།།རྒྱ་གར་སྐད་དུ། ཨཱརྱ་སཝཱལྤཱ་ཨཀྵ་ར་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་དུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། 42b བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་གཅིག་ཏུ་བཞུགས་ཏེ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ལ་སོགས་པ་ལྷ་བྱེ་བ་ཁྲག་ཁྲིག་འབུམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། དཔལ་གྱི་སྙིང་པོའི་སེང་གེའི་ཁྲིལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། འཛུམ་མུལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་དུ་ལ་བསོད་ནམས་ཆེ་བ།་གང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་དང ། བྱང་ཆུབ་ལ་ངེས་པར་གཞོལ་བར་འགྱུར་བ་དང ། གང་དག་གསང་སྔགས་སྒྲུབ་པར་བརྩོན་པ་དེ་དག་བགེགས་མ་མཆིས་པར་གསང་སྔགས་འགྲུབ་པར་འགྱུར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ། ཁྱོད་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ 43a ༄#། །ཕན་པའི་ཕྱིར་བརྩོན་པ་ལེགས་སོ། །དེའི་ཕྱིར། རིགས་ཀྱི་བུ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་དུ་ལ་བསོད་ནམས་ཆེ་བ། གང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་བ་དང ། བྱང་ཆུབ་ལ་ངེས་པར་གཞོལ་བར་འགྱུར་བ་དང ། གང་དག་གསང་སྔགས་སྒྲུབ་པར་བརྩོན་པ་དེ་དག་བགེགས་མེད་པར་སྔགས་འགྲུབ་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སེམས་ཅན་ཐམས་ཅད་དགྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མཉམ་པར་བཞག་པ་དེས་སྨིན་མཚམས་ཀྱི་མཛོད་སྤུའི་ཕྲག་ནས་འོད་ཟེར་འབུམ་ཕྲག་དུ་མ་བྱུང་སྟེ། འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་གྱུར་ཏོ། །སེམས་ཅན་གང་དག་འོད་ཟེར་དེས་རེག་པ་སེམས་ཅན་དམྱལ་བ་ཡན་ཆད་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་ 43b པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ལྷའི་ཙནྡན་གྱི་ཕྱེ་མའི་ཆར་ཡང་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུངས་པ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་མཉམ་པའི་སེམས་དང ། བྱམས་པའི་སེམས་དང ། བྱས་པ་གཟོ་བ་དང ། སྡིག་པ་ཐམས་ཅད་དང་བྲལ་བའི་སེམས་སུ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་ཡང་གདོན་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སཝཱཧཱ། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །སངས་རྒྱས་ཐམས་ཅད་ཀྱང་འདི་ལས་བྱུང་ངོ ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལས། ཁྱོད་ཀྱིས་འདི་ཉིད་ཐོབ་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཞེས་སངས་རྒྱས་ཉིད་དུ་ལུང་ཡང་བསྟན་ཏོ། །གང་དག་ 44a ༄#། །ཁྱོད་ཀྱི་མིང་ཉན་པ་དང ། འཛིན་པ་དང ། ཀློག་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང ། གླེགས་བ་མ་དུ་བྲིས་ནས་མཆོད་པ་བྱེད་པ་དེ་དག་ཐམས་ཅད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཛ་ཡ་ཛ་ཡ། པདྨ་བྷེ། ཨ་བ་མེ་ས་ར་ས་ར་ཎི། དྷི་རིདྷི་རི། དྷི་རི་དྷི་རི། དེ་བ་ཏ་ཨ་ནུ་པཱ་ལ་ནེ།་བུད་དྷོཏ་ཏཱ་ར་ཎི་པཱུ་ར་ཡ་པཱུ་ར་ཡ་བྷ་ག་བ་ཏི། སརྦཱ་ཤ་མ་ཤ་མ་པ་རི་པཱུ་ར་ཡ་ས་པ་རི་ཝ་ར་སྱ་སརྦ་སཏྭ་ནཱཉྩ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། བུདྡྷ་ཨ་དྷིཥྛ་ནེ་ན་སཝཱཧཱ། དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། སངས་རྒྱས་ཐམས་ཅད་བསྐྱེད་པ། བྱང་ཆུབ་སེམས་དཔའི་ཡུམ། འཕྲལ་ཏུ་སྡིག་པ་འཕྲོག་པ། བྱང་ཆུབ་སྦྱིན་པར་བྱེད་པ་སྟེ། འདི་ལྟ་སྟེ། བསྐལ་པ་བྱེ་བ་བརྒྱར་ཡང་སངས་རྒྱས་ཐམས་ཅད་ཀྱིས་ཕན་ཡོན་བརྗོད་པར་མི་ནུས་སོ། །འདི་བཀླགས་པས་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། །གསང་སྔགས་ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། 44b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐབས་སླ་བའི་ཕྱིར་ཏེ། སེམས་ཅན་གང་དག་སྤྲོ་བ་ཆུང་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང ། ཀློག་པ་དང ། ཡི་གེར་འདྲི་བ་དང ། ཡི་གེར་འདྲིར་འཇུག་པ་དེ་དག་ཐམས་ཅད་ཐབས་སླ་བས་བྱང་ཆུབ་ལ་གཞོལ་བར་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ཙམ་དུ་སེམས་ཅན་ཐམས་ཅད་ལ་སྨན་པ་དང ། སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་དོན་དང ། སྨན་པ་དང ། བདེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ། བཅོམ་ལྡན་འདས། ངོ་མཚར་ཏོ། །བདེ་བར་གཤེགས་པ། ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང།་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་དུ་ཞེས་ 45a ༄#། །བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། |