rKTs


H436

(e-text produced by ACIP)

see text in transliteration
416b
རྒྱ་གར་སྐད་དུ། ཤྲཱི་ཀྲིཥྞ་ཡ་མཱ་རི་ཏནྟྲ་རཱ་ཛ་ཏྲི་ཀལྤ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་རྟོག་བ་གསུམ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དོན་དམ་ཆོས་སྐུ་ཞི་བ་ཉིད། །གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ། །གཤིན་རྗེ་དགྲ་ཞེས་གྲགས་པ་ཡི། །འཁོར་ལོ་བསྐོར་བའི་
417a
༄#། །ཆོ་ག་བཤད། །ཡོན་ཏན་ལྡན་པའི་སྔགས་པ་ཡིས། །ཆོ་ག་བཞིན་དུ་བསྙེན་བྱས་ནས། །དུར་ཁྲོད་དབེན་པ་ལ་སོགས་པར། །དཀྱིལ་འཁོར་ཁྲུ་དོ་ཚད་དུ་བྱ། །དྲི་དང་བ་ཡི་རྣམ་ལྔ་དང ། །ཉི་ཟླ་སོགས་པས་བྱི་དོར་བྱ། །བ་ལང་ལ་སོགས་དམ་རྫས་ལྔ། །གཞན་ཡང་ཚོགས་ཀྱི་འཁོར་ལོ་དང ། །ཕྱི་ནང་ཕྱེད་པའི་བྱེ་བྲག་གིས། །ལེགས་པར་མཆོད་པ་བྱས་ནས་ནི། ། འཁོར་ལོ་བྲི་དང་བཏུ་བ་དང ། །དྲང་དང་བསྲེ་དང་སྤོ་བ་བརྩམས། །སྔགས་པ་རྣལ་འབྱོར་ལྡན་པ་ཡིས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །དམ་ཚིག་རྗེས་སུ་དྲན་པ་ཡིས། །ོཾ་བཛྲ་ས་མ་ཡ་སྟྭཾ།་གསང་སྔགས་འདི་ནི་རྗེས་དྲན་བྱེད། །འཁོར་ལོ་བྲི་བ་བརྩམ་པར་བྱ། །དབུས་ནས་སོར་ཚད་བཅུ་དྲུག་པར། །ཀུན་ནས་ཟླུམ་པོས་བསྐོར་ན་ནི། །འདི་ནི་ནང་གི་དཀྱིལ་འཁོར་ཏེ། ། རིམ་པ་གསུམ་དུ་བསྐོར་བ་ལ། །སྒོ་མེད་ལྕགས་མཁར་བཅུ་དྲུག་བྱ། །འདི་ནི་གཤིན་རྗེའི་གྲོང་ཁྱེར་ཏེ། །སྲིད་པ་གསུམ་གྱི་འཇུག་ས་ཡིན། །དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ། །ཀུན་ཏུ་ལྕགས་རིས་བསྐོར་བ་སྟེ། །མུ་ཁྱུད་དེ་དག་རེ་རེ་ཡང ། །ཁང་པ་སུམ་ཅུ་གཉིས་དང་ལྡན། །འགྲོ་བ་ཆོས་བཞིན་སྤྱོད་པ་ཡི། །འཁོར་ལོ་འདི་ལྟར་བྲིས་ནས་ནི། །ཕྱི་རོལ་མུ་ཁྱུད་ཐ་མ་ལ། ། ཡི་གེ་ཀ་སོགས་ད་ཡིག་མཐར། །ང་ཉ་བསལ་ནས་དགོད་པར་བྱ། །ཡི་གེ་དྷ་སོགས་ཀྵ་ཡིག་མཐར། །དེ་ཡི་རྗེས་སུ་བྲི་བར་བྱ། །མུ་ཁྱུད་དབུས་མ་དག་ལ་ནི། །དབྱངས་ཡིག་བཅུ་དྲུག་
417b
ཉིས་འགྱུར་དགོད། །བཏུ་དང་དགོད་སོགས་རྩོམ་པ་ན། །མཚན་མ་འདི་དག་ཤེས་པར་བྱ། །ཟླ་བ་མིག་དང་ཡོན་ཏན་དང ། །རིག་བྱེད་མདའ་དང་དབང་པོ་དང ། །རྒྱ་མཚོ་བཀྲ་ཤིས་གཟའ་དང་ཕྱོགས། །དྲག་པོ་ཉི་མ་ཡན་ལག་ས། །ཚེས་ཞེས་བྱ་བར་རབ་ཏུ་གྲགས། །ཕྱི་རོལ་མུ་ཁྱུད་ཐ་མ་ལ། །ཤར་གྱི་ཚངས་ཐིག་ནས་བརྩམས་ནས། །རིམ་མིན་གཟའ་ཅན་ཁང་པ་ནས། །ཡི་གེ་བཀྲ་ཤིས་ཙམ་བླངས་ཏེ། །ནང་གི་ངོས་ཀྱི་མུ་ཁྱུད་ཀྱི། །ཚངས་ཐིག་གི་ནི་ངོས་དག་ལ། །ཕྱོགས་བཞིར་མིག་གི་ཚད་དུ་སྦྱིན། །རིམ་མིན་ཕྱོགས་ཅན་ཁང་བ་པ་ནས། །ཡི་གེ་མིག་གི་ཚད་བླངས་ཏེ། ། ཤར་དུ་དེ་ཡི་གཡས་གཡོན་གཞག་།རིམ་མིན་བཀྲ་ཤིས་ཁང་པ་ནས། །དབྱངས་ཡིག་གཉིས་པ་ཅན་བླངས་ནས། །མིག་གི་ཚད་དུ་བྱས་ནས་ནི། །དེ་ཡི་ངོས་ལ་རེ་རེ་གཞག་།ནུབ་ཀྱི་ཚངས་ཐིག་ནས་གྲངས་པའི། །རྒྱ་མཚོ་ཅན་གྱི་ཁང་པ་ནས། །དབྱངས་ཡིག་བཅུ་གཅིག་དང་ལྡན་པ། །མིག་གི་ཚད་དུ་བླངས་ནས་ནི། །ལྷོ་ཡི་ངོས་སུ་དེ་བཞིན་སྦྱིན། །ནུབ་ནས་རིམ་པ་མིན་པ་ཡི། ། ཟླ་བ་ཅན་གྱི་ཁྱིམ་ནས་ནི། །དབྱངས་ཡིག་བཅུ་གསུམ་དང་ལྡན་པ། །མིག་གི་ཚད་དུ་བླངས་ནས་ནི། །ལྷོ་ངོས་དེ་རྗེས་སྦྱིན་པར་བྱ། །དེ་ཉིད་དབྱངས་ཡིག་གསལ་བ་ནི། །མིག་གི་ཚད་དུ་བླངས་ནས་ཀྱང ། །སྔོན་བཞིན་ནུབ་ཀྱི་ངོས་སུ་སྦྱིན། །ནུབ་ནས་བཀྲ་ཤིས་ཁང་པ་ནས། །དབྱངས་ཡིག་བཅུ་གསུམ་པ་ལྡན་པ། །མིག་གི་ཚད་དུ་བླངས་ནས་ནི། །ནུབ་ཀྱི་ངོས་སུ་དེ་བཞིན་སྦྱིན། །
418a
༄#། །བྱང་ནས་བཀྲ་ཤིས་ཁང་པ་ནས། །དབྱངས་ཡིག་བཅུ་གཅིག་པ་ལྡན་པ། །མིག་གི་ཚད་དུ་བླངས་ནས་ནི། །བྱང་གི་ངོས་ལ་དེ་བཞིན་སྦྱིན། །རླུང་གི་ས་བོན་ཞེས་བྱ་བ། །མིག་གི་ཚད་བླངས་དེ་བཞིན་སྦྱིན། །མདའ་ཅན་ཁང་པ་ནང་གནས་པའི། །འོད་ཀྱི་གོང་བུར་བྱས་པ་དང ། །དེ་ཉིད་ནས་ནི་བགྲངས་པ་ཡི། །གཟའ་ཅན་ཁང་པ་ལ་གནས་པ། །དབྱངས་ཡིག་གསུམ་པར་ལྡན་པ་དག་།ཟླ་བའི་ཚད་དུ་བླངས་ནས་ནི། །བྱང་ཤར་མཚམས་སུ་རེ་རེ་སྦྱིན། །རྒྱ་མཚོའི་ཁང་པ་ལ་གནས་པ། །དབྱངས་ཡིག་གཉིས་པ་ལྡན་པ་དག་།རིམ་མིན་ཡོན་ཏན་ཁང་པ་ནས། །ཟླ་བའི་ཚད་དུ་བླངས་ནས་ནི། །ཤར་ལྷོ་མཚམས་སུ་དེ་བཞིན་སྦྱིན། །རིམ་མིན་བཀྲ་ཤིས་ཁང་པ་ནས། །དབྱངས་ཡིག་ལྔ་པ་ལྡན་པ་དག་།ཡན་ལག་ཅན་གྱི་ཁང་པ་ནས།། ཟླ་བའི་ཚད་དུ་བླངས་ནས་ནི། །ལྷོ་ནུབ་མཚམས་སུ་དེ་བཞིན་སྦྱིན། །རིམ་མིན་ཚེས་ཅན་ཁང་པ་ནས། །དབྱངས་ཡིག་གསུམ་པ་ལྡན་པ་དང ། །རིམ་མིན་བཀྲ་ཤིས་ཁང་པ་ནས། །ཟླ་བའི་ཚད་དུ་བླངས་ནས་ནི། །ནུབ་བྱང་མཚམས་སུ་དེ་བཞིན་སྦྱིན། །དེ་ལྟར་དགོད་པར་བྱས་ནས་ནི། །དེ་ནས་དྲང་བ་བརྩམ་པར་བྱ། །དམ་ཚིག་རྗེས་སུ་དྲན་བྱེད་ཅིང ། །རྡོ་རྗེ་ཤུགས་དང་ལྡན་པ་ཡི། །ཤར་གྱི་ཚངས་ཐིག་ངོས་གཉིས་ནས། །ཡི་གེ་ཟུང་ལྡན་དྲངས་ནས་ནི། །དབུས་ཀྱི་ཁང་པར་གཞག་པར་བྱ། །ཕྱོགས་གཞན་ཚངས་ཐིག་ངོས་དག་ན། །དེ་བཞིན་ཟུང་
418b
ལྡན་དྲངས་ནས་ནི། །དེ་བཞིན་དབུས་ཀྱི་ཁང་པར་གཞག་།དེ་ནས་ཤར་གྱི་ཡི་གེར་ཡང ། །ཟུང་ལྡན་གཉིས་པ་དྲངས་ནས་ནི། །རིམ་པ་གཉིས་པའི་ཁང་པར་གཞག་།ཕྱོགས་གཞན་དུ་ཡང་དེ་བཞིན་ནོ། །ཤར་གྱི་ཟུང་ལྡན་གསུམ་པ་ཡང ། །རིམ་པ་གསུམ་པའི་ཁང་པར་དྲང ། །ཕྱོགས་གཞན་དུ་ཡང་དེ་བཞིན་ནོ། །མཚམས་ཀྱི་ཡི་གེ་ཡ་བྲལ་ནི། །རང་རང་ནང་གི་མཚམས་སུ་དྲང ། །དེ་དག་ཕྱུང་བའི་ཁང་སྟེང་དུ། །དབྱངས་ཀྱི་ཡི་གེ་དྲང་བར་བྱ། །དབྱངས་ཀྱི་ཡི་གེ་གཞི་ལ་ནི། །མིང་གི་ཡི་གེ་དྲང་བར་བྱ། །མིང་གི་ཡི་གེ་བཞི་ལ་ནི། །སོ་སོའི་ལས་དང་མཐུན་པ་ཡི། །སྐུལ་བའི་ཡི་གེ་དགོད་པར་བྱ། །བསད་དང་བསྐྲད་དང་དབྱེ་བ་ལ། །ཡི་གེ་ཕཊ་ནི་གཞག་པར་བྱ། །མནན་པ་ལ་ཡང་ཡི་གེ་ལཾ། །ཞི་བ་ལ་ནི་ཡི་གེ་ཨོཾ། །རྒྱས་པ་དེ་བཞིན་ཡི་གེ་སཝ། །དབང་ལ་བཾ་གྱིས་བརྒྱན་པ་སྟེ། །དགུག་པ་ལ་ནི་ཡི་གེ་ཛ། །དེ་ལ་ལས་ཀྱི་འོད་ཟེར་ནི། །ཞི་བ་ཆུ་སྟེ་རྒྱས་པས། །དབང་ནི་རླུང་སྟེ་དྲག་པོ་མེ། །དབྱེ་དགུག་བསྐྲད་པ་དབང་དང་མཐུན། །མནན་པ་དག་ནི་རྒྱས་པ་བཞིན། །དྲང་བའི་སྦྱོར་བ་བྱས་ནས་ནི། །བསྲེ་བའི་སྦྱོར་བ་བརྩམ་པར་བྱ། །གཉིས་མེད་སྔགས་དང་ལྡན་པ་ཡིས། །དབུས་ཀྱི་བཀྲ་ཤིས་ཡི་གེ་ཡང ། ། ཟླ་ལྟར་འོད་ཀྱི་གོང་བུར་བྱ། །སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང ། །འོད་ཀྱི་གོང་བུ་དེ་ནང་དུ། །འདོད་པའི་བསྒྲུབ་བྱ་གཞག་པར་བྱ། །དེ་དཀྱིལ་རང་མིང་དང་བོར་གཞག་།ཕྱོགས་ཀྱི་ཁྱིམ་
419a
༄#། །ན་གནས་པ་ཡི། །ཡི་གེ་ཟུང་མ་ཐམས་ཅད་དང ། །དེ་ཚེ་འོད་ཀྱི་གོང་བུར་བྱ། །སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང ། །བཅུ་གཉིས་ཁྱིམ་དུ་སྤེལ་ཏེ་བྲི། །བྱིན་རློབ་ཧཱུཾ་ཞེས་བྱ་བ་ཡང ། །ཁང་པ་རེ་ལ་ཟུར་རེ་མཛེས། །ཡོངས་སུ་དག་པ་དགོད་བྱས་ནས། །མཆོད་དང་གཏོར་མ་བྱས་ནས་ནི། །སྤོ་བ་དག་ནི་བརྩམ་པར་བྱ། །ལས་ཀྱི་དབྱེ་བ་ཇི་ལྟ་བར། །འཁོར་ལོའི་རས་ནི་བླང་བྱ་སྟེ། །ཞི་བ་དང་ནི་རྒྱས་པ་ལ། །ཤིན་ཏུ་དགེ་བའི་རས་ལ་བྱ། །དབང་དང་དགུག་ལ་སྨད་འཚོང་སོགས། །བསད་དང་དབྱེ་དང་བསྐྲད་པ་དང ། །མནན་པ་ལ་ནི་དུར་ཁྲོད་རས། །གི་ཝང་གུར་གུམ་ཞི་རྒྱས་ལ། །དབང་དང་དགུག་ལ་ཙནྡན་དམར། །མནན་པ་ལ་ནི་ལྡོང་རོས་སོགས། །བསྐྲད་ལ་བྱ་རོག་ཁྲག་གིས་ཏེ། །དབྱེ་བ་རྟ་དང་མ་ཧེ་སོགས། །བསད་ལ་དུག་ལ་སོགས་པས་བྲི། །དགེ་བའི་ལས་ལ་བཟང་པོའི་ཤིང ། །དགེ་མིན་ལ་ནི་རུས་པ་དང ། །ལྕགས་ལ་སོགས་པས་བྲི་བར་བྱ། །ཞི་ལ་ཤར་བལྟ་དབང་ལ་ནུབ། །རྒྱས་ལ་བྱང་སྟེ་དྲག་པོར་ལྷོ། །གཞན་ནི་ཅི་རིགས་སྦྱར་བར་བྱ། །ཞི་རྒྱས་དབང་དང་དགུག་པ་ལ། །ས་བསྐོར་རིམ་བཞིན་དགོད་པར་བྱ། །གནམ་བསྐོར་དག་ནི་རིམ་ལས་བཟློག་།བསད་བསྐྲད་དབྱེ་བ་མནན་པ་ལ། །ས་བསྐོར་རིམ་ལས་བཟློག་པ་སྟེ། །གནམ་བསྐོར་དག་ནི་རིམ་བཞིན་བྲི། །འདི་ལྟར་ལེགས་པར་མ་བྲིས་ན། །འཁོར་ལོ་རང་ལ་ལྡོག་
419b
པར་འགྱུར། །དེ་བས་ནན་ཏན་བསྐྱེད་དེ་བྱ། །རས་ཀྱི་འཁོར་ལོ་ལེགས་ཟིན་ནས། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཏེ། །རས་ཀྱི་འཁོར་ལོར་སྤྱན་དྲངས་ཏེ། །རྡོ་རྗེ་བསྡུ་བའི་སྦྱོར་བ་ཡིས། །དཀྱིལ་འཁོར་འཁོར་ལོ་བཏུ་བར་བྱ། །རས་ཀྱི་འཁོར་ལོ་མཆོད་ནས་ནི། །བདེན་པའི་བྱིན་བརླབས་དམིགས་པར་བྱ། །ཇི་ལྟར་གསུངས་པའི་ཆོ་ག་བཞིན། །འཁོར་ལོ་སྤོ་བ་བྱས་ནས་ནི། །གསང་སྔགས་བཟླས་པ་བརྩམ་པར་བྱ། །ོཾ་བཛྲ་ས་མ་ཡ་སྟྭཾ། དམ་ཚིག་གི་སྔགས་སོ། །ོཾ་བཛྲ་བེ་ག་།རྡོ་རྗེ་ཤུགས་ཀྱི་སྔགས་སོ། །ོཾ་བཛྲ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་སཝཱཧཱ། ཡི་གེ་བསྲེ་བའི་སྔགས་སོ། །ོཾ་བཛྲ་ས་མཱ་ཛ། འཁོར་ལོ་སྤོ་བའི་སྔགས་སོ། །ོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ན་རི་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་ར་མ་ཡ་ཕཊ་ཕཊ། འདི་ནི། རྩ་བའི་གསང་སྔགས་ཏེ། ལས་ཐམས་ཅད་པའོ། །ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། འདི་ནི། ལས་ཀྱི་གསང་སྔགས་ཏེ། ལས་ཐམས་ཅད་པའོ། །ཤཱནྟིཾ་ཀུ་རུ་སཝཱཧཱ། ཞི་བར་བསྐུལ་བའོ། །པུཥྚིཾ་ཀུ་རུ་སཝཱཧཱ། རྒྱས་པའི་འོ། །བ་ཤཾ་ཀུ་རུ་སཝཱཧཱ། དབང་གིའོ། །མ་ར་ཡ་ཕཊ། བསད་པའི་འོ། །བི་དྭེ་ཥ་ཡ་ཕཊ། དབྱེ་བའི་འོ། །ུཙྪ་ཊ་ཡ་ཕཊ། བསྐྲད་པའི་འོ། །སྟཾ་བྷ་ཡ་ཧཱུཾ་ལཾ། མནན་པའི་འོ། །ཱ་ཀཪྵ་ཡ་ཧཱུཾ། དགུག་པའི་འོ། །ོཾ་མུཾ། སླར་དགྲོལ་བའི་སྔགས་སོ། །ཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། །གསང་སྔགས་འབྱུང་བའི་རྩ་བ་སྟེ། །ལས་ཀྱི་བརྩོན་ར་དག་ཀྱང་
420a
༄#། །ཡིན། །ཡི་གེ་བཏུ་བ་མེད་ན་ནི། །གསང་སྔགས་སྒྲ་ནི་ལོག་པར་འགྱུར། །ཡི་གེ་ཚོང་བར་མ་བཀོད་ན། །གསང་སྔགས་སྒྲ་ནི་ལོག་པར་འགྱུར། །ཡི་གེ་ཚང་བར་མ་བཀོད་ན། །གསང་སྔགས་སྒྲ་ནི་ལོག་པར་འགྱུར། །གསང་སྔགས་བརྡ་ཡིས་མ་བརྗོད་ན། །སྔགས་ནི་དངོས་གྲུབ་མེད་པར་འགྱུར། །དྲང་བ་དག་ནི་མ་བྱས་ན། །ཤིན་ཏུ་འཁོར་བར་མི་འགྱུར་རོ། །ཡི་གེ་བསྲེ་བ་མ་བྱས་ན། །བཅུ་དྲུག་ཁང་པ་དོན་མེད་འགྱུར། །བསྐོར་ཕྱོགས་ལོག་ན་དོན་མི་འགྲུབ། །རིག་སྔགས་ཉམས་དང་ལོག་པ་ནི། །ལྷ་མིན་གཡུལ་ལས་ཕམ་པ་དང ། །དབང་པོའི་དགྲ་ཡིས་དགྲ་བསད་བཞིན། །འཁོར་ལོ་སྤོ་བ་མ་བྱས་ན། །ཆོ་ག་ངག་ནི་ཉམས་པར་འགྱུར། །རྒྱུ་ཡིན་པ་དང་སྦྱོར་བ་དང ། །དད་པ་བརྟན་པས་འགྲུབ་པར་འགྱུར། །དེ་བས་ནན་ཏན་བསྐྱེད་དེ་བྱ། །དཔལ་གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་བྲི་བའི་ཆོ་ག་རྒྱས་པའི་རྟོག་པ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྔགས་པས་རྟག་ཏུ་བསྟེན་པ་ནི། །རུས་སྦལ་འོ་མ་ཞེས་བྱ་དང ། །དེ་བཞིན་འོད་ཀྱི་ལོ་མ་དང ། །འཇིམ་པ་སྐམ་པོ་ཉིད་དང་ནི། །དེ་བཞིན་མེ་ཡི་ཁུ་བ་དང ། །སྒྲ་སྙན་གྱི་ནི་རྫས་དག་དང ། །འདི་རྣམས་རྟག་ཏུ་དཔྱད་ན་ནི། །རང་བཞིན་གྱིས་ནི་ནད་མེད་ཅིང ། །ཚེ་རིང་དབང་པོ་རྒྱས་པ་དང ། །རྟག་ཏུ་ལང་ཚོ་དར་ལ་བབ། །ལྷ་རྣམས་ཀུན་གྱིས་བྱིན་གྱིས་རློབ། །འདི་ལ་དཔྱད་པར་མི་བྱ་སྟེ། །མཐུ་དང་ངོ་བོ་ཉིད་ཀྱིས་གྲུབ། །ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ན། །ལས་ཀྱི་རྣམ་སྨིན་སྦྱོང་པར་བྱེད། །རིག་པ་
420b
འཛིན་པའི་ས་ལ་གནས། །དེ་ཕྱིར་ཆོ་ག་བཞིན་དུ་བསྟེན། །ཚེས་གཅིག་སྐྱ་རེངས་ཤར་བ་ནི། །སྣོད་ལ་མ་རེག་རུས་སྤལ་ཞོ། །དྲོད་མ་ཡལ་བར་བཏུང་བའམ།། ཡང་ན་ཉི་མའི་སྦུ་གུས་བཏུད། །མར་གྱི་ངོ་ཡི་ཚེས་གཅིག་ལ། །འོད་ཀྱི་ལོ་མ་བཙལ་ནས་ནི། །དེན་ཡིད་ནས་ནི་གཟུང་བར་བྱ། །ཞག་གསུམ་སྐྱ་རེངས་ཤར་བ་ན། །ལ་མ་དེ་བཅད་བཟའ་བར་བྱ། །ཡང་ན་ཉི་མའི་སྤུ་གསུམ་བཏུང ། །འཇིམ་པ་བཟང་པོ་སྦྱར་ནས་ནི། ། ཞག་གསུམ་ཆུ་ཡི་ནང་དུ་སྦང ། །དེ་བླངས་ནས་ནི་ཡང་བསྐམས་ནས། །ཕྱི་མ་བྱི་ལའི་སྤར་ཆད་རེ། །བ་ཡི་འོ་མ་དང་སྦྱར་ནས། །སྔགས་པས་རྟག་ཏུ་བཏུང་བར་བྱ། །མེ་ཡི་སྡོང་པོ་སར་པ་ནི། །ས་ཡི་མར་གྱིས་དྲིལ་ནས་ནི། །ཁ་སྦྱར་སྦྱོར་དང་ལྡན་བྱས་ན། །མེ་ཆུ་ས་ཡིས་བཙིར་ནས་ནི། །བཏུང་ངམ་ཉི་མའི་སྦུ་གུས་བཏུང ། །ལན་ཚཝ་བྲལ་བ་དག་ལ་ནི། །ཞག་གསུམ་འཆི་བའི་སྒྲ་བརྙན་རྫས། །ནམ་གྱི་དུས་ལ་སྔགས་པས་བླངས། །ཆ་གསུམ་སྣོད་དུ་ཞག་གསུམ་བཞག་།ཁ་ཡི་ཆ་ནི་བྱུགས་པ་སྟེ། །དབུས་མའི་ཆ་ནི་བདུད་རྩི་ཉིད། །རྩ་བའི་ཆ་ནི་དོར་བ་སྟེ། །འདི་རྣམས་སོ་སོར་བརྟན་པ་ན། །ཐ་མལ་འབྲས་བུ་གསུམ་གྱི་ཕྱེ། །བྱི་ལའི་སྤར་ཚད་དེ་དང་སྦྱར། །མ་སྦྱར་ན་ཡང་ཉེས་པ་མེད། །ཚོགས་པར་བརྟེན་ན་བཟའ་བར་བྱ། །རེ་རེ་བསྟེན་ཀྱང་ཉེས་པ་མེད། །འཇམ་དཔལ་གྱི་རྟོག་པ་ལས། །དམ་རྫས་སྨན་དུ་བསྒྱུར་ཏེ་བསྟན་པའི་ཆོ་གའི་རྟོག་པ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་པ་ནི། །ལས་ཀྱི་གྲོགས་ཀྱི་བྱེ་བྲག་སྟེ། །ཞི་བའི་ལས་ནི་ཟླ་བ་ཡིན། །རྒྱས་པ་དེ་བཞིན་མིག་
421a
༄#། །ཏུ་བསྒྲགས། །དབྱེ་བ་ཡོན་ཏན་ཞེས་བྱ་སྟེ། །དབང་དུ་བྱ་བ་རིག་བྱེད་ཡིན། །དགུག་བའི་ལས་ལ་དེ་བཞིན་མདའ། །བསྐྲད་དང་མནན་པ་དབང་པོ་ཡིན། །མནན་བ་རྗེས་སུ་འབྲངས་པ་ཡིས། །བསད་པའི་ལས་ནི་རྒྱ་མཚོར་འདོད། །ལས་རྣམས་དེ་དག་རེ་རེ་ཡང ། །འཕགས་ཚོགས་མཆོད་སྦྱིན་དང་པོ་སྟེ། །ཉི་མ་གཉིས་པར་གཏོར་མ་སྦྱིན། །གསུམ་པ་བཟླས་པ་རྣམ་པར་འབད། །བཞི་པ་སྦྱིན་སྲེག་ཚང་བར་བྱ། །ལྔ་པ་ལས་ཀྱི་འཁོར་ལོ་བསྐོར། །དྲུག་པ་བསམ་གཏན་རྩེ་གཅིག་བྱ། །བདུན་པ་ལས་ཀྱི་ལྷག་ཆད་བསྐྲད། །གྲོགས་ཀྱི་ལས་ལ་ཁྱད་པར་དུ། །ལས་ཀྱི་གཙོར་ནི་གང་སྒྲུབ་དེའི། །འཁོར་ལོ་བསྐོར་བ་ཉི་མ་བཞི། །ལས་ཀྱི་བྱེ་བྲག་འདི་ཤེས་ན། །ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ། །རྒྱས་པས་ཡོན་ཏན་དྲུག་དང་འབྱོར། །དབང་གིས་མོས་པ་རྣམ་བཞིར་བསྒྱུར། །དབྱེ་བས་གསང་སྡེ་བརྒྱད་དང་འབྱེད། །མནན་པས་དབང་པོ་དྲུག་འཆིང་བྱེད། །གཞན་ཡང་ཇི་ལྟ་དེ་བཞིན་དུ། །སྔགས་དང་རྫས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འགྲུབ་སྟེ། །གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང ། །ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། །དད་པ་བརྟན་པོས་བསྒྲུབས་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང ། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི།།
421b
མ་བྱུང་འགྱུར་བར་མི་འགྱུར་རོ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡིས། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྒྲུབ་པའི་དངོས་གྲུབ་རིང ། །བླ་མས་མན་ངག་བསྟན་བྱས་ཀྱང ། །སློབ་མ་ཡིད་གཉིས་ཟ་གྱུར་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་མན་ངག་སྤས་བྱས་ཀྱང ། །སློབ་མ་ཡིད་གཉིས་མི་ཟ་ཞིང ། །བླ་མའི་མན་ངག་དམ་པ་ཞེས། །གཅེས་སྤྲས་བྱས་ན་འགྲུབ་པར་ངེས། །དེ་ཡི་ཕྱིར་ན་སྔགས་པ་ཡིས། །རང་གི་ཡིད་གཉིས་སྤང་བའི་ཕྱིར། ། བླ་མ་མཉེས་པར་བྱ་བ་གཅེས། །བསྙེན་བཀུར་བྱས་ན་ནུས་མཐུ་ཆེ། །གསང་སྟེ་བརྗོད་པས་བར་ཆད་མེད། །ཡོན་ཏན་ཕུལ་བ་བྱས་པས་ནི། །རང་སེམས་རིན་ཆེན་རྣམ་གཉིས་འགྱུར། །རིན་ཆེན་གཉིས་ལས་གྲུབ་པར་འབྱུང ། །དཀོན་པར་གྱུར་པས་སྔགས་པ་བརྗོད། །བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ། །བསྔགས་པ་དག་ནི་མ་བྱས་ན། །ཇི་ལྟར་ཡིད་བཞིན་ནོར་བུ་ཡང ། །གང་གིས་བསྔགས་པ་མ་བྱས་པ། །དེ་ལ་འདོད་དོན་མི་སྟེར་རོ། །དད་པ་སངས་རྒྱས་དད་པ་ཆོས། །དད་པ་དགེ་འདུན་དད་པ་མ། །དད་པ་བླ་མ་དད་པ་ཕ། ། དད་པ་ལམ་ཆེན་དད་པ་དྲུ་\?\། །དད་པ་ཡིད་བཞིན་ནོར་བུ་སྟེ། །དད་པ་གསང་སྔགས་དངོས་གྲུབ་ཉིད། །དད་པ་བསོད་ནམས་ནོར་ཡིན་ཏེ། །དེ་ཡི་ཕྱིར་ན་སྔགས་པ་ཡིས། །རང་
422a
༄#། །སེམས་དད་པ་བསྐྱེད་པའི་ཕྱིར། །གཞན་ལ་གུས་བ་མཆོག་ཏུ་བཀུར། །དབལ་གཤིན་རྗེ་གཤེད་ནག་བོའི་འཁོར་ལོ་བསྐོར་བའི་ཆོ་ག་ལས། ལས་ཀྱི་རྒྱུད་དང་གྲོགས་བསྟེན་པའི་རྟོག་པ་སྟེ་གསུམ་པའོ།། །།གཤིན་རྗེ་གཤེད་ནག་པོའི་རྒྱུད་རྟོག་པ་གསུམ་པ་རྫོགས་སོ།།