རྒྱ་གར་སྐད་དུ། བྷ་ག་ཝཱན་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཏནྟྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱི་སངས་རྒྱས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང ། རྡོ་རྗེ་སྡེ་དང ། རྡོ་རྗེ་ཀུན་ཏུ་འཛིན་པ་དང ། རྡོ་རྗེ་རབ་ཏུ་འདུལ་བྱེད་དང ། རྡོ་རྗེ་མི་བཟང་ 341b འཇོམས་དང ། རྡོ་རྗེ་གདུག་པ་ཀུན་འདུལ་དང ། རྡོ་རྗེ་དབྱིངས་ལས་རྒྱལ་བ་དང ། རྡོ་རྗེ་དགྱེས་གནས་སྐྱོབ་ལ་སོགས་པའི་འཁོར་བྱེ་བ་ཕྲག་སྙེད་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་ཐུགས་ཀར་ལན་གསུམ་གསོར་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་ཕྱག་འཚལ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་ཆེན་པོ་འབྱུང་པོ་ཀུན་འདུལ་བར་བྱེད་ཅིང་ས་འོག་གི་གདུག་པ་ཅན་འདུལ་བར་བྱེད་པའི་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུད་ཆེན་པོ་བཤད་དུ་གསོལ། རྡོ་རྗེ་འཛིན་པ་ཆེན་པོ་བཤད་དུ་གསོལ། ཁྱབ་བདག་ཆེན་པོ་བཤད་དུ་གསོལ། གདུག་པ་ཀུན་འདུལ་བར་བྱེད་བ་བཤད་དུ་གསོལ། མུན་པ་ཀུན་འཇོམས་པ་ཆེན་པོ་བཤད་དུ་གསོལ་ཞེས་ཕྱག་ན་རྡོ་རྗེ་གསོལ་བ་བཏབ་བོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རྡོ་རྗེ་འཆང་བ་ཆེན་པོ་གསང་བ་པ་ཁྱོད་སེམས་ཅན་རྣམས་ཀྱི་དོན་དུ་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུ་དང་ལ་ཞུ་བ་ལེགས་སོ། །གསང་བའི་བདག་པོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ། །དེའི་ཕྱིར་ལག་ན་རྡོ་རྗེའི་རིགས་རྣམས་ཁྱོད་རྗེས་སུ་ཉོན་ལ་ཡིད་ལ་ཟུངས་ཤིག་།ངས་རྣམ་པར་ཕྱེ་སྟེ་རྡོ་རྗེ་ས་འོག་འབྱུང་པོ་ 342a ༄#། །འདུལ་བ་རྡོ་རྗེ་ཞེས་བྱ་བའི་རྒྱུད་བཤད་ཀྱི། རྗེས་སུ་ཟུངས་ཤིག་།དེ་སྐད་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན་གྱི་ས་འོག་གི་གདོན་དང་འབྱུང་པོ་ཀུན་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོ་གདུག་པ་ཀུན་འདུལ་བར་བྱེད་བ་དུ་མ་སྤྲོས་ཏེ་ས་འོག་ས་སྟེང་ས་བླ་གསུམ་གང་བར་མཛད་དེ། ས་འོག་གི་ཀླུ་རྣམས་ཀྱི་གནས་རྣམས་གདུག་པའི་ཧཱུཾ་སྒྲས་ཀུན་ཏུ་གང་བར་བྱས་ནས་ཀླུའི་རྒྱལ་པོ་བརྒྱད་འཁོར་དང་བཅས་པ་བཏུལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀུག་གོ་།དེ་ནས་ཀླུའི་རྒྱལ་པོ་མཐའ་ཡས་གདུག་པའི་སེམས་ལངས་ཏེ་དབུགས་ཤིན་ཏུ་ཚ་བར་གཏོང་བར་སེམས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་ཀླུ་ཐམས་ཅད་ཀྱི་ཞེ་སྡང་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་སྔགས་འདི་གསུངས་སོ། །ོཾ་ནཱི་ལཱཾ་བཛྲ་ཀྲོ་དྷ་ནཱ་ག་ཧཱུཾ་ཕཊ། ཅེས་བཟླས་སོ། །དེ་ནས་ཀླུ་མཐའ་ཡས་སེམས་རབ་ཏུ་ཞི་སྟེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་པས་ཀླུ་ཐམས་ཅད་སེམས་རབ་ཏུ་ཞིའོ། །དེ་ནས་མཐའ་ཡས་ལ་སོགས་པའི་ཀླུ་རྒྱལ་ས་འོག་ན་བཞུགས་པ་རྣམས་ཀྱིས་བཅོམ་ 342b ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱི་མའི་དུས་ན་སླད་མའི་ཚེ་སེམས་ཅན་རྣམས་ལ་ས་འོག་གི་གདོན་རྣམས་ཀྱིས་བར་དུ་མི་གཅོད་ཅིང ། དེ་དག་གི་གདུག་པ་ཞི་བར་བྱེད་པའི་ཆོ་ག་བཤད་དུ་གསོལ། བདག་ཅག་ཀླུའི་རྒྱལ་པོ་རྣམས་དང ། བདག་ཅག་གི་འཁོར་རྣམས་ཀྱིས་སེམས་ཅན་ཆེན་པོ་དེ་ལ་བར་དུ་གཅོད་པར་མི་ནུས་པ་བཤད་དུ་གསོལ། བདག་ཅག་ཀླུའི་རྒྱལ་པོ་རྣམས་ཀྱི་དོན་དུ་འགྱུར་བ་བཤད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་ཅུང་ཟད་སྤྱན་གྱིས་གཟིགས་ནས་བཀའ་སྩལ་པ། ཀླུའི་རྒྱལ་པོ་དག་ལེགས་སོ། །ཞུ་བའི་དུས་ལ་བབ་བོ། །ངས་སེམས་ཅན་རྣམས་ཀྱི་དོན་དུ་རབ་ཏུ་ཕྱེ་སྟེ་བཤད་ཀྱི། ཉོན་ཅིག་།བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཀླུ་རྣམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་འདུལ་བ་ཞེས་བྱ་བའི་ལེའུ་འདི་བཤད་དེ།་ཧཱུཾ།་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་ཆེན་སྟོན་པ་དེས། །ཉིད་ཀྱི་འཁོར་ལ་རབ་གཟིགས་ཏེ། །འོད་ཟེར་ཀུན་ཏུ་རབ་བཀྱེ་ནས། །གདོན་རྣམས་བརླག་བྱེད་ཐབས་གསུངས་པ། །དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་དང ། །དེ་བཞིན་བཅུ་བཞི་བཅོ་ལྔ་ལ། །རབ་ཏུ་དབེན་པའི་ས་ཕྱོགས་སུ། །ཕྱག་ན་རྡོ་རྗེ་རབ་ཁྲོས་པ། །གཞོན་ཚུལ་འགྱིང་བ་རབ་བསམས་ལ།། 343a ༄#། །རིན་ཆེན་སྣོད་དམ་ཁམ་ཕོར་དུ། །གསེར་ལ་སོགས་པའི་རིན་ཆེན་བདུན། །དག་པར་བསྒྲུབས་ཏེ་རབ་བཅུག་ནས། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ།། དཀོན་མཆོག་གསུམ་གྱི་བཀའ་བདེན་པས། །འབྱུང་པོ་དེ་ལ་གཏོར་བྱིན་ཏེ། །གང་གནས་རྟེན་སར་རབ་སྦས་ལ། །འབྱུང་པོ་ཀླུ་གདུག་ཞི་བར་འགྱུར། །གང་ཚེ་ཞི་བས་མ་ཕན་ན། །དེ་ཚེ་གདུག་པའི་མཚོན་ཆ་རྣམས། །རང་གི་ཁང་པར་རབ་ཏུ་འབར། །སྡུག་བསྔལ་མི་བཟད་དྲག་པོ་སྟེ། །དེ་ཚེ་སྔོན་གྱི་སེམས་དྲན་པས། །ཞི་བར་འགྱུར་བར་ཐེ་ཚོམ་མེད། །དེ་ནས་འདིར་བཅོམ་ལྡན་འདས་ཀྱིས་ལྷའི་ཆོ་ག་རབ་ཏུ་གསུངས་པ། རྟག་ཏུ་བྱང་ཆུབ་སེམས་ཐོབ་ཅིང ། །དམ་ཚིག་སྡོམ་པ་ཀུན་ལྡན་པ། །ཁྲུས་ཀྱི་ལས་རྣམས་ཀུན་བྱ་སྟེ། །རྣམ་པར་དག་པའི་ས་གཞི་ལ། །དཀྱིལ་འཁོར་ཇི་ལྟར་མཛེས་པར་བྱ། །ཧཱུཾ་ཡིག་ལས་བྱུང་ལྕགས་ཀྱུ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྐད་ཅིག་མདུན་བསམས་མཆོད་སོགས་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། སྟོང་པའི་ཏིང་ངེ་འཛིན་རྣམས་བསྒོམ། །ནམ་མཁའི་ཁམས་སུ་ཨ་དང་ནི། །ཟླ་བ་དང་པོ་ཡི་གེ་ཧཱུཾ། །འོད་ཟེར་ཀུན་ཏུ་འབར་བར་བསྒོམ། ། འགྲོ་དུག་ཉོན་མོངས་ཀུན་སྦྱངས་ཏེ། །རྣམ་གྲོལ་ས་ལ་དེས་བཀོད་ནས། །འོད་བསྡུས་ཧཱུཾ་གི་རྣམ་པར་བསམ། །དེ་ཉིད་རྡོ་རྗེ་རྩེ་ལྔ་ཅན། །འོད་ཟེར་ཕྲེང་བ་འཕྲོ་བར་བསམ། །དེ་ཡི་འོད་ 343b ཀྱིས་སེམས་ཅན་རྣམས། །རྡོ་རྗེའི་ངོ་བོ་ཐིམ་པར་བྱ། །དེ་ལས་ཁྲོ་བོ་ཆེན་པོའི་སྐུ། །སྐུ་མདོག་སྔོན་པོ་ཆེར་འབར་བ། །གཡོན་བརྐྱང་ན་ཚོད་བཅུ་དྲུག་འཆང ། །མཐའ་ཡས་ལ་སོགས་བརྒྱད་ཀྱིས་བརྒྱན། །སྐུ་མདོག་ནག་པོའི་གཟུགས་ཅན་དེ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བསྣམས། །ན་བཟའ་སྔོན་པོའི་ཟེར་འཇོལ་ཅན། །སྤྱན་གསུམ་དམར་མཛེས་གྱེན་དུ་འཇིལ། ། རལ་པ་གྱེན་བརྫེས་རྡོ་རྗེ་ཡི། །དབུ་རྒྱན་ཅན་དུ་བསམ་པར་བྱའོ། །དེ་ནས་ཡེ་ཤེས་ཁྲོ་བོ་ཆེ། །སྤྱན་དྲངས་ཛཿ ་ཧཱུཾ་བཾ་ཧོས་གཞུག་།མགོ་དང་ལྐོག་མ་སྙིང་ག་རུ། །ོཾ་ཨཱཿ ་ཧཱུཾ་གི་རྣམ་པ་ཡི། །ཡི་གེ་བཅུ་གསུམ་སྔགས་ཀྱིས་བརྒྱན། །འཁོར་ལོ་པདྨ་རྡོ་རྗེ་བསམ། །མི་བསྐྱོད་རྡོ་རྗེས་དབང་བསྐུར་ཏེ། །ཀུན་འཇོམས་རྣམ་པར་དག་པར་བསམ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདིའི་རྩ་བའི་སྔགས་ལས་ཐམས་ཅད་པ་གསུངས་པ། ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་རབ་ཏུ་བརྗོད་པར་བྱའོ། །སྔགས་ཀྱི་ཕྲེང་བ་དེ་དག་ཀྱང ། །ཞི་ལ་རབ་དཀར་དབང་ལ་དམར། །རྒྱས་ལ་སེར་པོ་དྲག་ལ་ནག་།རྟོག་པ་ཀུན་ཏུ་སྤངས་ཏེ་བཟླ། །སྤྲོ་དང་བསྡུ་བའི་བྱེ་བྲག་གིས། །ཇི་ལྟར་མོས་པའི་བསམ་གཏན་བྱ། །མི་མོས་རྣལ་འབྱོར་རབ་ཏུ་སྤང ། །ཕྱག་ན་རྡོ་རྗེ་ཁྲོ་རྒྱལ་གྱིས།། དག་ཀུན་རྟེན་པའི་ཡིད་འདི་ལ། །གང་བརྩོན་པ་དེ་ཕན་ཡོན་ནོ། །ཀུན་ཏུ་དགའ་ལ་སོགས་པ་དག་།མི་སྣང་ལ་སོགས་རབ་ཏུ་འགྲུབ། །ཀུན་རྟེན་རབ་ཏུ་སྤྱད་དགེ་ཅན། །རྟེན་ཅན་སྦྱོར་བ་ 344a ༄#། །རབ་ཏུ་དབེན། །དངོས་གྲུབ་མཆོག་ཏུ་རབ་ཏུ་འགྲུབ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། ཞི་བའི་ལས་སྒྲུབ་པ་དང་ལྷའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་སྟོན་པ་རྡོ་རྗེ་འཛིན། །བར་ཆད་ཞི་བྱེད་གཏོར་མ་ཡི། །ཆོ་ག་མཆོག་ནི་བཤད་དུ་གསོལ། །སེམས་ཅན་དོན་དུ་བརྩོན་ལྡན་བགྱི། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་རྡོ་རྗེ་འཆང་བ་གཙོ། །བར་ཆོད་ཞི་བའི་ཆོ་ག་དང ། །དངོས་གྲུབ་ཐབས་ཀྱི་ཆོ་ག་ནི། །གཏོར་མ་ཀུན་གྱི་གཏེར་འགྱུར་བཤད། །རབ་ཏུ་མཛེས་པའི་སྣོད་མཆོག་ཏུ། །བཟའ་དང་བཅའ་བ་ལ་སོགས་པའི། །ཕུན་སུམ་ཚོགས་པ་རབ་ཏུ་བྱ། །སྟོང་པའི་ཏིང་ངེ་འཛིན་འགྲོ་བས། །བྲུཾ་ལས་མཛེས་པའི་སྣོད་བསྐྱེད་དེ། །ཁཾ་ལས་ཁ་ཟས་ནམ་མཁའི་ཁམས། །མཉམ་པར་བསམས་ཏེ་སྔགས་འདི་བརྗོད། །ོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿ ་ཧཱུཾ་ཕཊ་སཝཱཧཱ་ཞེས་བརྗོད་དོ། །བདུད་རྩིར་བསམས་ཏེ་རབ་ཏུ་སྤེལ། །སྤེལ་བ་གཉིས་ཀྱིས་རྣམ་པར་སྦྱངས། །ནམ་མཁར་ཧྲཱིཿ ་ལས་པདྨ་བརྒྱད། །དཔག་ཏུ་མེད་པ་བསམ་བྱ་སྟེ། །གཙོ་བོ་མགོན་པོ་རྣམ་ཐོས་བུ། །གནོད་སྦྱིན་བྱེ་ཚོགས་ཀྱིས་བསྐོར་ཅིང ། །ཀླུ་བརྒྱད་ཀྱིས་མཆོད་སྤྱན་དྲངས་བྱ། །གནོད་སྦྱིན་ 344b རྒྱལ་པོ་དེ་དག་ལ། །རྨུགས་འཛིན་གང་བ་བཟང་པོ་དང ། །ནོར་བཟང་ཀུ་བེ་ར་དང་ནི། །ཡང་དག་འབྲོག་གནས་ལྔ་རྩེན་དང ། །ཙི་པི་ཀུཎྜ་ལི་རྣམས་ནི། །འཁོར་གྱི་ཚུལ་གྱིས་གཙོ་ལ་བསྐོར།། ཕྱོགས་དང་མཚམས་སུ་བསམ་པར་བྱ། །བྱེ་བའི་འཁོར་ཚོགས་ཐུན་མོང་ཡིན། །ཀླུ་བརྒྱད་གནོད་སྦྱིན་ཕྱི་ན་འོ། །དེ་ནས་ལྕགས་ཀྱུས་སྤྱན་དྲངས་ལ། །མ་བྲལ་གཙོ་དང་ལྕགས་ཀྱུའོ། །བཞོན་པ་སེངྒེ་རྟ་ཡི་ཚོགས། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་འབར་བའི་རྒྱལ་མཚན་དང ། །ནོར་བུ་རིན་ཆེན་རལ་གྲི་དང ། །གྲི་མདུང་ཁང་བརྩེགས་རལ་གྲི་ཕུབ། །མཚོན་ཆ་སྣ་ཚོགས་འཕྱར་བར་བསྒོམ། །སྤྱན་འདྲེན་ཚེ་ན་རྔ་སོགས་དང ། །དུང་ཆེན་འབྲས་སྤོས་དག་ནི་དབུལ། །ོཾ་བཻ་ཤྲ་བ་ཎ་ས་པ་རི་ཝཱ་ར་ས་མ་ཛ་ཛཿ ཧཱུཾ་བཾ་ཧོ་ཨོཾ་བཻ་སཝཱཧཱ། ཨོཾ་བཻ་ཤྲ་བ་ཎ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿ ། ཞེས་སྤྱན་དྲང་བའི་སྔགས་སོ། །ོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་ནི། བགེགས་བསྐྲད་པའི་སྔགས་སོ། །དེ་ནས་མེ་ཏོག་ལ་སོགས་པའི། །མཆོད་པ་དག་ནི་ནམ་མཁའ་རུ། །རབ་ཏུ་མཆོད་དེ་སྤྲོ་བར་བྱ། །ོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཨཱཛྙཱ་པ་ཡ་ཏི་ཨི་མཾ་བ་ལིཾ་གྲིཧྞ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་མ་མ་ཀརྨྨ་མོ་གྷ་སཝཱཧཱ། ཨོཾ་བཻ་ཤྲ་མ་ཎཱ་པ་སཝཱཧཱ།་ཨོཾ་ཛམྦྷ་ལཱ་ཡ་སཝཱཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སཝཱཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སཝཱཧཱ། ཨོཾ་ཀུ་བེ་རཱ་ཡ་སཝཱཧཱ་།ོཾ་སཾ་པྲ་ཛྙཱ་ནཱ་ཡ་སཝཱཧཱ། ཨོཾ་གུ་ཧྱེ་ཐཱ་ན་ཡ་སཝཱཧཱ། ཨོཾ་པཱཉྩི་ཀཱ་ཡ་སཝཱཧཱ། ཨོཾ་ཙི་བི་ཀུཎྜ་ལི་ནེ་ 345a ༄#། །སཝཱཧཱ།་གཏོར་མ་དབུལ་བའི་སྔགས་སོ། །དེ་ནས་མཆོད་དེ་མགྲོན་རྣམས་གཏང ། །འོད་ཟེར་ལྕགས་ཀྱུ་དགྲོལ་ནས་སུ། །དཀྲོལ་བའི་དུས་ན་གཤེགས་དང་མཉམ། །མཉམ་ལངས་སྤྱོད་པའི་ཆོ་ག་བྱའོ། །རྡོ་རྗེ་ས་འོག་གི་རྒྱུད་ལས། གཏོར་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་འདོད་པའི་དོན་དུ་འཇིག་རྟེན་པའི་འཁོར་ལོ་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུའི་བ་སྤུ་ནས་འོད་ཟེར་སྤྲོས་ཏེ་རྣམ་ཐོས་སྲས་འཁོར་བཅས་ཀྱི་ཐུགས་བསྐུལ་ནས་འཁོར་དེར་འདུས་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་རིན་པོ་ཆེའི་ཕྱེ་མས་གཏོར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི། ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བགྱི་བ་ལགས་ཏེ། བདག་གིས་ཆོས་དང་ལྡན་པ་རྣམས་ཀྱི་ཆོས་སྲུང་ཞིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བདག་ཉིད་ཀྱི་གསང་བ་བཤད་ན། བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་ཅི་གནང་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ལེགས་སོ། །རང་གི་གསང་བ་ལེགས་པར་ཤོད་ཅིག་།ངས་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་འཆང་བ་ཀུན་གྱིས་ཀྱང་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ལེགས་པར་སྨྲོས་ 345b ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་རྣམ་ཐོས་ཀྱི་བུ་རང་གི་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་རང་གི་རིག་པ་འདི་སྨྲས་སོ། །ོཾ་བཻ་ཤྲ་བ་ཎཱ་ཡ་ཧཱུཾ་ཧཱུཾ་པ་ཙ་པ་ཙ་ཚིནད་ཚིནད་སཝཱཧཱ། ཞེས་བརྗོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་སྔགས་འདིའི་སྒྲུབ་པ་ནི། འདི་ལགས་ཏེ། གང་ཞིག་དེ་དག་སྒྲུབ་པར་འདོད་པ་དེས་དུས་གསུམ་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་བདག་འཁོར་དང་བཅས་པ་མཆོད་ལ་སེམས་རྩེ་གཅིག་དང་ལྡན་པས་གནས་དབེན་པར་འདུག་སྟེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྒོམ་པ་པོས་བདག་གི་སྔགས་དེ་ཁྲི་ཕྲག་གཅིག་བཟླས། དེ་ནས་ལས་རྣམས་བསྒྲུབ་པར་བྱའོ། །དེ་ལྟར་བདག་སྒྲུབ་པ་དང་བདག་གི་ལས་སྒྲུབ་པ་པོ་དེས་བདག་འཁོར་དང་བཅས་པ་ལ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱའོ། །དེ་ལ་བདག་དང་བདག་གི་འཁོར་རྣམས་ལ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་དབུལ་བའི་སྔགས་ནི།་འདི་རྣམས་ཡིན་ཏེ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སཝཱཧཱ། ཨོཾ་ཛམྦྷ་ལཱ་ཡ་སཝཱཧཱ། ཨོཾ་པཱུརྞ་ཕ་དྲཱ་ཡ་སཝཱཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སཝཱཧཱ། ཨོཾ་ཀུ་བེ་རཱ་ཡ་སཝཱཧཱ། ཨོཾ་སཾ་པྲཛྙཱ་ནཱ་ཡ་སཝཱཧཱ། ཨོཾ་གུ་ཧྱེ་ཐཱ་ནཱ་ཡ་སཝཱཧཱ།་ཨོཾ་པཱཉྩི་ཀཱ་ཡ་སཝཱཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནེ་སཝཱཧཱ། ཞེས་པའི་སྔགས་དེ་ནི། བདག་གི་འཁོར་དང་བཅས་པ་ལ་མཆོད་པ་དང་གཏོར་མ་སྦྱིན་པའི་སྔགས་གཉིས་སུ་ཤེས་པར་བྱའོ། །དེ་ 346a ༄#། །ནས་བདག་གི་ལས་སྒྲུབ་པ་ནི། བདག་གིས་བཤད་ཀྱི། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་ནས་འདིའི་ལས་བཤད་པ་ནི། །གང་ཟག་གང་གིས་སྒྲུབ་འདོད་པས། །བསད་དང་སྦྱིན་སྲེག་མནན་པ་གསུམ། །རིམ་པ་ཇི་བཞིན་ཤེས་པར་བྱ། །བསྒྲུབ་བྱ་བསྟན་ལ་སྡང་བ་རྣམས། །སྤྲ་ཚིལ་ལ་སོགས་གཟུགས་བྱས་ལ། །དགུག་དང་གཞུག་སོགས་དབང་དུ་བྱ། །ཡིག་འབྲུ་བཅོ་བརྒྱད་སྔགས་ཀྱིས་ནི། །དུས་གསུམ་བརྡེགས་པར་རབ་བྱས་ནས། །འཕྲལ་དུ་ཡིད་ཆེས་འཇོམས་པ་སྟེ། །བསྒྲུབ་བྱ་གསོད་པར་ཐེ་ཚོམ་མེད། །གལ་ཏེ་སྦྱིན་སྲེག་བྱེད་པ་ན། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །འདིར་ནི་དྲག་པོས་བསྒྲལ་བར་བྱ། །མེར་སྦར་ཚ་ལ་རབ་བསྲེག་བྱ། །ཐབ་ཁུང་རབ་དང་འབྲིང་ཐ་མ། །རབ་ཀྱིས་མཐོ་གསུམ་འབྲིང་གིས་དོ། །ཐ་མས་མཐོ་གང་ཚད་དུ་བྱ། །བུད་ཤིང་ཚེར་མ་ཅན་ཤིང་གིས། །ཀུན་ཏུ་དྲག་པོ་རབ་ཏུ་སྒྲུབ། །བག་ཟན་ཡུངས་ཀར་མེར་སྲེག་ཅིང ། །སྡང་བའི་ལུས་ངག་ཡིད་གསུམ་རྣམས། །རྫས་ལ་བསྟིམས་ཏེ་སྦྱིན་སྲེག་བྱ། །འཁོར་བཅས་གནོད་སྦྱིན་མེར་བསམས་ཏེ། །བསྲེག་པའི་རྫས་ཀྱིས་མཆོད་པའམ། །ལས་མེ་གནོད་སྦྱིན་རྫས་ཀྱིས་བྲབ། །གང་ལྟར་བྱས་ཀྱང་འགྲུབ་པར་འགྱུར། །དེ་ཚེ་བསྟོད་པ་འདིས་ཀྱང་ནི། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །ཧཱུཾ།་ཀུན་འདུལ་མི་བཟད་གནོད་ 346b སྦྱིན་སོགས། །གདུག་པ་དབལ་ཚ་རབ་ཏུ་འཇིགས། །ཁྲོ་བོ་རྔམ་པ་ཆེར་སྒྲོག་པ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །ོཾ་བཻ་ཤྲ་བ་ཎ་པུཥྤ་ཧཱུཾ་སཝཱཧཱ། ཨོཾ་བཻ་ཤྲ་བ་ཎ་དྷུ་པེ་ཧཱུཾ་སཝཱཧཱ།་ཨོཾ་བཻ་ཤྲ་བ་ཎ་དཱི་པཻ་ཧཱུཾ་སཝཱཧཱ། ཨོཾ་བཻ་ཤྲ་བ་ཎ་གནྡྷེ་ཧཱུཾ་སཝཱཧཱ། ཨོཾ་བཻ་ཤྲ་བ་ཎ་ནེ་ཝིདྱེ་ཧཱུཾ་སཝཱཧཱ། གཙོ་བོ་གནོད་སྦྱིན་འཁོར་ཀྱང་མཆོད། །དེ་ནས་རིམ་པས་མཆོད་པ་ནི། །གསང་སྔགས་ཀུན་ཏུ་སྤེལ་ཏེ་བཟླ། །སྤྲོ་དང་བསྡུ་བ་ཀུན་ཏུ་བྱ། །སྤེལ་བྱེད་ཀུན་གྱི་ཐུན་མོང་ཡིན། །ོཾ་བཻ་ཤྲ་བ་ཎ་ཆེ་གེ་མོ་མཱ་ར་ཡ་ཕཊ་སཝཱཧཱ། གཙོ་བོ་ཇི་ལྟར་འཁོར་ཀྱང་དེ། །རང་གི་རིག་བས་མཆོད་པར་བྱ། །རིག་པ་ཀུན་ཏུ་བརྟེན་བྱས་ནས། །རྡུལ་ཕྲན་བཞིན་དུ་བརླག་པར་བསམ། །འཕྲིན་ལས་བཅོལ་ལ་གཏོར་མ་གཏང ། །མཆོད་དང་གཏོར་མའི་རིམ་པ་ནི། །གོ་རིམ་བཞིན་དུ་དབུལ་བར་བྱ། ། ཞི་བའི་ལས་ཀྱི་རིམ་པ་ནི། །ཐབ་ཁུང་མཐོ་གང་ཚད་ཉིད་ལ། །བསྲེག་རྫས་ལ་སོགས་རབ་ཏུ་དབུལ། །ལུས་ངག་ཡིད་གསུམ་སྡིག་བཅོམ་ནས། །ཡེ་ཤེས་མེ་ཡི་ངོ་བོར་བྱ། །སྣོད་དང་ཐབས་ནི་དོར་བར་བྱ། །དེར་ནི་གདོན་རྣམས་ཀུན་སྲེག་ཅིང ། །བགེགས་ཆེན་ཞི་བའི་ལས་ཀྱང་བྱ། །རྒྱས་དང་དབང་དུ་བྱ་བ་ལ། །ལས་དང་བྱེ་བྲག་རིམ་པ་རྣམས། །སྔར་བཤད་པ་ཡི་ལས་བཞིན་དུ། །ཐབ་དབྱིབས་བྱེ་བྲག་ཤེས་པར་བྱ། །སེར་དང་དམར་བའི་བུད་ཤིང་སོགས། །རིམ་པ་རྫས་ལྡན་དབུལ་པ་ནི། །ོཾ་བཻ་ཤྲ་བ་ཎཱ་ཡ་དྷ་ནཾ་པུཥྚིཾ་ཀུ་རུ་སཝཱཧཱ། ཨོཾ་བཻ་ཤྲ་བ་ཎ་བ་ 347a ༄#། །ཤིཾ་ཀུ་རུ་སཝཱཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཤཱནྟིཾ་ཀུ་རུ་སཝཱཧཱ། གཙོ་བོ་ཇི་བཞིན་འཁོར་བཅས་ནི། །རིགས་པའི་རྫས་ཀྱིས་མཆོད་པར་བྱ། །བསྲེག་པའི་རྫས་ནི་བག་ཟན་དང ། །ཡུངས་ཀར་མདར་སོགས་རིམ་པས་མཆོད། །འཕྲིན་ལས་རྣམ་བཞི་ཀུན་འགྲུབ་སྟེ། །བརྩེ་བར་བརྩོན་པས་ཉེ་བར་འགྲུབ། །འབྲིང་དང་ཐ་མས་འབྲིང་དང་ནི། །ཐ་མ་ཉིད་དུ་ཤེས་པར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་རྣམ་ཐོས་ཀྱི་བུ་འཁོར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་རྣམས་ཀྱིས་བཤད་པའི་ལས་འདི་རྣམས་སྒྲུབ་པ་པོ་དེས་དུས་རྒྱུན་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང ། གནོད་སྦྱིན་རྣམས་ལ་དཀར་གསུམ་གྱིས་མཆོད་པར་བྱ། །ཆང་ཀུན་ཏུ་སྦང་བར་བགྱིའོ། །ཤ་རྣམས་ནི་འོས་པ་དང ། ཤིས་པ་དྲང་བར་བྱའོ། །དེ་ལྟར་རྩེ་གཅིག་གིས་བདག་ཅག་སྒྲུབ་པ་དེ་རྣམས་ཀྱི་འཕྲིན་ལས་ཇི་ལྟ་བ་བཞིན་དུ་བདག་ཅག་གིས་མ་བསྒྲུབས་ན། བདག་ཅག་གིས་བཅོམ་ལྡན་འདས་ལ་འཁུས་པར་གྱུར་ཅིང ། བདག་ཅག་གིས་ཆོས་མ་བསྐྱངས་པར་བྱས་པ་ཡིན་ནོ། །དེ་ལ་བདག་གི་བྲོ་ཚིག་ནི། འདི་ཡིན་ནོ། །ོཾ་བཻ་ཤྲ་བ་ཎ་ཨརྠ་ཁ་ཐཾ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་ཐོས་ཀྱི་བུ་ཆེན་པོ་ལེགས་སོ། །ཤིན་ཏུ་རབ་ཏུ་ལེགས་སོ། །མ་འོངས་པའི་གང་ཟག་གི་དོན་དུ་རང་གི་གསང་བ་སྨྲས་ 347b པ་ནི།་དོན་ཆེན་པོ་དང་ལྡན་ནོ། །ངས་ཀྱང་དེ་རྣམས་ཀྱི་དོན་ངེས་པར་འགྲུབ་པར་བྱ་བའི་ཕྱིར་སྔགས་འདི་བཤད་ཀྱི། ཉོན་ཅིག་།བཅོམ་ལྡན་འདས་ལ་ལེགས་སོ། །ཞེས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྣམས་ལྟར་ཉན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨོཾ་བཛྲ་པཱ་ཎི་ནཱི་ལཱམྦ་ར་དྷ་ར་བཛྲ་སྥོ་ཊ་ཧཱུཾ་ཕཊ་སཝཱཧཱ། རིག་པ་འདི་ནི། ལས་ཐམས་ཅད་དབང་དུ་སྡུད་པའི་སྔགས་སོ། །རྣམ་ཐོས་ཀྱི་བུ་ཆེན་པོས་ཇི་ལྟར་ཁས་བླངས་པ་ལྟར་གསང་བ་དང་ལྡན་པར་བྱེད་པའོ། །དེ་བཞིན་གྱུར་ཞེས་སྨྲས་ནས་གནོད་སྦྱིན་མི་སྣང་བར་གྱུར་ཏོ། །རྡོ་རྗེ་ས་འོག་གི་རྒྱུད་ལས། རྣམ་ཐོས་སྲས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་གདུག་པ་ཅན་ལ་སྣུན་པའི་འཁོར་ལོ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་ཐུགས་ཀྱིས་གནང་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ཀུན་ཏུ་ཁྱབ་པར་སྤྲོས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་མཛད་ནས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ངས་བགེགས་ལ་སྣུན་པའི་འཁོར་ལོ་བཤད་ཀྱི། ཁྱོད་རྩེ་གཅིག་ཏུ་ཉོན་ཅིག་།དེ་ལྟར་འཚལ་ཞེས་ལྟར་ཉན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་འཁྲུལ་འཁོར་བྱེད་ 348a ༄#། །འདོད་པས། །ཉམས་དགའ་དབེན་པའི་གནས་དག་ཏུ། །ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱ། །སྣོད་བཅུད་རྡོ་རྗེ་གཏུམ་པོར་སྒོམ། །རླུང་ལས་རི་རབ་མཐར་ཐུག་པ། ། རྡུལ་སྙེད་གྲངས་ཀྱི་སྐུ་རུ་བསམ། །དབུས་ན་ཕྱག་རྡོར་རྣལ་འབྱོར་བསྒོམ། །རི་བོང་འཛིན་པ་ཞབས་ཀྱིས་བརྡབས། །སྟོང་གསུམ་ཚད་ཀྱི་ཟླ་བ་ལ། །བགེགས་ཆེན་ཀུན་ཏུ་འདར་བར་བསྒོམ། །སྐུ་ལ་ཉི་མ་སྟོང་ལྡན་པའི། །གཟི་བརྗིད་བཟོད་དཀའི་འོད་ཟེར་གྱིས། །བགེགས་རྣམས་མ་ལུས་འཚིག་པར་བསྒོམ། །ལྗགས་ལས་བཟླས་པའི་སྔགས་ཕྲེང་གིས། །སྟོང་གསུམ་གང་བར་རབ་ཏུ་བསྒོམ། །རྒྱན་དུ་བྱས་པའི་ཀླུ་བརྒྱད་ཀྱིས། །ཁ་བླངས་ཆེན་པོ་བཏང་བ་ལས། །ལྷ་ཀླུ་ཐམས་ཅད་སྐྲག་པར་འགྱུར། །ཐུགས་ལས་ཁྲོ་སྤྲོས་དེ་དག་གིས། །བསྐལ་པའི་རླུང་ལྟར་འཐོར་བར་འགྱུར། །ཕྱག་གིས་རྡོ་རྗེ་རབ་བསྣུན་པས། །སྒྱོགས་གཟེར་བཞིན་དུ་བསྣུན་པར་འགྱུར། །ཧཱུཾ་ཧཱུཾ་འབྲུག་ལྟར་རབ་ཏུ་སྒྲོག་།སྐད་ཀྱིས་ཀུན་ཏུ་བཀུག་པར་བསམ། །དེ་ལྟར་བྱས་གྱུར་ཐམས་ཅད་འགྲུབ། །ལས་ཀྱིས་མནར་བ་འཇིག་པར་འགྱུར། །ཕྱག་ན་རྡོ་རྗེ་མི་ཤེས་པར། །གང་ཞིག་གཞན་དུ་སྐལ་དམན་པར། ། འདི་ལ་གང་འགྲུབ་ཐམས་ཅད་འགྲུབ། །མཆོག་དང་ཐུན་མོང་བྱེ་བྲག་གོ་།རྡོ་རྗེ་ས་འོག་གི་རྒྱུད་ལས་བསྣུན་པའི་འཁོར་ལོ་སྟེ་ལེའུ་བཞི་པའོ།། །།དེ་ནས་གཞན་ཡང་འཁྲུལ་ 348b འཁོར་གྱི། །ཆོ་ག་རྡོ་རྗེ་འཛིན་པས་གསུངས། །གྲོ་གའམ་ཤིང་ཤུན་དག་ལ་ནི། །རེ་མིག་ཉི་ཤུ་རྩ་གཅིག་པའི། །འཁོར་ལོ་དག་ནི་རབ་བྲིས་ཏེ། །ཟླ་བ་ཡར་གྱི་ངོ་ལ་བརྩམ། །རྩེ་གཅིག་སེམས་ཀྱིས་རབ་ཏུ་བྲི། །དབུས་སུ་དྲག་པོའི་ཡི་གེ་དགོད། །གཉིས་པར་ནོར་འཛིན་ཡི་གེ་སྟེ། །གསུམ་པར་བཛྲ་ཞེས་པ་དང ། །བཞི་པ་ཆུ་ཡིག་དང་པོ་དགོད། །ལྔ་པར་ནི་ནི་རབ་ཏུ་དགོད།། མཚམས་བཞིར་བསྒྲུབ་བྱའི་གསོད་སྙིང་བྲི། །དེ་ནི་ནང་གི་རེ་མིག་གོ་།ཕྱི་ཡི་རེ་མིག་བཅུ་གཉིས་ལ། །ོཾ་སྤངས་ཡི་གེ་བཅུ་གཉིས་ལ། །དེ་ཡི་གསང་སྔགས་འདི་ཡིན་ཏེ། །ནཱི་ལཱམྤ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ་ཅེས་བྱའོ། །རབ་ཏུ་རྫོགས་པའི་འཁོར་ལོ་སྟེ། །བསྒྲུབ་བྱའི་སྙིང་གར་དྲིལ་ཏེ་གཞུག་།དང་པོ་མཐའ་ནས་དྲིལ་བར་བྱ། །དེ་ནས་སྦྱིན་སྲེག་ཆོ་ག་བྱ། །གལ་ཏེ་མནན་པ་བྱེད་འདོད་པས། །སྔར་བཞིན་འཁྲུལ་འཁོར་རྫོགས་བྱས་ནས། །མཐའ་རུ་མནན་པའི་ཆོ་ག་བྱ། །ཁཾ་ཕོར་གསར་པ་ཁ་སྦྱར་དུ། །བཅུག་ནས་རྡོ་རྗེ་རྒྱ་གྲམ་བྲི། །རྡོ་རྗེ་སྦྱིན་གྱིས་རབ་སྦྱར་ནས། །གཙུག་ལག་ཁང་སོགས་མནན་པར་བྱ། །གལ་ཏེ་རེ་མིག་མི་འདོད་ན། །རྩིབས་བཅུ་གཉིས་པའི་འཁོར་ལོ་ལ། །ཧཱུཾ་ཡིག་དབུས་སུ་རབ་དགོད་དེ། །ལྷག་མ་བཅུ་གཉིས་རྩིབས་ལ་དགོད། །བྲི་བ་རྫོགས་ན་སྙིང་གར་གཞུག་།དགུག་དང་གཞུག་སོགས་བྱས་ལ་བསྲེག་།མི་འདོད་མནན་པའི་ཆོ་ག་བྱ། །མར་གྱི་དུས་ལ་ཤིས་པ་ཡིན། །འཁྲུལ་འཁོར་ཇི་ལྟར་བྲིས་པ་ 349a ༄#། །ལྟར། །གང་འདོད་ལས་ལ་ཐེ་ཚོམ་མེད། །དཔེར་ན་མེ་ལྕེས་རྩ་བསྲེགས་འདྲ། །གང་ཡིན་གནས་པར་མི་འགྱུར་རོ། །བྲི་བའི་འཁྲུལ་འཁོར་གྱི་ཆོ་ག་སྟེ་རྡོ་རྗེ་ས་འོག་གི་རྒྱུད་ལས་བྲི་བའི་འཁྲུལ་འཁོར་གྱི་ཆོ་ག་སྟེ་ལེའུ་ལྔ་པའོ།། །།དེ་ནས་ཡང་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཐམས་ཅད་ཟབ་མོའི་སྤྱོད་ཡུལ་ལགས་པས་སྦྱིན་སྲེག་ལ་སོགས་པས་གྲོལ་བར་ཅད་འགྱུར་ལགས་སམ། བདག་གི་ཐེ་ཚོམ་བསལ་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་སྙིང་རྗེ་ཆེ། །དད་པའི་ཤུགས་ཀྱིས་རབ་ཉམས་ཏེ། །དཀྱིལ་འཁོར་རྫས་ཀྱིས་སྦྱོར་ལྡན་ཞིང ། །སྦྱིན་སྲེག་ལས་དང་དེ་ཉིད་ཤེས། །སྡོམ་པར་དམ་ཚིག་རྒྱུད་ལྡན་ན། །མཚན་མས་གྲོལ་བར་འགྱུར་བ་སྟེ། །དཀྱིལ་འཁོར་སྦྱིན་སྲེག་རྫས་ལ་སོགས། །མེད་ན་དངོས་གྲུབ་མི་འགྲུབ་པས། །སྦྱིན་སྲེག་ལས་ནི་འབད་པས་བརྩམ། །འཕྲིན་ལས་བཞི་ཡི་སྦྱིན་སྲེག་ལས། །དྲག་པོའི་རིམ་པ་བྱ་བ་ནི། །གྲུ་བཞི་པ་ཡི་དཀྱིལ་འཁོར་ལ། །དབུས་སུ་ཟུར་གསུམ་ཁྲུ་རེ་ཚད། །ཟབས་སུ་ཁྲུ་ཕྱེད་བརྐོ་བར་བྱ། །ཕྱི་རོལ་རིམ་པ་གསུམ་ལྡན་པ། །དབུས་སུ་རྡོ་རྗེའི་མཚན་མ་བྲི། །རིམ་པ་གསུམ་ལ་རྡོ་རྗེ་ཡི། །རྩེ་གསུམ་ཕྲེང་གིས་བསྐོར་བ་བྲི། །མཚམས་སུ་ལྕགས་ཀྱུ་བྲི་བར་བྱ། །ཚེར་མ་ཅན་གྱིས་ཤིང་བུ་ནི། །ཁྲུ་གང་ཚད་ཀྱིས་རབ་ 349b ཏུ་ཤིས། །དུག་དང་ཁྲག་དང་སྐེ་ཚེ་སོགས། །རྫས་ནི་རིམ་པར་ཤེས་པར་བྱ། །བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ། །འཇིག་རྟེན་གསུམ་འདུལ་གཟུགས་སུ་བསམ། །མཆོད་པའི་རིམ་པ་རབ་ཏུ་དབུལ། །དེ་ལ་སྦྱིན་སྲེག་གི་སྔགས་གསུངས་པ་འདི་ཡིན་ཏེ། ཨོཾ་ནཱི་ལཱམྦ་ར་དྷ་ར། ཨོཾ་བཛྲ་ཛྭ་ལ་ཨ་ནཱ་ལ་ཧ་ན་ས་རྦ་དུ་ཥྚ་ན་སརྦ་བྷ་སྨི་ཀུ་རུ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པས་རྫས་རྣམས་བསྲེག་གོ་།དུག་ཁྲག་སྐེ་ཚེ་ལན་ཚཝ་ལས། །གཟུགས་བྱས་རབ་ཏུ་བསྒྲུབས་ཏེ་བསྲེག་།ོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་ཁཱ་ད་ཡ་ཁཱ་ད་ཡ་བནྡྷ་ཡ་བནྡྷ་ཡ་མོ་ཧ་ཡ་མོ་ཧ་ཡ་ཤ་ཏྲཱུཾ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། གཟུགས་ལ་བྲབ་པའི་སྔགས་སོ། །ོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཤ་ཏྲཱུཾ་གྲྀཧྞ་ཨཱ་ཀཪྵ་ཡ་ཧཱུཾ་ཛ་ཛཿ ་འགྲོ་བ་དགུག་པའི་སྔགས་སོ། །དེ་ལྟར་སྦྱིན་སྲེག་རབ་བྱས་ནས། །ཆུ་བོ་བསྐམས་དང་ཀླུ་ཤིང་བཅད། །གླང་ཆེན་གཡང་ལྷུང་མེ་ཆེན་འབར། །ནད་དང་ཡམས་སོགས་བྱུང་བའི་ཚེ། །ཞི་བ་མཆོག་གི་ལས་བསྒྲུབས་ཏེ། །ཐབ་ཁུང་ཟླུམ་པོ་རབ་དཀར་བ། །རིམ་པ་གསུམ་ལྡན་ཁྲུ་གང་ཚད། །ཟབས་སུ་ཁྲུ་ཕྱེད་བརྐོས་བྱས་ནས། །ཞི་བའི་ལས་ཀྱི་ཆོ་ག་བྱ། །དེ་ལྟར་བྱས་ན་མཚན་མ་ཡི། །དངོས་གྲུབ་ཐོབ་པང་\?\་ཐེ་ཚོམ་མེད། །ལག་ན་རྡོ་རྗེ་རྡོ་རྗེ་འཛིན། །གུས་པས་རྒྱུད་དོན་རབ་ཏུ་ཟུངས། །འགྲོ་བའི་དོན་ལ་རབ་བརྩོན་གྱིས། །ཀྱེ་མ་རྒྱུད་ཆེན་མཆོག་ཏུ་གསང ། །བྱིན་རླབས་སྔོན་དུ་ཆེར་འབྱུང་ 350a ༄#། །བ། །སྟོན་པ་རྡོ་རྗེ་འཆང་གིས་གསུངས། །རབ་ཏུ་འབད་པས་སྒྲུབ་པར་གྱིས། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། སྦྱིན་སྲེག་གི་རིམ་པ་སྟེ་ལེའུ་དྲུག་པའོ།། །། དེ་ནས་སྟོན་པ་རྡོ་རྗེ་འཆང ། །དཔལ་ཆེན་གདན་ལ་རབ་བཞེངས་ནས། །ལག་ན་རྡོ་རྗེ་ལ་གཟིགས་ནས། །ལས་ཀྱི་ཆོ་ག་བཤད་པར་བྱ། །དུག་ལ་སོགས་པའི་རྫས་རྣམས་ལ། །གང་འདོད་པ་ཡི་གཟུགས་བྱས་ཏེ། །སྙིང་གར་འཁྲུལ་འཁོར་རབ་ཏུ་གཞུག་།བདག་ཉིད་ལས་ཀྱི་ལྷར་གསལ་བར། །ག་འུ་ནང་དུ་རབ་བཅུག་སྟེ། །ཚོན་གྱི་ཐ་གུ་སྣ་ལྔ་དཀྲི་།སྙིང་གའི་ལྕགས་ཀྱུ་རབ་བཀུག་ནས། །ཡི་གེ་བཅུ་གསུམ་འཁྲུལ་འཁོར་བཟླས། །འགུལ་གཡོ་ཡི་ནི་རྟགས་བྱུང་ནས། །ཆུ་ཆེན་གཞུང་ལ་གཏང་བར་བྱ། །གལ་ཏེ་རྟགས་དེ་མ་བྱུང་ན། །དྷ་དུ་ར་ཡི་ཁུ་བ་དང ། །ཁྲག་དང་དུག་བསྲེས་རབ་བྱུགས་ཏེ། །ཚེར་མ་ཅན་གྱི་ཤིང་མེས་བསྲེག་།ོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་སྟམྦྷ་ཡ་མོ་ཧ་ཡ་བནྡྷ་ཡ་ད་ཧ་ནཱ་ཡ་ཧཱུཾ་ཧཱུཾ་ཕཊ། དུས་གསུམ་དག་ཏུ་བདུགས་བྱས་ན། །སྐད་ངན་སྣ་ཚོགས་འདོན་པར་བྱེད། །དེ་ནས་སྔགས་འདི་ཆུ་ལ་དོར། །ོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཚོན་གྱིས་དྲིལ་ནས་རབ་ཏུ་བོར། །བསམ་པས་བ་ཚཝའི་རྒྱ་མཚོར་བསྒྱུར། །དེ་ནས་མི་ལྡོག་བྱ་བའི་ཕྱིར། །སྔགས་འདི་རྒྱུན་དུ་བཟླ་བར་བྱ། །ོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་སྟམྦྷ་ཡ་ནན་ཕཊ་ཅེས་རྒྱུན་དུ་བཟླ་བར་བྱའོ། །དེ་ནས་ལས་ 350b དེ་ངེས་པར་འགྲུབ་བོ། །རྡོ་རྗེ་ས་འོག་གི་རྒྱུད་ལས། བསྐྲད་པའི་འཁོར་ལོའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་རྣམས་ཀྱི་དོན་དུ་སྔགས་ཀྱི་ལེའུ་འདི་གསུངས་སོ། །ོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ལས་ཐམས་ཅད་སྒྲུབ་པའོ། །འདི་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བའོ། །འདིས་ནི། མ་བསྒྲུབས་པར་ཡང་ལས་ཐམས་ཅད་འགྲུབ་སྟེ། ཕྱག་རྒྱ་ཐམས་ཅད་འཆིང་བ་སྒྲུབ་པ་ལ་ནི། རྡོ་རྗེ་ཁུ་ཚུར་གྱིས་སོ། །དམ་ཚིག་ཐམས་ཅད་སྒྲུབ་པ་ལ་ནི། རྡོ་རྗེ་རབ་ཏུ་གདེངས་པས་སོ། །སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི། རྡོ་རྗེ་བཞད་པས་སོ། །ཐམས་ཅད་ལྐུགས་པར་བྱ་བ་ལ་ནི། རྡོ་རྗེ་ཧཱུཾ་སྒྲས་སོ། །ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི། རྡོ་རྗེ་ཀུ་མུ་དས་བྱའོ། །ཀླུ་ཐམས་ཅད་འདུལ་བལ་ནི། རྨ་བྱའི་མཇུག་སྒྲོས་བྱའོ། །དགྲ་ཐམས་ཅད་བསད་པ་ལ་ནི། འཁྲུལ་འཁོར་གྱིས་སོ། །ནོར་སྒྲུབ་པར་འདོད་ན་ཛམྦྷ་ལའི་ཆུ་སྦྱིན་གྱིས་བྱའོ། །བགེགས་འཕང་བར་འདོད་ན་ཏིང་ངེ་འཛིན་གྱིས་བྱའོ། །ཐམས་ཅད་འགུགས་པ་ལ་ནི། རྡོ་རྗེ་ལྕགས་ཀྱུས་བྱའོ། །རིམས་སྲུང་བ་ལ་ནི། རྩཝ་ཀུ་ཤའི་འབྲུམ་བུས་བྱའོ། ། ཀླུ་སྒྲུབ་པར་འདོད་ན་ཚར་བུའི་ལྕུག་མ་དང ། བདུད་རྩིའི་ཆུས་བྱའོ། །ཕ་རོལ་གྱི་དཔུང་འཇོམས་པར་འདོད་ན་གུ་གུལ་གྱིས་བྱའོ། །ལས་རྣམས་ལ་སྔགས་འབུམ་གྱིས་བྱའོ། །རྡོ་རྗེ་ས་ 351a ༄#། །འོག་གི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཟླས་པ་ཡི། །ངེས་པ་འདིར་ནི་བཤད་པར་བྱ། །གང་ཞིག་དངོས་གྲུབ་འགྲུབ་འདོད་པས། །དམ་ཚིག་སྡོམ་དང་རབ་ལྡན་པས། །བདག་ཉིད་ལས་ཀྱི་ལྷར་བསྒོམས་ཏེ། །ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ། །ཛཿ ཧཱུཾ་བཾ་ཧོཿ ་དགུག་སོགས་བྱ། །རང་སྙིང་ཟླ་བར་སྔགས་ཀྱི་ཕྲེང ། །དངུལ་སྦྲམ་ལྟ་བུར་རབ་བསམས་ཏེ། །མྱུར་དལ་གསལ་དང་མི་གསལ་སྤང ། །ཡིད་ཀྱིས་བསྒྲིམས་པའི་བཟླས་པ་བྱ། །མཆོད་པ་རྣམ་པ་ལྔས་ཀྱང་མཆོད། །རབ་ཏུ་བསྒྲིམས་པའི་བཟླས་པ་འདིས། །གང་འདོད་དངོས་གྲུབ་ངེས་པར་འགྲུབ། །ོཾ་ཨཱཿ ཧཱུཾ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་སོ། །ོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་མཱཾ། དབང་བསྐུར་བའི་སྔགས་སོ། །ོཾ་བཛྲ་པཱ་ཎི་ཏི་ཥྛ་ཧཱུཾ། ཐུགས་བརྟན་པའི་སྔགས་སོ། །སྐུ་དང་ཐུགས་ཀྱི་གསང་བ་དང ། །གསུང་གི་གསང་བམ་ལུས་པས། །མྱུར་དུ་བྱང་ཆུབ་ལ་རེག་འགྱུར། །གང་ཚེ་སྒྲུབ་ལ་བརྩོན་ལྡན་པ། །ཚེ་གཅིག་འབྲས་བུ་མྱུར་ཐོབ་འགྱུར། །གཉིས་མེད་རང་བཞིན་རྡོ་རྗེ་ཅན། །མཁའ་དབྱིངས་རྡོ་རྗེ་ཀུན་ཏུ་ཁྱབ། །བརྗོད་མེད་རྟོག་བྲལ་དེ་ཉིད་དོན། །ལྷུན་གྲུབ་ངང་ལ་རབ་ཏུ་གཞག། ཧཱུཾ་དང་ཨཱཿ ་ཡི་རྣམ་པ་ཅན། །ཇི་ལྟར་ཆུ་ཡི་ཟླ་བ་བཞིན། །མ་ཡེངས་སེམས་ཀྱིས་རྒྱུན་དུ་བསྒོམ། །ེ་མའོ་མགོན་པོ་བཅོམ་ལྡན་འདས། །མཆོག་ལས་མཆོག་ཏུ་རྣམ་པར་རྒྱལ། །ེ་མའོ་ 351b སྤྲུལ་པའི་རྣམ་པ་སྐུ། །སྒྲ་ལ་རབ་ཏུ་དམིགས་པ་མེད། །དགེ་ཆེན་ཀུན་གྱི་སྤྱོད་ཡུལ་ཡིན། །རང་གསལ་ཉིད་ལ་རྣམ་པར་དག་།མཆོག་གི་བྱང་ཆུབ་ཚུལ་དུ་གནས། །རྡོ་རྗེ་ས་འོག་གི་རྒྱུད་ལས།་ངེས་པ་དང་རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཆང ། །འགྲོ་བའི་མགོན་ལ་རབ་གཟིགས་ཏེ། །སྲུང་བའི་ཆོ་ག་རབ་ཏུ་གསུངས། །ལག་ན་རྡོ་རྗེ་རབ་ཏུ་ཉོན། །འགྲོ་བ་གདུག་པས་ཟིན་གྱུར་པ། །ཟངས་མ་དག་ལ་དུད་འགྲོའི་གཟུགས། །ལེགས་པ་དག་ཏུ་རབ་བྱས་ཏེ། །ཁོང་པ་དངུལ་ལ་སོགས་པས་དགང ། །གང་ནས་འདོད་པའི་ས་ཕྱོགས་སམ། །རང་ལུས་དག་ལ་ལེགས་སྦས་ནས། །སྲུང་བ་དམ་པར་འགྱུར་བ་འོ། །བདེ་གཤེགས་སྐུ་གདུང་རིང་བསྲེལ་ཅན། །རབ་ཏུ་གནས་པ་ལེགས་བྱས་ཏེ། །གང་གནོད་སར་ནི་རབ་སྦས་ན། །བདེན་སྟོབས་བརྗོད་པས་ཞི་བར་འགྱུར། །བྱ་ལ་སོགས་པའི་བྱོལ་སོང་ཚོགས། །ཡིད་འོང་མཛེས་པའི་དུད་འགྲོ་ལ། །སངས་རྒྱས་གངྒཱའི་བྱེ་ཚོགས་ཀྱིས། །གསུངས་པའི་གཟུངས་སྔགས་དག་གིས་ནི། །སྐུད་པ་སྔོན་པོ་དག་དང་ནི། །དར་ལ་བརྒྱ་རྩ་བརྒྱད་བསྔགས་ཏེ། །བདེན་པ་བདར་\?\་ལ་རབ་ཏུ་བསྔོས། །གཏོར་མ་བཏང་ན་ཞི་བར་འགྱུར། །ཁམ་ཕོར་ལ་སོགས་སྣོད་གཙང་མར། །སྨན་དང་དར་སོགས་རབ་བཅུག་སྟེ། །མེ་ཏོག་སྐུད་སོགས་མཆོད་བྱས་ཏེ། །ས་ལ་སྦས་ལ་གནོད་པ་རྣམས། །ཞི་བ་དག་ཏུ་འགྱུར་བ་ཡིན། །སྐུད་པ་དཀར་ 352a ༄#། །པོ་སུམ་སྒྲིལ་ལ། །མདུད་པ་ཉི་ཤུ་རྩ་གཅིག་བྱ། །སྒྲུབ་དང་བསྒྲུབ་པའི་མཆོད་པ་བྱ། །རྒྱལ་ལ་རབ་ཏུ་མགུལ་དུ་བཏགས། །བར་ཆོད་བཟློག་པར་འགྱུར་བར་ངེས། །ཡུངས་ཀར་མར་དང་མུ་ཟི་རྣམས། །ཆ་སྙོམས་ལུས་ལ་རབ་བྱུགས་ན། །གདུག་པས་ཟིན་ལས་ཐར་བར་འགྱུར། །བ་གུ་ན་དའི་མེ་ཏོག་དང ། །འདའ་ཧུ་ན་དའི་འབྲས་བུ་ལ། ། སྨིན་དྲུག་དུས་སུ་རབ་བསྒྲུབས་ན། །གདུག་པ་ཕྱོགས་སུ་མི་གནས་སོ། །སྟག་དང་དྲེད་དང་འཇའ་ཐར་གྱི། །སྤུས་ནི་གདུག་པ་ལས་གྲོལ་འགྱུར། །འབབ་ཆུ་རྒྱ་མཚོ་ལ་སོགས་པ། ། ལུས་སྲུང་བྱ་བ་མཐར་ཕྱིན་པར། །བྱས་ན་མཆོག་ཏུ་སྲུང་བར་འགྱུར། །རྡོ་རྗེ་འཆང་བ་ཁྱོད་ཀྱིས་ཟུངས། །མཐར་ཕྱིན་ཟླ་བ་སྤྲིན་གཟའ་ལས། །གྲོལ་བ་ལྟ་བུར་འགྱུར་བ་ཡིན། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། སྲུང་བའི་ལེའུ་སྟེ་བཅུ་པའོ།། །།ལག་ན་རྡོ་རྗེས་ལེགས་སྨྲས་པ། །བསྡུ་བ་སྔགས་ཀྱི་ཆོ་ག་ནི། །ཇི་ལྟར་ལེགས་སོ་རྡོ་རྗེ་འཆང ། །ཁྱེད་ལ་རབ་ཏུ་ཉན་པར་འཚལ། །ཉོན་ཅིག་རྡོ་རྗེ་འཆང་བ་ཁྱོད། །སྔགས་བཏུ་ཁྱོད་ལ་བཤད་པར་བྱ། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །པདྨ་འདབ་མ་བརྒྱད་པ་བྲི། །འདོད་དོན་ཐམས་ཅད་རབ་འགྲུབ་པ། །དེར་ནི་གསང་སྔགས་བཏུ་བར་བྱ། །དབུས་སུ་ཡི་གེའི་བདག་པོ་གཞག་།བཞི་པ་ཡི་ནི་ལྔ་པ་ལ། །ཡི་གེ་ཨི་ནི་རབ་ཏུ་སྦྱར། །མཐར་གནས་པ་ཡི་གསུམ་པ་ལ། ། 352b ལྔ་པ་ཡི་ནི་མཐའ་དང་སྦྱར། །དེ་ནས་ལྔ་པའི་བཞི་པ་གཞག་།དེ་ནས་མཐར་གནས་གཉིས་པ་གཞག་།དེ་ནས་བཞི་པའི་བཞི་པ་གཞག་།དེ་ནས་མཐར་གནས་གཉིས་པ་གཞག་།དེ་ནས་ལྔ་པའི་གསུམ་པ་དང ། །གཉིས་པ་ཡི་ནི་གསུམ་པ་ལ། །ར་དང་བཅས་པ་གཞག་པར་བྱ། །དེ་ནས་ལྔ་པའི་དང་པོ་ལ། །ཱ་ཡིག་རབ་ཏུ་སྦྱར་བར་བྱ། །དེ་ནས་གསུམ་པའི་ཐ་མ་ལ། །ི་ནི་རབ་ཏུ་སྦྱར་ཏེ་གཞག་།བདུན་པ་ཡི་ནི་བཞི་པ་ལ། །ཡི་གེ་ཨུ་ནི་རབ་ཏུ་སྦྱར། །སྟོང་པས་མནན་པས་ཉིས་འགྱུར་དང ། །ལྔ་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོ་སྦྱར། །ཡི་གེ་བཅུ་གསུམ་རིག་པའི་སྔགས། །བརྩེ་བས་བརྩོན་པར་རབ་བཟླས་ན། །གང་འདོད་དངོས་གྲུབ་ངེས་པར་འགྱུར། །ཀྱེ་མའོ་རྡོ་རྗེ་ཅན་གྱིས་གསུངས། །སྔགས་ཀྱི་རྒྱལ་པོ་བླ་མེད་ལམ། །ཕྱག་ན་རྡོ་རྗེའི་དངོས་གྲུབ་འཐོབ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཆང ། །སྤྱན་མིག་འོད་ཟེར་སྤྲུལ་མཛད་ནས། །སློབ་མ་རབ་ཏུ་སྨིན་བྱའི་ཕྱིར། །དབང་བསྐུར་ཆོ་ག་རབ་ཏུ་བཤད། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །གསང་དང་ལྡན་པ་དབང་ཐོབ་ཅིང ། །དུལ་དང་དྲང་དང་ཤེས་ཉེན་ཆེ། །གཡོ་ཆུད་དང་བཟང་བྱང་སེམས་ཐོབ། །དཀྱིལ་འཁོར་ཆོ་ག་རབ་མཁས་པ། །སློབ་མ་དམ་པ་དབང་བསྐུར་ཕྱིར། །ཡིད་འོང་གཙུག་ལག་ཁང་སོགས་སུ། །བརྟུལ་ཞུགས་སྔོན་དུ་ལེགས་སྤྱད་ནས། །དེ་ནས་ 353a ༄#། །ས་ཡི་ཆོ་ག་བྱ། །བརྟག་དང་སྦྱང་ཞིང་བསླང་བ་དང ། །མཆོད་དང་གསོལ་བ་གདབ་པ་དང ། །རྨི་ལམ་མཚན་མའི་སྒོ་ནས་བརྟག་།ཞི་བའི་ཆོ་གས་སྦྱིན་སྲེག་ནི།། བརྒྱ་རྩ་བརྒྱད་ཀྱི་ཆོ་ག་བྱ། །འབྱུང་པོ་རྣམས་ལ་མཆོད་ཅིང་བསྒོ། །དཀྱིལ་འཁོར་དབུས་སུ་རབ་གནས་ཏེ། །ཧཱུཾ་ལས་རྡོ་རྗེ་ཆེན་པོ་བསྒོམ། །བྲུཾ་ལས་གཞལ་ཡས་ཁང་ཆེན་བསྒོམ།། སྤྱན་གཉིས་ཉི་ཟླའི་འོད་ཟེར་གྱིས། །བགེགས་རྣམས་མ་ལུས་ཚར་གཙོད་དོ། །རྡོ་རྗེ་ཆེན་པོ་གར་འགྲོས་ཀྱིས། །ས་གཞི་ལན་གསུམ་བསྐོར་བར་བྱ། །བ་ཡི་རྣམ་ལྔས་ལེགས་བྱུགས་ཏེ། །ཚོམ་བུ་གཅིག་གིས་ལྷ་དགོད་བྱ། །མཆོད་དང་བསྟོད་དང་སྙན་གསན་དབབ། །བུམ་པ་ལྷག་པར་གནས་པར་བྱ། །སློབ་མ་ཆོ་གས་རབ་སྦྱིན་བྱ། །ཐིག་དང་ཚོན་གྱི་ཆོ་ག་ནི། །ལས་ཀྱི་ཆོ་ག་བཞིན་དུ་བྱ། །གདོང་གཡོགས་དར་ནི་སྔོན་པོ་ཡིས། །སློབ་མ་དག་ནི་གཞུག་པར་བྱ། །སྡོམ་ལྡན་དབང་བསྐུར་ལྔས་བསྐུར་རོ། །བུམ་པ་དང་པོ་རྡོ་རྗེ་དང ། །དྲིལ་བུ་དབུ་རྒྱན་མིང་གི་དབང ། །ལས་ཀྱི་ཆོ་ག་ཇི་བཞིན་ནོ། །ཚེས་བཅུ་བཞི་དང་བཅུ་གསུམ་ལ། །སློབ་མ་ལས་ལ་གཟུད་པར་བྱ། །བྱིན་རླབས་རིམ་པས་འཕོ་བ་དང ། ། འཕྲལ་དུ་ཡིད་ཆེས་བསྐྱེད་པར་བྱ། །རིན་ཆེན་སྙིང་པོ་དྲི་མེད་རྒྱུད། །རྒྱུད་རྣམས་ཀུན་གྱི་རྩ་བ་ནི། །འདིར་དབང་བསྐུར་བ་དམ་པ་ཡིན། །སྨིན་པའི་ལས་ལ་བརྟེན་པ་ཡི། །དབང་ 353b བསྐུར་མཆོག་གི་རྒྱུད་གསུངས་པས། །རབ་གནས་དགེ་བ་སྡོམ་པ་ལྡན། །དམ་པ་ཡོན་གྱིས་མཉེས་པར་བྱ། །གྲོལ་བ་མཐར་ཕྱིན་རབ་ཏུ་གནས། །སློབ་མ་སྨིན་པའི་ཆོ་ག་འོ། །རྡོ་རྗེ་ས་འོག་གི་རྒྱུད་ལས། སློབ་མ་ལ་དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་རྣམས་ཀྱི་དོན་དུ་ཐུགས་ཀྱི་གསང་བ་བཤད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་མི་བཟང་ཁྱོད། །གཞན་དོན་བག་བརྩོན་ལེགས་སོ་ལེགས། །གང་ཞིག་དུས་ཀྱི་སྙིགས་མ་ལ། །གདུལ་དཀའི་སེམས་ཅན་འདུལ་འདོད་པས། །དང་པོ་བྱང་ཆུབ་སེམས་བསྐྱེད་ལ། །ཚོགས་གཉིས་ཀུན་རྫོགས་མཐར་ཕྱིན་པས། །རིན་ཆེན་སྣོད་དུ་པདྨའི་གཏེར། །དབུས་སུ་གསང་བའི་བདག་པོ་ཅན། །འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད། །སྦྲུལ་མགོས་བརྒྱན་པ་དགོད་པར་བྱ།། ཁྲུས་དང་གཙང་སྦྲ་དང་ལྡན་པས། །ལས་ཀྱི་ལྷ་ཡི་རྣལ་འབྱོར་གྱིས། །དང་པོར་སྤྱན་དྲང་རབ་མཆོད་ནས། །བདག་དང་ལྷ་གཉིས་འཕྲོ་འདུར་བཟླས། །ཀླུ་བརྒྱད་ཞི་བར་འགྱུར་སེམས་ཀྱིས།། ཧཱུཾ་དང་ཧཱུཾ་གི་ཐག་པ་ལས། །བསྒྲུབ་བྱ་འོད་ཀྱི་ཕུང་པོར་བྱ། །སྐད་ཅིག་མས་ནི་ཧཱུཾ་དུ་བསླང ། །ོཾ་བཛྲ་ཀྲོ་དྷ་ཨ་ཧི་ཙཎྜ་ཕཊ། ཁྲི་བཟླས་གདོན་ལས་ངེས་གྲོལ་འགྱུར། །ལག་ན་རྡོ་རྗེ་ཁྱོད་ 354a ༄#། །ཀྱིས་ནི། །ཐུགས་ཀྱི་འཕྲོ་འདུ་གསང་བ་ཡིན། །བསྒྲུབ་བྱའི་ལུས་ནི་ཚོན་གྱིས་དཀྲི། ཧཱུཾ་ཆེན་ཕྲེང་བའི་འཕྲོ་འདུས་བཅད། །རྫས་ཆེན་རྣམས་ལ་རབ་བརྟགས་ནས། །ངེས་པར་གདོན་ལས་གྲོལ་བར་འགྱུར། །གལ་ཏེ་དེས་ཀྱང་མ་གྲུབ་ན། །སྔགས་ཀྱི་ཕྲེང་བ་ལྡོག་སྟེ་བཟླས། །རྡོ་རྗེ་ཕྲེང་བས་རབ་བཅད་ན། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །འོག་གི་བགེགས་ཟློག་ཆོ་ག་མཆོག་།ཡིད་བཞིན་ནོར་ལྟར་འབྱུང་བ་ཡིན། །ཐེག་པ་གསུམ་ལས་ངེས་རྒྱལ་བའི། །རྒྱུད་ཆེན་གསང་བ་མཐར་ཐུག་པ། །སྐྱོབ་པ་ཐུགས་ཀྱི་དམ་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་ལག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་འཁོར་རྣམས་དང ། ལྷའི་ཚོགས་ཐམས་ཅད་ཡི་རང་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། གསང་བ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། ཁ་ཆེའི་པཎྜི་ཏ་ཙེ་ལུ་དང ། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ་རྫོགས་སོ།། |