rKTs


H434

(e-text produced by ACIP)

see text in transliteration
389a
།།རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ཧཱ་བྷེ་ར་ཝ་ནཱ་མ་ཏནྟྲ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་
389b
རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁྲོས་པའི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི། །སྒྲུབ་པ་ཡང་དག་རབ་བཤད་དེ། །དེ་ནི་ལྷ་རྣམས་ཐམས་ཅད་ལ།། དྲག་ཤུལ་ཆེ་ཞིང་འཇིགས་པར་བྱེད། །དེ་ལ་ཐོག་མར་སྔགས་པས་ཡིད་དུ་འོང་བའི་གནས་གང་ཡང་རུང་བའི་གནས་ལ་དགོད་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལ་གནས་གསུངས་པ་ནི། །དུར་ཁྲོད་དམ།་ཆུ་ཀླུང་གི་འགྲམ་མམ། ཤིང་གཅིག་གམ། མཚན་མ་གཅིག་པའམ། བཞི་མདོའམ། རིའི་རྩེ་མོའམ། ཁང་སྟོང་ངམ། མ་མོའི་ཁྱིམ་མམ། ལྷའི་ཁང་པའམ། འཐབ་མོའི་གནས་སམ། གྲོང་ཁྱེར་རམ། ནགས་ཁྲོད་དམ། །གྲོང་ལ་སོགས་པའི་གནས་སུ་སྔགས་པ་གནས་ཏེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྡོ་རྗེའི་འཁོར་ལོའི་མིང་གི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་པས་དབང་དང ། དགུག་པ་དང ། བསད་པ་དང ། བསྐྲད་པ་དང ། དབྱེ་བ་དང ། རེངས་པ་དང ། རལ་གྲི་དང ། མིག་སྨན་དང ། ས་འོག་དང ། རིལ་བུ་དང ། གསེར་འགྱུར་དང ། བཅུད་ཀྱིས་ལེན་པ་དང ། ནོར་དང ། འབྱུང་པོ་དང ། རོ་ལངས་དང ། ཤ་ཟ་དང ། གནོད་སྦྱིན་དང ། གནོད་སྦྱིན་མོ་དང ། ཀླུ་ལ་སོགས་པའི་ཆོ་ག་འདིས་བསྒྲུབ་པར་བྱའོ། །དེ་ལ་ཆོ་ག་ནི། དང་པོར་རེ་ཞིག་སྔགས་པས་རོ་བསྲེགས་པའི་ཐལ་ཆེན་གྱིས་ལུས་བྱུགས་ཏེ་མཚན་ཕྱེད་ན་གཅེར་བུ་སྐྲ་བསིལ་བ་བྱས་ལ་འཕགས་པ་མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་གྱིས་དུར་ཁྲོད་ལ་སོགས་པར་དཀྱིལ་
390a
༄#། །འཁོར་བྲིས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲིལ་བུ་དར་གྱི་འཕན་ལ་སོགས། །མེ་ཏོག་ཕྲེང་བས་རྣམ་པར་ཀླུབས། །གྲ་རྣམས་དག་ནི་ཐམས་ཅད་དང ། །སྒོ་ཁྱུད་ཀྱི་ནི་ཕུག་དག་ཏུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། །ཟླ་བ་ཕྱེད་པ་དེ་བཞིན་ནོ། །དེ་དབུས་འཁོར་ལོ་བྲི་བ་ནི། །རེའུ་མིག་དགུ་པ་ཟླུམ་པོའོ། །སྒོ་གཅིག་པ་ནི་དབྱེ་བར་བྱ། །ལྷག་མ་ཡོངས་སུ་གཅེད་པར་བྱ། །དེ་དབུས་མི་རོ་བྲི་བར་བྱ། །ཤར་དུ་མགོ་བོ་ལྷོར་ལག་པ། །ནུབ་ཏུ་རྒྱུ་མ་བྱང་དུ་རྐང་པ། ཤར་ལྷོའི་གྲར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་དུར་ཁྲོད་ཀྱི་ར་ས། །བྱང་ཤར་དུ་སྐྱེས་བུ་གསལ་ཤིང་ལ་བཙུགས་པའོ། །དེ་དག་ནི། འཁོར་ལོའི་དབུས་སུ་མཚན་མའི་ཕྱག་རྒྱ་ལྔའོ། །དེ་ནས་འཁོར་ལོའི་ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ནི། །ཤར་ཕྱོགས་ཀྱི་སྣམ་བུ་ལ་གྲི་གུག་དང ། མཚོན་རྩེ་གཅིག་པ་དང ། གཏུན་ཤིང་དང ། ཆུ་གྲི་དང ། རྡོ་རྗེ་རྩེ་གཅིག་པ་དང ། ལྕགས་ཀྱུ་ལ་སོགས་པ་རྣམས་བྲིའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ་སྟ་རེ་དང ། མདའ་དང ། ཁ་ཊྭཱཾ་ག་དང ། དབྱུག་ཏོ་དང ། འཁོར་ལོ་དང ། རྡོ་རྗེ་ཞགས་པ་ལ་སོགས་པ་བྲིའོ། །ནུབ་ཕྱོགས་ཀྱི་སྣམ་བུ་ལ་རྡོ་རྗེ་དང ། རལ་གྲི་དང ། གྲི་ཆུང་དང ། ཕུབ་དང ། གཞུ་དང ། དྲིལ་བུ་དང ། རླུང་གི་བ་དན་ལ་སོགས་པ་བྲིའོ། །བྱང་ཕྱོགས་ཀྱི་སྣམ་བུ་ལ་སྡིགས་མཛུབ་དང ། འཕན་རྩེ་གསུམ་པ་དང །
390b
གླང་པོའི་ལགས་པ་དང ། རྡོ་རྗེ་ཐོ་བ་དང ། མདུང་དང ། མེ་ཐབ་ལ་སོགས་པ་བྲིའོ། །སྒོ་བཞི་དང་གྲ་རྣམས་ལ་རོ་ལངས་ཆེན་པོ་བྲིའོ། །གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན་མར་ཁུ་ཆེན་པོའི་མར་མེ་དབུལ་ལོ། །མི་དང ། བོང་བུ་དང ། རྔ་མོ་དང ། ཁྱི་དང ། ཝ་དང ། མ་ཧེ་དང ། གླང་པོ་ཆེ་དང ། བ་ལང་དང ། བ་མེན་དང ། ལུག་དང ། རི་དྭགས་དང ། ཕག་པ་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ། །གཞན་ཡང་བྱ་རྒོད་དང ། འུག་པ་དང ། བྱ་རོག་དང ། ཁྲ་དང ། ཆུ་སྐྱར་དང ། མཐིང་རིལ་དང ། བཞད་དང ། རྨ་བྱ་དང ། ཁྱིམ་བྱ་དང ། རེ་སྐེགས་དང ། ཁྱུང་ཆེན་པོ་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ། །ཤིན་ཏུ་མཉམ་པར་བཞག་པས་བཟའ་བ་དང ། སྟོན་མོ་དང ། སྦྱིན་སྲེག་དང ། གཏོར་མའི་ལས་བྱའོ། །དཀྱིལ་འཁོར་གྱི་གྲ་ཐམས་ཅད་དུ་ཁྲག་གིས་ཆག་ཆག་བྱའོ། །དཔལ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་གི་སྦྱོར་བ་ལ་གནས་པས་ལྷ་བཤོས་ཐམས་ཅད་དབུལ་བར་བྱའོ། །དེ་ནས་སྔགས་བས་སྔོན་དུ་སྤྱད་པ་བྱས་ཏེ་བདག་ཞི་བར་གྱུར་པའི་ཤིན་ཏུ་མཐུན་པའི་གྲོགས་སམ། བདག་གཅིག་བུ་རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ་གཅེར་བུར་ཕུད་ནས་སྐྲ་བསིལ། མཚན་ཕྱེད་ན་ཅང་ཏེའུ་བཀྲོལ་ལ་ཧ་ཧ་ཞེས་བྱ་ཞིང་མཉམ་པར་བཞག་སྟེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་འདོད་པས་འཇུག་པར་བྱའོ། །རབ་ཏུ་ཞིམ་པའི་ཆད་ལ་སོགས་པ་བཏུང་བ་དང ། བཟའ་བའི་རོ་རྣམས་
391a
༄#། །དབུལ་ལོ། །ཕྱི་ནས་དངོས་གྲུབ་དང ། དངོས་གྲུབ་མ་ཡིན་པ་ལ་དམིགས་ལ་དེའི་སྟེང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་བསམ་པར་བྱའོ། །དེའི་མདུན་དུ་གཡས་བསྐུམ་དུ་གནས་ལ་ང་རྒྱལ་དང་བཅས་པས་སེམས་རྩེ་གཅིག་ཏུ་ཤིན་ཏུ་མཉམ་པར་བཞག་པས་ཡི་གེ་བཅུ་པའི་སྔགས་བཟླ་བར་བྱའོ། །དེ་ནས་འཇིགས་པ་ཆེན་པོ་བྱུང་ན།་དེ་ལ་སྔགས་པས་འཇིགས་པར་མི་བྱ་སྟེ། གལ་ཏེ་འཇིགས་པར་གྱུར་ན། དེ་ལ་བགེགས་ཆེན་པོའི་བར་ཆོད་འབྱུང་ངོ ། །བར་ཆད་བྱུང་ན་དངོས་གྲུབ་མི་འགྲུབ་བོ། །དེ་བས་ན་སྔགས་པས་འཇིགས་པར་མི་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགྱེས་སོ། །དགྱེས་ནས་ཁྱོད་ཅི་འདོད་ཅེས་གསུངས་པ་དང ། དེ་ལ་རིག་འཛིན་གྱིས་སྨྲ་བར་བྱ་སྟེ། རལ་གྲི་དང ། ས་འོག་དང ། མིག་སྨན་དང ། གསེར་འགྱུར་དང ། བཅུད་ཀྱིས་ལེན་པའམ། དེ་ལས་གཞན་ཡང་ཡིད་ལ་འདོད་པའི་དངོས་གྲུབ་ངེས་པར་བདག་ལ་སྩོལ་ཅིག་ཅེས་བརྗོད་ན། དེ་ལ་ཐེ་ཚོམ་མེད་པར་སྩོལ་ལོ། །བརྒྱ་ཞིག་ལ་སྔགས་པས་དེ་དག་མ་གྲུབ་ན་ཡང་དེའི་ཕྲ་མོའི་ལས་ཐམས་ཅད་ངེས་པར་འགྲུབ་བོ། །འདི་ནི། འཇམ་དཔལ་ཞེས་བྱ་བའི་མིང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་སྦྱོར་བའི་རྒྱུད་ལས། དཀྱིལ་འཁོར་བསྟན་བ་སྟེ་རྟོག་པ་དང་པོའོ།། །།དེ་ནས་ལས་ཀྱི་ཚོགས་ཀྱི་ཆོ་ག་རབ་ཏུ་བཤད་དེ། རིམ་པ་ཇི་ལྟ་བ་
391b
བཞིན་དུ་བསད་པ་དང ། བསྐྲད་པ་ལ་སོགས་པ་སྔགས་པ་ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་པའི་རྣལ་འབྱོར་གྱིས་བྱ་སྟེ། དང་པོ་ཁོ་ནར་སྔགས་བས་རེ་ཞིག་གནོད་མཛེས་སུ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་གཙོ་བོ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་ལ་ལྷའི་སྦྱོར་བ་དང་ལྡན་པས་ཐོག་མར་ནི། དེ་བྱ་སྟེ། དེ་སྦྱོར་བའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ལ་འདིའི་ལས་ནི། ཇི་ལྟར་བསད་པར་འདོད་པའི་སྔགས་པས་དུར་ཁྲོད་ཀྱི་རས་ལ་དུག་དང ། ཁྲག་དང ། ལན་ཚཝ་དང ། སྐེ་ཚེ་དང ། ནིམ་པ་དང ། དྷ་དུ་རའི་ཁུ་བས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་ལེ་ཚེ་བཅུ་དྲུག་པ་བྱ་རོག་ཆེན་པོའི་སྒྲོ་རྩའི་སྨྱུ་གུའམ། མིའི་རུས་པའི་སྨྱུ་གུས་གཅེར་བུ་སྐྲ་བཤིག་པས་ཁ་ལྷོར་བལྟས་ཏེ་མ་ཧེའི་གདོང་གི་སྦྱོར་པས་བྲི་བར་བྱའོ། །མེ་གཉིས་ཀྱི་དབུས་སུ་བསྒྲུབ་བྱའི་མིང་དང་བཅས་པར་བཞག་ལ་དེ་ཡི་གེ་བཅུ་པས་བསྐོར་ཞིང་ཧཱུཾ་བརྒྱད་བྲི། ཟུར་རྣམས་སུ་ཕཊ་ཀྱི་ཡི་གེ་རྣམས་བྲི། བདག་ཉིད་ཚ་བའི་མར་གྱིས་ལུས་བྱུགས་ལ་ཐོད་པ་གཉིས་ཀྱི་དབུས་སུ་འཁྲུལ་འཁོར་རབ་ཏུ་བཅུག་ལ་སྒྱེད་བུ་གསུམ་གྱི་སྟེང་དུ་བཞག་ནས་དུར་ཁྲོད་ཀྱི་མགལ་བས་མེ་རབ་ཏུ་སྤར་ཏེ། རྐང་པ་གཡོན་པས་མནན་ལ་ཡི་གེ་བཅུ་པའི་སྔགས་བཟླའོ། །དེས་སྐད་ཅིག་གིས་ཐེ་ཚོམ་མེད་པར་འཆིའོ། །གཞན་ཡང་རིམས་ཀྱིས་ཐེབས་པར་འདོད་ན། འཁོར་ལོ་དེ་ཉིད་མིའི་ཉ་ཕྱིས་གཉིས་
392a
༄#། །ཀྱི་དབུས་སུ་ལེགས་པར་བཞག་ལ་མེ་ཐབ་ཀྱི་འོག་ཏུ་ཁྲུ་ཕྱེད་བརྐོས་ལ་བཅུག་ནས་མེ་སྤར་ན་རིམས་ནད་ཀྱིས་འཛིན་ནོ། །དེ་ལ་ལེ་ཚེ་བཅུ་དྲུག་པའི་རབ་ཏུ་སྦྱོར་བ་འདི་གསུངས་ཏེ། འོན་ཀྱང་འདིའི་ཁྱད་པར་ནི། ཡི་གེ་སུམ་ཅུ་རྩ་གཉིས་པའི་སྔགས་དང་ལྡན་པ་ཡི་གེ་བཏུ་པའི་སྔགས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ཡི་གེ་དང་སྔགས་སྤེལ་ལོ། །སྔོན་དུ་གསུངས་པའི་རྫས་དང་ལྷན་ཅིག་ཏུ་བྱ་རོག་གིས་བཏོགས་པའི་ལྷག་མ་མི་གཙང་བ་དང ། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་རས་ལ་བྱུགས་ཏེ། དེ་ལ་སྔོན་དུ་གསུངས་པའི་ཆོ་གས་འཁོར་ལོ་བྲིས་ཏེ་དུར་ཁྲོད་དུ་སྤས་ན་འཆི་བར་འགྱུར་རོ། །ཤིང་གཅིག་གི་དྲུང་དུ་སྤས་ན་བསྐྲད་པར་འགྱུར་རོ། །མཚན་མ་གཅིག་པར་སྤས་ན་དབྱེ་བར་འགྱུར་རོ། །ཆུའི་ནང་དུ་སྤས་ན་རེངས་པར་འགྱུར་རོ། །ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ། །ཕྱུང་ནས་ལེགས་པར་བཀྲུས་ན་གྲོལ་བར་འགྱུར་རོ། །གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་གཤིན་རྗེའི་འཁོར་ལོ་སྔོན་གྱི་ཆོ་གས་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ། དུར་ཁྲོད་དམ། ལམ་བཞི་མདོ་དང ། ཤིང་གཅིག་དང ། གྲོག་མཁར་དང ། ཆུ་འགྲམ་དང ། མཚན་མ་གཅིག་པ་དང ། རྒྱལ་པོའི་སྒོ་དང ། རྣམ་པར་སྣང་མཛད་དང ། རྡོ་རྗེ་ཆུ་དང ། དུར་ཁྲོད་ཀྱི་སོལ་བས་བསྒྲུབ་བྱའི་གཟུགས་བརྙན་ཚད་སོར་བརྒྱད་པ་བྱས་ལ་དེའི་སྙིང་
392b
གར་འཁོར་ལོའི་སྔགས་བཅུག་སྟེ། མིའི་རུས་པའི་ཕུར་བུས་གནས་ལྔར་གདབ་པར་བྱའོ། །ཚིགས་ཐམས་ཅད་ལ་ཚེར་མ་རྣོན་པོས་དགང་བར་བྱའོ། །དེ་ཐོད་པ་གཉིས་ཀྱི་དབུས་སུ་བཅུག་སྟེ། དེ་གྲོག་མཁར་དང་གནས་བདུན་གྱི་སས་གཤིན་རྗེའི་གཟུགས་ཁྲུ་གང་ཙམ་ཞལ་གཙིགས་པ། གསུས་པ་ཆེ་བ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་ན་རལ་གྲི་དང ། ཞགས་པ་འཛིན་པ། གཅེར་བུ་སྐྲ་བསིལ་བ་བྱས་ལ། དེའི་སྙིང་གར་ཐོད་པ་གཉིས་བཅུག་སྟེ། ཉི་མ་ཕྱེད་དམ་ནམ་ཕྱེད་ན་དུར་ཁྲོད་དམ་རོ་བསྲེགས་པའི་སར་སྤས་ཏེ། ཤིན་ཏུ་རིང་པར་མགོ་ལྷོར་བསྟན་ལ་ཁ་ཐུར་དུ་ཕུབ་ལ་སྤའོ། །ཁྱིམ་དུ་འོངས་པ་དང་མཉམ་པར་བཞག་པས་མ་ཧེའི་གདོང་གི་སྦྱོར་བས་བསྒྲུབ་བྱའི་མིང་དང་བཅས་པར་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན་ཉི་མ་གསུམ་གྱིས་འཆིའོ། །ཕྱུང་ནས་བཀྲུས་ན་ཐར་པར་འགྱུར་རོ། །དེ་ནས་རེངས་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། ཏེའུ་ལོ་པའི་པགས་པ་ལ་དུག་ལ་སོགས་པའི་རྫས་ཀྱིས་ཡི་གེ་བཅུ་པའི་སྔགས་བྲིས་ལ། པགས་པ་དེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང ། གཅིན་བཏང་བའི་ཤུལ་གྱི་སས་བཀང་ལ་དེའི་སྐྲས་བཅིང་བར་བྱའོ། །ཕྱི་ནས་བོང་བུའི་གཅིན་དང ། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་བརྫིས་ལ་ཁམ་ཕོར་དགང་བར་བྱའོ། །དེར་འཁོར་ལོ་བཅུག་ལ་རོ་བསྲེགས་པའི་མེ་ལ་བཞག་སྟེ། རྐང་པ་གཡོན་པས་མནན་ལ་གཤིན་
393a
༄#། །རྗེའི་སྦྱོར་བས་ཡི་གེ་བཅུ་པའི་སྔགས་བཟླས་བ་བྱས་ན་ཞག་གཅིག་གིས་རེངས་པར་བྱེད་དོ། །འདི་ནི། ཕྱིས་རྗེས་སུ་གཟུང་བ་མི་འགྲུབ་པའི་རབ་ཏུ་སྦྱོར་བའོ།། སྔགས་པས་ཤིན་ཏུ་ཁྲོས་པས་རབ་ཏུ་སྦྱོར་བར་བྱའོ། །གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་འདི་ནི། གཤིན་རྗེའི་འཁོར་ལོ་སྔོན་གྱི་ཆོ་གས་བྲིས་ལ། གནས་བདུན་གྱི་སས་མ་ཧེ་དང་རྟ་བྱས་ཏེ།་དེ་གཉིས་གཅིག་གི་སྟེང་དུ་གཅིག་བཞག་ལ། དེ་གཉིས་ཀྱི་སྙིང་གར་འཁོར་ལོ་བཅུག་སྟེ་ནིམ་པའི་ཤིང་དྲུང་དུ་བཞག་གོ་།འཁོར་ལོ་ཡང་མ་ཧེ་དང་རྟའི་ཁྲག་གིས་བྲི་སྟེ། འདི་ནི།་སྔགས་ཀྱི་བྱེ་བྲག་སྟེ། ཤིན་ཏུ་མཉམ་པར་བཞག་པས་བྱས་ན་ཞག་གསུམ་གྱིས་འབྱེད་པར་བྱེད་དོ། །དེ་ནས་སྔགས་པས་བསྐྲད་པར་འདོད་ན། གནས་བདུན་གྱི་སས་རྔ་མོ་བྱས་ལ། དེའི་རྒྱབ་ཏུ་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་དམིགས་ཏེ། དེའི་སྟེང་དུ་བསྒྲུབ་བྱ་དམིགས་ལ། དེའི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་པས་དབྱུག་པ་འཛིན་པར་དམིགས་ཏེ། དེའི་དབྱུག་པས་རྡེག་ཅིང་ཁ་ལྷོ་རུ་བལྟས་ནས་ཁྲིད་པར་རྣམ་པར་བསམ་པར་བྱའོ། །འཁོར་ལོ་དེ་དེའི་སྙིང་གར་གོང་དུ་གསུངས་པའི་ཆོ་ག་ལས་བསྒྲུབ་བྱའི་མིང་དང་སྤེལ་བ་ཡང་དག་པར་བྲིས་ལ་བཅུག་ན། ཞག་བདུན་གྱི་ཐེ་ཚོམ་མེད་པར་སྐྲོད་པར་འགྱུར་རོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་ཏེ། ཉི་མའི་ཚེས་
393b
ལ་གཏུམ་པོ་ཚ་བའི་མར་ཁུས་བྱུགས་ལ་ནིམ་པའི་ཤིང་ལ་འཛེགས་ནས་དེར་བཞག་ལ་དེའི་ལུས་ཀྱི་མར་ཁུ་ཉ་ཕྱིས་ཀྱིས་བཞར་ལ་དེར་གནས་པར་གཟུང་ངོ ། །མར་བུ་\?\་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་མཚན་གྱི་རས་བླངས་ལ་དེ་བསྲེགས་པའི་བར་གྱི་དུ་བའི་དྲེག་པ་དེ་དང ། མར་ཁུ་དེ་གཅིག་ཏུ་བྱས་ལ་བསྐྲད་པར་འདོད་པ་དེའི་མཆིལ་ལྷམ་ལ་བསྐུའོ། །དེའི་ལག་པ་དང་རྐང་པ་གཉིས་ལ་ཡང་བྱུགས་ན་སྐད་ཅིག་གིས་དེ་སྐྲོད་དོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་ནི། །དུར་ཁྲོད་ཀྱི་རས་སམ། གྲོ་གའི་ལོ་མ་ལ་རླུང་གི་དཀྱིལ་འཁོར་བྱ་རོག་གི་ཁྲག་དང་བྱ་རོག་གི་སྨྱུ་གུས་བྲི་བར་བྱ་སྟེ། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱའི་མིང་དང་སྦེལ་ཏེ་གཏོར་མ་ཟ་བའི་མགྲིན་པར་བཅིངས་ལ། བྱ་རོག་བཟུང་ནས་མ་ཧེའི་གདོང་པའི་སྦྱོར་བར་གནས་པས་ཁ་ལྷོར་བལྟས་ལ་འཕང་སྟེ། དེའི་སྐད་ཅིག་གིས་བྱ་རོག་བཞིན་ས་ཀུན་ཏུ་འཁོར་རོ། །གཞན་ཡང་བསྐྲད་པ་ནི། ཚ་བའི་མར་ཁུས་བསྐུས་ལ་ནིམ་པའི་ཤིང་ལས་གཏོར་མ་ཟ་པའི་ཚང་བླངས་ལ། ཚང་དེའི་ཤིང་ཕའི་ནགས་ཀྱི་ཤིང་མེས་བསྲེགས་པའི་ཐལ་བ་དེ་བླངས་ལ་གང་གི་མགོར་བླུགས་པ་དེ་སྐྲོད་པར་འགྱུར་རོ། །གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི། བྱ་རོག་དང་འུག་པའི་གཤོག་པ་དང ། བྲམ་ཟེ་དང ། གཏུམ་པོ་རྣམས་ཀྱི་སྐྲ་གཅིག་ཏུ་བྱས་ལ། དྷ་དུ་རའི་ཤིང་ལ་མེ་རབ་ཏུ་སྤར་ཏེ་དུ་བ་མེད་པའི་མེས་བསྲེགས་ལ། དེའི་ཐལ་བ་བླངས་ལ་
394a
༄#། །ཡི་གེ་བཅུ་པའི་སྔགས་བཟླས་ནས་བུད་མེད་དང་སྐྱེས་པ་གཉིས་ཀྱི་བར་དུ་ཐལ་བ་བཞག་ན། དེ་སྐད་གཅིག་གིས་འབྱེད་པར་བྱེད་དོ། །དེ་ནས་དུར་ཁྲོད་ཀྱི་རས་བླངས་ལ་དུག་ལ་སོགས་པའི་རྫས་ཀྱིས་བྲན་པའི་བར་དུ་བསྒྲུབ་བྱའི་མིང་བྲིས་ལ་ཟེར་མོ་དང ། སྦྲུལ་གྱི་སྦུ་དང་པགས་པ་བླངས་ཏེ། དེ་ལ་བཅུག་ནས་སྡོང་བུ་བྱས་ཏེ། གང་གི་ཁྱིམ་དུ་སྤར་བ་དེར་ཕན་ཚུན་འཐབ་པར་འགྱུར་རོ། །དེ་ནས་བསད་པར་འདོད་པ་ནི། བཤང་གཅི་ལ་གཟུགས་བརྙན་བྱས་ལ། དེའི་སྟེང་དུ་རུས་བ་ཕྱེ་མས་རབ་ཏུ་བྱུགས་ལ་དུར་ཁྲོད་ཀྱི་མེ་ལ་སྐྲ་བཤིག་པ་བྱས་ལ་ཁ་ལྷོར་བལྟས་ཏེ་མ་ཧེའི་གདོང་པའི་སྦྱོར་བས་ནམ་ཕྱེད་ན་དེ་གཏུབས་ལ་བསྲེག་གོ་།གང་གི་མིང་དང་བཅས་པར་བྱས་ན་དེ་སྐད་ཅིག་གིས་འཆིའོ། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ཉིད་ཀྱི་རབ་ཏུ་སྦྱོར་བ་འདི་གསུངས་སོ། །དེ་ནས་བསྐྲད་པར་འདོད་པས་རྒྱལ་མཚན་གྱི་རས་ལ་ལེ་ཚེ་བཅུ་དྲུག་པའི་འཁོར་ལོ་ལ་ཡི་གེ་བཅུ་པའི་སྔགས་སྔོན་དུ་གསུངས་པའི་རྫས་དང་དུར་ཁྲོད་ཀྱི་སོལ་བས་གང་གི་མིང་དང་བཅས་པ་བྲིས་ཏེ། ནིམ་པའི་ཤིང་ལ་རྒྱལ་མཚན་བཞག་ན་དེ་སྐྲོད་པར་འགྱུར་རོ། །དེ་ནས་རེངས་པར་འདོད་པས་གཤིན་རྗེའི་འཁོར་ལོ་གཡམ་པའམ་རས་ལ་བ་བླ་དང་ཡུང་བས་གང་གི་མིང་དང་བཅས་པ་ལེགས་པར་བྲིས་ལ་བཞག་ན། དེ་རེངས་པར་འགྱུར་རོ། །གལ་ཏེ་སྔགས་པས་དབང་དུ་བྱ་བར་འདོད་
394b
ན།་གྲོག་མཁར་གྱིས་དང ། གུམ་གུམ་དང ། གི་ཝང་དང ། བ་བླ་དང ། ཡུང་བ་རྣམས་ལྷན་ཅིག་ཏུ་བྱས་ཏེ། བསྒྲུབ་བྱ་ཕོའམ་གལ་ཏེ་མོའི་གཟུགས་བརྙན་ཚད་སོར་བཅུ་དྲུག་པ་བྱས་ལ།་གི་ཝང་དང ། སྲིན་ལག་གི་ཁྲག་གིས་གྲོ་ག་ལ་གཤིན་རྗེའི་འཁོར་ལོ་བྲིས་ཏེ་དེའི་སྙིང་གར་བཅུག་ནས་རང་གི་ཁྱིམ་དུ་བཞག་ལ་མེ་ཏོག་དམར་པོ་དུས་གསུམ་དུ་དབུལ་བ་དང ། ཁ་ནུབ་ཏུ་བལྟས་ལ་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན། ཞག་བདུན་གྱིས་བརྒྱ་བྱིན་ཡང་དབང་དུ་འགྱུར་ན། ཕྲ་མོའི་མི་ལྟ་ཅི་སྨོས། དེ་ནས་ཡང་དགུག་པར་འདོད་ན། དེ་ལ་ཐོད་པ་ལ་འཁོར་ལོ་གི་ཝང་དང་སྲིན་ལག་གི་ཁྲག་གིས་བྲིས་ཏེ། སེང་ལྡེང་གི་མེ་ལ་བསྲོ་ཞིང་གང་བྱ་བའི་མིང་དང་བཅས་པར་བཟླས་ན། དེ་སྐད་ཅིག་གིས་རླུང་གི་ཤུགས་བཞིན་དུ་འགུགས་པར་འགྱུར་རོ། །དེ་ནས་སྔགས་པས་སྨྱོས་པར་བྱ་བར་འདོད་ན། དྷ་དུ་རའི་འབྲས་བུ་བླངས་ལ་ཤ་ཆེན་དང་ལྷན་ཅིག་ཏུ་ཤིང་སྲིན་གྱིས་ཟོས་པའི་ཕྱེ་མ་དང་བསྲེས་ནས་བཟའ་བ་དང་བཏུང་བ་ལ་སྦྱིན་ནོ། །སྔགས་ཀྱང་བཟླས་པ་བྱ་སྟེ། དེ་སྐད་ཅིག་གིས་སྨྱོ་བར་འགྱུར་ཞིང་ཞག་བདུན་གྱིས་འཆིའོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པའི་རྫས་ཀྱིས་བྲིས་ཏེ། མར་མེ་ཆེན་པོ་དང་རྣམ་པར་རྣམ་མཛད་ཀྱི་གཟུགས་བརྣན་བྱས་ལ། དེའི་སྙིང་གར་འཁོར་ལོ་བཅུག་ནས་ཕའི་གནས་སུ་སོང་ལ་རོ་བསྲེགས་པའི་མེ་ལ་མཚོན་རྣོན་
395a
༄#། །པོས་གཏུབས་ནས་རྣམ་པར་བརྩེགས་པའི་སྦྱོར་བས་རྣལ་འབྱོར་བ་གནས་ལ། རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ་ཁ་ལྷོར་བལྟས་ནས་བསྲེགས་ན། དེ་མྱུར་དུ་འཆིའོ། །དེ་ནས་དཔྲལ་བའི་རབ་ཏུ་བྱུང་བ་ནི། བྱ་རོག་དང་འུག་པའི་རུས་པ་བླངས་ལ་དེ་གཉིས་ལ་ལྕགས་ཀྱི་ཚེར་མས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ཡི་གེ་བཅུ་པའི་སྔགས་བྲིས་ལ་གཅིག་པུ་གནས་སུ་གནས་ཏེ་གང་གི་མིང་དང་བཅས་པར་བཟླས་ཤིང ། དེ་གཅིག་ལ་གཅིག་བྲུད་ན་འབྲལ་བར་འགྱུར་རོ། །དེ་ནས་གཤིན་རྗེའི་འཁོར་ལོ་གྲོ་གའི་འདབ་མ་ལ་བུད་མེད་དང་སྐྱེས་པའི་མིང་བྲིས་ནས་སྤལ་བའི་གསུས་པར་བཅུག་ནས་གང་གི་མིང་དང་བཅས་པ་ཐེམ་པའི་འོག་ཏུ་སྤས་ན། དེའི་ཡན་ལག་མཚོན་གྱིས་འབུགས་པར་འགྱུར་རོ། །དེ་ནས་པུ་བོ་རེངས་པའི་རབ་ཏུ་སྦྱོར་པ་འདི་གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་བྲིས་ལ། རོ་བསྲེགས་པའི་སོལ་བས་གཟུགས་བརྙན་མཐོ་གང་ཙམ་གྱི་ཚད་བརྩིགས་ལ། དེའི་སྙིང་གར་འཁོར་ལོ་བཅུག་ནས་རྐང་པ་གཡོན་པས་མནན་ལ། མ་ཧེའི་སྦྱོར་བས་ཆེ་གེ་མོའི་བུ་མོ་མྱུར་བར་རེངས་པར་གྱུར། ཅིག་ཅེས་ཡི་གེ་བཅུ་པའི་སྔགས་བཟླས་ན་རེངས་པར་འགྱུར་རོ། །འདིའི་ལས་རྣམས་ནི། གཞན་སུ་ལ་ཡང་སྨྲ་བར་མི་བྱའོ། །གལ་ཏེ་སྔགས་པ་རྨོངས་པའི་བདག་ཉིད་ཅན་
395b
གྱིས་ན། དམྱལ་བར་ངེས་པར་ལྟུང་ངོ ། །དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང ། །བླ་མ་ལ་བརྙས་པར་བྱེད་པ་དང ། དམ་ཚིག་དང་བྲལ་བ་དང ། སྔགས་དང་རྒྱུད་ལ་འཕྱ་བར་བྱེད་པ་དང ། སེམས་ཅན་ལ་འཚེ་བ་འདི་རྣམས་ལ་ཕན་པའི་ཕྱིར་སྔགས་པས་སྙིང་རྗེ་གདུངས་པའི་སེམས་ཀྱིས་གནོད་པ་རབ་ཏུ་སྦྱར་བར་བྱའོ། །གལ་ཏེ་གཞན་ལ་བྱས་ན་དམ་ཚིག་ཉམས་ནས་ཚ་བ་ཆེན་པོར་འགྲོའོ། །ངས་རྒྱུད་གཞན་དུའང་བཤད་དེ། སློབ་དཔོན་ལ་ནི་སྨད་བྱེད་དང ། ཐེག་པ་ཆེན་པོ་སྐུར་པ་དང ། །སྔགས་རྒྱུད་རབ་སྦྱོར་ཡེ་ཤེས་ལ།། འཕྱ་བར་བྱེད་པའི་མི་གང་དག་།དེ་ནི་འབྱད་པ་གསད་པར་བྱ། །ཡང་ན་གནས་ནས་གཡོ་བར་བྱ། །རྣལ་འབྱོར་སྙིང་རྗེ་མེད་པ་ཡིས། །གཞན་ལ་རུང་རུང་བྱས་ན་ནི། །དེ་ལ་དེ་བཞིན་ལས་དེ་ནི། །ཕྱིར་ལྡོག་པར་ནི་འབྱུང་བར་འགྱུར། །ཅི་ཕྱིར་སེམས་ཅན་མཐོ་བརྩམ་ཕྱིར། །རྣལ་འབྱོར་པ་ནི་འདི་ལའོ། །འདི་ནི། འཇམ་དཔལ་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས། ལས་ཐམས་ཅད་གྲུབ་པའི་རྟོག་པ་སྟེ་གཉིས་པའོ།། །།དེ་ནས་གོ་རིམ་ཇི་ལྟ་བའི་ཆོ་གས་སྔགས་བཏུ་བ་རབ་ཏུ་གསུངས་ཏེ། རབ་ཏུ་གཙང་བའི་ཡུལ་ཁམས་སུ་སྔགས་པས་གནས་ལ་སྔགས་བཏུ་བར་བྱ་སྟེ། ཇི་ལྟར་དྲུག་པའི་དང་པོ་དང ། །ལྔ་པ་ཡི་ནི་ལྔ་པ་དང ། །དྲུག་པ་ཡི་ནི་གཉིས་པ་ལ། །དབྱངས་ཡིག་གཉི་
396a
༄#། །པ་དང་ལྡན་པ། །གཉིས་པ་ཡི་ནི་གསུམ་པ་ལ། །ཡང་ནི་དབྱངས་ཡིག་གཉིས་པར་ལྡན། །བདུན་པ་ཡི་ཡང་གསུམ་པ་དང ། །བཞི་པ་ཡི་ཡང་གསུམ་པ་ལ།། དབྱངས་ཡིག་བཅུ་གསུམ་དང་ལྡན་པ། །ལྔ་པ་ཡི་ཡང་ལྔ་པ་ལ། །དབྱངས་ཡིག་བཅུ་གཅིག་དང་ལྡན་པ། །དྲུག་པ་ཡི་ནི་དང་པོ་དང ། །དྲུག་པའི་དང་པོ་ཉིས་འགྱུར་དང ། །ཡང་ནི་རླུང་གི་ས་བོན་སྦྱིན། །ལྔ་པ་ཡི་ཡང་ལྔ་པ་ལ། །བཅུ་དང་གཅིག་གིས་མནན་ལྡན་པ། །བཞི་པ་ཡི་ནི་གསུམ་པ་ལ། །བཅུ་གསུམ་པ་ཡིས་མཉམ་མནན་པ། །དྲུག་པ་ཡི་ཡང་གཉིས་པ་ལ། །དབྱངས་ཡིག་ལྔ་པ་དང་ལྡན་པ། །གསུམ་པ་ཡི་ནི་ལྔ་པ་དང ། །རླུང་གི་ས་བོན་དེ་ནས་སྦྱིན། །དབྱངས་ཡིག་བཅུ་གསུམ་ཡང་དག་ལྡན། །བཞི་པ་ཡི་ནི་གསུམ་པ་དང ། །དེ་ནས་རླུང་གི་ས་བོན་སྦྱིན། །དྲུག་པ་ཡི་ཡང་དང་པོ་དང ། །བཞི་པ་ཡི་ནི་གསུམ་པ་དང ། །དེ་ལ་རླུང་གི་ས་བོན་ནི། །དབྱངས་ཡིག་བཅུ་གསུམ་པ་དང་ལྡན། །བཞི་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་གསུམ་པ་དང་ལྡན་པ། །དེ་ནས་མེ་ཡི་ས་བོན་སྦྱིན། །རླུང་གི་ས་བོན་དེ་བཞིན་ནོ། །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །རླུང་གི་ས་བོན་དེ་བཞིན་མཆོག་།དྲུག་པ་ཡི་ནི་དང་པོ་དང ། །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །ཡང་ནི་རླུང་གི་ས་བོན་དང ། །གཉིས་པ་ཡི་ནི་དང་པོ་
396b
དང ། །དེ་ནི་ཉིས་འགྱུར་ལྡན་པར་བྱ། །བཞི་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་གསུམ་པ་དང་ལྡན་པ། །དེ་ནས་མེ་ཡི་ས་བོན་དང ། །ལྔ་པ་ཡི་ནི་ལྔ་པ་དང ། །དེ་ནས་རླུང་གི་ས་བོན་སྦྱིན། །དང་པོར་རྣམ་པར་སྣང་མཛད་སྦྱིན། །མཆོག་གི་དབང་ཕྱུག་དང་སྦྱར་བ། །ལྔ་པ་ཡི་ནི་གཉིས་པ་དང ། །གསུམ་པ་ཡི་ནི་དང་པོ་ནི། །མཁས་པས་ལན་གཉིས་བརྗོད་པར་བྱ། །འདི་ནི་འཇམ་དཔལ་ཞེས་བྱ་བའི། །འཇིགས་བྱེད་ཆེན་པོ་རྒྱུད་འཁོར་ལོ། །མ་ཧེ་གདོང་ཅན་རྩ་སྔགས་ཏེ། །འབུམ་བཟླས་པ་ཡིས་ལས་ཀུན་བྱེད། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །བདུན་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་བཞི་པ་དང་ལྡན་པ། །མེ་ཡི་ས་བོན་འོག་ཏུ་སྦྱིན། །དེ་ནས་མངའ་བདག་བཅུ་དྲུག་མཐའ། །བདུན་པ་ཡི་ནི་གཉིས་པ་ལ། །དབྱངས་ཡིག་བཞི་པ་དང་ལྡན་ཞིང ། །གསུམ་པ་ཡི་ནི་དང་པོ་ལ། །འོག་ཏུ་མེ་ཡི་ས་བོན་གདགས། །མངའ་བདག་བཅུ་དྲུག་མཐའ་མ་སྟེ། །དྲུག་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་གསུམ་པ་དང་ལྡན་པ། །དང་པོ་ཡི་ཡང་དང་པོ་དང ། །དབྱངས་ཡིག་བདུན་པ་དང་ལྡན་པ། །འོག་ཏུ་མེ་ཡི་ས་བོན་སྦྱིན། །བཞི་པ་ཡི་ནི་དང་པོ་ལ། །དབྱངས་ཡིག་གཉིས་པ་དང་ལྡན་པ། །བཞི་པ་ཡི་ནི་ལྔ་པ་ནི། །མཁས་པ་ཡིས་ནི་ལན་གཉིས་བརྗོད། །དང་པོར་རྣམ་པར་སྣང་མཛད་སྦྱིན། །ཡ་ཚོགས་བརྒྱད་པའི་ས་བོན་ལ། །དབྱངས་ཡིག་དྲུག་པ་དང་ལྡན་ལ། །སྤྱི་བོ་རུ་ནི་ཐིག་ལེས་བརྒྱན།།
397a
༄#། །ལྔ་པ་ཡི་ནི་གཉིས་པ་དང ། །གསུམ་པ་ཡི་ནི་དང་པོའོ། །འདི་ནི་སྔགས་ཀྱི་རྒྱལ་བོ་སྟེ། །མ་ཧེའི་གདོང་ཅན་སྦྱོར་བ་ཡིས། །ཐམས་ཅད་ལས་ནི་བྱེད་པ་འོ། ། ལས་ཀྱི་སྔགས་སུ་གྲགས་པ་སྟེ། །སུམ་འབུམ་བཟླས་ན་ལས་ཀུན་བྱེད། །དྲུག་པ་ཡི་ནི་དང་པོ་དང ། །ལྔ་པ་ཡི་ཡང་ལྔ་བ་ལ། །དབྱངས་ཡིག་གཉིས་པ་དང་ལྡན་པ། །བཞི་པ་ཡི་ནི་དང་པོ་སྟེ། །དེ་ཡི་ལྔ་པ་ཀླད་དུ་གཞག་།དང་པོ་ཡི་ནི་དང་པོ་དང ། །དང་པོར་རྣམ་པར་སྣང་མཛད་སྦྱིན། །ཡ་ཚོགས་བརྒྱད་པའི་ས་བོན་ལ། །དབྱངས་ཡིག་དྲུག་པ་དང་ལྡན་པ། །སྤྱི་བོ་རུ་ནི་ཐིག་ལས་བརྒྱན། །ལྔ་པ་ཡི་ནི་གཉིས་པ་དང ། །གསུམ་པ་ཡི་ནི་དང་པོའོ། །འདི་ནི་མ་ཧེ་གདོང་ཅན་གྱི། །སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་ན། །འཇིག་རྟེན་གསུམ་གྱི་ལས་ནི་གང ། །ཅི་ཡང་རུང་བ་ཐམས་ཅད་བྱེད། །སྔགས་བཏུ་བའི་ཆོ་གའི་དུས་འདིར་མཆོད་པར་བྱའོ། །འདི་ནི། འཇམ་དཔལ་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས། སྔགས་བཏུ་བ་བསྟན་པའི་རྟོག་པ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པ་ཡང་དག་པར་བཤད་དེ། ཆོས་ཐམས་ཅད་ལ་བདག་མེད་པ་སྔོན་དུ་འགྲོ་བས་ལྷར་དམིགས་པར་བྱ་སྟེ། དང་པོར་རེ་ཞིག་རང་བཞིན་གྱིས་དག་བའི་སྔགས་བརྗོད་པས། ཆོས་ཐམས་ཅད་བདག་མེད་པའི་ངོ་བོར་བྱས་ནས་ནམ་མཁའི་
397b
དཀྱིལ་དུ་ཡཾ་གྱི་རྣམ་པ་ལས་གྲུབ་བའི་རླུང་གི་དཀྱིལ་འཁོར་མདོག་དུ་བའི་རྣམ་པ་བསམ་མོ། །དེའི་སྟེང་དུ་དང་པོའི་དབྱངས་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་དྷཱིཿ འི་རྣམ་པ་ལས་འཇམ་དཔལ་གཞོན་ནུའི་གཟུགས་སུ་གྱུར་པར་བསམ་པར་བྱའོ། །དེར་ཨའི་རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བསམ་སྟེ། ཉི་མའི་དཀྱིལ་འཁོར་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང ། བྱང་ཆུབ་སེམས་དཔའ་དང ། རིག་པའི་ལྷ་མོ་དང ། ཁྲོ་བོ་ལ་སོགས་པ་ཤིན་ཏུ་བསྐུལ་ཏེ། ཡང་འོངས་ནས་ཉི་མའི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ། །དེ་ནས་ཡང་འཇམ་དཔལ་དང ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་གཅིག་ཏུ་གྱུར་ནས་ཉི་མའི་དཀྱིལ་འཁོར་དུ་བསམ་པར་བྱའོ། །འོད་ཟེར་འབར་བའི་རྣམ་པས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པར་གསལ་བར་བྱའོ། །དེའི་སྟེང་དུ་ཧཱུཾ་མདོག་ནག་པོའི་འོད་ཟེར་ལྔ་དང་ཡང་དག་པར་བསམ་སྟེ། ཧཱུཾ་དེ་ལས་འོད་ཟེར་གྱི་རྣམ་པར་འཕྲོས་པས། སྔོན་དུ་གསུངས་པ་བཞིན་དུ་ཡང་ཞུགས་ཏེ། ཡི་གེ་དེ་ལས་རྡོ་རྗེ་ཆེན་པོ་རྣམ་པར་གདེངས་པ་ཁ་དོག་ནག་པོའི་འོད་ཟེར་ལྔ་དང་ལྡན་པ་རྣམ་པར་དམིགས་པར་བྱ་སྟེ། རྡོ་རྗེ་དེ་ལས་ཕྲ་མོའི་རྣམ་པ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། ཁྲོ་བོ་དང ། རིག་པའི་ལྷ་མོས་ནམ་མཁའ་ཏིལ་གྱིས་གང་བུ་ལྟར་གང་བ་ཉི་མ་
398a
༄#། །ལ་གནས་པ་རྣམ་པར་བསམ་པར་བྱའོ། །དེ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ནི། སེམས་ཅན་ཡོངས་སུ་སྨིན་པར་བཏུལ་ནས་བྱང་ཆུབ་ལ་རབ་ཏུ་བཀོད་དོ། །ཡང་དེ་ཉིད་ལྷན་ཅིག་ཏུ་བསྡུས་ནས་རྡོ་རྗེའི་གཟུགས་བརྙན་ལ་རབ་ཏུ་ཞུགས་པར་བསམ་མོ། །རྡོ་རྗེའི་གཟུགས་དེ་ཉིད་ཞལ་དགུ་པ། མ་ཧེའི་གཟུགས་ཅན། འཇིག་པའི་དུས་ཀྱི་མེ་ལྟར་འབར་བ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁམས་གསུམ་ཟ་བར་ནུས་པ། ཞལ་གཙིགས་པ། ཧ་ཧ་ཞེས་ལྗགས་འདྲིལ་བ། རྣམ་པར་གཙིགས་པའི་ཁྲོ་གཉེར་འཇིགས་པ། ཁྲོ་གཉེར་གྱི་འགྲམ་ནས་སྨིན་མ་དང་སྤྱན་འཇིགས་པ་ཆེན་པོའི་དུས་ལྟར་དྲག་པ། སྒྲ་སྒྲོག་པ། མིའི་ཁྲག་དང ། ཚིལ་དང ། ཞག་དང ། རྐང་ཟ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སོགས་པ་ལ་སྡིགས་མཛུབ་བྱེད་པ། བརྒྱ་བྱིན་དང ། ཚངས་པ་དང ། དབང་ཕྱུག་ཆེན་པོ་དང ། ཁྱབ་འཇུག་དང ། གནོད་སྦྱིན་ལ་སོགས་པ་ཟ་བ། ཐོད་པ་གཙིགས་པའི་རྩེ་མོ་འཇིགས་སུ་རུང་བའི་ཐོད་པས་ཐོད་བྱས་པ། འཇིགས་པ་ཆེན་པོ་ཅན། ཕཊ་ཅེས་སྒྲ་སྒྲོག་ཅིང་ཐོད་པའི་འཕྱང་འཕྲུལ་གྱི་རྒྱན་གྱིས་བརྒྱན་པ། ཞབས་བཅུ་དྲུག་པ། གཅེར་བུའི་གཟུགས་མཚན་མ་གྱེན་དུ་འགྲེང་བ། གཡོན་བརྐྱང་བ། གསུས་པ་ཆེ་བ། སྐྲ་གྱེན་དུ་བརྫེས་པ། འཇིགས་པ་ཆེན་པོར་བྱེད་པ། ཕེཾ་ཞེས་སྒྲ་སྒྲོག་པ། ཕྱག་སུམ་ཅུ་རྩ་བཞི་
398b
དང་ལྡན་པ། གླང་པོ་ཆེའི་པགས་པ་རློན་པ་འཛིན་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་རྣམ་པར་བསམ་པར་བྱ་སྟེ། དེ་ལྟར་ཤིན་ཏུ་བསམ་པ་བརྟན་པར་བྱས་ཏེ་དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་ཤིན་ཏུ་མཉམ་པར་བཞག་པའི་སྔགས་པས་རྟག་ཏུ་བསྒོམ་པར་བྱ་སྟེ། གཡས་དང་པོ་ན་གྲི་གུག་།གཉིས་པ་ན་མཚོན་རྩེ་གཅིག་པ། གསུམ་པ་ན་གཏུན་ཤིང ། བཞི་པ་ན་ཆུ་གྲི་།ལྔ་པ་ན་རྡོ་རྗེ་རྩེ་གཅིག་པ། དྲུག་པ་ན་སྟ་རེ། བདུན་པ་ན་མདུང་ཐུང ། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱིག་ཏོ། །བཅུ་གཅིག་པ་ན་ཁ་ཊྭཱཾ་ག་།བཅུ་གཉིས་པ་ན་འཁོར་ལོ། །བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུའོ། །གཡོན་པའི་དང་པོ་ན་ཐོད་པ། གཉིས་པ་ན་མགོ་བོ། །གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པས་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་གིས་ཕྱར་བའི་དུར་ཁྲོད་ཀྱི་རས།་ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པའོ། །ཞབས་གཡས་པའི་དང་པོས་མི། གཉིས་བསམ་ཧེ། གསུམ་པས་གླང ། བཞི་པས་བོང་བུ། ལྔ་པས་རྔ་མོ། དྲུག་
399a
༄#། །པས་ཁྱི། བདུན་པས་ལུག་།བརྒྱད་པས་ཝ། ཞབས་གཡས་པས་འདི་དག་ལ་ཞོན་པའོ། །ཞབས་གཡོན་པའི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག་།བཞི་པས་ནེ་ཙོ། །ལྔ་པས་ཁྲ། དྲུག་པས་ཁྱུང་ཆེན་པོ། །བདུན་པས་རི་སྐེགས། བརྒྱད་པས་བཞད། ཞབས་གཡོན་པས་འདི་དག་མནན་པའོ། །དཔལ་འཇིགས་བྱེད་ཆེན་པོའི་དང་པོའི་ཞལ་ནི། རབ་ཏུ་ནག་པ་མ་ཧེའི་རྣམ་པ་ཤིན་ཏུ་ཁྲོས་པ་ཅན། རཝ་གཡས་ཀྱི་ཞལ་གསུམ་ལ་དང་པོ་སྔོན་པོ། །གཉིས་པ་དམར་པོ། གསུམ་པ་སེར་པོ་སྟེ། མངའ་བདག་གི་ཞལ་གསུམ་ཤིན་ཏུ་ཁྲོས་པ། རཝ་གཡོན་པར་ཞལ་གསུམ་ལ་དང་པོ་དཀར་པོ། གཉིས་པ་དུད་ཀ་།གསུམ་པ་ནག་པོ་རབ་ཏུ་ཁྲོས་པ་གཙིགས་པའི་ཞལ་རབ་ཏུ་བསམ་པར་བྱའོ། ། རཝ་གཉིས་ཀྱི་བར་དུ་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིགས་པ། ཞལ་ནས་ཁྲག་འཛག་པ་བསམ་པར་བྱའོ། །སྟེང་དུ་འཇམ་དཔལ་གྱི་ཞལ་ཅུང་ཟད་སེར་བ། ཡིད་ཙམ་ཁྲོ་བ། བྱིས་པའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ་རྣམ་པར་བསམས་ཏེ། ཞལ་རྣམས་ཐམས་ཅད་སྤྱན་གསུམ་པར་བསྒོམ་སྟེ། འདི་ལྟར་བདག་ཉིད་རྟག་ཏུ་རྩེ་གཅིག་ཏུ་དམིགས་སོ། །དེ་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དེ་བདག་ཉིད་ཡིན་པར་བསྒོམས་ནས་དཔའ་བོའི་གནས་ལ་གནས་པའི་རྣལ་འབྱོར་པས། དེ་ནས་ཕྱི་ནས་
399b
སྔགས་བཟླ་བར་བྱ་སྟེ། བཟླས་པའི་དུས་སུ་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་རང་གི་སྔགས་ཀྱི་ཡི་གེ་དགོད་པར་བྱའོ། །འབར་བ་དང ། ཕྱི་ནས་མ་ཡེངས་པའི་ཡིད་ཀྱིས་བཟླས་པ་བྱའོ། །སྦྱོར་བ་འདི་ལ་གནས་པའི་སྔགས་པ་ཡིས། །རྟག་ཏུ་འཇིགས་བྱེད་ལས་ཀུན་བྱ། །དུར་ཁྲོད་གནས་ལ་བསྒོམ་བྱ་ཞིང ། །རྟག་ཏུ་བདུད་རྩི་ལྔ་རྣམས་བཟའ། །དེ་ཡིས་སྒྲུབ་ལས་སྒྲུབ་གཞན་མེད། །གཞན་ཡང་མར་མེ་ཆེ་ཟ་ཞིང ། །མཚན་མོ་རྒྱུ་བའི་རྣལ་འབྱོར་པས། །སུམ་འབུམ་རྩ་བའི་སྔགས་བཟླས་བྱ། །འདི་བཟླས་པ་ཡི་སྔགས་པ་ཡིས། །ཐམས་ཅད་ལས་ནི་བྱེད་པར་འགྱུར། །འདི་ནི། འཇམ་དཔལ་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ལས། སྒོམ་པའི་རྟོག་པ་སྟེ་བཞི་པའོ།། །།དེ་ནས་དཔལ་འཇིགས་བྱེད་ཆེན་པོས་བསྟན་པའི་བྲིས་སྐུའི་ཆོ་ག་རབ་ཏུ་གསུངས་པ། དཔའ་བོའི་རས་སམ། རོ་ལ་བཀབ་པའི་རས་སམ། མེ་ཏོག་ཅན་གྱི་རས་སམ། བུ་སྐྱེས་པའི་རས་སམ། དེ་མ་རྙེད་ན་རས་གང་ཡང་རུང་བ་ལ་རི་མོ་མཁན་བཟང་པོ་རྣམ་རྟོག་མེད་པ། མི་ཁྲོ་བ། གཙང་བ། མཁས་པ། ཡིད་གཞུངས་པ། དད་པ་དང་ལྡན་པ། བརྩེ་བ་ཅན། སྲེད་པ་དང་བྲལ་བ། འདི་ལྟར་ཡོན་ཏན་དང་ལྡན་པའོ། །དེ་ལྟ་བུའི་རི་མོ་མཁན་གྱི་ལག་པས་དཔའ་བོའི་རས་ལ་བྲི་བར་བྱའོ། །གལ་ཏེ་དངོས་གྲུབ་འདོད་པས་དཔའ་བོའི་ཡོན་སྦྱིན་ནོ། །དེ་ལ་ཆོ་ག་ནི། གསང་བའི་གནས་སུ་གནས་ལ་ཤིན་ཏུ་མཉམ་པར་
400a
༄#། །བཞག་པས་བྲི་བར་བྱ་སྟེ། རི་མོ་མཁན་དང་སྒྲུབ་པ་པོས་མཐོང་བ་ལས་འཇིག་རྟེན་པ་གཞན་གྱིས་མི་མཐོང་བར་བྲི་བར་བྱ་སྟེ། ཞབས་བཅུ་དྲུག་པ། ཕྱག་སུམ་ཅུ་རྩ་བཞི་པ། ཞལ་དགུ་པ། གཅེར་བུ་ཁ་དོག་ནག་པོ། གཡོན་བརྐྱང་བ། འཇིགས་པ་ཆེན་པོ་ཡང་འཇིགས་པར་བྱེད་པའི་རྣམ་པ་ཅན། མཚན་མ་གྱེན་དུ་འགྲེང་བའི་ཐང་ག་བྲི་བར་བྱའོ། །ཞལ་དང་པོ་མ་ཧེ། རཝའི་གཡས་སུ་ཞལ་གསུམ་པ་སྟེ། སྔོན་པོ་དང ། དམར་པོ་དང ། སེར་པོ་ཤིན་ཏུ་ཁྲོས་པ་བྲི་བར་བྱའོ། །གཡོན་དུ་དཀར་པོ་དང ། དུད་ཀ་དང ། ནག་པོའོ། །དེ་གཉིས་ཀྱི་དབུས་སུ་རབ་ཏུ་དམར་བ་བྲི་བར་བྱའོ། །དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཅུང་ཟད་ཁྲོ་བ་བྲི་བར་བྱའོ། །ཕྱག་གཡས་པར་གྲི་གུག་དང ། མཚོན་རྩེ་གཅིག་པ་དང ། གཏུན་ཤིང་དང ། ཆུ་གྲི་དང ། རྡོ་རྗེ་རྩེ་གཅིག་པ་དང ། སྟ་རེ་དང ། མདུང་དང ། མདའ་དང ། ལྕགས་ཀྱུ་དང ། དབྱིག་ཏོ་དང ། ཁ་ཊྭཱཾ་ག་དང ། འཁོར་ལོ་དང ། རྡོ་རྗེ་དང ། རྡོ་རྗེ་ཐོ་བ་དང ། རལ་གྲི་དང ། ཅང་ཏེའུའོ། །ཕྱག་གཡོན་པ་ན་ཐོད་པ་དང ། མགོ་བོ་དང ། ཕུབ་དང ། རྐང་པ་དང ། ཞགས་པ་དང ། གཞུ་དང ། རྒྱུ་མ་དང ། དྲིལ་བུ་དང ། ལག་པ་དང ། དུར་ཁྲོད་ཀྱི་རས་དང ། སྐྱེས་བུ་གསལ་ཤིང་གིས་ཕུག་པ་དང ། མེ་ཐབ་དང ། ཐོད་ཚལ་དང ། སྡིགས་མཛུབ་དང ། འཕན་རྩེ་གསུམ་པ་དང །
400b
རླུང་གིས་\?\་སྐྱོད་\?\་པའི་རས་སོ། །ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པ་བྲིའོ། །ཞབས་གཡས་བས་མི་དང ། མ་ཧེ་དང ། གླང་དང ། པོང་བུ་དང ། རྔ་མོ་དང ། ཁྱི་དང ། ལུག་དང ། ཝ་རྣམས་སོ། །ཞབས་གཡོན་པས་བྱ་རྒོད་དང ། འུག་པ་དང ། བྱ་རོག་དང ། ནེ་ཙོ་དང ། ཁྲ་དང ། བྱ་ཆེན་དང ། རི་སྐེགས་དང ། བཞད་རྣམས་སོ། །འདི་ལྟ་བུར་འདུག་པའི་རྡོ་རྗེ་འཇིགས་བྱེད་ཆེན་པོ་བྲི་བར་བྱའོ། །དེའི་འོག་ཏུ་དུར་ཁྲོད་ཆེན་པོ་ཡང་བྲི་བར་བྱའོ། །འཇིགས་པ་ཆེན་པོ་བྱེད་པ། སྲིན་པོ་དང ། ཞིང་སྐྱོང་བ་དང ། རོ་ལངས་དང་ལྡན་པ། སྐྱེས་བུ་མདུང་རྩེར་བཙུགས་པའི་གཟུགས་དེ་མཐོང་བར་བྱའོ། །ནྱ་གྲོ་དྷའི་ཤིང་ངག་གི་སྟེང་དུ་སྐྱེས་བུ་འཕྱང་བ་བྲི་བར་བྱ། སྐྱེས་བུ་བསྲེག་བཞིན་པ་ཡང་བྲི། མདུང་གིས་ཕུག་པའི་སྐྱེས་བུ་ཡང་བྲི། བྱ་སྣ་ཚོགས་དང ། བྱ་རོག་དང ། ཁྱི་དང ། ལྕེ་སྤྱང་དག་ཧ་ཧ་འབྱིན་པ་བྲི། སྒྲུབ་པ་པོ་རྣམས་ཀྱང་བྲི་སྟེ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ། གཅེར་བུ་སྐྲ་བཤིག་པ།་ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང ། ཐོད་པ་དང ། ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། དགོད་ཅིང་དུར་ཁྲོད་དེར་འཇུག་པ་བྲི། འདི་ནི། གསང་བའི་བྲིས་སྐུ་སྟེ། གནས་གཅིག་ཏུ་ལེགས་པར་བཞག་ལ་ཤ་ཆེན་གྱི་སྤོས་དབུལ། དེའི་མདུན་དུ་དུང་ཆེན་གྱི་ཕྲེང་བས་བཟླས་པ་བྱ། སྔགས་པ་མཉམ་བར་བཞག་པས་དུས་གསུམ་དུ་འབད་ལ་བྲིས་སྐུ་
401a
༄#། །སྲུང་ངོ ། །གཞན་གང་ཡང་མི་གཞག་གོ་།གཞན་གང་གི་མདུན་དུ་ཡང་མི་དགྲམ་མོ། །ཀློག་པ་དང ། བཏུང་བ་དང ། བཟའ་བ་དང ། སྟོན་མོ་ནི། ཤ་ཆེན་རྟག་ཏུ་མཚན་མ་བཟའོ། །གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན། དུས་གསུམ་དུ་རྣམ་པར་སྣང་མཛད་དང་ཁྲག་གི་སྤོས་བྲིས་སྐུའི་མདུན་དུ་དབུལ་ལོ། །འདི་ནི། འཇམ་དཔལ་ཞེས་བྱ་བ།་རྡོ་རྗེ་འཇིགས་བྱེད་ཆེན་པོ་རྣལ་འབྱོར་གྱི་རྒྱུད་ལས། བྲིས་སྐུའི་ཆོ་གའི་རྟོག་པ་སྟེ་ལྔ་པའོ།། །།དེ་ནས་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་གསུངས་པ། ཇི་ལྟར་སྔོན་གྱི་རིམ་པ་སྟེ། དང་པོར་རེ་ཞིག་སྔགས་པས་ཕའི་ནགས་སུ་ཕྱིན་ལ་མཚན་ཕྱེད་ན་སྦྱིན་སྲེག་གི་ལས་ཀུན་བྱས་ཏེ། གང་དུ་གསུངས་པའི་ལྷའི་རྣལ་འབྱོར་ལ་གནས་པས་ལས་ཐམས་ཅད་བྱའོ། །དེ་ལ་ལས་ནི། འདི་རྣམས་ཡིན་ནོ། །གལ་ཏེ་བསད་པར་འདོད་ན། དེར་མིའི་རུས་པ་དང ། རྣམ་པར་སྣང་མཛད་དང ། བོང་བུའི་སྤང་དང ། ཁྱིའི་སྦང ། ཚེར་མ་དང ། སྐྲ་དང ། སེན་མོ་དང ། དེ་དག་ཐམས་ཅད་ཚ་བའི་མར་ཁུས་སྦྲུས་ལ་མ་ཧེའི་ཞལ་གྱི་སྦྱོར་བས་ཤིན་ཏུ་མཉམ་པར་བཞག་ལ། ཁ་ལྷོར་བལྟས་ཏེ་རོ་བསྲེག་པའི་མེ་ལ་གང་གི་མིང་དང་བཅས་པར་བརྒྱ་རྩ་བརྒྱད་བསྲེགས་ན། ཐེ་ཚོམ་མེད་པར་དེ་ཞག་གསུམ་གྱིས་འཆིའོ། །ཡང་ན་ཕྱོགས་གཅིག་ཏུ་གནས་ལ་མེ་ཐབ་གྲུ་གསུམ་བྱས་ནས་དེར་
401b
སྔོན་དུ་གསུངས་པའི་རྫས་ཀྱིས་གཏུམ་པོའི་མེ་ལ་སྦྱིན་སྲེག་བྱ་སྟེ། སྦྱོར་བ་དེས་ནི། ལས་དེ་ཉིད་འགྲུབ་བོ། །དེ་ནས་དབྲལ་བར་འདོད་ན། བྱ་རོག་དང ། འུག་པ་དང ། རྨ་བྱ་དང ། སྦྲུལ་དང ། སྐྲ་དང ། འབྲས་ཕུབ་དང ། མ་ཧེ་དང ། རྟའི་ཤ་དང་ལྷན་ཅིག་ཏུ་གང་གི་མིང་དང་བཅས་པར་ཡི་གེ་བཅུ་བའི་སྔགས་ཀྱིས་དུར་ཁྲོད་ཀྱི་མེ་ལ་བསྲེགས་ན། དེས་འབྲལ་བར་འགྱུར་རོ། །ཡང་ན་དུར་ཁྲོད་ཀྱི་ཤིང་ལ་གཏུམ་པོའི་མེ་རབ་ཏུ་སྦར་ལ་ཁྱིམ་དུ་གནས་ཏེ་གོང་གི་རྫས་དེ་བསྲེགས་ན། རྡོ་རྗེ་འཛིན་པ་ལྟ་བུ་ཡང་ཉི་མ་བདུན་གྱིས་འབྲལ་ལོ། །དེ་ནས་བསྐྲད་པར་འདོད་ན། བྱ་རོག་གི་ཤ་དང ། རྔ་མོའི་རྟུག་པ་དང་ལྷན་ཅིག་ཏུ་ཆང་དང་ཡང་དག་པར་ལྡན་པ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་ཤིང་ལ་མེ་རབ་ཏུ་སྦར་ལ། གཅེར་བུ་སྐྲ་བཤིག་པར་བསྒྱུར་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་གཤིན་རྗེའི་སྔགས་ཀྱིས་ཆེ་གེ་མོའི་མིང་དང་བཅས་པར་ལག་བ་གཡོན་པས་སྦྱིན་སྲེག་སྟོང་བྱས་ན། སྐྲོད་པ་ལས་གཞན་དུ་མ་ཡིན་ནོ། །དེ་ནས་རེངས་པར་འདོད་ན། བ་བླ་དང ། ཡུང་བ་དང ། ལྡོང་རོས་དང ། གི་ཝང་དང་བཅས་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་ཁ་བྱང་དུ་བལྟས་ཏེ་ལས་ཀྱི་རྗེས་སུ་འབྲང་བའི་སྦྱོར་བ་དམིགས་ནས་གང་གི་མིང་དང་བཅས་པར་སྦྱིན་སྲེག་བྱས་ན། དེ་ཉི་མ་བདུན་གྱིས་རེངས་པར་འགྱུར་རོ། །དེ་ནས་གྲོང་བསྐྲད་པར་འདོད་ན། ནིམ་བའི་ཤིང་ལ་མེ་རབ་ཏུ་སྦར་ལ་ཁྱིའི་ཤ་དང ། སྦལ་བའི་ཤ་དང ། ཁྱིམ་བྱའི་ཤ་དང །
402a
༄#། །རྔ་མོའི་རྟུག་པ་དང ། བྱི་ལའི་ཁྲག་གཅིག་ཏུ་སྦྲུས་ལ། གཤིན་རྗེའི་སྦྱོར་བ་ལ་གནས་པས་གྲོང་གི་མིང་དང་བཅས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན། གྲོང་སྐྲོད་པར་འགྱུར་རོ། །ལས་དེ་རྣམས་ནི། ཤིན་ཏུ་ཡང་མཉམ་པར་བཞག་པས་བྱ་སྟེ། གཞན་དུ་ན་སྔགས་པ་རང་ཉིད་ལ་འབབ་པར་འགྱུར་རོ། །གཞན་གང་ལ་ཡང་མི་བསྟན་ནོ། །དེ་ནས་བུ་མོ་རེངས་པར་འདོད་ན། ཚེར་མ་དང ། དུག་དང ། སྐེ་ཚེ་དང་བཅས་པར་རང་གི་ཁྲག་གིས་སྦྲུས་ནས་ཡི་གེ་བཅུ་པའི་སྔགས་དང་བཅས་པས་བུ་མོ་རེངས་པར་གྱུར་ཅིག་ཅེས་དུར་ཁྲོད་ཀྱི་མེ་ལ་སྦྱིན་སྲེག་སྟོང་བྱས་ན་རེངས་པ་ལས་གཞན་མ་ཡིན་ནོ། །དེ་ནས་ཞི་བར་བྱ་བར་འདོད་ན། མར་དང ། སྦྲང་རྩི་དང ། འོ་མ་དང ། དུར་བ་དང་བཅས་པར་པ་ལ་ཤའི་ཤིང་ལ་མེ་རབ་ཏུ་སྦར་ན་ཞི་བར་འདོད་པར་དམིགས་ནས་ཡུལ་གྱི་ཤར་ཕྱོགས་སུ་ཁ་བལྟས་ཏེ་གནས་པས་དུས་གསུམ་དུ་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན། དེས་ཡུལ་ཞི་བར་བྱས་པར་འགྱུར་རོ། །དེ་ནས་རྒྱས་པར་འདོད་ན་ཏིལ་དང ། འབྲས་དང ། ནས་དང ། མར་དང་བཅས་པས་ཨུ་དུམ་བ་རའི་ཤིང་ལ་མ་རབ་ཏུ་སྦར་ན། ལས་ཀྱི་རྗེས་སུ་འབྲང་བའི་ལྷའི་སྦྱོར་བ་དམིགས་ཏེ། ཁ་བྱང་དུ་བལྟས་ནས་མཉམ་པས་ཡི་གེ་བཅུ་པའི་སྔགས་ཀྱིས་དུས་གསུམ་དུ་སྦྱིན་སྲེག་སྟོང་བྱས་ན་
402b
རྒྱས་པར་འགྱུར་རོ། །དེ་ནས་དགུག་པར་འདོད་ན་སྐེ་ཚེ་གཟུགས་བརྙན་བྱས་ལ་དེ་ནས་སེང་ལྡེང་གི་མེའི་དབུས་སུ་གཤིན་རྗེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྲེགས་ན། མ་གྲུབ་པ་ཡང་འགྲུབ་པར་འགྱུར་རོ། །ཉི་མ་བདུན་གྱིས་གང་འདོད་པ་ཐེ་ཚོམ་མེད་པར་འགུགས་སོ། །དེ་ནས་སྨྱོ་བར་བྱ་བར་འདོད་ན། བྱ་རྒོད་ཆེན་པོའི་ཚང་དང་ཤ་ཆེན་བསྲེགས་ན། སྨྱོ་བར་འགྱུར་རོ། །དེ་ཕུབ་མའི་མེ་ལ་བསྲེགས་ན། བདེ་ལེགས་སུ་འགྱུར་རོ། །དེ་ནས་ནོར་ནོར་མ་ཡིན་པར་བྱ་བར་འདོད་ན། རས་བལ་གྱི་མེ་ལ་དྷ་དུ་རའི་འབྲས་བུ་དང་བཅས་པར་མཚན་མོ་ཡི་གེ་བཅུ་པའི་སྔགས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན། ཤིན་ཏུ་ཆུད་ཟོས་པར་འགྱུར་རོ། ། རུ་ར་བསྲེགས་ན། སླར་རྫས་དེ་ཉིད་དུ་འགྱུར་རོ། །རྗེ་བཙུན་གྱི་མདུན་དུ་ཤ་ཆེན་ཆང་དང་བཅས་པ་ཟླ་བ་དྲུག་ཏུ་མཚན་མོ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། ཡུལ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །བ་ལང་གི་ཤ་དང་ཁྲག་ཏུ་བཅས་པར་གང་གི་མིང་དང་བཅས་པར་སྦྱིན་སྲེག་སྟོང་བྱས་ན། དེ་ཇི་སྲིད་འཚོའི་བར་དུ་བྲན་དུ་གནས་པར་ཐེ་ཚོམ་མེད་དོ། །ཁྱི་ཤ་རྡོ་རྗེ་ཆུ་དང་བཅས་པར་སྐྱེས་པའི་བདག་ཉིད་ཀྱིས་མཚན་མོ་གང་གི་མིང་དང་བཅས་པ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། བདག་ཉིད་ཀྱིས་ནོར་དང་བཅས་པར་དབང་དུ་འགྱུར་རོ། །རྟའི་ཤ་རྣམ་པར་སྣང་མཛད་དང་བཅས་པ་གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་སྦྱིན་
403a
༄#། །སྲེག་བརྒྱ་རྩ་བརྒྱད་གནས་གཅིག་ཏུ་གནས་ལ་མཚན་མོ་རྒྱལ་པོ་ལ་དམིགས་ནས་བྱས་ན། ཞག་བདུན་གྱིས་འཁོར་དང་བཅས་པ་དབང་དུ་འགྱུར་རོ། ། གླང་པོའི་ཤ་ཁུ་བ་དང་བཅས་པས་མིའི་འཇིག་རྟེན་ཀུན་ལ་དམིགས་ལ་ཡི་གེ་བཅུ་པའི་སྔགས་ཀྱིས་མཚན་མོ་སྦྱིན་སྲེག་སྟོང་བྱས་ན། ཞག་བདུན་གྱིས་དབང་དུ་འགྱུར་རོ། །ཉ་དང་ཤ་དང་ཆང་དང་བཅས་པས་འཇིགས་པ་མེད་པར་ཡི་གེ་བཅུ་པའི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། །དེ་ནས་བསྐྲད་པར་འདོད་ན། བྱ་རོག་གི་ཤ་མ་འདྲེས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་གང་གི་མིང་དང་བཅས་པར་སྦྱིན་སྲེག་སྟོང་བྱས་ན། ཉི་མ་བདུན་གྱིས་རྡོ་རྗེ་འཛིན་པ་ལྟ་བུ་ཡང་རབ་ཏུ་འབྲོས་ན། ཕྲ་མོའི་མི་ལྟ་ཅི་སྨོས། དེ་ནས་བྱ་རོག་གི་ཚང་དང ། འབྲས་ཀྱི་ཕུབ་མ་དང་ལྷན་ཅིག་ཏུ་དྷ་དུ་རའི་ཤིང་ལ་མེ་རབ་ཏུ་སྦར་ནས་ཡི་གེ་བཅུ་པའི་སྔགས་གང་གི་མིང་དང་བཅས་པར་ནམ་ཕྱེད་ན་སྦྱིན་སྲེག་བྱས་ན། ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ། །དེ་ནས་དབང་དུ་བྱ་བར་འདོད་ན། སེང་ལྡེང་གི་མེ་ལ་ཏིལ་དང ། འབྲས་དང ། བུད་མེད་ཀྱི་མེ་ཏོག་དང་ལྷན་ཅིག་ཏུ་རྡོ་རྗེའི་ཆུ་དང་བསྲེས་ཏེ་རྣལ་འབྱོར་གྱི་གཟུགས་དམར་པོ་དམིགས་ནས་ཁ་ནུབ་ཏུ་བལྟས་ཏེ་ཡི་གེ་བཅུ་པ་གང་གི་མིང་དང་བཅས་པར་སྔགས་པས་བསྲེགས་
403b
ན། ཉམ་བདུན་གྱིས་དབང་དུ་འདུས་ཏེ། དེ་ཇི་སྲིད་འཚོ་བའི་བར་དུ་མི་འབྲལ་ལོ། །དེ་ནས་འགུགས་པར་འདོད་ན། བདུད་རྩི་མར་དང་བཅས་པར་སེང་ལྡེང་གི་མེ་ལ་གང་གི་མིང་དང་བཅས་པར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། དེ་སྐད་ཅིག་གིས་འོང་བར་འགྱུར་རོ། །ལས་འདི་རྣམས་ནི། སྔོན་དུ་བསྙེན་པ་བྱས་པའི་སྔགས་པས་བྱའོ། །གཞན་པས་བྱས་ན། སྔགས་པ་འཇིག་རྟེན་པས་དཔྱས་པར་འགྱུར་རོ། །ཇི་ལྟར་བྱེ་བྲག་མི་བྱ་སྟེ། གང་ལ་ཡང་བྱེ་བྲག་སྦྱིན་པར་མི་བྱའོ། །བྱེ་བྲག་ཕྱེ་ན་སྔགས་པས་དངོས་གྲུབ་མི་འགྲུབ་བོ། །ངས་རྒྱུད་གཞན་ལས་ཀྱང་བཤད་དེ། ཇི་ལྟར་བྱེ་བྲག་མ་སྐྱེས་པ། །དེ་བཞིན་བྱ་བའི་བྱེ་བྲག་སྨྲས། །རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ། །གང་གི་མདུན་དུའང་སྔགས་པ་ཡིས། །དེ་ཕྱིར་ལས་རྣམས་མཐོང་མི་བྱ། ། གཞན་དང་ལྷན་ཅིག་ཏུ་མི་བྱ། །གལ་ཏེ་སྔགས་བས་ལས་བྱ་འདོད། །དེ་དག་གཅིག་པུ་ཞིག་གིས་བྱ། །སྔགས་པ་དེ་ཡིས་ལས་ཀུན་བྱེད། །འདི་ནི། འཇམ་དཔལ་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱི་རྒྱུད་ལས། སྦྱིན་སྲེག་གི་ལས་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པའོ།། །།དེ་ནས་བསམ་གཏན་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བུ་ཡང་དག་པར་གསུངས་ཏེ། བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱོར་བ་ལས་དགོས་པ་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱ་སྟེ། དེའི་ཆོ་གའི་དང་པོར་རེ་ཞིག་རྣལ་འབྱོར་པ་མ་ཧེའི་གདོང་
404a
༄#། །པའི་སྦྱོར་བ་ལ་གནས་པའི་སྔོན་དུ་སྦྱང་བ་བྱས་པས་ལས་ཐམས་ཅད་བྱའོ། །རེ་ཕ་ལས་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་ཀུན་ཏུ་གསལ་བར་འབར་བར་རྣམ་པར་བསམས་ལ། དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ། བྲེད་པར་གྱུར་པ་བདག་གི་མདུན་དུ་རྣམ་པར་བསམ་མོ། །དེ་ནས་རང་གི་ལུས་ལས་ཁྲོ་བོའི་གཟུགས་མང་པོ་རྣམ་པར་སྤྲོས་ཏེ། ཁྲོ་བོ་དེ་རྣམས་ཀྱིས་རལ་གྲིས་བཏབ་ཅིང་ཁྲག་འཐུངས་པར་བསམ་པར་བྱའོ། །བསྒྲུབ་བྱ་དེའི་ཤ་ཟ་བ་དང ། རྒྱུ་མ་དྲངས་པར་བསམ་པར་བྱའོ། །འདི་སྐད་སྨྲ་བར་བྱ་སྟེ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང ། བླ་མ་ལ་སྐུར་པ་འདེབས་པ་ལ་རྒྱོབ་ཅིག་རྒྱོབ་ཅིག་།སོད་ཅིག་སོད་ཅིག་བསམས་པ་ཙམ་གྱིས་རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འཆི་ན། ཕྲ་མོ་སྲོག་ཆགས་གཞན་ལྟ་ཅི་སྨོས། །དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་འབྱུང་བ་ནི། མ་ཧེའི་གདོང་པའི་སྦྱོར་བའི་ང་རྒྱལ་ལ་གནས་ཏེ་ལས་ཐམས་ཅད་བསྒྲུབ་པར་བྱའོ། །མེའི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱ་དུ་བར་བསམས་ལ། དེའི་མདུན་དུ་སྲིན་པོ་མང་པོ་བསམ་པར་བྱ་སྟེ། སྲིན་པོ་དེ་དག་ཐ་དད་པའི་ལུས་ཅན། མ་རུངས་པ། ཤིན་ཏུ་གཏུམ་པར་ཤ་ཟ་བ་དང ། ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ། །གཞན་ཡང་རྣམ་པ་སྣ་ཚོགས་པའི་བྱ་རྣམས་
404b
ཏེ། བྱ་རྒོད་དང ། བྱ་རོག་དང ། འུག་པ་དང ། ཝ་རྣམས་དང ། ཁྱི་རྣམས་ཀྱིས་ཤ་ཟ་བ་དང ། ཁྲག་འཐུང་བར་རྣམ་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི་རབ་ཏུ་སྦྱོར་བས་ཐེ་ཚོམ་མེད་པར་འཆིའོ། །དཔག་ཚད་བརྒྱ་ན་གནས་པའི་སྐྱེས་བུ་ཡང་སེམས་ཀྱིས་བཟུང་བས་བསམ་གཏན་བརྩམ་མོ། །སྔགས་པས་བསམ་གཏན་བརྟན་པར་བྱའོ། །དེ་ནས་དཔྲལ་བར་འདོད་ན། མ་ཧེའི་སྙིང་གར་བསྒྲུབ་བྱ་བསམ་པར་བྱ་སྟེ། བསྒྲུབ་བྱ་གཞན་རྟའི་སྙིང་གར་རྣམ་པར་བསམ་པར་བྱའོ། །རྟ་དང་མ་ཧེ་གཉིས་ཕན་ཚུན་འཐབ་པར་བྱེད་པར་བསམ་སྟེ། ཇི་སྲིད་དུ་རྟ་དང་མ་ཧེ་གཉིས་ཕྱེ་བར་མ་གྱུར་གྱི་བར་དུའོ། །ཕྱི་ནས་བསྒྲུབ་བྱ་དེ་གཉིས་རབ་ཏུ་མི་མཛའ་བར་བསམ་པར་བྱ་སྟེ། བསམས་པ་ཙམ་གྱིས་ཉི་མ་བདུན་གྱིས་ངེས་པར་འཐབ་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ། །དེ་ནས་བསྐྲད་པར་འདོད་ན། དེ་རུ་ཡཾ་ལས་ཡོངས་སུ་གྱུར་པའི་རྔ་མོ་བསམ་པར་བྱ་སྟེ། ཡཾ་དེའི་རྒྱབ་ཏུ་ཡཾ་གྱི་རྣམ་པ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ་བྲེད་པར་གྱུར་པར་བསམ་པར་བྱ་སྟེ། མ་ཧེའི་གདོང་ཅན་གྱི་སྦྱོར་བ་ལ་གནས་པས་དེའི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་པ་གཡས་པས་དབྱུག་པ་འཛིན་པ་སྐྲ་བསིལ་བ་རྣམ་པར་བསམ་པར་བྱ་སྟེ། རྔ་མོ་དེ་ཁ་ལྷོར་བསྟན་ལ་གཏང་ངོ ། །དེའི་
405a
༄#། །མིང་དང་བཅས་པར་གཤིན་རྗེའི་སྔགས་བརྗོད་པས་རྣམ་པར་བསམ་པར་བྱའོ། །རྣལ་འབྱོར་པས་འདི་བསམས་པ་ཙམ་གྱིས་ཞག་བདུན་ན་འདི་ལྟར་རྡོ་རྗེ་འཛིན་པ་ཡང་སྐྲོད་པར་འགྱུར་རོ། །གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ནི། བྱ་རོག་གམ། བྱ་རྒོད་ཀྱི་རྒྱབ་ཏུ་བསྒྲུབ་བྱ་སྐྲ་གྲོལ་བ་གཅེར་བུ་རྣམ་པར་བསམ་མོ། །དེའི་རྒྱབ་ཏུ་གཤིན་རྗེ་རྣམ་པར་བསམ་པར་བྱ་སྟེ། ལག་པ་ཐོ་བ་ཐོགས་པ་བསྒྲུབ་བྱའི་སྐྲ་བཟུང་བ་དེ་ལ་མ་ཧེའི་གདོང་ཅན་གྱིས་བཀའ་བསྒོ་སྟེ། ཁ་ལྷོ་རུ་བལྟས་ནས་སོང་བར་བསམ་པར་བྱ་སྟེ། རྩེ་གཅིག་པའི་སྦྱོར་བ་བསམ་པར་བྱས་ན། རྩེ་གཅིག་པའི་སྦྱོར་བ་དེས་ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །དེ་ནས་འགུགས་པར་བྱེད་པར་འདོད་ན། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གཤིན་རྗེའི་གཟུགས་ལྕགས་ཀྱུ་དང་ཞགས་པ་ལག་ཏུ་ཐོགས་པ་རྣམ་པར་བསམ་མོ། །མ་ཧེའི་གདོང་པའི་རྣལ་འབྱོར་ལ་གནས་པས་དེ་ལ་བཀའ་བསྒོ། །གཤིན་རྗེ་སོང་ལ་ཡུལ་ཆེ་གེ་མོ་ནས་བུ་མོ་མྱུར་བར་ཁུག་ཅིག་།དེ་སྐད་བསྐུལ་བས་ཡཾ་གྱི་རྣམ་པར་བསྐྱོད་དེ་སོང་བར་རྣམ་པར་བསམ་པར་བྱའོ། །བསམ་གཏན་འདིའི་རབ་ཏུ་སྦྱོར་བ་ལ་གནས་པའི་སྔགས་པས་ཁམས་
405b
གསུམ་དུ་གསུངས་\?\་བའི་བུད་མེད་བཀུག་ལ་རོལ་བར་བྱའོ། །ཇི་ལྟར་བསམ་གཏན་བརྟན་པར་གྱུར་ན། འདིའི་རབ་ཏུ་སྦྱོར་བ་དེ་དག་བྱའི་གཞན་གྱིས་མི་བྱའོ། །དེ་ནས་སྦྲུལ་གྱིས་ཟིན་པ་བླང་བའི་རབ་ཏུ་བྱེད་པ་གསུངས་ཏེ། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པ་རྣམ་པར་བསམ་མོ། །དེའི་སྟེང་དུ་དབྱངས་ཡིག་གསུམ་པ་འདབ་མར་ཕཊ་བརྒྱད་རྣམ་པར་བསམ་མོ། །དེས་ནི། འོག་གི་ཀླུའི་གཟུགས་རྣམ་པར་བསམ་པར་བྱ་སྟེ། དེའི་སྤྱི་བོར་ཡི་གེ་ཨི་ཁ་དོག་དཀར་པོ་ལས་བདུད་རྩི་འཛག་པ་བསམ་པར་བྱའོ། །ཀླུ་དེའི་མིག་རྣམས་ནས་བདུད་རྩི་འཕྲོས་ནས་བསྒྲུབ་བྱ་དེའི་ལུས་ལ་ཐིམ་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི་སྦྱོར་བས་ཁམས་གསུམ་ཡོངས་སུ་གང་བའི་དུག་ཀྱང་མེད་པར་འགྱུར་རོ། །དུག་ཁུར་སྟོང་ཡང་ཟ་ནུས་སོ། །དེ་ནས་ཞུ་བའི་བསམ་གཏན་གྱི་རབ་ཏུ་སྦྱོར་བ་འབྱུང་སྟེ། བསྒྲུབ་བྱ་མདུན་དུ་བསམ་སྟེ་དེའི་རྐང་པ་གཉིས་ལ་ཡི་གེ་ཡཾ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་བསམ་བར་བྱ། །དེའི་སྟེང་དུ་གསང་བའི་གནས་སུ་མེའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་རཾ་གྱིས་བྱིན་གྱིས་བརླབས་པ་བསམ་པར་བྱའོ། །དེའི་སྟེང་དུ་སྙིང་གར་སའི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེར་པོ་ལཾ་གྱིས་བྱིན་གྱིས་བརླབས་པ་བསམ་པར་བྱའོ། །དེའི་སྟེང་དུ་དཔྲལ་བར་ཟླ་བའི་བྡྐྱིལ་འཁོར་རྣམ་པར་བསམ་པར་བྱའོ། །
406a
༄#། །དེའི་དབུས་སུ་ཡི་གེ་བ་མགོ་ཐུར་དུ་གནས་པ་ལས་བདུད་རྩི་འཛག་པར་བསམ་སྟེ། འདི་ནི། ལེགས་པར་རྣམ་པར་བསམས་ནས་རླུང་གིས་མེ་རབ་ཏུ་སྤར་ཏེ།་མེ་དེས་དབང་ཆེན་གྱི་དཀྱིལ་འཁོར་བསྲེགས་པར་རྣམ་པར་བསམ། དབང་ཆེན་གྱི་དཀྱིལ་འཁོར་གྱི་དྲོད་ཀྱི་བདུད་རྩིའི་དཀྱིལ་འཁོར་དེ་ཞུ་བར་བསམ་པར་བྱའོ། ། འདི་ཡི་སྦྱོར་བ་ཙམ་གྱིས་ནི། །དེ་ཡི་བུད་མེད་ཞུ་འགྱུར་ཏེ། །འོ་མ་ཡི་ནི་ཤིང་བཞིན་དུ། །ཞུ་བར་བྱེད་པར་ཐེ་ཚོམ་མེད། །དེ་ནས་རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བ་འདོད་ན། སྔགས་པ་མ་ཧེའི་གདོང་ཅན་གྱིས་རྣལ་འབྱོར་ལ་རབ་ཏུ་གནས་ལ་དེ་ཉིད་མདོག་དམར་པོར་བསམས་ཏེ། བསྒྲུབ་བྱ་གང་དུ་གནས་པ་དེའི་སྟེང་དུ་གནས་ལ། ཕྱི་ནས་རང་གི་ལུས་འཇམ་དཔལ་མདོག་དམར་པོ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཅན་ཕྱུང་སྟེ། འཇམ་དཔལ་དེས་བསྒྲུབ་བྱའི་སྙིང་ག་དང་མགྲིན་པ་བཅིངས་ནས་བཀུག་པར་བསམས་ཏེ་འཇམ་དཔལ་གྱི་སྐུ་ལ་རབ་ཏུ་གཞུག་གོ་།བསྒྲུབ་བྱ་དེ་མྱོས་པར་བསམ་པར་བྱ་སྟེ། དེའི་སྙིང་གར་ཡི་གེ་བཅུ་པའི་སྔགས་རྣམ་པར་བསམ་པར་བྱའོ། །ཡང་ཁ་དོག་དམར་པོ་སྒྲུབ་པ་པོས་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡི་གེ་ལ་གཞུག་པར་བྱའོ། །དེ་དང་བསྒྲུབ་བྱ་གཅིག་ཏུ་གྱུར་བར་བྱའོ། །བསམ་གཏན་འདིའི་རབ་
406b
ཏུ་སྦྱོར་བས་ཉི་མ་བདུན་གྱིས་འཁོར་ལོས་བསྒྱུར་བ་ཡང་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་ཐེ་ཚོམ་མེད་དོ། །རབ་ཏུ་མཉམ་པར་བཞག་པའི་སྔགས་པས་མི་གཡོ་བའི་བསམ་གཏན་གྱིས་བྱའོ། །རྒྱུད་གང་ལ་ཡང་མི་སྦྱིན་ནོ། །གལ་ཏེ་སྔགས་ཀྱང་མི་བསྟན། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་བསམ་གཏན་གང་ལ་ཡང་མི་སྦྱིན། སྨྲ་བར་ཡང་མི་བྱ། སྔགས་ཀྱི་དབྱེ་བ་ཡང་མི་བྱ། བྲིས་སྐུ་ཡང་གང་གི་མདུན་དུ་ཡང་མི་བཀྲམ་སྟེ། ཐང་ག་ཡང་གསང་བར་གཞག་གོ་།རྒྱུད་འདི་རབ་ཏུ་སྦྱོར་བ་དང ། བཟླས་པ་དང ། སྨྲ་བ་གཞན་སུ་ལ་ཡང་འགའ་ཙམ་ཡང་མི་སྨྲ། གལ་ཏེ་སྨྲས་ན། དཔལ་རྡོ་རྗེ་འཇིགས་བྱེད་དང ། གཞན་ཡང་རྣལ་འབྱོར་མ་རྣམས་དང ། མཁའ་འགྲོ་མ་རྣམས་ཀྱིས་ཟའོ། །དམ་ཚིག་ཉམས་པར་འགྱུར་བས། དེའི་ཕྱིར་སྔགས་པས་སུ་ལ་ཡང་མི་སྦྱིན་ནོ། །དེ་ནས་དམ་ཚིག་མཉམ་པ་དང ། རྣམ་པར་རྟོག་པ་མེད་པ་དང ། དམ་པའི་བརྟུལ་ཞུགས་ཅན། དཔའ་བོ་བླ་མ་ལ་གུས་པ། དུལ་བ་ཅན། དེ་བཞིན་གཤེགས་པའི་བསྟན་པ་ལ་ངེས་པར་འཛིན་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་བསམ་གཏན་ལ་ཕྱོགས་པ།་རྣམ་པར་སྨིན་པ་ལ་འཛེམ་པ། འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ནི། སློབ་མ་བཟང་པོ་སྟེ། དཀྱིལ་འཁོར་དམ་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་མཆོག་ཏུ་གུས་པ། སྙིང་
407a
༄#། །རྗེ་ཆེན་པོས་ཡིད་བརླན་པ། རྣམ་པར་རྟོག་པ་མེད་པ། མཆོག་ཏུ་བླ་མ་ལ་གུས་པ་རབ་ཏུ་བརྟག་པ་ལ་ཤིན་ཏུ་རྣམ་པར་བསམས་ཏེ། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་སྦྱིན་ནོ། །སྔགས་པས་གཞན་ལ་བྱིན་ན། དེ་དང་སློབ་མར་བཅས་ནས་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ། །འཇིག་རྟེན་འདིར་ནི། འཇིགས་པ་ཆེན་པོར་འགྱུར་རོ། །འཇིག་རྟེན་ཕ་རོལ་ཏུ་ནི།་དམྱལ་བར་འགྲོའོ། །དམ་ཚིག་ཀྱང་ཉམས་པར་འགྱུར་རོ། །འདི་ནི། འཇམ་དཔལ་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས། བསམ་གཏན་གྱི་ལས་སྒྲུབ་པ་བརྟག་པའི་རྟོག་པ་སྟེ་བདུན་པའོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་རྒྱུད་འབུམ་པ་ནས་བཏུས་ནས་ཕྱུང་བ། རྟོག་པའི་ཕྱོགས་བཀླགས་པས་འགྲུབ་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་དངོས་གྲུབ་འགྲུབ་པའི་རྟོག་པ་རྫོགས་སོ།། །།དཔལ་ཨུ་ཌྱན་གྱི་གནས་ཆེན་པོ་ནས་དཔལ་འཇམ་དཔལ་གྱི་རྒྱུད་ལས་ཕྱུང་བ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ། བླ་མ་དམ་པའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་ལཱ་ལི་ཏ་བཛྲས་བཏོན་ནས་མཛད་པ་རྫོགས་སོ།། །།བལ་ཡུལ་གྱི་པཎྜི་ཏ་མཆོག་གི་དངོས་གྲུབ་བརྙེས་པ་བྷ་རོ་ཕྱག་རྡུམ་གྱི་ཞལ་སྔ་ནས་དང ། བོད་ཀྱི་ལོཙྪ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།།