་ཉིད་དེ་ནི། ཆོས་ཉིད་ཅེས་བྱ་སྟེ། གང་དག་ཆོས་ཉིད་དེ་ལ་
330a
༄#། །རྟོན་པར་བྱེད་པ་དེ་དག་ནི། ཁམས་གང་ལའང་རྟོན་པར་མི་བྱེད་དེ། དེ་བས་ན། ཆོས་ཀྱི་ཚུལ་གྱི་སྒོ་ལ་འཇུག་པ་འདིས་ཆོས་ཐམས་ཅད་ལ་རྟོན་པའི་ཕྱིར་ཆོས་ཐམས་ཅད་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ། །དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་བཞི་ཞེས་བྱ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་རྟོན་པ་ལ་མཁས་པ་ཞེས་བྱའོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྟོན་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚོགས་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི། འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་དང ། ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་གང་ཞེ་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང ། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང ། བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དང ། སྙིང་རྗེའི་སྦྱོར་བ་དང ། དགེ་བའི་རྩ་བ་ཐམས་ཅད་ལ་རྩོམ་པ་དང ། བདག་དང་ཕ་རོལ་གྱི་སྡིག་པ་འཆགས་པ་དང ། དུས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་དང ། སློབ་པ་ཐམས་ཅད་དང ། མི་སློབ་པ་ཐམས་ཅད་དང ། རང་སངས་རྒྱས་ཐམས་ཅད་དང ། སེམས་དང་པོ་བསྐྱེད་པ་རྣམས་དང ། སྤྱོད་པ་ལ་ཞུགས་པ་
330b
རྣམས་དང ། ཕྱིར་མི་ལྡོག་པ་རྣམས་དང ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་དང ། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བ་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང ། སངས་རྒྱས་ཐམས་ཅད་དང ། འཕགས་པ་ཐམས་ཅད་ལ་ཆོས་སྟོན་པར་གསོལ་བ་འདེབས་པ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང ། དགེ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དང ། སེམས་ཅན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་སྟོན་པ་དང ། དབུལ་པོ་རྣམས་ལ་ལོངས་སྤྱོད་ཀྱིས་སྡུད་པ་དང ། ནད་པ་རྣམས་ལ་སྨན་སྦྱིན་པ་དང ། གུས་པར་བསྙེན་བཀུར་བྱེད་པ་དང ། མཐུ་ཆུང་བ་རྣམས་ལ་བཟོད་ཅིང་དང་དུ་ལེན་པ་དང ། ལྟུང་བ་རྣམས་མི་འཆབ་པ་དང ། སྡིག་པ་འཆགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་བསྙེན་བཀུར་དང་རི་མོ་ཐམས་ཅད་བྱེད་པ་དང ། སློབ་དཔོན་དང་མཁན་པོ་རྣམས་ལ་སྟོན་པ་བཞིན་དུ་རི་མོ་བྱེད་པ་དང ། ཆོས་ལ་རིན་པོ་ཆེ་རིན་ཐང་མེད་པ་བཞིན་དུ་ཡོངས་སུ་ཚོལ་བའི་བརྩོན་འགྲུས་དང ། ཆོས་སྨྲ་བ་ལ་དགའ་ཞིང་
331a
༄#། །དཔག་ཚད་བརྒྱར་ཡང་སོང་སྟེ་ཆོས་ཉན་པས་ཆོག་མི་ཤེས་པ་དང ། ཟང་ཟིང་མེད་པར་ཆོས་འཆད་པ་དང ། ཕ་དང་མ་ལ་རིམ་གྲོ་བྱེད་པ་དང ། བྱས་པ་གཟོ་བ་དང ། བྱས་པ་ཤེས་པ་དང ། འགྱོད་པ་མེད་པ་དང ། བསོད་ནམས་བསགས་པས་ཆོག་མི་ཤེས་པ་དང ། ལུས་བསྡམས་ཤིང་ཚུལ་འཆོས་པ་མེད་པ་དང ། ངག་བསྡམས་པའི་ངག་ལ་ཚུལ་འཆོས་པ་མེད་པ་དང ། ཡིད་བསྡམས་པའི་ཡིད་ལ་ཚུལ་འཆོས་པ་མེད་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་བཙུགས་པའི་ཕྱིར་ཚངས་པའི་བསོད་ནམས་ཡོངས་སུ་འཛིན་པ་དང ། མཆོད་སྦྱིན་གཏན་པ་མེད་པ་བསགས་པས་མཚན་ཡོངས་སུ་རྫོགས་པ་དང ། དགེ་བའི་རྩ་བའི་ཚོགས་སྣ་ཚོགས་བསགས་པས་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པ་དང ། ང་རྒྱལ་མེད་པས་ལུས་བརྒྱན་པ་དང ། ངག་གི་ཉེས་པ་ཐམས་ཅད་སྤངས་པས་དག་བརྒྱན་པ་དང ། བློ་ཐོགས་པ་མེད་པས་སེམས་བརྒྱན་པ་དང ། མངོན་པར་ཤེས་པ་སྤྲུལ་པས་སངས་རྒྱས་ཀྱི་ཞིང་གི་རྒྱན་དང ། ཡེ་ཤེས་ཡོངས་སུ་དག་པས་ཆོས་ཀྱི་མཚན་ཉིད་ཀྱི་རྒྱན་དང ། ཕྲ་མ་དང ། ཞེ་གཅོད་པ་དང ། དབྱེ་བའི་ཚིག་ཡོངས་སུ་སྤངས་པས་འཁོར་མང་པོའི་རྒྱན་དང ། ཆོས་འཛིན་པས་འདོད་ཆགས་མེད་པའི་ཆོས་ཀྱི་རྒྱན་དང ། རབ་ཏུ་དགའ་ནས་ལེགས་སོ། །ཞེས་བྱ་བ་བྱིན་ནས་ཆོས་ཀྱི་གཏམ་མི་འཇིགས་པར་བྱེད་པ་དང ། སྒྲིབ་པ་དང་
331b
ཆོད་པ་རྣམ་པར་སྤངས་ཤིང་གུས་པར་ཆོས་ཉན་པས་འབྲས་བུ་ཡོད་པར་ཆོས་འཆད་པ་དང ། སངས་རྒྱས་རྣམས་ལ་དཀའ་ཐུབ་ཀྱི་ནགས་ཚལ་ཕུལ་བས་བྱང་ཆུབ་ཀྱི་ཞིང་གི་རྒྱན་དང ། དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་ཞིང་བྱང་ཆུབ་ཀྱི་སེམས་མི་གཏོང་བས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དང ། ལས་དང་ཉོན་མོངས་པ་མི་དམིགས་པས་ཚེ་དང་ཤི་འཕོ་ཡོངས་སུ་དག་པ་དང ། རིན་པོ་ཆེ་ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བས་ལག་ན་རིན་པོ་ཆེ་དང ། མི་ཟད་པའི་སྨོན་ལམ་ཐོབ་པས་ལོངས་སྤྱོད་མི་ཟད་པ་དང ། ཁྲོ་གཉེར་མེད་པས་མཐོང་མ་ཐག་ཏུ་སེམས་ཅན་རྣམས་དད་ཅིང་བཞིན་འཛུམ་པས་གསོང་པོར་སྨྲ་བ་དང ། སེམས་ཅན་ཐམས་ཅད་ལ་འོད་ཟེར་སྙོམས་པས་མཉམ་པ་ཉིད་ཀྱི་རྒྱན་ཐོབ་པ་དང ། མ་ལོབས་པ་ལ་མི་བརྙས་པས་འོད་མང་པོ་གཏོང་བ་དང ། ཚུལ་ཁྲིམས་ཀྱི་བསོད་ནམས་བསགས་པས་སྐྱེ་བ་ཡོངས་སུ་དག་པ་དང ། ལྟུང་བ་ལ་མི་རྩོད་པས་མངལ་ཡོངས་སུ་དག་པ་དང ། དགེ་བ་བཅུའི་ལས་ཡོངས་སུ་དག་པས་ལྷ་དང་མིར་སྐྱེ་བ་དང ། རྗེས་སུ་བསྟན་པ་ཐམས་ཅད་ལ་རབ་ཏུ་རྟོག་པས་གདོན་མི་ཟ་བར་ནོད་པ་དང ། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པས་ཆོས་ཀྱི་དབང་ཕྱུག་དང ། ལྷག་པའི་བསམ་པ་ཡོངས་སུ་དག་པས་འཇིག་རྟེན་ཐམས་ཅད་ལ་མངོན་སུམ་པ་དང ། ཉི་ཚེ་བའི་སྤྱོད་པ་མི་འདོད་པས་རྒྱ་ཆེན་པོའི་ཆོས་ལ་དད་པ་དང །
332a
༄#། །ཐམས་ཅད་མཁྱེན་པའི་སེམས་མི་འདོར་བས་བསོད་ནམས་ཐམས་ཅད་ཡོངས་སུ་འཛིན་པ་དང ། དད་པ་སྔོན་དུ་འགྲོ་བས་ནོར་བདུན་ཡོངས་སུ་རྫོགས་པ་དང ། སྔོན་དམ་བཅས་པ་ཉམས་སུ་ལོན་པར་བྱེད་པས་འཇིག་རྟེན་ཐམས་ཅད་མི་སླུ་བ་དང ། དགེ་བའི་ཆོས་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ།་དེ་ནི། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་ལ་མཁས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ལ་མཁས་པ་གང་ཞེ་ན། རྒྱུ་གང་གིས་ཡེ་ཤེས་སྐྱེ་བ་སྟེ། དེ་ལྟར་རྒྱུ་དང ། རྐྱེན་གང་དང་གང་གིས་ཡེ་ཤེས་རྟོགས་པའོ། །དེ་ལ་རྒྱུ་གང ། རྐྱེན་གང་ཞེ་ན། ཆོས་ཚོལ་བ་ལ་རབ་ཏུ་འདུན་པ་དང ། ཡེ་ཤེས་ཀྱི་རྗེས་སུ་སོང་བའི་བཤེས་གཉེན་བསྟེན་པ་དང ། སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་རྟོན་པ་དང ། དེ་དག་ལ་ང་རྒྱལ་མི་བྱེད་པ་དང ། བླ་མ་ལ་དགའ་བ་དང ། སྟོན་པ་ལ་དགའ་བ་དང ། དེའི་དགེ་བའི་བཤེས་གཉེན་དེ་དག་གིས་འདི་ནི། བསམ་པ་དང་ལྡན་པར་ཤེས་ནས་ཡེ་ཤེས་ཀྱི་གཏམ་གང་ཡང་མི་སྟོན་པ་མེད་པ་དང ། སྣོད་དུ་ཤེས་ནས་བར་ཆད་མེད་པར་སེམས་རྩེ་གཅིག་ཏུ་ཆོས་སྟོན་པ་དང ། དེས་ཆོས་དེ་ཐོས་ནས་ཆོས་ཀྱི་ཚོགས་ལ་བརྩོན་པར་བྱེད་དེ། གང་ཆོས་ཀྱི་ཚོགས་ལ་བརྩོན་པར་བྱེད་པ་དེ་ཉིད་དེའི་ཡེ་ཤེས་
332b
ཀྱི་ཚོགས་ལ་བརྩོན་པ་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་ལ་བརྩོན་པ་གང་ཞེ་ན། འདི་ལྟ་སྟེ། དོན་ཉུང་བ་དང ། བྱ་བ་ཉུང་བ་དང ། སྒྲ་ཉུང་བ་དང ། སྲོད་དང་ཐོ་རངས་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པ་དང ། འབྲེལ་བའི་དོན་ལ་ཡོངས་སུ་རྟོག་པ་དང ། ཕྱིར་ཞིང་ཡོངས་སུ་ཚོལ་བ་དང ། སེམས་ལ་རྙོག་པ་མེད་པ་དང ། སྒྲིབ་པ་གནོན་པ་དང ། ལྟུང་བ་ལས་འབྱུང་བར་ཤེས་པ་དང ། འགྱོད་པ་མེད་པ་དང ། ཀུན་ནས་ལྡང་བ་མེད་པ་དང ། ནན་ཏན་སྙིང་པོར་བྱེད་པ་དང ། ཆོས་ལ་གཞོལ་བ་དང ། ཆོས་ལ་འབབ་པ་དང ། ཆོས་ལ་བབ་པ་དང ། ཆོས་ལ་རྟུལ་བ་དང ། རྟག་པར་མགོ་དང་གོས་ལ་མེ་འབར་བ་ལྟ་བུ་དང ། ཡེ་ཤེས་ཚོལ་བ་དེ་ཉིད་ལ་གནས་པ་དང ། མི་ལྷོད་པ་དང ། བརྩོན་འགྲུས་མི་གཏོང་བ་དང ། ཁྱད་པར་དུ་འགྲོ་བ་དང ། འདུ་འཛི་ལས་དབེན་པ་དང ། གཅིག་པུར་དགའ་བ་དང ། དགོན་པའི་བདེ་བ་ཡིད་ལ་བྱེད་པ་དང ། འཕགས་པའི་རིགས་ལ་དགའ་བ་དང ། སྦྱངས་པ་ལས་མི་འགྱུར་བ་དང ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང ། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ལ་རི་མོར་མི་བྱེད་པ་དང ། འཇིག་རྟེན་ལས་འོངས་པའི་ཆོས་ཚོལ་བ་ལ་དྲན་པ་མི་ཉམས་པ་དང ། རྟོགས་པ་ལ་དོན་རྟོགས་པའི་རྗེས་སུ་འགྲོ་བ་དང ། བློ་གྲོས་ལ་ལམ་གྱི་རྗེས་སུ་མཐུན་པར་བྱེད་པ་དང ། མོས་པ་ལ་སྡོམ་པ་དང ། རྐྱེན་ལ་ཡེ་ཤེས་ཀྱི་རྗེས་སུ་རིག་པ་དང ། ཁྲེལ་ཡོད་
333a
༄#། །པ་དང ། ངོ་ཚ་ཤེས་པའི་རྒྱན་དང ། སངས་རྒྱས་ཀྱི་འགྲོས་ཀྱི་རྗེས་སུ་འགྲོ་བ་དང ། མི་ཤེས་པ་སེལ་བ་དང ། མ་རིག་པ་དང ། གཏི་མུག་གི་ལིང་ཏོག་སེལ་བ་དང ། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང ། རབ་ཏུ་རྣམ་པར་དག་པ་དང ། བློ་རྒྱ་ཆེ་བ་དང ། བློ་མ་ཞུམ་པ་དང ། བློ་རབ་ཏུ་ཐ་དད་པ་དང ། མངོན་སུམ་དུ་ཤེས་པ་དང ། གཞན་ལ་རག་མ་ལུས་པའི་ཡོན་ཏན་དང ། རང་གི་ཡོན་ཏན་གྱིས་མི་སྙེམས་པ་དང ། ཕ་རོལ་གྱི་ཡོན་ཏན་ལ་རྟོག་པ་དང ། ལེགས་པར་བྱ་བའི་ལས་བྱེད་པ་དང ། ལས་ཀྱི་རྣམ་པར་སྨིན་པ་ལ་མི་འགལ་བར་བྱེད་པ་དང ། ལས་ཡོངས་སུ་དག་པར་བྱེད་པ་སྟེ། དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་ཀྱི་ཚོགས་ཞེས་བྱའོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི། སྦྱིན་པ་བཞི་སྟེ། ཆོས་སྨྲ་བ་ལ་འགྲོ་བ་དང ། སྨྱུ་གུ་དང ། སྣག་ཚ་དང ། གླེགས་བམ་སྦྱིན་པ་དང ། ཆོས་སྨྲ་བ་ལ་ཆོས་ཀྱི་སྟན་སྣ་ཚོགས་སྦྱིན་པ་དང ། ཆོས་སྨྲ་བ་ལ་རྙེད་པ་དང ། བཀུར་སྟི་དང ། ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང ། ཆོས་སྨྲ་བ་ལ་ཆོས་ཀུན་བསྡུ་བའི་ཕྱིར་གཡོ་མེད་པར་ལེགས་སོ། །ཞེས་བྱ་བ་སྦྱིན་པ་སྟེ།་སྦྱིན་པ་བཞི་པོ་དེ་དག་ནི། ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་རོ། །ཀུན་སྲུང་བ་བཞི་པོ་རྣམས་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བ་རྣམས་
333b
ཀྱི་ལུས་ཡོངས་སུ་སྲུང་བ་དང ། དགེ་བ་སྲུང་བ་དང ། ཡུལ་དང་ལྗོངས་སུ་འཇུག་པ་ལ་ཡོངས་སུ་སྲུང་བ་དང ། ཕན་པའི་དངོས་པོ་ཡོངས་སུ་སྲུང་བ་སྟེ། ཀུན་སྲུང་བ་ནི། བཞི་པོ་དེ་དག་གོ་།ཉེ་བར་རྟོན་པ་བཞི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བ་རྣམས་ཀྱི་ཆོས་ཉེ་བར་རྟོན་པ་དང ། ཡེ་ཤེས་ཉེ་བར་རྟོན་པ་དང ། ཟང་ཟིང་ཉེ་བར་རྟོན་པ་དང ། བྱང་ཆུབ་ཉེ་བར་རྟོན་པའོ། །སྟོབས་ལྔ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་ཕྱིར་དད་པའི་སྟོབས་དང ། ཐོས་པ་ཚོལ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་དྲན་པའི་སྟོབས་དང ། ཉམ་པ་ཉིད་ཀྱི་ཆོས་ལ་ངེས་པར་རྟོག་པའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་དང ། ཐོས་པའི་སྟོབས་ཀྱི་ཕྱིར་ཤེས་རབ་ཀྱི་སྟོབས་ཏེ། སྟོབས་ལྔ་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །ཚུལ་ཁྲིམས་བཞི་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་ངེས་པའི་ཚུལ་ཁྲིམས་དང ། ཆོས་ཚོལ་བའི་ཚུལ་ཁྲིམས་དང ། ཆོས་ལ་ངེས་པར་རྟོག་པའི་ཚུལ་ཁྲིམས་དང ། བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་རོ། །བཟོད་པ་བཞི་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་ངན་དུ་སྨྲ་བ་དང །
334a
༄#། །ངན་དུ་བརྗོད་པའི་ཚིག་རྣམས་བཟོད་པ་དང ། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་རླུང་དང ། ཚ་བ་དང ། གྲང་བ་དང ། དྲོ་བ་དང ། སྐོམ་པ་དང ། བཀྲེས་པ་བཟོད་པ་དང ། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་སློབ་དཔོན་དང ། མཁན་པོའི་རྗེས་སུ་འཇུག་པ་དང ། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཆོས་བཟོད་པ་སྟེ། བཟོད་པ་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་རོ། །བརྩོན་འགྲུས་བཞི་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པའི་བརྩོན་འགྲུས་དང ། གཟུངས་ཀྱི་བརྩོན་འགྲུས་དང ། བརྟན་པའི་བརྩོན་འགྲུས་དང ། ནན་ཏན་གྱི་བརྩོན་འགྲུས་ཏེ། བརྩོན་འགྲུས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་རོ། །བསམ་གཏན་གྱི་ཡན་ལག་བཞི་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབེན་པ་དང ། གཅིག་པུར་དགའ་བ་དང ། ཡེ་ཤེས་དང ། མངོན་པར་ཤེས་པ་ཚོལ་བ་དང ། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པ་སྟེ། བསམ་གཏན་གྱི་ཡན་ལག་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་རོ། །ཤེས་རབ་སྣང་བའི་ཆོས་འདི་བཞི་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆད་པ་ལ་མི་གནས་པ་དང །
334b
རྟག་པ་ལ་མི་འཇུག་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བ་དང ། བདག་མེད་པ་ལ་མོས་པ་སྟེ། ཤེས་རབ་སྣང་བའི་ཆོས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་རོ། །ཆོས་འདི་བཞི་ཐབས་ཀྱི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་རྗེས་སུ་འཇུག་པ་དང ། མདོ་སྡེའི་རྗེས་སུ་འཇུག་པ་དང ། ཆོས་ཀྱི་རྗེས་སུ་འཇུག་པ་དང ། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་སྟེ། ཆོས་བཞི་པོ་དེ་དག་ཐབས་ཀྱི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །ཆོས་འདི་བཞི་ལམ་གྱི་ཚོགས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་དང ། ཡན་ལག་བརྒྱད་པའི་ལམ་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྲོ་བའི་ལམ་སྟེ། ཆོས་བཞི་པོ་དེ་དག་ལམ་གྱི་ཚོགས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་རོ། །མི་ངོམས་པ་འདི་བཞི་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པས་མི་ངོམས་པ་དང ། བསྟན་པས་མི་ངོམས་པ་དང ། དཔྱོད་པས་མི་ངོམས་པ་དང ། ཡེ་ཤེས་ཀྱིས་མི་ངོམས་པ་སྟེ། མི་ངོམས་པ་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་རོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི། གང་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང ། ཞིང་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་སྟེ། སྦྱིན་པ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །ཚུལ་ཁྲིམས་དང །
335a
༄#། །བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་དང ། བྱམས་པ་དང་སྙིང་རྗེ་དང ། འགའ་བ་དང ། བཏང་སྙོམས་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་རྩོམ་པ་དེ་ཐམས་ཅད་ཡེ་ཤེས་ཀྱི་ཁར་ལས་པ་ཡེ་ཤེས་སྔོན་དུ་འགྲོ་བ་ཡེ་ཤེས་ལ་རྟོན་པ་སྟེ། དེ་ཡེ་ཤེས་ལ་གནས་པས་ཡེ་ཤེས་ཅན་ཐམས་ཅད་ཀྱི་རྟོན་པར་འགྱུར་ཏེ། བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་དོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱང་འཐོབ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་གཞོག་པར་བྱེད་དོ། །དེ་གཉིས་ནི། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་དང ། ཡེ་ཤེས་ཀྱི་ཚོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོགས་རྣམ་པ་དེ་གཉིས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་ལ་མཁས་པ་གང་ཞེ་ན། འདི་བཞི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་སྒོམ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང ། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང ། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང ། ཆོས་ལ་ཆོས་ཀྱི་རྗེས་སུ་
335b
ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །དེ་ལ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་གང་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་ཞིང་གནས་པ་དེ་ལུས་ཀྱི་སྔོན་གྱི་མཐར་ལ་ཡང་སོ་སོར་རྟོག་།ལུས་ཀྱི་ཕྱི་མའི་མཐའ་ལ་ཡང་སོ་སོར་རྟོག་།ལུས་ཀྱི་ད་ལྟར་བྱང་བ་ལ་ཡང་སོ་སོར་རྟོག་སྟེ། ཀྱེ་མའོ་ལུས་འདི་ནི། ཕྱི་ཅི་ལོག་ལས་བྱང་བ་སྟེ། རྒྱུ་དང་རྐྱེན་ལས་སྐྱེས་པ་གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པ། འདི་ལྟ་སྟེ། དཔེར་ན། ཕྱི་རོལ་གྱི་རྩཝ་དང ། ཤིང་གེལ་པ་དང ། སྨན་དང་ནགས་ཚལ་དག་རྒྱུ་དང་རྐྱེན་ལས་འབྱུང་ཞིང་བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པ་དེ་བཞིན་དུ་ལུས་འདི་ཡང་རྩཝ་དང ། རྩིག་པ་དང ། ཤིང་དང ། བོང་བ་དང ། མིག་ཡོར་ལྟ་བུ་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཡོངས་སུ་འཛིན་པ་དང ། བདག་དང་བདག་གིའམ། རྟག་པའམ། བརྟན་པའམ། ཐེར་ཟུག་གམ། མི་འགྱུར་བའི་ཆོས་ཀྱིས་སྟོང་སྟེ། ལུས་དེ་ལ་ང་ཡིར་མི་བྱའི། ལུས་སྙིང་པོ་མེད་པ་དེས་སྙིང་པོ་བླང་བར་བྱའོ། །དེ་ལ་སྙིང་པོ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུའོ། །དེ་བཞིན་གཤེགས་པའི་སྐུ་ནི། ཆོས་ཀྱི་སྐུ། རྡོ་རྗེའི་སྐུ། མི་ཕྱེད་པའི་སྐུ། སྲ་བའི་སྐུ། འཇིག་རྟེན་གསུམ་པོ་ཐམས་ཅད་དང་ཁྱད་ཞུགས་པའི་སྐུ་བདག་གིས་བསྒྲུབ་པར་བྱའོ། །བདག་གི་ལུས་འདི་ཉེས་པ་དུ་
336a
༄#། །མའི་སྐྱོན་ཆགས་མོད་ཀྱི། འོན་ཀྱང་ཉེས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་བྱའོ། །ཞེས་དེ་སོ་སོར་རྟོག་པའི་མཐུས་ལོགས་པར་མཐོང་ནས་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་ཡོངས་སུ་སྲུང་བར་བྱེད་དེ། ངའི་ལུས་ནི། སེམས་ཅན་ཐམས་ཅད་ཀྱི་ཅི་དགོས་པར་ཟད་པར་བྱའོ། །འདི་ལྟ་སྟེ། དཔེར་ན། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་བཞི་པོ་སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་སྒོ་སྣ་ཚོགས་དང ། དམིགས་པ་སྣ་ཚོགས་དང ། རྣམ་གྲངས་སྣ་ཚོགས་དང ། ཡོ་བྱད་སྣ་ཚོགས་དང ། ཡོངས་སུ་སྤྱོད་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཉེ་བར་འཚོ་བ་དེ་བཞིན་དུ་བདག་གི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི་སྒོ་སྣ་ཚོགས་དང ། དམིགས་པ་སྣ་ཚོགས་དང ། རྣམ་གྲངས་སྣ་ཚོགས་དང ། ཡོངས་སུ་སྤྱོད་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་གྱུར་ཅིག་སྙམ་མོ། །དེའི་ལུས་མི་རྟག་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། སྐྱེ་བ་དང ། ཤི་འཕོས་ཀྱང་མི་སྐྱོའོ། །ལུས་སྡུག་བསྔལ་ཉིད་དུ་སོ་སོར་རྟོག་མོད་ཀྱི། ལུས་ཀྱི་སྡུག་བསྔལ་བས་ཀྱང་ཡོངས་སུ་མི་གདུང་ངོ ། །ལུས་བདག་མེད་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་མི་སྐྱོའོ། །ལུས་ཞི་བ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། ལུས་ཞི་བས་བཏང་
336b
སྙོམས་སུ་ཡང་མི་ལྟུང་ངོ ། །ལུས་སྟོང་པ་ཉིད་དང ། ལུས་དབེན་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། དབེན་པའི་མུར་ཡང་མི་ལྟུང་ངོ ། །དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ལུས་ལ་རྫས་དང་སྙིང་པོར་རྗེས་སུ་མི་མཐོང་ངོ ། །ནང་གི་ལུས་ལ་ཡང་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ནང་གི་རྗེས་སུ་སོང་བའི་ཉོན་མོངས་པ་རྣམས་ཀྱི་གོ་སྐབས་མི་འབྱེད་དོ། །དེ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཕྱི་རོལ་གྱི་རྗེས་སུ་སོང་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་སོ། །དེ་ལ་ལུས་ཉོན་མོངས་པ་མེད་པས་ལུས་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པ་ཡིན་ནོ། །དེ་ལུས་ཡོངས་སུ་དག་ནས་མཚན་གྱིས་ཡང་དག་པར་བརྒྱན་པའི་སྐུ་འཐོབ་བོ། །དེ་ལུས་བརྒྱན་པར་གྱུར་ནས་ལྷ་དང་མི་རྣམས་མངོན་དུ་འདུ་བར་འགྱུར་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །ཡང་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་ཅི་ཚོར་ཡང་རུང་སྟེ། དེ་ཐམས་ཅད་སྡུག་བསྔལ་ལོ། །ཞེས་དེ་འདི་སྙམ་དུ་སེམས་ཏེ། དེ་ཡེ་ཤེས་ཀྱིས་རྟོགས་པ་དང ། ཤེས་རབ་ཀྱིས་རྟོགས་པ་དང ། ཐབས་ཀྱིས་རྟོགས་པའི་ཚོར་བ་ཤིན་ཏུ་རྟོགས་པས་བདེ་བར་ཚོར་པ་ཚོར་བར་ཡང་བྱེད་མོད་ཀྱི། འདོད་ཆགས་ཀྱི་བག་ལ་ཉལ་ཡང་བག་ལ་
337a
༄#། །ཉལ་བར་མི་བྱེད་དོ། །སྡུག་བསྔལ་བའི་ཚོར་བས་རེག་ནས་ཀྱང་ངན་སོང་དུ་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་ཁོང་ཁྲོ་བའི་བག་ལ་ཉལ་བ་ཡང་བག་ལ་ཉལ་བར་མི་བྱེད་དོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བས་རེག་ཀྱང་མ་རིག་པའི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་བྱེད་དོ། །དེ་ཚོར་བའི་རྗེས་སུ་སོང་བའི་དྲན་པས་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་གང་ཚོར་བ་ཡང་ཚོར་བ་དེ་དག་ལས་འབྱུང་བར་ལྟ་བ་ཡིན་ནོ། ། སེམས་ཅན་ཐམས་ཅད་ཀྱི་ཚོར་བ་ཡོངས་སུ་ཤེས་ཤིང་ཞི་བའི་ཕྱིར་ཡང་འཇུག་སྟེ། སེམས་ཅན་འདི་དག་ནི། ཚོར་བ་ལས་འབྱུང་བ་མི་ཤེས་པས་དེ་དག་བདེ་བའི་ཚོར་བ་ལ་དགའ་བར་བྱེད། སྡུག་བསྔལ་བའི་ཚོར་བ་ལ་ཞེ་སྡང་བར་བྱེད། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་རྨོངས་པར་བྱེད་ཀྱི། བདག་ནི། ཤེས་རབ་དང ། ཡེ་ཤེས་ཀྱིས་རྗེས་སུ་རྟོགས་པའི་ཚོར་བ་ཐམས་ཅད་སོ་སོར་སྦྱངས་པ་དང ། ཐབས་མཁས་པ་དང་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བའི་རྩོམ་པས་སེམས་ཅན་དེ་དག་གི་ཚོར་བ་ཐམས་ཅད་རྒྱུན་གཅད་པའི་ཕྱིར་ཆོས་བསྟན་པར་བྱའོ། །ཅིའི་ཕྱིར་ཚོར་བ་ཞེས་བྱ་ཞེ་ན། རྟོགས་པའི་ཚོར་བ་ནི། བདེ་བར་འགྱུར་རོ། །མ་རྟོགས་པའི་ཚོར་བ་ནི། སྡུག་
337b
བསྔལ་བར་འགྱུར་རོ། །དེ་ལ་རྟོགས་པའི་ཚོར་བ་གང་ཞེ་ན། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གང་ཡང་ཚོར་བར་བྱེད་པ་མེད་དེ། ཆགས་པ་ནི། ཚོར་པའོ། །ཡོངས་སུ་འཛིན་པ་ནི། ཚོར་བའོ། །ལེན་པ་ནི། ཚོར་བའོ། །ཕྱིན་ཅི་ལོག་ནི། ཚོར་བའོ། །རྣམ་པར་རྟོག་པ་ནི། ཚོར་བའོ། །ལྟ་བའི་བག་ལ་ཉལ་ནི། ཚོར་བའོ། །མིག་ཏུ་འདུ། ཤེས་པ་ཚོར་བ་ཡིན་པ་ནས་ཡིད་ཀྱི་བར་དུ་འདུ་ཤེས་པ་ནི། ཚོར་བའོ། །གཟུགས་སུ་འདུ་ཤེས་པ་ཚོར་བ་ཡིན་པ་ནས་ཆོས་སུ་འདུ་ཤེས་པའི་བར་དུ་ནི། ཚོར་བའོ། །གང་མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བར་དུ་དེ་ནི། ཚོར་བ་ཞེས་བྱའོ། །གོང་མ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ལ་སྦྱར་ཏེ། ཡིད་ཀྱི་བར་དུ་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བར་དུ་དེ་ནི། ཚོར་བ་ཞེས་བྱའོ། །གཞན་ཡང་རྣམ་གྲངས་ཀྱིས་ཚོར་བ་གཅིག་སྟེ། དེ་ནི། སེམས་གཅིག་པུས་རྣམ་པར་རིག་པའོ། །ཚོར་བ་གཉིས་ཏེ། ཕྱི་དང ། ནང་གིའོ། །ཚོར་བ་གསུམ་སྟེ། འདས་པ་རྣམ་པར་རིག་པ་དང ། མ་འོངས་པ་རྣམ་པར་རིག་པ་དང ། ད་ལྟར་བྱུང་བ་རྣམ་པར་རིག་པའོ། །ཚོར་བ་བཞི་སྟེ། དེ་ནི། ཁམས་བཞི་རྣམ་
338a
༄#། །པར་རིག་པའོ། །ཚོར་བ་ལྔ་སྟེ། དེ་ནི། ཕུང་པོ་ལྔ་ཡིད་ལ་བྱེད་པའོ། །ཚོར་བ་དྲུག་སྟེ། དེ་ནི། སྐྱེ་མཆེད་དྲུག་ཡོངས་སུ་རྟོག་པའོ། །ཚོར་བ་བདུན་ཏེ། དེ་ནི། རྣམ་པར་ཤེས་པ་ལ་གནས་པ་བདུན་ནོ། །ཚོར་བ་བརྒྱད་དེ། དེ་ནི། ལོག་པར་ངེས་པའི་སྦྱོར་བ་བརྒྱད་དོ། །ཚོར་བ་དགུ་སྟེ། དེ་ནི། སེམས་ཅན་གྱི་གནས་དགུའོ། །ཚོར་བ་བཅུ་སྟེ། དེ་ནི། དགེ་བ་བཅུའི་ལས་ཀྱི་ལམ་མོ། །གོང་མ་བཞིན་དུ་སྦྱར་ཏེ། ཐམས་ཅད་ནི། ཚོར་བ་སྟེ། དམིགས་པ་ཇི་སྙེད་པ་དང ། ཡིད་ལ་བྱེད་པ་ཇི་སྙེད་པ་དེ་ཐམས་ཅད་ཚོར་བར་བྱ་བའོ། །དེ་བས་ན། སེམས་ཅན་ཚད་མེད་པས་ཚོར་བ་ཚད་མེད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྐྱེས་བ་དང ། འཇིག་པ་དང ། གནས་པ་ལ་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང ། མི་དགེ་བའི་ཚོར་བ་ལ་ཚོར་བ་ཤེས་པ་དེ་ནི། བྱང་ཆུབ་སེམས་དཔའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་མི་བརྗེད་པ་དང ། སྦ་བ་དང ། ཀུན་སྲུང་བ་དང ། མི་གཡེང་བའོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། སེམས་ནི། སྐྱེས་ནས་འཇིག་ཅིང་ཞུ་སྟེ་མི་གནས་པས་ནང་
338b
ན་ཡང་མི་གནས། ཕྱི་རོལ་ཏུ་ཡང་མི་འཕོ་སྟེ། གང་བདག་གིས་ཐོག་མར་སེམས་བསྐྱེད་པ་དེ་ཡང་ཟད་མེད། རྣམ་པར་གྱུར་ཏེ་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པས་དེ་རྙེད་པར་མི་ནུས་ཏེ། སེམས་གང་གིས་དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ཀྱང་ཟད་མེད། རྣམ་པར་གྱུར། ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །གང་ཡང་བྱང་ཆུབ་ཏུ་བསྔོས་པའི་སེམས་དེ་ཡང་ངོ་བོ་ཉིད་ཀྱིས་མཚན་ཉིད་མེད་པ་སྟེ། སེམས་ཀྱིས་སེམས་རབ་ཏུ་མི་ཤེས། སེམས་ཀྱིས་སེམས་མི་མཐོང ། སེམས་ཀྱིས་སེམས་མི་ཚོར་ན། གང་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེ་གང་ཡིན། གང་བྱང་ཆུབ་ཀྱི་སེམས་དེ་ནི། དགེ་བའི་རྩ་བའི་སེམས་དང་མི་འགྲོགས། གང་དགེ་བའི་རྩ་བའི་སེམས་དེ་ཡང་བསྔོ་བའི་སེམས་དང་མི་འགྲོགས། གང་བསྔོ་བའི་སེམས་དེ་ཡང་བྱང་ཆུབ་ཀྱི་སེམས་དང ། དགེ་བའི་རྩ་བའི་སེམས་དང་མི་འགྲོགས་སོ། །ཞེས་དེ་དེ་ལྟར་སོ་སོར་རྟོག་པ་དང ། མི་སྐྲག། མི་དངང ། དངང་བར་མི་འགྱུར་གྱི། དེ་ཡང་འདི་སྙམ་དུ་སེམས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྒྱུ་དང ། འབྲས་བུ་ཆུད་མི་ཟ་བའོ། །གལ་ཏེ་སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་སེམས་ཀྱི་རང་བཞིན་ཉིད་ཡིན་ཡང་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པ། གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ་ཇི་ལྟར་འདོད་པ་དེ་
339a
༄#། །བཞིན་དུ་འགྲུབ་ཀྱི། བདག་གིས་སྒྲུབ་པ་ལ་བརྩོན་པར་བྱའོ། །སེམས་ཀྱི་ཆོས་ཉིད་དེ་མི་འབྲི་བར་བྱའོ། །དེ་ལ་སེམས་ཀྱི་ཆོས་ཉིད་གང ། སྒྲུབ་པ་གང་ཞེ་ན། སེམས་ནི། སྒྱུ་མ་དང་འདྲ་བ་སྟེ། དེ་ལ་སྒྲིབ་པར་བྱེད་པ་སུ་ཡང་མེད་དེ། དེ་ནི། སེམས་ཀྱི་ཆོས་ཉིད་དོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་ནས་སངས་རྒྱས་ཀྱི་ཞིང་རྣམ་པར་སྒྲུབ་པའི་རྒྱན་དུ་བསྔོ་བར་བྱེད་པ་དེ་ནི། སྒྲུབ་པར་བྱེད་པའོ། །སེམས་རྨི་ལམ་དང་འདྲ་བ་རབ་ཏུ་ཞི་བའི་མཚན་ཉིད་དེ་ནི། སེམས་ཀྱི་ཆོས་ཉིད་དེ། གང་ཡང་ཚུལ་ཁྲིམས་སྡོམ་པའི་ཚོགས་གསོག་གོ་ཅོག་དེ་ཐམས་ཅད་མྱུར་བའི་མངོན་པར་ཤེས་པར་བསྔོ་བ་དེ་ནི། སྒྲུབ་པའོ། །སེམས་སྨིག་རྒྱུ་ལྟ་བུ་ཤིན་ཏུ་ཟད་པར་གྱུར་པ་དེ་ནི། སེམས་ཀྱི་ཆོས་ཉིད་དེ་གང་ཡང་བཟོད་པའི་སྟོབས་དང ། དེས་པ་བྱང་ཆུབ་ཀྱི་རྒྱན་བསྒྲུབ་པའི་ཕྱིར་བསྔོ་བ་དེ་ནི། དེའི་སྒྲུབ་པའོ། །སེམས་ཆུ་ཟླ་ལྟ་བུ་ཤིན་ཏུ་དབེན་པས་དབེན་པ་དེ་ནི། སེམས་ཀྱི་ཆོས་ཉིད་དེ། གང་ཡང་བརྩོན་འགྲུས་རྩོམ་པ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྔོ་བ་དེ་ནི། དེའི་སྒྲུབ་པའོ། །སེམས་གཟུང་དུ་མེད་པ་མི་མཐོང་བ་དེ་ནི། སེམས་ཀྱི་ཆོས་ཉིད་དེ། གང་ཡང་བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང་མཉམ་པར་གཞག་པ་ཐམས་ཅད་སངས་རྒྱས་ཀྱི་ཏིང་ངེ་འཛིན་དུ་
339b
བསྔོ་བ་དེ་ནི། དེའི་སྒྲུབ་པའོ། །སེམས་གཟུགས་མེད་པ། མི་མཐོང་བ། མི་ཐོགས་པ། རྣམ་པར་མི་རིག་པ་དེ་ནི། སེམས་ཀྱི་ཆོས་ཉིད་དེ། གང་ཡང་དྲིས་པའི་ཚིག་ཐ་དད་པ་བསྟན་པ་ཐམས་ཅད་ཤེས་པས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བསྔོ་བ་དེ་ནི། དེའི་སྒྲུབ་པའོ། །དམིགས་པ་སྣ་ཚོགས་ལ་སེམས་སྐྱེ་བ་དེ་ནི། སེམས་ཀྱི་ཆོས་ཉིད་དེ། གང་ཡང་དགེ་བའི་རྩ་བ་ལ་དམིགས་པའི་སེམས་ཉེ་བར་སྦྱོར་བ་དེ་ནི། དེའི་སྒྲུབ་པའོ། །རྒྱུ་མེད་པ་ལས་སེམས་མི་སྐྱེ་བ་དེ་ནི། སེམས་ཀྱི་ཆོས་ཉིད་དེ། གང་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྒྱུའི་སེམས་བསྐྱེད་པ་དེ་ནི། དེའི་སྒྲུབ་པའོ། །གང་ཡུལ་མེད་པར་སེམས་མི་སྐྱེ་བ་དེ་ནི། དེའི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་སངས་རྒྱས་ཀྱི་ཡུལ་གྱི་རྒྱུའི་སེམས་ཉེ་བར་སྦྱོར་བ་དེ་ནི།་དེའི་སྒྲུབ་པའོ། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །དེ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་མངོན་པར་ཤེས་པ་ཐོབ་པའི་ཕྱིར་སེམས་ཤིན་ཏུ་འབྲེལ་པར་བྱེད་དེ། དེ་མངོན་པར་ཤེས་པ་ཐོབ་ནས་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེའི་རང་བཞིན་གྱི་ཆོས་འཆད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སྙིང་རྗེ་ཆེན་པོ་ཐོབ་པའི་ཕྱིར་སེམས་ཉེ་བར་
340a
༄#། །འབྲེལ་པར་བྱེད་དེ། སྙིང་རྗེ་ཆེན་པོ་ཐོབ་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བའོ། །སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སེམས་ཟད་པ་དང ། སེམས་འགག་པར་བྱ་བའི་ཕྱིར་སེམས་གནས་པར་མི་བྱེད་ཀྱི། འཁོར་བའི་རྒྱུན་གྱི་ཀུན་ཏུ་སྦྱོར་བ་རྣམས་ཀྱི་སེམས་མངོན་པར་སྒྲུབ་སྟེ། སེམས་ཀྱི་དྲན་པ་ཤེས་པ་དེ་མ་སྐྱེས་པ་དང ། མི་སྐྱེ་བ་ངེས་པར་གྱུར་པ་ལ་ཞུགས་པའི་ཆོས་རྣམས་ཀྱིས་གནས་ཏེ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ ། ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་སེམས་ཀྱི་རྒྱུད་དེ་རྒྱུན་ཆགས་པར་བྱེད་དོ། །སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་འཚང་རྒྱ་སྟེ། ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །ཤཱ་རིའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡིན་ཞེ་ན། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔས་འཕགས་པའི་ཤེས་རབ་ཀྱི་མིག་གིས་ཆོས་གང་མཐོང་བ་དེ་དག་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བར་མ་དོར་རྨོངས་པར་མི་འགྱུར་ཏེ། དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་
340b
གནས་པ་ན་གང་སྟོང་པ་ཉིད་དུ་མ་གཏོགས་པ་དང ། མཚན་མ་མེད་པར་མ་གཏོགས་པ་དང ། སྨོན་པ་མེད་པར་མ་གཏོགས་པ་དང ། མི་སྐྱེ་བར་མ་གཏོགས་པ་དང ། མ་སྐྱེས་པར་མ་གཏོགས་པ་དང ། མངོན་པར་འདུ་མི་བྱེད་པར་མ་གཏོགས་པ་དང ། དངོས་པོ་མེད་པར་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མི་མཐོང་ངོ ། །གང་རྟེན་ཅིང་འབྲེལ་པར་འབྱུང་བར་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །བྱང་ཆུབ་སེམས་དཔའ་དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཆོས་ཉིད་ཡང་དག་པར་རྗེས་སུ་མཐོང་གི་།ཆོས་མ་ཡིན་པ་མི་མཐོང་ངོ ། །དེ་ལ་ཆོས་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པའི་དོན་དང ། སེམས་ཅན་མེད་པའི་དོན་དང ། སྲོག་མེད་པའི་དོན་དང ། གང་ཟག་མེད་པའི་དོན་ཏེ། དེ་ནི། ཆོས་ཞེས་བྱའོ། །དེ་ལ་ཆོས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང ། སེམས་ཅན་དུ་ལྟ་བ་དང ། སྲོག་ཏུ་ལྟ་བ་དང ། གང་ཟག་ཏུ་ལྟ་བ་དང ། ཆད་པར་ལྟ་བ་དང ། རྟག་པར་ལྟ་བ་དང ། འབྱུང་བར་ལྟ་བ་དང ། འཇིག་པར་ལྟ་བ་སྟེ། དེ་ནི། ཆོས་མ་ཡིན་པ་ཞེས་བྱའོ། །ཡང་ཤཱ་རིའི་བུ། ཆོས་ཐམས་ཅད་ནི། ཆོས་སོ། །ཆོས་ཐམས་ཅད་ནི། ཆོས་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ཤེས་པའི་ཕྱིར་ཆོས་ཐམས་ཅད་ཆོས་སོ། །བདག་དང་བདག་གིར་ལྟ་བའི་བག་ལ་ཉལ་
341a
༄#། །བའི་ཕྱིར་ཆོས་ཐམས་ཅད་ཆོས་མ་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཆོས་དེ་དག་ལ་གང་ཡང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་གང་ལས་བྱང་ཆུབ་ཏུ་མི་འགྱུར་བ་དང ། གང་ལས་སངས་རྒྱས་སུ་མི་འགྱུར་བ་དང ། གང་ལས་ལམ་དུ་མི་འགྱུར་བ་དང ། གང་ལས་ཐར་པར་མི་འགྱུར་བ་དང ། གང་ལས་འབྱུང་བར་མི་འགྱུར་བའི་ཆོས་རྡུལ་ཙམ་ཡང་མི་མཐོང་སྟེ། དེ་ཆོས་ཐམས་ཅད་འབྱུང་བར་ཤེས་ནས་སྒྲིབ་པ་མེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་འཐོབ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ལའང་དེ་དག་ཉོན་མོངས་པ་དང་བཅས་པ་མ་ཡིན་གྱི། དེ་དག་ཉོན་མོངས་པ་མེད་པའོ། །ཞེས་བཅོས་མར་འདུ་ཤེས་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་དག་ནི། ངེས་པའི་དོན་ལ་ཡང་དག་པར་འཇུག་པ་སྟེ། ཉོན་མོངས་པ་རྣམས་ལ་བསགས་པའམ། ཕུང་པོའི་དངོས་པོ་མེད་དེ། དེ་དག་ཉིད་རྗེས་སུ་རྟོགས་པའི་ཕྱིར་བྱང་ཆུབ་བོ། །ཉོན་མོངས་པའི་རང་བཞིན་གང་ཡིན་པ་བྱང་ཆུབ་ཀྱི་རང་བཞིན་ཡང་དེ་ཡིན་ནོ། །བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་ཉོན་མོངས་པའི་རང་བཞིན་ཡང་དེ་ཡིན་ཏེ། དེ་ལྟར་དྲན་པ་ཉེ་བར་གཞོག་ཀྱང་ཅུང་ཟད་ཀྱང་ཉེ་བར་འཇོག་པ་མེད། རབ་ཏུ་འཇོག་བ་མེད། མི་འཇོག་པ་མེད་དེ། ཆོས་ཉིད་དེ་གནས་པ་ཉིད་དུ་
341b
རབ་ཏུ་ཤེས་སོ། །དེ་བས་ན། ཆོས་ཀྱི་དབྱིངས་དེ་ནི། གནས་པ་ཉིད་ཅེས་བྱའོ། །ཆོས་ཀྱི་དབྱིངས་གནས་གང་ལ་གནས་པ་སེམས་ཅན་གྱི་ཁམས་ཀྱང་གནས་དེ་ལ་གནས་སོ། །སེམས་ཅན་གྱི་ཁམས་གནས་གང་ལ་གནས་པ་ནམ་མཁའི་ཁམས་ཀྱང་གནས་དེ་ལ་གནས་ཏེ། དེ་བས་ན། ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སངས་རྒྱས་ཀྱི་ཆོས་ལ་རྟོན་པ་ཡིན། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མོས་པར་བྱེད་དེ། དེ་ཟད་པ་ཤེས་པ་ཡང་བསྐྱེད་མོད་ཀྱི། འདུས་མ་བྱས་པའི་ཟད་པ་ཡང་མངོན་དུ་མི་བྱེད། མི་སྐྱེ་བ་ཤེས་པ་ཡང་མངོན་པར་སྒྲུབ་མོད་ཀྱི། སེམས་ཅན་ལ་བལྟ་བའི་ཕྱིར་ཡང་སྐྱེ་ལ། མི་སྐྱེ་བའི་མཐའ་དེ་ཡང་མི་གཏོང་ངོ ། ། དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་དང་དྲན་པ་དེ་ལ་གཞོག་པར་བྱེད་ཅིང ། ཉན་ཐོས་སམ། རང་སངས་རྒྱས་སམ། སངས་རྒྱས་ཀྱི་ཆོས་ཇི་སྙེད་ཆོས་སུ་གདགས་པ་དེ་དག་ཐམས་ཅད་མ་ལུས་པར་དྲན་པ་དེ་ལ་འཇོག་སྟེ། དྲན་པ་དེ་ཡང་བརྗེད་པར་མི་བྱེད། ཕྱི་མའི་མཐའི་བར་དུ་རྨོངས་པར་མི་བྱེད་དོ། །ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པའོ། །ཞེས་བྱ་བ་དེ་ནི། བསྟན་པ་དཔག་ཏུ་མེད་པ་སྟེ། ཀུན་ཏུ་སྤྱོད་ཡུལ་མ་ཡིན་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་འདུལ་བ། སེམས་ཅན་ཐམས་ཅད་ཀྱི་
342a
༄#། །སེམས་ཚིམ་པར་བྱེད་པ། བདུད་ཐམས་ཅད་འདུལ་བ་རང་བྱུང་བ་རྟོགས་པའི་ཕྱིར་ཏེ། ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །དེ་དག་ནི། དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་སྟེ། ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་འདི་བདུན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། ཤཱ་རིའི་བུ། དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། ། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་གང་གིས་ཆོས་རྟོགས་པར་བྱེད། ཆོས་ལ་སོ་སོར་རྟོག་པར་བྱེད། ཆོས་ལ་དཔྱོད་པར་བྱེད། འཆོས་ཡོངས་སུ་ཚོལ་
342b
བར་བྱེད་ཅིང་ཆོས་རྣམ་པར་འབྱེད་པར་བྱེད་པ་དང ། ཆོས་ལ་རྣམ་པར་རྟོག་པར་བྱེད་དེ། དེ་དྲན་པ་དེས་གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ཡང་རྗེས་སུ་རྟོགས་སོ། །ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཤེས་པ་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་སྟེ། གང་དེ་ལྟར་དྲན་ཞིང་ཁོང་ཆུད་པ་དེ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་སྟེ། ངེས་པའི་དོན་ཀྱང་ངེས་པའི་དོན་དུ། དྲང་བའི་དོན་ཀྱང་དྲང་བའི་དོན་དུ། ཀུན་རྫོབ་ཀྱི་དོན་ཀྱང་ཀུན་རྫོབ་ཀྱི་དོན་དུ། དོན་དམ་པའི་དོན་ཀྱང་དོན་དམ་པའི་དོན་དུ། བརྡ་ཡང་བརྡར། རྣམ་པར་གཏན་ལ་བབ་པ་ཡང་རྣམ་པར་གཏན་ལ་བབ་པར་ཆོས་དེ་དག་ཇི་ལྟར་རབ་ཏུ་དབྱེ་བར་བྱ་བ་དེ་བཞིན་དུ་དེ་དག་རྣམ་པར་འབྱེད་པར་བྱེད་དེ། དེ་ནི། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཡན་ལག་གང་ཞེ་ན། གང་ཆོས་རྣམ་པར་འབྱེད་པ་དེ་ཉིད་ཀྱི་དགའ་བ་དང ། ཤིན་ཏུ་སྦྱངས་པ་དང ། ཏིང་ངེ་འཛིན་དང ། བཏང་སྙོམས་དང ། ཡེ་ཤེས་ཀྱི་བར་དུ་འཛིན་པ་དང ། སྤྲོ་བ་དང ། སྟོབས་དང ། རྟུལ་བ་དང ། མི་ལྡོག་པའི་མོས་པ་དང ། མཐུ་དང ། བརྩོན་པ་མི་འདོར་བ་དང ། ལམ་མངོན་པར་རྟོགས་
343a
༄#། །པར་བྱ་བ་ལ་བརྩོན་འགྲུས་རྩོམ་པ་སྟེ། དེ་ནི། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དགའ་བ་གང་དང ། ཆོས་ལ་དགའ་བ་གང་དང ། ཆོས་ལ་མཆོག་ཏུ་དགའ་བ་གང་གིས་སེམས་མི་ཞུམ་ཞིང་དང་བ་སྟེ། མ་ཞུམ་པའི་དགའ་བ་དེས་གང་ལུས་སམ།་སེམས་ཀྱང་ཤིན་ཏུ་བྱང་བར་བྱེད་ལ། ཀུན་ནས་ཉོན་མོངས་པ་ཡང་སེལ་བ་དེ་ནི། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ལུས་ཤིན་ཏུ་སྦྱངས་པ་དང ། སེམས་ཤིན་ཏུ་སྦྱངས་པ་དང ། ཉོན་མོངས་པ་ཤིན་ཏུ་སྦྱངས་པ་དང ། སྒྲིབ་པ་མེད་པ་དང ། ཏིང་ངེ་འཛིན་དུ་དམིགས་པ་ལ་སེམས་ཉེ་བར་གཞོག་པ་སྟེ། དེ་ནི། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་སེམས་མཉམ་པར་བཞག་པས་ཆོས་ཤེས་པ་རྟོགས་པར་འགྱུར་ཏེ། སེམས་མཉམ་པར་མ་བཞག་པས་ནི། མ་ཡིན་པ་དང ། སེམས་མཉམ་པར་གཞག་པས་ཆོས་དེ་དག་མངོན་པར་རྫོགས་པར་འཚང་རྒྱའི། སེམས་མཉམ་པར་མ་གཞག་བསམ་ཡིན་ཏེ། ཆོས་མཉམ་པ་ཉིད་དང ། ཆོས་ལ་གཞོལ་བ་མ་གཏོགས་པར་རྗེས་སུ་ཆགས་པའི་ཀུན་
343b
ནས་དཀྲིས་པས་རྟོགས་པར་མི་བྱེད་དེ། དེ་ནི། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཡིད་བདེ་བ་དང ། གང་ཡིད་མི་བདེ་བའི་ཆ་དང་མཐུན་པའི་ཆོས་རྣམས་ལ་སེམས་མི་འཛིན་པ་དང ། འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོག་པ་དང ། མཐོན་དམན་དུ་མི་གནས་པའི་ཕྱིར་རབ་ཏུ་མི་གཡོ། མི་འཁྲུག་།རབ་ཏུ་མི་འཁྲུག་།ཡང་དག་པར་མི་འཁྲུག་།ཆགས་པར་མི་བྱེད། ཞེ་སྡང་བར་མི་བྱེད་ཀྱི། འཕགས་པའི་ལམ་དེ་ཉིད་དང་མཐུན་པར་བྱེད་པ་སྟེ། དེ་ནི། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། བམ་པོ་བཅུ་དགུ་པ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི། འདི་བརྒྱད་དོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་བརྒྱད་པའོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། ལྟ་བ་གང་འཕགས་
344a
༄#། །པ་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། སེམས་ཅན་དུ་ལྟ་བ་ལས་ལངས་པ་མ་ཡིན། སྲོག་ཏུ་ལྟ་བ་ལས་ལངས་པ་མ་ཡིན།་གང་ཟག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། ཆད་པ་དང་རྟག་པ་དང ། འབྱུང་བ་དང་འཇིག་པར་ལྟ་བ་ལས་ལངས་པ་མ་ཡིན། དགེ་བ་དང་མི་དགེ་བར་ལྟ་བ་ལས་ལངས་པ་མ་ཡིན་པ་ནས་མྱ་ངན་ལས་འདས་པར་ལྟ་བ་ལས་ལངས་པ་མ་ཡིན་པ་སྟེ། དེ་ནི། ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་གིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ལ་སོགས་པའི་ཉོན་མོངས་པ་གནས་པར་འགྱུར་བའི་རྟོག་པ་དེ་ལྡང་བར་མི་འགྱུར་གྱི། རྟོག་པ་གང་གིས་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འབྱུང་བར་འགྱུར་བ་དེ་ལ་རྟོག་པ་སྟེ། དེ་ནི། ཡང་དག་པའི་རྟོག་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་གང་ཞེ་ན། ཡང་དག་པའི་ངག་གང་གིས་བདག་དང ། གཞན་ལ་མི་གདུང་ཞིང ། དེ་ཕན་པའི་རྗེས་སུ་སྦྱོར་བའི་ངག་དང་ལྡན་པ་ཡིན་ཏེ། ངག་དེས་ལམ་མཉམ་པ་ལ་འཇུག་པ་དེ་ནི།་ཡང་དག་པའི་ངག་ཅེས་བྱའོ། །དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། གང་ལས་ནག་ལ་རྣམ་པར་སྨིན་པ་ནག་པ་དེ་ལྟ་བུ་མངོན་པར་འདུ་མི་བྱེད་པ་དང ། གང་ལས་
344b
དཀར་ལ་རྣམ་པར་སྨིན་པ་དཀར་པ་དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་པ་དང ། གང་ལས་དཀར་ནག་ལ་རྣམ་པར་སྨིན་པ་དཀར་ནག་ཏུ་འགྱུར་བ་དེ་ལྟ་བུའི་ལས་མངོན་པར་འདུ་མི་བྱེད་པ་དང ། གང་ལས་དཀར་ནག་མ་ཡིན་ལ་རྣམ་པར་སྨིན་པར་མི་འགྱུར་བ་ལས་ཟད་པར་འགྱུར་བ་དེ་ལྟ་བུའི་ལམ་མངོན་པར་འདུ་བྱེད་པ་སྟེ། དེ་ལས་བདག་གིར་བྱ་བ། ལས་ལ་རྟོན་པ། ཡང་དག་པའི་ལས་ལ་བརྩོན་པས་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་དང ། སྦྱངས་པའི་ཡོན་ཏན་མི་གཏོང་བ་དང ། ཁ་གསག་མེད་པ་དང ། ཚུལ་འཆོས་པ་མེད་པ་དང ། ཐོབ་ཀྱིས་འཇལ་བ་མེད་པ་དང ། དགང་སླ་བ་དང ། གསོ་སླ་བ་དང ། ཆོ་ག་མི་ལྷོད་པ་དང ། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང ། བདག་གི་རྙེད་པས་ཆོག་ཤེས་པ་དང ། ཁ་ན་མ་ཐོ་བ་མེད་པ་དང ། འཕགས་པས་གནང་བའི་འཚོ་བ་སྟེ། དེ་ནི། ཡང་དག་པའི་འཚོ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན། རྩོལ་བ་ལོག་པར་སྤྱོད་པར་བཤད་པ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གང་ཉོན་མོངས་པ་བག་ལ་ཉལ་བའི་རྩོལ་བ་དེ་མི་འདོད་ཀྱི། རྩོལ་བ་གང་འཕགས་པའི་ལམ་དང ། བདེན་པ་ལ་འཇུག་པ། མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་འཇོག་པར་བྱེད་པའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་སྟེ། དེ་ནི། ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་ལ་
345a
༄#། །ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་ཏུ་ཉེ་བར་གཞོག་པ་དང ། ཐ་མལ་པ་མ་ཡིན་པ་དང ། དྲང་བ་དང ། གྱ་གྱུ་མེད་པ་དང ། འཁོར་བའི་ཉེས་པ་དང་སྐྱོན་ལ་ལྟ་བ་དང ། མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པའི་དྲན་པ་དང ། དྲན་པར་བྱེད་པ་དང ། འཕགས་པའི་ལམ་མི་བརྗེད་པ་སྟེ། དེ་ནི། ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པ་ཉིད་དུ་མཉམ་པ། ཆོས་ཐམས་ཅད་ལ་མཉམ་པ་སྟེ། ཏིང་ངེ་འཛིན་དེ་ལ་རབ་ཏུ་གནས་ན་ཡང་དག་པ་ཉིད་དུ་འཇུག་སྟེ། གང་ཡང་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལ་གནས་ནས་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པ་ཉིད་དུ་འཇུག་པ་དེ་ནི། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་མི་ཟད་པ་འདི་བྱང་ཆུབ་སེམས་དཔས་མངོན་པར་རྟོགས་ནས་འཆད་པ་དང ། སྟོན་པ་དང ། ཡང་དག་པར་རབ་ཏུ་སྟོན་པ་དེ་ནི། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་ལམ་ལ་མཁས་པའོ། །གཞན་ཡང་ལམ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་གཉིས་པ་སྟེ། ཡན་ལག་གཉིས་གང་ཞེ་ན།
345b
འདི་ལྟ་སྟེ། ཞི་གནས་དང ། ལྷག་མཐོང་སྟེ། དེ་ནི། ལམ་ཡན་ལག་གཉིས་པ་ཞེས་བྱའོ། །དེ་ལ་ཞི་གནས་གང་ཞེ་ན། གང་སེམས་ཀྱི་ཞི་བ་དང ། རབ་ཏུ་ཞི་བ་དང ། ཉེ་བར་ཞི་བ་དང ། མི་གཡེང་བ་དང ། དབང་པོ་རྣམས་བསྡམས་པ་དང ། མི་རྒོད་པ་དང ། མ་ཁེངས་པ་དང ། མི་འཕྱར་བ་དང ། མུ་ཅོར་མི་སྨྲ་བ་དང ། དེས་པ་དང ། སྦས་པ་དང ། གཡོ་མེད་པ་དང ། ཡིད་དུ་འོང་བ་དང ། གཅིག་པུར་དགའ་བ་དང ། འདུ་འཛི་སེལ་བ་དང ། དབེན་པར་དགའ་བ་དང ། ལུས་དབེན་པ་དང ། སེམས་མ་འཁྲུལ་བ་དང ། དགོན་པའི་སྒོ་ཡིད་ལ་བྱེད་པ་དང ། ཆོག་ཤེས་པ་དང ། འདོད་པ་ཉུང་བ་དང ། འཚོ་བ་ཡོངས་སུ་དག་པ་དང ། ཆོ་ག་ཕུན་སུམ་ཚོགས་པ་དང ། སྤྱོད་ལམ་སྦས་པ་དང ། དུས་ཤེས་པ་དང ། ཚོད་ཤེས་པ་དང ། དྲོད་ཤེས་པ་དང ། དགང་སླ་བ་དང ། གསོ་སླ་བ་དང ། སོ་སོར་རྟོག་པ་དང ། མི་མཐོ་མི་དམའ་བ་དང ། ཚིག་ངན་པ་སྨྲས་པ་བཟོད་པ་དང ། རྣལ་འབྱོར་གྱི་སྒོར་སེམས་བསྐྱེད་པ་དང ། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་དང ། བསམ་གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང ། བྱམས་པ་བསྐྱེད་པ་དང ། སྙིང་རྗེ་མངོན་པར་སྒྲུབ་པ་དང ། དགའ་བ་ལ་གནས་པ་དང ། བཏང་སྙོམས་སྒོམ་པ་དང ། བསམ་གཏན་དང་པོ་ནས་བརྒྱད་ཀྱི་བར་དུ་མཐར་གྱིས་སྙོམས་པར་འཇུག་པ་སྟེ། དེ་ནི། ཞི་གནས་ཞེས་བྱའོ། །གང་ཞི་གནས་ཀྱི་ཚོགས་ཚད་མེད་པ་སྟེ། ཚོགས་དེ་ལ་གང་རྗེས་སུ་རྟོགས་པ་དེ་
346a
༄#། །ནི།་ཞི་གནས་ཞེས་བྱའོ། །དེ་ལ་ལྷག་མཐོང་གང་ཞེ་ན། གང་ཤེས་རབ་ཀྱི་ཆ་དང་མཐུན་པའི་སྒོམ་པའི་ལམ་སྟེ། ཆོས་རྣམས་ལ་གཡོ་བ་མེད་པ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གང་ཟག་མེད་པ་དང ། ཕུང་པོ་རྣམས་ལ་སྒྱུ་མའི་ཕུང་པོར་མཐོང་བའི་ཤེས་པ་དང ། ཁམས་རྣམས་ལ་ཆོས་ཀྱི་ཁམས་སུ་མཐོང་བའི་ཤེས་པ་དང ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་མཐོང་བའི་ཤེས་པ་དང ། མིག་ལ་རབ་ཏུ་རྣམ་པར་ཕྱེ་བ་མཐོང་བའི་ཤེས་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་འགལ་བར་མཐོང་བའི་ཤེས་པ་དང ། སེམས་ཅན་དུ་ལྟ་བ་དང་བྲལ་བར་མཐོང་བའི་ཤེས་པ་དང ། རྒྱུ་དང་འབྲས་བུ་རྣམ་པར་སྨིན་པ་མཐོང་བའི་ཤེས་པ་དང ། འབྲས་བུ་ཐོབ་པ་མངོན་སུམ་དུ་བྱ་བ་མཐོང་བའི་ཤེས་པ་དང ། ཡང་དག་པ་ཉིད་དུ་འཇུག་པ་ལ་འཇུག་པར་བྱེད་པ་མཐོང་བའི་ཤེས་པའོ། །ཡང་ལྷག་མཐོང་ཞེས་བྱ་བ་ནི། འདི་ལྟ་སྟེ། ཆོས་རྣམས་ཇི་ལྟ་བ་བཞིན་དུ་མཐོང་བ་དང ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་དང ། ཆོས་རྣམས་ཀྱི་གཞན་མ་ཡིན་པ་ཉིད་མཐོང་བ་དང ། ཆོས་རྣམས་ཀྱི་སྟོང་པ་ཉིད་མཐོང་བ་དང ། མཚན་མ་མེད་པ་མཐོང་བ་དང ། སྨོན་པ་མེད་པ་མཐོང་བའོ། །ཡང་ལྷག་མཐོང་ཞེས་བྱ་བ་ནི། རྒྱུས་མཐོང་བ་མེད་པ་དང ། རྒྱུ་མེད་པར་མཐོང་བ་མེད་པ་དང ། སྐྱེ་བ་དང ། འཇིག་པ་དང ། གནས་པའི་རྒྱུས་མཐོང་
346b
བ་མེད་པ་དང ། དམིགས་པའི་རྒྱུས་མཐོང་བ་མེད་ཅིང་ལྷག་པར་མཐོང་ཡང་ཅུང་ཟད་ལྷག་པར་མི་མཐོང་བའོ། །གཞན་ཡང་ལྷག་མཐོང་ནི། མཐོང་བས་ཀྱང་མཐོང་ལ། བལྟ་བ་ཡང་མི་མཐོང་བ་སྟེ། གང་གི་ཚེ་དེ་ལྟར་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་བའོ། །ཡང་དག་པ་མཐོང་ན། ལྷག་མཐོང་ལ་མཁས་པ་ཡང་རྗེས་སུ་འཐོབ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་ལྷག་མཐོང་དེ་ལྟར་མཐོང་ལ། མངོན་པར་འདུ་བྱེད་པར་ཡང་མི་ལྟུང་ཞིང་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལ་ཡང་མི་གནས་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་ལྷག་མཐོང་ངོ ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཞི་གནས་དང ། ལྷག་མཐོང་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ལམ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་དང ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་དང ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་
347a
༄#། །འཇོག་པ་དང ། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང ། ཕྱིར་ཞིང་འབྱུང་བ་དང ། ཉམས་པར་མི་འགྱུར་བ་དང ། ཆུད་མི་ཟ་བར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པའོ། །གང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅེས་བྱ་བ་ནི། ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དྭགས་སོ། །འབད་པར་བྱེད། བརྩོན་འགྲུས་རྩོམ་ཞེས་བྱ་བ་ནི། ཚུལ་བཞིན་ཡིད་ལ་བྱེད་པ་དེ་མི་གཏོང་བའོ། །སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་སོ་སོར་རྟོག་པའི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་ནི། མི་དགེ་བའི་ཆོས་རྣམས་མི་འབྱུང་བའི་ཕྱིར་རོ། །དེ་ལ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དང ། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང ། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་སོ། །དེ་ལ་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པ་དང ། གང་གཞན་ལ་ལ་ཚུལ་ཁྲིམས་ཉམས་པར་འགྱུར་བའི་ཆོས་རྣམས་ཏེ། དེ་ནི། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་ཆོ་ག་ཉམས་པ་དང ། གང་
347b
གཞན་ལ་ལ་སེམས་གཡེང་བར་བྱེད་པའི་ཆོས་ཏིང་ངེ་འཛིན་གྱི་ཕུང་པོའི་མི་མཐུན་པའི་ཕྱོགས་དེ་ནི། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཉམས་པ་དང ། གང་གཞན་ལ་ལ་ལྟ་བ་ཀུན་ནས་ལྡང་བ། སྒྲིབ་པར་བྱེད་པའི་ཆོས་གང་ཤེས་རབ་ཀྱི་ཕུང་པོའི་མི་མཐུན་པའི་ཕྱོགས་དེ་ནི། ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་སྟེ། དེ་ནི། སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་གང་གིས་སྡིག་པ་མི་དགེ་བའི་ཆོས་དེ་ལྟ་བུ་དེ་དག་སྤང་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་སྟེ། དེ་བས་ན། མི་དགེ་བའི་ཆོས་དེ་དག་སེམས་ལ་ཕུང་པོར་གྱུར་པ་མ་ཡིན། ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །གང་ཡང་མི་དགེ་བའི་ཆོས་དེ་རྣམས་སེམས་ལ་རྒྱུ་བའི་སྡུག་པའི་རྣམ་པས་འདོད་ཆགས་སམ། ཁོང་ཁྲོ་བའི་རྣམ་པས་ཞེ་སྡང་དམ། མ་རིག་པའི་རྣམ་པས་གཏི་མུག་གམ། རྒྱུ་དང་སྒྲིབ་པ་གང་དག་ལས་བྱུང་བ་ཤེས་ཤིང་དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་རྣམ་པ་མི་གཙང་བས་འདོད་ཆགས་ཞི་བར་བྱེད། བྱམས་པས་ཞེ་སྡང་ཞི་བར་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བས་གཏི་མུག་ཞི་བར་བྱེད་དེ། གང་ཀུན་ནས་ཉོན་མོངས་པ་དེ་དག་ཞི་བ་དེ་ནི། ཐ་སྙད་དུ་བཏགས་པའི་ཕྱིར་སྤོང་བ་ཞེས་
348a
༄#། །བྱའོ། །གང་སྤོང་བ་དེ་ནི། གང་ཡང་རྙེད་པར་མི་འགྱུར་རོ། །མཉམ་པ་ཉིད་ཀྱི་ཆོས་ཐམས་ཅད་མངོན་སུམ་པས་ན། དེའི་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱ་སྟེ། དེ་ནི། ཡང་དག་པར་སྤོང་བ་གཉིས་པའོ། །གང་ཡང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱ་བ་དེ་ནི། གནས་ཚད་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དག་པར་བསྒྲུབ་པར་བྱ་བའི་དགེ་བའི་ཆོས་ཚད་མེད་པའི་ཕྱིར་རོ། །དེ་ལ་འདུན་པ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བའོ། །བརྩོན་འགྲུས་ཡང་དག་པར་བསྒྲུབས་པ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བའོ། །སེམས་རབ་ཏུ་འཛིན་པ་ཉམས་སུ་ལོན་པར་བྱེད་པ་དེ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ནི། ཡང་དག་པར་སྤོང་བ་གསུམ་པའོ། །གང་ཡང་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང ། ཉམས་པར་མི་འགྱུར་བ་དང ། ཆུད་མི་ཟ་བར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པའི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པ་ནི། མཐར་བྱང་ཆུབ་
348b
ཀྱི་སྙིང་པོའི་བར་དུ་སླར་ཆུད་ཟ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཁམས་གསུམ་ལ་མི་གནས་པར་སེམས་བསྐྱེད་པའི་ཕྱིར་རོ། །གང་ཁམས་གསུམ་ལ་གནས་པའི་དགེ་བའི་རྩ་བ་དེ་ནི། ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་བསྐྱེད་པ་དེ་ནི། ཁམས་གསུམ་ལ་གནས་པའི་ཕྱིར་རོ། །གང་ཡང་དགེ་བའི་རྩ་བ་ཁམས་གསུམ་ལ་མི་གནས་པ་ཐམས་ཅད་མཁྱེན་པར་བསྔོས་པ་དེ་ལ་ཟད་པ་གང་ཡང་མེད་དེ། དེ་ནི། ཡང་དག་པར་སྤོང་བ་བཞི་པའོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའ་ལམ་ཡན་ལག་བཞི་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ལམ་ལ་མཁས་པ་ནི། བྱང་ཆུབ་སེམས་དཔའ་ལམ་ཡན་ལག་ལྔ་པ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་དབང་པོ་དང ། དྲན་པའི་དབང་པོ་དང ། ཏིང་ངེ་འཛིན་གྱི་དབང་པོ་དང ། ཤེས་རབ་ཀྱི་དབང་པོ་སྟེ། དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པར་བྱེད་པ་སྟེ། བཞི་གང་ཞེ་ན། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་མངོན་པར་དད་དེ། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན། དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དད་དེ་སྤྱོད་པ་ལ་ཞུགས་པ་དེ། ཐེག་པ་གཞན་ལ་འདོད་པར་མི་བྱེད་པ་དང ། དོན་དམ་པ་ངེས་པའི་དོན་དང ། རྟེན་
349a
༄#། །ཅིང་འབྲེལ་པར་འབྱུང་བ་ཟབ་མོ་དང ། སེམས་ཅན་ལ་རྣམ་པར་སྤྱོད་པ་དང ། སྟོང་པ་ཉིད་དང ། མཚན་མ་མེད་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ལ་དད་དེ་བལྟ་བར་བྱ་བ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང ། སྟོབས་དང ། མི་འཇིགས་པ་རྣམས་ལ་དད་ཅིང་ཐོས་ནས་ཐེ་ཚོམ་མེད་ནེམ་ནུར་མེད་པར་ཆོས་དེ་རྣམས་སྡུད་པར་བྱེད་པ་དེ་ནི། དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པ་དེ་བརྩོན་འགྲུས་ཀྱི་དབང་པོས་བསྐྱེད་པར་བྱེད་པ་སྟེ། དེ་ནི། བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །ཆོས་གང་དག་བརྩོན་འགྲུས་ཀྱིས་བསྡུས་པ་དེ་དག་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པ་དེ་ནི། དྲན་པའི་དབང་པོ་ཞེས་བྱའོ། །ཆོས་གང་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་དེ་ནི། ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །ཆོས་གང་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་པར་བྱེད་པ་དེ་དག་ཤེས་རབ་ཀྱི་དབང་པོས་སོ་སོར་རྟོག་པར་བྱེད་དེ། གང་ཆོས་དེ་དག་ཤེས་པ་དེ་ནི། ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ན། དབང་པོ་ལྔ་པོ་དེ་དག་ལྷན་ཅིག་ཏུ་འབྲེལ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། ལུང་བསྟན་པའི་ས་ཡང་ཐོབ་པར་བྱེད་དེ། འདི་
349b
ལྟ་སྟེ། དཔེར་ན། ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་མངལ་ན་འདུག་པ་བུད་མེད་དང་སྐྱེས་པའི་དབང་པོར་མ་གྱུར་གྱི་བར་དུ་མངལ་ན་འདུག་པ་ལ་ལུང་མི་སྟོན་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དབང་པོ་ལྔ་པོ་དེ་དག་དང་མི་ལྡན་གྱི་བར་དུ་ལུང་མི་སྟོན་ཏེ། དེ་ནི། ལམ་ཡན་ལག་ལྔ་པའོ། །དེ་ལྟར་ན།་བྱང་ཆུབ་སེམས་དཔའ་ལམ་ཡན་ལག་ལྔ་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ལམ་ཡན་ལག་ལྔ་ལ་མཁས་པ་གང་ཞེ་ན། ཡན་ལག་ལྔ་ནི། འདི་ལྟ་སྟེ། དད་པའི་སྟོབས་དང ། བརྩོན་འགྲུས་ཀྱི་སྟོབས་དང ། དྲན་པའི་སྟོབས་དང ། ཏིང་ངེ་འཛིན་གྱི་སྟོབས་དང ། ཤེས་རབ་ཀྱི་སྟོབས་སོ། །དེ་ལ་དད་པའི་སྟོབས་གང་ཞེ་ན། གང་མོས་པ་དད་པ་མགོ་གཅིག་པ་མི་རྫི་བ་སྟེ། གལ་ཏེ་དེའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ཏེ་འོངས་ནས་ཆོས་ཀྱི་ཡེ་ཤེས་ལ་དད་པ་གང་ཡང་རུང་བ་ལ་ལ་ཞིག་གིས་ཆོས་འདི་དག་ནི། སངས་རྒྱས་ཀྱི་ཆོས་མ་ཡིན་ནོ། །ཞེས་དབྲལ་བར་བྱེད། འདུན་པ་ཟློག་པར་བྱེད་ཀྱང་ཡོངས་སུ་བརྟག་པ་བཟུང་ན། འབྱུང་བ་ཆེན་པོ་བཞི་རྣམས་ནི། གཞན་དུ་འགྱུར་གྱི། དད་པའི་སྟོབས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི། དེ་ལྟ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སྟོབས་
350a
༄#། །ལས་འབྲལ་བར་མི་ནུས་པ་དེ་ནི། དད་པའི་སྟོབས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། གང་བརྩོན་འགྲུས་རྩོམ་ཞིང་དགེ་བའི་ཆོས་གང་དང་གང་ལ་མངོན་པར་སྦྱོར་བ་དེ་དང་དེ་དག་ལ་བརྟན་པའི་སྟོབས་ཀྱི་མཐུ་ཐོབ་ཀྱང་གནས་དེར་མ་བསྒྲལ་གྱི་བར་དུ་སྟོབས་ཀྱི་མཐུ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱིས་རྣམ་པར་བཟློག་པའམ། བསྟན་པའམ། རྣམ་པར་བསླང་བར་མི་ནུས་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དྲན་པའི་སྟོབས་གང་ཞེ་ན། ཆོས་གང་དག་ལ་དྲན་པ་ཉེ་བར་གཞག་པས་སེམས་ཉེ་བར་བཞག་པ་སྟེ། དེ་ནི། ཉོན་མོངས་པ་གང་ཡང་རུང་བ་དག་གིས་གཏོང་བའམ་གཡེང་བར་མི་ནུས་ཏེ། དྲན་པའི་སྟོབས་བསྐྱེད་པ་དེས་ཉོན་མོངས་པ་ཐམས་ཅད་འཇོམས་ཤིང་དྲན་པ་དེ་ཡང་མི་ཆོམ་པ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་དྲན་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། གང་འདུ་འཛི་ཐམས་ཅད་དབེན་པར་སྤྱོད་པ་སྟེ། གང་དག་གི་ལམ་གྱི་སྒྲ་ཐམས་ཅད་ལ་ཡང་རྟོག་ལ་དེའི་བསམ་གཏན་དང་པོའི་སྒྲའི་ཚེར་མ་ལ་སྒྲིབ་པར་མི་བྱེད་པ་དང ། དགེ་བར་རྟོག་པ་ལ་ཡང་རྣམ་པར་རྟོག་མོད་ཀྱི། བསམ་གཏན་གཉིས་པ་ལ་ཡང་སྒྲིབ་པར་
350b
མི་འབྱུང་བ་དང ། དེ་དགའ་བ་དང་བདེ་བ་སྐྱེས་ཏེ་གནས་མོད་ཀྱི། དེའི་བསམ་གཏན་གསུམ་པ་ལ་ཡང་སྒྲིབ་པར་མི་འགྱུར་བ་དང ། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། དམ་པའི་ཆོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་བཏང་སྙོམས་པ་ཡང་མ་ཡིན་མོད་ཀྱི། བསམ་གཏན་བཞི་པ་ལ་ཡང་སྒྲིབ་པར་མི་འགྱུར་བ་སྟེ། དེ་བསམ་གཏན་དེ་བཞི་ལ་གནས་ན། བསམ་གཏན་དང་རྣམ་པར་ཐར་པས་གཞོམ་པར་མི་ནུས་ཏེ། དེ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་གཏོང་ལ་ཏིང་ངེ་འཛིན་གྱི་དབང་གིས་ཀྱང་མི་སྐྱེ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་གང་ཞེ་ན། གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་མི་ཚོམ་པའི་ཡེ་ཤེས་ཏེ། བྱང་ཆུབ་སེམས་དཔའི་སྐྱེས་མ་ཐག་ཏུ་བཟོའི་གནས་འཇིག་རྟེན་ན་ཇི་སྙེད་སྤྱོད་པ་དམ་པ་དང ། དགའ་བར་བྱེད་པ་དང ། རྙེད་དཀའ་བ་དེ་དག་ཐམས་ཅད་སློབ་དཔོན་མེད་པར་མངོན་དུ་འགྱུར་ཏེ། གང་འཇིག་རྟེན་ལས་འདས་པ་དག་ཀྱང་གང་གིས་འཇིག་རྟེན་དག་སྒྲོལ་བར་བྱེད་དེ། དེ་དག་བྱང་ཆུབ་སེམས་དཔའི་ཤེས་རབ་དང ། ཡེ་ཤེས་ཀྱི་སྟོབས་ཀྱིས་བྱུང་བ། ལྷ་དང ། མི་རྣམས་ཀྱིས་མི་ཆོམ་པ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་སོ། །འདི་ནི། ཡན་ལག་ལྔ་པའི་ལམ་གཞན་ནོ། །དེ་ལྟར་ན།
351a
༄#། །བྱང་ཆུབ་སེམས་དཔའ་ཡན་ལག་ལྔ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་མདོར་བསྡུ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི། མགོ་གཅིག་པ་སྟེ། དེ་ནི། ལམ་བགྲོད་པ་གཅིག་པའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་སུ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྲོགས་མེད་པར་ཤིན་ཏུ་བརྩོན་པའི་སྟོབས་ཀྱི་མཐུ་ཡོངས་སུ་བཟུང་བའི་བསམ་པས་གོ་ཆ་བགོས་པ་སྟེ། གཞན་གྱིས་མ་བསྟན་པ། གཞན་གྱི་དྲིང་མི་འཇོག་པ། བདག་ཉིད་བྱེད་པ། བདག་གི་སྟོབས་ཀྱིས་ཡང་དག་པར་འཕགས་པ་སྟེ། དེ་ལྟར་གོ་ཆ་སྲ་བ་བགོས་ནས་གང་སེམས་ཅན་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །གང་འཕགས་པ་ཐམས་ཅད་དང ། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །སྦྱིན་པ་ནི། ངའི་གྲོགས་མ་ཡིན་གྱི། ང་ནི། སྦྱིན་པའི་གྲོགས་སོ། །ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ནི། ངའི་གྲོགས་མ་ཡིན་གྱི། ང་ནི། དེ་དག་གི་གྲོགས་སོ། །ང་ནི།་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་རྣམས་ངས་བསླང་བར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ་དགེ་བའི་རྩ་བ་ཐམས་ཅད་ལ་རྒྱས་པར་
351b
ཤེས་པར་བྱའོ། །ང་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི་དགེ་བའི་རྩ་བ་ཐམས་ཅད་ངས་བསླང་བར་བྱའོ། །ཞེས་དེ་ལྟ་བུའི་ཆོས་རྣམས་ལ་གྲོགས་མེད་ཅིང་ང་གཅིག་པུ་གཉིས་སུ་མེད་པར་རྡོ་རྗེའི་གདན་ལ་འདུག་ནས་བདུད་སྟོབས་དང་བཅས་པ་བཏུལ་ཏེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དེ་ལ་ངེས་པར་རྟོག་པ་བསམ་པའི་སྦྱོར་བ་དེ་ནི། བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་པུ་ཞེས་བྱ་སྟེ། དེ་ལྟར་ན།་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་པུ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་མཁས་པ་སྟེ། དེ་ལྟར་ན།་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཅིག་པུ་དཔེན་པར་སོང་སྟེ་ནང་དུ་ཡང་དག་བཞག་ནས་འདི་ལྟར་སེམས་ལ་རྟོག་པ་སྐྱེས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་གང་ལས་འབྱུང་བར་འགྱུར་སྙམ་པ་དང ། དེ་འདི་ལྟར་སེམས་ཏེ། ཚུལ་བཞིན་མ་ཡིན་པ་བྱུང་བའི་ཕྱིར་མ་རིག་པ་འབྱུང ། མ་རིག་པ་བྱུང་བའི་ཕྱིར་འདུ་བྱེད་འབྱུང ། འདུ་བྱེད་བྱུང་
352a
༄#། །བའི་ཕྱིར་རྣམ་པར་ཤེས་པ་འབྱུང ། རྣམ་པར་ཤེས་པ་བྱུང་བའི་ཕྱིར་མིང་དང་གཟུགས་འབྱུང ། མིང་དང་གཟུགས་བྱུང་བའི་ཕྱིར་སྐྱེ་མཆེད་དྲུག་འབྱུང་སྐྱེ་མཆེད་དྲུག་བྱུང་བའི་ཕྱིར་རེག་པ་འབྱུང ། རེག་པ་བྱུང་བའི་ཕྱིར་ཚོར་བ་འབྱུང ། ཚོར་བ་བྱུང་བའི་ཕྱིར་སྲེད་པ་འབྱུང ། སྲེད་པ་བྱུང་བའི་ཕྱིར་ལེན་པ་འབྱུང ། ལེན་པ་བྱུང་བའི་ཕྱིར་སྲིད་པ་འབྱུང ། སྲིད་པ་འབྱུང་བའི་ཕྱིར་སྐྱེ་བ་འབྱུང ། སྐྱེ་བ་བྱུང་བའི་ཕྱིར་རྒ་ཤི་འབྱུང ། རྒ་ཤི་བྱུང་བའི་ཕྱིར་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འབྱུང་བར་འགྱུར་རོ། །སྙམ་མོ། །དེ་ཡང་འདི་ལྟར་སེམས་ཏེ། ཇི་ལྟར་མི་གཡོ་བ་དང ། མི་བྱེད་པ་དང ། བདག་པོ་མེད་པ་དང ། དགེ་བའི་རྒྱུ་ལས་བྱུང་བ་དང ། མི་དགེ་བའི་རྒྱུ་ལས་བྱུང་བ་དང ། མི་གཡོ་བའི་རྒྱུ་ལས་བྱུང་བ་དང ། མྱ་ངན་ལས་འདས་པའི་རྒྱུ་ལས་བྱུང་བའི་ཆོས་དེ་དག་ཐམས་ཅད་རྐྱེན་ལས་བྱུང་བ་སྟེ།་གང་ཡང་ལས་ཀྱི་རྒྱུ་གང་དག་གིས་སེམས་ཅན་གང་དག་གི་དབང་པོའི་རྒྱུ་ཚད་མ་དང ། ལྷག་པའི་ཆོ་གའི་རྒྱུ་ཚད་མའི་འབྲས་བུའི་རྒྱུ་འགྲུབ་པ་དང ། དེ་ལྟར་ཟིན་པ་དང ། མ་ཟིན་པ་ལ་གང་རྒྱུ་འདུས་པ་བྱུང་བ་དེ་ཐམས་ཅད་རབ་ཏུ་ཤེས་པ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་གང་འགག་
352b
ཅེ་ན།་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགགས་པའི་ཕྱིར་མ་རིག་པ་འགག་གོ་།མ་རིག་པ་འགགས་པའི་ཕྱིར་འདུ་བྱེད་འགགས་པ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་གི་བར་དུ་འགག་པར་འགྱུར་རོ། །ཞེས་དེ་སྙམ་དུ་སེམས་ཏེ། དེ་ལྟར་གང་དེ་ལ་ཤེས་པ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་ཆོས་ཐམས་ཅད་ནི།་རྒྱུ་ལ་རག་ལས། རྐྱེན་ལ་རག་ལས། འདུས་པ་ལ་རག་ལས་པ་སྟེ། གང་རྒྱུ་དང ། རྐྱེན་དང ། འདུས་པ་ལ་རག་ལས་པ་དེ་ནི། བདག་གི་བྱིན་གྱི་རླབས་མ་ཡིན། སྲོག་དང ། གང་ཟག་གི་བྱིན་གྱི་རླབས་མ་ཡིན་ཏེ། དེ་ལ་བགྲང་བ་གང་ཡང་མེད་དོ། །ཞེས་དེ་ལྟར་སེམས་ཏེ། གང་དེ་ལྟར་སེམས་པ་དེ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ། །དེ་ལྟར་ན།་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྣམ་པའི་རྐྱེན་དུ་སློང་བར་བྱེད་ལ། རྐྱེན་དེ་དག་ལ་ཡང་ཟད་པ་དང ། འགག་པར་སོ་སོར་རྟོག་ལ་སེམས་ཅན་ལ་བལྟ་བའི་ཕྱིར་ཟད་པ་དང་འགག་པ་མ་ཡིན་པ་ཡང་ཐོབ་པར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་མཁས་པ་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི། འདི་ལྟ་སྟེ། འདུས་བྱས་དང ། འདུས་མ་བྱས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་དང །
353a
༄#། །འདུས་མ་བྱས་ལ་མཁས་པར་བྱ་སྟེ། དེ་ལ་འདུས་བྱས་ལ་མཁས་པ་གང་ཞེ་ན། གང་ལུས་ཀྱི་འདུ་བྱེད་དང ། ངག་གི་འདུ་བྱེད་དང ། ཡིད་ཀྱི་འདུ་བྱེད་དོ། །གང་ལ་ལུས་དང ། ངག་དང ། ཡིད་ཀྱི་དགེ་བའི་འདུ་བྱེད་ཀྱིས་འདུས་མ་བྱས་པའི་བྱང་ཆུབ་ལ་འདུས་མ་བྱས་པར་རྟོགས་པས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་དེ་ནི། འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི། འདི་ལྟ་སྟེ། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་སྡུད་པའོ། །གང་ཡང་འདུས་མ་བྱས་པའི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ཀྱིས་སྨོད་པར་མི་བྱེད་ཅིང ། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཐམས་ཅད་ལ་མཁས་པ་དང ། ཟག་པ་མེད་པའི་བྱང་ཆུབ་དེ་ལ་མོས་པས་གང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་དེ་ནི། འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི། སེམས་ཅན་ཐམས་ཅད་ལ་འོད་ཟེར་ཐོགས་པ་མེད་པ་དང ། བསྡུ་བ་བཞིས་སེམས་ཅན་རྣམས་སྡུད་པའོ། །གང་ཡང་སྙེམས་པ་མེད་པའི་ཕྱིར་སེམས་ཅན་ལ་བདག་མེད་པར་འཛིན་པ་དག་བསྡུ་བ་ལ་མཁས་ཤིང་འདུས་མ་བྱས་པའི་བྱང་ཆུབ་ལ་མོས་ནས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་དེ་
353b
ནི།་དེའི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི། གང་འཁོར་བའི་རྒྱུན་གྱི་ཀུན་ནས་སྦྱོར་བ་རྣམས་ཡང་དག་པར་མི་གཅོད་ལ་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ཡང་དག་པར་གཅོད་པ་དང ། བྱང་ཆུབ་ཏུ་དམིགས་པའི་སྦྱོར་བ་རྣམས་རྒྱུན་ཆགས་པར་བྱེད་པ་དང ། སྦྱོར་བ་ཕྱོགས་གཅིག་པ་རྣམས་མི་སྡུད་པར་སྤྱོད་པ་དེ་ནི། འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཆོས་རྣམས་ལ་འདྲིས་པར་བྱ་བ་ཤེས་ཤིང་མངོན་སུམ་དུ་མཁས་པ་དང ། བྱང་ཆུབ་ཏུ་གཞན་གྱི་དྲིང་ལ་མི་འཇོག་ཅིང་འདུས་མ་བྱས་ཀྱང་མངོན་དུ་མི་བྱེད་པ་དེ་ནི། འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་ཁམས་གསུམ་ན་སྤྱོད་ཀྱང་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་མི་གོས་པ་དེ་ནི། དེའི་འདུས་བྱས་ལ་མཁས་པའོ། །གང་ཡང་ཁམས་གསུམ་ལས་འབྱུང་བའི་ཡེ་ཤེས་རབ་ཏུ་ཤེས་ཀྱང་འབྱུང་བའི་ཁམས་སུ་མི་ལྟུང་བ་དེ་ནི། འདུས་མ་བྱས་ལ་མཁས་པའོ། །གང་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་བ་དེ་ནི། ཐམས་ཅད་མཁྱེན་པའི་ཚིག་བླ་དྭགས་སོ། །གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྟོགས་པ་ཡོངས་སུ་རྫོགས་པ་དེ་ནི། ཤེས་རབ་དང་མཁས་པ་མེད་ན། འབྱུང་བར་མི་འགྱུར་བས། དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་
354a
༄#། །ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཤེས་རབ་རྣམ་པར་འབྱེད་པ་ལ་མཁས་ཤིང ། མཁས་པ་བཅུ་པོ་དེ་དག་ལ་ཡང་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཕ་ལ་སྤྱོད་དོ། །དེ་ལ་ཤེས་རབ་ནི། གང ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དོན་ནི། གང་ཞེ་ན། ཤེས་རབ་ཅེས་བྱ་བ་ནི། དགེ་བ་དང ། མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པའོ། །ཤེས་རབ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་རྣམས་ཀྱི་མངོན་སུམ་མོ། །འཕགས་པའི་ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་ཚད་མར་གྱུར་པ་ནི། ཤེས་རབ་བོ། །ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་ཚད་མར་གྱུར་པའོ། །ཤེས་རབ་ནི། ལྟ་བར་གྱུར་པ་ཐམས་ཅད་དང ། ཀུན་ནས་ལྡང་བ་དང ། སྒྲིབ་པ་དང ། སྒྲིབ་པར་བྱེད་པའི་ཆོས་རྣམས་རབ་ཏུ་རྟོགས་པའོ། །ཤེས་རབ་ནི། འདོད་པ་དང ། ཚོར་བ་དང ། སྨོན་ལམ་ཐམས་ཅད་ཀྱི་སྨོན་ལམ་དང ། བྲལ་བའོ། །ཤེས་རབ་ནི། ཤིན་ཏུ་སྦྱངས་པའི་ཕྱིར་སིམ་པར་བྱེད་པའོ། །ཤེས་རབ་ནི།་ཆོས་ཀྱི་དགའ་བ་ལ་དམིགས་པ་རྣམ་པར་མི་གཅོད་པའི་ཕྱིར་རབ་ཏུ་དགའ་བར་བྱེད་པའོ། །ཤེས་རབ་ནི། ཡེ་ཤེས་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཕྱིར་རྟེན་པའོ། །ཤེས་
354b
རབ་ནི།་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སོ། །ཤེས་རབ་ནི། ཐེག་པ་ཇི་ལྟ་བ་བཞིན་གྱི་འབྲས་བུ་རྟོགས་པའི་ཕྱིར་ཐོབ་པའི་མཚན་ཉིད་དོ། །ཤེས་རབ་ནི། རང་བཞིན་གྱིས་ཡེ་ཤེས་སྣང་བ་རབ་ཏུ་ཤེས་པའི་མཚན་ཉིད་དོ། །ཤེས་རབ་ནི། ཆུ་བོ་ཐམས་ཅད་ལས་སྒྲོལ་བའི་ཕྱིར་རབ་ཏུ་སྒྲོལ་བའོ། །ཤེས་རབ་ནི། ཡང་དག་པར་གྱུར་པ་ལ་འདྲེན་པའོ། ། ཤེས་རབ་ནི། དགེ་བའི་ཆོས་ཐམས་ཅད་རབ་ཏུ་འཛིན་པའོ། །ཤེས་རབ་ནི། ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་དང་བར་བྱེད་པའོ། །ཤེས་རབ་ནི། ཆོས་ཐམས་ཅད་ཀྱི་སྤྱི་བོ་ཐོབ་པའི་མཆོག་གོ། ཤེས་རབ་ནི། རང་བྱུང་བའི་ཡེ་ཤེས་རྟོགས་པར་བྱ་བ་ལ་དམ་པའོ། །ཤེས་རབ་ནི། ཁམས་གསུམ་དང་མ་འདྲེས་པས་རྒྱུ་དང་བྲལ་བའོ། །ཤེས་རབ་ནི། འཕགས་པ་ཐམས་ཅད་ཀྱིས་ཤིན་ཏུ་བཟུང་བའོ། །ཤེས་རབ་ནི། མཚན་མར་ཡོངས་སུ་རྟོག་པ་ཐམས་ཅད་སྤངས་པས་སྨོན་ལམ་རྣམ་པར་ཆད་པའོ། །ཤེས་རབ་ནི། མུན་པ་མུན་ནག་དང་བྲལ་བས་བག་མེད་པའི་གཉེན་པོའོ། །ཤེས་རབ་ནི། རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ཐམས་ཅད་ཀྱི་སྦྱོར་བའོ། །ཤེས་རབ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་ལ་གནས་པ་རྣམས་ཀྱི་རབ་ཏུ་འདྲེན་པའོ། །ཤེས་རབ་ནི། མ་རིག་པའི་རླུང་གི་མུན་པ་རབ་རིབ་ཀྱི་སྤྲིན་འཇོམས་པར་བྱེད་པས་སྣང་བར་བྱེད་པའོ། །ཤེས་རབ་ནི། མིག་ལ་ཇི་ལྟར་མོས་པ་རྣམས་
355a
༄#། །ཀྱི་མིག་ཐམས་ཅད་སྦྱིན་པར་བྱེད་པའོ། །ཤེས་རབ་ནི། མིང་དང་གཟུགས་ཀྱི་ལམ་ལས་འདས་པའི་ཕྱིར་ཟག་པ་མེད་པའོ། །ཤེས་རབ་ནི། དབེན་པ་ལས་བྱུང་བ་དོན་དམ་པའོ། །ཤེས་རབ་ནི། ཤིན་ཏུ་དུལ་བའི་ཕྱིར་མི་འཁྲུགས་པའོ། །ཤེས་རབ་ནི། ཡེ་ཤེས་ཀྱི་སྒོའི་སྣང་བའོ། །ཤེས་རབ་ནི། ཐམས་ཅད་རྒྱུ་བ་མི་ཟད་པའོ། །ཤེས་རབ་ནི།་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པར་མཐོང་བའི་ཕྱིར་འགལ་པ་མེད་པའོ། །ཤེས་རབ་ནི། ལེན་པའི་འཆིང་བ་ཐམས་ཅད་གཅོད་པར་བྱེད་པས་ཐར་པའི་ལམ་མོ། །ཤེས་རབ་ནི། སྒྲིབ་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས་པས་མ་འདྲེས་པའོ། །ཤཱ་རིའི་བུ། དེ་ལྟ་བས་ན། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཇི་སྙེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ལས་དང ། ཡེ་ཤེས་ཀྱི་སྤྱོད་པ་ཡང་དེ་སྙེད་དོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྤྱོད་པ་དང ། ཡེ་ཤེས་ཀྱང་དེ་སྙེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒོ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་འཇུག་པའི་སྒོ་ཡང་དེ་སྙེད་དོ། །ཉན་ཐོས་དང ། རང་སངས་རྒྱས་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་ཤེས་པ་ཇི་སྙེད་པ་ཤེས་རབ་གནས་པའི་གནས་ཀྱང་དེ་སྙེད་དེ། བྱང་ཆུབ་
355b
སེམས་དཔས་ཐམས་ཅད་ལ་བསླབ་པར་བྱ་སྟེ། དེ་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཅེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཞེ་ན། ཤེས་རབ་གང་ཡིན་པ་ཕ་རོལ་ཏུ་ཕྱིན་པའི་དོན་ཀྱང་དེ་ཡིན་ཏེ། དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་དེ་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཞེས་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚིག་ཀྱང་དེ་བཞིན་དུ་དཔྱད་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་ཡོངས་སུ་རྫོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་མངོན་པར་མ་ཆགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འཁོར་བའི་ཉེས་པ་ཁོང་དུ་ཆུད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཟད་མི་ཤེས་པའི་ཆོས་ཀྱི་མཛོད་སྟོན་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྦྱིན་པ་མཉམ་པ་ཉིད་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་མཉམ་པ་ཉིད་རྟོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །རྣམ་པར་ངེས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་འཇུག་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མི་
356a
༄#། །སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་རྫོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཕྱིར་མི་ལྡོག་པའི་ས་ཡོངས་སུ་རྫོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །བྱང་ཆུབ་ཀྱི་སྙིང་པོ་ཡང་དག་པར་ཐོབ་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །བདུད་ཐམས་ཅད་རབ་ཏུ་འདུལ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་གཞོག་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཤཱ་རིའི་བུ།་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་བསླབ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པར་འགྱུར་རོ། །ཤཱ་རིའི་བུ། དེ་བས་ན། ཐེག་པ་ཆེན་པོ་ལ་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བླང་བར་བྱ། གཟུང་བར་བྱ། བཀླག་པར་བྱ། གཞན་ལ་ཡང་བཤད་པར་བྱ།་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན། བླངས། བཟུང ། བཀླགས། ཀུན་ཆུབ་
356b
པར་བྱས། གཞན་ལ་ཡང་བཤད། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། ཡོན་ཏན་བཅུ་པོ་འདི་དག་ཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་རབས་གཞན་དུ་འཕོས་ནས་བཟོའི་གནས་དང ། ལས་ཀྱི་གནས་ཐམས་ཅད་ལ་རྟོགས་པར་ཁོང་དུ་ཆུད་པར་འགྱུར། རིགས་མཐོ་ཞིང་བརྩོན་པར་འགྱུར། དབང་ཆེ་བར་གྲགས་པར་འགྱུར། ཚིག་བཙུན་པར་འགྱུར། ལོངས་སྤྱོད་ཆེ་བར་འགྱུར། ལྷ་དང་མི་རྣམས་ལ་ཕངས་པར་འགྱུར། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར། ཚངས་པ་ཐོབ་པར་འགྱུར། ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་ཏེ། ཡོན་ཏན་གྱི་ཕན་ཡོན་འདི་བཅུ་ཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གཅེར་བུ་པའི་རྩོད་པ་དང་འདྲེས་པ་མ་ཡིན་པར་འགྱུར་བ་དང ། བདག་ཏུ་མི་ལྟ་བ་དང ། སེམས་ཅན་དུ་མི་ལྟ་བ་དང ། སྲོག་ཏུ་མི་ལྟ་བ་དང ། གང་ཟག་ཏུ་མི་ལྟ་བ་དང ། ཆད་པར་མི་ལྟ་བ་དང ། རྟག་པར་མི་ལྟ་བར་འགྱུར་བ་དང ། དངོས་པོ་ཐམས་ཅད་ལ་མི་ལྟ་བ་དང ། རབ་ཏུ་འབྱུང་བ་ལ་དགའ་བར་སེམས་བསྐྱེད་པ་འཐོབ་པ་དང ། ཐོས་པའི་ཚིག་འབྲུ་མྱུར་དུ་ཁོང་དུ་ཆུད་པར་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་
357a
༄#། །དང ། བློ་གྲོས་དང་ལྡན་པར་འགྱུར་བ་དང ། རྟོགས་པ་དང་ལྡན་པར་འགྱུར་བ་དང ། མོས་པ་དང་ལྡན་པར་འགྱུར་བ་དང ། ཤེས་རབ་དང་ལྡན་པར་འགྱུར་བ་དང ། དལ་བ་ཕུན་སུམ་ཚོགས་པ་རྙེད་པར་འགྱུར་བ་དང ། ཚེ་རབས་དྲན་པར་འགྱུར་བ་དང ། རང་བཞིན་གྱིས་འདོད་ཆགས་ཆུང་སྟེ་འདོད་ཆགས་བདོ་བ་མ་ཡིན་ལ། དེ་ཤིན་ཏུ་འདོད་ཆགས་ཀྱི་གདུང་བས་ཡོངས་སུ་མི་གདུང་བ་དང ། རང་བཞིན་གྱིས་ཞེ་སྡང་ཆུང་སྟེ་ཞེ་སྡང་བདོ་བ་མ་ཡིན་ལ། དེ་ཤིན་ཏུ་ཞེ་སྡང་གི་གདུང་བས་ཡོངས་སུ་མི་གདུང་བ་དང ། རང་བཞིན་གྱིས་གཏི་མུག་ཆུང་སྟེ་གཏི་མུག་བདོ་བ་མ་ཡིན་ལ། དེ་ཤིན་ཏུ་གཏི་མུག་གི་གདུང་བས་ཡོངས་སུ་གདུང་བར་མི་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ངོ་མཚར་དུ་འགྱུར། ཤེས་རབ་མྱུར་བར་འགྱུར། ཤེས་རབ་རྣོ་བར་འགྱུར། ཤེས་རབ་མགྱོགས་པར་འགྱུར། ཤེས་རབ་རྒྱ་ཆེ་བར་འགྱུར། ཤེས་རབ་ཟབ་པར་འགྱུར། ཤེས་རབ་ངེས་པར་འབྱེད་པར་འགྱུར། ཤེས་རབ་མ་ཆགས་པར་འགྱུར། དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་མཐོང་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ་དང ། དེ་བཞིན་གཤེགས་པ་ལ་ཚུལ་བཞིན་གྱི་ཞུ་བ་ཡོངས་སུ་ཞུ་ཞིང་ཚུལ་བཞིན་དུ་ཞུ་བ་ཞུས་
357b
ནས་ལན་ལྡོན་པར་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་ཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་བྱས་པར་འགྱུར་བ་དང ། བདུད་ཀྱི་བཅིངས་པ་ཐམས་ཅད་ལྷོད་པར་འགྱུར་བ་དང ། དེས་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་བ་དང ། ཉོན་མོངས་པ་ཐམས་ཅད་སྨད་པར་འགྱུར་བ་དང ། འདུ་བྱེད་ཐམས་ཅད་དུ་གཏོགས་པ་ལས་ཡིད་བསྐྱོད་པར་འགྱུར་བ་དང ། འགྲོ་བ་ངན་པར་འགྲོ་བའི་ལམ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ་དང ། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་མངོན་དུ་འགྱུར་བ་དང ། འཁོར་བ་ཐམས་ཅད་ལས་སྒྲོལ་བའི་སྦྱིན་པ་བྱིན་པར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོ་གའི་རྗེས་སུ་ཞུགས་པར་འགྱུར་བ་དང ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བཀའི་རྗེས་སུ་ཞུགས་པར་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན། བླངས། བཟུང ། བཀླགས། ཀུན་ཆུབ་པར་བྱས། གཞན་ལ་ཡང་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། ཡོན་ཏན་གྱི་ཕན་ཡོན་འདི་སྙེད་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་
358a
༄#། །པ་འདི་དག་གསུངས་སོ། །གང་དག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །མཁས་པ་དེ་དག་ཤེས་རབ་མཐའ་ཡས་འགྱུར། །ཆོས་དང་དོན་རྣམས་ལ་ཡང་མཁས་པར་འགྱུར། །ཚིག་ཀྱང་ཁྱད་པར་འཕགས་ཤིང་ཡི་གེ་རྫོགས། །གང་ཞིག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །དེ་ནི་རབ་དགའ་ཤིན་ཏུ་མགུ་སྐྱེས་ནས། །དགེ་སློང་དེ་ནི་འདིར་ཡང་ཆོས་འཆད་དེ། །རྟག་ཏུ་ཆོས་ཀྱི་སྦྱིན་པ་བྱེད་པར་འགྱུར། །སེམས་ཅན་རྣམས་ནི་མང་དུ་ཆོས་ཐོས་ནས། །ཀྱེ་མའོ་ཡོན་ཏན་ཆེན་པོ་འཆད་བྱེད་པ། །ནམ་ཞིག་བདག་ཅག་འདི་འདྲའི་ཆོས་སྟོན་ཅིང ། ། མདོ་སྡེ་འདི་འདྲ་འཛིན་པར་འགྱུར་ཞེས་ཟེར། །གང་དག་དེ་འདྲ་ཤེས་རབ་ལྡན་མཆོག་རྣམས། །ཆོས་རྣམས་གང་ལའང་ཞུམ་པར་མི་འགྱུར་ཏེ། །དྲན་དང་ཡེ་ཤེས་ཀྱིས་ནི་འཕགས་པ་དང ། །བླ་ན་མེད་པའི་ཡེ་ཤེས་ཚིག་སྟོན་འགྱུར། །གང་དག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ། །དེ་ནི་འཕགས་པས་རྟག་བསྔགས་རྒྱལ་བས་གནང ། །ཆོས་ཚིག་ལེགས་པར་བཤད་པ་ཚོལ་བར་བྱེད། །དེ་ནི་ཐོས་པས་རྟག་ཏུ་འཕགས་པར་འགྱུར། །ཐོས་ནས་དོན་ནི་ཉེ་བར་འཛིན་པར་བྱེད། །ཤེས་རབ་ལྡན་པ་འབྲུ་ལ་མི་སྙེམས་ཏེ། །དོན་ལ་ལྟ་བས་རྟོགས་པ་འཕེལ་བར་འགྱུར། །དེ་ཡི་ཡེ་ཤེས་རྟག་ཏུ་ཚད་མེད་དོ། །ཡེ་ཤེས་མཐའ་ཡས་དོན་ཀྱང་མཐའ་ཡས་ཏེ། །སེམས་པ་མཐའ་ཡས་དམ་པའི་དོན་ལ་མཁས། །དེ་ཡི་ཡོན་ཏན་ཕྱོགས་དང་ཕྱོགས་
358b
སུ་འགྲོ་།དེ་ཡི་ཐོས་པའི་ཡོན་ཏན་འདི་དག་གོ་།དེ་ཡི་འདོད་ཆགས་ཆུང་ལ་ཞེ་སྡང་ཆུང ། །དེ་ཡི་གཏི་མུག་ཤིན་ཏུ་རབ་ཏུ་ཆུང ། །སེམས་ཀྱང་ཤིན་ཏུ་དགའ་བ་རྙེད་པར་འགྱུར། །དེ་ཡི་ཐོས་པའི་ཡོན་ཏན་འདི་དག་གོ་།ལོངས་སྤྱོད་རྙེད་ནས་རྒྱགས་པར་མི་འགྱུར་ཏེ། །འདི་ལ་སྙིང་པོ་ཅི་ཞེས་དོན་ལ་རྟོག་།ལོངས་སྤྱོད་སྙིང་པོ་མེད་པར་རབ་ཤེས་ནས། །དེ་ནི་ལོངས་སྤྱོད་མི་ལྟ་རབ་ཏུ་འབྱུང ། ། མངོན་པར་བྱུང་སྟེ་དགོན་པར་གནས། །རྟག་ཏུ་གཡེལ་བ་མེད་པ་དང ། །ཆོས་རྣམས་ཐོས་པས་མི་ངོམས་ཏེ། །ཆོས་སྦྱིན་པ་ལ་སེར་སྣ་མེད། །འཇིག་རྟེན་མགོན་པོའི་དྲུང་ཉིད་དུ། །སོང་སྟེ་ཞུ་བ་ཞུ་བྱེད་པས། །དེ་ཕྱིར་དེ་ཡི་ཤེས་རབ་འཕེལ། །དེ་ལ་དཀར་པོ་འབྲི་བ་མེད། །ཤཱ་རིའི་བུ། དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལ་བརྩོན་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱད་དོ། །དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །དེ་ལ་བསྡུ་བའི་དངོས་པོའི་རྗེས་སུ་འཇུག་པ་གང་ཞེ་ན་འདི་བཞི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་སྟེ། བསྡུ་བའི་དངོས་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཡུན་རིང་པོར་སེམས་ཅན་རྣམས་ཡང་དག་པར་བསྡུ་བར་བྱེད་དོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་བྱེད་པ་དང ། དོན་མཚུངས་པ་སྟེ། དེ་དག་ནི། བསྡུ་བའི་དངོས་པོ་བཞི་ཞེས་བྱའོ། །དེ་ལ་སྦྱིན་པ་གང་ཞེ་ན།
359a
༄#། །འདི་ལྟ་སྟེ། ཟང་ཞིང་སྦྱིན་པ་དང ། མི་འཇིགས་པ་སྦྱིན་པ་དང ། ཆོས་སྦྱིན་པ་སྟེ། དེ་ནི། སྦྱིན་པའོ། །དེ་ལ་སྙན་པར་སྨྲ་བ་གང་ཞེ་ན། སློང་བ་དང ། ཆོས་ཉན་པ་ལ་སྙན་པར་སྨྲ་བའོ། །དེ་ལ་དོན་བྱེད་པ་ནི། བདག་དང ། གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །དོན་མཐུན་པ་ནི། ཐེག་པ་གང་ལ་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དང ། ཆོས་དེ་དག་ལ་འཛིན་པར་བྱེད་པའི་སེམས་ཅན་རྣམས་གཞོག་པའོ། །གཞན་ཡང་སྦྱིན་པ་ནི། གང་སློང་བ་ལ་ཡིད་དང་བར་བྱེད་པ་སྟེ། དེ་ནི། སྦྱིན་པ་ཞེས་བྱའོ། །སྙན་པར་སྨྲ་བ་ནི། གང་སློང་བ་རྣམས་ལ་རིམ་གྲོ་བྱེད་པའོ། །དོན་བྱེད་པ་ནི། གང་གིས་སློང་བ་རྣམས་ཀྱི་དོན་དུ་འགྱུར་བའི་དོན་དེ་ཡོངས་སུ་ཐོབ་པར་བྱེད་པའོ། །དོན་མཚུངས་པ་ནི། གང་སློང་བ་ལ་དོན་མཚུངས་པའོ། །གཞན་ཡང་སྦྱིན་པ་ནི། བསམ་པས་བཏང་བའོ། །སྙན་པར་སྨྲ་བ་ནི། སྦྱོར་བ་ཡོངས་སུ་ཆད་པའོ། །དོན་བྱེད་པ་ནི། ལྷག་པའི་བསམ་པ་འགྱོད་པ་མེད་པའོ།། དོན་མཐུན་པ་ནི། ཐེག་པ་ཆེན་པོ་ལ་བསྔོ་བའོ། །གཞན་ཡང་སྦྱིན་པ་ནི། བྱམས་པའི་རྗེས་སུ་ཞུགས་པའི་སེམས་ཀྱིས་བཏང་བའོ། །སྙན་པར་སྨྲ་བ་ནི། དགའ་ཞིང་རབ་ཏུ་དགའ་བ་ལ་ཞུགས་པའི་སེམས་མི་གཏོང་བའོ། །དོན་བྱེད་པ་ནི། སྙིང་རྗེ་ཆེན་པོའི་གེ་ཆ་བགོས་པའི་སེམས་ཀྱིས་སེམས་ཅན་གྱི་བྱ་བ་ལ་བརྩོན་པའོ། །དོན་མཚུངས་པ་ནི། བཏང་སྙོམས་ལ་
359b
མཐོན་དམན་མེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསྔོ་བའི་སེམས་སོ། །གཞན་ཡང་སྦྱིན་པ་ནི། གང་ཆོས་ཀྱིས་བཙལ་བའི་ལོངས་སྤྱོད་ཡོངས་སུ་གཏོང་བའོ། །སྙན་པར་སྨྲ་བ་ནི། གང་ལ་སྦྱིན་པར་བྱེད་པ་དེ་ཆོས་ལ་འཛུད་པའོ། །དོན་བྱེད་པ་ནི། གང་བདག་གི་དོན་དང ། གཞན་གྱི་དོན་ཡང་དག་པར་བསྐྱེད་པའོ། །དོན་མཚུངས་པ་ནི། གང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའོ། །གཞན་ཡང་སྦྱིན་པ་ནི། གང་ནང་དང ། ཕྱིའི་ཆོས་རྣམས་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །སྙན་པར་སྨྲ་བ་ནི། གང་ཆོས་ཐམས་ཅད་ཀྱི་ཡོན་ཏན་གྱི་ཡེ་ཤེས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའོ། །དོན་བྱེད་པ་ནི། གང་གིས་དོན་བཏང་སྟེ་གཞན་གྱི་དོན་མྱོང་བར་བྱེད་པའོ། །དོན་མཚུངས་པ་ཉིད་ནི། བྱང་ཆུབ་ལག་ཏུ་འོང་བ་ལ་བལྟས་ནས་གཞན་ལ་སྦྱིན་པ་ན་ཡིད་མི་བདེ་བར་མི་འགྱུར་བའོ། །དེ་ལ་ཆོས་སྦྱིན་པ་གང་ཞེ་ན། གང་ཇི་ལྟར་ཐོས་པའི་ཆོས་རྣམས་སྟོན་པའོ། །དེ་ལ་སྙན་པར་སྨྲ་བ་གང་ཞེ་ན། གང་ཟང་ཟིང་མེད་པར་ཆོས་སྟོན་པའོ། །དོན་བྱེད་པ་ནི། གང་ཕ་རོལ་ལ་ལུང་འབོགས་པ་དང ། ཁ་ཏོན་བྱེད་པ་དང ། འཆད་པ་དང ། སྟོན་པ་ལ་མི་སྐྱོའོ། །དེ་ལ་དོན་མཚུངས་པ་ནི། གང་ཞེ་ན། གང་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་ཆོས་ལ་འཛུད་པའོ། །གཞན་ཡང་སྦྱིན་པ་ནི། ཆོས་ཉན་པར་འོངས་པ་རྣམས་ལ་མི་གཡེང་བར་སྟོན་པའོ། །དེ་ལ་སྙན་པར་སྨྲ་
360a
༄#། །བ་ནི།་གང་རྒྱང་རིང་པོར་ཡང་སོང་སྟེ། དམ་པའི་ཆོས་སྟོན་པའོ། །དེ་ལ་དོན་བྱེད་པ་ནི། གང་ཆོས་འདོད་པས་ཆོས་སྨྲ་བ་རྣམས་གོས་དང་བྲལ་བར་གྱུར་ཏམ་བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་དང་བྲལ་བར་གྱུར་ཏམ། ཅི་དགོས་པར་གྱུར་པ་ཐམས་ཅད་སྦྱིན་པར་བྱེད་པའོ། །དོན་མཚུངས་པ་ཉིད་ནི། ལྷག་པའི་བསམ་པར་ཞུགས་པའི་རྒྱུད་ཀྱིས་ཆོས་སྟོན་པའོ། །གཞན་ཡང་ཆོས་ཀྱི་སྦྱིན་པ་ནི། གང་སྦྱིན་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་ཤེས་ནས་ཆོས་སྦྱིན་པར་བྱེད་པའོ། དེ་ལ་སྙན་པར་སྨྲ་བ་ནི། གང་ཕན་པའི་དངོས་པོའི་ཕྱིར་སྟོན་པའོ། །དོན་བྱེད་པ་ནི། གང་དོན་ལ་རྟོན་གྱི། ཚིག་འབྲུ་ལ་མི་རྟོན་པའོ། །དེ་ལ་དོན་མཚུངས་པ་ནི། གང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བའི་ཕྱིར་ཆོས་སྟོན་པའོ། །གཞན་ཡང་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྙན་པར་སྨྲ་བ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དོན་བྱེད་པ་ནི། གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དོན་མཚུངས་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་སྦྱིན་པ་ནི།་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱིའོ། །སྙན་པར་སྨྲ་བ་ནི། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་རྣམས་ཀྱིའོ། །དོན་བྱེད་པ་ནི། གང་བྱང་ཆུབ་
360b
སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིའོ། །དོན་མཚུངས་པ་ནི། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱིའོ། །གཞན་ཡང་སྦྱིན་པ་ནི། བྱང་ཆུབ་ཀྱི་རྩ་བའི་གནས་སོ། །སྙན་པར་སྨྲ་བ་ནི། བྱང་ཆུབ་ཀྱི་མྱུ་གུ་ཡོངས་སུ་རྫོགས་པའོ། །དོན་བྱེད་པ་ནི། བྱང་ཆུབ་ཀྱི་མེ་ཏོག་ཡོངས་སུ་གྲུབ་པའོ། །དོན་མཚུངས་པར་བྱེད་པ་ནི། བྱང་ཆུབ་ཀྱི་འབྲས་བུ་མངོན་པར་གྲུབ་པ་སྟེ། དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་རྣམ་པ་བཞིའོ། །བསྡུ་བའི་དངོས་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་པོ་ཡུན་རིང་པོར་སེམས་ཅན་རྣམས་ཡང་དག་པར་སྡུད་ཅིང་བྱང་ཆུབ་ཏུ་སྤྱོད་དོ། །དེ་ནི། བསྡུ་བའི་དངོས་པོའི་རྗེས་སུ་འཇུག་པ་ཞེས་བྱའོ། །དེ་ལྟ་བས་ན། ཚད་མེད་པ་དེ་དག་དང ། ཕ་རོལ་ཏུ་ཕྱིན་པ་དེ་དག་དང།་བསྡུ་བའི་དངོས་པོ་དེ་དག་ནི། བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །དེ་ལྟར་ཤཱ་རིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོ་དེས་གཞོན་ནུ་བརྩོན་འགྲུས་སྤྱོད་ལ་བྱང་ཆུབ་ཀྱི་ལམ་དེ་ཡང་བཤད། འདས་པ་དང་མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྔགས་པ་ཡང་བརྗོད་དེ། ཤཱ་རིའི་བུ། དེ་ནས་གཞོན་ནུ་བརྩོན་འགྲུས་སྤྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལས་བྱང་ཆུབ་ཀྱི་ལམ་དེ་ཐོས། འདས་པ་དང ། མ་བྱོན་པ་དང་
361a
༄#། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ཡང་ཐོས་ནས་དགའ་བ་དང ། མགུ་པ་རྒྱ་ཆེན་པོ་རྙེད་པར་གྱུར་ཏོ། །དེ་དགའ་བ་དང ། མགུ་བ་རྒྱ་ཆེན་པོ་རྙེད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོ་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་འདི་ལྟ་སྟེ། ན་བཟའ་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རིམ་གྲོར་བྱས།་མཆོད་པར་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །ཤཱ་རིའི་བུ། དེའི་ཚེ་དེའི་དུས་ན་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་ཐེ་ཚོམ་དང ། ཡིད་གཉིས་ཟ་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་ཏེ། ངས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་བཀུར་སྟིར་བྱས། བླ་མར་བྱས།
361b
རིམ་གྲོར་བྱས། མཆོད་པར་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་ང་བཅོམ་ལྡན་འདས་དེས་གཞོན་ནུ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་མ་བསྟན་ཏོ། །ཤཱ་རིའི་བུ། དེ་ལྟ་བས་ན། བཅོམ་ལྡན་འདས་འོད་འཕྲོའི་ཕུང་པོ་ཆེན་པོ་དེ་ཚུན་ཆད་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་ཡན་ལག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུའོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་གི་ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུའི་ཉན་ཐོས་རྣམས་ཀྱི་ཉན་ཐོས་འདུས་པ་ཆེན་པོ་བྱུང་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ།་ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་གོ། ཤཱ་རིའི་བུ། ཡང་དེའི་ཚེ་ན་རྒྱལ་པོ་མཛེས་པར་སྣང་བ་ཞེས་བྱ་བ་མཐའ་བཞིར་རྣམ་པར་རྒྱལ་བ། འཁོར་ལོས་བསྒྱུར་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ། ཡུལ་གྱི་མཐུ་དང་བརྩོན་པ་ཐོབ་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེའི་རིན་པོ་ཆེ་སྣ་བདུན་བྱུང་བ་ནི། འདི་དག་གོ་།འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་ནས་བློན་པོ་རིན་པོ་ཆེའི་བར་དུ་བདུན་ཏེ། མངོན་པར་བཏུལ་ནས་གནས་པའི་བར་དུའོ། །
362a
༄#། །ཤཱ་རིའི་བུ། རྒྱལ་པོ་མཛེས་པར་སྣང་བ་དེའི་ཕོ་བྲང་ནི། གྲོང་ཁྱེར་འཛམ་བུའི་ཆུ་བོའི་གསེར་ཞེས་བྱ་སྟེ། ཤར་ཕྱོགས་ནས་ནུབ་ཕྱོགས་སུ་ཆུར་ནི། དཔག་ཚད་བཅུ་གཉིས། ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཞེང་དུ་ནི། དཔག་ཚད་བདུན་ཡོད་དེ། འབྱོར་པ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། དགའ་བ་དང ། སྐྱེ་བོ་མང་པོ་དང་མིས་གང་བར་གྱུར་ཏོ། །ཡང་དེའི་ཚེ་ན་ཚོང་དཔོན་ཤེས་རབ་བཟང་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ནས་མཛོད་དང་བང་བས་ཡོངས་སུ་གང་བའི་བར་དུ་རྒྱས་པར་བྱ་སྟེ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། སྔོན་གྱི་སངས་རྒྱས་ལ་བྱ་བ་བྱས་པ་ཞིག་བྱུང་ངོ ། །ཤཱ་རིའི་བུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་དེས་ཚོང་དཔོན་ཤེས་རབ་བཟང་གི་བསམ་པ་ལ་བརྟགས་ནས་ཀྱེ་མའོ་ཚོང་དཔོན་ཤེས་རབ་བཟང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྣོད་དུ་རུང་ངོ ། །ཀྱེ་མའོ་ཚོང་དཔོན་ཤེས་རབ་བཟང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་ཏོ། །སྙམ་དུ་དགོངས་ཏེ། སྣོད་དུ་གྱུར་པར་མཁྱེན་ནས་ཚོང་དཔོན་ཤེས་རབ་བཟང་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས་རྫུ་འཕྲུལ་གྱིས་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་དུ་བཞུགས་ནས་བྱང་ཆུབ་ཀྱི་ལམ་ཡང་བཤད། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་
362b
འདས་རྣམས་ཀྱི་བསྔགས་པ་ཡང་བརྗོད་དོ། །ཤཱ་རིའི་བུ། དེ་བས་ན། ཚོང་དཔོན་ཤེས་རབ་བཟང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་འདི་ཡང་ཐོས། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྔགས་པ་ཡང་ཐོས་ནས་དགའ་བ་དང ། མགུ་བ་དང ། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་ཏོ། །དེ་དགའ་བ་དང ། མགུ་བ་དང ། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་ཡན་ལག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ལ་ལོ་སྟོང་དུ་འདི་ལྟ་སྟེ། ན་བཟའ་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་ཀྱིས་བསྙེན་བཀུར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །ཤཱ་རིའི་བུ། ཡང་དེའི་ཚེ་དེའི་དུས་ན་ཚོང་དཔོན་ཤེས་རབ་བཟང་ཞེས་བྱ་བ་གཞན་ཞིག་ཡིན་པ་སྙམ་དུ་ཐེ་ཚོམ་དང ། ཡིད་གཉིས་ཟ་ན། དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་ང་ཚོང་དཔོན་ཤེས་རབ་བཟང་ཞེས་བྱ་བར་གྱུར་ཏོ། །ངས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་
363a
༄#། །ཡན་ལག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ལ་ལོ་སྟོང་དུ་ན་བཟའ་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་དེས་ང་ལ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །ཤཱ་རིའི་བུ། འདི་ལྟ་སྟེ། དཀོན་མཆོག་ཡན་ལག་ཚུན་ཆད་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །ཡང་དེའི་ཚེ་རྒྱལ་པོ་དགྲ་ཐུལ་ཞེས་བྱ་བ་ཞིག་བྱུང་སྟེ། ཤཱ་རིའི་བུ། རྒྱལ་པོ་དགྲ་ཐུལ་གྱི་གྲོང་ཁྱེར་པདྨ་ཅན་ཞེས་བྱ་བ་འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། དགའ་བ་དང ། སྐྱེ་བོ་མང་པོ་དང་མིས་གང་བ་ཞིག་ཡོད་དོ། །ཤཱ་རིའི་བུ། རྒྱལ་པོ་དགྲ་ཐུལ་གྱི་བྲམ་ཟེ་མར་མེའི་བདག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ནས་མཛོད་དང་བང་བའི་བར་དུ་ཡོངས་སུ་གང་བ་ཞིག་བྱུང་བ་དེ་རྒྱལ་པོ་དགྲ་ཐུལ་ལ་དབེན་ཞིང་ཕངས་པ། སྡུག་ཅིང་ཡིད་དུ་འོང་བ་སྟེ། མཐོང་ན་མི་མཐུན་པ་མེད་དེ། ཤཱ་རིའི་
363b
བུ།་བྲམ་ཟེ་མར་མེའི་བདག་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་རྒྱལ་སྲིད་ཕྱེད་བྱིན་ནོ། །ཤཱ་རིའི་བུ། འདི་ལྟ་སྟེ། རྒྱལ་པོ་མར་མེའི་བདག་པོ་རྒྱལ་པོ་ཕྱེད་བྱེད་པ་ཆོས་ཀྱིས་བྱེད་དེ། ཆོས་མ་ཡིན་པས་ནི། མ་ཡིན་ནོ། །ཡང་ཤཱ་རིའི་བུ། དུས་གཞན་ཞིག་ན་རྒྱལ་པོ་མར་མེའི་བདག་པོ་ལས་བུ་གཟུགས་བཟང་པོ། །མཛེས་པ། བལྟ་ན་སྡུག་པ། ཤིན་ཏུ་བཟང་བ། ཁ་དོག་རྒྱས་པ་མཆོག་དང་ལྡན་པ། ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་བྱུང་སྟེ། དེའི་ལུས་ཐམས་ཅད་ལས་འོད་བྱུང་བ་ནི། འདི་ལྟ་སྟེ། ཉི་མའི་དཀྱིལ་འཁོར་ལས་འབྱུང་བ་བཞིན་ཏེ། དེའི་མིང་མར་མེ་མཛད་དུ་བཏགས་སོ། །ཤཱ་རིའི་བུ། དེ་ནས་རྒྱལ་པོ་མར་མེའི་བདག་གིས་བྲམ་ཟེའི་མཚན་མཁན་ལྟས་ཤེས་པ་རྣམས་བསགས་ནས་རྒྱལ་བུ་གཞོན་ནུ་མར་མེ་མཛད་བསྟན་པ་དང ། དེ་དག་གིས་དེ་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ལྟར་རྒྱལ་པོ་མར་མེའི་བདག་པོས་རྒྱལ་བུ་གཞོན་ནུ་མར་མེ་མཛད་མ་མ་དག་ལ་གཏད་དོ། །ཤཱ་རིའི་བུ།་དེ་ནས་རིང་པོ་མ་ལོན་པར་རྒྱལ་བུ་མར་མེ་མཛད་གཞོན་ནུར་མཁས་པར་གྱུར་ཏོ། །ཤཱ་རིའི་བུ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་འོག་མིན་གྱི་གནས་ནས་མི་སྣང་བར་གྱུར་ནས་བྱང་ཆུབ་སེམས་དཔའ་མར་མེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་མར་མེ་མཛད་ལ་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
364a
༄#། །མར་མེ་མཛད་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བཙུན་མོའི་འཁོར་གྱི་ནང་དུ་ནི། །ཡོན་ཏན་འབྱུང་གནས་གྱུར་པ་མེད། །དྲང་སྲོང་རྒྱལ་མཚན་གནས་ནས་ནི། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །ལང་ཚོ་མྱུར་དུ་འགྲོ་བ་ནི། །རླུང་གི་ཤུགས་ལས་ལྷག་པར་མགྱོགས། །རྒ་བ་དེ་ནི་གཟུགས་འཇིག་སྟེ། །འཇིག་རྟེན་ཡིད་དུ་མི་འོང་བ། །གྲོགས་པོ་རྒས་པ་མཐུ་ཉམས་ནི། །རབ་ཏུ་འབྱུང་བར་དཀའ་བ་སྟེ། །ཁྱོད་ནི་ཤིན་ཏུ་དར་ལ་བབ། །ཁྱོད་ནི་བཙལ་བའི་དུས་ཡིན་ནོ། །ལེགས་སོ་ལེགས་སོ་ཤེས་རབ་ཆེ། །ལེགས་སོ་ལེགས་སོ་བློ་གྲོས་ཆེ། །མྱུར་དུ་མངོན་པར་བྱུང་ན་ལེགས། །ཐུབ་བསྟན་བྱང་ཆུབ་རྟོགས་པར་གྱིས། །བམ་པོ་ཉི་ཤུ་པ་སྟེ། ཐ་མ། ཤཱ་རིའི་བུ། དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མར་མེ་མཛད་ལ་བསྐུལ་བ་དང ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་ཉིད་ཀྱི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཉིད་ཀྱི་ནུབ་མོ་དེ་ལྟར་བཅོམ་ལྡན་འདས་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་གྱུར་པའི་ཆེ་བ་དང ། དགེ་བར་གྲགས་
364b
པའི་སྒྲ་དང ། ཚིགས་སུ་བཅད་པ་མངོན་པར་བྱུང་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོ་མར་མེའི་བདག་གི་བུས་མ་བསླབ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་ཉིད་ཀྱི་ནུབ་མོ་རྒྱ་ཆེར་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་པའི་བར་དུ་ཆེ་བ་དང ། དགེ་བར་གྲགས་པའི་སྒྲ་དང ། ཚིགས་སུ་བཅད་པ་ཐོས་སོ། ། ཤཱ་རིའི་བུ། དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོ་མར་མེའི་བདག་ལ་ཁྱོད་ཀྱི་སྲས་རབ་ཏུ་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བདག་གིས་ཐོས་ཏེ། བདག་ནི། ཁྱོད་ཀྱི་སྲས་མར་མེ་མཛད་མཐོང་བར་འཚལ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཐུགས་བརྩེ་བའི་སླད་དུ་བདག་གི་དྲུང་དུ་གཤེགས་སུ་གསོལ། དེ་སྟེ་མི་གཤེགས་ན། བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་མཆིའོ། །ཞེས་ཕོ་ཉ་བཏང་བ་དང ། དེ་ནས་ཤཱ་རིའི་བུ། རྒྱལ་པོ་མར་མེའི་བདག་གིས་རྩིས་པ་དང ། བློན་པོ་དང ། སྒོ་བ་དང ། འཁོར་རྣམས་བསགས་ཏེ་དེ་ལྟར་གྱུར་པ་དག་བཟླས་པ་དང་དེ་དག་གིས། ལྷ། དེ་ལྟར་ན། བཅོམ་ལྡན་འདས་དེ་ཉིད་ལ་གསོལ་ན། བཅོམ་ལྡན་འདས་དེ་ནི། ཐུགས་རྗེ་ཆེ་བས་ཐུགས་རྗེར་དགོངས་ཏེ་རྒྱལ་པོ་དགྲ་ཐུལ་གྱི་དྲུང་དུ་གཤེགས་པར་འགྱུར་ཏེ། རྒྱལ་པོ་དགྲ་ཐུལ་ཀྱང་འདིར་མི་མཆི་བར་
365a
༄#། །འགྱུར་རོ། །ཞེས་སྨྲས་པ་དང ། ཤཱ་རིའི་བུ། དེ་ནས་རྒྱལ་པོ་མར་མེའི་བདག་བློན་པོ་དག་དང་འགྲོགས་ཏེ་བཅོམ་ལྡན་འདས་མར་མེ་མཛད་ག་ལ་པ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་དེ་ལྟར་གྱུར་པ་དེ་དག་གསོལ་ཏོ། །དེ་སྐད་གསོལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་རྒྱལ་པོ་མར་མེའི་བདག་པོ་ལ་དེ་བས་ན་རྒྱལ་པོ་ཆེན་པོ། །ཐུགས་བརྩེ་བའི་ཕྱིར་རྒྱལ་པོ་དགྲ་ཐུལ་གྱི་དྲུང་དུ་གཤེགས་སོ། །ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལྷ་རྫས་མཆོག་གི་རྒྱལ་པོའི་ཕོ་བྲང་དུ་ཇི་སྲིད་དགྱེས་པར་བཞུགས་ནས་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་དང ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ཐབས་ཅིག་ཏུ་ཡུལ་རྒྱུ་ཞིང་གཤེགས་བཞི་པ་དང་བཅས་ཏེ་ཞམ་འབྲིང་ཐོག་ཐག་ཏུ་འབྲང་ཞིང་བཞི་པ་དང་བཅས་ཏེ་ཞམ་འབྲིང་ཐོག་ཐག་ཏུ་འབྲང་ཞིང་དེ་བཞིན་གཤེགས་པ་མར་མེ་མཛད་འཁོར་དང་བཅས་པ་ལ་ན་བཟའ་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་བཀུར་སྟི་བྱེད་ཅིང་བདག་གི་ཡུལ་གྱི་བར་དུ་ཞམ་འབྲིང་བྱས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་ལ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་མཆི་མ་
365b
བླགས་ནས་སླར་ལོག་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཕོ་བྲང་པདྨ་ཅན་དུ་གཤེགས་པར་རྒྱལ་པོ་དགྲ་ཐུལ་གྱིས་ཐོས་སོ། །དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོའི་ཕོ་བྲང་པདྨ་ཅན་བརྒྱན་ཏེས་གཞི་དང ། ལམ་གྱི་བཞི་མདོ་དང ། སུམ་མདོ་དག་ལ་བསེག་མ་དང ། གྱོ་མོ་དག་སེལ་དུ་བཙུད་དེ་བསལ་ནས་ཕྱག་དར་དང་ཆག་ཆག་འདེབས་སུ་བཙུད་དོ། །སྤོས་ཆུའི་ཆག་ཆག་ཀྱང་འདེབས་སུ་བཙུད་དོ། །མེ་ཏོག་བཀྲམ་པས་པུས་མོ་ནུབ་ཙམ་དུ་ཕྱིན་པར་བྱ་བ་བྱེད་དུ་བཙུད་དོ། །བདུག་པའི་སྣོད་ནས་ཀྱང་བདུག་པ་བྱས་སོ། །གོས་རིན་པོ་ཆེ་སྣ་ཚོགས་ཀྱི་བླ་རེ་བྲེས། སིལ་སྙན་སྣ་ཚོགས་ཀྱང་དཀྲོལ་དུ་བཙུད་དོ། །དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་རྒྱལ་པོའི་ཕོ་བྲང་པདྨ་ཅན་བརྒྱན་ནས་གང་རྒྱལ་པོའི་ཕོ་བྲང་པདྨ་ཅན་ཀུན་ན་མེ་ཏོག་དང ། དྲི་དང ། བྱུག་པ་ཡོད་པ་རྣམས་སུས་ཀྱང་མ་སྤྱད་ཅིག། མ་བཙོང་ཞིག་།དེ་ཐམས་ཅད་བཅོམ་ལྡན་འདས་མར་མེ་མཛད་ལ་དབུལ་ཞིང་མཆོད་པའི་ལས་སུ་གྱིས་ཤིག་།ལ་ལ་ཞིག་སྤྱོད་དམ་འཚོང་ན། དེ་ནི། ཆད་པ་ཆེན་པོས་གཅད་དོ། །ཞེས་སྒྲ་བསྒྲགས་སོ། །དེ་ནས་རྒྱལ་པོ་དགྲ་ཐུལ་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་བལྟ་བ་དང ། ཕྱག་བྱ་བའི་ཕྱིར་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་མེ་ཏོག་དང །
366a
༄#། །དྲི་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་དང ། སིལ་སྙན་སྣ་ཚོགས་དཀྲོལ་བ་དང ། རྒྱལ་པོའི་མཐུ་ཆེན་པོ་དང ། རྒྱལ་པོའི་འབྱོར་བ་ཆེན་པོས་རྒྱལ་པོའི་ཕོ་བྲང་པདྨ་ཅན་ནས་ཕྱིར་བྱུང་ངོ ། །པདྨ་ཅན་གྱི་བྲམ་ཟེ་དང ། ཁྱིམ་བདག་རྣམས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། མེ་ཏོག་དང ། ཕྲེང་པ་དང ། དྲི་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས། བློན་པོ་དང ། འཁོར་དང ། བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ཞམ་འབྲིང་དུ་འབྲང་བ་དང ། རྒྱལ་པོ་དགྲ་ཐུལ་སེམས་དགའ། སེམས་མགུ། སེམས་ལ་སྒྲིབ་པ་མེད། སེམས་རངས་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་དུ་འབྲང་ངོ ། །ཡང་དེའི་ཚེ་ན་གངས་ཀྱི་རིའི་ངོས་ལ་བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བ་གཡོག་བྲམ་ཟེ་གཞོན་ནུ་ལྔ་བརྒྱ་ཡོད་པ། ཀློག་ཏུ་འཛུད་པའི་མཁན་པོ། སྔགས་འཆང་བ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་དང ། ཤེས་
366b
གསལ་དང་བཅས་པ་དང ། ཡི་གེ་རབ་ཏུ་དབྱེ་བ་དང་བཅས་པ་དང ། སྔོན་བྱུང་བ་ལྔ་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚིག་རེ་རེ་ཞིང་ལུང་བསྟན་པ་དང ། འཇིག་རྟེན་རྒྱང་ཕན་པ་དང ། མཆོད་སྦྱིན་གྱི་རྒྱུ་དང ། སྐྱེས་བུ་ཆེན་པོའི་མཚན་རྗེས་སུ་རྟོགས་པ། རང་གི་ཚིག་རབ་ལ་གསུམ་རིག་པ་དང ། སློབ་དཔོན་དུ་གྱུར་པར་ཡོངས་སུ་ཤེས་པ་ཞིག་གནས་ཏེ། ཤཱ་རིའི་བུ། ཡང་བྲམ་ཟེ་རིན་པོ་ཆེ་དེ་ལ་གཞོན་ནུ་སྤྲིན་ཞེས་བྱ་བ་ཉེ་གནས་བྱེད་པ། ཀློག་ཏུ་འཇུག་པ། སྔགས་འཆང་བ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་བཅས་པ་དང ། ཤེས་གསལ་དང་བཅས་པ་དང ། ཡི་གེ་རབ་ཏུ་དབྱེ་བ་དང་བཅས་པ་དང ། སྔོན་བྱུང་བ་ལྔ་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚིག་རེ་རེ་ཞིང་ལུང་སྟོན་པ་དང ། འཇིག་རྟེན་རྒྱང་ཕན་པ་དང ། མཆོད་སྦྱིན་གྱི་རྒྱུད་དང ། སྐྱེས་བུ་ཆེན་པོའི་མཚན་རྗེས་སུ་རྟོགས་པ་ཁ་ན་མ་ཐོ་བ་མེད་པ། རང་གི་ཚིག་རབ་ལ་གསུམ་རིག་པ་དང ། སློབ་དཔོན་དུ་གྱུར་པར་ཡོངས་སུ་ཤེས་པ་ཞིག་ཡོད་དོ། །ཤཱ་རིའི་བུ། དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་ཞེས་བྱ་བར་རིག་བྱེད་ལོབས་ནས་མཁན་པོ་ལ་ཀྱེ་མཁན་པོ། བདག་གིས་རིག་བྱེད་ལོབས་ཏེ། བདག་ནི། ཡུལ་དུ་མཆི་ན། བདག་གིས་བགྱི་བ་ཅི་མཆིས་ཞེས་དེ་སྐད་ཅེས་སྨྲས་པ་དང ། ཀྱེ་བུ་གཞོན་ནུ་སྤྲིན། སློབ་དཔོན་ལ་ནོར་འགྲོན་བུ་ལྔ་བརྒྱ་བྱིན་ཅིག་ཅེས་དེས་དེ་སྐད་ཅེས་སྨྲས་སོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་མཁན་པོའི་རྐང་པ་ལ་ཕྱག་
367a
༄#། །འཚལ་ཏེ་ལན་གསུམ་བསྐོར་ནས་མཁན་པོའི་དྲུང་ནས་སོང་སྟེ། དེ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། རྒྱལ་པོའི་ཕོ་བྲང་དག་ན་རྒྱུ་ཞིང་སློབ་དཔོན་ལ་དབུལ་བའི་སློབ་དཔོན་གྱི་ནོར་བཙལ་ཏེ། དེས་སློབ་དཔོན་ལ་དབུལ་བའི་སློབ་དཔོན་གྱི་ནོར་བསྡུས་ནས་མཐར་གྱིས་རྒྱལ་པོའི་ཕོ་བྲང་པདྨ་ཅན་དུ་ཕྱིན་ཏེ། བྲམ་ཟེ་གཞོན་ནུ་སྤྲིན་གྱིས་རྒྱལ་པོའི་ཕོ་བྲང་པདྨ་ཅན་ཀུན་བརྒྱན་པར་མཐོང་ངོ ། །མཐོང་ནས་མི་ཞིག་བོས་ཏེ་ཀྱེ་སྐྱེས་བུ། རྒྱལ་པོའི་ཕོ་བྲང་པདྨ་ཅན་འདིར་ཅིའི་དགའ་སྟོན་ཞིག་གཡོས་པར་གྱུར་ཅེས་སྨྲས་པ་དང ། དེས་གཞོན་ནུ་ཁྱོད་ཀྱིས་མི་ཤེས་སམ། དེ་རིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱད་ཅུ་དང ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ཐབས་ཅིག་ཏུ་རྒྱལ་པོའི་ཕོ་བྲང་པདྨ་ཅན་དུ་གཤེགས་ཏེ། དེའི་ཕྱིར་རྒྱལ་པོའི་ཕོ་བྲང་པདྨ་ཅན་འདི་ཀུན་བརྒྱན་ཏོ། །དེ་ལ་མི་དག་སྦྱིན་པ་ཡང་སྦྱིན་པར་བྱེད། བསོད་ནམས་ཀྱང་བྱེད་དོ། །ཞེས་དེ་སྐད་ཅེས་སྨྲས་པ་དང ། དེ་ནས་བྲམ་ཟེ་སྤྲིན་གཞོན་ནུས་སངས་རྒྱས་ཀྱི་སྒྲ་ཐོས་ནས་དགའ་བ་དང ། དད་པ་དང ། མགུ་པ་ཆེར་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་དཀོན་ཏེ། ཤིན་ཏུ་དཀོན་པ་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་བ། མཆོད་སྦྱིན་གྱི་ཤིང་གཅིག་པུའི་
367b
ཚུལ་ལྟ་བུ་ཡིན་པས། གང་བདག་གིས་ཀཪྴ་པ་ཎ་ལྔ་བརྒྱ་པོ་འདིས་མེ་ཏོག་ཉོས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་མེ་ཏོག་གཏོར་ལ་སློབ་དཔོན་གྱི་ནོར་གུད་ནས་བཙལ་ལོ། །སྙམ་མོ། །ཡང་དེའི་ཚེ་ན་བུ་མོ་ཞིག་མེ་ཏོག་ཨུཏྤ་ལ་བདུན་ཁྱེར་ཏེ་ལམ་གྱི་སྲང་ནས་སོང་བ་དང ། དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་བུ་མོ་དེ་ལ་ཀྱེ་བུ་མོ། ཆུ་ནས་བྱུང་བའི་མེ་ཏོག་གང་ནས་རྙེད་པར་གྱུར་ཅེས་དེ་སྐད་ཅེས་སྨྲས་པ་དང ། དེས་ཕྱོགས་ཆེ་གེ་མོ་ཞིག་ན་ཕྲེང་བ་བྱེད་པའི་ཁང་པ་ནས་བདག་གིས་ཀཪྴ་པ་ཎ་ལྔ་བརྒྱས་ཉོས་སོ། །ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་བུ་མོ་དེ་ལ་མེ་ཏོག་ཆུ་ལས་སྐྱེས་པ་འདི་དག་ཇི་ཙམ་གྱིས་ཉོས་པ་བཞིན་དུ་ང་ལ་ཚོང་ཞིག་།ཅེས་དེ་སྐད་ཅེས་སྨྲས་ནས་དེས་དེ་ལྟར་མི་རུང་ངོ ། །ཞེས་སྨྲས་ནས་དེས་འོ་ན་གཉིས་ཁྱོད་ལ་ཞོག་ལ། ལྔ་ང་ལ་ཀཪྴ་པ་ཎ་ལྔ་བརྒྱས་ཉོར་བྱིན་ཅིག་ཅེས་སྨྲས་ནས་དེས་འདི་དག་གིས་ཅི་བྱ་ཞེས་སྨྲས་པ་དང ། དེས་བཅོམ་ལྡན་འདས་མར་མེ་མཛད་ལ་གཏོར་བར་བྱའོ། །ཞེས་སྨྲས་སོ། །དེས་གལ་ཏེ་ཁྱོད་སྲིད་པའི་འགྲོ་བ་འཆི་འཕོ་ཐམས་ཅད་དུ་བདག་གི་ཁྱིམ་ཐབ་ཏུ་འགྱུར་བར་དམ་འཆའ་ན་སྦྱིན་ནོ། །དེས་བུ་མོ་ཐོང ། ཁྱོད་དེ་སྐད་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། ཁྱོད་ནི། གཡེང་ཞིང་རྒོད་པའོ། །བུ་མོ། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་གྲངས་མེད་པ་ནི། བསྐལ་པ་གྲངས་མེད་པས་བསྒྲུབ་དགོས་ཏེ། དེའི་ཕྱིར་འདི་ལྟ་སྟེ།
368a
༄#། །འགྲོན་བུ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་ཆེན་པོ་དང ། གསེར་དང ། དངུལ་དང་ལྡན་པ་དང ། རྟ་དང ། གླང་པོ་ཆེ་དང ། བོང་བུ་དང ། བ་གླང་དང ། ལུག་དང ། རྒྱལ་སྲིད་ཀྱང་ཡོངས་སུ་བཏང་བ་དང ། ཤིང་རྟ་ཡོངས་སུ་བཏང་བ་དང ། སླས་ཡོངས་སུ་བཏང་བ་དང ། བུ་ཕོ་དང ། བུ་མོ་ཡོངས་སུ་བཏང་བ་དང ། ལག་པ་ཡོངས་སུ་བཏང་བ་དང ། རུས་པ་དང ། རྐང་དང ། གཙུག་ཕུད་ཡོངས་སུ་བཏང་བ་དང ། རྣ་བ་དང ། སྣ་དང ། མིག་དང ། ཡན་ལག་མཆོག་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་བར་བྱ་སྟེ། མདོར་ན་བུ་མོ། ནང་ངམ་ཕྱིའི་དངོས་པོ་གང་ཡང་བདག་གིས་ཡོངས་སུ་མི་གཏང་བར་བྱ་བ་མེད་དེ། བུ་མོ། གང་བདག་གིས་ཁྱོད་ཀྱང་ཡོངས་སུ་བཏང་སྟེ་དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བའི་དུས་དང ། ཚོད་དུ་གྱུར་ན། ཁྱོད་ནི། གཡེང་ཞིང་རྒོད་ཀྱི། ཁྱོད་ངའི་སྦྱིན་པའི་བར་ཆད་མ་བྱེད་ཅིག་།ཅེས་དེ་སྐད་ཅེས་སྨྲས་པ་དང ། དེས་གལ་ཏེ་ཁྱོད་ལུས་ལས་ཤ་ཡུངས་ཀར་གྱི་འབྲུམ་བུ་ཙམ་དུ་བཅད་དེ་ངལ་བྱིན་དུ་ཟིན་ཀྱང་ངས་ཁྱོད་ཀྱི་བྱིན་པའི་བར་ཆད་མི་བྱའོ། །ཞེས་སྨྲས་ནས་དེས་དེ་ལ་དེ་ལྟར་གྱུར་ཅིག་།ཆུ་ལས་སྐྱེས་པའི་མེ་ཏོག་དག་ང་ལ་བྱིན་ཅིག་ཅེས་སྨྲས་པ་དང ། དེས་ཀྱང་བྱིན་ནོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་མེ་ཏོག་ཨུཏྤ་ལ་དེ་དག་བླངས་ནས་
368b
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ག་ལ་བ་དེར་སོང་སྟེ་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་བ་མཐོང་སྟེ། སྤྱོད་ལམ་མཛེས་པའི་བར་དུ་རྒྱས་པར་བྱའོ། །དེ་བཅོམ་ལྡན་འདས་ལ་སེམས་དང་བར་གྱུར་ཏོ། །དེ་སེམས་དང་བར་གྱུར་ནས་ཤིན་ཏུ་དགའ་བ་དང ། དང་བ་དང ། བཀུར་སྟི་བསྐྱེད་ནས་བཅོམ་ལྡན་འདས་མར་མེ་མཛད་ག་ལ་བ་དེར་སོང་སྟེ་བྲམ་ཟེ་གཞོན་ནུ་སྤྲིན་གྱིས་མི་མང་པོ་དག་གིས་གོས་བཟང་པོ་བཟང་བདག་བཅོམ་ལྡན་འདས་མར་མེ་མཛད་ཀྱི་དྲུང་དུ་བཀྲམ་པ་མཐོང་ནས་དེས་བདག་ལ་གོས་མེད་ཀྱི། གང་བདག་གིས་རི་དྭགས་ཀྱི་པགས་པ་འདི་གདིང་ངོ ། །སྙམ་ནས་དེ་རི་དྭགས་ཀྱི་བགས་པ་དེ་བཏིང་བ་དང ། དེ་ན་མི་དེ་དག་འདི་འདྲ་བའི་སེམས་ཅན་དཀོན་མཆོག་གི་དྲུང་དུ་རི་དྭགས་ཀྱི་པགས་པ་གདིང་ངམ་ཞེས་འཕྱ་ཞིང་བཏིང་བ་ཡང་བརྟུལ་བར་བྱེད་དོ། །དེ་ནས་བྲམ་ཟེ་གཞོན་ནུ་སྤྲིན་ཕྱོགས་ཀྱི་མཐའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རི་དྭགས་ཀྱི་བགས་པ་བཏིང་སྟེ། དགོངས་ཤིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀུན་ནས་སྤྱན་རི་དྭགས་ཀྱི་པགས་པ་འདི་ལ་ཞབས་གཞག་པར་མཛད་ཅིག་ཅེས་སེམས་བསྐྱེད་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་དགོངས་ནས་བྲམ་ཟེ་
369a
༄#། །གཞོན་ནུ་སྤྲིན་གྱི་རི་དྭགས་ཀྱི་པགས་པ་ལ་ཞབས་བཞག་གོ་།དེ་དེས་བྲམ་ཟེ་གཞོན་ནུ་སྤྲིན་དགའ་མགུ་རངས་རབ་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་མེ་ཏོག་ཨུཏྤ་ལ་ལྔ་གཏོར་བ་དང ། ལྷའི་བུ་བརྒྱ་ཕྲག་དུ་མས་ལྷའི་མེ་ཏོག་མནྡཱ་ར་བ་དང ། ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ལྷའི་ཙནྡན་གྱི་ཕྱེ་མ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་མངོན་པར་གཏོར། ལྷའི་སིལ་སྙན་རྣམས་དཀྲོལ། ལྷའི་གླུ་དབྱངས་བླངས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལ་བསྟི་སྟང་བྱ་བའི་ཕྱིར་མེ་ཏོག་ཨུཏྤ་ལ་དེ་དག་ཨུཏྤ་ལ་སྟོང་ཕྲག་དུ་མར་བྱས་ཏེ། མེ་ཏོག་གི་བླ་གྲེ་འདབ་མ་ཐུར་དུ་བལྟ། སྡོང་བུ་གྱེན་དུ་བལྟ་བར་བྱས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་མངོན་པར་གཏོར་ཏེ་འདི་ལྟ་སྟེ། བྲམ་ཟེ་གཞོན་ནུ་སྤྲིན་སེམས་དད་ནས་བཅོམ་ལྡན་འདས་མར་མེ་མཛད་ཀྱི་སྤྱན་སྔར་ལོ་བཅུ་གཉིས་སུ་རལ་པ་གསེར་གྱི་ཁ་དོག་ལྟ་བུ་བཏིང་ནས་བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་བདག་དབུགས་དབྱུང་བར་མཛོད་ཅིག་།བདག་ལ་ཕྱག་གིས་དྲང་བར་
369b
གསོལ་ཞེས་ཡི་དམ་བརྟན་པར་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་བདག་གི་རལ་པ་གསེར་གྱི་ཁ་དོག་ལྟ་བུའི་སྟེང་དུ་ཞབས་མི་འཇོག་ཅིང ། བདག་ལ་དབུགས་འབྱིན་པར་མི་མཛད་ཅིང ། བདག་ལ་བྱང་ཆུབ་ཏུ་ལུང་ཡང་མི་སྟོན་ན། དེའི་ཕྱིར་བདག་འདི་ཉིད་དུ་ལུས་བསྐམ་པར་བགྱིའོ། །ཞེས་ཡི་དམ་ཡང་བཅས་སོ། །ཤཱ་རིའི་བུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀུན་ནས་སྤྱན། ཀུན་ནས་མཁྱེན་པ། དུས་གསུམ་གང་ཡང་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བ་དེས་བྲམ་ཟེའི་ཁྱེའུ་སྤྲིན་གྱི་བསམ་པ་མཁྱེན་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱི་སྐྲ་རལ་བ་གསེར་གྱི་ཁ་དོག་ལྟ་བུ་ལ་ཞབས་ཞག་སྟེ་གཡས་ཕྱོགས་ནས་གླང་པོ་ཆེའི་གཟིགས་པས་གཟིགས་ཏེ། ཉན་ཐོས་ཀྱི་དགེ་འདུན་དེ་ལ་དགེ་སློང་དག། རལ་བ་རྣམས་ལ་རྐང་པ་མ་གཞག་ཅིག་།དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།བྲམ་ཟེའི་ཁྱེའུ་འདི་ནི། བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱ་ཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། དེ་ལྟར་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་ལུང་བསྟན་པ་ཐོས་ནས་དགའ་ཞིང་མགུ་ནས་སྟེང་གི་བར་སྣང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ།
370a
༄#། །ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྗོད་དུ་མེད་པ་མངོན་སུམ་དུ་བྱེད་དོ། །དེ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཤར་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་དག་གིས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་སྟོན་པ་དང ། དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། དེ་བཞིན་དུ་ཤར་དང་ལྷོའི་མཚམས་ནས་སྟེང་དང ། འོག་གི་བར་དང ། ཕྱོགས་བཅུ་ཀུན་ནས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་པས་ལྷག་པ་དག་གིས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་བྱ་བར་ལུང་སྟོན་པ་མཐོང་ངོ ། །ཤཱ་རིའི་བུ། དེ་ལྟར་བྲམ་ཟེའི་ཁྱེའུ་སྤྲིན་ལུང་བསྟན་པ་ཐོས་ནས་དབུགས་ཕྱིན་པར་གྱུར་ཏེ། ནམ་མཁའི་དཀྱིལ་དེ་ནས་བབས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེའི་དྲུང་དུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཚངས་པར་སྤྱད་པ་སྤྱོད་དོ། །ཤཱ་རིའི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པ་དེ་གཞན་
370b
ཡིན་པ་སྙམ་དུ་དེ་ལྟར་དོགས་ཤིང་ཐེ་ཚོམ་ཟ་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པ་དེ་ཡིན་ཏེ། ངས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལ་མེ་ཏོག་ཨུཏྤ་ལ་ལྔ་གཏོར་ཏེ། རལ་པ་ཡང་བཏིང་ངོ ། །ཤཱ་རིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་མྱུར་དུ་ཐོབ་པར་འདོད་པ་དག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། གཞན་དག་ལ་ཡང་བརྗོད་པར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །གང་འདི་མཚན་མ་མེད་པའི་སྤྱོད་པའི་ནན་ཏན་གྱིས་བསྒྲུབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་མར་མེ་མཛད་ཀྱི་ཕ་རོལ་ན་ངས་དཀར་པོའི་ཆོས་ཀྱི་སྤྱོད་པ་གང་ལམ་སྤྱད་པ་དེ་གང་ཡང་མེད་དེ། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་མཚན་མ་དང་བཅས་པར་སྤྱོད་པར་གྱུར་ཏོ། །གང་གི་ཚེ་ང་གང་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མཚན་མ་མེད་པར་སྤྱོད་པ། དམིགས་པ་མེད་པར་སྤྱོད་པ། ཇི་ལྟར་ཐོས་པ་བཞིན་དུ་སྒྲུབ་པས་གནས་པ་དེའི་འོག་ཏུ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
371a
༄#། །པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ང་ལུང་བསྟན་ཏོ། །ཤཱ་རིའི་བུ། དེ་ལྟར་ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་མཐོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་མཐོང་མ་ཐག་ཏུ་སྤྱོད་པ་ཐམས་ཅད་ལས་འདས་ཏེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་ཁོང་དུ་ཆུད་དོ། །མཐོང་མ་ཐག་ཏུ་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་ཤེས་སོ། །དེའི་འོག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་དེས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ལུང་བསྟན་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །བཟོད་པ་རབ་ཏུ་ཐོབ་པ་ཇི་ལྟ་བུ་ཞེ་ན། གང་འདི་གཟུགས་རབ་ཏུ་མི་རྙེད་པར་བཟོད་པ་རབ་ཏུ་ཐོབ་པ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་རབ་ཏུ་མི་རྙེད་པར་བཟོད་པ་རབ་ཏུ་ཐོབ་པ་དང ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ཀྱི་ཆོས་ཐམས་ཅད་རབ་ཏུ་མི་རྙེད་པར་བཟོད་པ་རབ་ཏུ་ཐོབ་པའོ། །ཡང་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱ་བ་འདི་ནི། བཟོད་པ་མེད་པའི་ཆོས་བར་ཏུ་
371b
ཐོབ་པའི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཟོད་པར་རབ་ཏུ་ཐོབ་པའི་ཆོས་དེ་ལ་ནི། འཇིག་རྟེན་གྱི་ཆོས་རྣམས་ཀུན་ཏུ་མི་འབྱུང་ངོ ། །སོ་སོའི་སྐྱེ་བོའི་ཆོས་རྣམས་མ་ཡིན། སློབ་པའི་ཆོས་རྣམས་མ་ཡིན། མི་སློབ་པའི་ཆོས་རྣམས་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་རྣམས་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མི་འབྱུང་ངོ ། །ཆོས་ཐམས་ཅད་མི་འབྱུང་བས་དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཆོས་ཐམས་ཅད་ཐོབ་པ་མེད་ཅིང་མི་དམིགས་པས་དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །བཟོད་པ་དེ་ཡང་མཚན་མ་ཐམས་ཅད་དང ། དམིགས་པ་ཐམས་ཅད་ཀྱིས་སྐད་ཅིག་པ་ཡིན་ཏེ། དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱ་སྟེ། དེ་ལ་ནི། མིག་མེད་དོ། །མིག་ལ་སྨོས་པ་མེད་དོ། །གོང་མ་བཞིན་དུ་སྦྱར་ཏེ་རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། ཡིད་ལ་སྨོས་པ་མེད་དེ། མི་ཟད་པའི་ཡུལ་དེ་ནི། བཟོད་པ། འགྲོ་བ་མེད་པའི་ཡུལ་དེ་ནི། བཟོད་པ་སྟེ། དེའི་ཕྱིར་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཤཱ་རིའི་བུ། དེ་བས་ན། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་མྱུར་དུ་ཐོབ་པར་འདོད་པ་དག་གིས་གང་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མཚན་མ་མེད་པར་སྤྱོད་པ། ལྷུན་གྱིས་གྲུབ་པར་སྤྱོད་པ། དམིགས་པ་མེད་པར་སྤྱོད་པ་ཤིན་ཏུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་ཡང་བརྗོད་པར་བྱ། རྒྱ་
372a
༄#། །ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ནན་ཏན་གྱིས་བསྒྲུབ་པར་བྱའོ། །ཡང་དེའི་ཚེ་འཁོར་དེ་ཉིད་དུ་ཚོང་དཔོན་གྱི་བུ་མིས་བྱིན་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་དང ། སངས་རྒྱས་ཀྱི་ཡོན་ཏན་དང ། བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ཐོས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གནས་བརྟན་མ་འགག་པས་བདག་ལ་ཁྱིམ་བདག་།དགྲ་བཅོམ་པ་ཐོབ་སྟེ། འདི་ནི། རྒ་ཤི་ཐ་མའོ། །ཞེས་དེ་ལྟར་འཇུག་པར་བགྱིས་དེ་སྐད་ཅེས་རྗེས་སུ་བསྟན་མོད་ཀྱི། བདག་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་དང ། སངས་རྒྱས་ཀྱི་ཡོན་ཏན་དང ། བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ཐོས་ནས་འདི་སྙམ་དུ་གང་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐེག་པ་ཆེན་པོ་འདི་ནི། མཆོག་།གཙོ་བོ། །དམ་པ། མཆོག་རབ། གྱ་ནོམ་པ། བླ་ན་མེད་པའོ། །སྙམ་བགྱིད་དོ། །བཅོམ་ལྡན་འདས་ལས་ཀྱང་བདག་གིས་རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྣམས་ཀྱི་མཆོག་གང་ཡིན་པ་དེ་བསྐྱེད་པར་བྱའོ། །ཞེས་མངོན་སུམ་དུ་ཐོས་
372b
མངོན་སུམ་དུ་བཟུང་ནས་བདག་འདི་སྙམ་དུ་རབ་ཏུ་རྣམ་པར་ཕྱ་བའི་ཆོས་གཟུང་བ་མ་མཆིས་པ། ང་ཡི་བ་མ་མཆིས་པ། ཡོངས་སུ་གཟུང་བ་མ་མཆིས་པ་རྣམས་ཀྱིས་ཆོས་གང་ཡང་མཆོག། གཙོ་བོ། །མཆོག་རབ། གྱ་ནོམ་པ། བླ་ན་མེད་པའི་ཆོས་དེ་ཡང་དག་པར་བསྒྲུབས་ཏེ་འཇུག་གོ་།སྙམ་བགྱིད་དོ། །བཅོམ་ལྡན་འདས། བདག་འདི་སྙམ་དུ་ཐེག་པ་ཐམས་ཅད་ཀྱི་ནང་ན་ནི། སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པར་གནས་པ་ལགས་ཏེ། དེ་བཞིན་གཤེགས་པའི་ཐེག་པ་ནི། ཐེག་པ་གང་ཇི་སྙེད་པ་དེ་དག་གི་མཆོག་ཏུ་བརྗོད་པ་ནས་བླ་ན་མེད་པའི་བར་དུ་བརྗོད་པ་སྟེ། བཅོམ་ལྡན་འདས། བདག་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོའི་ཚོགས་ཆེན་པོ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། ཕན་པ་དང་བདེ་བའི་སླད་དུ་ད་སླན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའི་བསླབ་པ་བཅས་པ་ལ་ཡང་བསླབ་པར་བགྱིའོ། ། སྙམ་བགྱིད་དོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་མིས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མིས་བྱིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། ཡིད་ཆེས་པར་དཀའ་བ། སྒྲུབ་པར་དཀའ་བའོ། །གསོལ་པ། བཅོམ་ལྡན་འདས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ཆེས་པར་དཀའ་ཞིང་སྒྲུབ་པར་དཀའ་
373a
༄#། །ལགས་ཀྱང ། བཅོམ་ལྡན་འདས། དེ་དང་མཐུན་པར་བརྩོན་འགྲུས་བརྩམས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བགྱིའོ། །ཅི་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བགྱིའོ། །བཅོམ་ལྡན་འདས། གལ་ཏེ་སེམས་བསྐྱེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་པར་གྱུར་ལ། སེམས་བསྐྱེད་པ་རེ་རེ་ཡང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལན་རེ་ཞིང་ཡང་མགོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཆད་པར་གྱུར་ཀྱང་དེ་ལྟར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མི་གཏོང་སྟེ། བཅོམ་ལྡན་འདས། བདག་ནི། རྣམ་གྲངས་འདིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་སྤྲོ་ན། གང་བདེ་བའི་ཡོ་བྱད་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། ཇི་ལྟར་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཚིག་གིས་ཀྱང་ཁོང་དུ་ཆུད་པར་སླ་བ་མ་ལགས་ཏེ། དེ་ལྟར་རྒྱ་ཆེ་བའོ། །སངས་རྒྱས་ཀྱི་ཆོས་འདི་དག་ཀྱང་དེ་ལྟར་རྒྱ་ཆེ་བའོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་མཚུངས་པ་མ་མཆིས་སོ། །དེ་ལྟར་དཔག་ཏུ་མ་མཆིས་སོ། །དེ་ལྟར་
373b
གྲངས་མ་མཆིས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་ཡང་དེ་ལྟར་ཆགས་པ་མ་མཆིས་སོ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །བདག་ནི་བྱང་ཆུབ་སེམས་བསྐྱེད་ཅིང ། །སྡུག་བསྔལ་ཀུན་གྱིས་གཙེས་གྱུར་ཀྱང ། །སེམས་ཅན་རྣམས་ནི་མི་གཏོང་ངོ ། །སེམས་བསྐྱེད་པ་ནི་ལན་རེ་ཞིང ། །མགོ་ཡི་ཕུང་པོ་རི་རབ་ཀྱི། །འཕང་ཙམ་མཐོན་པོར་གྱུར་པ་དག་།ཐམས་ཅད་གཅོད་པ་སྤྲོ་བར་བགྱི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་འདི་ལ་བདག་འདུག་གོ་།དེ་བཞིན་གཤེགས་པ་ཁྱོད་ཅི་འདྲ། །དེ་འདྲ་ཁོ་ནར་གྱུར་པར་ཤོག་།ཐེག་པ་ཆུང་ངུ་ཐེག་པ་དམན། །ཉན་ཐོས་ཐེག་པ་སྤངས་ནས་ནི། །དེ་བཞིན་གཤེགས་པ་ཁྱོད་ཅི་འདྲ། །དེ་འདྲ་ཁོ་ནར་གྱུར་པར་ཤོག། ཐེག་པ་འདི་ནི་ཐེག་པ་ཆེ། །སངས་རྒྱས་རྣམས་ཀྱིས་མཆོག་ཅེས་བསྔགས། །གཟུང་བར་འོས་པ་གཞན་མ་མཐོང ། །དེ་བས་བདག་ནི་བྱང་ཆུབ་མོས། །གནོད་པར་གྱུར་པ་རྣམས་ལ་སྐྱོབ། །ངན་འགྲོ་གསུམ་ལས་ཐར་པར་བགྱི། །དེ་ཡི་ཕྱིར་ནི་སངས་རྒྱས་དག་།དེ་བཞིན་གཤེགས་པ་རྣམས་འབྱུང་ངོ ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་འདི་ལྟ་བུ་དག་ཤེས་ལ། གང་བུ་དང ། ཆུང་མ་དག་ཆོས་འདི་དག་ཡང་དག་པར་འཛིན་དུ་མ་བཅུག་ན། འདི་ནི། བདག་གིས་མི་ཆའོ། །སྙམ་ནས་དེ་བཅོམ་ལྡན་འདས་ཀྱི་
374a
༄#། །ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་རིངས་ཤིང་མྱུར་བའི་གཟུགས་ཀྱིས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ།་ཆུང་མ་བདུན་དང ། ཁྱེའུ་བདུན་དང ། བུ་མོ་བདུན་དང ། བྲན་ཕོ་བདུན་དང ། བྲན་མོ་བདུན་དང་ལྷན་ཅིག་ཏུ་རས་བཅོས་བུ་ཟུང་སྟོང་ཐོགས་ཏེ་རོལ་མོ་མཁན་ལྔ་བརྒྱ་ཙམ་དང་ལྷན་ཅིག་བཅོམ་ལྡན་འདས་ལ་བལྟ་བར་འདོད་པས། རིངས་ཤིང་མྱུར་བའི་གཟུགས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་བ་དང ། རྒྱལ་པོའི་ཁབ་ཀྱི་མི་དང ། མི་མ་ཡིན་པ་རབ་ཏུ་མང་པོ་དག་གིས་ཚོང་དཔོན་གྱི་བུ་མིས་བྱིན་གཡོག་དང་བཅས་ཏེ་རིངས་ཤིང་མྱུར་བའི་གཟུགས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་བར་མཐོང་ངོ ། ། མཐོང་ནས་ཀྱང་འདི་སྐད་ཅེས་མིས་བྱིན། ཁྱོད་གཡོག་དང་བཅས་ཏེ་རིངས་ཤིང་མྱུར་བའི་གཟུགས་ཀྱིས་གར་ཆ་ཞེས་འཛེར་པ་དང ། སྨྲས་པ། སྐྱེས་བུ་ཁྱེད་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཁོར་བརྒྱ་སྟོང་ཕྲག་དུ་མས་བསྐོར་ཏེ་མདུན་དུ་བདར་ནས་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ཡང་དག་པར་རབ་ཏུ་སྟོན་ཏེ། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་གི་དོན་དང ། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་པ་ཡོངས་
374b
སུ་བསྒྲུབ་པའི་ཕྱིར་བདག་གཡོག་དང་བཅས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ག་ལ་བ་དེར་སོང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་མི་ཤེས་པ་སྟེ། གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ཡོངས་སུ་སྒྲུབ་པར་འདོད་ན། ཚུར་ཤོག་འདོང་ངོ ། །བཅོམ་ལྡན་འདས་དེའི་གན་དུ་དོང་སྟེ་སངས་རྒྱས་ཀྱི་ཆོས་རྒྱ་ཆེ་བ་རྒྱ་ཆེ་བ་དག་གི་ཕྱིར་དགེ་བའི་རྩ་བ་བསྐྱེད་པར་བྱའོ། །དེ་ལྟར་རྒྱལ་པོའི་ཁབ་ཀྱི་མི་རྣམས་མིས་བྱིན་གྱི་ཚིག་དེ་ཐོས་ནས་སྲོག་ཆགས་ཁྲི་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་ཆུང་མ་བདུན་དང ། ཁྱེའུ་བདུན་དང ། བུ་མོ་བདུན་དང ། བྲན་ཕོ་བདུན་དང ། བྲན་མོ་བདུན་དང་ལྷན་ཅིག་ཏུ་རས་བཅོས་བུ་ཟུང་སྟོང་ཐོགས་ནས་སྲོག་ཆགས་སྟོང་ཕྲག་བཅུ་པོ་དེ་དག་དང ། རོལ་མོ་མཁན་ལྔ་བརྒྱ་ཙམ་པོ་དེ་དག་དང་ལྷན་ཅིག་ཏུ་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རྔ་དང ། རོལ་མོའི་སིལ་སྙན་དཀྲོལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རས་བཅོས་བུ་ཟུང་སྟོང་པོ་དེ་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་དམ་པ་མི་མཆོག་གང་ལགས་པ། །བྱང་ཆུབ་མཆོག་ཏུ་རྣམ་པར་དག་པ་སྤྱོད། །མཐའ་ཡས་
375a
༄#། །གཟིགས་པ་རྐང་གཉིས་རྣམས་ཀྱི་མཆོག་།དེ་ལ་དེ་རིང་བདག་ནི་མཆོད་པར་བགྱི། །གང་ཞིག་སྔོན་གྱི་བསྐལ་པ་མང་པོར་སྤྱད། །སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱང་ཆུབ་བཙལ། །རྫོགས་པའི་སངས་རྒྱས་ཆོས་ཀྱི་དབང་མཆོག་བརྙེས། །དེ་ལ་དེ་རིང་བདག་གིས་མཆོད་པར་བགྱི། །བུ་དང་བྲན་བཅས་ཉེ་དུའི་ཚོགས་དང་བཅས། །སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱང་ཆུབ་ཚོལ། །སྲོག་ཆགས་སྟོང་པོ་འདི་དང་ལྷན་ཅིག་ཏུ། །སངས་རྒྱས་དང་ནི་ཚོགས་ལ་སྐྱབས་སུ་མཆི། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་ཇི་སྙེད་བདག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་གན་དུ་མཆིས་པ་དེ་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟག་ལགས་ན། བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་བ་དང ། བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ལས་དགེ་བའི་རྩ་བ་བསྐྲུན་པ་གང་ལགས་པ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟར་དེ་དག་
375b
ལ་ཆོས་བསྟན་དུ་གསོལ། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཆོས་འདི་དག་ཐོབ་པར་གྱུར་ཅིག། དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་དང ། སྐྱེ་རྒུའི་བདག་མོ་བདུན་པོ་དེ་དག་དང ། ཁྱེའུ་བདུན་དང ། བུ་མོ་བདུན་དང ། བྲན་ཕོ་བདུན་དང ། བྲན་མོ་བདུན་དང ། སྲོག་ཆགས་ཁྲི་པོ་དེ་དག་དང ། རོལ་མོ་མཁན་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་སངས་རྒྱས་དང ། ཆོས་དང ། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས། བདག་ཅག་ལ་དགེ་བསྙེན་དུ་གཟུང་དུ་གསོལ། དེང་ནས་ཇི་སྲིད་འཚོ་བའི་བར་དུ་སྲོག་གཅོད་པ་སྤོང་ངོ ། །སྐྱབས་སུ་མཆིས་སོ། །མངོན་པར་དད་དོ། །བཅོམ་ལྡན་འདས། བདག་ཅག་དེང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །འདི་ལྟ་སྟེ། ད་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱོད་བཞིན་དུ་བདག་ཅག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཆོས་བསྟན་པར་བགྱིའོ། །འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་ཚོགས་ལ་གདམས་ངག་མཛད་པ་དེ་བཞིན་དུ་ཚོགས་ལ་གདམས་པར་བགྱིའོ། །བཅོམ་ལྡན་འདས། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་རྣམས་ཐར་པ་
376a
༄#། །མཛད་པ་དེ་བཞིན་དུ་བདག་ཅག་ཀྱང་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་རྣམས་ཐར་པར་བགྱིའོ། །དེ་ནས་རོལ་མོ་མཁན་ལྔ་བརྒྱ་པོ་དེ་དག་གིས་སིལ་སྙན་གྱི་སྒྲ་ཆེན་པོས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་དོ། །སྲོག་ཆགས་ཁྲི་པོ་དེ་དག་དང ། ཚོང་དཔོན་གྱི་བུ་མིས་བྱིན་ཆུང་མ་བདུན་དང ། ཁྱེའུ་བདུན་དང ། བུ་མོ་བདུན་དང ། བྲན་ཕོ་བདུན་དང ། བྲན་མོ་བདུན་དང ། གཡོག་ཐམས་ཅད་དང ། རོལ་མོ་མཁན་ལྔ་བརྒྱ་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་དོ། །དེ་ནས་བཅོམ་ལྡན་འདས་སེམས་ཅན་དེ་དག་ལ་ཐུགས་བརྩེ་བའི་སླད་དུ་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་རོལ་མོ་མཁན་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་མཐོང་ངོ ། །མཐོང་ནས་ཀྱང་དད་པ་སྐྱེས་ནས་སངས་རྒྱས་ཀྱི་མཐུས་རོལ་མོའི་ཆ་བྱད་དེ་དག་ཐམས་ཅད་བོར་པ་དང ། སངས་རྒྱས་ཀྱི་མཐུས་དེ་དག་མ་བཟུང་བར་སྟེང་གི་བར་སྣང་ལ་གནས་ཤིང་སྒྲ་འབྱིན་ཏེ། སྒྲ་འབྱིན་བཞིན་དུ་དེ་བཞིན་གཤེགས་པ་བར་སྣང་ལ་བཞུགས་པ་ལ་ལན་གསུམ་བསྐོར་བ་བྱེད་དོ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་གཡོག་དང་བཅས་པ་དང ། རོལ་མོ་མཁན་ལྔ་བརྒྱ་ཙམ་པོ་དེ་དག་དང ། སྲོག་ཆགས་ཁྲི་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་
376b
རྫུ་འཕྲུལ་དང ། ཆོ་འཕྲུལ་འདི་མཐོང་ནས་དགའ་མགུ་ཡིད་རངས་ཏེ་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་ཐམས་ཅད་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྟེང་གི་བར་སྣང་ལ་དཔག་ཚད་གཅིག་ཁོར་ཡུག་ཏུ་ཡང་སིལ་སྙན་སྟོང་ཕྲག་དུ་མ་ཡོངས་སུ་མ་བཟུང་བ་དག་གིས་ཁྱབ་པར་གྱུར་ཏེ། དཔེར་ན། སྦྲང་རྩིའི་སྦྲང་མའི་ཚང་བཞིན་དུ་སྟེང་གི་བར་སྣང་ལ་རྔ་དང ། རོལ་མོའི་སིལ་སྙན་གྱི་སྒྲ་འབྱུང་ངོ ། །དེ་ནས་ཚོང་དཔོན་གྱི་བུ་མིས་བྱིན་གཡོག་དང་བཅས་པ་དང ། རོལ་མོ་མཁན་ལྔ་བརྒྱ་ཙམ་པོ་དེ་དག་དང ། སྲོག་ཆགས་ཁྲི་པོ་དེ་དག་དང ། ཆོས་ཉན་དུ་སྔར་ལྷགས་པ་ལས་སྲོག་ཆགས་དྲུག་སྟོང་ཙམ་ཞིག་དང ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་མངོན་པར་འཕགས་པ་དང ། སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་ཁང་པ་བརྩེགས་པ་ལྔ་ལྔ་བྱུང་ངོ ། །རོལ་མོ་མཁན་གྱི་ཁང་པ་བརྩེགས་པ་བཞིས་མདུན་གྱིས་བལྟས་པའི་རོལ་མོ་མཁན་གྱི་ཁང་པ་བརྩེགས་པ་ཐམས་ཅད་ན་ཆོས་སྟོན་ཏོ། །བར་སྣང་ལ་གནས་པའི་ལྷ་སྟོང་ཕྲག་བྱེ་བ་དུ་མ་དག་གིས་ཀྱང་ལྷའི་མེ་ཏོག་མནྡཱ་ར་བ་དག་གཏོར་ཏོ། །མེ་ཏོག་དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་ཁང་པ་བརྩེགས་པ་བརྒྱད་ཅུར་གྱུར་ཏོ། །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་སྟེང་གི་བར་སྣང་ལ་གནས་པས་རྫུ་འཕྲུལ་གྱི་མཐུ་ཆེན་པོ་དེ་མཐོང་ནས་བཅོམ་ལྡན་འདས་ལ་དགའ་བ་དང ། དད་པ་
377a
༄#། །དང ། གུས་པ་དང་རྗེ་ས་ཆེར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེའི་དད་པ་མཁྱེན། ཚོང་དཔོན་གྱི་བུ་མིས་བྱིན་དང ། སྐྱེ་བོའི་ཚོགས་ཆེན་པོ་དེའི་ལྷག་པའི་བསམ་པ་མཁྱེན་ནས་དེའི་ཚེ་འཛུམ་པ་མཛད་དེ་དབུའི་གཙུག་ཏུ་མི་སྣང་བར་གྱུར་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་འཛུམ་པ་མཛད་པ་མཐོང་ནས་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་དག་ནི། རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། ཚོང་དཔོན་གྱི་བུ་མིས་བྱིན་འདིས་ཆུང་མ་བདུན་དང ། ཁྱེའུ་བདུན་དང ། བུ་མོ་བདུན་དང ། བྲན་ཕོ་བདུན་དང ། བྲན་མོ་བདུན་གྱིས་ང་ལ་མཆོད་པ་བྱས་ཏེ་བསྐལ་པ་བྱེ་བ་ཕྲག་སྟོང་དུ་ལོག་པར་ལྷུང་བར་མི་འགྲོ་སྟེ། ལྷ་དང ། མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱ་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
377b
རྒྱས་དེད་དཔོན་ཞེས་བྱ་བ་མཉེས་པར་བྱེད་པར་འགྱུར་རོ། །མཉེས་པར་བྱས་ནས་བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རིམ་གྲོར་བྱེད་པར་འགྱུར། མཆོད་པར་བྱེད་པར་འགྱུར།་དེའི་འོག་ཏུ་བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །ཀུན་དགའ་བོ། དེ་ལ་ཚོང་དཔོན་གྱི་བུ་མིས་བྱིན་གྱི་ཆུང་མ་བདུན་དང ། ཁྱེའུ་བདུན་དང ། བུ་མོ་བདུན་དང ། བྲན་ཕོ་བདུན་དང ། བྲན་མོ་བདུན་གང་ཡིན་པ་དག་ནི། འདི་ནས་ཤི་འཕོས་ནས་བུད་མེད་ཀྱི་ལུས་ལས་གྱུར་ཏེ་སྐྱེས་པའི་ལུས་ཐོབ་ནས་བྱང་ཆུབ་སེམས་དཔའ་མིས་བྱིན་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་རོ། །དེ་དག་བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིས་བྱིན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་སྙོམས་ཞེས་བྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མིས་བྱིན་གྱི་ཞམ་འབྲིང་བ་གང་ཡིན་པ་ཐམས་ཅད་ནི། དེ་བཞིན་གཤེགས་པ་མིང་ཐ་དད་པར་འགྱུར་རོ། །རོལ་མོ་མཁན་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི། བསྐལ་པ་གྲངས་མེད་པར་ལོག་པར་ལྟུང་བར་མི་འགྲོ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱེ་བ་ཕྲག་སྟོང་བྱེད་པར་བགྲང་བས་སྨྲ་སྟ། བར་སྐབས་དེར་སངས་རྒྱས་སྟོང་
378a
༄#། །ཕྲག་བཅུ་མཉེས་པར་བྱས་ནས་བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། །ཐམས་ཅད་ཀྱང་བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་འཇམ་ཞེས་བྱ་བར་ཐམས་ཅད་མིང་མཐུན་པར་འགྱུར་རོ། །སྲོག་ཆགས་ཁྲི་པོ་དེ་ལས་སྲོག་ཆགས་བཞི་བརྒྱ་ནི། དེ་བཞིན་གཤེགས་པ་བྱམས་པ་མཉེས་པར་བྱས་ནས་དེའི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ལྷག་མ་རྣམས་ནི། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པར་ལྟུང་བར་མི་འགྲོ་སྟེ། ཚུལ་འདིས་སངས་རྒྱས་བྱེ་བ་ཕྲག་སྟོང་མཉེས་པར་བྱས་ནས་བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། །ཐམས་ཅད་ཀྱང་བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངོ་མཚར་ཞེས་བྱ་བར་ཐམས་ཅད་ཀྱང་མིང་མཐུན་པར་འགྱུར་རོ། །སྲོག་ཆགས་དྲུག་སྟོང་པོ་དེ་དག་ལས་སྲོག་ཆགས་སྟོང་ནི། ང་ཡོངས་སུ་མྱ་ངན་ལས་
378b
འདས་ཏེ་དམ་པའི་ཆོས་ནུབ་ནས་མཚོན་གྱི་བསྐལ་པ་བར་མ་ནི། འདས། དེ་བཞིན་གཤེགས་པ་བྱམས་པ་ནི། མ་བྱུང་བའི་དུས་དེར་སེམས་ཅན་རྣམས་ཀྱི་ཚེ་འཕེལ་བར་འགྱུར་བའི་དུས་དེ་ནི་རང་སངས་རྒྱས་བརྒྱད་ཁྲི་འབྱུང་བར་འགྱུར་ཏེ། སྲོག་ཆགས་སྟོང་པོ་དེ་དག་གིས་རང་སངས་རྒྱས་དེ་དག་ཐམས་ཅད་མཉེས་པར་བྱས་ནས་བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། །གང་ཟག་གི་མཆོག་བྱམས་པ་དེ་ཡང་མཉེས་པར་བྱས་ནས་བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། །དེའི་འོག་ཏུ་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་ཉི་ཤུར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །དེ་ནས་ལུས་ཀྱི་ཐ་མ་བདག་གི་ལུས་ཀྱི་ཐ་མ་ཐོབ་ནས་དགེ་བའི་རྩ་བ་རྣམས་ཀྱིས་བསྐུལ་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་རོ། །སྲོག་ཆགས་ཁྲི་པོ་ལས་སྲོག་ཆགས་མཐོང་བ་སྐྱེས་བ་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷའི་བུ་ཁྲི་ཕྲག་དྲུག་ཅུ་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་སྐྱེས་སོ། །ཀུན་དགའ་བོ། བྱིས་པ་རྣམས་མ་གཏོགས་པར་དེ་བཞིན་གཤེགས་པ་རྣམས་ལ་སུ་ཞིག་དགའ་བ་དང ། དད་པ་དང ། གུས་པ་དང ། རྗེ་ས་སྐྱེད་པར་མི་
379a
༄#། །བྱེད།་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་རྩ་བ་ཆུང་ངུས་འདི་ལྟ་བུའི་ཆེ་བ་ཉིད་ཐོབ་ཅིང་མྱ་ངན་ལས་འདས་པ་ལ་ཡང་རེག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་ལ་ནི་གུས་བྱས་ན། །འདི་འདྲ་བ་ཡི་དཔལ་འཐོབ་སྟེ། །དེ་ཕྱིར་གང་ལ་བྱིན་པ་ནི། །འབྲས་བུ་ཆེ་བའི་སྟོན་ལ་མཆོད། ། གང་ཡང་བཞུགས་ལ་མཆོད་པ་དང ། །གང་ཡང་མྱ་ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །དེ་བཞིན་གཤེགས་པར་འགྱུར་བ་མཐོང ། །གང་ཡང་བཞུགས་ལ་མཆོད་པ་དང ། །གང་ཡང་མྱ་ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །སེམས་ཀྱང་མཉམ་ལ་འབྲས་བུ་མཉམ། །མཉམ་པའི་སེམས་སུ་བྱས་ནས་ནི། །གང་ཟག་མཆོག་ལ་མཆོད་བྱེད་པ། །དེ་ཡི་རྣམ་པར་སྨིན་པ་མཉམ། །མཚུངས་པར་བྱང་ཆུབ་འཚང་ཡང་རྒྱ། །བདེ་བར་གཤེགས་པའི་ལམ་བཟུང་སྟེ། །ངན་པར་འགྲོ་བའི་ལམ་ཡང་བཅད། །མྱ་ངན་འདས་པར་འགྲོ་བའི་ལམ། །དེ་ཡང་དེ་ལ་མི་དཀོན་ནོ། །སངས་རྒྱས་ཚུལ་ཁྲིམས་དམ་པ་དང ། །སངས་རྒྱས་ཏིང་ངེ་འཛིན་མཆོག་གིས། །དེ་ཕྱིར་མཆོག་ལ་དད་བྱས་ནས། །དེ་བཞིན་གཤེགས་པ་མཆོག་ཏུ་འགྱུར། །མཆོད་པ་དམ་པ་བྱས་ནས་ནི། །མྱུར་དུ་མཆོག་ཏུ་འགྱུར་བ་ཡིན། །ཆོས་ཀྱི་དམ་པ་སྟོན་མཛད་པ། །རྫོགས་པའི་སངས་རྒྱས་
379b
མཆོག་ཏུ་འགྱུར། །མི་གང་མཁས་པ་སངས་རྒྱས་ཀྱི། །ཆོས་ལ་བརྟེན་པར་འདོད་པ་དེ། །འདུན་པ་དྲག་པོ་བསྐྱེད་པར་བྱ། །མང་དུ་ཐོས་ནས་ཚུལ་བཞིན་ནོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང ། །ཚངས་པ་དབང་བྱེད་གྱུར་ནས་ནི། །ཡོན་ཏན་མང་པོའི་འབྱུང་གནས་དང ། །མྱ་ངན་འདས་པར་ངེས་པར་འགྱུར། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། དེ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག་གིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་འདུན་པ་དྲག་པོ་བསྐྱེད་དེ་ཤིན་ཏུ་མཉན་པར་བྱ། བླང་བར་བྱ། གཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན་ཏམ།་བླངས་སམ། བཟུང་ངམ། ཀུན་ཆུབ་པར་བྱས་སམ། གཞན་དག་ལ་བརྗོད་དམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཚད་མེད་པ་བཞི་དང་མི་འབྲལ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པ་ཡིན་ནོ། །བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་སྡུད་
380a
༄#། །པར་བརྩོན་པ་ཡིན་ནོ། །ཤཱ་རིའི་བུ། གང་འདི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ནི། བྱང་ཆུབ་ཀྱི་ལམ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་དང་འབྲེལ་ཏོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་ནང་དུ་བཅུག་གོ་།ཤཱ་རིའི་བུ། ངས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་བསླབ་ནས་ཡང་དག་པར་ཆད་པ་རྗེས་སུ་ཐོབ་པོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྗེས་སུ་ཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་གང་ཞེ་ན། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕ་རོལ་ཏུ་སོན་པའོ། །དེ་བཞིན་གཤེགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ངེས་པར་བྱས་པ། དེ་བཞིན་གཤེགས་པའི་མཛད་པ་རྒྱུན་མ་བཅད་པ། རྣམ་པ་ཐམས་ཅད་ཀྱི་ཚད་མེད་པའི་རྗེས་སུ་ཐོབ་པ། དེ་བཞིན་གཤེགས་པས་དཔག་ཏུ་མེད་པ་རྗེས་སུ་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྗེས་སུ་ཐོབ་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཤིན་ཏུ་གནས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལུས་ཀྱི་ལས་དང་རྣམ་སྨིན་གྱིས། །རྣམ་པར་སྨིན་པ་ཤེས་པར་བྱ། །ལས་སྨིན་རྣམ་སྨིན་
380b
མ་ཡིན་གང ། །དེ་བདེ་དེ་ནི་མྱ་ངན་འདས། །གང་ལས་ཤེས་པ་མེད་པ་ཡི། །འདུས་བྱས་ཐམས་ཅད་སྡུག་བསྔལ་ཏེ། །དེ་ཕྱིར་ཤེས་པ་བསྐྱེད་པས་ནི། །འདུས་བྱས་ཀུན་ལས་རྣམ་པར་གྲོལ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། དགེ་སློང་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ཞེས་བྱ་བ་སྟེ། བཅུ་གཉིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་པོ་དྷི་དང ། ཤཱི་ལེནྡྲ་བོ་དྷི་དང ། ཱརྱ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།