།།རྒྱ་གར་སྐད་དུ། ཨཱརྱ་གུ་ཧྱ་མ་ཎི་ཏི་ལ་ཀ་ 122b ནཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་གསང་བ་ནོར་བུ་ཐིག་ལེ་ཞེས་བྱ་བའི་མདོ། །བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་ལ་གུས་པར་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་པ་ཁྱད་པར་དུ་འཕགས་པ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ལེགས་པར་ཁོང་དུ་ཆུད་པས་ལས་སྣ་ཚོགས་མཛད་པ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ། ཐུགས་རྗེ་ཆེན་པོ་རྣམ་པར་སྣང་མཛད་རྟག་པ་དུས་གསུམ་གྱི་དམ་ཚིག་ལ་རྣམ་པར་གནས་པའི་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟེན་ཅིང་བསྟོད་པའི་ནོར་བུ་རིན་པོ་ཆེ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པ། ཁ་དོག་རྣམ་པར་བཀྲ་བའི་དྲིལ་བུ་དང་ལྡན་པ། རླུང་གིས་བསྐྱོད་པའི་དར་གྱི་བ་དན་དང ། མེ་ཏོག་གི་ཆུན་པོ་དང ། དྲ་བ་དང ། དྲ་བ་ཕྱེད་པ་དང ། ཟླ་བས་ཉེ་བར་མཛེས་པའི་འོག་མིན་གྱི་ལྷའི་རྒྱལ་པོའི་ཁང་བཟང་ན་ 123a ༄#། །བཞུགས་སོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང ། སྤྱན་རས་གཟིགས་དབང་ཕྱུག་དང ། ནམ་མཁའི་སྙིང་པོ་དང ། རྡོ་རྗེ་ཁུ་ཚུར་དང ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ལྡན་པས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང ། ནམ་མཁའ་མཛོད་དང ། བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང ། གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་གཞལ་དུ་མེད་ཅིང་བགྲང་བ་ལས་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལྟ་སྟེ། དཔེར་ན། ཏིལ་གྱི་གང་བུ་ལྟར་ཛམྦུའི་གླིང་ཡོངས་སུ་གང་བར་མཐོང་ངོ ། །དེ་བཞིན་གཤེགས་པའི་སྐུ་རེ་རེ་ལས་ཀྱང་གཞལ་དུ་མེད་ཅིང་གྲངས་ལས་འདས་པའི་དེ་བཞིན་གཤེགས་པའི་ཞིང་མཐོང་བར་གྱུར་ཅིང་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ན་ཡང་ཆོས་ཀྱི་ཚུལ་འདི་ཉིད་སྟོན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནམ་མཁའི་ཁམས་ཐམས་ཅད་ལ་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་རྟག་ཏུ་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་བགྲོད་པའི་རྡོ་རྗེའི་དབྱིངས་ 123b ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་དཔའ་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་རྡོ་རྗེས་བྱིན་གྱིས་བརླབས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་ནམ་མཁའི་ཁམས་ཐམས་ཅད་ལ་འཕྲོ་བའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་ཡོངས་སུ་མཁྱེན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་གི་རང་བཞིན་དག་པས་ཆོས་ཐམས་ཅད་ངོ་བོ་ཉིད་རྣམ་པར་དག་པ། ནམ་མཁའ་ཐམས་ཅད་ལ་ཁྱབ་པའི་གཟུགས་ཐམས་ཅད་ལེགས་པར་གཟིགས་པའི་ཡེ་ཤེས་ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་འདུལ་བའི་སྤྱོད་པའི་མཆོག་ཏུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པའི་ཡེ་ཤེས་མཛད་པ་དང་ལྡན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་ཐུགས། དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པའི་དམ་ཚིག་།དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལེགས་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ཆེན་པོས་དབང་བསྐུར་བའི་རིན་པོ་ཆེ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རིན་པོ་ཆེའི་ཏོག་དང ། དེ་བཞིན་གཤེགས་པ་ཐམས་ 124a ༄#། །ཅད་ཀྱི་བཞད་གད་ཆེན་པོ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དག་པ་ཆེན་པོའི་ཆོས་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང ། ཡེ་ཤེས་ཆེན་པོ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆེན་པོ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གསུང་ཆེན་པོ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྲུང་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་སྐྱོང་བའི་རྡོ་རྗེ་གནོད་སྦྱིན་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེའི་དགོངས་པ་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་དང་ལྡན་པ་སྟེ། ཀུན་ཏུ་བཟང་པོ་དོན་ཡོད་པ། །འཆི་མེད་རབ་ཏུ་དགའ་བའི་གཙོ། །ནམ་མཁའི་སྙིང་པོ་གཟི་བརྗིད་ཆེ། །རིན་ཆེན་ཏོག་སྟེ་ཆེར་འཛུམ་པ། །སྤྱན་རས་གཟིགས་དང་དབང་ཕྱུག་ཆེན། །འཇམ་དཔལ་ཀུན་གྱི་སྙིང་པོ་དང ། །བརྗོད་བྲལ་སྣ་ཚོགས་པ་ཡི་ལས། །དཔའ་བོ་གཏུམ་པོ་དམ་པོར་འཛིན། །རྡོ་རྗེ་ལྕགས་ཀྱུ་མདའ་ཚིམ་པ། །རིན་ཆེན་ཉི་མ་རྒྱལ་མཚན་འཛུམ། །ཆོས་མཛོད་མཛེས་པའི་འཁོར་ལོ་གསུང ། །ལས་དང་ཆོས་དང་འཇིགས་བྱེད་འཛིན། །ཐོག་མ་ཐ་མ་མེད་ཞི་བ། །མ་རུངས་ཁྲོ་དང་བཟོད་པ་ཆེ། །གནོད་སྦྱིན་སྲིན་པོ་དམ་པ་བརྟན། །གཟི་ཆེན་དཔའ་བོ་ཁྱབ་བདག་ 124b ཆེ། །ུ་མའི་བདག་པོ་སྐྱེ་རྒུའི་མགོན། །འཇུག་སྲེད་རྒྱལ་འདོད་ཐུབ་པ་ཆེ། །འཇིག་རྟེན་སྐྱོང་དང་མཁའ་དང་ས། །འཇིག་རྟེན་གསུམ་དང་ཁམས་གསུམ་པ། །འབྱུང་ཆེན་སེམས་ཅན་དོན་རབ་མཛད། །ཐམས་ཅད་སེམས་ཅན་ཕ་ཆེན་པོ། །འཁོར་བ་མྱ་ངན་འདས་དང་བརྟག། ཡང་དག་མཚོ་དང་མཆོད་ཆེན་པོ། །སངས་རྒྱས་དག་པ་ཐེག་པ་ཆེ། །སྲིད་པ་གསུམ་པོའང་དེ་བཞིན་ནོ། །དེ་དག་ལ་སོགས་པའི་ཡོན་ཏན་བྱེ་བ་བརྒྱ་སྟོང་དུ་མ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་དཀྱིལ་འཁོར་ཆེན་པོ་དེ་ལ་བཞུགས་ནས་ཆོས་སྟོན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ་འཁོད་ནས་ཐོག་མ་དང་ཐ་མ་མེད་པའི་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། མཆོག་ཏུ་གསང་བ་ཆེན་པོའི་ཐིག་ལེ་ཞེས་བགྱི་བའི་ཏིང་ངེ་འཛིན་གྱི་ཁྱད་པར་བཀའ་སྩལ་དུ་གསོལ། གང་གིས་སེམས་ཅན་རྣམས་ལ་གསང་བའི་དེ་ཁོ་ན་ཉིད་དམ་ཚིག་དེ་བདག་གིས་བཤད་པར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་པ། 125a ༄#། །ལག་ན་རྡོ་རྗེ། གསང་བའི་དམ་པ་གང་གིས་སེམས་ཅན་ཐམས་ཅད་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་དེ་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་གང་གིས་བདག་གསང་བའི་བདག་པོར་འགྱུར་བ་བཀའ་སྩལ་དུ་གསོལ། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གྱི་ཐུགས་ཀར་ཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མི་ཕྱེད་པར་མཛད་དེ།་དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་དང་མི་ཕྱེད་པར་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་ལ་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་པ། ཨེ་མའོ་བདག་ནི་ཐབས་ཆེན་པོ། །རབ་ཏུ་གསང་བ་ཐིག་ལེ་ཡི། །ཏིང་འཛིན་གང་ཕྱིར་གྲུབ་པ་ཡང ། །གསང་བ་ཉིད་ནི་ཞུ་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཐོན་ནས་ཕྱག་ཏུ་འཁོད་པར་གྱུར་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རབ་ཏུ་གསང་ 125b བའི་ཐིག་ལེ་ཞེས་བགྱི་བ་ཅི་ལགས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། རབ་ཏུ་གསང་བའི་ཐིག་ལེ་འདི་ནི། མཆོག་ཏུ་གསང་བའོ། །ཆེས་ཤིན་ཏུ་གསང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་སྦྱིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང ། ཡིད་བདེ་བ་རྗེས་སུ་རིག་པའི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བྱོན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་མོ། །འདི་ནི། གསང་བའི་མཛོད་དོ། །འདི་ཉིད་པདྨའོ། །འདི་ཉིད་རྡོ་རྗེའོ། །འདི་ཉིད་དམ་ཚིག་སྟེ། དེ་ཉིད་ཀྱིས་ན་ལག་ན་རྡོ་རྗེ། དམ་ཚིག་མི་ཤེས་པའི་མདུན་དུ་སྨྲ་བར་མི་བྱའོ། །དེའི་ཕྱིར་ལག་ན་རྡོ་རྗེས་ངས་འགའ་ཡང་མ་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་ཕྱིར་གང་འགའ་ཞིག་ལ་སྨྲ་བར་བགྱི།་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་ 126a ༄#། །རིན་ཆེན་ཁྱོད་ལེགས་སོ། །ལེགས་སོ་རྡོ་རྗེ་ཆོས་ཁྱོད་ཀྱིས། །རྡོ་རྗེ་ལས་ཁྱོད་རབ་ལེགས་སོ། །མདོ་སྡེ་འདི་ནི་ལེགས་བཤད་པ། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང ། །ཐེག་པ་ཆེན་པོ་མདོར་བསྡུས་པ། །དག་པས་རྣམ་པར་བསྒྲུབས་ཙམ་གྱིས། །བདེ་བླག་ཏུ་ནི་སངས་རྒྱས་ཐོབ། །བདེ་བ་ཟད་མེད་མི་ཟད་པ། །སྐྱེ་བ་འདི་ལ་འགྲུབ་པར་བྱེད། །ཅེས་སོ། །ལག་ན་རྡོ་རྗེ། དེས་ན་ཤིན་ཏུ་གསང་བའི་ཐིག་ལེ་ལས་ཀྱང་མཆོག་ཏུ་གསང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ་འདི་ལེགས་བར་སྦ་བར་བྱ། སེམས་ཅན་གང་ཁ་ཅིག་ཉེ་བར་སྐྲག་པ་དང་བཅས་པ་ཡོད་ལ། གང་ཁ་ཅིག་དང་པ་དང་ལྡན་པས་ཐེག་པ་ཆེན་པོ་གླང་པོ་ཆེའི་ཕྲག་ཏུ་ཞོན་པ་དག་ཡོད་དོ། ། དེ་དག་ལས་དང་པོ་ལ་ནི། གསང་སྔགས་དང་ཕྱག་རྒྱ་དང་གསང་བ་ཐམས་ཅད་བཤད་པར་མི་བྱ་ཞིང་གསང་བ་ཐམས་ཅད་བསྟན་པར་མི་བྱའོ། །དད་པ་ཅན་དཀྱིལ་འཁོར་ཆེན་པོར་དབང་བསྐུར་པ་ཐོབ་པ་དག་ལ་དེ་དག་ཐམས་ཅད་བཤད་པར་བྱའོ། །ལེགས་པར་གསང་བའི་ཏིང་ངེ་འཛིན་གྱི་ཐིག་ལེ་འདི་ནི། ཆེས་ཤིན་ཏུ་གསང་བ་རབ་ཏུ་གནས་པའི་སློབ་དཔོན་ལ་བཤད་པར་བྱའོ། །གང་ཞིག་རྒྱུད་འདི་བཤད་པ་ཙམ་ན་སེམས་ཅན་དད་པས་རྗེས་སུ་འབྲང་བ་དང ། གང་དག་ཆེས་ཤིན་ཏུ་དགའ་བ་སྐྱེ་བ་དེ་ 126b དག་ནི།་སྔོན་གྱི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པར་ཤེས་པར་བྱའོ། །དེ་དག་ལ་འབད་པས་གདམས་པ་དང་བཅས་པ་བསྟན་པར་བྱའོ། །སེམས་ཅན་གང་ཁ་ཅིག་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དེ་དག་ལ་ལོ་རྒྱུས་ཙམ་ཡང་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་ཅིའི་ཕྱིར་དེ་དག་ལ་ལོ་རྒྱུས་ཙམ་ཡང་མི་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཉོན་ཅིག་།སེམས་ཅན་དེ་དག་གིས་ལྷའི་རིས་མ་མཐོང་ཞིང་དམ་ཚིག་ལ་རབ་ཏུ་སྣོད་པར་བྱེད་པ་དེ་དག་ལ་གལ་ཏེ་སྨྲས་ན། ལོ་རྒྱུས་ཙམ་གྱིས་ཀྱང་དམྱལ་བར་རབ་ཏུ་ལྟུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཀྱང་རྡོ་རྗེ་ཀུན་ནས་འབར་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་འདིས་རིགས་ཐམས་ཅད་སྲེག་པར་བྱེད་དོ། །བཅོམ་ལྡན་འདས། དེ་དག་ནི། ཚུལ་བཞིན་མ་ཡིན་པར་འཆི་བའི་དུས་བགྱིད་པར་བགྱིའོ། །ཞེས་སོ། ། དེས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཉན་ཐོས་ཀྱི་ཐེག་པ་དེ་དག་གི་ནང་དུ་ 127a ༄#། །བཤད་པར་མི་བགྱི་ལགས་ན། དེ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་ཆེས་གསང་བའི་ཐིག་ལེ་ཞེས་བྱ་བ་ཐེག་པ་ཆེན་པོའི་སྙིང་པོ་དཀྱིལ་འཁོར་ཆེན་པོའི་དམ་ཚིག་ཇི་སྲིད་བདེ་བ་དང ། ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་དོན་དུ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་སྤྲོ་བའི་སྦྱོར་བའི་དཔའ་བོའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་གཅིག་ཏུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་དུ་མ་ལ་མཉམ་པར་བཞག་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་དམ་ཚིག་མ་ལུས་ཤིང་ལུས་པ་མེད་པ་སེམས་ཅན་གྱི་ཁམས་ཐམས་ཅད་འགུགས་པ། བདེ་བ་དང་ཡིད་བདེ་བ་བསྐྱེད་པའི་དོན་དུ་ཇི་སྲིད་ཏིང་ངེ་འཛིན་དམ་པ་འགྲུབ་པའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། སོ་སོའི་སྒྲུབ་པའི་ཐབས་རྒྱ་ཆེ་བས་མདོར་བསྡུས་ཏེ། ཆོ་ག་རྒྱས་པར་གྱུར་པ་ནི། ལག་ན་རྡོ་རྗེ། དང་པོ་རེ་ཞིག་སྔགས་པས་ལག་པ་གཉིས་ཨའི་རྣམ་ 127b པ་ལས་ཟླ་བའི་དཀྱིལ་འཁོར་དུ་བསམ་པར་བྱའོ། །འི་རྣམ་པ་དེ་དྲི་མ་མེད་པའི་གཟུགས་ལ་དཀར་བ་བདུད་རྩིའི་རང་བཞིན་ཅན་ཏེ། དེ་ཉིད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལྷོ་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་འཁོད་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསོལ་པ། བཅོམ་ལྡན་འདས། ཅིའི་ཕྱིར་ལག་པ་གཉིས་ཟླ་བའི་དཀྱིལ་འཁོར་དུ་བལྟ་བར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པ་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། འདིར་ལག་པ་གཉིས་ཟླ་བ་ལ་རྡོ་རྗེ་ཕྲ་མོ་ནས་ཀྱི་ཚད་ཙམ་དཀར་པོ་འོད་ཟེར་དང་ལྡན་པ་སྔགས་འདིས་བསྒོམ་པར་བྱ་སྟེ། ཧཱུཾ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་འཚལ་བར་བགྱི། རྡོ་རྗེ་དེས་ཅི་ཞིག་བགྱི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཉོན་ཅིག་།རྡོ་རྗེ་ཐལ་མོ་དམ་དུ་བཅིངས་ནས་གསང་སྔགས་འདིས་རང་གི་སྤྱི་བོར་དགྲོལ་བར་བྱའོ། །ོཾ་སཝ་བྷཱ་བ་ 128a ༄#། །བི་ཤུདྡྷཱཿ སརྦ་དྷརྨཱཿ སཝ་བྷཱ་བ་ཤུདྡྷོཉ་ཧཾ། དེ་ནས་བདག་ཉིད་ཤེལ་དག་པའི་རང་བཞིན་དྲི་མ་མེད་ཅིང་གསལ་བའི་གཟུགས་སུ་སྔགས་པས་བསྒོམ་པར་བྱའོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ།་ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་དག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང ། །དགེ་བའི་ཆོས་ནི་སྡུད་པ་དང ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང ། །དེ་ཉིད་སོ་སོར་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །རིན་ཆེན་རིགས་ཆེན་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བ་འོ། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ 128b ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །དེ་ཉིད་སོ་སོར་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་པས། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་རབ་ཏུ་བསྐྱེད་པ་དང ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང ། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང ། །སེམས་ཅན་མྱ་ངན་འདས་ལ་འགོད། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡོམ་པ་བཟུང་སྟེ་ཕྱག་རྒྱ་ཆེན་པོ་ལ་གནས་ནས་སྔགས་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །འདི་དག་ཐམས་ཅད་ཕྱི་རོལ་དང་ནང་དུ་རྟོག་པས་བརྟག་པ་ལས་གཞན་འགའ་ཡང་མི་གནས་སོ། །ཞེས་དེ་ལྟར་སྙིང་ལ་བཞག་སྟེ་འདི་སྐད་ཅེས། འདུ་བྱེད་ཐམས་ཅད་ནི། མི་རྟག་ཅིང་རང་བཞིན་གྱིས་འོད་གསལ་ལ་གདོད་མ་ནས་མ་སྐྱེས་པ་ཉིད་དོ། །ཞེས་བརྗོད་བར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ་འཁོད་དེ་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ 129a ༄#། །ལྡན་འདས། སེམས་རང་བཞིན་གྱིས་འོད་གསལ་བ་ཇི་ལྟར་བསྒོམ་པར་བགྱི་བ་ཅུང་ཟད་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་སེམས་སོ་སོར་རིག་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། ཁྱོད་ཀྱིས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ནི། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའི་བདག་ཉིད། ནམ་མཁའི་དཀྱིལ་མ་ལུས་པ་ཁྱབ་པའི་འོད་ཀྱི་དཀྱིལ་མཛེས་པ། དཔག་ཚད་བརྒྱ་སྟོང་ལས་ལྷག་པ། ཨ་ལ་སོགས་པའི་རྣམ་པའི་ཡི་གེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ་ཞེས་བྱ་བ་དེ་དག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བདག་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་པས་བདག་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མཐོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱི་གཡོན་གྱི་ཟླ་བའི་དཀྱིལ་འཁོར་ལ་འཁོར་དེ་དོན་ཡོད་གྲུབ་པའི་གཟུགས་སུ་གནས་སོ། །ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་འཁོད་དེ་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་པ། ཨེ་མ་སངས་ 129b རྒྱས་ཐམས་ཅད་ཀྱིས། །ཐོག་མེད་གྲུབ་པའི་དོན་ཡོད་བདག། ཇི་ལྟར་ཟླ་བའི་དཀྱིལ་འཁོར་ཏེ། །བདག་ཉིད་ཟླ་བའི་དཀྱིལ་འཁོར་གནས། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་རྒྱབ་ཀྱི་ཟླ་བའི་དཀྱིལ་འཁོར་ལ་འཁོད་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་གསོལ་བ་བཏབ་པ། ཟླ་བའི་དཀྱིལ་འཁོར་དེ་ཇི་ལྟ་བལྟ་བར་བགྱི།་དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མ་ལུས་ཤིང་ལུས་པ་མེད་པའི་འཇིག་རྟེན་གྱི་ཁམས་རབ་ཏུ་རྒྱས་པའི་ཚད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་ཐུགས་ཀར་ཞུགས་པར་མཛད་དོ། །ཞུགས་ནས་ཀྱང་གཅིག་ཏུ་མི་ཕྱེད་པར་གྱུར་ཏེ། ནམ་མཁའི་ཁམས་ཐམས་ཅད་རབ་ཏུ་རྒྱས་པའི་ཚུལ་དུ་རྣམ་པར་གནས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ། བྱང་ཆུབ་ཀྱི་ཟླ་བ་དེ་བཤད་པར་བྱའོ། །ཟླ་བ་དེའི་སྟེང་དུ་བདག་ཉིད་བྱང་ཆུབ་ཀྱི་ཟླ་བའི་ཚུལ་དུ་བསྒོམ་པར་བྱ་སྟེ། ཤིན་ཏུ་དྲི་མ་མེད་པ་ནམ་མཁའ་དང་མཚུངས་པའི་གཟུགས། རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་མཆོག་།གནས་ངན་ལེན་ཐམས་ཅད་ལས་རྣམ་པར་གྲོལ་བ། བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བའི་དོན་དང ། 130a ༄#། །ཇི་སྲིད་ནམ་མཁའ་དང་མཉམ་པའི་དྲི་མ་མེད་པ་སྔོན་མ་མཐོང་བའི་ཟླ་བ་ལྟ་བུ་ཀ་ལ་སོགས་པའི་གཟུགས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་འཇུག་པ་སྟེ། ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཨ་ལཾ་ཀྵཿ ། ཀ་ལ་སོགས་པའི་ཡི་གེ་འདི་དག་སྐར་མ་ལ་སོགས་པའི་གཟུགས་སུ་ཞུགས་ཏེ་གཅིག་ཏུ་མི་ཕྱེད་པར་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཉིད་དུ་བསམ་པར་བྱའོ། །ལག་ན་རྡོ་རྗེ། ཟླ་བའི་དཀྱིལ་འཁོར་དེ་ལ་ནམ་མཁའི་ཁམས་ཐམས་ཅད་རབ་ཏུ་རྒྱས་པའི་ཚད་ཀྱི་རྡོ་རྗེ་རྩེ་མོ་ལྔ་པ་ཞི་བ་འོད་ཟེར་དང་བཅས་པ་བསྒོམ་པར་བྱའོ། །དེ་ནས་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།་རྡོ་རྗེ་དེ་ཇི་ལྟར་བསྒོམ་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་གཅིག་ཏུ་མཛད་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། རྡོ་རྗེ་དེ་སེམས་དཔའ་རྡོ་རྗེའི་གཟུགས་སུ་བསྒོམ་པར་བྱ་སྟེ། ནམ་མཁའི་ཁམས་ཐམས་ཅད་རབ་ཏུ་རྒྱས་པའི་ཚད་ཀྱི་རྡོ་རྗེ་འབར་བས་རྣམ་ 130b པར་བརྒྱན་པ། རྒྱན་ཐམས་ཅད་ཀྱི་རྣམ་པར་ཀླུབས་པ། ལུས་ཐམས་ཅད་སངས་རྒྱས་ཀྱི་གཟུགས་བརྙན་གྱི་ཚུལ་གྱིས་གང་ཞིང་དང་བ། ལག་པ་གཡོན་པས་དྲིལ་བུ་འཛིན་པ། གཡས་པའི་ལག་པས་རྡོ་རྗེ་སྙིང་གར་བརྟེན་པ། ཞལ་ཅུང་ཟད་བཞད་པར་སྔགས་པས་བསམ་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔགས་ནི། འདི་ཡིན་ཏེ། ཨོཾ་བཛྲ་ཨཱཏྨ་ཀོཉཧཾ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་སེམས་དཔའ་རྡོ་རྗེའི་གཟུགས་དེ་བཞིན་གཤེགས་པའི་སྐུར་སྔགས་པས་སྔགས་འདིས་བསྒོམ་པར་བྱ་སྟེ། ཨོཾ་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏ་སྠཱ་ཨ་ཧཾ། དེ་ནས་སུཾ་གྱི་ཡི་གེ་ལས་སྔགས་པས་རི་རབ་བསམས་ལ་སྟེང་དང་འོག་གི་སྒོར་སུཾ་དགོད་པར་བྱའོ། །དེ་ནས་ཧཱུཾ་གི་ཡི་གེ་ལས་ཁང་པ་བརྩེགས་པ་བསམ་པར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེ་འབར་བ་ཡང་དག་ལྡན། །ཁ་དོག་སྣ་ཚོགས་དག་དང་བཅས། །སྣ་ཚོགས་ཀ་བས་ཉེ་བར་མཛེས། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཟླ་བ་ཕྱེད་པས་སྤུད། །ནོར་བུ་དང་མུ་ཏིག་གི་ཕྲེང་བས་ཉེ་བར་མཛེས་པ། རིན་པོ་ཆེའི་རྒྱན་དུ་མ་དང ། དར་དང ། འཕན་དང ། མེ་ཏོག་གི་ཆུན་པོས་ཉེ་བར་སྤུད་པ། དེ་དག་ལ་སོགས་པའི་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པའི་ཁང་པ་བརྩེགས་པ་སྔགས་པས་བསམ་པར་བྱའོ། །དེ་ནས་བདག་ 131a ༄#། །ཉིད་རྣམ་པར་སྣང་མཛད་དུ་བྱས་ཏེ་སླར་ཡང་བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགས་སུ་གཟུགས་བརྙན་གྱི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བ་རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན་པ་བསྒོམས་ཏེ་དེ་ནས་ཧཱུཾ་གི་ཡི་གེ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའི་ལུས་ཀྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྒོམས་ལ་དེ་ནས་རྡོ་རྗེ་སེམས་དཔའི་ཡི་གེ་བཀོད་དེ་རྡོ་རྗེ་སེམས་དཔའ་དང ། ཡི་གེ་དེ་དག་ཡོངས་སུ་སོན་པ་ལས་རྡོ་རྗེ་རྩེ་མོ་ལྔ་པ་ཞི་ཞིང་དཀར་བར་བསྒོམ་པར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། རྡོ་རྗེ་དེ་ཇི་ལྟར་བསྒོམ་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་པ། རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་སྣ་ཚོགས་རྡོ་རྗེ་འཁུམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་ 131b བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག་།རྡོ་རྗེ་དེ་ཉིད་འོད་ཟེར་དང་བཅས་སྙེམས་པ་དང་བཅས་པའི་རྡོ་རྗེ་སེམས་དཔའི་གཟུགས་ཅུང་ཟད་བཞད་པའི་ཞལ་རས་དང་ཕྱག་གཉིས་རྡོ་རྗེ་གསོར་བར་བྱེད་པ། སངས་རྒྱས་ལྔའི་ཅོད་པན་ཅན། སྟེང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བཞུགས་པ། དཔྲལ་བ་དང་ཉེ་བར་མི་བསྐྱོད་པ། གཡས་སུ་རིན་ཆེན་འབྱུང་ལྡན། རྒྱབ་ཏུ་འོད་དཔག་མེད་པ། གཡོན་པའི་དྲུང་དུ་དོན་ཡོད་གྲུབ་པ་ཅན། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་དེ་ལྟ་བུའི་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྐྱེད་ནས་སླར་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགས་སུ་མཐོང་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ལགས་སོ་ཞེས་གནང་བ། ལེགས་སོ་རྡོ་རྗེ་སེམས་དཔའ་བོ། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །ལེགས་སོ་རྡོ་རྗེ་ཆོས་ཁྱོད་ཀྱིས། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །མདོ་སྡེ་འདི་ནི་ལེགས་བཤད་པ། །རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང ། །ཐེག་པ་ 132a ༄#། །ཆེན་པོ་མངོན་བསྡུས་པའོ། །ཞེས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། ཁྱོད་ལ་ཐམས་ཅད་བཤད་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྦྱར་ནས་བརྐྱངས་ཏེ་སྔགས་འདིས་ལག་ན་རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ། །ོཾ་བཛྲ་ཨཱ་བེ་ཤ་ཨཱ་བེ་ཤ་ཨཿ ། དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ནས་སེམས་དཔའ་རྡོ་རྗེ་བཅིངས་ལ་དམ་ཚིག་བསྒྲག་པར་བྱ་སྟེ། ས་མ་ཡ་སྟྭཾ། དེ་ནས་དམ་ཚིག་བྱིན་ལ་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཤཱ་ཤཝ་ཏོ་མེ་བྷ་ཝ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ། བྷ་ག་ཝཱན་སརྦྦ་ཏཾ་ཐཱ་ག་ཏོ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ་བཛྲ་སཏྭ་ཨཱཿ ། དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་མེ་ཏོག་སྤྱི་བོར་སྔགས་འདིས་གཞག་པར་བྱ་སྟེ། པྲ་ཏཱིཙྪ་བཛྲ་ཧོ། །སྔགས་པས་དེ་མེ་ཏོག་གི་ཕྲེང་བས་བསམ་པར་བྱས་ལ། དེ་ནས་ཕྲེང་བ་དེ་བླངས་ལ་སྔགས་འདིས་སྤྱི་བོར་བཅིང་བར་བྱ་སྟེ། ཨོཾ་པྲ་ཏི་གྲྀཧྣ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། དེ་ནས་ཕྲེང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་བལྟ་བར་བྱའོ། །དེ་ནས་སྔགས་འདིས་ 132b གདོད་དབྱེ་བར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་ཡནྟེ་ཨཱརྱ་ཙཀྵཱུད་གྷ་ཊ་ན་ཏ་ཏ་པ་ར་ཨུ་གྷ་ཊ་ཡ་ཏེ་སརྦྦ་ཙཀྵུ་བཛྲ་ཙཀྵུར་ནུ་ཏཱ་རཾ་ཧེ་བཛྲ་པ་ཤྱ། དེ་ནས་ནམ་མཁའི་དཀྱིལ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་ན། དེ་ནས་གྲུབ་པར་ཤེས་པར་བྱའོ། །གལ་ཏེ་སྣང་བ་ཙམ་མཐོང་ན་ཡང་དེས་དངོས་གྲུབ་ལ་ཉེ་བར་འགྱུར་བ་ཡིན་ནོ། །དེ་ནས་རྡོ་རྗེས་བྱིན་གྱིས་བརླབས་པའི་དྲིའི་ཆུས་སྔགས་པས་བདག་ལ་སྔགས་འདིས་དབང་བསྐུར་བར་བྱ་སྟེ། བཛྲ་ཨ་བྷིཥྙྩི། དེ་ནས་ཕེག་རྡོབ་གསུམ་དང ། སེ་གོལ་གདབ་པར་བྱ་སྟེ། བཛྲ་ཏུ་ཥྱ་ཧོཿ ། དེ་ནས་སྔགས་འདིས་རྡོ་རྗེ་བླང་སྟེ། ཨོཾ་ཨཱརྱ་ཨ་བྷི་ཥེ་ཀ་ཏ་སྟཱཾ། སི་བུདྡྷེ་བཛྲ་ཨ་བྷི་ཥེ་ཀ་ཏ་ཨི་དཾ་ཏེ་སརྦ་བུདྡྷ་སྟྭཾ་གྲྀཧྣ་བཛྲཱཾ་སུ་སིདྡྷ་ཡེ། དེ་ནས་རྡོ་རྗེ་སེམས་དཔའ་རང་ཉིད་དམ། དེ་བཞིན་གཤེགས་པ་སྟོན་པར་མཛད་དོ། །གལ་ཏེ་སློབ་དཔོན་དུ་གྱུར་ན། དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་སྔགས་འདིས་བདག་ཉིད་དབང་བསྐུར་བར་བྱའོ། །ེཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷིཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དེ་ནས་བདག་ལ་ཕྱག་རྒྱ་འདི་དང་སྔགས་འདིས་དབང་བསྐུར་ཏེ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥི་ཀ་ཏ་ཧེ་བཛྲ་ནཱ་མ། སེམས་དཔའ་གང་གི་མིང་དུ་གྱུར་པའི་མིང་དེ་ལ་བརྗོད་པར་བྱའོ། །དེ་ནས་བརྟན་པར་བྱ་བའི་ཕྱིར་བརྗོད་པ་དང ། 133a ༄#། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དབབ་པ་བསྐྱེད་པར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི། བཛྲ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཧོ། །དེ་ནས་བདག་ལ་རྡོ་རྗེ་སེམས་དཔའི་དམ་ཚིག་བརྗོད་པར་བྱ་སྟེ། ཨོཾ་མ་ཧཱ་སཏྭ་ས་མ་ཡ་སྟྭཾ་ཧཾ། དེ་ནས་དེ་ལྟར་བྱིན་གྱིས་བརླབས་ཏེ་སླར་ཡང་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། ཨོཾ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨོཾ་ས་མ་ཡ་སཏྭ་ཧཾ་དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཤཱ་ཤཝ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡེཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །བྷ་ག་ཝཱ་ན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་བཛྲ་སཏྭ་ཨཿ ། དེ་ནས་ཡང་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་ཚུལ་དུ་ལག་པ་གཡོན་པར་དྲིལ་བུ། ལག་པ་གཡས་པར་རྡོ་རྗེ་སྙིང་ཀར་བཞག་ལ་ཐམས་ཅད་སྔོན་གྱི་ཇི་ལྟ་བ་བཞིན་བསྒོམས་ཏེ། སྒོམ་པའི་རིམ་པ་དེས་རྡོ་རྗེ་སེམས་དཔའ་ཉིད་དམ་དེ་བཞིན་གཤེགས་པ་ཉིད་ཐོབ་པར་འགྱུར་རོ། །འདིས་ཏིང་ངེ་འཛིན་ཐམས་ཅད་དང ། དགའ་བ་ཟློས་པ་ཐམས་ཅད་ལ་སྔགས་པས་ཐོག་མ་ཁོ་ནར་འདི་ལྟར་བསྒོམས་ཏེ་བྱའོ། ། 133b གསང་བ་ཆེན་པོ་རྟོག་པའི་རྒྱལ་པོ་རྡོ་རྗེ་ཐིག་ལེ་ལས། སེམས་སོ་སོར་རིག་པ་ལ་སོགས་པ་རྒྱས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཟླ་བའི་དཀྱིལ་འཁོར་དེ་ལ་བཞུགས་ནས་དཔའ་བོའི་ཏིང་ངེ་འཛིན་ལ་ཞུགས་ཏེ་དེ་བཞིན་གཤེགས་པ་དང ། རྡོ་རྗེ་སེམས་དཔའ་དང ། ལག་ན་རྡོ་རྗེ་ལ་སོགས་པ་དེ་དག་ཐམས་ཅད་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་སྟེ། དེ་ནས་དེའི་རྗེས་སུ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཐོག་མ་དང་ཐ་མ་མེད་པ་ལ་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང ། །ཕྱག་ན་རྡོ་རྗེར་ཕྱག་འཚལ་བསྟོད། །རྡོ་རྗེ་རྒྱལ་པོ་བློ་བཟང་མཆོག་།རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག་།རྡོ་རྗེ་འགུགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཆགས་པ་བདེ་བ་ཆེ། །རྡོ་རྗེ་མདའ་སྟེ་དབང་དུ་བྱེད། །འདོད་པ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་གཞུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའ་སེམས་དཔའ་མཆོག་།རྡོ་རྗེ་ཚིམ་པར་ཆེར་དགྱེས་པ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག་།རྡོ་རྗེ་དགྱེས་པར་ཕྱག་འཚལ་བསྟོད། །རྡོ་རྗེ་རིན་ཆེན་དོན་བཟང་མཆོག་ 134a ༄#། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག་།རྡོ་རྗེ་སྙིང་པོར་ཕྱག་འཚལ་བསྟོད། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །རྡོ་རྗེ་སྒྲོན་མར་ཕྱག་འཚལ་བསྟོད། །སེམས་ཅན་དོན་རབ་རྡོ་རྗེ་ཏོག་།རྡོ་རྗེ་རྒྱལ་མཚན་ལེགས་ཚིམ་པ། །རྡོ་རྗེ་ཏོག་སྟེ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་སྐུ་ཁྱོད་ལ། །རྡོ་རྗེ་གད་མོ་གད་རྒྱངས་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགྱེས་རྡོ་རྗེ་མཆོག་།ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ལ། །སེམས་ཅན་དོན་རབ་རྡོ་རྗེ་ཆོས། །རྡོ་རྗེ་པདྨ་ལེགས་དག་པ། །འཇིག་རྟེན་དབང་ཕྱུག་རྡོ་རྗེའི་སྤྱན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོན་པོ་ཐེག་པ་ཆེ། ། རྡོ་རྗེ་མཛོད་དེ་མཚོན་ཆ་ཆེ། །འཇམ་དཔལ་རྡོ་རྗེ་ཟབ་མོ་སྟེ། །རྡོ་རྗེ་བློ་གྲོས་ཁྱོད་ཕྱག་འཚལ། །རྡོ་རྗེ་རྒྱུ་སྟེ་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་སྐྱེས་པ། །ཕྱག་འཚལ་རྡོ་རྗེ་རྒྱན་ཁྱོད་ལ། །རྡོ་རྗེ་སྨྲ་བ་རིགས་བཟང་མཆོག་།རྡོ་རྗེ་བཟླས་པ་ལེགས་གྲུབ་གསོལ། །མི་སྨྲ་རྡོ་རྗེ་དངོས་གྲུབ་མཆོག་།ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེ་མཚན། །ལས་ཀྱི་རྡོ་རྗེ་ཀུན་འགྲོ་མཛེས། །རྡོ་རྗེ་དོན་ཡོད་ཆེར་ཡངས་པ། །སྣ་ཚོགས་རྡོ་རྗེ་ཁྱོད་ཕྱག་འཚལ། །རྡོ་རྗེ་སྲུང་བ་ 134b བརྟན་པ་ཆེ། །རྡོ་རྗེ་ཆོས་ཏེ་ཆེར་སྲ་བ། །འཐབ་དཀའ་ཤིན་ཏུ་དཔའ་བའི་མཆོག་།རྡོ་རྗེ་བརྩོན་འགྲུས་ཁྱོད་ཕྱག་འཚལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་ཆེར་འཇིགས་པ། །བདུད་རབ་འཇོམས་པའི་རྡོ་རྗེ་དྲག་།ཕྱག་འཚལ་རྡོ་རྗེ་གཏུམ་ཁྱོད་ལ། །རྡོ་རྗེ་མཚམས་ཏེ་ལེགས་བསྙེན་པ། །རྡོ་རྗེ་འཆིང་བ་རབ་དགྲོལ་བ། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག་།རྡོ་རྗེ་ཁུ་ཚུར་ཁྱོད་ཕྱག་འཚལ། །ཁྱོད་ཀྱི་མཚན་བརྒྱ་རྩ་བརྒྱད་པ། །དགེ་བ་འདི་ནི་གང་འཛིན་པ། །རྡོ་རྗེ་མིང་གི་དབང་ལ་སོགས། །ཀུན་གྱི་དམ་པས་དབང་བསྐུར་བའོ། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །མཚན་འདི་རྣམས་ཀྱིས་ཡོན་ཏན་ཚོགས། །རྟག་ཏུ་དབྱངས་ཀྱིས་བསྟོད་བྱེད་ན། །དེ་ཡང་རྡོ་རྗེ་འཛིན་པ་མཚུངས། །མཚན་བརྒྱ་རྩ་བརྒྱད་འདི་དག་གིས། །བདག་ཅག་རྣམས་ཀྱིས་མངོན་བསྟོད་པའི། །ཐེག་པ་ཆེན་པོ་མངོན་རྟོགས་པའི། །ཚུལ་ཆེན་པོ་ནི་རྣམ་པར་སྤྲོས། །མགོན་པོ་ཁྱོད་ལ་ཞུ་བ་བགྱིད། ། ཆོ་ག་དམ་པ་གསུང་དུ་གསོལ། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་མཆོག་གི་ནི། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ 135a ༄#། །པར་ཞུགས་ནས་རྡོ་རྗེ་དབྱིངས་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་མཆོག་འདི་བཀའ་སྩལ་པ། འདི་དག་ཐམས་ཅད་རྒྱུད་གཞན་ལས་བཤད་པས་ན།་འདི་མདོར་བསྡུས་པའི་ཆོ་ག་རྒྱས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་འཆང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་གྱིས་དེ་བཞིན་གཤེགས་པ་དེ་རྣམས་དང ། བྱང་ཆུབ་སེམས་དཔའ་དེ་རྣམས་ཉིད་ཀྱི་ཐུགས་ཀར་བཅུག་ནས་གཅིག་ཏུ་མི་ཕྱེད་པར་གྱུར་ནས་སྤྲོ་བ་དང ། བསྡུ་བའི་སྦྱོར་བས་ཕྱག་ན་རྡོ་རྗེ་མདུན་དུ་བཞག་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་བོའི་ཏིང་ངེ་འཛིན་གྱི་ཚུལ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་རྒྱལ་པོ་ཆེན་པོ། བྱང་ཆུབ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པ།་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཆར་འབེབས་པར་བྱེད་པས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། སངས་རྒྱས་ཉིད་སྒྲུབ་པའི་ཐབས་བཀའ་སྩལ་དུ་གསོལ། གང་གིས་སེམས་ཅན་ 135b ཐམས་ཅད་ཀྱི་སངས་རྒྱས་ཉིད་བདག་གིས་སྦྱིན་པར་བྱའོ། །དེ་ནས་ཅི་ཚུལ་གཞན་ནམ། ཐེག་པ་ཆེན་པོའི་ཚུལ་གྱིས་ལགས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། ཐེག་པ་ཆེན་པོའི་ཚུལ་གྱི་སངས་རྒྱས་ཉིད་བསྒྲུབ་བོ། ། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་དཀྱིལ་འཁོར་གྱི་ཚུལ་གྱིས་སངས་རྒྱས་ཉིད་བསྒྲུབ་བམ། འོན་ཏེ་གསང་བའི་ཚུལ་གྱིས་ལགས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལག་ན་རྡོ་རྗེ། གསང་བའི་ཚུལ་གྱིས་སངས་རྒྱས་ཉིད་བསྒྲུབ་པར་བྱ་སྟེ། ལག་ན་རྡོ་རྗེ། ངས་ཀྱང་གསང་བའི་ཚུལ་དེས་དབང་བསྐུར་ནས་ལག་ན་རྡོ་རྗེ་གསང་བའི་ཚུལ་དེས་ང་ཡང་ཡང་དག་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཁྱོད་སློབ་དཔོན་གང་གིས་དབང་བསྐུར་བ་ལགས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ 136a ༄#། །གསང་བ་ཞེས་བྱ་བའི་སློབ་དཔོན་དེས་དབང་བསྐུར་རོ།།གང་གིས་གསང་བ་དེ་ཐོབ་ནས་སངས་རྒྱས་ཉིད་བརྙེས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གསང་བ་དེའི་རང་བཞིན་གང་ལགས། དེ་ཆོས་གང་གསུང་བར་མཛད། ཅི་སྦྱོར་བ་གཞན་གསུངས་སམ། འོན་ཏེ་ཟབ་མོའི་ཚུལ་ཁྱོད་ལ་བསྟན་པ་ལགས། བཅོམ་ལྡན་འདས། གསང་བ་དེའི་རང་བཞིན་མ་འཚལ་པས་ཅི་ཞིག་ལགས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། འདིས་ཆོས་མ་བསྟན་ཅིང་ཅུང་ཟད་ཀྱང་མ་བཤད་དོ། །འོན་ཀྱང་ལག་ན་རྡོ་རྗེ། རང་གི་ཤེས་རབ་ཀྱི་ཚུལ་དང ། ཤེས་རབ་ཀྱི་ཁྱད་པར་གྱིས་བདག་ཉིད་གསང་བ་བསྙེན་པ་བརྩམ་པར་བྱའོ། །དེ་ནས་གསང་བ་བསྟེན་པ་ལས་གང་དག་འོ་མའི་ཐིགས་པ་འོད་ཟེར་དང་བཅས་པར་གྱུར་པ་དང ། དེ་ནས་འོད་ཟེར་གྱི་ཕྲེང་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྣམས་རྣམ་པར་ཕྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལས་འོད་ཟེར་གྱི་ཕྲེང་བ་འཁྲུགས་པའི་རྡོ་རྗེའི་གཟུགས་དང ། ཁྲོ་བོའི་གཟུགས་རྣམས་དབྱུང་བར་བྱའོ། །དེ་ནས་བྱང་ 136b ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟ་ན་ཡང་གསང་བ་དེ་བསྟན་པ་ཉིད་ཇི་ལྟ་བུའི་རྣམ་པས་འགྲུབ་པ་ལགས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ།་དང་པོ་རེ་ཞིག་ཇི་ལྟར་བྱ་བ་ངས་ཁྱོད་ལ་བཤད་པར་བྱ་ཡི། ཉོན་ཅིག་།སྔགས་པས་རེ་ཞིག་བདག་གི་ཏིང་ངེ་འཛིན་སྔོན་དུ་འགྲོ་བར་བྱ་སྟེ། བདག་ཉིད་བསྐྱེད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་དང ། རིག་པའི་རྒྱལ་མོ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་ཕྱིས་གསང་བ་ཉིད་བསྟེན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་ལྟ་བུའི་རྣམ་པས་ལྷ་མོ་དེ་རྣམས་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་འགའ་ཞིག་དད་པ་དང་ལྡན་པ་ཡོད་པ་དེ་དག་ནི། རྩེ་གཅིག་པའི་སེམས་ཀྱིས་བདག་སྒྲུབ་པར་འདོད་ལ། དེ་དག་སྦྱོར་བ་མི་ཤེས་ཤིང་ནུས་པ་དང་མི་ལྡན་པས། དེ་རྣམས་ཀྱི་ཚེ་ཟད་པར་གྱུར་ཀྱང་ལྷ་མོ་རྣམས་ཀྱིས་ཐུགས་རྗེའི་ཐུགས་སྐྱེ་བར་མི་འགྱུར་ཞིང་སེམས་ཀྱི་གསལ་བ་ཡང་མི་བྱེད་པ་དེས་ན། ལག་ན་རྡོ་རྗེ། 137a ༄#། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱོར་བ་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ལག་ན་རྡོ་རྗེ། ཕྱག་རྒྱ་དང ། སྔགས་ཐམས་ཅད་དང་ལེགས་པར་ལྡན་པས་ཇི་ཙམ་ཞིག་གིས་ཉི་མའི་ངེས་པས་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ལག་ན་རྡོ་རྗེ། རྒྱུད་འདི་ནི། ལྷ་ཐམས་ཅད་དང ། ལྷ་མོ་རྣམས་དང ། རིག་པའི་རྒྱལ་མོ་རྣམས་ཀྱི་སྦྱོར་བ་ལེགས་པར་ལྡན་པས་སྒྲུབ་པར་བྱེད་པའོ། །དེ་ནས་ལག་ན་རྡོ་རྗེ། སྔགས་པ་གསང་སྔགས་ཀྱི་བདག་པོ་གསང་བའི་བདག་པོར་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་སྔགས་པ་མ་ལགས་པ། བདག་གསང་བའི་བདག་པོ་མ་ལགས་པས་བཅོམ་ལྡན་འདས་ཇི་ལྟར་གསང་བ་དང ། སྔགས་རྣམས་ཀྱི་བདག་པོར་འགྱུར་བ་དེ་ལྟར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། དེས་ན་སྔགས་པས་རེ་ཞིག་དངོས་གྲུབ་གཞན་བསྒྲུབ་པར་བྱའོ། །དེ་བསྒྲུབས་ན། ལས་ཐམས་ཅད་བྱེད་དོ། །བསྐྲད་པ་དང ། གསད་པ་དང ། དབང་དུ་བྱ་བ་དང ། རེངས་པ་དང ། དགུག་པ་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ། །སངས་རྒྱས་ཉིད་ཀྱི་དངོས་གྲུབ་ལ་སོགས་པ་རྣམས་ 137b ཀྱང་འགྲུབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཐོག་མར་བསྒྲུབ་པར་བགྱི་བ་གང་ལགས། ཅི་རིག་པའི་རྒྱལ་མོ་བསྒྲུབ་པར་བགྱིའམ། འོན་ཏེ་དབང་དུ་བྱ་བ་ལ་སོགས་པ་བསྒྲུབ་པར་བགྱིའམ། ཡང་ན་རལ་གྲི་ལ་སོགས་པ་བསྒྲུབ་པར་བགྱི། བཅོམ་ལྡན་འདས། དེའི་ཕྱིར་ཐོག་མར་དངོས་གྲུབ་གང་སྒྲུབ་པ་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་གནང་བ། ལག་ན་རྡོ་རྗེ། ལེགས་སོ་ལེགས་སོ། །དེའི་ཕྱིར་རིག་བའི་རྒྱལ་མོ་ཐོག་མར་བསྒྲུབ་པར་བྱ་སྟེ། གང་གིས་སེམས་ཅན་རྣམས་ལ་གསང་བ་སྟེར་བར་འགྱུར་རོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཇི་ལྟ་བུའི་རྣམ་པས་ལྷ་མོ་དེ་བསྒྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་རྣམ་པ་གཞན་ལས་དམ་པ་གང་བཤད་པ་དེ་ཁྱོད་ཀྱིས་སྒྲུབ་པ་བཟོད་པར་བྱོས་ཤིག་།དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ 138a ༄#། །འདས།་རྣམ་པ་གཞན་གང་བདག་གིས་བཟོད་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། སེམས་ཅན་ཀིམ་པ་ཀའི་འབྲས་བུ་ལྟ་བུ་དག་ཡོད་དེ། ཕྱི་རོལ་གྱི་གཟུགས་ཕུན་སུམ་ཚོགས་ཤིང་ནང་གི་ཆ་དྲི་མ་བྲོ་ཞིང་བྲོ་བ་ཉམས་པ་ཡོངས་སུ་ཞུ་ནས་འཆི་བ་ལ་སོགས་པར་ནུས་པ་དེ་ལྟ་བུའི་སེམས་ཅན་གང་ཕྱི་རོལ་གྱི་གསང་བ་བཤད་པ་ཙམ་གྱིས་སྤྲོ་ཞིང་ནང་དུ་སླར་བརྟགས་པས་དད་པ་དང་མི་ལྡན་ཞིང་ཉན་ཐོས་ཀྱི་ཐེག་པ་དག་ལ་རབ་ཏུ་གསལ་བ་དེ་དག་ལ་རྒྱུད་འདི་བཤད་པར་མི་བྱའོ། །ལག་ན་རྡོ་རྗེ། དེའི་ཕྱིར་ལྷ་མོ་ཐམས་ཅད་ཀྱི་རང་གི་ཕྱག་རྒྱ་དང ། སྔགས་རྣམས་ཀྱིས་མཉེས་པའི་སྦྱོར་བས་དེ་རྣམས་བསྒྲུབ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པ་གང་གིས་མཉེས་པའི་གསང་སྔགས་ཤེས་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་པ། ལག་ན་རྡོ་རྗེ། འདི་ནི། མཉེས་པའི་གསང་སྔགས་ཀྱིས་མ་ཡིན་ཏེ། ལག་ན་རྡོ་རྗེ། སྦྱོར་བའི་དབང་གིས་དེ་རྣམས་བསྒྲུབ་པར་བྱའོ། ། 138b ལག་ན་རྡོ་རྗེ་ཉོན་ཅིག་།རྣམ་པ་གང་གིས་རིག་པའི་ལྷ་མོ་དང་བཅས་པའི་ལྷ་རྣམས་འགྲུབ་ཅིང་གྲུབ་ནས་སངས་རྒྱས་ཉིད་སྟེར་བ་དེ་ཁྱོད་ལ་གོ་རིམ་བཞིན་དུ་བཤད་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པ་ཇི་ལྟ་བུས་ནི། ལྷ་མོ་དེ་རྣམས་ཀྱིས་སངས་རྒྱས་ཉིད་སྟེར་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། རྣམ་པ་གང་གིས་ལྷ་མོ་དེ་རྣམས་འགྲུབ་པ་དང ། གསང་བའི་དེ་ཁོ་ན་གང་གིས་ལྷ་མོ་དེ་རྣམས་ལེགས་པར་འགྲུབ་པར་འགྱུར་བ་བཤད་པར་བྱའི། ཉོན་ཅིག་།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་བ། ལག་ན་རྡོ་རྗེ་ཉོན་ཅིག་།སྔགས་པ་གང་གིས་ལྷ་མོ་གང་སྒྲུབ་པར་རིགས་པ་དེ་དེས་བསྒྲུབ་པར་བྱ་སྟེ།་རང་གི་ཕྱག་རྒྱ་དང ། སྔགས་ཀྱི་སྦྱོར་བས་ལྷ་མོ་དེ་བཀུག་ནས་མདུན་དུ་གཞག་པར་བྱའོ། །དེ་ནས་བདག་ཉིད་སྔོན་བཤད་པའི་རིམ་པས་རྡོ་རྗེ་སེམས་དཔའི་སྐུར་བསྒོམས་ལ་རྡོ་རྗེ་སེམས་དཔའི་སྐུ་དེས་ལྷ་མོ་དེ་མཉེས་པར་བྱའོ། །དེ་ནས་མཉེས་ཏེ་གདོན་མི་ཟ་བར་དངོས་གྲུབ་སྩོལ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ 139a ༄#། །ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པ་གང་གིས་མཉེས་པར་འགྱུར། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། སེམས་དཔའི་སྐུ་དེས་ལྷ་མོ་དེའི་གསང་བའི་བྷ་གར་ཉིད་ཀྱི་རྡོ་རྗེས་བསྟེན་པར་བྱའོ། །བསྟེན་པས་བདེ་བ་ཉིད་དུ་འགྱུར་ཏེ། དེ་ནས་ལྷ་མོ་དེ་དགྱེས་ཏ་མཆོག་སྩོལ་བར་འགྱུར་རོ། །དེ་ཇི་ལྟར་བུད་མེད་རང་ཉིད་ཀྱི་བདག་པོ་ལ་དགའ་བར་བལྟ་བ་ལྟར་ལྷ་མོ་དེ་ཡང་གསང་སྔགས་འཛིན་པ་དེ་ལ་དགའ་བའི་དབང་གིས་ལྟ་བར་འགྱུར་རོ། །དགའ་བའི་དབང་གིས་ཚིམ་པར་འགྱུར་རོ། །འདི་བཞིན་དུ་བུད་མེད་གཞན་བསྟེན་པས་ཀྱང་མཆོག་སྟེར་ན། ལྷ་མོས་ལྟ་སྨོས་ཀྱང་ཅི་དགོས། ལག་ན་རྡོ་རྗེ། དཔེར་ན། རྡོ་རྗེ་རགས་པས་བསྣུན་པའི་བུད་མེད་བདག་པོ་གཞན་མི་འདོད་པ་དེ་བཞིན་དུ་ལྷ་མོ་དེ་ཡང་གསང་བས་བསྣུན་པ་ན་སྔགས་པ་གཞན་འདོད་པ་མ་ཡིན་ནོ། །དེ་བཞིན་དུ་གསང་བའི་སྦྱོར་བས་ལྷ་མོ་གང་ཞི་བའི་ཚུལ་གྱིས་ཞི་བའི་ཚུལ་འགྲུབ་པར་འགྱུར་རོ། །གང་ཁྲོ་མོའི་ཚུལ་གྱིས་ཁྲོ་མོའི་ཚུལ་འགྲུབ་པར་འགྱུར་རོ། །འོན་ཀྱང་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཚུལ་བཟུང་ནས་རྡོ་རྗེ་གནྡྷ་རི་ལ་སོགས་པའི་ལྷ་མོ་སྔགས་པས་བསྒྲུབ་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་ཚུལ་ 139b གྱིས་སྒྲོལ་མ་ལ་སོགས་པ་བསྒྲུབ་པར་བྱའོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་ནས་རེ་ཞིག་ཁྲོ་བོའི་ཚུལ་ཇི་ལྟར་རྣམ་པར་གཞག་བར་བགྱི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དེ་ཉིད་ཀྱིས་བཅོམ་ལྡན་འདས་མ་རྡོ་རྗེ་གནྡྷ་རི་ཞེས་བྱ་བའི་རིག་པའི་ལྷ་མོ་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ནས་གཅིག་ཏུ་འདྲེས་པར་གྱུར་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་ཧཱུཾ་མཛད་དེ་དང ། རྡོ་རྗེ་གནྡྷ་རི་ལྷན་ཅིག་ཏུ་སེམས་ཅན་གདུག་པ་ཅན་ཐམས་ཅད་གདུལ་བའི་དོན་དུ་ངེས་པར་ཕྱུང་ངོ ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ལྷ་མོ་དེའང་ཤིན་ཏུ་དགའ་བའི་མིག་གིས་བལྟ་ཞིང་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་པ། ཨེ་མ་ཁྲོ་བོ་ཐམས་ཅད་ཀྱི། །རྡོ་རྗེ་ཁྲོ་བོ་བླ་ན་མེད། །མཛེས་མ་འདི་ནི་ཐོག་ནས་སུ། །གདུག་པ་ཐམས་ཅད་གདུལ་བར་བྱ། །དེ་ནས་ཕྱག་ན་རྡོ་རྗེས་རྡོ་རྗེ་ཧཱུཾ་མཛད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་རྡོ་རྗེ་ཧཱུཾ་མཛད། ལྷ་མོ་འདི་ཐོབ་ནས་སངས་རྒྱས་ཉིད་བྱོས་ཤིག་།དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པ་གང་གིས་ལྷ་མོ་འདི་སྒྲུབ་པ་ལགས། 140a ༄#། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལག་ན་རྡོ་རྗེ་ཉོན་ཅིག་།གང་མཉེས་པས་དེ་རྣམས་འགྲུབ་པར་འགྱུར་བ་ལྷ་མོ་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག་།རྡོ་རྗེ་གནྡྷ་རི་འདི་ཁྲོ་བོའི་ཚུལ་གྱིས་བསྒྲུབ་པར་བྱའོ། །ལག་ན་རྡོ་རྗེ། སྔགས་པ་དེས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཚུལ་དུ་གནས་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ་རང་གི་ལུས་བྱིན་གྱིས་བརླབས་ནས་སླར་ཡང་སྐྱིལ་ཀྲུང་བྱས་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་བརྗོད་པར་བྱའོ། ། ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝཱ་ན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད་ལ་དེ་ནས་བསྒྲུབ་པར་བྱའོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་མོ་དེའི་སྙིང་པོ་གང་གིས་འགྲུབ་པར་འགྱུར་བ་ལགས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེ་ཆེན་པོ་ཁྲོ་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་དེ་ནས་ཁམས་གསུམ་བྲལ་བའི་ཏིང་འཛིན་གྱི་རིག་པ་ 140b བཀའ་སྩལ་པ། གང་གིས་ལྷ་ལ་སོགས་པའི་གདོན་ཐམས་ཅད་འཇིགས་ཤིང་སྡུག་བསྔལ་བས་བརྒྱ་བྱིན་གྱིས་ཕ་རོལ་གནོན་པ་ལྟ་བུ་ཡེང་འབྱེར་བར་འགྱུར་རོ། །འདི་བཟླས་པ་ཙམ་གྱིས་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཁྲོ་བོའི་ཚུལ་གྱིས་གདུག་པ་ཐམས་ཅད་འཇོམས་པར་བྱེད་དོ། །ཐམས་ཅད་རེངས་པར་བྱེད་དོ། །ལག་ན་རྡོ་རྗེ། དེའི་ཕྱིར་སྔགས་པས་ཚུལ་འདིས་བཟླས་པར་བྱ། བཀླག་པར་བྱའོ། །ན་མཤྩཎྜ་བཛྲ་པ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བྷ་ག་ཝ་ཏེ། བཛྲ་གནྡྷ་རི། ཨ་ནེ་ཀ་རསྨི་ཤ་ཏ་ས་ཧ་སྲ་པྲ་ཛྭ་ལི་ཏ་དཱིཔྟ། ཛཱེ་ཡཻ་ཨུ་གྲ་བྷཱིསྨ་བྷ་ཡཱ་ནི་ཀཱ་ཡཻ། ཡོ་གི་ནྱཻ། བྷཱིསྨ་བྷ་གི་ནྱེ། ཁ་ཌ་མུ་ཁཱ་ཡཻ། དྭ་ད་ཤ་ནེ་ཏྲཱ་ཡཻ། དྭ་ད་ཤ་བྷུ་ཛཱ་ཡཻ། བི་ཀཱིནྣ་ཀཻ་ཤཱ་ཡཻ། ཨ་ནེ་ཀ་རཱུ་པི་པི་ད་བི་ཤཝ་དྷ་རི་ཎྱཻ། ཨེ་ཧྱཱེ་ཧི་བྷ་ག་ཝ་ཏི་མ་ཧཱ་བཛྲ་གནྡྷ་རི་ཏྲ་ཡཱ་ཎཱཾ་རཏྣཱ་ནཱཾ། ས་ཏྱེ་ན་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། བ་ལ་དེ་བཾ། མ་ཧེ་ཤཝ་རཾ། བྲཧྨ་ཎཱཾ། ཨིནྡྲཾ། ཙནྡྲཾ། ཡ་མཾ། རུ་ཎཾ། བཱ་ཡུཾ། ཀུ་བེ་རཾ། དྷརྀ་ཏ་རཱཥྚཾ། བི་རཱུ་ཌྷ་ཀཾ། བི་རཱུ་པཱཀྵཾ། ཤཾ་ཀུ་ཀརྞྞཾ། ཀོཎྞཾ། སྠུལ་ཀ་ཧྞཾ། མཧཱ་ཀཱ་ལཾ། ནནྡཱི་ཀེ་ཤཝ་རཾ། བྷརྀཾ་གི་རི་ཏི། ནཱ་ཡ་ཀཾ་།བི་ནཱ་ཡ་ཀཾ། བཱཉྩི་ཀཾ་།དཱ་མ་ཀཾ་།ལོ་ཧ་ཀཾ་།ཥིཥྚི། དེ་བི་ཀོ་ཊི་གི་རི་ཀོ་ཊ། ཨོཾ་ཀཱ་རི། དུ་རྒཱཾ།་ཀ་ཏྱཱ་ཡ་ནི། ཙཎྜི་ཀ་ཏྱཱ་ཡ་ནཱི། མཧཱ་ཀ་ཏྱཱ་ཡ་ནི། ཨེ་ཥ་ནི། ནེ་རི་ཏྱཱཾ། ཀཱ་ལི་མཾ་མ་ཧཱ་ཀཱ་ལིཾ། བྷ་དྲ་ཀཱ་ལིཾ། བཛྲ་ཀཱ་ལིཾ། ཙུརྞྞ་ཀཱ་ལིཾ། ཀྵུ་ཏྲ་ཀཱ་ལིཾ། ཤཀྟིཾ། ཤ་ལི་ཀ་བརྟི། ཤ་ཏཀྵིཾ། ཨིནྡྲ་ 141a ༄#། །ཎི།་བྲཧྨ་ཎི། ཀཽ་མ་རཱི། མ་ཧེ་ཤཝ་རཾ། སུ་བྷ་གཾ་།རཽ་དྲི། ཙ་མུ་ཎྜཾ། བཱ་རཱ་ཧཱི། ཀོ་བེ་རཱི། ཡེ་ཙ་ཨ་ནྱེ་ས་མ་ཡེ་ན་ཏིཥྛནྟི་ཏན། ཨ་ཝརྟ་ཡི་ཥྱཱ་མི་ཤཱི་གྷྲཾ་གྲྀཧྞཾ། ཨོཾ་ལ་ལ་ལ་ལ།་ཧུ་ལུ་ཧུ་ལུ། ཙུ་ལུ་ཙུ་ལུ། མུ་ལུ་མུ་ལུ། དྷ་མ་དྷ་མ། རཾ་ག་རཾ་ག་།རཾ་གཱ་པ་ཡ་རཾ་གཱ་པ་ཡ། པུ་ར་པུ་ར། པཱུ་ར་ཡ་པཱུ་ར་ཡ། ཨཱ་ན་ཡ་ཨཱ་ན་ཡ། ཨཱ་བི་ཤ་ཨཱ་བི་ཤ་།ཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། བྷ་ག་ཝ་ཏེ་མ་ཧཱ་བཛྲ་གནྡྷ་རི་སིདྡྷ་ཙཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་ཧྲཱིཿ ། ཧཿ ་ཧཿ ་ཧཿ ་ཧཿ ། ཧཱུཾ་ཕཊ་སཝཱཧཱ། ལག་ན་རྡོ་རྗེ། དེའི་ཕྱིར་འདི་བཟླས་པ་ཙམ་གྱིས་དགུག་པར་མི་ནུས་པའི་རི་བོ་ལ་སོགས་པ་རྣམས་ཀྱང་འགུགས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཀའ་སྩལ་པ། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཚེས་བརྒྱད་ཀྱི་བར་དུ་སྟོང་ཕྲག་བརྒྱད་བཟླའོ། །དེ་ནས་འགྲུབ་པར་འགྱུར་རོ། །གྲུབ་ནས་ལས་ཐམས་ཅད་བྱེད་དོ། །གུ་གུལ་གྱི་བདུག་པས་འགུགས་པར་བྱེད་དོ། །འདི་དག་ཐམས་ཅད་ཕྱི་རོལ་གྱི་ལམ་ལ་བཤད་དོ། །གང་ཞིག་ཡང་ཐེག་པ་ཆེན་པོ་གླང་པོ་ཆེའི་ཕྲག་ཏུ་ཡང་དག་པར་ཞོན་པ་དེ་རྣམས་ལ་ངེས་པར་གང་ཞིག་ཡོད། དེ་ནས་རྡོ་རྗེ་གནྡྷ་རིའི་སྔགས་དང་ཕྱག་རྒྱས་བཀུག་སྟེ་ཁམས་གསུམ་རྣམ་པར་རྒྱལ་བ་བཅིངས་ཏེ་གུང་མོ་ཕན་ཚུན་ཡོངས་སུ་སྦྱར་ལ། མཐེའུ་ཆུང་ 141b འོག་ཏུ་བསྟན་ཏེ་ནོར་བུའི་རྣམ་པར་བྱས་པའི་ཕྱག་རྒྱ་འདི་ནི། བཅོམ་ལྡན་འདས་ཀྱི་དམ་ཚིག་སྦྱིན་པའོ། །དེ་ནས་རྩ་བའི་ཕྱག་རྒྱར་གྱུར་པ་ནི། རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །ཐལ་མོ་སྟེང་དུ་དབྱེ་བར་བྱ། །གུང་མོ་དག་ནི་རྩེ་མོར་བྱ། །མིང་མེད་གདོང་ནི་ལེགས་པར་སྦྱར། །མཐེ་བོང་གཉིས་པོ་སྦྱར་ནས་སུ། །རྩེ་མོའི་སྟེང་དུ་གཞག་པར་བྱ། ། འདི་ནི་བཅོམ་ལྡན་རྩ་བའི་རྒྱ། །དེ་ཉིད་མཐེ་བོང་སྐྱིལ་ཀྲུང་གདན་གྱི་ཕྱག་རྒྱའོ། །དེ་ཉིད་ཡོངས་སུ་བཏང་བའི་སྦྱོར་བས་བཏང་བའི་ཕྱག་རྒྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འོན་ཀྱང་ཇི་ལྟ་བུའི་རྣམ་པས་སེམས་ཅན་དབང་དུ་བགྱིད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་གྱི་སྔགས་འདིས་བཅོམ་ལྡན་འདས་མ་བསྒོམས་ལ་བྲལ་གཉིས་སུ་བཞག་སྟེ་དམ་དུ་འཁྱུད་ནས་དེའི་རྩ་བའི་གདོང་གི་མཆུ་སོས་བཟུང་སྟེ་དེའི་བྷ་གར་རྡོ་རྗེ་སོན་པར་བྱས་ལ་དེ་ནས་ལྷ་མོ་དེ་འདི་སྐད་སྨྲ་སྟེ། ཨ་ཧོ་སུ་ཁ་ཞེས་དེ་ལྟ་བུའི་སྦྱོར་བའི་རྣམ་པས་ལྷ་མོ་དེ་གྲུབ་ནས་དེ་ནས་ལས་ཐམས་ཅད་བྱེད་དོ། །མར་གྱིས་བཏགས་པའི་ཙནྡན་གྱི་ཤིང་གིས་སྲེག་བླུགས་བྱས་ན། ཚངས་པ་ལ་སོགས་པའི་ལྷ་རྣམས་ 142a ༄#། །དབང་དུ་འགྱུར་རོ། །གྱུར་ནས་ཀྱང་ཅི་བགྱི་བཀའ་ལུང་སྩོལ་ཅིག་།ཅེས་སྨྲ་བར་འགྱུར་རོ། །མཚན་གཅིག་གིས་དེ་དག་ཐམས་ཅད་བྱེད་དོ། །དེ་ནས་མི་རྣམས་དབང་དུ་བྱ་བར་འདོད་པས་ལྷ་མོ་དེ་ཉིད་ཏིང་ངེ་འཛིན་གྱིས་ཡུངས་ཀར་སྐྱ་བོ་ལ་ཅུང་ཟད་ཅིག་བྱིན་གྱིས་བརླབས་ལ། དེས་བྲམ་ཟེ་ལ་བསྣུན་པས་དེ་དབང་དུ་འགྱུར་རོ། །རྒྱལ་རིགས་ལ་ཡང་དེ་ཉིད་ཀྱི་ཆོ་གའོ། །དེ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐྱུ་རུ་ར་ལ་མངོན་པར་བསྔགས་ཏེ་རྗེའུ་རིགས་ལ་བྱིན་ན། དེ་དབང་དུ་འགྱུར་རོ། །དེ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཅུད་ཏོག་ལ་མངོན་པར་བསྔགས་ཏེ་དམངས་རིགས་ལ་བྱིན་པས་དེ་དབང་དུ་འགྱུར་རོ། །འདི་དག་གོ་རིམ་བཞིན་དུ་རིགས་དང་རྫས་སུ་མཐུན་པའི་བུད་མེད་རྣམས་ལ་བྱིན་པས་ཀྱང་དབང་དུ་འགྱུར་རོ། །དེ་ཉིད་ཀྱིས་དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་ཏེ་གང་གི་ཁྱིམ་དུ་བཞག་པ་དེ་འཆི་བར་འགྱུར་རོ། །དེ་ཉིད་ཀྱི་ཏིང་འཛིན་གྱིས་དྲག་པོའི་ལྟ་སྟངས་ཀྱིས་གང་ལ་བལྟས་པ་དེ་འཆི་བར་འགྱུར་རོ། །ཁྲོ་བོའི་ལྟ་སྟངས་ཀྱིས་གང་ལ་བལྟས་པ་དེ་བསྐྱོད་པར་འགྱུར་རོ། །ལྷ་ཐམས་ཅད་དང ། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང ། ང་ལྟ་བུ་ཡང་སྐྱོད་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ 142b བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྦྱོར་བའི་རྒྱལ་པོ་ཆེན་པོ་འདིས་འདི་ལྟར་སངས་རྒྱས་རྣམས་ཀྱང་སྐྲོད་ལགས་ན། གཞན་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ཐེག་པ་ཆེན་པོའི་ཚུལ་འདིས་གང་ཅུང་ཟད་བསྒྲུབས་པ་དེ་ཐམས་ཅད་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བཟླས་བརྗོད་ཀྱི་རིམ་པ་དེ་གང་གིས་སྟོང་ཕྲག་བརྒྱད་བཟླས་པས་འགྲུབ་པར་འགྱུར་ལགས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱི་བཟླས་པའི་གྲངས་དང ། ཉི་མའི་གྲངས་བཤད་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་དད་པས་རྗེས་སུ་འབྲང་བ་དེ་རྣམས་ཀྱིས་སྐྱེ་བ་དུ་མར་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་ཏེ། གལ་ཏེ་དེ་རྣམས་ཀྱིས་གྲུབ་ཀྱང་ཚེ་འདིར་རྒྱལ་པོའི་ལོངས་སྤྱོད་ལ་སོགས་པ་ཐོབ་པར་འགྱུར་རོ། །གང་དག་ཐེག་པ་ཆེན་པོའི་ཤིང་རྟག་ལ་ཡང་དག་པར་ཞོན་པ་དེ་རྣམས་ཀྱིས་ཉིན་གཅིག་ཙམ་གྱིས་ཀྱང་འདི་ལྟར་སངས་རྒྱས་ཉིད་ཀྱང་ཐོབ་པར་འགྱུར་ན། ཉི་མ་མང་པོས་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ལག་ན་རྡོ་རྗེ། ཤིང་རྟ་ལ་སོགས་པའི་ཐེག་པ་གླང་པོ་ཆེ་ 143a ༄#། །དང ། རྟ་མཆོག་དང་ལྡན་པ་ལ་ནི། ནམ་དུ་ཡང་ཆུད་ཟོས་པ་མེད་པར་མངོན་པར་འདོད་པའི་ཡུལ་དུ་ཕྱིན་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པའི་རྗེས་སུ་གདམས་པ་དང་ལེགས་པར་ལྡན་པ་གང་དུ་ཡང་མི་གནས་པར་འགྲོ་བས་ནི། རྣམ་པར་སྣང་མཛད་ཉིད་དམ། རྡོ་རྗེ་འཛིན་པའམ། གཞན་ཉིད་དུ་ཕྱིན་པར་རིག་པར་བྱའོ། །ལག་ན་རྡོ་རྗེ། དེའི་ཕྱིར་ཐེག་པ་ཆེན་པོའི་ཚུལ་ལ་གནས་པ་ལ་ནི། རྣམ་པར་རྟོག་པ་ཅུང་ཟད་དང་མི་ལྡན་པར་འགྱུར་རོ། །དེ་ནས་ཆོས་ཐམས་ཅད་རྣམ་པར་མི་རྟོག་པར་ཡོངས་སུ་གཟུང་བར་བྱའོ། །དེའི་ཕྱིར་ལག་ན་རྡོ་རྗེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷ་མོ་ཐམས་ཅད་ཀྱི་བདག་པོ་རང་ཡིན་ནོ། ། ཞེས་སྒོམ་པས་བསྒོམ་པར་བྱའོ། །ལག་ན་རྡོ་རྗེ། དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱི་རྡོ་རྗེ་ལ་བསྒོམ་པའི་ཁྱད་པར་གང་གིས་ལས་ཐམས་ཅད་བྱས་ཏེ་སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་སླར་ཡང་བཤད་པར་བྱའོ། །ལག་ན་རྡོ་རྗེ་ཉོན་ཅིག་།ཁྲོ་བ་དང་ལྡན་པའི་སྔགས་པ་ཅུང་ཟད་ཙམ་བྱེད་པ་ན་ཚུལ་འདིས་བཅོམ་ལྡན་འདས་མ་རྡོ་རྗེ་གནྡྷ་རིའི་བྷ་གར་བཞུགས་ཏེ་ཕྲ་མོའི་སྦྱོར་བས་རྩ་བརྒྱད་གཅིག་ཏུ་བྱས་ཏེ་རྩ་གཅིག་ལས་འཛག་པ་དང་ལྡན་པར་རྣམ་པར་བསམ་པར་བྱའོ། །སྔགས་པས་གལ་ཏེ་ 143b དབང་དུ་བྱ་བར་འདོད་ན། དེས་ཁ་དོག་དམར་པོར་རྣམ་པར་བསམ་མོ། །ཞུ་བ་དམར་པོ་དེ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་རྣམ་པར་བསམ་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་དེས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །གལ་ཏེ་གསོད་པར་འདོད་ན། དེ་ནས་དེའི་རྩ་ཁ་དོག་ནག་པོ་སོལ་བའི་རྣམ་པ་ལྟ་བུར་བསམས་ལ་དེ་ཞུ་བ་དམར་པོ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་སྔགས་པས་བསྒོམས་པར་བྱས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་དེ་ལས་རྡོ་རྗེ་དང ། དེ་ལས་རྩེ་གསུམ་དང ། དེ་ལས་རལ་གྲི་དང ། དེ་ལས་ཞགས་པ་དང ། དེ་ལས་ལྕགས་ཀྱུ་དང ། དེ་ལས་མདའ་དང ། དེ་ལས་མདུང་ཐུང་རྣམས་ཀྱིས་གང་གསོད་པར་འདོད་པ་དེ་གསད་པར་བྱའོ། །བསྐྲད་པ་ལ་ཡང་འདི་ཉིད་ཀྱིས་བྱའོ། །གལ་ཏེ་སངས་རྒྱས་ཉིད་སྒྲུབ་པར་འདོད་ན། རྩ་དེ་དག་ཁ་དོག་དཀར་པོར་བསམས་ལ། དེའི་ཞུ་བ་འོ་མ་དང་མཚུངས་པ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་བསྒོམས་ཏེ། དེ་ནས་སངས་རྒྱས་ཉིད་དམ། རྣམ་པར་སྣང་མཛད་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་བསྒྲུབ་པར་བྱའོ། །ཡང་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གང་ཡིན་པ་དེ་ཉིད་སངས་རྒྱས་ཡིན་ལ། རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་ཉིད་སངས་རྒྱས་ཡིན་པས་དེའི་ཕྱིར་ལག་ན་རྡོ་རྗེ། གཅིག་ཉིད་བཟླས་པས་ 144a ༄#། །ལས་ཐམས་ཅད་བྱེད་པར་འགྱུར་རོ། །རིམ་པ་འདི་ཉིད་ཀྱིས་རི་བོ་ཡང་རྣམ་པར་སྙིལ་བར་བྱེད་ཅིང་ཇི་སྲིད་ས་ཕྱོགས་ཀྱང་འབྱེད་པར་བྱེད་དོ། །རིམ་པའི་ཉིད་ཀྱིས་ལྷའི་སྐུར་བསྐྱེད་པས་ལས་ཐམས་ཅད་བྱེད་དོ། །ཡང་ན་གསང་བའི་ལྷའི་སྐུར་བདག་ཉིད་བསྐྱེད་ན། སློབ་དཔོན་དེས་སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་ཞེས་བརྗོད་དོ། །དེ་གང་གི་ཚེ་ཉན་ཐོས་ཀྱི་ཚུལ་གྱི་རྗེས་སུ་གདམས་པ་ལ་སོགས་པ་སྟེར་ན། དེའི་ཚེ་དེ་སློབ་དཔོན་མ་ཡིན་ཞིང་དགྲ་ཉིད་དུ་རིག་པར་བྱའོ། །དེ་ནས་གསང་བ་ཉིད་སྟེར་ན། དེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །དེ་གཏམ་འབའ་ཞིག་ཙམ་སྨྲ་ན་ཡང་དེའི་མདུན་དུ་འཁོད་དེ། འདི་ལྟར་རྐང་པ་དག་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ལ་མཉན་པར་བྱའོ། །མཉན་པ་ཙམ་ནས་སློབ་མ་དེས་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱི་ནང་དུ་འཁོད་པར་མི་བྱ། གནས་པར་མི་བྱ་སྟེ།་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དད་པས་རྗེས་སུ་འབྲང་བ་དེ་ལ་ཐེག་པ་ཆེན་པོ་སུན་འབྱིན་པའི་ཕྱིར་རོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་ནང་དུ་གནས་པར་མི་བགྱི་ལ། གལ་ཏེ་གནས་ན་ཡང་ཐེག་པ་ཆེན་པོའི་ཚུལ་འདིས་ལགས་ཀྱི། ཕྱི་རོལ་གྱི་ཚུལ་གྱིས་མ་ལགས་སོ།། 144b དེ་ནས་ཡང་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ལ་ལ་ཐེག་པ་ཆེན་པོའི་གཏན་ཙམ་བགྱིད་པ་དེ་ལ་ཡང་བདག་ཕྱག་འཚལ་ལགས་སོ། །རྗེད་པར་བགྱིད་དོ། །བླ་མར་བགྱིད་དོ། །མཆོད་པར་བགྱིའོ། །བཅོམ་ལྡན་འདས། དེའི་ཕྱིར་འདི་ཆོས་སྨྲ་བ་ལགས་ཀྱི། གཞན་ནི། ཆོས་སྨྲ་བ་མ་ལགས་ཤིང་ལོག་པར་སྨྲ་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། དེའི་ཕྱིར་སྐྱེས་བུ་ཆེན་པོ་གང་ལ་ལ་རྒྱུད་འདི་ཐོས་ནས་འཛིན་ན། དེ་ང་དང་འདྲ་བའམ་ཁྱོད་དང་འདྲ་བར་ཤེས་པར་བྱ་ཞིང ། ངའི་སྙིང་ལ་གནས་ནས་དེས་མཉན་པར་དེ་ལྟར་རིག་པར་བྱ་སྟེ། དེའི་ཕྱིར་ལག་ན་རྡོ་རྗེ། ངས་ཀྱང་དེ་ལ་ཕྱག་འཚལ་ལོ། །དེ་ནས་ལག་ན་རྡོ་རྗེ། འདི་ནི། ཆོས་སྨྲ་བ་ཡིན་གྱི། གཞན་ནི། ཆོས་སྨྲ་བ་མ་ཡིན་ནོ། །ལག་ན་རྡོ་རྗེ། དེའི་ཕྱིར་ཐེག་པ་ཆེན་པོའི་སློབ་དཔོན་བཤད་པའི་ཚུལ་ཁྱད་པར་དུ་འཕགས་པའམ། བརྗོད་པ་ཙམ་ཁྱད་པར་དུ་འཕགས་པ་དང་མི་ལྡན་ཡང་གང་ལ་ལར་འགའ་ཞིག་གིས་འགལ་བར་ཡིད་ཀྱིས་སེམས་ན་ཡང་དེ་རབ་ཏུ་མྱོས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། 145a ༄#། །བཅོམ་ལྡན་འདས། བདག་གིས་ཀྱང་རྡོ་རྗེ་ཀུན་ནས་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་འདིས་དེའི་རིགས་རྒྱུ་དང་བཅས་པ་བསྲེག་པར་བགྱི། །དངོས་གྲུབ་ཐམས་ཅད་བསྲེག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། དེས་ལྷ་མོ་སྒྲོལ་མའི་ཕྱག་རྒྱ་བཅིངས་ཏེ་སྤྱན་དྲངས་ལ་མདུན་དུ་བཞག་སྟེ། དེ་ནས་སྔགས་པས་བྷ་གར་ཞུགས་ཏེ་ལུས་དང་རྩ་གཅིག་ཏུ་བྱས་ནས་འོ་མའི་མདོག་ཏུ་བསམས་ཏེ། དེ་ལས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྐྱེད་དོ། །ཡང་ལྷ་མོ་སྒྲོལ་མ་སྦྱོར་བ་འདིས་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་གྱིས་བསྟེན་པར་བྱའོ། །དེ་ནས་ལྷ་མོ་དགྱེས་ནས་མཆོག་སྩོལ་བར་འགྱུར་རོ། །དེ་ནས་ལྷ་མོ་དེ་རྨི་ལམ་དུ་འོངས་ཏེ་འཁྱུད་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིན་གྱིད་དུ་འོང་བ། རོལ་ཅིང་དགོད་ལ་རྣམ་པར་བལྟ་བ་མཐོང་སྟེ།་དེ་ནས་དེས་སྨྲས་པ། ཁྱོད་ཀྱིས་བདེ་བ་འདི་ཟུངས་ལ་དེས་སངས་རྒྱས་ཉིད་དུ་བྱོས་ཤིག་།དེ་ནས་ཟླ་བ་དྲུག་ན་འགྲུབ་པར་ཤེས་པར་བྱའོ། །ཡང་ན་བུད་མེད་གཞན་མཐོང་ན་ཡང་ལྷ་མོ་དེ་ཉིད་མཐོང་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་ན་སྐྱེ་བ་འདིར་འགྲུབ་པར་འགྱུར་རོ། །དེ་ནས་གསང་བ་ཤེས་པར་འདོད་ན། དེས་འཇིག་རྟེན་དབང་ 145b ཕྱུག་གི་ཏིང་ངེ་འཛིན་གྱིས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བྱས་ཏེ་ལག་པ་གཉིས་བརྐྱང་ལ་ལག་པ་གཡས་པ་ཧའི་ཡི་གེ་ལས་ཟླ་བའི་དཀྱིལ་འཁོར་དུ་སྒོམ་ཞིང ། གཡོན་པ་ཨའི་ཡི་གེ་ལས་ཟླ་བའི་དཀྱིལ་འཁོར། མདུན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་བསམས་ལ། དེའི་འོད་ཟེར་གྱིས་སྔགས་པ་བདག་ཉིད་བསམ་པར་བྱའོ། །དེ་ནས་གལ་ཏེ་ལག་པ་གཉིས་སྟེང་དུ་བཀྲོལ་ན་དགེ་བར་ཤེས་པར་བྱའོ། །གལ་ཏེ་འོག་ཏུ་གནས་ན། དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་རྒྱབ་ཏུ་སོན་པར་གྱུར་ན། མི་དགེ་བར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལྷ་མོ་སྐུལ་བྱེད་མ་སྒྲུབ་པར་འདོད་ན། དེས་དེའི་བྷ་གའི་དབུས་སུ་ཕྱག་ན་རྡོ་རྗེའི་སྐུར་བདག་ཉིད་བསྒོམས་ཏེ།་དེའི་རྩ་དང་ཞུ་བའི་སྦྱོར་བ་དཀར་པོ་ལས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་དེ་ལྷ་མོ་དེ་བསྟེན་པའི་སྦྱོར་བའི་ཕྱག་རྒྱ་དང་སྔགས་ཀྱིས་བསྟེན་པར་བྱའོ། །དེ་ནས་དེའི་ཁ་དོག་གི་དབྱེ་བས་ལས་བྱེད་དེ། རྒྱས་པ་ལ་ཁ་དོག་སེར་པོ། །ཞི་བ་ལ་ཁ་དོག་དཀར་པོ། །དབང་ལ་ཁ་དོག་དམར་པོ། །མངོན་སྤྱོད་ལ་ཁ་དོག་ནག་པོ། །འདི་ལྟར་བསྒོམས་ན་གོ་རིང་དུ་ལས་རྣམས་བྱེད་དོ། །འདི་དག་གི་ནང་ནས་གང་ལ་ལའི་གཟུགས་སུ་ལྷ་མོ་དེ་དེའི་རྨི་ལམ་དུ་འཁྱུད་པ་ལ་སོགས་པ་བྱེད་ན། ཉི་མ་གཅིག་ཁོ་ན་ལ་འགྲུབ་པར་ཤེས་ 146a ༄#། །པར་བྱའོ། །ཡང་ན་ལྷ་མོ་དེ་བུད་མེད་གཞན་གྱི་གཟུགས་སུ་སྟོན་པར་བྱེད་ན། དེ་ནས་སྐྱེ་བ་འདིར་འགྲུབ་པར་ཤེས་པར་བྱའོ། །དེ་ནས་ཁྲོ་གཉེར་ཅན་སྒྲུབ་པར་འདོད་ན། དེས་དོན་ཡོད་པའི་ཞགས་པའི་ཏིང་ངེ་འཛིན་གྱིས་དེའི་བྷ་གའི་དབུས་ཀྱི་རྩའི་གདོང་དུ་སྔགས་པ་བདག་ཉིད་དོན་ཡོད་ཞགས་པའི་གཟུགས་སུ་བསྒོམས་ཏེ། དེ་ནས་དོན་ཡོད་ཞགས་པའི་ཚུལ་གྱིས་དེའི་པདྨ་དང་རྡོ་རྗེའི་སྦྱོར་བས་ལྷ་མོ་དེ་ཇི་སྲིད་གཙུག་ཏོར་བདེ་བའི་བར་དུ་བསྟེན་པར་བྱའོ། །དེ་ནས་མཉེས་ཏེ་མཆོག་སྩོལ་བར་འགྱུར་རོ། །རྡོ་རྗེ་དང་པདྨའི་རིམ་པའི་དེ་ཉིད་ཀྱིས་གང་འདོད་པ་དེ་བསྒྲུབ་པར་བྱའོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་དང་པདྨའི་སྦྱོར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་ཞུ་བ་ཞེས་བཤད་པ་ཇི་ལྟར་རྡོ་རྗེ་འབིགས་པར་བྱེད་པ་ལྟར་ཞུ་བ་ཡང་འབིགས་པར་བྱེད་པའོ། །པདྨའི་སྦྱོར་བ་ནི། པདྨའི་ཡེ་ཤེས་ནི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །ཇི་ལྟར་པདྨ་ཁ་བྱེ་བ་ཉིད་ན་སྐྱེ་བོ་ཐམས་ཅད་ཀྱི་དགའ་བར་འགྱུར་བ་བཞིན་དུ་བྷ་གའི་པདྨ་ཡང་དེ་བཞིན་ནོ། །ཡང་ན་འདི་ལྟར་པདྨ་འདམ་ལས་སྐྱེས་ཀྱང་འདམ་དེས་མ་གོས་པ་དེ་བཞིན་དུ་བྷ་ག་འདི་ལས་སྐྱེས་པ་ཡང་སྡིག་པའི་སྐྱོན་གྱིས་མ་གོས་པའི་ཚུལ་འདིས་པདྨ་ 146b ཞེས་བཤད་དོ། །དེས་ན་རྡོ་རྗེ་དང་པདྨའི་སྦྱོར་བས་གཞལ་དུ་མེད་པ་བྱེ་བ་ཕྲག་བརྒྱ་སྟོང་བགྲང་བ་ལས་འདས་པའི་སངས་རྒྱས་ཉིད་དུ་འགྱུར་ཏེ། རྒྱུ་དེས་ན་སློབ་དཔོན་འདི་སངས་རྒྱས་ཉིད་དུ་བཤད་དོ། །ཡང་ན་སྔགས་པ་འགའ་ཞིག་བདག་ཉིད་བྷ་གའི་དབུས་སུ་སྒོམ་པར་མི་ནུས་ན། འོན་ཀྱང་རྩ་དེ་རྣམས་འཛག་པ་དང་ལྡན་པའི་དམར་པོ་དང ། དཀར་པོ་དང ། སེར་པོ་དང ། སྔོན་པོའི་རྣམ་པར་བསམས་པས། དེ་ནས་ལས་ཐམས་ཅད་ཀྱི་དངོས་གྲུབ་ཇི་ལྟར་རིགས་པར་ཐོབ་པར་འགྱུར་རོ། །ཡང་ན་དེ་ཡང་མ་ནུས་ན། འོན་ཀྱང་རང་གི་ཚུལ་ཁོ་ནའི་རིག་པས་བུད་མེད་དེ་རྣམས་རང་གི་ལྷ་མོའི་གཟུགས་སུ་བསམས་ཏེ་བུད་མེད་དེ་དག་གི་ཞུ་བ་བཏུང་ཞིང་འཐུང་དུ་བཅུག་པས། དེ་ནས་ངེས་པར་སངས་རྒྱས་ཉིད་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ།་དེའི་ཕྱིར་གསང་བའི་སྦྱོར་བ་དོར་ནས་གཞན་པས་སངས་རྒྱས་ཉིད་མ་ཡིན་ནོ། །ལག་ན་རྡོ་རྗེ། དེའི་ཕྱིར་རང་གི་ཏིང་ངེ་འཛིན་གྱི་ཚུལ་འདི་ཉིད་ཀྱི་སྦྱོར་བས་རིག་པའི་ལྷ་མོ་ཐམས་ཅད་ཀྱང་བསྒྲུབ་པར་བྱ་སྟེ། འདི་ལ་ཐེ་ཚོམ་མི་བྱའོ། །ཡང་ན་ལག་ན་རྡོ་རྗེ། གལ་ཏེ་རང་གི་བཟའ་མོ་མ་རྙེད་ན། གཞན་གྱིའང་མཐའ་གཅིག་ཏུ་བཟུང་སྟེ་ཞུ་བ་བཏུང་བ་ལ་སོགས་པ་བྱ་སྟེ། དེ་ནས་དེ་འགྲུབ་པར་འགྱུར་རོ། །ཡང་ན་ཡུལ་གྱི་གཟུགས་འཚོང་མ་ལ་བདག་གིས་ཚུལ་འདིས་བསྟེན་པར་བྱའོ། །གལ་ཏེ་དེ་ཡང་མ་རྙེད་ན། དེ་ནས་རང་གི་ 147a ༄#། །སྙིང་གའི་རིག་པའི་ལྷ་མོ་བསམས་ཏེ་བསྟེན་པས་གལ་ཏེ་དེ་བསམས་པ་ན་སྔགས་པ་དེའི་ཞུ་བ་རེད་པར་གྱུར་ནས་དངོས་གྲུབ་འཐོབ་པར་ཤེས་པར་བྱའོ།། གལ་ཏེ་ཞུ་བ་བརྟན་པར་གྱུར་ན་ཡང་སྐྱེས་བུ་དེས་གྲུབ་པར་ཤེས་པར་བྱའོ། །བརྗོད་པ་འདི་ཕྱི་རོལ་གྱི་ཚུལ་ཅན་ལ་བཤད་པར་མི་བྱ་སྟེ། ཆེར་བྱོལ་བར་འགྱུར་རོ། །མཆོག་ཏུ་གསང་བའི་མཛོད་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ལྷ་མོའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟེན་པ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་རྗེས་སུ་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་ཆེན་པོ་དེས་ཕྱོགས་བཅུ་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་བཅུག་ཅིང་བཅུག་ནས་གཅིག་ཏུ་གྱུར་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་ཞེས་བྱ་བའི་དཀྱིལ་འཁོར་བཀའ་སྩལ་པ། དེའི་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་སྤྲས་པ། དྲ་བ་དང་དྲ་བ་ཕྱེད་པས་མཛེས་པ། ཟླ་བ་དང་ཟླ་བ་ཕྱེད་པས་བརྒྱན་པ། དར་ 147b གྱི་བ་དན་དང ། མེ་ཏོག་གི་ཆུན་པོས་ཉེ་བར་སྤུད་པ། སྒོ་བཞིར་དཀྱིལ་འཁོར་བཞི་དང་ལྡན་པ། གསེར་ལ་སོགས་པའི་ཕྱེ་མའི་རྡུལ་ཚོན་གྱིས་མཛེས་པ། ཕྱི་རོལ་གྱི་ཆ་སྒོ་བཞི་པ་ལ་དེ་ཉིད་ཀྱི་རྣམ་པས་བརྒྱན་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེའི་དབུས་སུ་མི་བསྐྱོད་པ་ལ་སོགས་པ་རྣམ་པར་གཞག་པར་བྱའོ། །དཀྱིལ་འཁོར་བཞི་པོ་རྣམས་སུ་དེ་བཞིན་གཤེགས་པ་རྣམས་དང ། སྒོ་བཞིར་སྒོ་སྐྱོང་བ་རྣམས་ལེགས་པར་གཞག་པར་བྱའོ། །རིག་པའི་ལྷ་མོ་དེ་དག་དཀྱིལ་འཁོར་གྱི་གྲཝར་ཡོངས་སུ་གཞག་པར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང ། ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་རྡོ་རྗེ་མེ་ཏོག་མ་ལ་སོགས་པ་གཞག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་བརྟེན་པར་གྱུར་པས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་གྲགས་ལགས་ན། ཅིའི་ཕྱིར་འཇིག་རྟེན་གསུམ་ཞེས་བགྱི། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། འཇིག་རྟེན་གསུམ་ཞེས་བྱ་བ་ནི། མཐོ་རིས་དང ། མི་ཡུལ་དང ། རྐང་འོག་ན་གནས་པ་རྣམས་སུ་བརྗོད་དོ། །འདི་རྣམས་ཀྱི་ནང་ན་ 148a ༄#། །གདུག་པ་ཅན་གྱི་སེམས་ཅན་གང་ལ་ལ་དག་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐྱབས་སུ་མི་འགྲོ་བ་དེ་རྣམས་འདུལ་ཞིང་རྣམ་པར་རྒྱལ་བས། དེའི་དོན་དུ་དཀྱིལ་འཁོར་དེ་ཡང་མིང་ཙམ་ཁོ་ན་མ་ཡིན་ནོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པ་ཇི་ལྟ་བུས་དེ་རྣམས་རྣམ་པར་དུལ་བར་འགྱུར། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་དང ། སྒོ་སྐྱོང་བ་དང ། ལྷ་མོ་རྣམས་དང ། ཕྱིའི་དཀྱིལ་འཁོར་གྱི་ནང་ན་རྣམ་པར་གནས་པ་རྣམས་ཉིད་ཀྱི་ཐུགས་ཀར་བཅུག་སྟེ། བཅུག་ནས་ཀྱང་གཅིག་ཏུ་མཛད་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་ཏེ་སངས་རྒྱས་ལྔའི་ཅོད་པན་གྱི་རྣམ་པ་དང ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བདེ་བ་དང ། ཡིད་བདེ་བ་ཐམས་ཅད་རྗེས་སུ་མྱོང་བའི་དོན་དང ། ཉོན་མོངས་པ་ཐམས་ཅད་སྦྱང་བའི་དོན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་དྲི་མ་མེད་ཅིང་སའི་ཕྱོགས་མཐའ་དག་ཁྱབ་པར་བརྗོད་དོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཟླ་བའི་དཀྱིལ་འཁོར་འདི་སུས་སྤྲུལ་པའང་བགྱིས་པ་ལགས། 148b དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག་།སུས་ཀྱང་མ་བྱས་ཤིང་སུས་ཀྱང་མ་སྤྲུལ་པའོ། །ལག་ན་རྡོ་རྗེ། དང་པོ་རེ་ཞིག་སེམས་སོ་སོར་རྟོགས་པར་བྱ་སྟེ། སྟོང་པ་ཉིད་ཀྱི་ཚུལ་དུ་སྒོམ་པའི་དོན་ཏོ། །དེ་ནས་ཨའི་ཡི་གེ་ལས་ནམ་མཁའ་དང་མཚུངས་པའི་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །ཇི་ལྟར་ནམ་མཁའ་རྟག་པའི་ཚུལ་དུ་གནས་པ་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་འདིའང་ཡིན་ནོ། །དེ་ལ་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་མེད་པའི་ཚུལ་དུ་རྣམ་པར་གཞག་གོ་།ཡང་ཀ་ལ་སོགས་པའི་ཡི་གེ་བདུད་རྩིའི་ཚུལ་དུ་རྣམ་པར་གཞག་གོ་།དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་ནམ་མཁའི་ཚུལ་དུ་བལྟ་བར་བྱའོ། །དེ་ནས་སེམས་སོ་སོར་རྟོགས་པར་འགྱུར་རོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཟླ་བ་གཉིས་པ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། བྱང་ཆུབ་ཟླ་བ་གཉིས་པ་ཤིན་ཏུ་དྲི་མ་མེད་ཅིང་རྣམ་པར་རྟོག་པ་ཐམས་ཅད་འཕྲོག་པ་སྟེ། རྣམ་པར་རྟོག་པ་མ་ལུས་པ་འཕྲོག་པར་བྱེད་པས་ན། རྣམ་པར་རྟོག་པ་ཐམས་ཅད་འཕྲོག་པ་སྟེ་ཕུལ་དུ་བྱུང་ཞིང་བླ་ན་མེད་པའི་དོན་ཏོ། །ལག་ན་རྡོ་རྗེ།་དེའི་ཕྱིར་བྱང་ཆུབ་ཟླ་བ་ཞེས་བཀའ་སྩལ་ཏོ། །གང་ཞིག་ཐོས་པས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པའོ། ། 149a ༄#། །ཟླ་བ་དེ་ཀ་ལ་སོགས་པའི་ཡི་གེ་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཡི་གེ་རྣམས་ཀྱི་རང་བཞིན་གང་ལགས། ཇི་ལྟ་བུའི་རྣམ་པས་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་ལྡན་པ་ལགས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག་།ཀ་ལ་སོགས་པའི་ཡི་གེ་འདི་རྣམས་གང་ལས་བྱུང་བ་དང ། ཇི་ལྟ་བུའི་རང་བཞིན་དང ། གང་གིས་སྤྲུལ་པ་ཉོན་ཅིག་།ཀ་སྒྲོག་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ནས་དེ་འོངས་ཏེ་སངས་རྒྱས་ཀྱི་ཡོན་ཏན་བལྟ་བ་སྟེ། དེ་དག་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྐུ་སྟེ། ནམ་མཁའ་དང་མཉམ་པའི་སྐུ་ཞེས་བྱ་བའི་དོན་ཏོ། །མི་ཕྱེད་པའི་རང་བཞིན་དང ། དྭངས་པའི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་གདུགས་སུ་གྱུར་པ། ས་ཕྱོགས་མཐའ་དག་ཁྱབ་པ། སྐྱེ་བ་དང ། རྒ་བ་དང ། འཆི་བ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། གདུང་བ་ལ་སོགས་པ་འགོག་པར་བྱེད་པ། བདུད་རྩིའི་རང་བཞིན་འཛག་པ། འཇིག་རྟེན་གསུམ་གྱི་རྣམ་པར་རྟོག་པ་འཕྲོག་པ། 149b དེ་ལ་གནས་ཤིང་ཤིན་ཏུ་ཏྲཊ་མ་ཊའི་རང་བཞིན་ཏེ་འཕྲོ་མེད་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཋའི་ཡི་གེ་དང་ལྡན་པའི་སྦྱོར་བ་མང་པོའི་དོན་ཏོ། །ཊའི་ཡི་གེ་དང་ལྡན་པས་རི་བོའི་ཚོགས་དང ། ཎའི་ཡི་གེ་དང་ལྡན་པས་ཤིན་ཏུ་འཇམ་པ་ཅན་སྐར་མ་ལ་སོགས་པའི་གཟུགས་ཀྱིས་དེ་ལ་འཇུག་སྟེ། ཇི་ལྟར་སྐར་མ་དྲི་མ་མེད་ཅིང་འོད་དང་ལྡན་པ་དེ་བཞིན་དུའང་སངས་རྒྱས་ཀྱི་ཡོན་ཏན་དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་དང་ཚུལ་ཁྲིམས་དང་ལྡན་པ་འཛིན་པའི་རང་བཞིན་ཏེ། ཇི་ལྟར་ས་འཛིན་པའི་རི་བོས་རྣམས་འཛིན་པ་དེ་བཞིན་དུ་དེས་ཀྱང་སེམས་ཅན་རྣམས་འཛིན་པའོ། །སེམས་ཅན་མེད་པ་རྣམས་ཀྱི་སྡིག་པའི་གྲོགས་པོ་དང་ལྡན་པ་གཞོམ་པའི་དོན་གྱི་ཡུམ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསང་བ་བསྐུལ་བ་འདིས་བསྟོད་པ། ལེགས་སོ་དཔལ་མཆོག་རྡོ་རྗེ་མཆོག་།སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། །ལེགས་པའི་རྣལ་འབྱོར་སྦྱོར་བའི་མཆོག་།ལེགས་པའི་མཆོག་རབ་བསྟོད་ཕྱག་འཚལ། །ལེགས་པའི་སྔགས་མཆོག་ཕྱག་རྒྱའི་མཆོག་།ཡེ་ཤེས་མཆོག་རབ་རབ་ཀྱི་མཆོག་།ལེགས་པའི་ལས་ཆེན་གྲགས་པའི་མཆོག་།རྡོ་རྗེ་མཆོག་རབ་བསྟོད་ཕྱག་འཚལ། །ལེགས་པའི་རིན་མཆོག་མཆོག་ཆོས་མཆོག་།སྙིང་ 150a ༄#། །པོ་རིག་སྔགས་དམ་ཚིག་མཆོག་།རྡོ་རྗེ་ཡེ་ཤེས་གསལ་བའི་མཆོག་།དཀྱིལ་འཁོར་མཆོག་རབ་བསྟོད་ཕྱག་འཚལ། །ཡེ་ཤེས་རྣམ་དག་ཀུན་གྱི་མཆོག་།སྟོང་ཉིད་མཆོག་ལ་མཉམ་པར་བཞག་།བརྩོན་འགྲུས་ལེགས་མཆོག་སེམས་དཔའི་མཆོག་།ཤེས་རབ་རབ་མཆོག་བསྟོད་ཕྱག་འཚལ། །ཡེ་ཤེས་ཀྱི་ནི་ཡུམ་རྣམས་ཀྱི། །སྙིང་པོ་བཅོམ་ལྡན་འདས་ཀྱིས་གསུངས། །ཕྱག་རྒྱ་སྔགས་དང་རིག་པ་དང ། །སྡོམ་དང་དམ་ཚིག་ཆེན་པོ་དང ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ཆེན་པོ་གསང་བའི་རྒྱན་གྱི་དཀྱིལ་འཁོར་ཟབ་མོའི་ཆོས་ཡུམ་རྣམས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། སྙིང་པོའི་ཕྱག་རྒྱ་སྔགས་རིག་རྣམས། །ཐ་སྙད་ཙམ་དུ་རྣམ་པར་གནས། །དེ་ལས་བྱུང་བའི་སྔགས་བདག་གིས། །དབྱེ་བ་བཞིན་དུ་བརྟག་པར་བྱ། །སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །གཞན་དུ་ཐ་སྙད་མཐོང་མ་ཡིན། །རིག་པའང་ཚོར་བའི་རྣམ་པ་ཡི། །མཚན་ཉིད་དུ་ནི་ཤེས་རབ་བཤད། །གསལ་བྱེད་ཀྱིས་ནི་ལེགས་གསལ་བྱས། །སྙིང་པོ་ཐ་སྙད་ཙམ་དུ་བཤད། །ཡུམ་རྣམས་ཀུན་གྱི་ཤེས་བྱ་བ། །གོ་རིམ་ཇི་ལྟ་བ་བཞིན་དུ། །དཀྱིལ་འཁོར་གྱི་ནི་འཁོར་ལོར་གཞག་།ཤེས་རབ་ས་བོན་དབྱངས་ཡིག་བཞི། །རྩིབས་ལ་ཡུམ་གྱི་ས་བོན་ནོ།། 150b ཡབ་ཀྱི་ས་བོན་འདབ་མ་ལ། །ལྷག་མ་ཕྱི་རོལ་ཤེས་པར་བྱ། །དཔྱོད་པ་ལྟེ་བ་རུ་བཤད་དོ། །དེ་ནས་སྤྱན་དྲངས་དེ་ཉིད་ཀྱིས། །ཆོས་ཀྱི་དབྱིངས་ནི་བརྗོད་པར་བྱ། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །སློབ་དཔོན་ཆོ་ག་རིག་པ་ཡིས། །དེ་ཚེ་ཇི་ལྟའི་ཆས་ཞུགས་ཏེ། །དཀྱིལ་འཁོར་དམ་པར་འཇུག་པར་བྱ། །ཆོས་ཀྱི་རང་བཞིན་དག་བརྗོད་དེ། །འགྲོ་བ་འདི་ནི་ཐ་སྙད་ཙམ། །ཆོས་ཀྱི་དེ་ཉིད་རྗེས་དྲན་པས། །མེ་ཏོག་སྙིམ་པས་དོར་བར་བྱ། །དེ་ནས་རང་ཉིད་དབང་བསྐུར་ཏེ། །རང་ཉིད་ཀྱང་ནི་ཐ་སྙད་ཙམ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་རྒྱལ། །དམ་པའི་དབང་ཕྱུག་འགྲུབ་པར་འགྱུར། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །སྔགས་པ་ཞུགས་པ་ཙམ་གྱིས་ཏེ། །དབང་བསྐུར་བས་ནི་སྨོས་ཅི་དགོས། །འདི་ཉིད་ཀྱིས་ནི་སྦྱོར་བ་ཡིས། །སློབ་མའི་དམ་པ་གཞུག་པར་བྱ། །ཆོས་ཀྱི་དེ་ཉིད་བཤད་ནས་སུ། །དཀར་པོའི་རས་ཀྱིས་གདོང་གཡོགས་ཏེ། །དེ་བཞིན་མེ་ཏོག་དོར་བར་བྱ། །ཆོས་དབྱིངས་ཀྱིས་ནི་བདག་གིས་བཞེས། །དེ་ཉིད་དམ་ཚིག་ཉན་དུ་གཞུག་།དམ་ཚིག་ཤེས་པའི་སློབ་མ་ནི། །མ་གཏོགས་གཞན་ནི་སུ་ལ་ཡང ། །ཁྱོད་ཀྱིས་མ་མོ་བསྒྲག་མི་བྱ། །གལ་ཏེ་རྨོངས་པས་བསྒྲགས་སྤྲོས་པ། །དམ་པ་རྣམས་ལ་ཕན་གདགས་པ་ལ་སོགས་པའི་སྦྱོར་བས་ཕན་པ་དང ། 151a ༄#། །ཐེག་པ་ཆེན་པོའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །གསང་བའི་མཆོད་པ་ཐམས་ཅད་དང་ལྡན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེར་བར་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་ཆགས་པའི་ངང་ཚུལ་སྒྲེག་པའི་རོ་དང་ཡང་དག་པར་ལྡན་པ་སྐྱེས་པ་དང་བུད་མེད་ལ་སོགས་པ་དབང་དུ་བྱེད་པའི་རང་བཞིན་དང ། དངོས་གྲུབ་ཐམས་ཅད་བྱེད་པ་དུང་གི་སྒྲ་དང་ལྡན་པས་འཇིག་རྟེན་གསུམ་གྱི་སྒྲའི་འདྲེན་པས་སེམས་ཅན་ཐམས་ཅད་ལ་ཕན་པ་རྗེས་སུ་མཛད་པ་ཧཱ་ཧཱའི་རྣམ་པའི་གད་རྒྱངས་དང་ལྡན་པའི་སྙིང་རྗེ་ཅན། བདུད་རྩིའི་རྒྱུན་གྱིས་ཡི་གེའི་སྦྱོར་བས་བུད་མེད་དང་སྐྱེས་པ་རྣམས་ཀྱི་བདེ་བའི་མཆོག་སྟེར་བར་མཛད་པའོ། །ལག་ན་རྡོ་རྗེ། འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པ་རྣམས་ཀྱིས་དེ་དག་ཐམས་ཅད་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་བརྟེན་པར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པ་གང་གིས་སེམས་ཅན་གང་གདུག་པའི་སེམས་དང་ལྡན་པ་དེ་རྣམས་འདུལ་བར་འགྱུར་ལགས། དེ་ནས་བཅོམ་ལྡན་ 151b འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེ་སེམས་དཔའ་དམ་ཚིག་འབྱུང་བ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་སེམས་དཔའ་སྐུ་སྙེམས་པ་དང་བཅས་ཤིང་དཀར་\?\་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འབར་བའི་འོད་ཟེར་གྱི་རྣམ་པ་ཅན། རྡོ་རྗེ་གསོར་བར་མཛད་པ། རེ་བ་ཐམས་ཅད་ཡོངས་སུ་སྐོར་བ། རྡོ་རྗེ་སེམས་དཔའ་ཉིད་ངེས་པར་སྟེར་བ་པོ་ངེས་པར་ཕྱུང་ངོ ། །རྡོ་རྗེ་སེམས་དཔའ་སྐུ་དེས་རི་རབ་རི་ལ་གནས་པའི་ལྷ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་བཀུག་སྟེ་རྡོ་རྗེ་ཞགས་པས་བཅིངས་ནས་རྡོ་རྗེ་འབེབས་པས་བཅུག་སྟེ་རྡོ་རྗེ་དྲིལ་བུས་ཚིམ་པར་མཛད་དོ། །སྒྲུབ་པར་མཛད་དོ། །ཛཿ ཧཱུཾ་བཾ་ཧོ། ལག་ན་རྡོ་རྗེ། ཕྱི་ནས་ལྷ་རྣམས་ཀྱིས་གདུག་པའི་སེམས་ཅན་རྣམས་བསྒྲུབ་པར་བྱའོ། །དེ་ནས་སེམས་ཅན་དེ་རྣམས་ཐེག་པ་ཆེན་པོའི་ཚུལ་གྱི་ཤིང་རྟ་ལ་ཡང་དག་པར་ཞོན་པ་དང ། དཀྱིལ་འཁོར་དང ། དམ་ཚིག་གི་སྦྱོར་བ་དང་ཡང་དག་པར་ལྡན་པ་དང ། དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་དམ་ཚིག་ཐམས་ཅད་ཤེས་པར་འགྱུར་རོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་ནའང་རྣམ་པ་ཇི་ལྟ་བུས་གདུག་པ་ཅན་གྱི་སེམས་ཅན་འཇུག་པར་བགྱི། དེ་ནས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ 152a ༄#། །པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཉོན་ཅིག་ལག་ན་རྡོ་རྗེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཚུལ་གྱི་ཚུལ་དེ་ཉིད་ཀྱིས་སེམས་ཅན་དེ་རྣམས་བཀུག་སྟེ་གཞུག་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཚུལ་དེ་ཉིད་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་འཛིན་པར་གྱུར་ཏོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཆེར་གཏུམ་ཞིང་ཁྲོ་བ། གནོད་སྦྱིན་གྱི་བདག་པོ་ཆེན་པོ་མཆུ་དང་མཆེ་བ་རྣམ་པར་གཙིགས་ཤིང་ཞལ་བཞི་པ། ཁྲོ་བོ་ཆེན་པོའི་སྐུ་འཇིག་རྟེན་གསུམ་པོ་མཐའ་དག་འབར་བའི་འོད་ཀྱི་རྣམ་པ་ཅན། རྡོ་རྗེ་འོད་ཟེར་གྱི་ཕྲེང་བ་དུ་མས་ལས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་དུ་མ་ཕྱུང་བ། སྣང་བ་ཆེན་པོ་དང་ལྡན་པ་རྡོ་རྗེ་འབར་བ་ཆེན་པོའི་མཚོན་ཆ་ཅན་བྱུང་སྟེ་འདི་ལྟ་བུའི་སྐུ་འཛིན་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་བརྟན་པར་གྱུར་པས་བཀས་གནང་བར་གསོལ་པ། བདག་གིས་ཅི་བགྱི་བ་བཀས་གནང་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྡོ་རྗེ་ཧཱུཾ་མཛད་ལ་བཀའ་སྩལ་པ། གདུག་པ་ཅན་གྱི་སེམས་ཅན་འདི་རྣམས་ཁུག་ལ་ཆུག་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་ཉེ་བར་ཐོས་ནས་མི་ཡུལ་དང ། བར་སྣང་དང ། རྐང་འོག་ན་གནས་པའི་ལྷ་ 152b རྣམས་དང ། མཁའ་འགྲོ་མ་ལ་སོགས་པ་རྣམས་དང ། གཟའ་ཐམས་ཅད་དེའི་སྐད་ཅིག་ཙམ་ལ་བཀུག་ནས་ཀྱེ་གྲོགས་པོ་དག། ཁོ་བོའི་དཀྱིལ་འཁོར་དུ་ཞུགས་ཤིག་ཁོ་བོའི་བཀའ་སྩལ་པ་ཉོན་ཅིག། དེ་ནས་སེམས་ཅན་ཕྲ་མོ་དེ་དག་ཞུགས་ཏེ་བཅོམ་ལྡན་འདས། བདག་ཅག་གིས་བཀའ་ལུང་ཇི་ལྟར་བགྱི། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲོག་ཆགས་གསོད་པ་ལ་སོགས་པའི་མི་དགེ་བ་རྣམས་མ་བྱེད་ཅིག་།སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐྱབས་སུ་སོང་ཞིག་།བཅོམ་ལྡན་འདས། བདག་ཅག་གིས་དེ་ལྟར་བགྱིའོ། །ཞེས་གསོལ་ཏེ་ཕྱིར་བྱུང་ངོ ། །དེ་ནས་ལྷ་ལ་སོགས་པ་དེ་དག་ཕན་ཚུན་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་ཏེ། འུ་བུ་ཅག་དཀྱིལ་འཁོར་འདིར་འཇུག་པ་འདི་ཀོ་སུ་ཞིག། དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་ཧཱུཾ་མཛད་དེས་སེམས་ཅན་དེ་ལ་བཀའ་བསྒོ་བ། ཀྱེ་གདུག་པ་ཅན་གྱི་སེམས་ཅན་དག་།ཁོ་བོའི་བཀའ་བཞིན་བྱོས་ཤིག། ཁོ་བོའི་རྐང་པ་ལ་གཏུགས་ལ་ཁོ་བོའི་དཀྱིལ་འཁོར་དུ་ཞུགས་ཤིག། དེ་ནས་ལྷ་ལ་སོགས་པ་དེ་རྣམས་དེའི་བཀའ་ཉེ་བར་ཐོས་ནས་འདི་སྐད་ཅེས་སྨྲའོ། །ཁྱོད་ཀྱི་མིང་ཅི། ཅིའི་ཕྱིར་ཁོ་བོ་ཅག་གིས་ཁྱོད་ཀྱི་ངག་མཉན་པར་བྱ། དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་རྡོ་རྗེ་འབར་བ་ 153a ༄#། །དེས་ལྷ་ལ་སོགས་པ་དེ་རྣམས་ལྷན་ཅིག་ཁྲོས་ཏེ་རྩོད་པ་ཆེན་པོ་བྱས་པས་དེ་དག་ཐམས་ཅད་འགྱེལ་བར་གྱུར་ཏེ། །དེ་ནས་གདུག་པ་ཅན་གྱི་སེམས་ཅན་བརྒྱལ་བར་གྱུར་ཏེ་སླར་ཡང་ལག་པས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ། དེ་ལྟར་བདག་ཅག་གིས་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ལྷ་ལ་སོགས་པ་དེ་དག་དཀྱིལ་འཁོར་དུ་བཅུག་སྟེ་བསྟན་ཏོ། །དཀྱིལ་འཁོར་མཐོང་ནས་རྣམ་པར་སྣང་མཛད་ཆེན་པོའི་ཞབས་གཉིས་ལ་གཏུགས་ཏེ་རྒྱང་དུ་གནས་ནས་འདི་སྙམ་དུ་སེམས་ཀྱིས་བསམས་པ། བཅོམ་ལྡན་འདས་འདི་ནི། འདི་ལྟར་བདག་ཉིད་ཆེ་བ་འདི་ལྟ་བུའི་བྲན་ཡང་སྟོབས་དང་ལྡན་པའོ། །ེ་མའོ་ཆོས་ཀྱི་བདག་ཉིད་ཆེན་པོ་གང་གི་བྲན་གྱི་ངག་ཙམ་གྱིས་ཀྱང་ལྷ་ལ་སོགས་པ་འདི་དག་བརྒྱལ་བར་གྱུར་ཏོ། །སྙམ་སེམས་སོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་དེ་དག་ཐམས་ཅད་ལ་སྐྱབས་གསུམ་དང་སྡོམ་པ་དང་བསླབ་པ་བྱིན་ཏེ། རྡོ་རྗེའི་ཆུས་གཏོར་ནས་རྡོ་རྗེ་སྤྱི་བོར་གཞག་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལྷ་དག་།ཆོས་འདི་ལས་འདའ་བར་མ་བྱེད་ཅིག་།དེ་ནས་ལྷ་ལ་སོགས་པ་དེ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཕྱག་ན་རྡོ་རྗེ། གང་ཡང་འགའ་ 153b ཞིག་ཐེག་པ་ཆེན་པོ་ལ་སྨོད་པར་འགྱུར་བ་དེའི་སྲོག་བདག་གིས་བླང་བར་བགྱིའོ། །གང་དག་ཐེག་པ་ཆེན་པོ་ལ་གནས་པ་དེའི་གནས་སུ་རིང་དུ་གནས་ཏེ་སྒོ་བཞི་དང ། ཕྱོགས་བཅུར་ཡོངས་སུ་བསྐྱབ་པ་ལ་སོགས་པ་བགྱི་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཆེན་པོ་ལྟ་བུ་ནམ་མཁའི་མཐོངས་ན་ནམ་མཁའ་ལྟར་སྔོ་བ། ལག་ན་རྩེ་གསུམ་འཛིན་པ། ཚད་ནམ་མཁའི་ཁམས་ཐམས་ཅད་དང་མཚུངས་པར་ཁྱབ་པའི་རལ་པའི་ཐོར་ཚུགས་འཆང་བ། ཚོགས་དུ་མས་ཡོངས་སུ་བསྐོར་བ། ཟླ་བ་ཕྱེད་པ་འཛིན་པ། ཅུང་ཟད་དགོད་པའི་རང་བཞིན་ཅན། སྙེམས་པ་དང་བཅས་པས་རྔམ་པར་གནས་པ་འདི་སུ་ཞིག་ལགས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། འདི་ནི། ལྷ་ཆེན་པོ་ཞེས་བརྗོད་པ་སྙེམས་པའོ། །ང་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོའོ། །གཞན་གང་ཡིན་པ་འགུགས་པར་བྱེད་པའོ། །ཞེས་འདི་ལྟ་བུའི་སྙེམས་པའི་རྣམ་པར་འཁྲུལ་པ་ཆེན་པོས་གནས་པའོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས། གདུག་པ་འདི་ཅི་འཇིག་རྟེན་གསུམ་གྱི་བདག་པོ་ཉིད་ཀྱིས་གནས་ 154a ༄#། །ལགས་སམ། ལག་ན་རྡོ་རྗེ། དེ་དེ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཁྲོ་བ་དང་བཅས་པའི་གདོང་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་ཉི་མ་བྱེ་བ་སྟོང་ཕྲག་བཅུ་གཉིས་ཀྱི་སྣང་བ་དང་མཚུངས་པ། ཆུ་གཏེར་ཆེན་པོའི་སྒྲ་སྒྲོག་པ། འཇིག་པའི་དུས་ཀྱི་རླུང་གིས་དཀྲུགས་པ་ལྟར་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་ཁྲོ་བོ་ཆེན་པོའི་སྐུར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གནས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གདུག་པ་ཅན་གྱི་སེམས་ཅན་འཇིག་རྟེན་གསུམ་གྱི་བདག་པོར་གནས་པ་འདི་རྡོ་རྗེ་འབར་བ་འདིས་འཁོར་དང་བཅས་པའི་ལུས་ཐམས་ཅད་བསྲེག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་འཇིག་རྟེན་གསུམ་གྱི་བདག་པོའི་མདུན་དུ་དེ་ལྟ་བུའི་སྐུར་གྱུར་པས་འཁོད་དོ། །དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་བདག་ཉིད་ཀྱི་འཁོར་རྣམས་ཀྱིས་གཡུལ་ཆེན་པོ་འགྱེད་པར་བརྩམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འཁོར་དང་བཅས་པ་དེ་རྣམས་ལ་རྡོ་རྗེ་ཀུན་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པས་བསྣུན་པར་གྱུར་ཏོ།། དེ་ནས་འཇིག་རྟེན་གསུམ་གྱི་བདག་པོས་དེ་དག་ཐམས་ཅད་བསད་པར་མཐོང་ནས་སྙིང་འདར་ཞིང་ཆུང་མ་དང་བཅས་པ་ལྕགས་གསུམ་གྱི་ར་བས་བསྐོར་ཏེ་གནས་སོ། ། 154b དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་རྡོ་རྗེ་དེ་དང ། མཚོན་ཆ་དེ་དག་ཐམས་ཅད་ཀྱིས་དེའི་ལྕགས་གསུམ་གྱི་ར་བ་ཤིན་ཏུ་བསྲགས་ཏེ་འཇིག་རྟེན་གསུམ་གྱི་བདག་པོ་ལྷ་ཆེན་པོ་ཆུང་མ་དང་བཅས་པ་དེ་ལ་ལྕགས་ཀྱུ་དེ་དང་རྡོ་རྗེས་བསྣུན་ཅིང་བཀུག་ནས་ཞབས་གཉིས་ཀྱི་དྲུང་དུ་བསྐྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གདུག་པ་ཅན་གྱི་སེམས་ཅན་བཀུག་པ་འདི་ལ་དེ་བདག་གིས་ཇི་ལྟར་བགྱི། དེ་སྐད་ཅེས་གསོལ་པ་དང ། སྐབས་དེ་ཉིད་དུ་ཆུང་མ་དང་བཅས་ཏེ་ལྷ་ཆེན་པོ་ལངས་ནས་སླར་བྲོས་པར་གྱུར་ཏོ། །སོང་ནས་ཀྱང་དེར་ནམ་མཁའི་ཚད་ཙམ་གྱི་བཤང་བ་དང ། གཅི་བ་ཤིན་ཏུ་མནམ་པའི་དྲི་དུ་མ་དང་ལྡན་པ་མི་གཙང་བའི་ར་བས་བསྐོར་ཏེ་གནས་སོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་རྣམ་པར་བལྟས་པ་དང ། གདུག་པ་ཅན་གྱི་སེམས་ཅན་དེ་མ་མཐོང་སྟེ་བར་སྣང་དུ་རྣམ་པར་བལྟས་པས་ཚུལ་དེ་ལྟ་བུ་མི་གཙང་བའི་ར་བས་བསྐོར་ཏེ་གནས་པ་གཟིགས་སོ། །དེ་ནས་ཀུན་ནས་འབར་རབ་ཏུ་འབར་བའི་རྡོ་རྗེ་དེས་ར་བ་དེ་བཤིག་སྟེ་ལྷ་ཆེན་པོ་ཆུང་མ་དང་བཅས་པ་དེ་བཀུག་ནས་བསྒྱེལ་ཏེ་ཞབས་གཡོན་པའི་འོག་ཏུ་དེའི་མགོ་མནན་ནས་གཡས་པས་ལྷ་མོ་ཨུ་མའི་ནུ་མ་རྒྱས་པ་དག་མནན་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སེམས་ 155a ༄#། །ཅན་གདུག་པ་ཅན། ཁྱོད་ལ་ཇི་ལྟར་བྱ། དེ་ནས་ལྷ་དེ་རྣམས་འཇིག་རྟེན་གསུམ་གྱི་བདག་པོ་དེ་འདི་ལྟ་བུའི་གནས་སྐབས་སུ་གྱུར་བར་མཐོང་ནས་ངོ་མཚར་དུ་གྱུར་ཅིང་སྐྲག་པ་དང་བཅས་པས་འདི་སྙམ་དུ་སེམས་ཏེ་ཀྱེ་མའོ། །འཇིག་རྟེན་གསུམ་གྱི་བདག་པོའི་གནས་སྐབས་བདག་ནི། བཟང་གི། དེ་ནི། དེ་ལྟ་མ་ཡིན་ནོ་སྙམ་མོ། །དེ་ནས་ལྷ་ཆེན་པོས་ལྷ་དེ་རྣམས་མཐོང་ནས་དཔའ་ཚན་བསྐྱེད་དེ་བྱང་ཆུབ་སེམས་དཔའ་དེ་ལ་འཇིག་རྟེན་གསུམ་འཇིགས་པར་བྱེད་པའི་འཇིགས་བྱེད་ཀུ་ཅོ་ཆེན་པོས་འཇིག་རྟེན་གསུམ་དུ་ཆེར་བསྒྲགས་པས་འཇིགས་པ་བསྐྱེད་པ་བརྩམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་ལྷ་ཆེན་པོ་དེ་ཞབས་གཡོན་པས་ཆེས་ཤིན་ཏུ་བརྫི་བ་མཛད་ཀྱང་དེ་ལྟ་ནའང་དེ་སྒྲ་གཅོག་པར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆ་གཅིག་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་གནས་ནས་གཞན་ཕྱག་ན་རྡོ་རྗེའི་གཟུགས་སུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་གདུག་པ་ཅན་འདིའི་སྒྲ་ཆེན་པོ་འབྱིན་པ་ལ་བདག་གིས་ཇི་ལྟར་བགྱི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་བགེགས་ཐམས་ཅད་རྣམ་པར་འཇོམས་པ་རྡོ་རྗེ་ 155b ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་ཐུགས་ལས་སྙིང་པོ་འདི་ཕྱུང་ངོ ། །ཧཱུཾ།་སྙིང་པོ་འདིས་རྡོ་རྗེའི་ཞབས་ཀྱིས་སྤྱི་བོར་བསྣུན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྙིང་པོ་དེའི་མིང་ཅི་ལགས། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། སྙིང་པོ་འདི་ནི། སེམས་ཅན་གདུག་པ་ཐམས་ཅད་ཀྱི་སྙིང་འདྲལ་བར་བྱེད་པའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་དེ་སྐད་ཐོས་ནས་ཅུང་ཟད་འཛུམ་པའི་བཞིན་གྱིས་འཇིགས་པ་ཆེན་པོའི་རླུང་གི་ཤུགས་ཀྱིས་བདས་པའི་རྒྱ་མཚོའི་རྦ་རླབས་བརྡབས་པའི་སྒྲ་ལྟ་བུས་ཧཱུཾ། སེམས་ཅན་གདུག་པ་ཅན་འདུག་ཅིག་།འདུག་ཤིག་ཅེས་སྨྲ་ཞིང ། ཞབས་གཡོན་པས་སྤྱི་བོར་རྒྱབ་ནས་བསྣུན་ནོ། །དེ་ནས་ལྷ་མོ་དེས་ལག་པ་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ནས་འདི་སྐད་ཅེས་སྨྲ་བར་བྱེད་དོ། །ེ་མའོ།། གཟི་བརྗིད་ཆེན་པོ་འདི་གང་གི་ཕྱིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བདག་གི་བདག་པོ་ཡང་ཞབས་གཡོན་པས་ཀུན་ནས་མནན་ནས་འདིའི་བྲན་མོ་ཉིད་མཆོག་སྟེ། ང་ཡང་འདིའི་ཆུང་མ་བྱ་སྙམ་ཞེས་སྨྲའོ། །བདག་གང་གི་ཕྱིར་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་བཟོད་པ་བས་དེ་ནས་ཡང་དེས་རྗེས་སུ་བསམས་པ། བདག་གི་བདག་ 156a ༄#། །པོ་འཇིག་རྟེན་གསུམ་གྱི་དབང་ཕྱུག་འདི་གཟུགས་བཟང་ཡང་སྟོབས་དང་ལྡན་པ་མ་ཡིན་ནོ་སྙམ་མོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་དེའི་སེམས་མཁྱེན་ཏེ་སླར་ཡང་ཁྲོ་བ་དང་བཅས་པའི་ལྟ་སྟངས་ཀྱིས་གཟིགས་ཏེ། ཨེ་མའོ། །བུད་མེད་འདི་ནི། ཤིན་ཏུ་གཟུགས་དང་ལྡན་ལ་ཡིད་དུ་འོང་བའོ་ཞེས་གསུངས་སོ། །དེ་ནས་ལྷ་ཆེན་པོ་དེས་སླར་ཡང་ཡན་ལག་དང་ཉིང་ལག་བསྐྱོད་ཅིང་སོས་མཆུ་ཟ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་དེ་ལ་གཟིགས་ཏེ་ཁྲོ་བ་དང་བཅས་པས་རྡོ་རྗེའི་མཚོན་ཆ་དེས་ཀུན་ནས་བསྣུན་ཏེ་བསད་པར་གྱུར་ཏོ། །དེ་ནས་ལྷ་མོ་དེ་འདི་སྐད་ཅེས་སྨྲ་ཞིང་ངུ་བར་བྱེད་དོ། །ཇི་ལྟར་བདག་གི་བདག་པོ་འཇིག་རྟེན་གསུམ་གྱི་མངའ་བདག་དེ་འདིས་བསད་ན། བདག་གིས་ཇི་ལྟ་བྱ་ཞེས་སྨྲའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཡང་ལྷ་མོ་ཞབས་གཡོན་པས་ཤིན་ཏུ་བརྫིས་ཏེ་གསད་པར་བརྩམས་སོ། །དེ་ནས་ལྷ་མོ་དེ་འདར་བའི་ཡིད་ཀྱིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། ཅི་བདག་འགུམ་པར་མཛད་དམ། བདག་ཁྱོད་ཀྱི་བྲན་མོར་མཆིའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་སླར་ཡང་ཡ་མཚན་དང་བཅས་པའི་ལྟ་སྟངས་ཀྱིས་དེ་ལ་གཟིགས་ཏེ། བུད་མེད་མཛེས་མ་འདི་བཅོམ་ལྡན་འདས་ལ་བླ་མའི་ཡོན་དུ་དབུལ་བར་བྱའོ་སྙམ་ 156b དུ་དགོངས་སོ། །དེ་ནས་ལྷ་མོ་དེས་ཕྱག་ན་རྡོ་རྗེ་ལ་གསོལ་བ། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་འདིའི་སྲོག་ཡོངས་སུ་བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལྷ་མོ་དེའི་ཚིག་གསན་ནས་ཐུགས་རྗེ་དང་ལྡན་པའི་ཐུགས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། སེམས་དཔའ་ཆེན་པོ་འདི་ཐོང་ཞིག། སྐལ་བ་དང་ལྡན་པ་འདི་སངས་རྒྱས་ཉིད་དུ་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གདུག་པ་ཅན་གྱི་སེམས་ཅན་འདི་ཇི་ལྟར་སྐལ་བ་དང་ལྡན་པ་ལགས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། འདི་ནི།་སྐལ་བ་དང་ལྡན་པ་ཡིན་གྱི། དེས་ན་ཐོང་ཞིག་།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འཇིག་རྟེན་གསུམ་གྱི་བདག་པོ་ལ་འཆི་བ་ཡོངས་སུ་འཚོ་བར་བྱེད། ཨོཾ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་ཞེས་བྱ་བའི་སྔགས་ཀྱིས་འཚོ་བར་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །བཟང་མོ་འདི་གལ་ཏེ་སྟེར་ན། དེ་ནས་གཏང་བར་བྱའོ། །དེ་ནས་ལྷ་ཆེན་པོ་སྡུག་བསྔལ་མང་པོ་དེ་ལས་ལངས་ཏེ་ཤིན་ཏུ་སྟོབས་ཞན་པས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཆུང་མ་འདི་ལྟ་ 157a ༄#། །སྨོས་ཀྱང་ཅི་འཚལ། གཞན་ཡང་བླ་མའི་ཡོན་དུ་དབུལ་བར་བགྱི། དེ་ནས་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་དེ་བཀྲོལ་ལོ། །བཀྲོལ་ནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ཡང་བཅོམ་ལྡན་འདས་སེམས་དཔའ་ཆེན་པོ་ཁྱོད་ཀྱི་དཀྱིལ་འཁོར་དུ་ཞུགས་ལ་ཁྱོད་ཀྱི་བཀའ་བཞིན་དུ་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་དེ་ལ་སྡོམ་པ་གནང་བ། དེང་འདི་ནས་བརྩམས་ཏེ་སྲོག་ཆགས་གསོད་པ་ལ་སོགས་པ་མ་བྱེད་ཅིག་།དེ་ནས་གདོང་བཅིངས་པ་བཀྲོལ་ཏེ་དཀྱིལ་འཁོར་བསྟན་ཏོ། །དེ་ནས་ལྷ་ཆེན་པོས་དཀྱིལ་འཁོར་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཨེ་མའོ། །དཀྱིལ་འཁོར་འདི་ནི། ཤིན་ཏུ་མཛེས་སོ། །ཞེས་སྨྲའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེ་མཐོང་ནས་ཀྱེ་མའོ། །སྡིག་ཅན་བདག་ཇི་ལྟར་འདིའི་བཀའ་བཞིན་ཐོག་མ་ཉིད་དུ་མ་བྱས་སོ། ། ཞེས་ཡིད་ལ་བྱེད་དེ་མྱ་ངན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ལྷ་ཆེན་པོ་དེ་ལ་རྡོ་རྗེ་དེས་རྡོ་རྗེའི་ཆུས་དབང་བསྐུར་རོ། །དབང་བསྐུར་བ་ཉིད་ན་ཐལ་བའི་དབང་ཕྱུག་ཏུ་ལུང་བསྟན་ཏེ། ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་སུ་ཐལ་བའི་དབང་ཕྱུག་ཅེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་རྡོ་ 157b རྗེའི་མིང་འདིའི་དབང་གིས་དབང་བསྐུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐལ་བའི་དབང་ཕྱུག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བླ་མ་ལ་ཡོན་དབུལ་བའི་རེད་པ་ཅུང་ཟད་མཆིས་ན། བཅོམ་ལྡན་འདས། དེ་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་ཐལ་བའི་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་བླ་མ་ལ་ཡོན་དབུལ་བ་ནི། ཁྱོད་ཀྱིས་ཚུལ་འདི་ལས་འདའ་བར་མི་བྱ་བ་ཉིད་དང ། གཞན་ལ་ཡང་ནམ་དུའང་སྨྲ་བར་མ་བྱེད་ཅིག། དེ་ནས་ཡང་ལྷ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ལྟ་ལགས་མོད་ཀྱང་ཅི་ནས་ཀྱང་བླ་མའི་ཡོན་བཞེས་སུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲའོ། །བླ་མའི་ཡོན་ཅི་ཕུལ་བ་དེ་ངས་བླང་བར་བྱའོ། །དེ་ནས་སེམས་དཔའ་ཆེན་པོ་དེས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་ཆུང་མ་འདི་དབུལ་བར་བགྱི་ཞིང་རྫས་ལ་སོགས་པའང་དབུལ་བར་བགྱིའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཆུང་མ་འདི་བླང་བར་བགྱིའམ། འོན་ཏེ་རྫས་ལ་སོགས་པ་བླང་བར་བགྱི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་ 158a ༄#། །པོས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། རྫས་ཀྱིས་ཅི་ཞིག་བྱ། གལ་ཏེ་ཆུང་མ་འདི་འབུལ་ན། ཁྱོད་ཀྱིས་ཟུངས་ཤིག་།རྣམ་པར་རྟོག་པ་ཅི་ཡང་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་པ། སེམས་དཔའ་ཆེན་པོ། བདག་ལ་ཆུང་མ་བྱིན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཐལ་བའི་དབང་ཕྱུག་དགའ་ཞིང་རངས་ཏེ་རབ་ཏུ་མགུ་བའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཆུང་མ་དེ་ཕུལ་ལོ། །དེ་ནས་ལྷ་མོ་དེས་ཕྱག་ན་རྡོ་རྗེ་ཤིན་ཏུ་གཞོན་པ། མཛེས་པའི་བདག་ཉིད་ཅན་མཐོང་ནས་དགའ་ཞིང་རངས་ཏེ་བདག་སྐལ་བ་དང་ལྡན་ནོ་སྙམ་བསམས་ཏེ་དེ་ལ་གསོལ་པ། ཨེ་མའོ་བཅོམ་ལྡན་འདས་ཀྱི་ཆོས་ནི། སེམས་ཅན་རྣམས་ཀྱི་ཕྱིར་འདི་ལྟ་བུའི་གཟུགས་སུ་བསྒྱུར་ཏེ་འཇིགས་པའི་གཟུགས་འཛིན་པ་ནི།་བདག་གི་བདེ་བ་དང་ཡིད་བདེ་བ་བསྐྱེད་པའི་དོན་དུ་དཀྱིལ་འཁོར་དུ་འཇུག་པ་ཐོབ་པའི་དོན་དུ་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐལ་བའི་དབང་ཕྱུག་ཡིད་ལ་འདི་ལྟར་སེམས་པར་གྱུར་ཏེ་ཨེ་མའོ་འདི་ནི། ངོ་མཚར་ཆེ་སྟེ། བདག་གི་ཆུང་མ་འདིས་བདག་བགྲང་བར་མི་བྱེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་དེ་ 158b བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་ཐལ་བའི་དབང་ཕྱུག་ཅེས་བྱ་བ་དེ་ལ་ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་སུ་དབང་བསྐུར་རོ། །ཁྱོད་འཇིག་རྟེན་གྱི་ཁམས་དེར་སོང་ཞིག་།དེ་ནས་དེ་བཞིན་གཤེགས་པ་ཐལ་བའི་དབང་ཕྱུག་དེ་དེ་བཞིན་གཤེགས་པ་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་དེར་དབང་བསྐུར་བ་ཙམ་གྱིས་སོང་ངོ ། །དེ་ནས་ལྷ་མོ་དེ་དེའི་གཟུགས་ཕུན་སུམ་ཚོགས་པ་རང་གིས་མཐོང་ནས་སླར་ཡང་སྨྲས་པ། འདིའི་བྲན་མོ་མཆོག་ཏུ་འགྱུར་རམ་མ་ཡིན་ཏེ། དེའི་ཆུང་མ་མཆོག་ཏུ་འགྱུར། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་མཛེས་མ་དེ་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གནས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་བླ་མའི་ཡོན་བཅོམ་ལྡན་འདས་བཞེས་སུ་གསོལ། ཁྱོད་ལ་བདག་གི་མཛེས་མ་འདི་དབུལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཁྱོད་ཉིད་ལ་ཞོག་ཅིག་།དེ་ནས་ལྷ་མོ་དེ་སླར་ཡང་འདི་སྙམ་དུ་སེམས་པར་གྱུར་ཏོ། །གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ལ་བདག་བླ་མའི་ཡོན་དུ་འདིས་ཕུལ་བ་དེ་ལྟ་ན། འདིའི་བྲན་ཉིད་དུ་གྱུར་ཀྱང་བདག་སྐལ་བ་དང་ལྡན་ནོ་སྙམ་མོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ 159a ༄#། །ཏོ། །བཅོམ་ལྡན་འདས། མཇེས་མ་འདི་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། དེ་ལྟར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཟུང་སྟེ་རྣམ་པར་བརྟགས་ནས་རྡོ་རྗེའི་ཆུས་དབང་བསྐུར་ཏེ་བརླ་ཟུང་གི་སྟེང་དུ་བཞག་ནས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཀྱི་ལྷ་མོ་ཆེན་མོ་ཁྱོད་ཡིན་ནོ། །དེ་ནས་ལྷ་མོ་དེས་འདི་ལྟ་བུའི་བཀའ་ཉེ་བར་ཐོས་ནས་དགའ་ཞིང་རངས་པའི་ཡིད་ཀྱིས་གནས་སོ། །དེ་ནས་ཡང་ལྷ་ལ་སོགས་པ་དང ། གཟའ་རྣམས་ཀྱིས་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དང་བཅས་པ་ཕྱག་ན་རྡོ་རྗེ་དང་ཐབས་ཅིག་པ་དཀྱིལ་འཁོར་ཆེན་པོ་ལ་ལན་གསུམ་དུ་གཡས་ནས་བསྐོར་ཞིང་རྒྱང་ནས་ཕྱག་བྱས་ཏེ་འགྲོ་བར་བཀའ་ནོད་ཅིང་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་བཀའ་སྩལ་པ། ཐེག་པ་ཆེན་པོ་འདི་འབད་པས་ཤིན་ཏུ་སྲུང་བར་བྱོས་ཤིག་།དེ་ནས་ལྷ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ལ་ལ་དག་ཐེག་པ་ཆེན་པོ་ལ་སྨོད་ཅིང་ཐེག་པ་ཆེན་པོ་སུན་འབྱིན་པའི་སེམས་ཅན་དག་བྱུང་ན། དེ་བདག་ཅག་རྣམས་ཀྱིས་ཚར་གཅད་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། 159b ཐེག་པ་ཆེན་པོ་སུན་འབྱིན་པ་རྣམས་ཇི་ལྟར་ནུས་པས་ཚར་གཅད་པར་བྱོས་ཤིག་།དེ་ནས་ལྷའི་བུ་དེ་དག་ཅ་ཅོའི་སྒྲས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ་སོང་ངོ་།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་མཛེས་མ་དེ་དེང་སང་ནས་བརྩམས་ཏེ་རྡོ་རྗེ་གར་མ་ཞེས་རྡོ་རྗེའི་མིང་གིས་དབང་བསྐུར་རོ། །གཡོན་གྱི་ཟླ་བའི་དཀྱིལ་འཁོར་གྱི་གྲཝར་རྣམ་པར་བཞག་སྟེ། དེ་དང་ལྷན་ཅིག་རྩེ་བའི་སྦྱོར་བས་གནས་སོ། །དེ་ནས་ལྷ་མོ་དེ་ལ་སངས་རྒྱས་དེས་བཀའ་དྲིན་དམ་པ་མཛེས་པའི་ཡོན་ཏན་སྟོང་ཕྲག་དང་ལྡན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་དང་ཐབས་ཅིག་ཏུ་ཨ་ལིངྒ་དང་ཙུམ་པའི་སྦྱོར་བས་ཤིན་ཏུ་བདེ་བས་དགེ་ཤིང་གནས་སོ། །དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་ཁྲི་སྟན་བཟང་པོ་དང ། གླུ་དབྱངས་སྙན་པ་སྒྲོག་པ་དང་ལྷན་ཅིག་ལྷགས་ཏེ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཆར་ཆེན་པོ་ཕབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྣམ་པ་སྣ་ཚོགས་ཤིང་བཀྲ་བའི་མེ་ཏོག་གི་ཆར་སུས་ཕབ་པ་ལགས། ཁྲི་སྟན་བརྒྱ་སྟོང་ཕྲག་དུ་མ་དང་ལྷགས་པ་འདི་སུ་ཞིག་ལགས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ 160a ༄#། །ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོས་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྣམ་པར་གཟིགས་སོ། །གཟིགས་ཏེ་དེ་ནས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་ལྷགས་པ་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་སྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་ཤིན་ཏུ་ཁྲོས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྡོ་རྗེ་ཀུན་ཏུ་འབར་རབ་ཏུ་འབར་བ་འདིས་དེའི་སྟོབས་གཞོམ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། འདི་ནི། མི་མཐུན་པར་འཛིན་པའི་སེམས་ཀྱིས་མ་འོངས་ཀྱི། དེས་ན་ཁྱོད་དེ་ལྟར་མ་བྱེད་ཅིག་།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཕྱིའི་ཚུལ་གྱི་ལྷ་མོ་དེ་ཉིད་ཀྱི་སྐུ་ལ་བཅུག་སྟེ་བཞུགས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལྷགས་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དཀྱིལ་འཁོར་ཆེན་པོ་འདིར་གཞུག་ཏུ་གསོལ། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་བསྒྲུབ་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དཀྱིལ་ 160b འཁོར་དུ་བཅུག་སྟེ། བཅུག་ནས་འཁོར་དང་བཅས་པ་དེ་ལ་རྡོ་རྗེའི་ཆུས་དབང་བསྐུར་ཏེ། དེ་ནས་བྱུང་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཐེག་པ་ཆེན་པོར་སེམས་བསྐྱེད་དུ་བཅུག་གོ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་སྐྱབས་གསུམ་བཟུང་ནས་བཅོམ་ལྡན་འདས་ལ་བླ་མའི་ཡོན་དབུལ་བར་སེམས་ནས་བཅོམ་ལྡན་འདས། ཅི་ཞིག་དབུལ་བར་བགྱི། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་གཉིས་ལག་ཏུགས་ཏེ་རང་གི་མཛེས་མ་བླངས་ནས་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུད་མེད་འདི་ཁྱོད་ཉིད་ལ་ཞོག་ཅིག། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་དགའ་བའི་སླད་དུ་འདི་བཞེས་སུ་གསོལ། གཞན་དུ་ན་བདག་ཇི་ལྟར་སློབ་མར་མཆི། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཛད་དེ་བླངས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཚིམ་ཞིང་རབ་ཏུ་དགའ་བས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ལ་ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ཏེ་འཁོར་དང་བཅས་པ་སོང་ངོ ། །དེ་ནས་བཅོམ་ལྡན་ 161a ༄#། །ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་མཛེས་མ་དེ་རྣམ་པར་བརྟགས་ནས་རྡོ་རྗེའི་ཆུས་དབང་བསྐུར་ཏེ་ཤིན་ཏུ་སྒེག་པ་ཉིད་དུ་གཟིགས་ནས་རྡོ་རྗེ་སྒེག་མོ་ཞེས་མིང་དུ་བཏགས་སོ། །དེ་ནས་རྡོ་རྗེ་གར་མ་ཕྱུང་སྟེ་དེ་ལ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། ཨེ་མའོ་ཐེག་པ་ཆེན་པོའི་ཚུལ་འདི་ནི། ངོ་མཚར་ཆེ་སྟེ། གང་གིས་དེ་བཞིན་གཤེགས་པ་ཉིད་ཐོབ་ནས་མཛེས་མ་ཤིན་ཏུ་གཟུགས་དང་ལྡན་པ་ཆེན་པོ་སྟེར་བརྙེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་གཞན་ཡང་ཕྱུང་སྟེ་དཀྱིལ་འཁོར་དེ་ཡོངས་སུ་གང་བར་མཛད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སླར་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་པ་དེར་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་པ་དེ་གཟིགས་ཏེ་ཡིད་རབ་ཏུ་འཁྲུགས་པར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདུད་སྡིག་ཅན་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་ལྷགས་པ་འདི་སུ་ཇི་ལྟ་བུ་ཞིག་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། འདི་ནི། བདུད་སྡིག་ཏོ་ཅན་འོངས་པ་མ་ 161b ཡིན་གྱི།་འོན་ཀྱང་འདི་ཀོའུ་ཤི་ཀ་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་རབ་ཏུ་ཁྲོས་ཏེ་རྡོ་རྗེ་གསོར་ཞིང་བཅོམ་ལྡན་འདས། ཅི་ཕྲག་དོག་གི་སེམས་ཀྱིས་འོངས་ན་རྡོ་རྗེ་འདིས་དེ་དག་བསྲེག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། དེ་ལྟར་མ་བྱེད་ཅིག་།བླ་མའི་ཡོན་གཞན་ཡང་དབུལ་བའི་ཕྱིར་ལྷགས་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དེར་འོངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བླ་མའི་ཡོན་གཞན་ཡང་དབུལ་བར་འཚལ་ན་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ང་ལ་སྦྱིན་པར་འདོད་པ་དེ་ཁྱོད་ཉིད་ལ་ཞོག་ཅིག་།ཀོའུ་ཤི་ཀ་།བླ་མའི་ཡོན་ནི། གང་ཐེག་པ་ཆེན་པོའི་ཚུལ་སྲུང་བ་ཉིད་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། དེ་ལྟ་ལགས་མོད་ཀྱང་འདི་དག་བཞེས་སུ་གསོལ་ཞེས་གསོལ་ཏེ། བླ་མའི་ཡོན་ཕུལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་སོང་ངོ ། །དེ་ནས་པདྨོའི་ལུས་ཅན་ལ་སོགས་པ་གཞན་རྣམས་ཀྱང་ལྷགས་ཏེ་མཆོད་ནས་སོང་ངོ ། །ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱང་ལྷགས་ཏེ་མཆོད་ནས་སོང་ངོ ། །རྒྱས་པར་རྒྱུད་གཞན་རྣམས་ནས་བཤད་པའི་ཕྱིར་འདིར་མ་བཤད་ 162a ༄#། །དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་བཅོམ་ལྡན་འདས། སྒྲུབ་པའི་ཐབས་རྒྱས་པ་མདོར་བསྡུས་ཏེ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། གང་གིས་ཉན་ཐོས་ཀྱི་ཐེག་བའི་ལོ་རྒྱུས་མ་བཤད་ལགས། དེའི་ཏིང་ངེ་འཛིན་སྒོམ་པ་བསྟན་པར་འགྱུར་རོ། །ལག་ན་རྡོ་རྗེ། སྡིག་པ་ཅན་གྱི་སེམས་ཅན་ཐེག་པ་ཆེན་པོར་གཞུག་པར་མི་བྱའོ། །དེ་དག་དྲན་པ་ཙམ་དུའང་མི་བྱའོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས། རྒྱུ་གང་གི་ཕྱིར་དྲན་པ་ཙམ་ཡང་མི་བགྱི་ལགས། བཀའ་སྩལ་པ། ལག་ན་རྡོ་རྗེ། ཇི་སྲིད་ཉན་ཐོས་ཀྱི་ཐེག་པའི་གཏམ་བྱས་པ་དེ་སྲིད་དུ་དམ་ཚིག་འཇོམས་པས་དེའི་ཕྱིར་གསང་བའི་ཐེག་པ་ལ་མངོན་པར་བརྟེན་པས་དེ་དག་རིང་དུ་ཡོངས་སུ་དོར་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཇི་ལྟར་སུན་དབྱུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ།་ལག་ན་རྡོ་རྗེ། གང་ལ་ལ་དག་གསང་བའི་ཐེག་པ་ཆེན་པོར་དབང་བསྐུར་བ་དེ་རྣམས་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་ནང་དུ་གལ་ཏེ་འགའ་ཞིག་ཚེ་ཞུགས་ན། དེ་ 162b ལ་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ཆེས་བཞད་གད་བྱེད་དེ། ཨེ་མའོ་ཐེག་པ་འདི་ནི། ངོ་མཚར་རྨད་དོ། །ཞེས་ཅ་ཅོའི་སྒྲ་ཆེན་པོ་བྱེད་པར་འགྱུར་རོ། །དེ་ནས་དེ་རྣམས་ལ་ཐེག་པ་ཆེན་པོ་པས་ནུས་པའི་མཐུ་བསྟན་པར་བྱའོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ། བཅོམ་ལྡན་འདས། རྣམ་པ་ཇི་ལྟ་བུས་ནུས་པ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རིག་པ་ཡོད་དེ། དེ་རྙེད་ནས་གང་འདོད་པ་དེ་བྱའོ། །ལག་ན་རྡོ་རྗེ། དེ་ལ་འདི་ནི། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རིག་པའོ། །ན་མོ་བྷ་ག་ཝ་ཏེ། མ་ཧཱ་མཱ་ཡ། ཏྲཻ་ལོཀྱ་དཱཾ་ནི་མ་ཧཱ་བི་དེ་ཨཱ་ཀཪྵ་ནི་མོ་ཧ་ནི། ཙྪེ་ད་ནི། མཱ་ར་ནི། ཀརྡྷ་ནི། མ་ཧཱ་ཨིནྡྲཱ་ཛཱ་ལ་ཀཱ་རི་ཎི། དེ་ཝན་ཨཱ་ན་ཡ།་ཨ་སུ་རཱ་ནཱ་ཀ་དྷ། ཡཀྵ་རཀྵ་ས་གནྡྷ་རྦ། ཀིནྣ་ར། བི་དྱ་དྷཱ་ར་ཎ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། དཪྵ་ཡ། དཪྵ་ཡ། བིཥྞུ་ཡ་དཪྵ་ཡ། དཪྵ་ཡ། བྲཧྨཱ་ཎན། དཪྵ་ཡ། དཪྵ་ཡ། ཏྲཻ་ལོཀྱ་དཪྵ་ཡ། དཪྵ་ཡ། ཨཱ་ན་ཡ། ཨཱ་ན་ཡ། མ་ཧཱ་མོ་ཧེ། ཨེ་ཧྱེ་ཧི་བྷ་ག་ཝ་ཏེ། མ་ཧཱ་མ་ཡེ། ཨ་ནེ་ཀ་ཀུ་ཧ་ཀ་ས་ཧ་སྲ་ཀུ་ལེ། མ་ད་ནི། ཛཱི་བ་ན་ཧི་ཏཱ་རཱ། བ་བ་ཧཱུཾ་ལེ། ཧེ་ཧེ། རུ་རུ།་ཧ་ར་ཧ་ར། པྲཱ་ཎཱན། ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ། པཱ་ཏ་ནི། བྷྲ་མ་ཎི་མུ་རཙྪ་ནི་ཧཱུཾ་ཧཱུཾ། ཧཿ ཧཿ ཕཊ་ཧཱུཾ་ཧཿ སཝཱཧཱ། འདི་ནི། བཅོམ་ལྡན་འདས་མ་གསང་བ་བསྲུངས་བས་མཆོག་ 163a ༄#། །གང་དུ་གསང་བ་འགྲུབ་པའི་རིག་པ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རིག་པའི་དབང་ཕྱུག་།དོན་ཡོད་པ་གྲུབ་པའི་གཟུགས་ཅན། བཅོམ་ལྡན་འདས་མ་གསང་བའི་འཇིག་རྟེན་གྱི་དབང་ཕྱུག་།སེམས་ཅན་ཐམས་ཅད་ཀྱི་དབང་ཕྱུག་རྗེས་སུ་བྱེད་མ། གདུག་པ་ཐམས་ཅད་འདུལ་མ་འདིའི་ཆོ་ག་ནི། སྔོན་དུ་བསྙེན་པ་སྟོང་བཟླས་པ་དེ་ནས་ཟླ་བ་གཟས་བཟུང་བ་ན་ཉིན་མཚན་དུ་སྨྱུང་བར་གནས་ཏེ་གཟས་བཟུང་བ་མ་མཐོང་བ་ཇི་སྲིད་ཟླ་བ་མ་གྲོལ་བ་དེ་སྲིད་དུ་བཟླས་ལ། སྔ་དྲོ་ཁྲུས་བྱས་ཏེ་བིལ་བའི་ཡམ་ཤིང་མར་ལ་བཏགས་པ་ཉི་ཤུ་རྩ་གཅིག་བསྲེག་པར་བྱའོ། །དེ་ནས་བྲམ་ཟེ་ལ་སྟོན་མོ་བྱས་ཏེ། དེ་དག་ལས་རྗེས་སུ་བླངས་པས་དེ་ནས་དེ་འགྲུབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་གྲུབ་ནས་ཅི་བགྱིད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ལག་ན་རྡོ་རྗེ། ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྨ་བྱའི་སྒྲོ་ཡོངས་སུ་བཟུང་ལ་རིག་སྔགས་འདིས་ལན་བདུན་མངོན་པར་སྔགས་པའི་སྒྲོ་དེས་ངོ་མཚར་སྟོང་ཕྲག་བྱེད་པར་འགྱུར་རོ། །དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེས་ངོ་མཚར་སྟོང་ཕྲག་ནི། །ཇི་ལྟ་བུ་བགྱིད་པར་འགྱུར། དེ་ནས་བཅོམ་ 163b ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། གང་ལ་ལ་ཐེག་པ་ཆེན་པོ་ལ་སྨོད་པར་བྱེད་ན། དེ་ནི། མངོན་སུམ་དུ་ཚར་གཅད་པར་བྱ། ནམ་མཁའ་ལ་སྒྲོ་བསྐོར་ན། དེ་ནས་ནམ་མཁའ་ལ་གནས་པའི་ལྷ་ཐམས་ཅད་བསྟན་པར་བྱའོ། །སྒྲོ་ནམ་མཁའ་ལ་སྟེང་དུ་བཟུང་ན། ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་ལ་སོགས་པ་དང ། བརྒྱ་བྱིན་དང ། ཟླ་བ་དང ། གནོད་སྦྱིན་དང ། སྲིན་པོ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་ལ་སོགས་པ་ཁང་བཟང་དུ་མས་གང་བ་ནམ་མཁར་བསྟན་པར་བྱའོ། །ལག་ན་རྡོ་རྗེ། སྒྲོ་དེ་སྟེང་དུ་བཟུང་ན། སྦྱོར་བ་དེ་དག་ཕྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ། སྦྱོར་བ་གཞན་ཡང་བཤད་པར་བྱ་སྟེ། ཆུ་ཁྱོར་བ་གང་ལ་རིག་པ་འདི་ཡོངས་སུ་བཟླས་ཏེ། དེ་ནས་ནམ་མཁའ་ལ་གཏོར་ནས་སྤྲིན་འབབ་པ་བསྟན་པར་བྱའོ། །སྒྲོ་སྟེང་དུ་བསྐོར་ན། སླར་དེ་དག་ཐམས་ཅད་མེད་པར་འགྱུར་རོ། །གཞན་ཡང་བཤད་པར་བྱ་སྟེ། ཐལ་བ་ལ་ཅུང་ཟད་བཟླས་ཏེ་གྲོང་དང་གྲོང་ཁྱེར་ལ་སོགས་པའི་དབུས་སུ་གཏོར་ན། གྲོང་ལ་སོགས་པ་སྲེག་པ་བསྟན་པར་བྱའོ། །སྒྲོ་སྟེང་དུ་བསྐོར་ན་སླར་ཞི་བར་འགྱུར་རོ། །ལག་ན་རྡོ་རྗེ། གཞན་ཡང་བཤད་པར་བྱ་སྟེ། གང་གི་ཚེ་སྔགས་པ་མཐའ་གཅིག་ཏུ་སོང་སྟེ་ཆོམ་རྐུན་ལ་སོགས་པ་མཐོང་བ་ན། དེ་ནས་བྱེ་མ་ 164a ༄#། །སྦར་བར་བླངས་ལ་རིག་པ་ཅུང་ཟད་ཅིག་བཟླས་ཏེ་ཕྱོགས་བཞིར་གཏོར་བར་བྱའོ། །དཔུང་གི་ཚོགས་གླང་བོ་དང་རྟ་ལ་སོགས་པ་སྟོང་ཕྲག་མཐོང་བར་འགྱུར་རོ། །དེ་ནས་ཆོམ་རྐུན་ལ་སོགས་པའི་སེམས་ཅན་གདུག་པ་ཅན་དོགས་པ་དང་བཅས་པས་ཉེ་འཁོར་དུ་འོང་པར་མི་འགྱུར་རོ། །སྒྲོ་སྟེང་དུ་བསྐོར་ན། དེ་ནས་མེད་པར་འགྱུར་རོ། །ལག་ན་རྡོ་རྗེ། སྒྲོ་དེ་ཉིད་ཀྱིས་ཕ་རོལ་གྱི་བུད་མེད་བཀུག་ལ་འདོད་པར་བྱའོ། །ལག་ན་རྡོ་རྗེ། གལ་ཏེ་གདུག་པ་གསད་པར་འདོད་ན། སྒྲོ་དེ་ཉིད་ཀྱི་སྦྱོར་བས་ཁྲོ་བ་དང་བཅས་པས་དེའི་མིང་ནས་བརྗོད་ཅིང་བསྐོར་བས་འཆི་བར་འགྱུར་ཞིང་སླར་འཆི་བར་འགྱུར་རོ། །སྒྲོ་དེ་ཉིད་ཀྱིས་ཇི་ལྟར་བསམ་པའི་རྫས་འོང་བར་འགྱུར་རོ། །དེ་ཉིད་ཀྱིས་ཕ་རོལ་གྱི་སྔགས་རེངས་པར་བྱེད་དོ། །ཡང་སྒྲོ་དེ་ཉིད་སྟེང་དུ་བསྐོར་བས་གྲོལ་བར་འགྱུར་རོ། །འདི་ཉིད་ཀྱིས་གང་ཡིད་ལ་འདོད་པའི་བུད་མེད་འགུགས་པར་བྱེད་དོ། །ལྟོས་འགྲོ་ཆེན་པོས་ཟོས་པ་ཡང་འབེབས་པར་འགྱུར་ཞིང་འཚོ་བར་བྱེད་དོ། །སྦྲུལ་ནག་པོས་ཟོས་པ་ཡང་སློང་ཞིང་མི་བཟད་པའི་དུག་ཀྱང་མེད་པར་བྱེད་དོ། །རིམས་དང་ནད་ཐམས་ཅད་ཀྱང་སྒྲོས་ཞི་བར་བྱེད་དོ། །ཇི་ལྟར་བཤད་པའི་ལས་རྣམས་བྱེད་དོ། །རྟག་ཏུ་བཟླས་ན། འཆི་བ་ལས་རྒྱལ་བར་འགྱུར་རོ། །ལག་ན་ 164b རྡོ་རྗེ།་འདི་དག་ནི། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རིག་པ་སྒྲུབ་པའི་ཐབས་དང་བཅས་པ་སྟེ། ཚུལ་འདི་ཉིད་ཀྱིས་འཇིག་རྟེན་ཐམས་ཅད་དབབ་པར་བྱའོ། །འདི་ནི། ཉན་ཐོས་ཀྱི་ཐེག་པ་པ་རྣམས་སྐྲག་པར་བྱེད་པའི་རིག་པ་སྟེ། སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནོ། །སྔགས་ཀྱི་སྒྲུབ་པ་འགའ་ཞིག་གིས་སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་ཅུང་ཟད་ཀྱང་མེད་ལ་འོན་ཀྱང་སྒོམ་པའི་རིམ་པས་ཡིན་ནོ། །གསང་བའི་ཚུལ་དང་ལྡན་པའི་སྒོམ་པའི་རིམ་པ་དེས་འགྲུབ་པར་འགྱུར་རོ། །ལག་ན་རྡོ་རྗེ། །དེས་ན་འཇིག་རྟེན་པ་དགའ་བའི་ཕྱིར་དངོས་གྲུབ་ཕྲ་མོ་འདི་སྔགས་པས་བསྒྲུབ་པར་བྱ་སྟེ། སངས་རྒྱས་ཀྱི་ཕྱིར་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་སྔགས་ཀྱི་ཚུལ་གྱིས་སངས་རྒྱས་ཉིད་བགྱིད་པར་མི་ནུས་ན། རྣམ་པ་ཇི་ལྟ་བུས་སངས་རྒྱས་ཉིད་བགྱིད་པར་རྟོགས་པར་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། གསང་བའི་ཚུལ་གྱིས་སངས་རྒྱས་ཉིད་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་ 165a ༄#། །སྩལ་པ།་ལག་ན་རྡོ་རྗེ་ཉོན་ཅིག་།གསང་བ་མཆོག་གི་དབང་ཕྱུག་ཐེག་པ་ཆེན་པོ་དོར་ནས་ཚུལ་གཞན་གྱིས་བསྐལ་པ་བྱེ་བ་བརྒྱར་ཡང་སངས་རྒྱས་ཉིད་བྱ་བར་མི་ནུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཐེག་པ་ཆེན་པོའི་ཚུལ་བཀའ་སྩལ་དུ་གསོལ།་གང་གིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཉིད་སྦྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ཐེག་པ་ཆེན་པོ་ཞེས་བྱ་བ་མཆོག་ཏུ་གསང་བའི་མཛོད་ཉོན་ཅིག་།དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། མཛོད་ཅེས་བགྱི་བའི་དོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། འདི་ལ་མཛོད་ཅེས་བྱ་བ་ནི། བྷ་གའི་གཞིའི་གནས་སོ། །ཞུ་བ་ཅན་དང ། དེའི་མཛོད་གཅིག་ཏུ་བྱས་ཏེ་རྡོ་རྗེ་སེམས་དཔའི་གཟུགས་སུ་བདག་ཉིད་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལག་ན་རྡོ་རྗེ་དང ། རྡོ་རྗེ་གར་མ་དང ། རྡོ་རྗེ་སྒེག་མོ་དག་དང་ཐབས་ཅིག་ཏུ་རྣམ་པ་དུ་མ་ཨ་ལིངྒ་དང་ཙཱུ་ཥ་ན་ལ་སོགས་པ་མཛད་ཅིང་བསྟེན་ནས་བཏུང་བར་མཛད་དོ། །དེ་ནས་ལག་ན་རྡོ་རྗེ་སྔགས་པའི་ཚུལ་འདི་ལྟར་ཙཱུ་ཥ་ན་དང ། ཙུམ་པ་ན་ལ་སོགས་ 165b པས་བྷ་གའི་ནང་དུ་སོང་བར་བྱ་སྟེ། བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགས་སུ་མངོན་པར་བྱང་ཆུབ་པ་རྣམ་ལྔས་བསྐྱེད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཅི་ལགས། ཕྱི་རོལ་ཏུ་གནས་ནས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བགྱི་བར་མི་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ཕྱི་རོལ་ཏུ་གནས་པའམ། ཕྱི་རོལ་གྱི་ཚུལ་གྱིས་སམ། བྷ་ག་བསྟེན་པ་ཙམ་གྱིས་བྱང་ཆུབ་སྒྲུབ་པར་ནུས་པ་མ་ཡིན་ཏེ། འོན་ཀྱང་སྦྱོར་བ་འདིས་གལ་ཏེ་བྷ་ག་བསྟེན་ན། དེ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྒོམ་པ་པོར་འགྱུར་རོ། །བཅོམ་ལྡན་འདས། ཇི་ལྟར་བསྒོམ་པར་བགྱི། ལག་ན་རྡོ་རྗེ། དེས་རྩའི་ཞུ་བས་བདག་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ནྦལྟ་བར་བྱའོ། །ཡང་བྱང་ཆུབ་ཟླ་བའི་ཚུལ་དང་རྩ་ཐམས་ཅད་གཅིག་ཏུ་བྱས་ཏེ་བདག་ཉིད་བྱང་ཆུབ་ཟླ་བར་བསྒོམ་པར་བྱའོ། །འོ་མ་དེ་ལས་བདག་ཉིད་རྡོ་རྗེའི་གཟུགས་སུ་བསམས་ལ། དེ་ལས་ཡང་རྡོ་རྗེ་སེམས་དཔའི་སྐུར་རྣམ་པར་བསྒོམ་པར་བྱའོ། །ཡང་ཐམས་ཅད་ལྷན་ཅིག་གཅིག་ཏུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བསྒོམ་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཆེན་པོ་དང་ 166a ༄#། །མཚུངས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས། ཅི་ལགས། རྩའི་སྦྱོར་བ་འདི་དག་མ་གཏོགས་པར་ཚུལ་གཞན་གྱིས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྒོམ་པར་མི་ནུས་པ་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། རྩའི་སྦྱོར་བ་འདི་ཉིད་ཀྱིས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །གཞན་གྱིས་མ་ཡིན་ནོ། །གསོལ་པ། ཅིའི་ཕྱིར། བཀའ་སྩལ་པ། ལག་ན་རྡོ་རྗེ། ཕྱི་རོལ་གྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པས་མངོན་པར་བྱང་ཆུབ་པ་དེ་མི་ནུས་ཏེ། འབད་པ་ཆེན་པོས་ཀྱང་ཅུང་ཟད་ཙམ་ཡང་བྱ་བར་ནུས་པ་མ་ཡིན་ནོ། །དཔེར་ན། ནམ་མཁའི་ཆུ་སྐྱེས་རྣམ་པ་གང་གིས་ཀྱང་སྒྲུབ་པར་ནུས་པ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་གསང་བ་ཞེས་བཤད་དོ། །གསང་བའི་ཚུལ་འདིས་ངལ་བ་མེད་པར་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་བསྒྲུབ་པར་བྱ་བ་དང ། སྦྱོར་བ་གཞན་གྱིས་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་བདེ་བར་གཤེགས་པའི་ཐིག་ལེའི་ཉི་མས་ཕྱོགས་རྣམ་པར་གསལ་བ་དེས་སེམས་ཅན་ཐམས་ཅད་ལ་ཕན་བའི་ཕྱིར་གསང་བའི་སྦྱོར་བ་འདི་ཉིད་གསལ་བར་མཛད་ 166b དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟ་ནའང་གསང་བའི་ཚུལ་གྱིས་རྣམ་པ་ཡང་དག་པར་བདག་ལ་མ་གསུངས་ལགས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། མཆོག་ཏུ་གསང་བའི་མཛོད་ཀྱི་ཐིག་ལེ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་སྦྱིན་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་པ་པོ་ཉོན་ཅིག་།ངས་ཀྱང་ཚུལ་འདིས་སངས་རྒྱས་ཉིད་མཛད་ལ། ཁྱོད་ཀྱིས་ཀྱང་ཚུལ་འདིས་སངས་རྒྱས་ཉིད་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ཇི་སྲིད་བ་སྤུའི་བུ་ག་ཡོད་པ་དེ་སྲིད་ལ་རྩ་རྣམས་རྡུལ་ཕྲ་རབ་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་གར་མའི་གཟུགས་སུ་བསྒོམས་ནས་དེའི་བྷ་གའི་དབུས་སུ་རྡོ་རྗེ་གར་མའི་གཟུགས་རྩའི་རང་བཞིན་ལས་ཨ་ལ་སོགས་པའི་ཡི་གེ་འབབ་པའི་ངོ་བོར་བསམ་པར་བྱའོ། །དེ་ནས་མི་འབབ་པའི་རྩ་ལྔ་ཀ་ལ་སོགས་པའི་གཟུགས་སུ་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་འོ་མ་ལས་བདག་ཉིད་བྷ་གའི་དབུས་སུ་རྡོ་རྗེ་སེམས་དཔའི་སྐུར་བསྒོམ་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ 167a ༄#། །འདས། རྩ་དེའི་གཟུགས་དང་རང་བཞིན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། རྩ་དེ་རྣམས་ཀྱི་ནང་ནས་གཅིག་ནི། རྩ་ཆེན་པོར་གཙོ་བོར་གྱུར་པ་སྟེ། རྩ་གཞན་ཐམས་ཅད་ནི། དེ་ལ་རྣམ་པར་གནས་པའོ། །དེའི་རང་བཞིན་ནི། །བསིལ་བའི་རང་བཞིན་ཏེ། དེ་རྙེད་ནས་རྡོ་རྗེ་འཛིན་པ་ཉིད་དམ་རྣམ་པར་སྣང་མཛད་ཉིད་ཐོབ་པར་འགྱུར་རོ། །གང་ཡང་ཅུང་ཟད་དྲོ་བ་ན་དེ་ནས་འཇིག་རྟེན་དབང་ཕྱུག་གི་སྐུ་ཐོབ་པར་འགྱུར་རོ། །གང་ཡང་ཤིན་ཏུ་དྲོ་བ་དང་ལྡན་ན། དེ་བསྒོམས་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་འགྱུར་རོ། །དེ་ནས་ཁྲོ་བོའི་གཟུགས་སུ་གྱུར་ནས་ཇི་སྲིད་ཁྲོ་བོའི་གཟུགས་སུ་གྱུར་པ་དེ་སྲིད་བསྒོམ་པར་བྱ་སྟེ། ཞི་བའི་སྐུ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་དེ་ནས་ཉི་མའི་དཀྱིལ་འཁོར་རོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་ལགས། བུད་མེད་བསྟེན་པ་ཙམ་གྱིས་སངས་རྒྱས་ཉིད་ཐོབ་པ་ལགས་སམ། འོན་ཏེ་གཞན་པས་ཀྱང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱོར་བ་དང་ལྡན་པའི་བུད་མེད་བསྟེན་པ་དེ་མ་གཏོགས་པ་གཞན་གྱིས་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་ཏེ། གཞན་ཐམས་ཅད་ནི། རྣམ་པར་གཡེང་བ་ཡིན་ནོ། །ལག་ན་རྡོ་རྗེ། དེ་ཕྱིར་སྔགས་པས་ལྷ་མོ་གང་རྙེད་པ་དེ་བརླ་ཟུང་གི་སྟེང་དུ་ 167b བཞག་ལ་ཙུམ་པ་དང ། ་ལིངྒ་ལ་སོགས་པ་བྱས་ཏེ་ཡོངས་སུ་བསྟེན་པ་དེ་ནས་འཐུངས་ཏེ་དེ་ཡང་སོ་སོར་འཇིབ་ཏུ་གཞུག་གོ་།དེ་ནས་བྷ་གའི་དབུས་སུ་རྩ་དེའི་འོ་མ་བདག་ཉིད་གཞུག་གོ་།དེ་ནས་བྷ་གའི་དབུས་སུ་རྩ་དེའི་འོ་མ་བདག་ཉིད་འདོད་པ་ཡིན་ནོ། །ཞེས་བསྒོམས་ཏེ། རྡོ་རྗེ་སེམས་དཔའི་སྐུ་དཀར་པོའི་རྣམ་པ་དྭངས་པར་བསྒོམ་པར་བྱའོ། །ལག་ན་རྡོ་རྗེ། དེའི་ཕྱིར་རྩ་གཅིག་པོ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུམ་སྟེ། ཕྱི་རོལ་གྱི་ཚུལ་ཅན་ལ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བཤད་དོ། །དེ་ལས་ངེས་པར་བྱུང་བ་ནི། སངས་རྒྱས་ཐམས་ཅད་དོ། །དེའི་ཕྱིར་ལག་ན་རྡོ་རྗེ། ཞུ་བའི་རྒྱུན་འཐུངས་པ་ཙམ་གྱིས་རྡོ་རྗེ་སེམས་དཔའི་སྐུ་ཡོངས་སུ་ཐོབ་པར་འགྱུར་རོ། །ལག་ན་རྡོ་རྗེ། གཞན་ཡང་བཤད་པར་བྱ་སྟེ། བ་སྤུའི་བུ་གར་གནས་པའི་རྩ་རྣམས་ལས་འཛག་པ་དང་ལྡན་པའི་ཐིགས་པ་གནས་གསུམ་དུ་ཁྱད་པར་དུ་འཕགས་པས་གནས་ཏེ། སྤྱི་བོར་བུམ་པའི་གཟུགས་ལ་བདུད་རྩིའི་ཚུལ་ཅན་བདུད་རྩིའི་རང་བཞིན་བདུད་རྩི་འཛག་པ་བསམ་པར་བྱའོ། །གཞན་ཡང་སྦྱིན་གའི་གནས་སུ་པདྨའི་རྣམ་པ་ཁ་དོག་དཀར་པོ་མར་གསར་དང་མཚུངས་ཤིང་ཡོངས་སུ་གཞོན་པ་ལ་བུམ་པའི་བདུད་རྩི་འཛག་པ་ཙམ་གྱིས་པདྨ་རྟས་པར་བྱེད་པར་བསམ་པར་བྱའོ། །དེ་ནས་གསང་བའི་གནས་སུ་ཡི་གེ་ཨེའི་རྣམ་པ་གྲུ་གསུམ་པ་ཁ་དོག་ 168a ༄#། །རྣམ་པ་སྣ་ཚོགས་པས་སྤྲས་པ། ཀ་ལ་སོགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་རྩ་ལྔའི་སྒོ་ལས་བྱུང་བའི་བདུད་རྩིའི་རྒྱུན་གཅིག་འབབ་པར་བསམས་ཏེ། བདུད་རྩིའི་རྒྱུན་དེ་ལས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་བདུད་རྩིའི་ངོ་བོ་མི་ཕྱེད་པར་བསྒོམ་པར་བྱའོ། །ལག་ན་རྡོ་རྗེ། དེའི་ཕྱིར་རྩ་ཐམས་ཅད་ཀྱི་ནང་ནས་གཅིག་པོ་དེ་གཙོ་བོ་ཡིན་ཏེ། དེ་ཉིད་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་རྣམ་པ་འདི་ལྟར་དུ་བསྒོམས་ན། བདུད་རྩིའི་ངོ་བོ་དང་མི་ཤིགས་པར་འགྱུར་རོ། །ལུས་འདི་ཉིད་ཀྱི་སྐྲ་དཀར་དང་གཉེར་མ་དོར་ནས་བདེ་བར་གཤེགས་པའི་སྐུ་རྣམས་མཐོང་བར་འགྱུར་རོ། །བདག་ཉིད་ཀྱང་གཟུགས་བརྙན་གྱི་ཚུལ་དུ་མཐོང་བར་འགྱུར་རོ། །འདིར་གནས་ནས་ཀྱང་སྐལ་པའི་ལས་རྣམས་ཀྱང་ཤེས་པར་འགྱུར་རོ། །ལག་ན་རྡོ་རྗེ། དེའི་ཕྱིར་འདི་བསྒོམ་པར་བྱའོ། །ལག་ན་རྡོ་རྗེ། དེས་ན་ཚུལ་འདིས་བུད་མེད་སྒོམ་པ་ན་གལ་ཏེ་རྨི་ལམ་དུ་རྡོ་རྗེ་སེམས་དཔའ་དབང་བསྐུར་བར་མཛད་ན། དེ་ནས་ཟླ་བ་ཕྱེད་ཚུན་ཆད་དུ་འགྲུབ་པར་ཤེས་པར་བྱའོ། །གལ་ཏེ་ཡང་སློབ་དཔོན་དུ་གྱུར་པས་སྟོན་པ་མཛད་ན། དེ་ནས་ཟླ་བ་དྲུག་ན་འགྲུབ་པར་ཤེས་པར་བྱའོ། །འགའ་ཞིག་ཏུ་ལྷའི་གཞལ་མེད་ཁང་དུ་བཅུག་ནས་དེ་བཞིན་གཤེགས་པའི་གཟུགས་བརྙན་མཐོང་ན། དེ་ནས་ལོ་གཅིག་ན་ 168b འགྲུབ་པར་ཤེས་པར་བྱའོ། །དེ་ནས་ལྷའི་གཞལ་མེད་ཁང་དུ་བསྡད་ནས་ཙཱུ་ཥ་ན་ལ་སོགས་པའི་སྦྱོར་བས་བདག་ཉིད་འབར་བ་མཐོང་ན། དེ་ནས་མྱུར་དུ་འགྲུབ་པར་འགྱུར་བར་ཤེས་པར་བྱའོ། །འགའ་ཞིག་ཏུ་སྣང་བ་མཐོང་ན། སྐྱེ་བ་འདིར་འགྲུབ་པར་ཤེས་པར་བྱའོ། །ཡང་ན་རྨི་ལམ་དུ་བྷ་གར་ཨ་ལིངྒ་དང་ཙཱུ་ ་ན་མཐོང་ན། དེ་ནས་སྐྱེས་བུ་དེ་འགྲུབ་པར་ཤེས་པར་བྱའོ། །འབད་མི་དགོས་པར་འགྲུབ་པར་འགྱུར་རོ། །ལག་ན་རྡོ་རྗེ། དེའི་ཕྱིར་ཙཱུ་ཥ་ན་ལ་སོགས་པ་དང་ལྡན་པའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་སྔགས་པས་རྩའི་སྦྱོར་བ་ལ་སྦྱར་བར་བྱའོ། །གང་གི་ཕྱིར་ཨེའི་ཡི་གེ་རྣམ་པ་སྣ་ཚོགས་པ་སྟེ། ཇི་ལྟར་ཁ་དོག་དམར་པོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་གཟུགས་སུ་བསྒོམས་ན། དེ་ནས་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ། །དེ་ནས་གསད་པར་འདོད་ན། དེའི་ཚེ་རྩ་ནག་པོའི་རྣམ་པས་རྡོ་རྗེ་ཧཱུཾ་མཛད་ཁ་དོག་ནག་པོར་བདག་ཉིད་བསྒོམ་ལ་དེས་གསད་པར་བྱའོ། །དེ་ནས་བསྐྲད་པར་འདོད་ན་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་སྔར་བཤད་པས་སྒོམས་ལ་བསྒྲུབ་བྱ་རྔ་མོ་ལ་ཞོན་པར་བལྟས་ན་དེ་ནས་བསྐྲད་ཡུལ་གཞན་དུ་གཏོང་བར་བྱེད་དོ། །ལག་ན་རྡོ་རྗེ། དེའི་ཕྱིར་ལས་ཐམས་ཅད་གསང་བ་ལ་ཡོངས་སུ་བརྟེན་པ་ཡིན་ནོ། །དེ་ནས་འདི་གསང་བ་ལས་ཀྱང་གསང་ 169a ༄#། །བ་ཉིད་དུ་རིག་པར་བྱའོ། །རྩའི་སྦྱོར་བ་འདི་ཉིད་ཀྱིས་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་བསྒྲུབ་པར་བྱའོ། །གང་ཡང་ཕྱི་རོལ་གྱི་ཚུལ་ལ་གནས་པ་དེ་དག་རྣམས་ནི། བོང་བུ་དང་མཚུངས་པ་སྟེ། ཁུར་ཁུར་བ་ལས་འབྲས་བུ་མེད་པར་ཤེས་པར་བྱའོ། །ལག་ན་རྡོ་རྗེ། དེའི་ཕྱིར་ཁྱོད་ཀྱིས་འདི་དག་ཤེས་པར་བྱོས་ལ་སེམས་ཅན་གྱི་དོན་གྱིས་ཤིག་།ང་ཡང་ཚུལ་འདིས་གནས་པ་ཡིན་ནོ། །ལག་ན་རྡོ་རྗེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པར་བྱོས་ལ་ཆོས་སྟོན་པར་གྱིས་ཤིག་།གཞན་དུ་ན་ཁྱོད་ཀྱང་མི་མཐུན་པ་སྤྱོད་པར་འགྱུར་ན། སེམས་ཅན་གཞན་ལྟ་སྨོས་ཀྱང་ཅི་དགོས། རྒྱུད་གཞན་དུ་ཨེའི་ཡི་གེ་འདི་དོན་དུ་བཤད་དོ། །འདིར་ཕྱི་རོལ་གྱི་ཚུལ་ལ་རྩ་བཅུའི་ཚུལ་གྱིས་དེ་ཁོ་ན་ཉིད་བཅུ་ཤེས་པར་བྱའོ། །དོན་དམ་པར་ནི། དེ་ཁོ་ན་ཉིད་བཅུ་ཡང་མ་ཡིན་ལ་ལྔ་ཡང་མ་ཡིན་ཏེ། གཅིག་པོ་ཉིད་དོན་དམ་པ་ཡིན་ནོ། །གང་རྩའི་གཙོ་བོ་མ་ལུས་ཤིང་ལུས་པ་མེད་པའི་སངས་རྒྱས་ཉིད་སྦྱིན་པ་པོ་སྟེ། གང་ཞིག་ཐོབ་པས་སངས་རྒྱས་ཉིད་དུ་སོང་ཞིང་འགྲོ་བ་འགྲོ་བར་འགྱུར་བ་ཡིན་ནོ། །རྒྱུད་གཞན་དུ་རྒྱས་པར་མ་བཤད་དོ། །ལག་ན་རྡོ་རྗེ། འདི་ནི། རྣལ་འབྱོར་དང ། ཤིན་ཏུ་རྣལ་འབྱོར་ 169b དང ། གསང་ཆེན་དང ། གསང་བའི་རྩའི་སྦྱོར་བ་དང་བཅས་པ་བྱ་བ་ཁྱོད་ལ་གསལ་བར་བྱས་ཀྱི། ངལ་བ་བླ་མའི་ཡོན་བྱིན་ཅིག་།ཐེག་པ་ཆེན་པོ་རབ་ཏུ་སྟོན་པ་པོ་འཕགས་པ་མ་ཡིན་པ་གཞན་ལའང་ཅི་ནས་ཀྱང་བླ་མའི་ཡོན་བདག་ཉིད་ཀྱི་བར་དུའང་དབུལ་བར་བྱ་བ་ཡིན་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། ལག་ན་རྡོ་རྗེ། སེམས་གཞན་དུ་མ་བྱེད་ཅིག ། རབ་ཏུ་མྱོས་པར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་ཞིག་དབུལ་བར་བགྱི་།ཁྱོད་ལ་ཡོངས་སུ་མ་རྫོགས་པ་འགའ་ཞིག་མཆིས་ལགས་སམ། བཀའ་སྩལ་པ། ལག་ན་རྡོ་རྗེ། ཐམས་ཅད་ཡོངས་སུ་རྫོགས་མོད་ཀྱང་དབུལ་བར་བྱ་བ་ཡིན་ནོ། །གསོལ་པ། ཅི་ཞིག་དབུལ་བར་བགྱི། བཀའ་སྩལ་པ། འདི་དག་དབུལ་བར་བྱ་བ་སྟེ། སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་འདིའི་དགོངས་པ་བཤད་པར་མི་བྱའོ། །ཉན་ཐོས་ཀྱི་ཐེག་པ་ཅན་ལ་རྒྱུད་འདིའི་གླེགས་བམ་ཙམ་ཡང་ནམ་ཡང་བསྟན་པར་མི་བྱ་སྟེ། དེའི་མདུན་དུ་མིང་ཙམ་ཡང་གསལ་བར་མི་བྱའོ། །ལག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས། བདག་གིས་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ལ་བཤད་པར་མི་བགྱི་ཞིང་དེའི་གནས་སུའང་འདུག་པར་མི་བགྱི་སྟེ། དེའི་གནས་སུ་འཇུག་པ་དང ། བཤད་པར་བགྱི་བས་བདག་ལ་ཅི་ཞིག་ 170a ༄#། །བགྱི། བཅོམ་ལྡན་འདས། ཅིའི་སླད་དུ་དེ་དག་ལ་གསལ་བར་མི་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ཐེག་པ་ཆེན་པོའི་རང་བཞིན་སྔར་བཤད་པ་ཁྱོད་བརྗེད་དམ། ལག་ན་རྡོ་རྗེ། ཉན་ཐོས་ཀྱི་ཐེག་པ་པ་ཁོ་ནར་མ་ཟད་སེམས་ཅན་གཞན་ཡང་སྔགས་པ་རྣམས་དང ། ཐ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་གསང་བ་འདི་ཤེས་ན། དེ་དུས་འདི་ཉིད་ལ་རྡོ་རྗེ་སྒེག་མོ་དང ། རྡོ་རྗེ་གར་མ་ལས་སྐྱེས་པ་སྟེ། ང་ཅི་འདྲ་བ་དང ། ཁྱོད་ཅི་འདྲ་བ་དེ་འདྲར་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཤིན་ཏུ་ཟབ་པའི་ཚུལ་གསང་བ་ཐམས་ཅད་གནས་པ། རྩའི་སྦྱོར་བ་དེ་སེམས་ཅན་རྣམས་ཀྱིས་ཇི་ལྟར་འཚལ་བར་འགྱུར། བདག་གིས་དེ་དག་ལ་བསྟན་པར་བགྱིའམ། འོན་ཏེ་མ་ལགས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ཁྱོད་ཀྱིས་ཀྱང་སློབ་མ་རྣམས་སམ་སྔགས་པ་རྣམས་ལ་རྒྱུད་འདི་གསལ་བར་མི་བྱའོ། །ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། གསང་བའི་དབང་བསྐུར་བའི་སྔགས་པ་རྣམས་ལ་ཡང་གསལ་བར་མི་ 170b བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། སེམས་ཅན་གང་ག་ལ་དད་པའི་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པ། རྒྱུད་འདི་ཤེས་པར་འདོད་པ་དེ་དག་ལ་བུད་མེད་བསྙེན་པ་ཙཱུ་ཥ་ན་ལ་སོགས་པའི་སྦྱོར་བས་གསང་བ་ཆེན་པོའི་མཆོད་པ་བྱས་ཏེ་རྗེས་སུ་གདམས་པ་དང་བཅས་པ་དེ་དག་ཐམས་ཅད་འབད་པས་བཤད་པར་བྱའོ། །གང་ལ་ལ་རྒྱུད་འདི་ལ་སྡང་བར་བྱེད་ན། དེ་དག་ལ་དེ་ལྟར་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་གནས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཚུལ་གྱིས་ཡོངས་སུ་ཁྲོས་ཏེ་འབར་བ་དང་ལྡན་པར་སྤྲོས་ལ་དེའི་གནས་འབར་བར་བསམ་པར་བྱའོ། །དེ་ནས་དེའི་འཁོར་དང་བཅས་པ་བརླག་པར་འགྱུར་རོ། །གལ་ཏེ་སྔགས་པ་གསོ་བར་འདོད་ན། དེའི་གནས་ཕྱེད་ཚིག་པ་ལ་བདུད་རྩིའི་རང་བཞིན་གྱི་རྡོ་རྗེའི་རིགས་རྣམས་བསམས་ན། དེ་དག་འཚོ་བར་འགྱུར་རོ། །ལག་ན་རྡོ་རྗེ། དེའི་ཕྱིར་འདི་གང་སུ་ལ་ཡང་བཤད་པར་མི་བྱའོ། །མཆོག་ཏུ་གསང་བ་ཐིག་ལེའི་མཛོད་ཀྱི་རྟོག་པ་ལས། གསང་བའི་དེ་ཁོ་ན་ཉིད་སྦས་པ་མཐའ་དག་གི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པར་མཛད་ནས་ཕྱག་ན་རྡོ་རྗེའི་ལུས་དེ་དག་གཅིག་ཏུ་གྱུར་ནས་རྒྱ་མཚོ་དེའི་འགྲམ་ཛམྦུའི་གླིང་གི་བྱང་གི་མཚམས་ 171a ༄#། །སུ་རྡོ་རྗེ་སྒེག་མོ་དང ། རྡོ་རྗེ་གར་མ་དང་ཐབས་ཅིག་ཏུ་སྔོན་བཤད་པའི་ཙུམ་པ་ན་དང ། ་ལིངྒ་ལ་སོགས་པའི་སྦྱོར་བས་རྒྱལ་པོ་རོལ་པས་རྡོ་རྗེ་སྒེག་མོ་དང ། རྡོ་རྗེ་གར་མའི་གོ་འཕང་ལ་གནས་པའི་ཁྲི་ལྔ་བརྒྱ་ཕྲག་ལྔའི་བཙུན་མོ་སྟོང་ཕྲག་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཅིང་ཡིད་དུ་འོང་བ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། འདི་དག་གི་མིང་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་རྣམ་པ་བཞིས་གནས་ཏེ། འདི་ལྟར་གཞོན་ནུ་མ་བཟང་མོ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་།ཁ་དོག་དཀར་མོ། །ལོ་བརྒྱ་ཕྲག་གཉིས་ཀྱི་རྣམ་པའི་གཟུགས་ཅན། རྣལ་འབྱོར་མའི་དབང་ཕྱུག་ཁྲི་ཕྲག་གཅིག་གིས་ཡོངས་སུ་བསྐོར་ནས་ཛ་ལནྡྷ་རའི་ཞིང་ན་རི་བོ་ཞེས་བྱ་བ་ལ་གནས་ནས་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བཞུགས་པ་དེར་རྟག་ཏུ་འགྲོ་བ་དང་འོང་བར་བྱེད་དོ། །གཞན་ཡང་འདོད་པས་མྱོས་མ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག། ཁ་དོག་སྔོ་བསངས། མིག་རྣམ་པར་རྒྱས་པ། རྣལ་འབྱོར་མའི་དབང་ཕྱུག་ཁྲི་ཕྲག་ཕྱེད་དང་གསུམ་དང་ཐབས་ཅིག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་རི་བོ་ཀི་ཀི་ན་དྷ་རི་འཇུག་པའི་སྒོར་གནས་ནས་གང་གི་ཚེ་ཕྱག་ན་རྡོ་རྗེ་གསང་ 171b བའི་ཆོས་སྟོན་པ་དེའི་ཚེ་རྟག་ཏུ་འགྲོ་བ་དང་འོང་བར་བྱེད་དོ། །གཞན་ཡང་གསེར་གྱི་མིག་ཅན་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་དེ་ཡང་ཁ་དོག་དཀར་བ། ཁྲི་ཕྲག་གསུམ་གྱི་འཁོར་དང་ལྷན་ཅིག་ཀཱ་མ་རུ་བའི་སྒོར་གནས་ནས་དེ་བཞིན་དུ་རྒྱུན་དུ་འགྲོ་བ་དང་འོང་བར་བྱེད་དོ། །གཞན་ཡང་བདེ་བ་ཐམས་ཅད་ལ་དགའ་བ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག། ཐམས་ཅད་དུ་གནས་པ། ཐམས་ཅད་ཀྱི་གཟུགས་ཅན། ཐམས་ཅད་ལ་བྱམས་པའི་ཚུལ་དུ་གནས་པ། ཁྲི་ཕྲག་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྷན་ཅིག་གང་གི་ཚེ་སྔགས་པ་གསང་བ་སྟོན་པ་ན་དེའི་མདུན་དུ་དེ་གནས་སོ། །དེའི་ཕྱིར་བདེ་བ་ཐམས་ཅད་ལ་དགའ་མ་ཞེས་བྱའོ། །དེ་ནས་གཞོན་ནུ་བཟང་མོ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་དེ་ཕྱག་ན་རྡོ་རྗེའི་ཚུལ་ཇི་སྲིད་མངོན་སུམ་དུ་སངས་རྒྱས་ཉིད་སྟེར་བར་གྱུར་པ་དེ་སྲིད་དུ་དེས་བསྟེན་པར་བྱའོ། །དེ་ནས་གསད་པར་འདོད་ན། ལྷ་མོ་དེ་ཉིད་འབར་བ་དང་ལྡན་པ། མདོག་ནག་མོ། །ལག་ན་མཚོན་ཆ་ཐམས་ཅད་འཛིན་པ་བསྒོམས་ན། དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་ཡང་གསོད་པར་བྱེད་དོ། །གལ་ཏེ་བསྐྲད་པར་འདོད་ན། །དེ་ཉིད་ཅུང་ཟད་དམར་ཞིང་སྔོ་བའི་ཁ་དོག་ཅན། རླུང་དང་ལྷན་ཅིག་མ་སྦྱོར་བ་དེ་ཉིད་ཀྱིས་རླུང་གི་དཀྱིལ་ 172a ༄#། །འཁོར་ཀུན་དུ་བརྟེན་པར་གྱུར་པས་སྐད་ཅིག་དེ་ཉིད་ལ་སྐྲོད་པར་བྱེད་དོ། །གལ་ཏེ་དབང་དུ་བྱ་བར་འདོད་ན། །དེ་ནས་ཁ་དོག་དམར་པོར་བསམས་ལ་དེས་བཀུག་སྟེ་སྐད་ཅིག་དེ་ལ་རྐང་པའི་དྲུང་དུ་འོང་བར་འགྱུར་རོ། །དེ་ནས་རེངས་པར་བྱ་བར་འདོད་ན། ལྷ་མོ་ཁ་དོག་སེར་མོར་བསམས་ལ་དེས་བསྒྲུབ་བྱ་ལྕགས་ཀྱི་རིས་བརྫིས་པར་བསམས་ལ་དཔུང་གི་ཚོགས་ཡན་ལག་བཞི་ཡང་རེངས་པར་བྱེད་དོ། །འདི་དག་ཐམས་ཅད་ཡིད་ཀྱིས་བསམ་པར་བྱའོ། །ལག་ན་རྡོ་རྗེ། གཞན་ཡང་བཟའ་བ་བཤད་པར་བྱ་སྟེ། གང་ཟོས་པ་ཙམ་གྱིས་སྐྲ་དཀར་དང་གཉེར་མ་སེལ་བར་འགྱུར་ཞིང་ལོ་བརྒྱ་ཕྲག་སྟོང་དུ་འཚོ་བར་འགྱུར་རོ། །འདི་ལྟ་སྟེ། བྱ་རོག་ཚང་བཟང་པོ་སྣུམ་པ་བཟུང་ལ་པགས་པ་དོར་ཏེ་ཞིབ་ཏུ་བྱས་ལ་དེའི་ཤ་ལྕགས་ཀྱི་སྣོད་དུ་ཏིལ་མར་དང་བཙོ་བར་བྱའོ། །ཀ་ར་སྲང་བཅུ་དང་འོ་མ་སྲང་ཉི་ཤུ་དང་ལྷན་ཅིག་གཅིག་ཏུ་བྱས་ལ་སླར་ཡང་ཇི་སྲིད་བྱ་རོག་མི་གྲག་པ་དེ་སྲིད་དུ་བཙོ་བར་བྱའོ། །དེ་ནས་མར་དང་ཀ་ར་དང་ལྷན་ཅིག་ཞག་བདུན་དུ་བཟའ་བར་བྱའོ། ། ལོ་བརྒྱའི་སྐྲ་དཀར་དང་ལུས་ཀྱང་བུང་བ་ལྟ་བུ་དང ། སྟོབས་དང་ལྡན་ཞིང་ཤིན་ཏུ་སྲ་བར་འགྱུར་རོ། །ལོ་ལྔ་བརྒྱར་འཚོའོ། །སླར་ཡང་བཅུད་ལེན་གྱི་ཆོ་ག་བཤད་ 172b པར་བྱ་སྟེ། སྔགས་པ་མཉམ་པར་བཞག་པར་གྱུར་པས་རྡོ་རྗེ་སྒེག་མོའི་འོ་མ་སྦྱོར་བ་དེ་ཉིད་ཀྱིས་བསམས་ལ་བདག་ཉིད་ཚིམ་པ་དང་ལྡན་པ་བསམ་པར་བྱའོ། །དེ་ནས་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ། །འགའ་ཞིག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཏུ་བསམས་ལ་དེའི་ཞུ་བ་བཏུང་བར་བྱའོ། །འགའ་ཞིག་ཏུ་མངོན་སུམ་དུ་གྱུར་པས་བུད་མེད་བསྟེན་ཏེ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་དེ་དང་རང་གི་ཞུ་བ་ལྷན་ཅིག་ཏུ་བཏུང་བར་བྱའོ། །དེ་ནས་རྡོ་རྗེའི་ལུས་དང་མི་ཕྱེད་པར་འགྱུར་རོ། །བཅུད་ལེན་གྱི་ཆོ་ག་རྒྱས་པའོ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དང ། རྣལ་འབྱོར་གྱི་དབང་ཕྱུག་དེ་དག་ཐམས་ཅད་དང ། ཕྱག་ན་རྡོ་རྗེའི་སྐུ་དང་གཅིག་ཏུ་མཛད་ནས་ཕྱག་ན་རྡོ་རྗེའི་སྐུར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་ཕྱག་ན་རྡོ་རྗེས་ལྷ་མོ་དེ་དག་ཐམས་ཅད་ལ་དགྱེས་པ་དང་བཅས་པའི་སྤྱན་གྱིས་གཟིགས་སོ། །དེ་ནས་རྣལ་འབྱོར་མའི་དབང་ཕྱུག་དེ་དག་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་ལ་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། སེམས་ཅན་གང་གསང་བའི་ཚུལ་ལ་ཞུགས་ན། དེ་དག་གིས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ལགས། དེ་ནས་བྱང་ཆུབ་སེམས་དཔའ་ 173a ༄#། །ཆེན་པོ་ཕྱག་ན་རྡོ་རྗེས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་སྤྱད་པའི་གསང་བའི་ཆུལ་གྱིས་སངས་རྒྱས་ཉིད་བསྒྲུབ་པར་བྱའོ། །དེ་ནས་གཞོན་ནུ་མ་བཟང་མོ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་གིས་ཐོག་མ་དང་ཐ་མ་མེད་པའི་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་དེ་དག་གིས་བྷ་ག་བསྟེན་པ་ཙམ་གྱིས་སངས་རྒྱས་ཉིད་བགྱིད་དམ། ཡང་ན་དེའི་གསང་བ་བསྒོམས་པས་ལགས། དེ་ནས་རྒྱལ་པོ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒོམ་པའི་རིམ་པས་བསྒྲུབས་ཏེ་ཕྱིན་ནས་རྣམ་པར་རྟོགས་པ་མེད་པའི་སེམས་ཀྱིས་བསྟེན་ནས་བདག་ཉིད་ཕྱག་ན་རྡོ་རྗེའི་སྐུའམ། རྣམ་པར་སྣང་མཛད་ཀྱི་སྐུའམ། འཇིག་རྟེན་དབང་ཕྱུག་གི་སྐུའམ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུའམ། འདོད་པའི་ལྷའི་སྐུ་བསྒྲུབ་པར་བྱའོ། །རྩ་དེའི་འོ་མ་ལས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ལ་ཟླ་བའི་དཀྱིལ་འཁོར་དེ་ལས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུའམ། རང་གི་ལྷའི་སྐུར་བསྒོམ་པར་བྱའོ། །རྩ་དེ་ཉིད་ཁ་དོག་ནག་པོར་བསམས་ནས་དེ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་བསྒོམ་པར་བྱའོ། །རྩ་དེ་ཉིད་དམར་སྐྱའི་རྣམ་པའི་རིམ་པ་དེ་ཉིད་ཀྱིས་བསྒོམ་ནས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུར་ལས་ཀྱི་དབྱེ་བས་བསྒོམ་ 173b པར་བྱའོ། །རྩ་དེ་ཉིད་ཁ་དོག་སྔོ་བསངས་ནམ་མཁའ་ལྟ་བུར་བསྒོམས་ནས་རྡོ་རྗེ་རྣོན་པོའི་སྐུར་བསྒོམས་ན། དེ་ནས་ལས་ཀྱི་དབྱེ་བས་རྩ་དེ་དག་གི་སྦྱོར་བས་བདག་ཉིད་བསྒོམས་ན་དེ་ནས་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དེ་ནས་སྔགས་པ་དེས་ཐུན་མཚམས་བཞིར་སེམས་གཞན་དུ་མ་ཡེངས་པར་བསྒོམས་པ་ཉིད་ཀྱིས་ཟླ་བ་དྲུག་ཉིད་ན་འགྲུབ་པར་འགྱུར་རོ། །དེ་ནས་གཞོན་ནུ་མ་བཟང་མོ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་དེས་རྒྱལ་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་སེམས་ཅན་དེ་རྣམས་ཀྱིས་དགུག་པ་ལ་སོགས་པའི་ལས་བགྱིད་པ་ལགས། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གལ་ཏེ་སྔགས་པས་སྐྱེས་བུ་དགུག་པར་འདོད་ན། དེ་ནས་དེའི་བྷ་གའི་དབུས་སུ་བདག་ཉིད་ཅུང་ཟད་དཀར་བའི་རྣམ་པ་ཁྲོ་བ་དང་བཅས་པའི་བཞིན་ཅན་ཕྱག་དྲུག་པ་སྦྱོར་བ་དེ་ཉིད་ཀྱི་ཕྲ་མོའི་སྒྲས་བསྒོམས་ན། རྡོ་རྗེ་དེས་བསྒྲུབ་བྱའི་སྙིང་གར་བསྣུན་ཅིང་ཞགས་པས་མགྲིན་པ་བཅིངས་ཏེ་ལྕགས་ཀྱུས་བཀུག་ལ་བཅུག་ནས་བསྒོམ་པར་བྱའོ།། དེ་ནས་རྒྱལ་པོ་ཡང་འགུགས་པར་བྱེད་ན། སྐྱེ་རྒུ་གྲོང་གི་མི་ལ་སོགས་པ་ལྟ་ཅི་སྨོས། རིག་པ་འཛིན་པ་འགུགས་ན། རྒྱལ་པོ་ལྟ་ཅི་སྨོས། དེ་ནས་བུད་མེད་དབང་དུ་ 174a ༄#། །བྱ་བར་འདོད་ན། དེ་ནས་བྷ་གའི་དབུས་སུ་ཕྲ་མོའི་སྒྲའི་སྦྱོར་མེད་དེ་ཉིད་ཀྱིས་བདག་ཉིད་རྟ་མགྲིན་གྱི་གཟུགས་ཁ་དོག་དམར་པོར་བསྒོམས་ཏེ་རྡོ་རྗེ་དེས་ལྷ་མོ་ཆེན་མོའི་སྙིང་གར་བསྣུན་ན། དེ་ནས་དེ་རྣམ་པར་མྱོས་པས་དཔག་ཚད་བརྒྱའི་ཕྱེད་ན་གནས་པ་རྣམས་ཀྱང་འོང་བར་འགྱུར་ན། གྲོང་གི་མཐའ་དང་ཁྱིམ་གྱི་མཐའ་ན་གནས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཉིད་ཀྱིས་རིག་པ་འཛིན་པའི་ཆུང་མའམ། དྲི་ཟའི་ཆུང་མའམ། གནོད་སྦྱིན་གྱི་ཆུང་མའམ། འཇིག་རྟེན་གསུམ་གྱི་བདག་པོའི་ཆུང་མའམ། བརྒྱ་བྱིན་གྱི་ཆུང་མའང་འགུགས་པར་བྱེད་ན། རྒྱལ་པོ་ཆེའི་ལྷ་མོ་ཆེན་མོའམ། གྲོང་གི་བུ་མོ་ལྟ་སྨོས་ཀྱང་ཅི་དགོས། མཆོག་གི་སྦྱོར་བས་དམན་པ་ལ་མི་བྱ་ཞིང་དམན་པའི་སྦྱོར་བས་མཆོག་ལ་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་རོ། །དམན་པའི་སྦྱོར་བས་མཆོག་སྒྲུབ་པར་ནུས་པའང་མ་ཡིན་ཏེ། ཡན་ལག་མ་ཡིན་པའི་ཕྱིར་རོ། །དེ་ནས་ཕྱོགས་འགའ་ཞིག་ཏུ་གནས་ཏེ་ཉིན་མཚན་དུ་གསང་བ་སྟེན་པར་བྱས་ན། ཟླ་བ་དྲུག་ཁོ་ན་ལ་འགྲུབ་པར་འགྱུར་ཞིང་བསྐལ་པའི་དངོས་པོ་དག་ཀྱང་མཐོང་ཞིང་རིང་དུ་གནས་པའི་ངག་དག་ཀྱང་ཐོས་ལ་ཇི་སྲིད་སངས་རྒྱས་ཉིད་ཀྱང་ཐོབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །ཇི་ལྟར་རྡོ་རྗེ་སྒེག་མོའི་རིགས་ཀྱི་ལྷ་མོའི་སྒྲུབ་ཐབས་ལྟར་རྡོ་རྗེ་སྒེག་མོའང་དེ་བཞིན་དུ་ཐམས་ཅད་སྔོན་ 174b གྱི་རིམ་པས་བསྒྲུབ་པར་བྱའོ། །སྦྱོར་པ་འདི་ཉིད་ཀྱིས་རྣལ་འབྱོར་མའི་དབང་ཕྱུག་དེ་རྣམས་ཀྱང་བཀུག་ལ་བསྟེན་བར་བྱའོ། །དེ་ནས་རྣལ་འབྱོར་མའི་དབང་ཕྱུག་འཁོར་དང་བཅས་པ་དེ་དག་ཕྱག་ན་རྡོ་རྗེའི་ཞབས་ལ་གཏུགས་ཏེ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚུལ་འདི་ཉིད་ཀྱིས་བདག་ཅག་ཀྱང་འགྲུབ་པར་འགྱུར་ལགས་སོ། །དེ་ནས་འདོད་པས་མྱོས་མ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་གིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གིས་བདག་རྡོ་རྗེའི་ཞུ་བས་རྟག་ཏུ་བསྟེན་པར་བགྱིད་ན། དེའི་སྔོན་དུ་མཆིས་ཏེ་སྔགས་པ་དེས་བདག་པོ་བགྱིས་ཏེ་དེའི་རྗེས་སུ་མཆི་བར་བགྱིའོ། །དེ་ནས་གསེར་གྱི་མིག་ཅན་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་གིས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གིས་བདག་བྷ་གའི་དབུས་སུ་བདག་ཉིད་ཞུགས་ནས་རྟག་ཏུ་བསྟེན་པར་བགྱིད་ན། བདག་དེའི་བྲན་མོར་གྱུར་ཏེ་རྟག་ཏུ་དེར་གནས་པར་བགྱི་ཞིང ། ནམ་དུ་ཡང་འོང་བ་དང་འགྲོ་བར་མི་བགྱི་ལགས་སོ། །དེ་ནས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་བ་ཞེས་བྱ་བའི་རྣལ་འབྱོར་མའི་དབང་ཕྱུག་གིས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གིས་བདག་རྟག་ཏུ་གསང་བའི་ཚུལ་གྱིས་སེམས་ཤིང་ 175a ༄#། །དྲན་པར་འགྱུར་བའམ། དྲན་པར་བགྱིད་ན། དེ་ལ་བདག་གདོན་མི་ཟ་བར་སྟེར་བར་གྱུར་ཅིག་།དེ་ནས་ཕྱག་ན་རྡོ་རྗེ་རྣལ་འབྱོར་མའི་དབང་ཕྱུག་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གང་ཐེག་པ་ཆེན་པོའི་ཚུལ་འདི་ལ་ཞུགས་པར་གྱུར་པ་དེ་ལ་བཅུད་ལེན་གྱི་སྦྱོར་བ་འདིས་སྟོབས་དང་ལྡན་པར་བྱའོ། །ལྕགས་ཀྱི་ཕྱེ་མ་དང་ཨ་ཏི་པ་ལ་མ་ཧཱ་བ་ལའི་རྩ་བ་འོ་མ་དང་ལྷན་ཅིག་སྦྱར་ལ་ཀ་ར་དང་ལྡན་པར་བྱས་ཏེ་འཚོ་བར་བྱའོ། །དེ་ནས་ཆོ་གས་རྣལ་འབྱོར་བས་བཟའ་བར་བྱའོ། །ཤ་དང་མར་གྱི་བཟའ་བར་བྱའོ། །དེ་ནས་སྟོབས་ཆེན་པོ་དང་ལྡན་པར་གྱུར་ནས་སྡིག་པས་གོས་པར་མི་འགྱུར་རོ། །ད་ནི། གཞན་ཡང་བཤད་པར་བྱ་སྟེ། ནམ་མཁའི་ཡུལ་ལམ་ཡུལ་གཞན་དུ་རྡོ་རྗེའི་འཁོར་ལོ་རྡོ་རྗེ་བརྒྱད་དང་ལྡན་པ། བདུད་རྩིའི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལྟ་བུར་བདག་ཉིད་སྟོབས་དང་ལྡན་པར་བྱ་བའི་དོན་དུ་བསྒོམ་པར་བྱ་སྟེ། དེས་སྟོབས་དང་ལྡན་པར་འགྱུར་རོ། །དེ་ནས་གསད་པའི་དོན་དུ་རྡོ་རྗེའི་འཁོར་ལོ་དེ་ཉིད་འབར་ཞིང་གསལ་བའི་རྣམ་པ་མེ་རྟག་འཕྲོ་བ་ཅན་དེའི་ཁང་པའི་ཡུལ་ལམ་གྲོང་ཁྱེར་དུ་བབ་པར་བསྒོམ་པར་བྱའོ། །དེ་ནས་དེའི་སྐད་ཅིག་ལ་རིགས་དང་བཅས་པ་བརླག་པར་འགྱུར་རོ། །དེ་ནས་དབང་དུ་བྱ་བའི་དོན་དུ་འཁོར་ལོ་དེ་ 175b ཉིད་ཁ་དོག་དམར་པོ་བནྡྷུ་ཀའམ། ཛ་བའི་མེ་ཏོག་གི་ཁ་དོག་ལྟ་བུས་ས་ཕྱོགས་ཐམས་ཅད་ཁྱབ་པ་པོ་འདིས་བསྒྲུབ་བྱ་བཀུག་པར་བསྒོམས་པས་དེ་དབང་དུ་འགྱུར་རོ། །རྡོ་རྗེ་འཁོར་ལོའི་སྦྱོར་བ་འདི་ཉིད་ཀྱིས་རྒྱལ་པོ་དང ། བློན་པོ་དང ། མདུན་ན་འདོན་པ་ལ་སོགས་པ་རྣམས་ཀྱང་དབང་དུ་འགྱུར་རོ། །དེ་ནས་རྒྱལ་པོའི་ལྷ་མོ་ཆེན་མོ་དགུག་པར་འདོད་ན།་རྡོ་རྗེ་འཁོར་ལོ་དེ་ཉིད་དམར་པོར་ལྟ་བར་བྱས་ལ་དེ་འཁོར་ལོ་ལ་བཞག་སྟེ་རླུང་གིས་བསྣུན་པས་རང་གི་རྐང་པའི་དྲུང་སྔས་སུ་གཏུགས་པར་བསྒོམས་པར་བྱས་པས་དེ་ནས་ཉིན་མཚན་དེ་ན་དེ་འགུགས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱལ་པོ་ཕྱག་ན་རྡོ་རྗེས་སླར་ཡང་འདུས་པར་གྱུར་ཏེ་རྡོ་རྗེ་སྒེག་མོ་ལ་སོགས་པ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔགས་པ་གང་ལ་ལ་རྒྱུད་འདིའི་དོན་མི་སྒོམ་པ་དེ་ལྟ་ན་ཡང་གླེགས་བམ་དུ་གྱུར་པའང་ཁྱིམ་དུ་བཅང་བར་བྱའོ། །གང་ཡང་ཚུལ་འདི་ལ་གནས་པར་ཤེས་པར་བྱའོ། །གང་ཞིག་ཡང་གུས་པ་སྔོན་དུ་འགྲོ་བས་སྒོམ་པར་བྱེད་ན། རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །འདི་གང་སུ་ལའང་བཤད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། གདུག་པ་ཅན་གྱི་སེམས་ཅན་འགའ་ཞིག་ཡོད་པས་དེའི་མདུན་དུ་བཤད་པར་མི་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་རྡོ་རྗེ་འཛིན་ 176a ༄#། །པ་ལྟ་བུ་ལ་ཡང་གསང་བའི་དབང་བསྐུར་བ་སྔོན་དུ་སོང་བས་སློབ་མར་བྱས་ནས་བཤད་པར་བྱ་སྟེ། གཞན་དུ་ནི། མ་ཡིན་ནོ། །སློབ་མ་དེས་ཀྱང་ཙནྡན་ལ་ཟླ་བའི་དཀྱིལ་འཁོར་བྱས་ཏེ་དེར་སློབ་དཔོན་བཞུགས་སུ་གསོལ་ལ་རྒྱན་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པར་བྱས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་ལྟ་བུ་དེ་ལྟར་བྱས་ནས་བསྟོད་པ་ལ་སོགས་པ་དག་བྱའོ། །དེ་ནས་ཉན་ཐོས་ཀྱི་ཐེག་པ་ཅན་ལ་སོགས་པ་རྣམས་ལ་ནམ་དུ་ཡང་ལོ་རྒྱུས་ཙམ་ཡང་མི་བྱ་ཞིང་གླེགས་བམ་ཙམ་ཡང་བསྟན་པར་མི་བྱའོ། །ཐེག་པ་འདི་པ་དང་ལྷན་ཅིག་གཅིག་ཏུ་ལོངས་སྤྱད་པར་བྱ་ཞིང་གཅིག་ཏུ་གནས་པར་བྱ་སྟེ། རྣམ་པར་རྟོག་པ་ཅི་ཡང་མི་བྱའོ། །འདི་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། མཆོག་ཏུ་གསང་བའི་མཛོད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། གསང་བའི་དེ་ཁོ་ན་ཉིད་སྦས་པའི་མཆོག་གི་ཐེག་ལེ་ཞེས་བྱ་བའི་གསང་བའི་འབྱུང་གནས་རྫོགས་སོ།། །།དམ་པའི་རྒྱུད་འདི་གངས་ཅན་འདི་ན་སྔོན། །རྣམ་པ་ཀུན་ཏུ་བསྒྱུར་བ་མ་རྙེད་ནས། །མཁས་པ་བདེ་བར་གཤེགས་པའི་དཔལ་དང་ནི། །སྒྲ་རིག་ཀུན་དགའ་རྒྱལ་མཚན་བདག་གིས་བསྒྱུར། །དམ་པའི་བཀས་བསྐུལ་ནས་ནི་གུས་པ་ཡིས། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ 176b དུ་བསྒྱུར། །དགེ་བ་དེ་ཡིས་སེམས་ཅན་ཐམས་ཅད་ཀྱིས། །གསང་དོན་རྟོགས་ནས་སངས་རྒྱས་སར་འགྲོ་ཤོག། |