།།རྒྱ་གར་སྐད་དུ། བོ་དྷི་མཎྜ་སྱ་ཡཀྵཱ་ལངྐཱ་ར་ནཱ་མ་དྷཱ་ར་ཎཱྀ། རྒྱ་ནག་སྐད་དུ། ཕུ་ཐི་ཋ་དྲ་ཨཱི་ཊྭ་དྲ་ཡན་ཐོ་ལོ་ནི།་བོད་སྐད་དུ། བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སིའི་གྲོང་ཁྱེར་ཆེན་པོའི་སྐྱེད་མོས་ཚལ་རྒྱ་ཆེན་པོ་ན། དགེ་སློང་གི་དགེ་འདུན་ཆེན་པོ་ལྔ་སྟོང་ཐམས་ཅད་ཀྱང་དགྲ་ 474a ༄#། །བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་བ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཤ་སྟག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་ལྔ་བརྒྱ་བཅས་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དཀར་པོའི་ཕྱོགས་ཀྱི་ཟླ་བ་ཉ་བས་ཚེས་པའི་དུས་གཅིག་ན་འཁོར་རྣམ་པ་བཞི་ལ་ཆོས་སྟོན་ཅིང་མཆོག་ཏུ་དགའ་བས་ཚིམ་པར་བྱས་སོ། །ཡང་འཁོར་དེར་སེམས་ཅན་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འདུས་པ། འདི་ལྟ་སྟེ། རྒྱལ་རིགས་དང ། བྲམ་ཟེའི་རིགས་དང ། རིག་བྱེད་སྨྲ་བ་རྣམས་དང ། གཅེར་བུ་པ་དང ། ཡ་མཚན་ཅན་གཞན་དག་རྟོག་གེ་པ་མང་པོ་དང ། སྒྱུ་རྩལ་ཤེས་རིགས་དང ། དུར་ཁྲོད་པ་དང ། ཚེམ་བུ་པ་དང ། གླང་རུའི་བརྟུལ་ཞུགས་ཅན་དང ། རི་སུལ་ན་གནས་པའི་བརྟུལ་ཞུགས་ཅན་དང ། དབང་ཕྱུག་པའི་ཚོགས་ཐམས་ཅད་དང་ཐབས་ཅིག་གོ་།དེ་ལ་འདུས་པའི་ཚོགས་དེར་གང་ཟག་འགའ་ཞིག་ལྟ་བ་ལོག་པས་བསླད་དེ་ལམ་གོལ་བ་དང ། ཐེ་ཚོམ་གྱི་དྲ་བར་ཆུད་པ་རྣམས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོས་གང་ཇི་ལྟ་ཇི་སྙེད་ཞུས་པའི་དོན་ལེགས་པར་རབ་ཏུ་སྟོན་ཅིང་ཐེ་ཚོམ་མ་ལུས་པ་བསལ་བར་ 474b མཛད་དོ། །གཞན་ཡང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའི་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པའི་ཚོགས་ཀྱིས་མདུན་ནས་བལྟས་ཤིང་ཡོངས་སུ་བསྐོར་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་བའི་ལྷའི་བུའི་འཁོར་མང་པོ་དང་བཅས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་ལྷགས་སོ། །དེ་བཞིན་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷའི་བུ་མང་པོའི་འཁོར་དང་བཅས་པ་དང ། ལྷའི་བུ་ཉི་མ་དང ། ལྷའི་བུ་ཟླ་བ་དང ། ལྷའི་བུ་སྟོབས་བཟང་དང ། གནོད་སྦྱིན་ནོར་བུ་བཟང་པོ་དང ། གང་བ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང ། དབང་ཕྱུག་དང ། ཁྱབ་འཇུག་དང ། གཤིན་རྗེ་དང ། ཆུ་ལྷ་དང ། ལུས་ངན་དང ། རྒྱལ་པོ་ཆེན་པོ་བཞི་དང ། དཔལ་གྱི་ལྷ་མོ་དང ། དབྱངས་ཅན་མ་དང ། འཕྲོག་མ་དང ། དུང་སྐྱོང་མ་དང ། མེ་ཏོག་སོམ་དང ། འཕྲོག་མའི་བུ་ལྔ་བརྒྱ་རྣམས་ཀྱང་རང་རང་གི་འཁོར་དང་བཅས་པ་དང ། ཀླུའི་རྒྱལ་པོ་རྒྱ་མཚོ་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། ཀླུའི་རྒྱལ་པོ་ཉེ་དགའ་ལ་སོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་སོ་སོའི་ཀླུའི་རིགས་ཀྱི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་མང་པོས་བསྐོར་བ་དང ། མིའམ་ཅིའི་རྒྱལ་པོ་དང ། ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་རྣམས་ཀྱང་རང་རང་གི་འཁོར་གྲངས་སུ་མེད་པས་ཡོངས་ 475a ༄#། །སུ་བསྐོར་ཞིང་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ཏེ། ཕྱག་འཚལ་བ་དང ། མཆོད་པ་དང ། བཀུར་སྟི་དང ། རིམ་གྲོ་བྱེད་ཅིང་ཆོས་མཉན་ཏོ། །དེའི་ཚེ་དེའི་དུས་ན་པ་ཐ་རིའི་གྲོང་ཁྱེར་ན་གནས་པའི་བྲམ་ཟེ་ཆེན་པོ་པི་ཎུ་དཏྟ་ཞེས་བྱ་བ་ཕྱུག་པ་དབྱིག་ནོར་སྣ་ཚོགས་ཕུན་སུམ་ཚོགས་པ་དང་ལྡན་པ། ལོངས་སྤྱོད་རྣམ་ཐོས་ཀྱི་བུ་དང་འགྲན་བཟོད་པ། མང་དུ་ཐོས་པ། ཤེས་རབ་ཆེ་བ། དབང་པོ་རྣོ་བ། རྣམ་འྤྱོད་ཡངས་པ། དགེ་བའི་ཆོས་ལ་དགའ་བ། དད་པ་བརྟན་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་དགེ་བསྙེན་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་གྱུར་པ་ལ་བུ་མེད་པ་ཞིག་ཡོད་དོ། །ལན་ཅིག་བྲམ་ཟེ་ཆེན་པོ་དེས་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་ལོངས་སྤྱོད་འདི་ཙམ་ཆེ་ཞིང་རིགས་འདི་ལྟར་བཙུན་པ་ལ་བུ་མེད་པ་ཅི་ལྟར་རུང ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འདི་རྒྱུན་ཆད་ན་ཅི་ལྟར་རུང ། བདག་གསོན་ཀྱང་དོན་རེ་ཆུང་ངོ་སྙམ་དུ་བསམ་ཞིང་ཉིན་མཚན་མང་པོར་སྡུག་བསྔལ་བར་གྱུར་ཏོ། །ཡང་ལན་ཅིག་འདི་ལྟར་སེམས་པར་གྱུར་ཏེ། ལྷ་དང ། མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་བདག་གི་པ་ཡིན་ནོ། །བདག་ནི་སངས་རྒྱས་ཀྱི་བུ་ཡིན་ནོ། །ཡང་དག་པ་དམ་པའི་ཆོས་ནི་བདག་གི་མ་ཡིན་ནོ། །འཕགས་པའི་དགེ་འདུན་གྱི་ཚོགས་ནི་བདག་གི་ཕུ་ནུ་ཡིན་ 475b ནོ། །སྐྱེ་བ་འདིར་སྟེས་བཟང་པོས་བཀྲ་ཤིས་པའི་དཔལ་གྱི་འབྱོར་པ་འདི་ལྟ་བུ་རྙེད་ན། སྐྱེ་བ་ཕྱི་མར་ཡང་དོན་ལྡན་དུ་བྱ་བར་བྱེད་པའི་ཕྱིར། ཆོས་གང་གཅིག་ལ་བསླབས་པས་དཀར་པོའི་ཆོས་ཀྱི་དགེ་བའི་རྩ་བ་ཐམས་ཅད་འདུས་ཤིང་ཚེགས་ཆུང་ངུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་ཏུ་བསྔོ་བར་བྱ་སྟེ། དཀོན་མཆོག་གསུམ་གྱི་གདུང་ཡུན་རིང་དུ་རྒྱུན་མི་འཆད་པར་གྱུར་པ་དང ། དགེ་བའི་ལས་གང་གི་རྒྱུ་རྐྱེན་ལ་བརྟེན་ནས་བུ་ཚ་རིགས་རྒྱུད་འཕེལ་བར་བྱེད་པའི་ཐབས་ཅིའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་མི་ཞུ། ད་ནི་བཅོམ་ལྡན་འདས་ལ་ཞུའོ་སྙམ་དུ་བསམས་སོ། །དེ་ནས་བྲམ་ཟེ་ཆེན་པོ་བི་ཎུ་དཏྟ་དེས་བཅོམ་ལྡན་ཀྱི་སྤྱན་སྔར་དོང་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ལན་གསུམ་བསྐོར་བ་བྱས་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་བཅོམ་ལྡན་འདས། ཆོས་གང་གཅིག་ལ་བསླབས་ན་དཀར་པོའི་ཆོས་ཀྱི་དགེ་བའི་རྩ་བ་ཐམས་ཅད་འདུས་པར་གྱུར་ཅིང་ཚེགས་ཆུང་ངུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་འགྱུར་བ་དང ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འགྱུར་བ་དང ། བུ་ཚ་རིགས་རྒྱུད་འཕེལ་བར་འགྱུར་བའི་ཐབས་ཤིག་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་བི་ཎུ་དཏྟ་ལ་འདི་ 476a ༄#། །སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ། །ལེགས་སོ། །བྲམ་ཟེ་ཆེན་པོ། ཁྱོད་ཀྱིས་དོན་ལེགས་པ་འདི་འདྲ་ང་ལ་དྲིས་པ་ནི་ཤིན་ཏུ་ལེགས་སོ། །བྲམ་ཟེ་ཆེན་པོ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །བྲམ་ཟེ་ཆེན་པོ། རྟོག་པའི་རྒྱལ་པོ་ཆེན་པོ་བྱང་ཆུང་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུང་ཡོད་དེ། གཟུངས་དེ་ནི་དཀར་པོའི་ཆོས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྐྲུན་པར་བྱེད། སྐྱེད་པར་བྱེད། ཡོངས་སུ་རྫོགས་པར་བྱེད། རེ་བ་ཐམས་ཅད་སྐོང་བར་བྱེད་པ་སྟེ། ངས་རྗེས་སུ་དྲན་པ་སྔོན་འདས་པའི་དུས་ན་པ་ཐ་རིའི་གྲོང་ཁྱེར་གྱི་ཤར་སྒོའི་ཕྱི་རོལ་དུ་སྐྱེད་མོས་ཚལ་ཆེན་པོ་ཞིག་ཡོད་དེ། སྐྱེད་ཚལ་དེའི་མིང་ནི་ཨ་སུ་རི་ཞེས་བྱ་བའོ། །དེ་ན་གཉུག་མར་གནས་པའི་སྲིན་པོའི་བུ་མོ་ཞིག་ཡོད་དེ། མིང་ནི་ལྷ་མིན་མཛེས་མ་ཞེས་བྱའོ། །སྲིན་མོ་དེ་རང་བཞིན་ངན་པ། གདུག་རྩུབ་ཆེ་བ། ཁོར་ཡུག་དཔག་ཚད་སྟོང་གི་ནང་རོལ་ན་གནས་པའི་ཁྱེའུ་དང ། བུ་མོ་རྣམས་ཀྱི་མདངས་འཕྲོག་ཅིང་བཅུད་བརྐུས།་སྲོག་ཀྱང་ཕྲོགས་པར་བྱས་པས། པ་ཐ་རིའི་གྲོང་ཁྱེར་ན་གནས་པའི་སྐྱེ་བོ་ཕོ་མོ་ཕལ་ཆེར་སྲིན་མོ་དེའི་གནོད་པས་གཙེས་པས་སྡུག་བསྔལ་བར་གྱུར། ཡུན་རིང་དུ་འཇིགས་པ་དང་ལྡན་པར་གྱུར། ཉམ་ང་བས་ཉེན་པར་གྱུར་ཏོ། །དེ་ནས་དུས་གཅིག་ན་དེ་དག་ཕན་ཚུན་དུ་བལྟས་ 476b ཤིང་ཐབས་ཅི་འདྲ་ཞིག་གིས་སྡུག་བསྔལ་འདི་ལས་གྲོལ་བར་འགྱུར་ཞེས་བགྲོས་སོ། །དེའི་ཚེ་སྐྱེ་བོའི་ཚོགས་འདུས་བའི་ཁྲོད་ན་རྒན་རབས་རྒྱུས་ཡོད་པ་འགའ་ཞིག་གིས། སྐྱེ་བོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ཉོན་ཅིག་།ད་ལྟ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་དམ་པའི་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་འཚོ་ཞིང་གཞེས་བཞིན་བཞུགས་ཏེ། དེའི་དྲུང་དུ་མཇལ་ཏེ་འདྲི་བར་རིགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས། ཁྱེད་ཅག་གི་མགོན་པོ་དང ། སྐྱབས་སུ་འགྱུར་ལ་འཇིགས་པ་དང ། སྡུག་བསྔལ་ཐམས་ཅད་བསལ་བར་མཛད་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། སྐྱེ་བོ་དེ་དག་གིས་དེ་བཞིན་གཤེགས་པ་དེ་ཡུལ་ཕྱོགས་གང་ན་བཞུགས་ཞེས་དྲིས་པས། རྒན་རབས་དག་གིས་ལན་བཏབ་པ། དེ་བཞིན་གཤེགས་པ་དེ་དུས་སྐབས་ད་ལྟ་ན་ལྔ་ལེན་གྱི་ལྗོངས་ན་བཞུགས་ཟེར་རོ། །སླར་དྲིས་པ། བཞིན་བཟང་དག་།དེ་བཞིན་གཤེགས་པ་དེ་དང་མཇལ་བའི་ཐབས་བསྟན་དུ་གསོལ། སྨྲས་པ། ཁྱེད་ཅག་སླར་ལོག་ལ་དབེན་ཞིང་གཙང་བའི་གནས་ཤིག་བཙལ་ཏེ་ས་ཕྱོགས་དེར་བ་ལྕི་བསྲེས་པའི་ས་གཙང་གི་དཀྱིལ་འཁོར་གྲུ་བཞི་མཐའ་ལོགས་ཆ་མཉམ་པ་བཞེངས། སྤོས་འདམ་དང ། བ་བྱུང་ལྔས་བྱུག་ལ། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་ནས་བདུག་པའི་སྤོས་ 477a ༄#། །ཕོར་བཞི་དང ། དྲི་བཟང་གི་ཆབ་ཀྱི་བུམ་པ་བཞི་དང ། ཞལ་ཟས་སྡེར་མ་བཞི་གཞག་པར་བྱའོ། །མར་མེ་བཞི་བུད་པར་བྱའོ། །དབུས་སུ་དྲི་བཟང་གི་ཆུས་གང་བའི་བུམ་པ་དམར་སེར་གཅིག་བཀོད་ལ། དེའི་ཁར་སོ་ཤིང་གཅིག་གཞག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་ལ་མངོན་པར་དད་པས་དམིགས་ཏེ། བཅོམ་ལྡན་འདས་བདག་ཅག་རྣམས་ལ་ཐུགས་བརྩེ་བའི་སླད་དུ་སང་ཉིན་བསོད་སྙོམས་ཀྱི་དུས་ལ་བབ་པ་ན་གནས་འདི་ཉིད་དུ་གཤེགས་པར་ཅི་གནང་ཞེས་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་དེ་ནི་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང ། མོས་པ་དང ། བྱ་བ་སྤྱོད་པ་ཇི་ལྟ་ཇི་སྙེད་ཐམས་ཅད་ཡོངས་སུ་མཁྱེན་ཅིང་གཟིགས་པ་སྟེ། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོའི་སྐྱེ་གནས་སུ་ལྟུང་བ་རྣམས་ཀྱང་ཐབས་མཁས་པས་ཐར་བར་མཛད། ཕན་པ་དང ། བདེ་བའི་ཐབས་སྟོན་པར་འགྱུར་རོ། །དེ་ལྟར་བྱས་པས་དེ་བཞིན་གཤེགས་པ་དེས་མངོན་པར་མཁྱེན་ཅིང་གཟིགས་ནས། རྫུ་འཕྲུལ་ཐོགས་པ་མེད་པའི་སྟོབས་ཀྱིས་འཁོར་དང་བཅས་པ་ཁྱེད་ཅག་གི་བསྟི་གནས་སུ་འབྱོན་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། སྐྱེ་བོ་དེ་རྣམས་ཀྱིས་ཐོས་པ་ཇི་ལྟ་བ་བཞིན་བློ་ལ་བཟུང་ནས་སླར་ལོག་སྟེ་འདུ་འཛིས་དབེན་ཞིང་གཙང་ 477b ལ་མཐོ་ཞིང་ངོས་ཡངས་པའི་གནས་ཤིག་བཙལ་ནས། བ་ལྕི་བསྲེས་པའི་ས་གཙང་གི་དཀྱིལ་འཁོར་བཤམས་ཏེ། མེ་ཏོག་སྣ་ཚོགས་བཀྲམ། དཀྱིལ་འཁོར་གྱི་རྒྱན་བུམ་པ་བཟང་པོ་དང ། བཟའ་བཏུང་གཙང་མ་སྣ་ཚོགས་དང ། བྱུག་པ་དང ། བདུག་སྤོས་དང ། མར་མེ་རྣམས་བཀོད་ནས་སྙན་པའི་རོལ་མོ་སྣ་ཚོགས་ཀྱང་དཀྲོལ། དབུས་སུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གསེར་གྱི་བུམ་པ་དམར་སེར་དྲི་བཟང་གི་ཆུས་བཀང་བ་སོ་ཤིང་དང་བཅས་པ་བཞག་ལ། ཐམས་ཅད་ཡིད་མཐུན། མོས་པ་མཐུན། སྤྱོད་ལམ་མཐུན་པར་དད་པས་ཀུན་ནས་བསླང་བའི་དབྱངས་སྙན་ལ་སྐད་གསང་མཐོན་པོས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་དམ་པའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ལ་བརྩེ་བ་དང ། སྐྱོབ་པའི་བདག་ཉིད་ཅན་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཁྱེད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཆོས་ཉིད་བསམ་མི་ཁྱབ་ཅིང་རྨད་དུ་བྱུང་བའི་བདག་ཉིད་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཁྱེད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་ཅག་མགོན་མེད་སྐྱབས་མེད་ཅིང་སྡུག་བསྔལ་གྱི་འདམ་དུ་བྱིངས་པའི་སེམས་ཅན་ 478a ༄#། །རྣམས་ལ་རྗེས་སུ་བརྩེ་བའི་སླད་དུ། སང་བསོད་སྙོམས་ཀྱི་དུས་ཚོད་ལ་གནས་འདིར་གཤེགས་སུ་གསོལ་ལོ། །གཤེགས་ཤིང་བཞུགས་ནས་ཀྱང་བདག་ཅག་གིས་ལེགས་པར་སྦྱར་བའི་མཆོད་པ་རྣམས་བཞེས་ལ་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མགོན་དང ། སྐྱབས་དང ། དཔུང་གཉེན་མཛད་དུ་གསོལ། ཕན་པ་དང ། བདེ་བ་དང ། རྣམ་པར་གྲོལ་བའི་ལམ་བསྟན་དུ་གསོལ། འཇིགས་པ་ཐམས་ཅད་དང ། གནོད་པ་ཐམས་ཅད་དང ། ཉམ་ང་བ་ཐམས་ཅད་བསལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་སོ། །བུམ་པ་ཡང་འགུལ་ཞིང་ས་ལ་འགྱེལ་ཏོ། །བུམ་ཆུ་ས་ལ་ཕོས་ཏེ་པདྨའི་རྫིང་བུ་ཆེན་པོར་གྱུར་ཏོ། །དེ་ཡང་ལྷའི་ཆུ་དང་མཉམ་པ། དྲི་བཟང་འཐུལ་བ། གཙང་བ། ཧ་ཅང་མི་གྲང ། ཧ་ཅང་མི་དྲོ་ཡིད་དུ་འོང་བ། ཡན་ལག་བརྒྱད་དང་ལྡན་པ། རྫིང་བུ་ཡོངས་སུ་གང་བའི་གཏིང་གསེར་གྱི་བྱེ་མ་བརྡལ་བ། ཨུཏྤ་ལ་དང ། པདྨ་དང ། པདྨ་དམར་པོ་དང ། པུཎྜ་རཱི་ཀ་ལ་སོགས་པ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། དབུས་སུ་གསེར་གྱི་ས་གཞིའི་གླིང་ཆེན་པོ། ཕྱོགས་བཞིར་རིན་པོ་ཆེ་སྣ་ཚོགས་ཀྱི་ཐེམ་སྐས་དང ། ལམ་བཞི་ཡོད་པ། དཀྱིལ་ན་སོ་ཤིང་གནས་འགྱུར་བའི་རིན་པོ་ཆེའི་ལྗོན་ཤིང་སྲིད་དུ་དཔག་ཚད་བརྒྱད་ཡོད་པ། ཆུ་ཞེང་གབ་པ། རྩ་བ་དང ། སྡོང་པོ་དང ། ཡལ་ག་དང ། ལོ་ 478b འདབ་དང ། མེ་ཏོག་དང ། འབྲས་བུ་རྣམས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། གནས་དེ་ཤིན་ཏུ་གཙང་ཞིང་ཐ་གྲུ་ཡངས་པ་ལོགས་བཞིའི་ངོས་རེ་ལ་དཔག་ཚད་བཅུ་གཉིས་རེ་ཡོད་པའི་དཀྱིལ་འཁོར་ངོ་མཚར་རྨད་དུ་བྱུང ། །སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་བ་བལྟ་ན་སྡུག་པ་ཕྱོགས་མཚམས་རྣམས་སུ་ཆུ་སྐྱེས་ཐང་སྐྱེས་ཀྱི་མེ་ཏོག་སྣ་ཚོགས་དང ། ཏ་མ་ལའི་ཤིང་དང ། ཙམྤཀའི་ཤིང་དང ། ཀུ་ཤུའི་ཤིང་དང ། མྱ་ངན་མེད་དང ། ་ཏི་མུཀྟ་ཀ་དང ། སུ་མ་ནཱ་དང ། ཀ་དམྦའི་ཤིང་དང ། ནྱ་གྲོ་དྷ་དང ། ནྱ་གྲོ་དྷ་ཆེན་པོ་དང ། ག་བུར་གྱི་ཤིང་དང ། སེ་རྒོད་ཚེར་མ་ཅན་གྱི་ཤིང་དང ། ཤུག་པ་དང ། ཡུ་ཏི་ཀ་དང ། ཏིནྟུ་ཀའི་ཤིང་ལ་སོགས་པའི་ལྗོན་པའི་ཕྲེང་བས་བརྒྱན་པ། དེ་རྣམས་ཀྱི་སྟེང་ན་ནེ་ཙོ་དང ། རྨ་བྱ་དང ། ཀ་ལ་པིངྐ་དང ། ཤང་ཤང་ཏེའུ་ལ་སོགས་པ་བཀྲ་ཤིས་པའི་བྱ་སྣ་ཚོགས་གསར་གྱི་མཆུ་དང ། གསེར་གྱི་གཙུག་ཕུད་ཅན། སྤུ་དང ། གཤོག་སྒྲོ་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། སྙན་ཅིང་འཇེབས་པའི་སྐད་སྣ་མང་པོ་སྒྲོགས་པ། དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་འོད་ཟེར་དམ་པའི་རྒྱལ་མཚན་གྱི་སྔོན་གྱི་སྨོན་ལམ་གྱི་མཐུ་དང ། བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་སྔགས་རིག་པའི་བྱིན་རླབས་ལས་བྱུང་བ་ཤ་སྟག་གོ་།དེ་ནས་པ་ཐ་རིའི་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ཤིན་ཏུ་ངོ་མཚར་བར་གྱུར་ནས་ཕན་ཚུན་དུ་གཅིག་གིས་གཅིག་ལ་འདི་ 479a ༄#། །སྐད་ཅེས་འདྲི་མོལ་བྱེད་དོ། །ེ་མའོ་ངོ་མཚར་ཆེའོ། །གྲོགས་པོ་དག་།འདི་ལྟ་བུའི་ཆོ་འཕྲུལ་ཆེན་པོ་སྔོན་ཆད་མཐོང་མ་མྱོང་ཐོས་མ་མྱོང་བ་འཕྲལ་དུ་བྱུང་བ་འདི་སུ་ཞིག་གི་མཐུ་ཡིན། རྫུ་འཕྲུལ་ཆེན་པོ་འདི་སུས་བསྟན་པ་ཡིན། གོར་མ་ཆག་པར་ཛམྦུ་གླིང་འདིར་བཀྲ་ཤིས་པ་དང ། ཕན་པ་དང ། བདེ་བ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རམ་ཟེར་ཏོ། །དེའི་ཚེ་རྒན་རབས་དག་གིས་སྐྱེ་བོའི་ཚོགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཆོ་འཕྲུལ་ཆེན་པོ་འདི་ནི་གདོན་མི་ཟ་བར་དེ་བཞིན་གཤེགས་པ་འོད་ཟེར་དམ་པའི་རྒྱལ་མཚན་གྱི་མཐུ་ཡིན་ནོ། །དེ་བཞིན་གཤེགས་པ་དེས་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་ཕྱིར་ཁྱེད་ཅག་གི་བསྟི་གནས་ལ་གཤེགས་པའི་ལྟས་སུ་རྫུ་འཕྲུལ་འདི་བསྟན་པ་ཡིན་ནོ། །བདག་ཅག་སོ་སོའི་གནས་སུ་ལོག་ལ་རང་རང་གི་ནུས་ཚད་ལ་དཔག་པའི་ཞལ་ཟས་བཟང་པོའི་བྱེ་བྲག་མང་པོ་བཤམས་ཏེ། སང་ཉིན་དེ་བཞིན་གཤེགས་པ་དེ་ལ་གདུགས་ཚོད་འབུལ་ཞིང་མཆོད་པ་དང ། བསྙེན་བཀུར་བྱའོ། །དེ་ནས་སྐྱེ་བོ་དེ་དག་ཐམས་ཅད་རིངས་པ་རིངས་པར་རང་རང་གི་ཁྱིམ་དུ་སོང་ནས་མཚན་མོའི་རིང་དེ་ལ་དྲི་ཞིམ་ལ་རོ་བདའ་བའི་ཞལ་ཟས་བཟའ་བཏུང་སྣ་ཚོགས་སྦྱར་ཞིང་དྲི་ཞིམ་པོའི་མེ་ཏོག་དང ། དྲིའི་བྱུག་པ་དང ། བདུག་སྤོས་དང ། ཕྱེ་མ་ཕུར་མ་ 479b དང ། གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པ་དང ། རོལ་མོ་ཕེག་རྡོབ་པའི་བྱེ་བྲག་མང་པོ་བཤམས་ནས་ལམ་རྣམས་སུ་ཉེ་བར་ལྟགས་ཏེ་དེ་བཞིན་གཤེགས་པ་བསྒུགས་སོ། །དེའི་ཚེ་བཅོམ་ལྡན་འདས་འོད་ཟེར་དམ་པའི་རྒྱལ་མཚན་དེས་ལྔ་ལེན་གྱི་ལྗོངས་སུ་འཁོར་མང་པོ་ལ་ཆོས་སྟོན་ཅིང་བཞུགས་པའི་སྐབས་ཤིག་གློ་བུར་དུ་རིན་པོ་ཆེ་སྣ་བདུན་གྱིས་སྤུད་པའི་བུམ་པ་སོ་ཤིང་དང་བཅས་པ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འོད་ཟེར་དམ་པའི་རྒྱལ་མཚན་གྱིས་བུམ་པ་སོ་ཤིང་དང་བཅས་པ་གཟིགས་ནས་འཛུམ་པ་མཛད་དོ། །ཞལ་འཛུམ་པ་མཛད་ནས་ཀྱང་རྩིབས་སྟོང་འཁོར་ལོས་མཚན་པའི་ཕྱག་གསེར་གྱི་མདོག་ཅན་བརྐྱང་སྟེ་བུམ་པ་སོ་ཤིང་དང་བཅས་པ་ཕྱག་ཏུ་བཞེས་ལ་ཅང་མི་གསུང་བར་བཞུགས་སོ། །དེའི་ཚེ་འཁོར་འདུས་པ་ཐམས་ཅད་ཀྱིས་ངོ་མཚར་དུ་གྱུར་ནས། ཨེ་མ། བཀྲ་ཤིས་པའི་མཚན་མ་འདི་ལྟ་བུ་ཕྱོགས་གང་ནས་བྱུང ། ཡུལ་ཕྱོགས་གང་ཞིག་ཏུ་བཅོམ་ལྡན་འདས་གདན་འདྲེན་པའི་མཚན་མ་ཞིག་ཡིན་སྙམ་ཟེར་ཏོ། །དེའི་ཚེ་འཁོར་གྱི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་དག་དམ་པའི་བློ་གྲོས་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ 480a ༄#། །ཞབས་ལ་མགོ་བོས་ཕྱག་འཚལ་ཞིང་གཡས་སྐོར་དུ་ལན་གསུམ་བསྐོར་བ་བྱས་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཀྲ་ཤིས་པའི་མཚན་མ་འདི་ཕྱོགས་གང་ནས་བྱུང ། བུམ་པ་སོ་ཤིང་དང་བཅས་པའི་རྒྱུ་མཚན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུམ་པ་སོ་ཤིང་དང་བཅས་པ་འདི་བ་ཐ་རིའི་གྲོང་ཁྱེར་ཆེན་པོ་ནས་འོངས་པ་སྟེ་ས་ཕྱོགས་དེར་ང་སྤྱན་འདྲེན་པའི་ཕྱིར་རོ། །རྣམ་དག་དམ་པའི་བློ་གྲོས། ཁྱོད་འཁོར་རྣམས་ལ་འདི་སྐད་དུ། ངའི་ཕྱག་ཕྱིར་བསོད་སྙོམས་ལ་འགྲོ་བར་འདོད་པ་རྣམས་ཚུལ་ཤིང་ལོངས་ཤིག་ཅེས་འགྲེམས་ཤིག་།སང་སྔ་བར་བ་ཐ་རིའི་གྲོང་ཁྱེར་ཆེན་པོར་རྫུ་འཕྲུལ་གྱིས་འགྲོའོ་ཞེས་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་དག་དམ་པའི་བློ་གྲོས་ཀྱིས་ཚུལ་ཤིང་བཟུང་ནས་འདུས་པའི་འཁོར་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཚོགས་ཐམས་ཅད་ལ་བྲིམ་ཞིང ། རྫུ་འཕྲུལ་ཆེན་པོ་དང་ལྡན་པས་རྫུ་འཕྲུལ་གྱི་ཡུལ་ལ་འཇུག་ནུས་པ་རྣམས་ཚུལ་ཤིང་ལོངས་ཤིག་།བཅོམ་ལྡན་འདས་ཀྱིས་སང་སྔ་བར་པ་ཐ་རིའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་ཆའོ། །བྱང་ཆུབ་སེམས་ 480b དཔའ་རྣམ་དག་དམ་པའི་བློ་གྲོས་ཀྱིས་དེ་ལྟར་ཚུལ་ཤིང་བྲིམས་ཚར་ནས་སླར་བཅོམ་ལྡན་འདས་ལ་གསོལ་ཞིང་བཅོམ་ལྡན་འདས་གདན་འདྲེན་པར་བསྐུལ་ཏོ། །དེ་ནས་དེའི་སང་ཞོགས་སྔ་བར་དེ་བཞིན་གཤེགས་པ་འོད་ཟེར་དམ་པའི་རྒྱལ་མཚན་གྱིས་ཆོས་གོས་གསུམ་ལེགས་པར་གསོལ་ནས་དཔལ་དང ། གཟི་བརྗིད་ཀྱི་རྒྱན་མཆོག་ཏུ་འབར་ཞིང ། འདུས་པའི་འཁོར་མང་པོ་དང་བཅས་རྫུ་འཕྲུལ་ཆེན་པོ་རྣམ་པར་རོལ་པའི་སྟོབས་ཀྱིས་བར་སྣང་ལ་འཕགས་ཏེ་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་འཁོར་གྱི་ཚོགས་མང་པོས་རོལ་མོ་དང ། སིལ་སྙན་སྣ་ཚོགས་དཀྲོལ་ཞིང་བདུག་སྤོས་དང ། མེ་ཏོག་དང ། བྱུག་པ་དང ། ཕྱེ་མ་ཕུར་མ་དང ། ན་བཟའ་དང ། རྒྱན་ལ་སོགས་པའི་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་མཆོད་པས་ཡོངས་སུ་བསྐོར་བ་ཞིན་པར་ནམ་མཁའི་ལམ་ནས་ཡུད་ཙམ་གཅིག་ལ་པ་ཐ་རིའི་གྲོང་ཁྱེར་ཆེན་པོར་ཕེབས་ཏེ། བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་དཀྱིལ་འཁོར་ཆེན་པོའི་དབུས་སུ་པདྨའི་སྙིང་པོ་སེངྒེའི་ཁྲི་ལ་བཞུགས་སོ། །འཁོར་ཐམས་ཅད་ཀྱང་རང་རང་གི་སྤྲུལ་པའི་པདྨའི་ཁྱིམ་གྱི་ཐེག་པ་དང་བཅས་འདུས་ཏེ་འཁོད་པར་གྱུར་ཏོ། །དེ་ནས་པ་ཐ་རིའི་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་ཞིང་མགུ་ནས། རང་རང་གི་ལེགས་པར་ 481a ༄#། །བཤམས་པའི་མཆོད་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་དང ། འཁོར་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཚོགས་དང་བཅས་པ་དང ། ལྷ་ཀླུ་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ལ་མཆོད་པ་བྱེད་དོ། །གདུགས་ཚོད་ཀྱི་དུས་ལ་བབས་པ་ན། ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་ཞལ་ཟས་སྣ་ཚོགས་འབུལ་ཞིང་བྲིམ་སྟེ། ཅི་བདེ་བར་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་འཁོར་དང་བཅས་པས་གདུགས་ཚོད་ལེགས་པར་བཞེས་ནས་བཀྲུ་བཤལ་མཛད་དེ། སྤྱོད་ལམ་དག་པར་མཛད་ལ་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་གྲལ་སྟན་ལ་གོ་རིམ་འཚམ་པར་འཁོད་དོ། །དེ་ནས་པ་ཐ་རིའི་གྲོང་ཁྱེར་གྱི་སྐྱེ་བོ་དེ་དག་ཐམས་ཅད་སླར་ཡང་བཅོམ་ལྡན་འདས་ལ་ཕྱག་དང་བསྐོར་བ་བྱས་ནས་དོན་གྱི་རྒྱུ་ལས་བརྩམས་ཏེ། སྦ་མའི་གནས་ཚུལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གསན་དུ་གསོལ། གྲོང་ཁྱེར་འདིའི་ཤར་སྒོའི་ཕྱི་རོལ་ན་ཨ་སུ་རི་ཞེས་བྱ་བའི་སྐྱེད་ཚལ་ཞིག་ཡོད་དོ། །གྲོང་ཁྱེར་དེའི་ནང་ན་སྲིན་པོའི་བུ་མོ་ལྷ་མིན་མཛེས་མ་ཞེས་བྱ་བ། རང་བཞིན་ངན་པ། གདུག་རྩུབ་ཆེ་བ། ཁྲོ་ཞིང་གཏུམ་པ་གཅིག་གནས་ཏེ། རྒྱུན་པར་ཁྱེའུ་བུ་མོ་རྣམས་ཀྱི་མདངས་དང ། གཟི་བརྗིད་འཕྲོག་ཅིང་སྲོག་ཀྱང་འཕྲོག་པར་བྱེད་པས་བདག་ཅག་རྣམས་ཉིན་མཚན་མེད་པར་ 481b འཇིགས་པས་ཉེན་ཏེ་སྡུག་བསྔལ་ཞིང་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མི་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོས་དགོངས་ལ་སྡུག་བསྔལ་འདི་བསལ་བའི་ཐབས་བསྟན་དུ་གསོལ། བདེ་བར་གཤེགས་པས་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ལྟར་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་འོད་ཟེར་དམ་པའི་རྒྱལ་མཚན་དེས་སྐྱེ་བོའི་ཚོགས་དེ་དག་ལ་བརྩེ་བའི་དགོངས་པས་ཞལ་གྱིས་བཞེས་ཏེ་ཅང་མི་གསུང་བར་གནང་ནས་ཞལ་འཛུམ་པ་མཛད་དོ། །འཛུམ་པ་མཛད་པས་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་འཕྲོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་ཁེབས་པས་སེམས་ཅན་ཐམས་ཅད་དབུགས་ཕྱུང་བར་མཛད་ཅིང་ཁྱད་པར་ཨ་སུ་རིའི་སྐྱེད་མོས་ཚལ་དེ་རྫུ་འཕྲུལ་གྱི་འོད་ཟེར་མེའི་ཕུང་པོས་བསྲེག། ཀུན་ཏུ་རབ་ཏུ་སྲེག་གོ་།དེར་གནས་པའི་སྲིན་པོའི་བུ་མོ་འཁོར་ཁྲི་ཁྲག་མང་པོ་དང་བཅས་ཚོམ་བུ་ཚོམ་བུར་ཕྲལ་ནས་ཕྱོགས་བཞིར་འཐོར་ཞིང་རྒྱུག་གོ་།སྐད་ཆེན་པོས་དུ་ཞིང་ཆོ་དེ་འདེབས། ཀྱེ་མ་ཀྱི་ཧུད་བདག་ཅག་རྣམས་སུ་ལ་སྐྱབས་སུ་འགྲོ། སུ་ཞིག་གིས་སྡུག་བསྔལ་འདི་ལས་སྐྱོབ་ནུས་ཟེར་ཞིང་འོ་དོད་འབོད་དེ་དུ་བར་གྱུར་ཏོ། །དེ་ནས་པར་སྣང་ན་གནས་པའི་ལྷ་རྣམས་ཀྱིས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་རྣམས། དེ་ 482a ༄#། །བཞིན་གཤེགས་པ་འོད་ཟེར་དམ་པའི་རྒྱལ་མཚན་གྱི་དྲུང་དུ་སོང་ལ་ཕྱག་འཚལ་ཞིང་སྐྱབས་སུ་སོང་ན་སྡུག་བསྔལ་འདི་ལས་ཐར་བར་གྱུར་ཏེ་བདེ་པ་དང ། ཡིད་བདེ་བ་འཐོ་བ་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་ལྷ་མིན་མཛེས་མ་འཁོར་ཁྲི་ཕྲག་མང་པོ་དང་བཅས་རིངས་པ་རིངས་པར་པ་ཐ་རིའི་གྲོང་ཁྱེར་གྱི་སྤྲུལ་པའི་དཀྱིལ་འཁོར་ག་ལ་བ་དེར་ཕྱིན་ནས་བཅོམ་ལྡན་འདས་འོད་ཟེར་དམ་པའི་རྒྱལ་མཚན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཞིང ། བཅོམ་ལྡན་འདས། བདག་ཅག་རྣམས་བསྐྱབ་ཏུ་གསོལ། །འཇིག་རྟེན་མགོན་པོ། བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ། བསྐྱབ་ཏུ་གསོལ། དེང་ཕྱིན་ཆད་བདག་ཅག་གིས་སེམས་ཅན་ལ་གནོད་པ་མི་བགྱིད་དོ། །སེམས་ཅན་ལ་འཚེ་བར་མི་བགྱིད་དོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་དགོངས་པས་ཞལ་གྱིས་བཞེས་ནས། བྱང་ཆུབ་སྙིང་པོའི་རྒྱན་འབུམ་རྣམ་པར་རོལ་པའི་རྫུ་འཕྲུལ་གྱི་བྱིན་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་ལངས་ཏེ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་གསུངས་སོ། །དེའི་ཚེ་ཏིང་ངེ་འཛིན་གྱི་སྟོབས་དང ། གཟུངས་སྔགས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང ། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ལྷམ་མེ་ལྷམ་ 482b མེར་མངོན་སུམ་དུ་སྣང་བར་གྱུར་ཏོ། །སངས་རྒྱས་དེ་དག་ཐམས་ཅད་ཀྱིས་རང་རང་གི་འཁོར་རྣམས་ལ་ཆོས་སྟོན་པ་ཡང་ལྷང་ལྷང་ཐོས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་འོད་ཟེར་དམ་པའི་རྒྱལ་མཚན་གྱིས་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་སོ་སོའི་ཞིང་ན་བཞུགས་བཞིན་མགྲིན་གཅིག་དབྱངས་གཅིག་གིས་ལེགས་སོ། །ལེགས་སོ། །དེ་བཞིན་གཤེགས་པ་འོད་ཟེར་དམ་པའི་རྒྱལ་མཚན་ཁྱེད་ཀྱིས་རྟོག་པའི་རྒྱལ་པོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་གསུངས་པ་ལེགས་སོ། །ལེགས་སོ། །ལེགས་པར་གསུངས་སོ་ཞེས་གསུངས་སོ། །དེ་ནས་སྲིན་མོ་ལྷ་མིན་མཛེས་མ་འཁོར་དང་བཅས་པ་བཏུལ་ཞིང་དགེ་བ་བཅུའི་ལམ་ལ་འགོད། སྐྱེ་བོའི་ཚོགས་གྲངས་མེད་པ་མང་པོ་ཡང་ཕྱིར་མི་ལྡོག་པའི་ས་ལ་འགོད་དོ། །དེ་ནས་གྲོང་ཁྱེར་དེ་ཉིད་རིན་པོ་ཆེ་སྣ་བདུན་ལས་གྲུབ་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཆར་ཡང་བབས་སོ། །ཛམྦུ་གླིང་གི་སྐྱེ་རྒུ་ཐམས་ཅད་ཀྱང་སྡུག་བསྔལ་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་གྱུར་ཏོ། །བྲམ་ཟེ་ཆེན་པོ། ང་དེའི་དུས་ན་བྲམ་ཟེའི་ཁྱེའུ་ལོ་བདུན་ལོན་པ་ཞིག་སྟེ། གཟུངས་སྔགས་འདི་ཐོས་པས་དེ་བཞིན་གཤེགས་པ་དེའི་བསྟན་པ་ལ་རྣམ་པར་དག་པའི་དད་པ་ཐོབ་ཅིང་ད་ལྟ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པ་ 483a ༄#། །ཡིན་ནོ། །བྲམ་ཟེ་ཆེན་པོ། ཁྱོད་ཀྱིས་ཐེ་ཚོམ་དང ། ཡིད་གཉིས་མ་བྱེད་ཅིག་།བྲམ་ཟེ་ཆེན་པོ། ཁྱོད་དེའི་ཚེ་དེའི་དུས་ན་སྲིན་མོ་ལྷ་མིན་མཛེས་མ་ཞེས་བྱ་བར་གྱུར་ཏོ། །དེའི་དུས་དགེ་བའི་སེམས་མ་བཟུང་ཞིང་སེམས་ཅན་མང་པོ་ལ་གནོད་པ་བྱས་པའི་འབྲས་བུ་བསྐལ་པ་གྲངས་མེད་དུ་མར་ངན་སོང་མྱུལ་སྡུག་བསྔལ་དཔག་ཏུ་མེད་པ་མྱོངས་སོ། །མཐར་དེ་བཞིན་གཤེགས་པ་དེ་ལ་སྐྱབས་སུ་སོང་ཞིང་བསླབ་པ་བཟུང་བས་ད་ལྟ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ཤིང་ཤེས་རབ་ཆེ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། འོན་ཀྱང་ལས་ཀྱི་ལྷག་མས་བུ་ཚ་མེད་པར་གྱུར་པའོ། །བྲམ་ཟེ་ཆེན་པོ། དེའི་དུས་ཀྱི་པ་ཐ་རིའི་གྲོང་ཁྱེར་ན་གནས་པ་སྐྱེ་བོ་དེ་དག་ནི། ད་ལྟ་ངའི་འཁོར་དུ་བྱུང་བའི་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མིན་མཁའ་ལྡིང་མིའམ་ཅི་ལ་སོགས་པའི་འདུས་པའི་ཚོམས་ཆེན་པོ་འདི་དག་གོ་།བྲམ་ཟེ་ཆེན་པོ།་ཁྱོད་དེའི་ཚེ་དེའི་དུས་ཀྱི་ལྷ་མིན་མཛེས་མའི་འཁོར་ཁྲི་ཕྲག་མང་པོ་དེ་དག་ད་ལྟ་གཞན་སུ་དག་ཡིན་ནམ་སྙམ་པའི་ཡིད་གཉིས་དང ། ནེམ་ནུར་སྐྱེད་ན། བྲམ་ཟེ་ཆེན་པོ། དེ་ལྟར་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ཀྱི་ལྷ་མིན་མཛེས་མའི་འཁོར་ཁྲི་ཕྲག་མང་པོ་ནི། ད་ལྟ་ངའི་འཁོར་འདུས་པ་ཆེན་པོའི་ནང་དུ་བྱུང་བའི་ 483b བྲམ་ཟེ་དང ། རྒྱལ་རིགས་དང ། རིག་བྱེད་སྨྲ་བ་རྣམས་དང ། གཅེར་བུ་པ་དང ། རྟོག་གེ་པ་གཞན་དག་སྒྱུ་རྩལ་ཤེས་རིགས་དང ། དུར་ཁྲོད་ན་གནས་པའི་བརྟུལ་ཞུགས་ཅན་དང ། ཚེམ་བུ་པ་དང ། གླང་རུའི་བརྟུལ་ཞུགས་ཅན་དང ། རི་སུ་ལན་གནས་པའི་བརྟུལ་ཞུགས་ཅན་འདི་དག་གོ་།དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་དག་གི་སྔོན་གྱི་སྦྱོར་བ་རྣམས་དེ་ལྟར་བཤད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་འཁོར་འདུས་པ་ཆེན་པོ་དེ་དག་གིས་སྔོན་གྱི་སྦྱོར་བའི་རྒྱུ་རྐྱེན་དེ་ལྟ་བུ་ཐོས་ནས་ཤིན་ཏུ་ངོ་མཚར་བར་གྱུར་ཏེ་དགའ་ཞིང་མགུ་ནས། བདུག་སྤོས་དང ། མེ་ཏོག་དང ། བྱུག་པ་དང ། ཕྱེ་མ་ཕུར་མ་དང ། མེ་ཏོག་གི་ཕྲེང་བ་དང ། ན་བཟའ་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པའི་མཆོད་པའི་བྱེ་བྲག་སྣ་ཚོགས་བསྣམས་ནས་བཅོམ་ལྡན་འདས་ལ་མཆོད་ཅིང་གཡས་སྐོར་དུ་བསྐོར་བ་ལན་གསུམ་བྱས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་བ་བཏུད་ནས་ཚིག་གཅིག་གིས་མཐུན་པར་གསོལ་པ། བཅོམ་ལྡན་འདས། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ། རྟོག་པའི་རྒྱལ་པོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་བཤད་དུ་གསོལ། བཅོམ་ལྡན་འདས། བཤད་དུ་གསོལ། བདེ་བར་གཤེགས་པ། བཤད་དུ་གསོལ། རིག་ 484a ༄#། །པའི་རྒྱལ་པོ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དམིགས་བུ་དང ། སྒྲོན་མེར་གྱུར་པ་སྟེ། ཁྱད་པར་དུ་ཡང་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་བབས་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་ནས། ཞལ་འཛུམ་པ་མཛད་དོ། །ཞལ་འཛུམ་པ་མཛད་པས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་རྣམ་པ་སྣ་ཚོགས་འཕྲོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་ཏེ། དེ་དག་ན་བཞུགས་པའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་ལྷམ་མེ་ལྷམ་མེར་སྣང་བར་གྱུར་ཏོ། །དེ་དག་གི་ཆོས་བཤད་པ་ཡང་ལྷང་ངེ་ལྷང་ངེར་ཐོས་པར་གྱུར་ཏོ། །གནས་དེ་ཉིད་རིན་པོ་ཆེའི་ལྗོན་ཤིང་རྩ་བ་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རྣམས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ཡིད་དུ་འོང་བའི་ལྷའི་ཤིང་ཤ་སྟག་གི་ཚལ་ཆེན་པོས་ཕྱོགས་མཚམས་བརྒྱན་པར་གྱུར་ཏོ། །ཛམྦུ་གླིང་གི་སེམས་ཅན་ཐམས་ཅད་ཀྱང་ལྷའི་བདེ་བ་ལ་ལོངས་སྤྱོད་པར་གྱུར་པ་ལ་སོགས་པའི་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་རོལ་པའི་བྱིན་རླབས་ཀྱི་སྣང་བ་འཇིག་རྟེན་འདི་ན་མངོན་སུམ་དུ་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ 484b གཞོན་ནུར་གྱུར་པས་ཚུལ་དེ་དག་མཐོང་ནས་དགའ་བས་འཛུམ་པ་མཛད་ཅིང ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་ཏེ་ཕྱག་འཚལ་ཞིང་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བ་རྒྱ་ཆེན་པོ་རྒྱུན་མི་འཆད་པ་འབྱུང་བའི་ཕྱིར་རྟོག་པའི་རྒྱལ་པོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་ཞལ་གྱིས་བཞེས་ནས་སངས་རྒྱས་ཐམས་ཅད་ལ་ཉེ་བར་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་མ་ཐག་ཏུ་ཏིང་ངེ་འཛིན་དེའི་མཐུས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་མ་ལུས་པར་མངོན་སུམ་དུ་སྣང་བར་གྱུར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཐམས་ཅད་མདའ་འབེན་གཅིག་གིས་ཙམ་དུ་ཉེ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་གིས་འདི་སྐད་དུ། ལེགས་སོ། །ལེགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཁྱེད་ཀྱིས་རྟོག་པའི་རྒྱལ་པོ་འདི་གསུང་བར་བརྩམས་པ་ཤིན་ཏུ་ལེགས་སོ།། 485a ༄#། །ལེགས་པར་གསུངས་ཤིག་།རྟོག་པའི་རྒྱལ་པོ་འདི་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པའོ། །ད་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཁྱེད་ཀྱིས་གསུངས་པའི་དུས་ལ་བབ་བོ། །བདག་ཅག་ཐམས་ཅད་ཀྱང་རྗེས་སུ་ཡི་རང་ངོ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་ལྷུང་བཟེད་གཅིག་བསྣམས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་དབྱིངས་ཐམས་ཅད་དེར་བསྡུས་ཏེ་བཅོམ་ལྡན་འདས་ལ་ཕུལ་ཏོ། །བཅོམ་ལྡན་འདས་ཀྱི་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་ཕྱག་ཏུ་བཞེས་ལ་མདུན་གྱི་ནམ་མཁར་བོར་ཏོ། །དེ་ནས་ལྷུང་བཟེད་དེས་ནམ་མཁའི་དབྱིངས་ཀྱི་ཁྱོན་གང་བའི་དེ་བཞིན་གཤེགས་པའི་སྐུར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར་ནས་དེ་དག་ཐམས་ཅད་ཀྱང་མགྲིན་གཅིག་དབྱངས་གཅིག་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ལེགས་སོ། །ལེགས་སོ་ཞེས་གསུངས་ཤིང ། དེ་དག་ཐམས་ཅད་རེ་རེའི་སྤྱན་སྔར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་གྱི་ཚོགས་དང་བཅས་པ་དང ། ཤཱཀྱ་ཐུབ་པ་སོ་སོའི་མདུན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལྷུང་བཟེད་འབུལ་བཞིན་པ་རེ་རེ་ 485b སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ངོ་མཚར་རྨད་དུ་བྱུང་བའི་རྫུ་འཕྲུལ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་འུབས་ཀྱིས་འདུས་ཤིང་རྣམ་པར་སྤྲོས་པ་འདི་སུའི་དོན་དུ་ཡིན། འདིའི་རྒྱུ་གང ། རྐྱེན་གང ། ཅིའི་ཕྱིར་འོད་ཟེར་འགྱེད་ལ་རྣམ་པར་འཕྲུལ་པ་འདི་བསྟན། འཇམ་དཔལ་གྱིས་སྨྲས་པ། ཅི་ཕྱག་ན་རྡོ་རྗེ་ཁྱེད་ཀྱིས་འོད་ཀྱི་སྣང་བ་དང ། རྫུ་འཕྲུལ་གྱི་རྒྱུ་རྐྱེན་མི་ཤེས་སམ། ཕྱག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། མི་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་དང ། རྣམ་པར་སྤྲོས་པའི་རྫུ་འཕྲུལ་ཆེན་པོ་འདི་འདྲ་བདག་གིས་སྔོན་ཆད་མ་མཐོང་མ་ཐོས་ཤིང་དེ་རིང་བདག་ལ་ཐོག་མར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། རྡོ་རྗེ་གསོར་ཞིང་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཆོས་གང་ཞིག་བསྟན་པར་བརྩམས་པས་དེང་འདིར་སྔོན་ཆད་མཐོང་མ་མྱོང་ཐོས་མ་མྱོང་བའི་རྫུ་འཕྲུལ་ངོ་མཚར་རྨད་དུ་བྱུང་བ་འདི་ལྟ་བུ་ཞིག་སྟོན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། རེ་ཞིག་སྒུག་ཅིག་།སྐད་ཅིག་ཡུད་ཙམ་ན་མངོན་སུམ་དུ་འགྱུར་རོ་ཞེས་གསུངས་ 486a ༄#། །མ་ཐག་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཆོད་རྟེན་དཔངས་སུ་དཔག་ཚད་བདུན་སྟོང་དང ། རྒྱར་དཔག་ཚད་ལྔ་སྟོང་ཡོད་པ་ཞིག་ས་བརྟོལ་ཏེ་བྱུང་བར་གྱུར་ཏོ། །མཆོད་རྟེན་དེ་ནི་ལྷའི་རིན་པོ་ཆེའི་རྒྱན་གྱིས་སྤུད་པ་འོད་ཟེར་སྣ་ཚོགས་འཕྲོ་བ། ལྷ་རྫས་ཀྱི་གོས་ཀྱི་དར་དཔྱངས་འཕྱང་བ། ནོར་བུ་རིན་པོ་ཆེ་མུ་ཏིག་གི་དྲ་བས་ཁེབས་ཤིང་རིན་པོ་ཆེའི་ཕྱང་འཕྲུལ་དང ། གསེར་གྱི་དྲིལ་བུ་དང ། དྲིལ་བུའི་གཡེར་ཁ་ལས་སྙན་པའི་སྒྲ་སྐད་སྣ་ཚོགས་བྱུང་བའོ། །དེའི་ཚེ་བར་སྣང་ནས་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལག་ན་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་པ་བབས་ཏེ། རིན་པོ་ཆེའི་མཆོད་རྟེན་དེ་ལ་མཆོད་པ་དང ། ཕྱག་དང ། སྐོར་བ་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་མཆོད་རྟེན་དེའི་སྒོ་ཕྱེད་པར་བསྒོས་སོ། །སྒོ་ཕྱེད་པར་བསྒོས་པ་དང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་ལས་ཡེ་ཤེས་ཀྱི་མེའི་ཕུང་པོ་རབ་ཏུ་འབར་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལག་ན་རྡོ་རྗེ་གསོར་ཞིང་ཞལ་ཁྲོ་གཉེར་བསྡུས་པའི་ཉམས་ཅན། འཇིགས་སུ་རུང་བའི་དཔའ་བྱད་དང་ལྡན་པ་དེས་རིན་པོ་ཆེའི་མཆོད་རྟེན་དེའི་དྲུང་དུ་སོང་ནས་ཕྱག་གཡས་པ་བརྐྱང་སྟེ་མཆོད་རྟེན་དེའི་སྒོ་འཕར་རབ་ཏུ་ཕྱེའོ། །ཕྱེས་པ་དང་དེའི་ནང་ན་ཛམྦུ་ཆུ་བོའི་ 486b གསེར་ལས་གྲུབ་པའི་སེང་གེའི་ཁྲི་རིན་པོ་ཆེ་སྣ་བདུན་གྱིས་སྤ་བ་ལྷ་རྫས་ཀྱི་གོས་སྣ་ཚོགས་ཀྱི་ཁེངས་དང་ལྡན་པའི་སྟན་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་རྒྱས་པའི་གསེར་ཞལ་མཆོག་ཏུ་དཔའ་བའི་འོད་ཟེར་རྒྱལ་མཚན་གྱི་ཏོག་ཅེས་བྱ་བ་བསམ་གཏན་ལ་སྙོམས་པར་ཞུགས་བཞིན་པ་སྣང་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཤིན་ཏུ་རྒྱས་པའི་གསེར་ཞལ་མཆོག་ཏུ་དཔའ་བའི་འོད་ཟེར་རྒྱལ་མཚན་གྱི་ཏོག་དེས་འདི་སྐད་ཅེས་བསྔགས་པ་མཛད་དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ལེགས་སོ། །ལེགས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ། ཁྱེད་ཀྱིས་འདི་ལྟ་བུའི་ངོ་མཚར་ཆེ་བའི་རྫུ་འཕྲུལ་བསྟན་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་དང ། སྤྲོས་པར་མཛད་ཅིང ། དོན་དམ་པར་ཆོས་ཐམས་ཅད་འདུ་འབྲལ་ཡོང་ཡེ་མི་མངའ་བཞིན་འཇིག་རྟེན་འདི་ན་རྫུ་འཕྲུལ་ངོ་མཚར་འདི་ལྟ་བུ་བསྟན་པ་འདི་ནི། སྔོན་གྱི་སངས་རྒྱས་རྣམས་ལ་ཡང་མ་བྱུང་ངོ ། །ད་ལྟ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྱེད་ཀྱིས་རྟོག་པའི་རྒྱལ་པོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་བཤད་དུ་གསོལ། བཅོམ་ལྡན་འདས་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་རྗེས་སུ་བརྩེ་བས་དེ་བཞིན་གཤེགས་པ་ཐམས་ 487a ༄#། །ཅད་ཀྱི་སྐུ་མངོན་སུམ་དུ་སྣང་བའི་རྣམ་པར་རོལ་བའི་རྫུ་འཕྲུལ་བསྟན་པ་དང ། ངའི་མཆོད་རྟེན་ས་སྟེང་དུ་བྱུང་བའི་རྒྱུ་རྐྱེན་འདི་ཉིད་ཀྱང་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་ཀྱི་མཐུ་དང ། བྱིན་རླབས་ལས་བྱུང་བ་ལགས་པས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་འཆད་པའི་དུས་ལ་བབ་བོ། །དེ་སྐད་ཅེས་གསུངས་པ་དང ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་ཤིན་ཏུ་རྒྱས་པའི་གསེར་ཞལ་མཆོག་ཏུ་དཔའ་བའི་འོད་ཟེར་རྒྱལ་མཚན་གྱི་ཏོག་གིས་བསྐུལ་བ་དང་དུ་བཞེས་ནས། རྟོག་པའི་རྒྱལ་བོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུངས་འདི་གསུངས་སོ། །ོཾ་ན་མོ་བྷ་ག་བ་ཏེ། བི་པུ་ལ་བད་ན་ཀཱཉྩ་ནོ་ཏ་ཀྵི་པྟ། པྲ་བྷཱ་ས་ཀེ་ཏུ་མཱུརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མོ་བྷ་ག་བཱ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷི། བོ་དྷི་ནི་བོ་དྷི་ནི། སརྦ་ཏ་ཐཱ་ག་ཏ་གོ་ཙ་རེ། དྷ་ར་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མཧཱ་བོ་དྷི་ཙིཏྟ་དྷ་རེ། ཙུ་ལུ་ཙུ་ལུ། ཥ་ཊ་ར་སྨི་ས་ཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་བྷིཥིཀྟེ། གུ་ཎེ་གུ་ཎ་བ་ཏེ། སརྦ་བུདྡྷ་གུ་ཎཱ་བ་དྷཱ་སེ། མི་ལི་མི་ལི། ག་ག་ན་ཏ་ལེ། པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཥྛི་ཏེ། ན་བྷ་སྟ་ལེ། ཤ་མེ་ཤ་མེ། པྲ་ཤ་མེ་པྲ་ཤ་མེ། སརྦ་པཱ་པཾ་པྲ་ཤ་མ་ཎ། སརྦ་པཱ་པཾ་བི་ཤོ་དྷ་ 487b ནེ།་ཧུ་ལུ་ཧུ་ལུ། མཧཱ་བོ་དྷི་མཱ་ན་སཾ་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ། སུ་པྲ་ཏིཥྛི་ཏེ་ཤུདྡྷེ་སཝཱཧཱ། རྩ་བའི་སྔགས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རྟོག་པའི་རྒྱལ་པོ་ཆེན་པོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་འདི་གསུངས་མ་ཐག་ཏུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ། །ལེགས་སོ། །ལེགས་པར་གསུངས་སོ་ཞེས་སྔགས་པ་མཛད་དོ། །སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་ལེགས་སོ། །ལེགས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ། ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་ཕྱིར་གཟུངས་ཀྱི་རྒྱལ་པོ་འདི་གསུངས་པ་ལེགས་སོ། །ལེགས་པར་གསུངས་སོ་ཞེས་མཐུན་པར་བསྔགས་པ་མཛད་མ་ཐག་ཏུས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །ལྷས་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབས་སོ། །དེ་བཞིན་དུ་བྱུག་པ་དང ། ཕྱེ་མ་ཕུར་མ་དང ། ན་བཟའ་དང ། ནོར་བུ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང ། དབུ་རྒྱན་དང ། ཕྱག་གདུབ་དང ། དོ་ཤལ་དང ། སྐ་རགས་ལ་སོགས་པ་བསྣམས་ནས་མཆོད་ཅིང་སྙན་ཅིང་འཇེབས་པའི་གླུ་ལེན། རོལ་མོ་སྣ་ཚོགས་དཀྲོལ། མེ་ཏོག་གི་ཆར་དེ་ཡང ། འདི་ལྟ་སྟེ། ཨུཏྤ་ལ་དང ། པདྨ་དམར་པོ་དང ། པདྨ་ལེ་བརྒན་རྩི་དང ། པུཎྜ་རཱི་ཀ་དང ། མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོ་དང ། མེ་ཏོག་རོ་ཙ་དང ། མཉྫུ་ཀ་དང ། མཉྫུ་ཀ་ཆེན་པོ་དང ། སུ་མ་ནཱ་དང ། 488a ༄#། །ཝཱཪྴི་ཀ་དང ། ཙམྦ་ཀ་དང ། སཽ་གནྡྷི་ཀ་ལ་སོགས་པའི་མེ་ཏོག་སྣ་ཚོགས་ཀྱི་ཆར་བབས་ཤིང་བཅོམ་ལྡན་འདས་ལ་མཆོད་པ་དང ། བསྟོད་བསྔགས་བྱས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་འདུས་པའི་འཁོར་ཚོགས་ཆེན་པོའི་ནང ། གཟུངས་ཀྱི་རྒྱལ་པོ་འདི་གསུངས་པས་ལ་ལ་ནི་དང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ལ་ལ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །ལ་ལས་ཕྱིར་མི་འོང་བའི་འབྲས་བུ། ལ་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ། ལ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འགའ་ཞིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འགའ་ཞིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །འགའ་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཐོབ་བོ། །སེམས་ཅན་ལ་ལས་ལྷར་སྐྱེ་བའི་འབྲས་བུ་ཐོབ་བོ། །སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་གྱུར་ཏོ།། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བ་དང ། ཡི་དྭགས་དང ། དུད་འགྲོའི་སྐྱེ་གནས་སུ་སོང་བ་ཐམས་ཅད་ཀྱང་སོ་སོའི་སྐྱེ་གནས་ཀྱི་སྡུག་བསྔལ་ལས་གྲོལ་ཏེ་མིའི་ལུས་ཐོབ་ནས་བྱང་ཆུབ་ཀྱི་ལམ་ལ་ཞུགས་པར་གྱུར་ཏོ། །དེ་ལྟར་ཛམྦུ་གླིང་འདིར་ངོ་མཚར་བའི་རྫུ་འཕྲུལ་བྱུང་ཞིང་སེམས་ཅན་ཐམས་ཅད་ཕན་པ་དང ། བདེ་བ་ཕུན་སུམ་ཚོགས་པ་ 488b ཐོབ་པར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བདག་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཟུངས་རྟོག་པའི་རྒྱལ་པོ་འདི་ནི་ཤིན་ཏུ་རྙེད་པར་དཀའ་བའོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གཟུངས་འདི་འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གཞན་དག་ལ་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་དང ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་ཇི་ཙམ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །གསང་བའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་དོན་འདི་འདྲི་བ་ནི་ཤིན་ཏུ་ལེགས་སོ། །དྲི་བ་ནི་མཆོག་གོ་།དམ་པའོ། །འོན་ཀྱང་ཁྱོད་སོང་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དྲིས་ཤིག་དང་དེས་ཁྱོད་ལ་ལེགས་པར་སྟོན་པར་འགྱུར་རོ། །དེ་སྐད་ཅེས་གསུངས་པ་དང ། ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ཐད་དུ་ཕྱིན་ནས་གཡས་སྐོར་དུ་བསྐོར་བ་བྱས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་གང་ལ་ལ་ཞིག་གིས། བྱང་ 489a ༄#། །ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་འདི་འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་ཇི་ཙམ་ཞིག་ལགས། །འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ཕྱག་ན་རྡོ་རྗེ། ལེགས་པར་ཉོན་ཅིག་།དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པའི་ས་གཞི་རི་དང ། ཐང་དང ། ལ་དང ། སྒང་ཆེ་ཆུང་ཐམས་ཅད་བརྒྱ་ཆ་སྟོང་ཆ་ཐན་སྤུ་ཙམ་གྱི་བར་གཤག་ཅིང་ཕྱེ་ཡང་རྡུལ་ཕྲ་རབ་ཀྱིས་མ་ཁྱབ་པའི་གནས་ཤིག་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ངས་ལྷའི་མིག་གིས་བལྟས་པས། དེ་བཞིན་གཤེགས་པའི་སྐུའི་ཆ་ཐམས་ཅད་ཀྱང་རིང་བསྲེལ་གྱིས་ཁྱབ་པ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཆ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་དང ། རུས་པའི་རིང་བསྲེལ་དང ། ཤའི་རིང་བསྲེལ་དང ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱིས་སྟོངས་པའི་གནས་ཤིག་ངས་མ་མཐོང་ངོ ། །ཕྱག་ན་རྡོ་རྗེ། མངོན་པར་ཤེས་པ་དང ། རྫུ་འཕྲུལ་གྱི་རྩལ་དང་ལྡན་པའི་སྐྱེ་བོ་ཞིག་གིས་དེའི་གྲངས་ཇི་ཙམ་བགྲང་བར་ནུས་ན། ཕྱག་ན་རྡོ་རྗེ། སྐྱེ་བོ་དེ་བློ་གྲོས་དང ། ཤེས་རྩལ་ཕུན་སུམ་ཚོགས་པ་ཞིག་ལགས་ 489b སམ། ཕྱག་ན་རྡོ་རྗེས་སྨྲས་པ། དེ་དེ་བཞིན་ནོ། །འཇམ་དཔལ། དེ་དེ་བཞིན་ཏེ། སྐྱེ་བོ་དེ་ནི་བློ་གྲོས་དང ། ཤེས་རྩལ་ཕུན་སུམ་ཚོགས་པ་ངོ་མཚར་དུ་གྱུར་པ་ཞིག་གོ། ། འཇམ་དཔལ་གྱིས་སྨྲས་པ། ཕྱག་ན་རྡོ་རྗེ་ཉོན་ཅིག་།རྡུལ་ཕྲ་རབ་དེ་དག་དང ། རིང་བསྲེལ་དེ་ལྟ་བུའི་གྲངས་དང ། ཚད་ནི་བགྲང་བ་དང ། དཔག་པར་རུང་གི། ཕྱག་ན་རྡོ་རྗེ།་རྡུལ་ཕྲ་རབ་དང ། རིང་བསྲེལ་དེ་དག་གི་གྲངས་རྣམས་དེ་ལྟར་བགྲང་བ་དང ། དཔག་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པས་བསྐལ་པའམ། བསྐལ་པ་ལས་ལྷག་གམ། བསྐལ་པ་སྟོང་དུ་བཞུགས་ཏེ་གསུངས་ཀྱང་རྟོག་པའི་རྒྱལ་པོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་ཀྱི་ཕན་ཡོན་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་དཔེའི་སྒོ་ནས་ཀྱང་རྫོགས་པར་བསྟན་པར་མི་ནུས་སོ། །ཕྱག་ན་རྡོ་རྗེ། རྟོག་པའི་རྒྱལ་པོ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུངས་འདི་ནི་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གང་ཞིག་གཟུངས་འདི་འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པ་དང ། ཚུལ་བཞིན་ཡིད་ལ་བྱེད་པ་ལྟ་ཞོག་།གླེགས་བམ་ལ་བྲིས་ཏེ་མཆོད་པ་བཀུར་སྟི་ཙམ་བྱེད་པའི་སྐྱེ་བོས་ཀྱང་ཚད་མེད་གྲངས་མེད་དཔག་གིས་མི་ལངས་པའི་བསོད་ནམས་ཀྱི་ཕུང་པོ་ཟད་མི་ 490a ༄#། །ཤེས་པ་འཐོབ་པར་འགྱུར་རོ། །དེ་ནས་འཁོར་དེར་འདུས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ཐམས་ཅད་འཇམ་དཔལ་གཞོན་ནུར་གྱུར་པའི་ཚིག་དེ་ཐོས་ནས་མ་ལུས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །ལ་ལས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཏོ། །དེ་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཨ་ལ་ལ་ལེགས་པར་བཤད་དོ་ཞེས་བསྔགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ངོ་མཚར་རྨད་དུ་བྱུང་བའི་རྫུ་འཕྲུལ་ལ་དབང་བསྒྱུར་བ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བསམ་གྱིས་མི་ཁྱབ་པའི་མཛད་པ་དང ། འཕྲིན་ལས་ཀྱི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ་ཞེས་ཆེད་དུ་བརྗོད་དོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཇི་ལྟ་བུར་བྱང་ 490b ཆུབ་རྒྱན་འབུམ་གྱི་གཟུངས་འདི་ལ་བརྟེན་ནས། དགེ་བའི་རྩ་བ་ཐམས་ཅད་བསྐྲུན་པ་དང ། བསྐྱེད་པར་མཛད། འཇམ་དཔལ་གྱིས་སྨྲས་པ། ཕྱག་ན་རྡོ་རྗེ། ཚུལ་འདི་ནི་བཅོམ་ལྡན་འདས་ལ་གསོལ་བར་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཚུལ་འདི་མ་ལུས་པར་མཁྱེན་ཏོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་གན་དུ་ཕྱིན་ནས་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚུལ་ཇི་ལྟ་བུར་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་འདི་ལ་བརྟེན་ནས་དགེ་བའི་རྩ་བ་ཐམས་ཅད་བསྐྲུན་པར་མཛད། བསྐྱེད་པར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་།ལག་ན་རྡོ་རྗེ། གཟུངས་འདི་ལ་བརྟེན་ནས་དགེ་བའི་རྩ་བ་ཐམས་ཅད་བསྐྲུན་པ་དང ། སྐྱེད་པར་བྱེད་པའི་ཐབས་པས་ཁྱོད་ལ་བཤད་དོ། །འདི་ལྟ་སྟེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལུས་དང ། ཡན་ལག་བཀྲུས་ཤིང་གོས་གསར་གཙང་མ་གོན་ཏེ། བ་ལྕི་དང ། དྲི་བཟང་བསྲེས་པའི་ས་གཙང་གིས་མཎྜལ་གྲུ་བཞི་པ་བྱས་ལ། བ་བྱུང་ལྔ་དང ། དྲི་བཟང་ 491a ༄#། །གི་ཆུས་ལེགས་པར་ཆག་ཆག་གདབ། མེ་ཏོག་ལེགས་པར་བཀྲམ་ཞིང་མཆོད་པ་ཡང་བཤམ། གཟུངས་འདིས་བྱིན་གྱིས་བརླབས་པའི་ཆུས་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཁྲུས་བྱ། དེ་བཞིན་དུ་གཟུངས་འདིས་བྱིན་གྱིས་བརླབས་པའི་ཙནྡན་དཀར་པོའི་ཕྱེ་མ་སྦྱར་བའི་གུར་གུམ་གྱིས་བྱུང ། །དེ་ནས་ཅི་འབྱོར་བའི་མཆོད་པ་འབུལ་ཞིང་བསྐོར་བ་དང ། ཕྱག་བྱས་ནས་སྐུ་གཟུགས་ཀྱི་སྤྱན་སྔར་བདུག་ལ་གཟུང་ས་སྔགས་ལན་ཅིག་བརྗོད་ཅིང་མར་མེ་གཅིག་བུད་པར་བྱའོ། ། ལག་ན་རྡོ་རྗེ། དགེ་བའི་རྩ་བ་བསྐྲུན་པ་དང ། བསྐྱེད་པའི་ངས་དཔེ་གཅིག་སྟོན་གྱི་ཉོན་ཅིག་།དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ཀླུའི་རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱིས་སོ་སོ་ནས་ཆར་གྱི་ཐིགས་པ་རྡུལ་ཕྲ་རབ་ཙམ་པའི་ཆར་ཆེན་པོ་འབེབས་པར་བྱས་ཏེ། དེ་ལ་མི་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པ་ཞིག་ཡོད་ལ། མི་དེས་ཆར་དེའི་ཐིགས་པ་རེ་རེ་ནས་བགྲངས་པས་དེའི་གྲངས་དང ། ཚད་རྟོགས་ནུས་ཀྱི། དགེ་སློང་དམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྔར་བསྟན་པ་ལྟར་མཆོད་པ་དང ། ཕྱག་ 491b བྱས་པ་ལ་སོགས་པའི་ཕན་ཡོན་གྱི་གྲངས་དང ། ཚད་ནི་དེ་བཞིན་གཤེགས་པས་བསྐལ་པའམ། བསྐལ་པ་ལས་ལྷག་གམ། བསྐལ་པ་བརྒྱ་སྟོང་གི་བར་བཞུགས་ཏེ་ཆར་གྱི་ཚིགས་པ་བགྲངས་པ་ཇི་ལྟ་བུར་གསུངས་ཀྱང་རྫོགས་པར་མི་འགྱུར་རོ། །ལག་ན་རྡོ་རྗེ། གོང་དུ་བསྟན་པའི་སྐུ་གཟུགས་ལ་ཁྲུས་གསོལ་བ་ཙམ་གྱི་བསོད་ནམས་ཀྱི་ཚད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མི་མཁྱེན་ཏོ། །ལག་ན་རྡོ་རྗེ། གཞན་ཡང་དགེ་པའི་རྩ་བ་བསྐྲུན་པ་དང ། བསྐྱེད་པར་བྱ་བ་དང ། བསམ་པའི་དོན་འགྲུབ་པར་བྱེད་པའི་ལས་ཚོགས་ཀྱི་རྟེན་འབྲེལ་གྲུབ་པའི་ཚུལ་མདོ་ཙམ་ཞིག་བཤད་ཀྱིས་ཉོན་ཅིག་།ལག་ན་རྡོ་རྗེ། གང་ལ་ལ་ཞིག་གིས་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་འདི་གྲོ་ག་ལ་བྲིས་ཏེ་ཕྱག་མཚན་གྱི་རྡོ་རྗེའི་ནང་དུ་བཅུག་པའམ། སྐུ་གཟུགས་ཀྱི་ནང་བཅུག་པའམ། ཁོག་པར་བྲིས་པའམ། ལྷ་ཁང་གི་གནྡྷོ་ལའི་ནང་བཅུག་པའམ། མཆོད་རྟེན་གྱི་ནང་བཅུག་ན་དེས་མཆོད་རྟེན་གཅིག་བྱས་བས་འབུམ་བྱས་པར་འགྱུར་རོ། །མཆོད་རྟེན་དེ་སྙེད་བཞེངས་པའི་བསོད་ནམས་ཐོབ་པར་འགྱུར་རོ། །དགེ་སློང་ངམ། །དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གཟུངས་འདི་བྲིས་ཏེ་ལམ་གྱི་བཞི་མདོའམ། དེ་མཐོན་པོའི་སྤོའམ། 492a ༄#། །ཆུ་ཆེན་པོའི་འགྲམ་མམ། གྲོང་ཁྱེར་གྱི་སྒོའམ། ཐེག་ལམ་ཆེན་པོར་མཆོད་རྟེན་ཆེན་པོ་གཅིག་བྱས་ལ་ཆར་ཁེབས་སམ། གདུགས་ཀྱི་ནང་དུ་གཟུངས་འདི་བཅུག་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ངས་སྔར་དཔེ་དྲངས་ཏེ་བསྟན་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་སྐུའི་རིང་བསྲེལ་དང ། ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་དང ། རུས་པའི་རིང་བསྲེལ་དང ། ཤའི་རིང་བསྲེལ་དེ་དག་ཐམས་ཅད་ལ་མཆོད་རྟེན་བྱས་པའི་བསོད་ནམས་ཐོབ་པར་འགྱུར་རོ། །མཆོད་རྟེན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་དཀྱིལ་འཁོར་ཡིན་ནོ། །མཆོད་རྟེན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའི་སྐུ་གདུང་གི་བང་སོ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དག་པའི་གསུང་དང་ལྡན་པས་དེ་ལྟར་གསུངས་སོ། །ལག་ན་རྡོ་རྗེ། གཞན་ཡང ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་ལྟ་བུའི་མཆོད་རྟེན་དེ་དག་ལ་མེ་ཏོག་དང ། བདུག་སྤོས་ལ་སོགས་པ་མཆོད་པའི་ཡོ་བྱད་ཅི་འབྱོར་པས་མཆོད་པ་བྱེད་པའམ། ཐལ་མོ་སྦྱར་ནས་ཕྱག་འཚལ་བའམ། ལན་གཅིག་ཙམ་བསྐོར་བ་བྱས་ཀྱང ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ 492b འམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་ཞིག་ཀྱང་རུང་སྟེ་དེའི་བསྐྲུན་པ་དང ། བསྐྱེད་པའི་བསོད་ནམས་ཀྱི་བུ་ལོན་གཞལ་དུ་མེད་ཅིང་བགྲངས་སུ་མ་མཆིས་པའོ། །སྡིག་པ་དང ། སྒྲིབ་པ་ཐམས་ཅད་ནི་ཡོངས་སུ་དག་པར་འགྱུར་རོ། །དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོའི་སྐྱེ་གནས་ནི་རྒྱུན་འཆད་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཆོད་རྟེན་འགའ་ཞིག་མཆོད་པར་གྱུར་པ་མ་ཡིན་གྱི། སངས་རྒྱས་དཀོན་མཆོག་དང ། ཆོས་དཀོན་མཆོག་དང ། དགེ་འདུན་དཀོན་མཆོག་རྣམས་ལ་ཡང་ལྷ་རྫས་ཀྱི་མཆོད་པའི་ཡོ་བྱད་དེ་དག་གིས་མཆོད་པ་བྱས་པར་འགྱུར་རོ། །ཕྱིར་མི་ལྡོག་པའི་རྟགས་དང ། མཚན་མའི་རྒྱན་གྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ལུས་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །དགེ་བའི་རྩ་བ་ནི་ནམ་ཡང་ཆུད་མི་ཟ་བར་འགྱུར་རོ། ། སླར་ཡང་མངལ་དུ་སྐྱེ་བར་མི་འགྱུར་རོ། །ལག་ན་རྡོ་རྗེ། གཟུངས་སྔགས་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ནོ། །ལག་ན་རྡོ་རྗེ། སྐྱེ་བོ་གང་ལ་ལ་ཞིག་གིས་ལྡེར་བཟོའམ། ཐད་ཀར་བྲིས་པའམ། ཤིང་དམ། རིན་པོ་ཆེའི་རིགས་ཀྱི་རྡོ་ལ་བརྐོས་སམ། དྲི་བཟང་གི་སྨན་འདམ་ལས་བྱས་པའམ། ཟངས་བཏུལ་མའམ། གསེར་དངུལ་ཟངས་ཏེ་ལྕགས་ 493a ༄#། །གསུམ་བསྲེས་པའམ། ལྕགས་སམ། དངུལ་འབའ་ཞིག་གམ། གསེར་རྐྱང་ངམ། དེ་དག་གང་ཡང་རུང་བས་མཆོད་རྟེན་ནམ། སྐུ་གཟུངས་བྱས་ལ། རྒྱ་ཤོག་གམ། དར་དཀར་པོ་ལ་གཟུངས་སྔགས་འདི་བྲིས་ནས་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་ནང་དུ་བཅུག་སྟེ། ཕྱག་དང ། མཆོད་པ་དང ། བཀུར་སྟི་རིམ་གྲོ་བྱེད་ན། ལག་ན་རྡོ་རྗེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཀྱི་ཚད་ནི་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་གཞལ། དེ་བཞིན་གཤེགས་པའི་མཁྱེན་པས་དཔག་།དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པས་སྔར་བསྟན་པའི་རིང་བསྲེལ་གྱི་གྲངས་ཇི་སྙེད་པ་དང ། རྒྱ་མཚོ་ཆེན་པོའི་ཆུ་ཐིགས་ཇི་ཙམ་གྲངས་དང་མཉམ་པའི་མཆོད་རྟེན་དང ། སྐུ་གཟུངས་བྱས་པ་དང ། དགེ་སློང་ངམ།་དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་མཆོད་རྟེན་ན། སྐུ་གཟུགས་གཟུངས་འདིས་སྙིང་པོ་ཅན་གཅིག་ལ་ཕྱག་བྱ་བ་དང ། མཆོད་པ་བྱས་པར་མི་འགྱུར་ལ། མཆོད་རྟེན་དེ་སྙེད་དང ། སྐུ་གཟུགས་དེ་སྙེད་པ་ཕྱག་དང ། མཆོད་པ་བྱས་པའི་བསོད་ནམས་ཀྱི་ 493b འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྟོག་པའི་རྒྱལ་པོ་ཆེན་པོ་འདི་ནི་དཔལ་དང ། གཟི་བརྗིད་ཆེན་པོ་དང་ལྡན་པ་ལགས་སོ། །བཀྲ་ཤིས་དང ། ཕན་ཡོན་ཆེན་པོ་དང་ལྡན་པ་ལགས་སོ། །རྫུ་འཕྲུལ་དང ། ནུས་སྟོབས་ཆེན་པོ་དང་ལྡན་པ་ལགས་སོ། །གཟུངས་སྔགས་འདིའི་མིང་ཙམ་འཛིན་པས་ཀྱང་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསྐྱེད་ཅིང་བསོད་ནམས་དཔག་ཏུ་མེད་པ་ཐོབ་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལག་ན་རྡོ་རྗེ། དགེ་སློང་ངམ། དགེ་སློང་མའམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་སོགས་པ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་ཀུན་ནས་བསླངས་པས། འདས་པ་དང ། མ་འོངས་པ་དང ། ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་དང ། མཆོད་པ་དང ། བསྙེན་བཀུར་བྱེད་པར་འདོད་པར་གྱུར་ཚེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་རྟོག་པའི་རྒྱལ་པོ་འདི་ཡི་གེར་བྲིས་ནས་ཟ་མ་ཏོག་ཏུ་བཅུག་ལ་ཉིན་རེ་བཞིན་དྲི་བཟང་གི་ཆུས་ཁྲུས་འབུལ་བ་དང ། མཆོད་པ་དང ། ཕྱག་དང ། བསྐོར་བ་བྱེད་ན། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ 494a ༄#། །ནམ། དགེ་བསྙེན་མ་ལ་སོགས་པ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་འདས་པ་དང ། མ་འོངས་པ་དང ། དེ་ལྟར་བཞུགས་པའི་སངས་རྒྱས་སྔར་བསྟན་པའི་དཔེས་བསྡུས་པ་ཐམས་ཅད་ལ་སྤྱོད་ལམ་རྣམ་པ་བཞི་ཡིས་བར་མ་ཆད་པར་བསྙེན་བཀུར་བྱས་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར། དེ་དག་ཐམས་ཅད་ཀྱིས་དབུགས་དབྱུང་བར་འགྱུར་རོ། །སྐྱེ་བོ་དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས་ལ་བཀའ་སྩལ་པ། དེ་རིང་ངས་རྒྱལ་བའི་སྲས་པོ་ཁྱེད་ཅག་ལ་གཟུགས་སྔགས་རྟོག་པའི་རྒྱལ་པོ་འདི་ཡོངས་སུ་གཏད་དོ། །རྟོག་པའི་རྒྱལ་པོ་འདི་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མར་འཇིག་རྟེན་དུ་བསྣུབས་པར་མ་བྱེད་ཅིག་།ལེགས་པར་བསྲུང་བ་དང ། སྦ་བར་བྱོས་ཤིག་།གཟུངས་སྔགས་འདི་འཆང་བའི་སྐྱེ་བོ་རྣམས་ལེགས་ 494b པར་བསྲུང་བ་དང ། བསྐྱབ་པ་དང ། སྦ་པར་མཛོད་ཅིག་།ཕྱག་རྒྱ་ཇི་ལྟ་བ་བཞིན་དང ། ཆོ་ག་ཚུལ་བཞིན་དུ་ཉམས་སུ་ལེན་པ་རྣམས་ལ་བྱིན་གྱིས་རློབས་ཤིག་།འདོད་པ་རྣམས་བསྒྲུབ་པར་བྱོས་ཤིག་།དེ་སྐད་ཅེས་བཀའ་སྩལ་པ་དང ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བཀའ་ཡང་དག་པར་ནོས་སོ། །རྟོག་པའི་རྒྱལ་པོ་འདི་འཆང་བའི་སྐྱེས་བུ་ཆེན་པོ་དེ་བདག་ཅག་གིས་བསྲུང་བ་དང ། བསྐྱབ་པ་དང ། སྦེད་པར་བྱེད་ཅིང ། དེའི་འབྱོར་པ་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་དོ། །མགོན་མེད་པ་སྐྱབས་མེད་པར་གྱུར་པ་རྣམས་ཀྱང་དབུགས་དབྱུང་ཞིང་མགོ་འདྲེན་པར་བགྱིད་ཅིང ། བྱང་ཆུབ་སྙིང་པོ་ལ་བཞུགས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་བའི་བར་རྣམ་པར་ཐམས་ཅད་དུ་བསྲུང་བ་དང ། བསྐྱབ་པར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་སྡེ་བཞི་ལ་ལེགས་སོ་ཞེས་བྱ་བ་ 495a ༄#། །བྱིན་ནས་ལེགས་སོ། །ལེགས་སོ། །ཁྱོད་ཅག་གིས་དམ་བཅས་པ་དེ་བཞིན་དུ་བྱོས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ཆེན་པོ་ལ་ཐུན་མོང་དུ་བཀའ་སྩལ་པ། གཟུངས་སྔགས་འདི་ནི་ལས་ཐམས་ཅད་གྲུབ་པར་བྱེད་པ། དངོས་གྲུབ་ཐམས་ཅད་སྟེར་བ། སྡིག་པ་དང ། སྒྲིབ་པ་ཐམས་ཅད་ཞི་བར་མཛད་པ།་དོན་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛད་པ་སྟེ། ལུས་དག་པར་བཀྲུས་ལ་གོས་གསར་གཙང་མ་གོན་ནས་ཉིན་རེ་བཞིན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱེད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་མཐོང་བར་འགྱུར་རོ། །ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །ནད་ཐམས་ཅད་རིང་དུ་སྤངས་བར་འགྱུར་རོ། །འཕགས་པའི་ས་ལ་གནས་པ་ཐམས་ཅད་ཀྱིས་སྐྱོབ་པར་འགྱུར་རོ། །གསང་བའི་བདག་པོ་ལག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པས་རྟག་ཏུ་བསྲུང་ཞིང་སྐྱོབ་བ་དང ། སྦ་བར་ཡང་བྱེད་དོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སྐྱེ་ཞིང་སྐྱེ་བར་རིན་པོ་ཆེའི་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཞིང ། མངལ་གྱི་སྐྱེ་གནས་ཡོངས་སུ་སྤང་བ་ཡིན་ནོ། །སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་ན་དམྱལ་བར་ལྷུང་ངེས་ཀྱི་སྡིག་པའི་ལས་ཐམས་ཅད་ 495b ཡོངས་སུ་བྱུང་བར་འགྱུར་རོ། །ནམ་ཡང་ངན་སོང་དུ་ལྷུང་བར་མི་འགྱུར་རོ། །དགྲ་ཐམས་ཅད་དབང་དུ་འགྱུར་རོ། །ལན་བདུན་བཟླས་ན་རྩོད་པ་ལས་རྒྱལ་བར་འགྱུར་རོ། །དཀར་པོའི་ཕྱོགས་ཀྱི་ཚེས་བཅོ་ལྔ་ལ་ཉིན་མཚན་ཐོག་ཐག་གཅིག་ཏུ་སྨྱུང་བར་གནས་ཤིང ། ཁྲུས་བྱས་ལ་གོས་གསར་གཙང་མ་གྱོན་ནས་སྐུ་གཟུགས་ཀྱི་མདུན་དུ་སྐྱིལ་མོ་ཀླུང་བཅས་ཏེ་འདུག་ལ། མེ་ཏོག་དང ། བདུག་སྤོས་དང ། མར་མེ་ལ་སོགས་པས་མཆོད་ནས། བྱང་ཆུབ་སྙིང་པེའི་རྒྱན་འབུམ་གྱི་གཟུངས་འདི་ལས་སྟོང་དུ་བཟླས་བརྗོད་བྱས་ཚེ།་བཟླས་པ་ཟིན་པ་དང ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པས་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་སྒྲུབ་པ་པོའི་སྤྱི་བོར་བཞག་སྟེ་དབུགས་དབྱུང་བར་མཛད་ཅིང་ལེགས་སོ། །ལེགས་སོ། །རིག་པ་འཛིན་པ་ཆེན་པོ། སྐྱེས་བུ་ཆེན་པོ། ཁྱོད་ཀྱིས་བསྒྲུབ་པའི་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་ལེགས་པར་གྲུབ་བོ། །རིག་པ་འཛིན་པ་ཆེན་པོ། ཁྱོད་སྙིང་སྟོབས་ཆེན་པོའོ། །འབད་རྩོལ་ཆེན་པོས་དཀའ་ཐུབ་བྱས་ཏེ་དགེ་བའི་རྩ་བ་དཔག་ཏུ་མེད་པ་ཐོབ་བོ།། གང་འདོད་པའི་སངས་རྒྱས་ཀྱི་ཞིང་དུ་བགྲོད་པར་གྱིས་ཤིག་ཅེས་གསུངས་བར་འགྱུར་རོ། །དེ་ལྟར་གསུངས་མ་ཐག་ཏུ་རིག་པ་འཛིན་པ་དེའི་ལུས་ལ་འོད་ཟེར་གྱི་ཕུང་པོ་ཆེན་པོ་ 496a ༄#། །འབར་བར་འགྱུར་རོ། །དེ་ནས་སྔགས་ཀྱི་རྒྱུད་ཐམས་ཅད་ལས་ཇི་སྙེད་གསུངས་པའི་དངོས་གྲུབ་ཐམས་ཅད་མ་ལུས་པར་གྲུབ་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རིག་པ་འཛིན་པ་དེས་སྔོན་མཚམས་མེད་པ་ལྔའི་ལས་བྱས་པ་ཡིན་ཀྱང་དེའི་སྡིག་པ་དང ། སྒྲིབ་པ་ཐམས་ཅད་ཉིན་མཚན་ཐོག་ཐག་གཅིག་ལ་སྨྱུང་བ་བྱས་ཤིང་བཟླས་བརྗོད་བྱེད་པ་དེས་ཡོངས་སུ་བྱང་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་བཞི་ལ་ལུས་ལེགས་པར་བཀྲུས་ལ་གོས་གསར་གཙང་མ་གོན་ནས་ཉིན་མཚན་ཐོག་ཐག་གཅིག་སྨྱུང་བ་བྱས་ཤིང་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཟངས་ཀྱི་སྣོད་གཅིག་ཡུངས་ཀར་གྱིས་གང་བར་བྱས་ཏེ་གཟུངས་སྔགས་འདི་ལན་སྟོང་བཟླས་བརྗོད་བྱས་པས་བྱིན་གྱིས་བརླབས་ནས་ལས་སྦྱོར་གྱི་དུས་སུ་ཀླུ་གནས་པའི་རྫིང་བུར་ཡུངས་ཀར་དེ་སྦར་གང་བླུགས་ནས། ཀླུ་དེ་དག་དགའ་ཞིང་རིག་པ་འཛིན་པ་དེའི་དབང་དུ་འགྱུར། ཀླུའི་ཕོ་བྲང་དུ་གདན་འདྲེན་ནས་ཞབས་ལ་ཕྱག་བགྱིད་ནས་འདོད་པ་ཐམས་ཅད་སྟེར་བར་འགྱུར། གང་དུ་གནས་པའི་ས་ཕྱོགས་སུ་ཕྱི་བཞིན་འབྲངས་ལ་བཀའ་ནོད་པར་འགྱུར་རོ། །ཡུངས་ཀར་དེ་ཕྱོགས་བཞིར་གཏོར་ན་རྫི་ 496b ཆར་དྲག་པོ་བཟློག་གོ། ཤ་སྦྲང་དང ། ནེ་ཙོ་དང ། ཁུ་བྱུག་དང ། ཆ་ག་ལ་སོགས་པའི་སྲོག་ཆགས་མ་རུངས་པ་ཐམས་ཅད་ཀྱི་ཁ་བཅིང་བར་འགྱུར་རོ། །ཡུངས་ཀར་མེ་ལ་བཏབ་ན་མེ་མི་སྦར་རོ། །ཆུ་ཀླུང་ལ་བཏབ་ན་ཆུ་རྒྱུན་ཆད་དོ། །ཚོང་པའི་ནོར་རྫས་ལ་བཏབ་ན་ཆོམ་རྐུན་གྱིས་མི་ཁྱེར། སྒྲིབ་ཤིང་དུ་ཡང་འགྱུར་རོ། །རྒྱལ་པོའི་ཕོ་བྲང་གི་སྒོ་ལ་གཏོར་ན་རྒྱལ་པོ་དང ། བཙུན་མོ་དང ། བློན་པོ་འཁོར་དང་བཅས་པ་དགའ་བར་འགྱུར་རོ། །ཉ་མ་ཕོ་མོའི་ཚོགས་ལ་གཏོར་ན་ཐམས་ཅད་བདག་ལ་མཆོད་པ་དང ། བཀུར་སྟི་བྱེད་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་ལ་གཏོར་ན་དགྲ་ཐམས་ཅད་བཅིངས་པར་འགྱུར་རོ། །ལམ་དུ་ཞུགས་ཚེ་འཕྲང་སྒོར་གཏོར་ན་སྲུང་མིས་མི་མཐོང་ངོ ། །ཞིང་ལ་གཏོར་ན་སྲོག་ཆགས་མ་རུངས་པའི་ཁ་བཅིངས་པར་འགྱུར་རོ། །ཐན་པ་བྱུང་ཚེ་ཀླུ་གནས་པའི་ཆུར་བླུགས་ན་གྲུ་ཆར་འབབ་པར་འགྱུར་རོ། །སེར་བ་དང ། རྫི་ཆར་དྲག་པོ་བབས་ཚེ་བར་སྣང་ལ་གཏོར་ན་མོད་ལ་ཞི་བར་འགྱུར་རོ། །དགྲའི་ཁྱིམ་ལ་གཏོར་ན་འཁོན་ཡོངས་སུ་ཞི་བར་འགྱུར་ཏེ་ཕྱིན་ཆད་མཛའ་བཤེས་སུ་འགྱུར་རོ། །གྲོང་ཁྱེར་གྱི་སྒོ་ལ་གཏོར་ན་དེའི་ནང་གནས་ཀྱི་སེམས་ཅན་གང་དག་གནོད་པས་གཙེས་པ་ཐམས་ཅད་གནོད་པ་དང་བྲལ་བར་འགྱུར་རོ། །གནོད་སྦྱིན་དང ། སྲིན་པོ་རྣམས་ནི་ཕྱོགས་ཕྱོགས་སུ་བྱེར་བར་འགྱུར་རོ། ། 497a ༄#། །གཡུལ་སྤྲད་པའི་ཚེ་ཕ་རོལ་པོའི་ཕྱོགས་སུ་གཏོར་ན་དགྲ་བོ་ཕམ་ཞིང་རང་ཕྱོགས་བརྒྱལ་བར་འགྱུར་རོ། །གཤགས་འགྱེད་པའམ། རྩོད་པ་བྱེད་ཚེ་ཁར་བཅུག་ན་ངག་བཙན་ཞིང་ཆོས་ཕྱོགས་ཐོབ་པར་འགྱུར་རོ། །ཆུ་ལ་བླུགས་ནས་ནད་ཀྱིས་ཟིན་པ་དག་ལ་འཐུང་དུ་བཅུག་ན་ནད་དེ་ཞི་བར་འགྱུར་རོ། །གདོན་གྱིས་ཟིན་པ་རྣམས་ལ་ཡུངས་ཀར་དང ། ཀ་ར་བསྲེས་པས་བདུགས་ན་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །བ་ལང་ལ་སོགས་པ་ཕྱུགས་ཀྱི་རིམས་དང ། ཁྱེའུ་དང ། བུ་མོའི་རིམས་ངན་ཐམས་ཅད་ལ་ཡུངས་ཀར་ས་དང་བསྲེས་ནས་ལམ་གྱི་བཞི་མདོར་བསྲེགས་ན་རིམས་ནད་ཐམས་ཅད་ཞི་བར་འགྱུར་རོ། །གཙུག་ཕུད་ཀྱི་ནང་དུ་བཅུག་ན་གང་དུ་ཕྱིན་སར་སྐྱེ་བོ་ཐམས་ཅད་དགའ་ཞིང་མགུ་ནས་བདག་ལ་མཆོད་པ་དང ། བཀུར་སྟི་བྱེད་པར་འགྱུར་རོ། །ཅི་ཟེར་བ་མཉན་པར་འགྱུར་རོ། །གཞན་ཡང ། རིག་པ་འཛིན་པས་ཚེས་བཅུ་བཞིའི་མཚན་མོའི་ཆ་ནས་བརྩམས་ཏེ་ལག་པ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་བའི་སྐུ་གཟུགས་ཀྱི་ཞབས་ལ་འཇུས་ཤིང་ཕྱི་ཉིན་ཚེས་བཅོ་ལྔའི་ཐོ་རངས་ཀྱི་བར་དུ་བར་མི་ཆད་པར་བཟླས་བརྗོད་བྱས་ན། བྱང་ཆུབ་སེམས་དཔའ་འཇམ་དཔལ་སྒྲུབ་པ་པོའི་མདུན་དུ་འོངས་ནས་འདོད་ 497b པ་ཐམས་ཅད་སྩོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་ཞབས་ལ་འཇུས་ཤིང་གཟུངས་འདི་ལན་སྟོང་རྩ་བརྒྱད་བཟླས་ཏེ་བྱིན་གྱིས་བརླབས་པའི་གུ་གུལ་དང ། ཞུན་མར་སྦྱར་བས་བདུག་པ་ཕུལ་ན། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དེའི་མདུན་དུ་ལུས་སྣང་བར་བྱས་ཏེ། འདོད་པ་ཐམས་ཅད་སྩོལ་བར་བྱེད། ལས་ཐམས་ཅད་གྲུབ་པར་བྱེད། བུ་བཞིན་དུ་སྐྱོང་ཞིང་གསང་སྔགས་ཀྱི་རྒྱུད་ཡོངས་སུ་གཏད་པར་བྱེད་དོ། །གནོད་སྦྱིན་ནོར་བུ་བཟང་པོ་ལ་འཇུས་ཤིང་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན་ནོར་གྱི་ཕུང་པོ་རྒྱ་ཆེན་པོ་དང་བཅས་ལུས་སྣང་བར་བྱས་ཏེ་ནོར་ཆེན་པོ་སྟེར་བར་འགྱུར་རོ། །རྣམ་ཐོས་ཀྱི་བུའི་མགོ་ལ་བཞག་སྟེ་ཨ་ཀ་རུ་ནག་པོའི་དུད་པས་བདུག་ཅིང་ལན་སྟོང་རྩ་བརྒྱད་བཟླས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །དཔལ་གྱི་ལྷ་མོའི་གདོང་ལ་བལྟ་ཞིང་སྟོང་རྩ་བརྒྱད་བཟླས་ན་ཡང་གསེར་སྲང་སྟོང་རྙེད་པར་འགྱུར་རོ། །གཞན་ཡང ། ཚོན་སྣ་ལྔས་གནོད་སྦྱིན་གྱི་གཟུགས་བྲིས་ལ་ལན་སྟོང་དང་ཉི་ཤུ་བཟླ་ཞིང་ས་རྫར་ཛའི་སྤོས་ཀྱིས་བདུགས་ན་གནོད་སྦྱིན་མོ་མདུན་དུ་བྱུང་ནས་མངགས་གཞུག་ཏུ་ཁས་བླངས་ཏེ། ཅི་བཅོལ་བའི་ལས་རྣམ་པ་བརྒྱའམ་སྟོང་ཡང་རུང་སྟེ་མ་ལུས་པར་གྲུབ་པར་བྱེད་དོ། །ད་ནི་རས་བྲིས་ཀྱི་ཆོ་ག་བཤད་པར་བྱ་སྟེ། རས་བྲིས་ལ་བརྟེན་ནས་ལས་ཐམས་ཅད་སྒྲུབ་ 498a ༄#། །དི་\?\་ཐབས་ལ། ཁ་ཚར་མ་ཉམས་ཤིང་ལོངས་མ་སྤྱད་པའི་རས་གཙང་མ་སྲིད་དུ་གྲུ་བཞི་ཡོད་པ་ཞིག་ལྤགས་པ་ལས་བྱུང་བ་མིན་པའི་སྦྱིན་གཙོང་མས་བཏུལ་ཞིང་ལེགས་པར་བརྡར་བ་ལ་བཟོ་བོ་གསོ་སྦྱོང་ཡན་ལག་བརྒྱད་པ་ལ་གནས་ཤིང་གཙང་སྤྲ་དང་ལྡན་པས་བྲི་བར་བྱ་སྟེ། དབུས་སུ་ཤཱཀྱ་ཐུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་བྱང་ཆུབ་ལྗོན་ཤིང་གི་དྲུང་ན་སེངྒེའི་ཁྲི་ལ་བཞུགས་པ་བྲི་བར་བྱའོ། །དེའི་སྟེང་ན་དེ་བཞིན་གཤེགས་པ་འོད་ཟེར་དམ་པའི་རྒྱལ་མཚན་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་བྲི་བར་བྱའོ། །གཡས་སུ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨའི་གདན་ལ་པུས་མོ་བཙུགས་ཏེ་ལག་པ་གཉིས་ཀྱིས་ལྷུང་བཟེད་བཟུང་ནས་བཅོམ་ལྡན་འདས་ལ་འབུལ་བའི་རྣམ་པ་ཅན་བྲི་བར་བྱའོ། །གཡོན་ན་འཕགས་པ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཁྲོ་འཛུམ་བརྗིད་བག་ཅན་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་ན་རྡོ་རྗེ་གསོར་བའི་ཚུལ་གྱིས་བསྣམས་པ། པདྨའི་གདན་ལ་པུས་མོ་གཉིས་བཙུགས་ནས་བཅོམ་ལྡན་འདས་ལ་བལྟ་བ་བྲི་བར་བྱའོ། །འཕགས་པ་འཇམ་དཔལ་གྱི་རྒྱབ་ཏུ་རིན་པོ་ཆེའི་མཆོད་རྟེན་མཐོ་ཞིང་ཡངས་པ་བྲི་བར་བྱའོ། །དེའི་ནང་ན་དེ་བཞིན་གཤེགས་པ་ཤིན་ཏུ་ 498b རྒྱས་པའི་གསེར་ཞལ་མཆོག་ཏུ་དཔའ་བའི་འོད་ཟེར་རྒྱལ་མཚན་གྱི་ཏོག་སེང་གེའི་གདན་ལ་བཞུགས་ཤིང་དབུགས་དབྱུང་མཛད་པའི་རྣམ་པ་ཅན་བྲི་བར་བྱའོ། །ལག་ན་རྡོ་རྗེའི་རྒྱབ་ཏུ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གླེགས་བམ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤ་བའི་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་པ་མཐའ་འཇགས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བྲིས་པ་སེངྒེའི་ཁྲི་ལ་བཞག་པ་བྲི་བར་བྱའོ། །དེའི་འོག་ཏུ་རྡོ་རྗེ་ཕོ་ཉ་ཁྲོ་བོའི་གཟུགས་ཅན་བྲི་བར་བྱའོ། །མཆོད་རྟེན་གྱི་འོག་ཏུ་དཔལ་གྱི་ལྷ་མོ་བྲི་བར་བྱའོ། །ཤཱཀྱ་ཐུབ་པའི་འོག་ཏུ་རྒྱལ་པོ་ཆེན་པོ་བཞི་རིན་པོ་ཆེའི་གོ་ཆ་གྱོན་པ་དཔའ་ཞིང་བརྗིད་པའི་ཉམས་ཅན་བྲི་བར་བྱའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་པ་གཡོན་པ་ན་སྤོས་སྣོད་ཐོགས་པ་གཡས་པས་བགྲང་ཕྲེང་བསྣམས་པ་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་བ་བྲི་བར་བྱའོ། །དེ་ལྟར་བྲིས་སྐུ་བསྒྲུབ་པ་ཙམ་གྱིས་དམ་པའི་ཆོས་སྤངས་པ་དང ། འཕགས་པ་ལ་སྐུར་པ་བཏབ་པ་དང ། མཚམས་མེད་པ་ལྔའི་ལས་བྱས་པ་ལ་སོགས་པ་ངན་སོང་གསུམ་དུ་ལྟུང་བར་གྱུར་པའི་ལས་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །རས་བྲིས་བསྒྲུབ་པ་ཙམ་གྱི་ཕན་ཡོན་དེ་ལྟར་ན་དེའི་མདུན་དུ་སྒྲུབ་པ་བྱེད་པའི་ཕན་ཡོན་སྨོས་ཀྱང་ཅི་དགོས་ 499a ༄#། །ཏེ།་དེ་བཞིན་གཤེགས་པ་དང་སྐལ་བ་མཉམ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་དཀྱིལ་འཁོར་གྱི་ཆོ་ག་འདི་བཤད་དོ། །འདིའི་དཀྱིལ་འཁོར་བཞེངས་པར་འདོད་པས་གཙུག་ལག་ཁང་ངམ། ལྷའི་ཁང་པའམ། རི་སུལ་ལ་སོགས་དབེན་ཞིང་གཙང་ལ་ཡིད་དུ་འོང་བའི་གནས་སུ་རྒྱུད་ནས་གསུངས་པའི་ཆོ་ག་བཞིན་ས་བླངས་ལ། གཟུངས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ས་གཙང་དང ། བ་ལྕི་བསྲེས་པས་ཁོར་ཡུག་ཏུ་ཁྲུ་བཅུ་དྲུག་ཡོད་པའི་སྟེགས་བུ་བྱས་ལ། དེར་གཙང་སྦྲ་དང་ལྡན་པས་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞི་དང་ལྡན་པ་བྲི་བར་བྱའོ། །དེའི་དབུས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང ། གྲཝ་བཞིར་རྒྱལ་པོ་ཆེན་པོ་བཞི་བྲི་བར་བྱའོ། །སྒོ་བཞིའི་ནང་རིན་པོ་ཆེའི་ལྗོན་ཤིང་བྲིས་ལ་དེ་དག་གི་དྲུང་ན་ལྷ་མོ་བཞི་བྲི་བར་བྱ་སྟེ། ཤར་སྒོར་ནི་ལྷ་མོ་དཔལ་མོའོ། །ལྷོ་སྒོར་དབྱངས་ཅན་མའོ། །ནུབ་སྒོར་དུང་ཅན་མའོ། །བྱང་སྒོར་མེ་ཏོག་སོ་མ་འོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ངོས་ལ་འབྲས་མ་གྲུགས་པ་དང ། ཡུངས་ཀར་དང ། དུས་ཀྱི་མེ་ཏོག་བཀྲམ་པར་བྱའོ། །དྲི་བཟང་གི་བྱུག་པ་དང ། ཕྱེ་མ་ཕུར་མ་ཡང་བཤམ་མོ། །ཟུར་བཞིར་དྲི་བཟང་གི་ཆུས་གང་བའི་བུམ་པ་བཞི་གཞག་ 499b པར་བྱའོ། །ཞལ་ཟས་བཟའ་བཏུང་བཟང་པོ་སྡེར་མ་བཞི་ཡང་བཀོད་པར་བྱའོ། །སྒོ་བཞིར་བདུག་སྤོས་ཀྱི་ཕོག་ཕོར་བཞི་གཞག་པར་བྱའོ། །མེ་ཏོག་སྣ་ཚོགས་ཀྱི་ཆུན་པོ་དང ། དཀར་གསུམ་གྱི་གཏོར་མ་ཡང་བཤམ་པར་བྱའོ། །ཡང་ཟུར་བཞིར་མར་མེ་བཞི་བུད་པར་བྱའོ། །རིག་པ་འཛིན་པ། ཁ་ཤར་དུ་བལྟས་ཏེ་བཟླས་བརྗོད་བྱ་བར་བྱ་ཞིང ། མཚན་གྱི་ཐུན་ཐ་མ་ལ་ལུས་བསྲུང་བ་དང་མཚམས་བཅིང་བ་སོགས་བྱས་ནས་དཀྱིལ་འཁོར་དུ་འཇུག་པར་བྱ་ལ། དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་སྡིག་པ་དང ། སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་བདེ་བླག་ཐོབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྟག་ཏུ་དགོངས་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བྱེད་ཅིང་སྒྲུབ་པའི་སྟོང་གྲོགས་བྱེད་པར་འགྱུར་རོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་བྱཱ་བ་ལོ་ཀི་ཏེ། ཛ་ཡ་ཛ་ཡ་སཝཱཧཱ། སྙིང་པོའོ། །ོཾ་ཧུ་རུ་ཧུ་རུ་ཛ་ཡ་མུ་ཁྱེ་སཝཱཧཱ། ཉེ་བའི་སྙིང་པོའོ། །ོཾ་ཛ་ལེ་ནི་ཛ་ཡེ་སཝཱཧཱ། ཉེ་རེགས་ཀྱི་སྔགས་སོ། །ོཾ་ས་མནྟན་པཱུ་ར་ཎ་ཛ་ཡེ་སཝཱཧཱ། མཚམས་ 500a ༄#། །བཅིང་བའི་སྔགས་སོ། །ོཾ་མཎྜ་ལ་ཛ་ཡེ་སཝཱཧཱ། དཀྱིལ་འཁོར་གྱི་མཚམས་བཅིང་བའི་སྐབས་ཀྱི་སྔགས་སོ། །ོཾ་སི་རཱི་མི་རཱི་ཛ་ཡེ་སཝཱཧཱ། གཏོར་མའི་སྔགས་སོ། །ོཾ་ས་ཝ་སནྡྷ་རི་མི་རི་ཛ་ཡེ་སཝཱཧཱ། སྤྱན་འདྲེན་པའི་སྔགས་སོ། །ོཾ་བུདྡྷ་ཀུ་སུ་མཾ་སཝཱཧཱ། མེ་ཏོག་འབུལ་བའི་སྔགས་སོ། །ོཾ་ཛ་ཡ་ཡནྟི་སཝཱཧཱ། བདུག་སྤོས་འབུལ་བའི་སྔགས་སོ། །ོ་བི་ཛ་ཡ་ག་པཱི་སཝཱཧཱ། དབང་བསྐུར་བའི་སྔགས་སོ། །ོཾ་ཏ་ཐཱ་ག་ཏ་ཛ་ཡ་སཝཱཧཱ། གཙུག་ཏོར་བཅིང་བའི་སྔགས་སོ། །ོཾ་ཛ་ཡ་ཨུ་རི་ཏི་སཝཱཧཱ། གོས་བྱིན་གྱིས་བརླབས་པའི་སྔགས་སོ། །ོཾ་གུ་རུ་དྷ་རི་སཝཱཧཱ། སློབ་མ་བསྲུང་ཞིང་རྗེས་སུ་འཛིན་པའི་སྔགས་སོ། །ོཾ་དྷ་ར་དྷ་ར་མི་རི་ཛ་ཡེ་སཝཱཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ། །ོཾ་སུ་སམྦྷ་ཝ་ཛ་ཡེ་སཝཱཧཱ། ཕྲེང་བ་བྱིན་གྱིས་བརླབས་པའི་སྔགས་སོ། །ོཾ་སུ་ན་རི་ཛ་ཡ་ཡེ་སཝཱཧཱ། གདན་འབུལ་བའི་སྔགས་སོ། །ོཾ་སུ་རི་ཛ་ཡེ་སཝཱཧཱ། བགེགས་བཅིང་བའི་སྔགས་སོ། །ོཾ་པྲ་ཝ་རཱ་ཛ་ཡེ་སིདྡྷི་སཝཱཧཱ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་སྔགས་སོ། །ོཾ་རཀྵ་ནི་ཛ་ཡེ་སཝཱཧཱ། ལུས་བསྲུང་བའི་སྔགས་སོ། །ོཾ་ཛ་ཡ་དི་བི་ནི་སཝཱཧཱ། མར་མེ་འབུལ་བའི་སྔགས་སོ། །ོཾ་མ་ལེ་བི་མ་ལ་ཛ་ཡེ་སཝཱཧཱ། སྦྱིན་སྲེག་གི་སྔགས་སོ། །ོཾ་ས་ར་ས་ར་ཇ་ 500b ཡེ་སིདྡྷི་སཝཱཧཱ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་སྔགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ད་ནི་སྙིང་པོ་དང ། ཉེ་བའི་སྙིང་པོའི་སྒྲུབ་ཐབས་བཤད་པར་བྱ་སྟེ། སྙིང་པོ་འབུམ་བཟླས་ན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཐོབ་པར་འགྱུར་རོ། །ལྡོང་རོས་ཟངས་ཀྱི་སྣོད་དུ་བཞག་པ་སྙིང་པོ་སྟོང་བཟླས་པས་བརླབས་ནས་དཔྲལ་བར་ཐིག་ལེ་བྱས་ན་ནམ་མཁའ་ལ་འགྲོ་ཞིང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་ཁྱིམ་སྒོ་རང་གིས་བྱེ་བར་འགྱུར་ཏེ་སྒྲུབ་པ་བོས་ཅི་དགར་འཇུག་པ་དང ། བགྲོད་པར་འགྱུར་རོ། །སཽ་བཱི་ར་མིག་སྨན་ལ་འབུམ་བཟླས་ནས་མིག་ལ་བྱུགས་ན་ཨནྟ་ན་འཐོབ་པར་གྱུར་ལ་འབྱུང་པོ་ཐམས་ཅད་ཀྱི་ཁྱིམ་དུ་རང་དབང་གིས་འཇུག་ནུས་པར་འགྱུར་རོ། །གཞན་ཡང་ཁྲི་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་མཐོང་བར་འགྱུར་རོ། །མཆོད་རྟེན་གྱི་སྲོག་ཤིང་གི་རྩེ་མོའི་གདུགས་ལ་ལན་སྟོང་རྩ་བརྒྱད་བཟླས་ནས་བཏེག་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་མ་ལུས་པར་བཞུགས་པའི་མཆོད་རྟེན་ཆེན་པོའི་རང་བཞིན་དུ་འགྱུར་རོ། །འཇམ་དཔལ་གྱི་ཕྱག་མཚན་ལྷུང་བཟེད་བླངས་ནས་དེ་ལ་སྔགས་སྟོང་རྩ་བརྒྱད་བཟླས་ལ་འོ་ཐུག་གིས་གང་བར་བྱས། །སླར་འཇམ་དཔལ་གྱི་ཕྱག་ལ་ 501a ༄#། །འཇོག་སྟེ་གདུགས་ཚད་འབུལ་ན་བསོད་སྙོམས་པ་སྟོང་ཡང་ཚིམ་བར་འགྱུར་རོ། །གཞན་ཡང ། རྒྱུད་གཞན་དག་ནས་གསུངས་པའི་ལས་ཚོགས་ཐམས་ཅད་ཀྱང་གཟུངས་སྔགས་འདིས་བྱིན་གྱིས་བརླབས་ན་འདོད་པ་ཐམས་ཅད་འབད་མེད་དུ་འགྲུབ་པར་འགྱུར་རོ། །ད་ནི་ཕྱག་རྒྱའི་རིམ་པ་བཤད་པར་བྱ་སྟེ། ལག་པ་གཉིས་ཐལ་མོ་གན་རྐྱལ་དུ་བྱས་ལ་སྙིང་གའི་ཐད་དུ་ཐལ་མོ་གཡས་པའི་མཐིལ་ན་གཡོན་པ་ཡང་གན་རྐྱལ་དུ་བཟེད་དེ་བཞག་པ་ནི་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་ཀྱི་རྩ་བའི་ཕྱག་རྒྱའོ། །ཕྱག་རྒྱ་འདི་བཅིང་བ་ཙམ་གྱིས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབུགས་དབྱུང་བར་མཛད་པར་འགྱུར་རོ། །ཕྱག་རྒྱ་དེས་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བར་འགྱུར་ཞིང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་འཛིན་པར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡས་པ་བཏེག་སྟེ་ཕྱག་རྒྱ་གཞན་གང་དགོས་སུ་བསྒྱུར་བས་ཕྱག་རྒྱ་ཐམས་ཅད་བྱུང་བར་གྱུར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡས་པ་བསྒྱུར་ནས་ལྟེ་བར་བཞག་པའི་མཐེབ་ཆེན་དང་ 501b མཛུབ་མོ་གཉིས་ཕན་ཚུན་དུ་སྦྱར་བ་ནི་ཕྱག་རྒྱ་ལས་ཐམས་ཅད་པའི་ཕྱག་རྒྱ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་གཟུངས་འདི་བསྲུང་ཞིང་མཚམས་སྦྱོར་པའི་གཟུངས་སྔགས་འདི་སྨྲས་སོ། །ན་མོ་མཉྫུ་ཤྲཱི་ཡ་ཡེ། ཀུ་མཱ་ར་བྷཱུ་ཏ་ཡེ། ཏདྱ་ཐཱ། ཛ་ཡེ། བི་ཛ་ཡེ། ཛ་ཡ་ཤྲཱི། ཛུཥྚི། ཧཱུཾ་སཝཱཧཱ། སྒྲུབ་པ་པོས་ཐོག་མར་འཇུག་པའི་སྐབས་དང ། ལས་ལ་སྦྱོར་བའི་སྐབས་རྣམས་སུ་སྔགས་འདི་ལན་བདུན་བཟླས་ན་སྒྲིབ་པ་དང ། བགེགས་མེད་པར་འགྱུར་ཞིང་མྱུར་དུ་གྲུབ་པར་འགྱུར་རོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རིག་པ་ཆེན་པོའི་གཟུངས་འདི་སྨྲས་སོ། །ཏདྱ་ཐཱ། བཛྲ་མུཥྚཾ། ཧ་ན་ད་ཧ་པ་ཙ་བཛྲ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། སྔགས་འདི་ཡུངས་ཀར་ལ་ལན་བདུན་བཏབ་ནས་ཕྱོགས་བཞིར་གཏོར་ན་ན་མཚམས་བཅིང་གི་མཆོག་ཏུ་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་སྔགས་འདི་སྨྲས་སོ། །ཏདྱ་ཐཱ། དྷྲི་ཏི་ཧྲི་མྲི་ས་ར་པྲ་ས་ར་བི་རི་བི་རི་སཝཱཧཱ། སྔགས་འདི་ཡུངས་ཀར་དང་བཅས་པའི་ཆུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་སྤྱི་བོ་ནས་བླུགས་ན་གནོད་བྱེད་འབྱུང་པོ་ཐམས་ཅད་དབང་དུ་གྱུར་ནས་སྒྲུབ་པ་པོའི་རྐང་པར་མགོ་པོས་ཕྱག་འཚལ་ 502a ༄#། །ནས་རང་གནས་སུ་གདོངས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ངས་མདོ་འདི་བཤད་པ་ནི་བསོད་ནམས་ཞན་པ་དང ། མ་དང ། ཕ་དང ། ལྟ་བ་ལོག་པ་དང ། ཐེ་ཚོམ་ཟ་པ་དང ། མཚམས་མེད་པ་བྱེད་པ་དང ། ཚེ་ཐུང་བ་དང ། སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། གཤིན་རྗེའི་འཇིག་རྟེན་དང ། མཚམས་མེད་པར་འགྲོ་བའི་སེམས་ཅན་དེ་ལྟ་བུ་དག་གི་ཕྱིར་གཟུངས་འདི་བཤད་དོ། །ཀུན་དགའ་བོ། ཕྱི་མའི་དུས་ཕྱི་མའི་ཚེ་ཁྱིམ་ན་གནས་པ་དང ། དགེ་སློང་ལས་ཕལ་ཆེར་གཟུངས་འདི་མི་ཀློག་པ་དང ། མཆོད་པར་མི་བྱེད་པ་རྣམས་ཇི་ལྟར་ཁྱིམ་པ་རྣམས་སྡུག་བསྔལ་བར་བཤད་པ་དེ་བཞིན་དུ་རབ་ཏུ་བྱུང་བ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་རོ། །དེ་སྟེ་དེ་བཞིན་དུ་སངས་རྒྱས་མཆོད་ཅིང་འདི་ལ་བརྟེན་པས་མཆོད་རྟེན་གཅིག་བྱས་ན་ཆོས་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱང་མཆོད་པར་འགྱུར་རོ། །གཞན་ཡང ། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་འགྱུར་རོ། །སྡོང་པོས་བརྒྱན་པ་བཀླགས་ཤིང་ཁ་ཏོན་དུ་བྱས་པར་འགྱུར་རོ། །འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཡང་ཞུགས་པར་འགྱུར་རོ། །བཅོམ་ལྡན་ 502b འདས་ཀྱིས་མདོ་སྡེ་འདི་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། གསང་བའི་བདག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་བཞི་དང ། བྲམ་ཟེ་བི་ཏུ་དཏྟ་དང ། ལྷ་དང ། ཀླུ་ལ་སོགས་པའི་སྡེ་བརྒྱད་མི་དང ། མི་མ་ཡིན་པ་ཐམས་ཅད་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།ཐང་གུར་གྱི་དུས་ཐེ་ཙིན་ཞི་ཧུང་ལུ་ཁིང་གོས་ཅན་རྒྱ་གར་བྱང་ཕྱོགས་ཀྱི་མཁན་པོ་སྡེ་སྣོད་གསུམ་པ་རིག་འཛིན་དོན་ཡོད་རྡོ་རྗེས་བཀའ་ཡིས་བསྐུལ་བ་དང་དུ་བླངས་ཏེ་རྒྱ་གར་གྱི་དཔེ་ལས་རྒྱ་ནག་ཏུ་བསྒྱུར་བར་མཛད་པ་ལས་ད་ལྟ་ཆེན་པོ་ཆིང་གུར་གྱི་ལྪོ་ཙཱར་སྒྲོ་བཏགས་པ་བོད་ཡིག་གི་སློབ་གྲའི་མི་བཟང་ཇིང་གིར་རིགས་ལས་རིམ་པ་དང་པོའི་ཐའི་ཇི་མགོན་པོ་སྐྱབས་ཀྱིས་ཐོབ་ཆིན་ཝང་གིས་གཟུངས་བསྡུས་གསར་བ་བཞེངས་སྐབས་འཕྲོས་དོན་ལས་བརྩམས་ཏེ་བསྐུལ་བ་ལྟར། རང་གནས་ཉི་དགའི་སྐྱེད་ཚལ་དུ་བསྒྱུར་བ་ལགས་ཤིང ། ལེགས་སྦྱར་གྱི་སྒྲ་ལ་མ་བྱང་བས་སྔགས་ཚིག་གི་ལྕི་ཡང་སོགས་ལ་རྟོག་དཔྱོད་བྱེད་པའི་ངལ་བ་སྤངས་ཏེ་སྔ་རབས་པ་དག་གི་མདོ་གཞན་གྱི་ཡི་གེ་ཇི་ལྟར་ངོ་སྤྲོད་གནང་བ་སོར་བཞག། 503a ༄#། །ཀུན་དགའ་བོའི་ཚིག་ལྷུ་གཅིག་ནི་རྒྱ་ནག་མར་མི་སྣང་ཡང་བོད་མར་ཡོད་པས་ཆད་དམ་སྙམ་པས་བོད་མ་ནས་ཚུར་བསབས། དེ་ཡང་གཞུང་གི་བཀའ་འགྱུར་པར་མར་དགའ་བོ་ཞེས་པ་འདུག་ཀྱང ། བྲིས་མ་འགའ་ཞིག་ན་ཀུན་དགའ་བོ་སྣང་བ་འཐད་དམ་སྙམ་དུ་སེམས་པ་ལྟར་བྲིས་པ་ལ། བཛྲ་ཨཱ་ཡུ་ཥེའི་སྔགས་ནི་རྒྱ་ནག་གི་དཔེ་ཆན་མེད་ཅིང ། བོད་དཔེར་ཡོད་ཀྱང་སྙིང་པོ་དང ། ཉེ་སྙིང་གི་རྗེས་ལ་བྱུང་མོད། རང་ཚུགས་ཀྱི་མིང་མི་གསལ་བས་རེ་ཞིག་གཞག་ཏེ། ཁིའན་ལུང་གནམ་ལོ་བརྒྱད་པ་ཟླ་བ་བདུན་པའི་ཚེས་བདུན་ལ་རྫོགས་པར་བསྒྲུབས་སོ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག་།འོག་གི་བྱང་ཆུབ་སྙིང་པོའི་རྒྱན་འབུམ་འདི་ཡང་འདི་ལས་ཟུར་ཕྱུང་ཞིག་ཡིན་འདུག་པས་ལོགས་སུ་བྲི་མ་དགོས་ཀྱང ། སྔར་གྱི་རྣམས་སུ་གོང་མ་མ་རྙེད་པའི་སྐབས་སུ་བྲིས་འདུག་པ་ལྟར་བཞག་གོ། |