rKTs


H405

(e-text produced by ACIP)

see text in transliteration
135b
།།རྒྱ་གར་སྐད་དུ། ཤྲཱི་ཙ་ཏུཿ ་བཱི་ཋཱ་ཁྱ་ཏ་ཏནྟ་རཱ་ཇོ་མནྟ་ཨཾ་ས་ནཱ་མ། བོད་སྐད་དུ། དཔལ་གདན་བཞི་པའི་བཤད་པའི་རྒྱུད་ཀྱི་རྒྱལ་པོ་སྔགས་ཀྱི་ཆ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྣལ་འབྱོར་ནམ་མཁའ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དམ་ཚིག་ལ་སྤྱོད་པའི་རྡོ་རྗེ་མཁའ་འགྲོ་དང ། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །གདན་བཞི་པ་ཡི་རྒྱུད་ཀྱི་ནི། །གསུམ་པ་ཡི་ནི་དང་པོའོ། །དེ་ཡི་སྦྱོར་བ་རྙེད་ནས་ནི། །སྔགས་ཀྱི་དེ་ཉིད་ཁྱད་པར་ཉིད། །སྙིང་པོ་ཡི་ནི་སྙིང་པོའི་ཆོས། །རབ་སྦྱོར་གསང་ཞིང་གསང་བ་ཡི། །དེ་ཉིད་དེ་ཉིད་དེ་ལས་མཆོག། སྙིང་པོའི་དེ་ཉིད་བསྡུས་པ་འོ། །བླ་མའི་མ་ནིང་གཉིས་བཟུང་ལ། །རྩ་བར་བསྐོར་ཞིང་མནན་པར་བྱ། །སྤྱི་བོར་འོད་དང་ཟླ་བ་འོ། །ས་བོན་བསྐྱེད་པའི་རིམ་པ་བཞིན། །ཟླ་བ་དཀར་དང་ཀུནདའི་
136a
༄#། །མདོག། གཙོ་བོའི་སྔོན་དུ་སྦྱོར་བར་བྱ། །སྔགས་ཀྱི་བཟླས་པ་རྫོགས་བྱ་ཞིང ། །དབྱངས་ཡིག་མངོན་པར་མཐོང་བ་ནི། །ལས་རྣམས་གསུམ་གྱི་སྔོན་དུ་ནི། ། བླ་མའི་ཡི་གེ་སྔོན་དུའོ། །དཀར་དང་སེར་དང་དམར་པོའོ། །བཞི་པ་དག་པ་རུ་ནི་བརྗོད། །མྱུ་གུའི་གནས་ནི་གཙོ་བོ་ཉིད། །སྲིད་པ་མཆོག་ཏུ་སྒྲོལ་བའོ། །དབྱངས་ཡིག་དབྱངས་ཀྱི་བསྒོམ་པ་ནི། །རྣལ་འབྱོར་པ་ཡིས་མཚོན་པར་བྱ། །དོན་གྲུབ་འདོད་པའི་བཟླས་པ་ཡི། །བན་དུ་ཀ་ཡི་མེ་ཏོག་འདྲ། །རྡོ་རྗེ་དབྱུག་པ་ལ་རྟག་ཏུ། །དེ་ཉིད་དུ་ན་རྣམ་པར་ཐིམ། །དཀར་པོ་ཟླ་བས་མནན་པ་ཡི། །གཉིས་ཀ་བསྒོམས་པས་བཀྲུ་བར་བྱ། །པདྨ་རྡོ་རྗེ་ཟླ་བ་དང ། །བདུད་རྩི་ཡིས་ནི་བཀྲུ་བར་ལྡན། །དང་པོའི་ས་བོན་གཙོ་བོ་ཡིས། །དབྱངས་ཡིག་ཀུན་ལ་ཁྱབ་པའོ། །དཀར་ཞིང་དག་ལ་མཉམ་པའི་འོད། །གསུམ་པའི་ལས་ཀྱི་ས་བོན་ནི། །བཞི་པར་ནམ་ཡང་མ་ཡིན་ནོ། །ཇི་ལྟར་དང་པོ་མཐར་གནས་པའི། །ཁྱད་པར་དབྱངས་ཡིག་ས་བོན་ཉིད། །མཐའ་ཡི་སྔོན་དུ་ས་བོན་ཉིད། །དེ་བཞིན་སྔོན་དུ་ཉིས་འགྱུར་རོ། །བཞི་པོ་མཉམ་པའི་ཆ་རུ་ནི། །མཉམ་པར་གནས་སུ་སྦྱར་བར་བྱ། །བཞི་པ་གསུམ་པའི་ས་བོན་ནི། །མགོ་སྨོས་གོ་བའི་ལུས་ཉིད་དོ། །ཡི་གེ་གསུམ་གྱི་ལུས་ཉིད་ནི། །རང་བཞིན་གྱིས་ནི་དབྱངས་ཡིག་དངོས། །ལུས་དང་ལུས་སོགས་ཡི་གེ་ནི། །ལྕགས་ཀྱུ་ཡིས་ནི་མནན་པར་བྱ། །དམར་དང་གནག་སོགས་
136b
ས་བོན་ནི། །རྣལ་འབྱོར་པ་ཡིས་ཁྱད་པར་དུ། །ལྔ་པ་དྲུག་པའི་ས་བོན་ནི། །ཐམས་ཅད་སྒྲ་ཡི་ཡི་གེའོ། །དཀར་དང་སེར་ལ་ལྕི་བར་བཤད། །དམར་དང་སྔོན་པོ་དེ་བཞིན་ཡང ། །ཞི་རྒྱས་དབང་ལ་སོགས་པ་ནི། །ཀུན་ཀྱང་སྒྲ་ཡི་དབྱེ་བའོ། །ཐམས་ཅད་ལས་ལ་སྒྲ་ཡིས་ནི། །ཁ་དོག་བཞི་རུ་རབ་ཏུ་གྲགས། །བདུན་པ་བརྒྱད་པའི་ས་བོན་གྱིས། །སྐྱེས་བུ་རང་འདོད་པ་ཡི་ལས། །ངེས་པར་ལུས་ནི་སྔོམ་པ་དང ། །གཉིས་པའི་ས་བོན་གྱིས་མནན་པའོ། །ཡང་བས་དམར་དང་གནག་ལ་སྦྱར། །རྣལ་འབྱོར་པ་ཡི་ཁྱད་པར་དུ། །མཚམས་ནི་བཅད་ཅིང་མནན་པའི་ལས། ། གཉིས་པ་ལྕགས་ཀྱུའི་ཡི་གེ་ནི། །རང་བཞིན་ཡི་གེ་མིང་གི་ནི། །དེ་ཉིད་ལས་རྣམས་འགུགས་པ་དང ། །ས་བོན་འདི་ནི་དབྱེ་བའོ། །ཁ་དོག་དམར་པོ་མཆོག་གི་འོད། །ཐམས་ཅད་འདྲེས་པའི་ས་བོན་ནི། །དབྱངས་ཡིག་བསྐྱེད་པའི་ས་བོན་ནི། །ལས་རྣམས་ཐམས་ཅད་བྱེད་པའོ། །མ་ནིང་གིས་བསྐྱེད་ས་བོན་ནི། །བརྟན་ཞིང་རྟག་པའི་ས་བོན་ནོ། །བུད་མེད་དང་ནི་སྐྱེས་པའམ། །འདི་ཉིད་ཀུན་ནས་རབ་ཏུ་སྦྱར། །སྡེ་ཚན་བཞི་པའི་བཞི་པ་ནི། །ཐ་མ་བཞི་ནི་རྣམ་སྤངས་པ། །དཀར་དང་ཀུནད་ཟླ་བའི་མདོག་།ཉི་མའི་ཡི་གེ་རྣམ་པར་ཤེས། །ཐ་མ་བཞི་ནི་ལྔ་པ་དང ། །སྡེ་ཚན་དྲུག་པ་ཡང་དག་ལྡན། །ཀུན་ནས་མཚན་མོའི་སྟོང་པར་ནི། །ཁྱད་པར་དུ་ནི་ཤེས་པར་བྱ། །བདུད་རྩི་ཆུ་ཡི་ས་བོན་ནི། །དཀར་ཞིང་ཤེལ་ལྟར་མཉམ་པའི་
137a
༄#། །འོད། །དེ་ཉིད་ཀུན་གྱི་དེ་ཉིད་ནི། །ཀུན་ནས་བདུད་རྩིའི་གྲུབ་པའོ། །ལྷ་མིན་གྲུབ་པས་འགུགས་པ་དང ། །ལྷ་དང་མི་དང་གནོད་སྦྱིན་དང ། །ཐམས་ཅད་ལས་རྣམས་གྲུབ་པ་ནི། །ས་བོན་འདི་ནི་ཁྱད་པར་ཉིད། །སྦོམ་པོ་མ་ནིང་གཉིས་ཀྱིས་ལ། །ལྕགས་སྒྲོགས་བཞིན་དུ་ཁ་སྤྲད་པ། །རྩ་བར་ཡང་བ་ཉིས་འགྱུར་རོ། །སྤྱི་བོར་བདུད་རྩི་རྣམ་པར་དགོད། །སྟེང་དུ་ཐིག་ལེ་འབར་བའི་མཆོག་།སངས་རྒྱས་ལྔ་ཡི་རང་བཞིན་སྐུ། །ས་བོན་ལྔ་ཡི་ངོ་བོ་ཉིད། །རྣམ་བཞིར་ཕྱེ་ཞིང་ཕྱེ་བ་ཡིས། །ལྕེ་རྩེ་ལྕེ་རྩེར་གསུངས་པ་ནི། །ཁ་དོག་དམར་པོ་མཉམ་པའི་འོད། །ཞི་དང་ཆུ་ཡི་བྱེ་བྲག་ལ། །ཧཱུཾ་གི་རྣམ་པ་རྐན་ལ་སྦྱར། །རྩ་བར་སྒྲ་དང་འོད་བྲལ་བ། །བར་མ་ཡི་ནི་དབྱངས་སུ་གསུངས། །གལ་ཏེ་འདོད་ན་ལྷ་ཡི་ལུས། །ཁྱད་པར་དུ་ནི་ཞི་བའི་ལས། །སྙིང་གའི་རྩ་བར་གསུངས་པ་ནི། །ཁ་དོག་སེར་པོའི་འོད་མཉམ་པ། །སྦོམ་པོའི་སྒྲ་དང་ཐིག་ལེ་དང ། །རྒྱས་པ་དང་ནི་མེ་ཡི་ལས། །ལྟེ་བར་སྒྲ་དང་འཇོམས་པ་ནི། །ཁ་དོག་དམར་པོ་འོད་མཉམ་པ། །སྦོམ་པོའི་སྒྲ་དང་ལྡན་པའི་འོད། །དབང་གི་ལས་ལ་རབ་ཏུ་སྦྱར། །སྣ་རྩེར་སྦྲིད་པ་གསུམ་པ་ནི། །ཁ་དོག་སྔོན་པོ་མཉམ་པའི་འོད། །ཡང་བའི་སྒྲ་ཡི་འོད་དུ་ནི། །ལྡན་པར་བློ་དང་ལྡན་པར་བསྐུལ། །བསྐྲད་དང་གསད་དང་བཅིང་བ་དང ། །མནན་དང་གདུག་སོགས་བསྐྲད་པ་དང ། །གཏོར་མ་ལ་
137b
སོགས་ནག་པོའི་ལས། །ཧཱུཾ་གི་རྣམ་པ་སྤྲིད་པར་སྦྱར། །དེ་ཉིད་དེ་ཉིད་བཞི་པར་ནི། །ཧཱུཾ་གི་རྣམ་པ་ཉེ་བར་མཚོན། །ས་བོན་ཐམས་ཅད་འབྱིན་མཛད་པ། །ཧཱུཾ་གི་རྣམ་པ་དབང་ཕྱུག་མཆོག ། ཐམས་ཅད་འབྱིན་བའི་ངོ་བོ་བས། །ཧཱུཾ་གི་ཡི་གེ་མཆོག་གི་ལྷ། །སྟོང་ཉིད་ཡི་གེའི་ཧཱུཾ་གྱུར་པས། །ཧཱུཾ་གི་རྣམ་པ་ཕྱག་འཚལ་བསྟོད། །སྟོང་པའི་གཟུགས་དང་རབ་ལྡན་པ། །དངོས་དང་དངོས་མེད་འབྱིན་མཛད་པ། །བཙོ་མ་གསེར་དང་འདྲ་བའི་མདོག། སྒྲ་དང་ཐིག་ལ་ཡང་དག་ལྡན། །རི་རབ་རྒྱ་མཚོ་རི་ནི་གྲགས། །བརྟན་པ་དང་ནི་གཡོ་བར་ལྡན། །ལྷ་དང་ལྷ་མིན་གྲུབ་པ་དང ། ། མི་དང་གནོད་སྦྱིན་རྣལ་འབྱོར་པ། །ལྷ་རྣམས་ཀུན་ནས་གཡོ་བ་ནི། །གསུངས་པའི་ས་བོན་གྱིས་འགུགས་བྱེད། །སྡེ་ཚན་དང་པོའི་ས་བོན་ནི། །རྩ་བར་རེ་ཕ་མནན་པ་དང ། །ལྕགས་ཀྱུས་མགོར་ནི་རྣམ་པར་དགོད། །སྟེང་དུ་ཟླ་བའི་འོད་དང་བཅས། །ཁ་དོག་དམར་པོ་མཉམ་པའི་འོད། །ལྕགས་ཀྱུ་ཡིས་ནི་སྙིང་པོ་སྒྲུབ། །ལྕགས་ཀྱུ་ཡི་གེ་ས་བོན་བཞིན། །ལྕགས་ཀྱུ་ཡིས་ནི་ཀུན་འགུགས་པའོ། །སྟོང་པར་རླུང་གི་ས་བོན་ནི། །སྡེ་ཚན་བརྒྱད་ཀྱི་དང་པོ་ལ། །རྩ་བར་སྒྲ་ཡིས་དཀྲི་བར་བྱ། །སྤྱི་བོར་ཟླ་ཚེས་ཐིག་ལེ་དང ། །རླུང་གི་ཁ་དོག་དྲག་པོ་ཡིས། །ལུས་ཅན་ཀུན་ནི་བསྐུལ་བར་བྱ། །བསྐུལ་བའི་ལས་ཀྱི་ས་བོན་གྱིས། །ས་བོན་དེ་ཉིད་ཀུན་ཏུ་སྦྱར། །ལྔ་པ་སྡེ་ཚན་གཉིས་པ་ཡིས། །གསུམ་པའི་ཡི་གེ་གཟུང་བྱས་ལ། །ཡི་གེ་གསུམ་པས་
138a
༄#། །མནན་པར་བྱ། །རེ་ཕ་རྩ་བར་སྦྱར་བ་དང ། །སྟེང་དུ་བདུད་རྩིའི་ཐིགས་པའོ། །ཁ་དོག་དཀར་པོ་མཉམ་པའི་འོད། །དགྱེས་པ་ལ་སོགས་ས་བོན་གྱིས། །ལྷ་སོགས་ཀུན་ནས་མཉེས་པར་བྱེད། །སྡེ་ཚན་དང་པོའི་གསུམ་པ་ནི། །གསང་བའི་སྒྲ་ནི་རྩ་བར་རོ། །སྟེང་དུ་བདུད་རྩིའི་ཐིག་ལེ་དང ། །དཀར་ཞིང་ཡིད་འོང་ཤིན་ཏུ་འབར། །མཆོད་པའི་སྔགས་ཀྱི་དུས་དང་ནི། །གཏོར་མ་སྦྱིན་སྲེག་ཕྱག་རྒྱ་སོགས། །རྒྱས་པའི་ལས་ནི་ཐམས་ཅད་ལ། །རྒྱས་པའི་ས་བོན་དུ་ནི་གྲགས། །དང་པོའི་སྡེ་ཚན་བཞི་པ་ལ། །རྩ་བར་རེ་ཕ་སྒྲ་དང་ནི། །སྤྱི་བོའི་སྟེང་དུ་འབར་བའོ། །ཁ་དོག་དམར་པོ་མཉམ་པའི་འོད། །ཞི་བའི་ལས་ནི་རྣམ་སྤངས་པ། །ལས་རྣམས་ཀུན་གྱི་སྔོན་དུ་འོ། །རྨོངས་ཤིང་ལུས་ཀུན་རྨོངས་བྱེད་པས། །རྨོངས་པའི་ས་བོན་དུ་ནི་གྲགས། །སྡེ་ཚན་ལྔ་པའི་གསུམ་པ་དང ། །གཉིས་པའི་ས་བོན་བླང་བྱས་པས། །མཐའ་རུ་སྟོང་པ་གཉིས་ཀྱིས་སོ། །ཁ་དོག་དཀར་པོ་མཉམ་པའི་འོད། །ལྷ་དང་ལྷ་མིན་གསང་བ་སོགས། །རང་གི་འདོད་པའི་གནས་སུ་བཞག། བཞག་པའི་ལས་ལ་རྣལ་འབྱོར་པས། །བློ་ལྡན་ཡི་གེ་འདི་ཡིས་བཞག། སྟོང་པའི་སྡེ་ཚན་ལ་སྤྱད་ལ། །དེ་ཡི་བཞི་པ་གཟུང་བར་བྱ། །རྩ་བར་མ་ནིང་སྦོམ་པོ་དང ། །སྟེང་དུ་བདུད་རྩིའི་ཐིག་ལེའོ། །འཇིགས་པ་བསྲུང་བའི་ལས་ཉིད་ལ། །ཁ་དོག་དཀར་པོ་མཉམ་པའི་འོད། །
138b
རྣལ་འབྱོར་དེ་ཉིད་འདོད་པ་ཡི། །ས་བོན་འདི་ཉིད་ཀྱིས་བསྲུང་ངོ ། །སྲེག་པའི་ཡི་གེ་སྔགས་ཉིད་ནི། །དབྱེ་བ་རྣམ་པ་གསུམ་དུ་བཤད། །དཀར་དང་སེར་དང་དམར་སོགས་ཀྱི། །ལས་གསུམ་གྱི་ནི་མཐའ་རུ་འོ། །བདུན་པ་ཡི་ནི་མཐའ་བཟུང་ལ། །བརྒྱད་པ་གཉིས་པ་ཡི་ནི་གདན། །བདུད་རྩི་ཡི་ནི་གདན་དུ་ཆུ། །ཁ་དོག་དཀར་པོ་མཉམ་པའི་འོད། །མ་ནིང་སྡེ་ཚན་གྱིས་བསྐྱེད་པའི།། མེ་ལྟར་དམར་བ་མཉམ་པའི་འོད། །ལོགས་སུ་དབྱངས་ཡིག་དབྱུག་པ་འོ། །ཞི་བ་ལ་ནི་སྲེག་པའི་མཐར། །བདུད་རྩིའི་ས་བོན་ཁ་དོག་སེར། །ཆུ་ཡི་ས་བོན་དཀར་བའི་གདན། །ལོག་སུ་དབྱངས་ཡིག་དབྱུག་པ་འོ། །བརྒྱད་ཀྱི་མཐའ་མ་ཀུན་ནས་འབར། །རྡོ་རྗེ་འོད་བཞིན་འབར་བའི་མེ། །ས་བོན་འོད་བཞིན་འབར་བཅས་པ། །དབྱངས་ཡིག་དབྱུག་པའི་སྲེག་པའོ། ། རྒྱས་པའི་སྲེག་པའི་མཐའ་མར་རོ། །དེ་ཡི་བདུད་རྩི་འབར་བའི་ནི། །བརྒྱད་མཐའི་ལོགས་སུ་དབྱུག་པ་འོ། །ཀུན་ནས་དམར་དང་དམར་བ་ཡི། །མཐར་ནི་དབྱུག་པ་ལྕགས་ཀྱུ་འོ། ། དབུ་མར་དྲང་བའི་སེམས་ཀྱིས་ནི། །དབྱུག་པའི་དབུགས་ཀྱིས་བཟླ་བར་བྱ། །ཆགས་པའི་ལས་ལ་རྣལ་འབྱོར་པས། །སྲེག་པའི་ཡི་གེ་རྣམ་པ་གསུམ། །རྣམ་པ་བཞི་ལས་དོན་གཉེར་བས། ། འཇོམས་པའི་ཡི་གེ་གཉིས་སུ་ཤེས། །བསྐྲད་དང་གསད་དང་དབྱེ་བ་དང ། །མནན་དང་ཉེ་བར་བཟློག་པ་ལ། །སྟོང་པའི་སྡེ་ཚན་གཉིས་པ་ནི། །དབྱུག་པ་གློ་རུ་རྣམ་པར་སྦྱར། །ཉི་མོའི་
139a
༄#། །སྡེ་ཚན་གསུམ་པ་ལས། །དང་པོ་གཉིས་པའི་གློ་རུ་འོ། །ཁ་དོག་ནག་པོ་འཇིགས་ཆེན་པོ། །འོད་ཟེར་མེ་བཞིན་ཀུན་ནས་ལྡན། །རྡོ་རྗེ་ས་བོན་མཉམ་འབར་ལས།། ལུས་ཀྱི་དབུས་སུ་དབུག་པར་བྱ། །གསང་དང་གདུག་པ་བསྐྲད་ལ་སོགས། །དྲག་པོའི་ལས་ནི་ཐམས་ཅད་ལ། །དངོས་གྲུབ་འདོད་པ་རྣལ་འབྱོར་པས། །འཇོམས་པའི་ཡི་ག་མཐའ་མར་རོ། །དེ་ཡི་ས་བོན་ལྡན་པ་ནི། །སྔོན་གྱི་དབྱུག་ཚོགས་རྣམ་པར་སྤངས། །དང་པོ་དབུ་ཡི་སྟེང་རྣམས་སུ། །ཁ་དོག་སྔོན་པོ་རབ་རྣོ་བས། །གསད་དང་དབྱེ་དང་གདུག་པ་ནི། ། ཁྲོ་བོའི་ལྷ་ཡིས་བསྐྲད་པར་བྱ། །འཇོམས་པའི་ཡི་གེའི་མཐའ་མར་ནི། །ས་བོན་འདི་ཡིས་སྦྱར་བར་བྱ། །དཀར་པོའི་སྡེ་དང་སྡེ་ཚན་གྱིས། །དང་པོའི་དང་པོ་བླང་བྱས་ལ། །ཀུན་ནས་རྡོ་རྗེའི་ས་བོན་གྱིས། །ས་བོན་ཡི་གེ་ཕྱེད་དང་གཉིས། །འཕོ་བར་སྦྱོར་བའི་སྔོན་དུས་སུ། །རྣམ་ཤེས་གོང་དུ་བསྐུལ་བའོ། །ལྟེ་བར་རྩ་བའི་ཕྱོགས་ནས་ནི། །ཡི་གེ་ཕྱེད་དང་གཉིས་ཀྱི་དང ། །བརྒྱད་པའི་མཐའ་ནི་སྔོན་དུ་འོ། །མ་ལ་ཏ་ཡི་སྦྱོར་དུས་སུ། །འཕོ་བར་སྦྱོར་བས་སྔོན་དུ་འོ། །འཕོ་བའི་དུས་ཀྱི་སྔོན་དུ་ནི། །རྣལ་འབྱོར་པ་ཡིས་རབ་ཏུ་སྤྱད། །ུ་ལ་པ་ལི་ཏ་ས་བོན། །སྦྱང་བྱའི་ཡི་གེ་ཕྱེད་དང་གཉིས། །དངོས་དང་དངོས་མེད་ས་བོན་ལས། །སྒྲ་དང་ཐིག་ལེ་རྣམ་པར་སྦྱར། །རླུང་གི་རྩ་བའི་གནས་སུ་ནི། །སྒྲ་དང་སྒྲ་ཡིས་བསྟན་
139b
པའོ། །ཆུ་ཤིང་མེ་ཏོག་ལྟེ་བར་གནས། །ས་བོན་འདི་ཡིས་བསྒྱུར་བར་བྱ། །སྔོན་དུ་སྦྱོར་བའི་བསམ་གཏན་དང ། །མཉམ་པར་གཞག་པའི་སེམས་ཀྱིས་བཅིང ། །བདུན་པའི་མཐའ་ཡི་ས་བོན་ནི། །བདུད་རྩིའི་ས་བོན་ས་བོན་གྱིས། །བཟློག་བྱས་རྒྱས་པའི་གནས་སུ་ནི། །ཆུ་ཤིང་མེ་ཏོག་ལྟ་བུར་གྱིས། །ཇི་ལྟར་སྡེ་ཚན་གསུམ་པ་ནི། །ཡི་གེ་གསུམ་པ་གཟུང་བྱས་ལ། །དབྱུག་པར་ཕྱི་མའི་ས་བོན་དང ། །འོག་པག་གིས་ནི་སྔོན་དཀྲིས་པ། །དེ་ཉིད་དེ་ཉིད་ཀུན་དང་ནི། །ས་བོན་ས་བོན་མཆོག་གི་གཙོ། །ཐེག་པ་རྣམ་གསུམ་དག་བྱེད་པ། །ཱ་ལིའི་ས་བོན་རབ་ཏུ་གྲགས། །སྡེ་ཚན་བརྒྱད་པའི་གཉིས་པ་ལ། །ལྕགས་ཀྱུ་ཡིས་ནི་སྤྱི་བོར་གནས། །སྤྱི་བོར་ཟླ་ཚེས་ཐིག་ལེ་དང ། །ཁ་དོག་དམར་པོ་མཆོག་གི་འོད། །སེམས་ཅན་ཀུན་ནས་རྨོངས་བྱེད་པས། །ཡིད་དབྱེ་བ་ལ་ཀུན་ནས་སྦྱར། །ཀུན་ཏུ་རྨོངས་ནི་ས་བོན་ནོ། །རྨོངས་པའི་ལས་ལ་རབ་ཏུ་སྦྱར། །བརྒྱད་པའི་མཐའ་ཡི་ས་བོན་ནི། །སྤྱི་བོར་ལྕགས་ཀྱུ་འདྲེན་པ་དང ། །རྩ་བར་རེ་ཕའི་ས་བོན་ནོ། །ཁ་དོག་སྔོན་པོ་འབར་བ་ཡི། །དྲི་དང་མེ་ཏོག་རོ་སོགས་མིང ། །ལས་ཀྱིས་ཀུན་ནས་འཕྲོག་པར་བྱེད། །འཕྲོག་བྱེད་མིང་གི་ས་བོན་གྱིས། །འཕྲོག་པའི་ལས་ལ་ཀུན་ཏུ་སྦྱར། །བདུན་པ་དཀར་པོའི་ས་བོན་ནི། །དུང་དང་ཀུནད་མཉམ་པའི་འོད། །བདུད་རྩི་ཆུ་ཡི་ས་བོན་ནོ། །ཆུ་ཡི་ཡི་གེ་མིང་ཅན་ནོ། །ཀ་ཤར་ལྡན་པའི་ས་བོན་ནི། །ཁ་དོག་སེར་པོ་འོད་མཉམ་པ། །མེ་བཞིན་འབར་
140a
༄#། །ཞིང་འབར་བ་ཡིས། །མེ་ཡི་ཡི་གེར་རྣམ་པར་གྲགས། །སྡེ་ཚན་བརྒྱད་ཀྱི་དང་པོར་ནི། །དེ་ཉིད་སྟོང་པའི་དངོས་པོ་དང ། །རླུང་གི་ས་བོན་དམར་པོ་ནི། །རླུང་གི་ས་བོན་དུ་ནི་གྲགས། །བརྒྱད་པའི་མཐའ་ཡི་ས་བོན་ནི། །ཁ་དོག་སྔོན་པོའི་འོད་མཉམ་པ། །སྙིང་གར་ས་ཡི་ས་བོན་ནོ། །དེ་ཉིད་པ་ཡི་ས་བོན་ནོ། །འདི་རྣམས་ས་བོན་ས་བོན་ལ། །ཐིག་ལེ་ཡི་གེ་རྩ་བར་རོ། །རྩ་བར་ཉིས་འགྱུར་རེ་ཕ་དང ། །རླུང་གི་ས་བོན་གསུམ་པར་རོ། །རྩ་བར་སྒྲ་ནི་བཞི་པ་འོ། །སྟེང་དུ་ཐིག་ལེ་སྦྱར་བ་དང ། །དེ་ཉིད་བཞི་པའི་ས་བོན་ནི། །བཞི་པའི་ཡི་གེ་དྲུག་པ་འོ། །རྨོངས་པ་ཆུ་ཡི་ས་བོན་ནི། །གཡོ་བའི་རླུང་གི་ས་བོན་དང ། །ས་ཉི་ཉོན་མོངས་པར་འགྱུར་རོ། །ཕྱུགས་ནི་མེ་ལ་ཀུན་ཏུ་སྦྱར། །ཡི་གེ་བརྒྱད་པའི་ས་བོན་ནི། །རྣལ་འབྱོར་མ་བརྒྱད་སེམས་དང་བཅས། །བདག་ཉིད་དེ་ཉིད་གཙོ་བོ་ཡི། །འཁོར་བ་ཐམས་ཅད་གཅོད་མཛད་པ། །ཐམས་ཅད་ཀུན་ནས་སྤྱི་བོ་དང ། །ཡི་གེ་ཀུན་ནས་གནས་པ་འོ། །ས་བོན་འདི་ནི་ཀུན་ནས་བཟུང ། །ཡེ་ཤེས་ས་བོན་ཞེས་བྱའི་མིང ། །རྟག་པའི་རྩ་བར་མནན་པ་དང ། །སྒྲ་དང་ཐིག་ལེར་སྦྱར་བར་བྱ། །དཀར་པོ་ཀུནད་ཟླ་བའི་མཆོག། ཡེ་ཤེས་རྣམ་ཤེས་ས་བོན་ཉིད། །རྒྱུ་བའི་གཟུགས་ཀྱི་ས་བོན་ནི། །ས་བོན་ས་བོན་དེ་བས་མཆོག། ཡེ་ཤེས་རྣམ་ཤེས་བྱ་བའི་མིང ། །ལས་ཀུན་ལ་ནི་རབ་སྦྱར་བྱ། །བྱང་ཆུབ་སེམས་དཔའ་ཞི་བ་ནི། །ཞི་བའི་
140b
གཟུགས་ཅན་རྫུ་འཕྲུལ་ཆེ། །མཐར་ནི་སཝཱཧཱ་རིང་པོར་ལྡན། །སྔོན་དུ་བསྙེན་པའི་སྔགས་པ་ཡིས། །གཉི་ག་ལུས་ལ་བསྒོམས་ནས་ནི། །འདི་ཡིས་ལྷ་མོ་སྦྱར་བར་བྱ། །སྔགས་པས་སྲེག་པའི་སྔགས་ལ་ནི། །སྔོན་དུ་དབྱུག་པ་མེད་པ་འོ། །ལྷ་མོའམ་ཡང་ན་ལྷ་མོ་ལ། །ཁྲོ་བོའི་གཟུགས་འཇོམས་ལ་སོགས་པའི། །འཇོམས་པའི་ཡི་གེ་མཐར་བཞག་སྟེ། །བཟླས་ཤིང་བསྙེན་པ་ལ་སོགས་བྱ། ། གཟུགས་དང་གཟུགས་ཅན་དངོས་པོ་ཡིས། །ཁྲོ་བོ་ཁྲོ་མོ་ཁྱད་པར་ཉིད། །བསྲེག་དང་འཇོམས་པའི་ས་བོན་ནི། །ཁྱད་པར་དང་ནི་ཁྱད་པར་ཅན། །དེ་ཉིད་དེ་ཉིད་ཀུན་གྱིས་ནི། །རབ་ཏུ་སྤྱད་ཅིང་བལྟ་བར་བྱ། །དེ་ཉིད་མེད་པའི་སྔགས་པ་ནི། །དངོས་གྲུབ་རིང་དུ་བསྟན་པ་ཡིན། །སྒྲུབ་པའི་དུས་སུ་ལྷ་ཉིད་ཀྱི། །ས་བོན་མཐའ་རུ་བཟླས་པ་བྱ། །མཆོག་ཏུ་ཞི་བའི་དེ་ཉིད་ལ། །དང་པོ་དབྱངས་ཡིག་མཐའ་རུ་འོ། །ཁྲོ་བོ་ཁྲོ་མོའི་ལྷ་ལ་ནི། །རྡོ་རྗེའི་ས་བོན་མཐའ་མར་རོ། །ལྷ་མོ་ཀུན་གྱི་དེ་ཉིད་ལ། །བདུད་རྩི་ཡི་གེ་མཐའ་མར་རོ། །དང་པོ་སྔགས་ཀྱི་ས་བོན་ནི། །ཕྱག་འཚལ་གཅིག་ནི་རྣམ་སྤངས་ནས། །བདག་ཉིད་མིང་གི་ས་བོན་དང ། །གཉི་ག་ཡོངས་སུ་རྫོགས་པའི་རྒྱུ། །སྟོང་དང་སྟོང་པའི་ས་བོན་ནི། །བར་མ་སྒྲུབ་པའི་ལྷ་ཉིད་དོ། །ཉིན་མོའི་ཡི་གེ་དང་པོ་རུ། །བསྒྲུབ་བྱ་སྒྲུབ་པའི་མིང་ཉིད་ནི། །དེ་ཡི་སྒྲུབ་པའི་ལས་རྣམས་ནི། །རྣལ་འབྱོར་མ་ཡི་རྣམ་པར་མཚོན། །སྔགས་པས་སྔོན་གྱི་དུས་སུ་ནི། །རབ་ཏུ་ལྟ་ཞིང་སྤྱད་པར་བྱའོ། །ཉིན་
141a
༄#། །མོ་སྟོང་པའི་སྒྲུབ་པ་ནི། །འཆི་བར་ཡང་ནི་ཐེ་ཚོམ་མེད། །ཉིན་མོ་ཉིན་མོ་ཉིན་མོ་སྒྲུབ། །སྟོང་པ་སྟོང་པ་བར་མའོ། །གོ་བཟློག་པ་ཡི་ས་བོན་ནི། །ལྷག་པའི་ཡི་གེ་བརྩི་བར་བྱ། །ཉིན་པར་བསྒྲུབ་བྱ་ལྷག་པ་ནི། །སྒྲུབ་པ་པོ་ལ་བུ་ལོན་ནི། །བསྒྲུབ་བྱ་སྟོང་པ་ལྷག་པ་ནི། །དགྲ་ཉིད་པས་ན་འབྲས་བུ་མེད། །རབ་ཏུ་ལྟ་ཞིང་སྤྱད་པ་ཡིས། །སྔགས་ཀྱི་སྒྲུབ་པ་ཤེས་པ་ཡིན། །སྔོན་དུ་མ་ནིང་ས་བོན་དང ། །དེ་བཞིན་བསྒྲུབ་བྱའི་མ་ནིང་ཉིད། །དབུས་སུ་མ་ནིང་ཡི་གེ་ནི། །དངོས་གྲུབ་སྟོང་པར་བཤད་པ་ཡིན། །དེ་ཉིད་འདི་ཡི་ས་བོན་གྱིས། ། རང་འདོད་ལྷ་ཉིད་བསྒྲུབ་པར་བྱ། །ཐོག་མ་ཐ་མ་ཁྱད་པར་དུ། །དབུས་སུ་བསྒྲུབ་བྱའི་མིང་ཉིད་དོ། །མཐོ་དང་དམའ་དང་བར་མ་དང ། །ཁྱད་ཉིད་ཀྱང་ནི་ཁྱད་པར་རོ། །ཞི་དང་རྒྱས་པ་ལ་སོགས་ལ། །ཁྱད་པར་ས་བོན་ལྡན་པ་ཉིད། །སྟོང་པའི་སྡེ་ཚན་གཉིས་པ་ལ། །རྩ་བར་རེ་ཕ་སྒྲ་ཉིད་དང ། །སྟེང་དུ་ཟླ་ཚེས་ཐིག་ལེ་དང ། །ཁ་དོག་སེར་པོ་ཀུན་འོད་ལ། །ལྷ་མོ་རྣལ་འབྱོར་མ་ཀུན་གྱི། །སྙིང་པོ་ཡིས་ནི་སྙིང་པོ་མཆོག་།གོང་དུ་ཕྱག་འཚལ་ཡི་གེ་དང ། །འདོན་བཞིན་མིང་ནི་དབུས་སུའོ། །མཐའ་དང་མཐའ་ནི་སྲེག་སོགས་ཉིད། །ཐམས་ཅད་དུ་ནི་ཀུན་ནས་ལྡན། །སྟོང་པའི་སྡེ་ཚན་གཉིས་པ་ལ། །སྤྱི་བོར་ཨེ་ཡི་རྣམ་པས་མཚན། །རྩ་བར་ནཱ་ད་ཐིག་ལེར་བཅས། །ཁ་དོག་དཀར་པོ་མཉམ་པའི་འོད། །དགའ་བྱེད་ལས་
141b
ཀྱི་ས་བོན་གྱི། །རྣལ་འབྱོར་མ་ཀུན་དགའ་བར་བྱེད། །དེ་ཉིད་ཀུན་གྱི་ས་བོན་ནི། །རྣལ་འབྱོར་མ་ཀུན་གྱིས་རབ་སྤྱད། །དེ་ནས་སྨན་སོགས་རིམ་པ་ནི། །ཁྱད་པར་ཉིད་དུ་སྦྱར་བར་བྱ། །བླ་རེ་བླ་རེ་ཉིད། དང་ནི། །སྤོས་དང་བདུག་པ་དྲི་ལ་སོགས། །སྔགས་དང་ཕྱག་རྒྱའི་ཆོ་ག་ཡིས། །མཁའ་འགྲོའི་གཏོར་མ་བྱིན་བརླབས་པ། །སྔོན་དུ་གཉིས་མེད་གཏོར་མར་ལྡན། །དྲི་ཡི་མཎྜལ་གྲུ་བཞི་པ།། དབུས་སུ་རྣལ་འབྱོར་པས་བྲི་བ། །གུར་གུམ་ཤིན་ཏུ་དྲི་ཞིམ་ལྡན། །རེ་མིག་ཉི་ཤུ་རྩ་ལྔ་པ། །བློ་དང་ལྡན་པས་གྲུ་བཞི་བྲི། །དབང་པོ་ལ་སོགས་རེ་མིག་གནས། །བློ་དང་ལྡན་པས་ཡི་གེ་དགོད། །དངོས་དང་དངོས་མེད་ལྡན་པ་ཡིས། །དེ་ཡི་ས་བོན་སྤང་དབུས་སོ། །ཉིན་མོའི་ཡི་གེ་ཐམས་ཅད་ཉིད། །ལྷག་མའི་སྡེ་ཚན་བརྒྱད་པ་ཡིས། །ས་བོན་མཉམ་པར་གཞག་པ་དགོད། །སྒྲ་དང་ཐིག་ལེར་ཡང་དག་ལྡན། །ཁ་དོག་དམར་པོ་འོད་མཉམ་པའོ། །གུ་གུལ་དབང་པོའི་ལག་པ་དང ། །རྨོངས་བྱེད་རེངས་བྱེད་དེ་བཞིན་སྒྲ། །སཏྟ་སི་ཧཱ་ཙམ་པ་ཀ། ཀུ་ཏུ་རུ་དང་ཀོ་ལི་ཀི། སོན་ཙི་ཀ་དང་བ་བླ་དང ། །གུ་གུལ་རུརྟ་དཱུར་བ་ཀར། །མེ་དང་དྲི་དང་གུར་གུམ་དང ། །ཙནད་ན་གི་ཝང་ཡང་དག་ལྡན། །ཤ་ཁ་ར་དང་ལི་ཤི་དང ། །པྲི་ཡང་ཀུ་དང་གེ་སར་དང ། །ཆུ་སྲིན་སྡེར་མོ་ནུབ་ཕྱོགས་ཆ། །རེ་མིག་ཀུན་དང་གནས་ཀུན་ཏུ། །དབང་པོ་ལ་སོགས་སྨན་རིམ་བཞིན། །རྫས་ནི་རེ་རེ་རེ་རེ་དང ། །ཆ་ལ་ས་བོན་བཟླས་པར་བྱ། །ཕྱག་འཚལ་དང་པོ་སྲེག་པ་མཐའ། །བརྒྱད་
142a
༄#། །དང་བརྒྱད་དུ་བཟླས་པ་བྱ། །ཆ་དང་ལྡན་སོགས་ས་བོན་ནི། །སྨན་དང་ལྡན་ན་དེ་བས་མཆོག་།བདུད་རྩི་ལྔ་དང་ཡང་དག་ལྡན། །གུ་གུལ་ལ་སོགས་སྦྱར་བྱས་ནས། །རྒྱལ་པོའི་བཙུན་མོ་རྒྱལ་དབང་ལ། །མཁས་པས་བྱིན་པས་དབང་དུ་བྱེད། །བདག་ཉིད་ལྔ་ཡི་ལྔ་དང་ནི། །ཤ་ད་ཝ་སོགས་སྦྱར་བྱས་ནས། །རེ་ཕའི་རྫས་ལ་བསྒོམས་བྱས་ན། །ཇི་ལྟར་སྔོན་དང་སྔོན་བཞིན་ཉིད། །རྗེ་རིགས་བྲམ་ཟེ་དམངས་རིགས་དང ། །སྐྱེས་པའམ་ཡང་ན་བུད་མེད་ལ། །བཟའ་བའི་དངོས་པོ་བྱིན་པ་ཡིས། །དབང་དུ་འགྱུར་བར་ཡོངས་སུ་གྲགས། །སྨྱོ་བྱེད་ལ་སོགས་རྣམ་པ་ལྔ། །སོན་རྩི་ཀ་ཡི་ཆ་དང་སྦྱར། །བརྟུལ་ཞུགས་དམན་པའི་རིགས་རྣམས་ནི། །བདག་ཉིད་ཀྱིས་ནི་དབང་དུ་བྱེད། །མེ་ད་ལ་སོགས་སྨན་རིམ་དང ། །མི་ཡི་མར་ཁུ་ཡང་དག་ལྡན། །མཁས་པས་དཔྱད་ཅིང་བརྟགས་པ་ཡིས། །མཉམ་པའི་ཆ་དང་ཆ་རུ་བྱ། །ཐིག་ལེ་རུ་ནི་སྦྱིན་བྱས་ན། །རྒྱལ་པོའི་རིགས་ལ་འགྲོ་བ་དང ། ཐ་སྙད་ལས་ནི་རྣམ་པར་རྒྱལ། །འགྲོ་བ་ཡང་དག་རྨོངས་པར་བྱེད། །དང་པོ་ཤ་ཁ་ར་སོགས་དང ། །ཙནྡན་དང་ནི་རྣམ་པར་སྦྱར། །སྡེ་ཚན་གཅིག་གི་ཆ་དང་ནི། །ཙནྡན་གྱི་ནི་ཆ་ཉིད་དང ། །བྱམས་པའི་གནས་སུ་རྣལ་འབྱོར་པ། །ཡན་ལག་ཉིང་ལག་བྱུག་བྱས་ནས། །དྲི་ནི་སྣ་ལ་མནམས་ཙམ་གྱིས། །ངེས་པར་དབང་དུ་བྱེད་པའོ། །མཚམས་དང་
142b
མཚམས་ཀྱི་ཤ་ཁ་ར། །སྦྲང་རྩིའི་ཆ་དང་སྦྱར་ནས་ནི། །མཆོག་ཏུ་བསྒོམས་ཤིང་བདུག་པ་ཡིས། །ཀུན་ནས་ངེས་པར་དབང་དུ་བྱེད། །མཚམས་ཀྱི་ནང་གི་ཀུན་བཟུང་ནས། །ཤ་ཁ་ར་ཡི་ཆ་དང་བསྲེ། །བདུག་པས་བདུག་ཅིང་བདུག་བྱས་ནས། །མི་ནི་ཀུན་ནས་རྨོངས་པར་བྱེད། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་མཁའ་འགྲོ་སྤྲུལ་ནས་ནི། །ས་བོན་སེ་སོའི་ས་བོན་ཉིད། །ཀུན་ནས་བརྒྱ་ཕྲག་གཅིག་ཏུའོ། །དེ་བཞིན་དུ་ནི་དམར་པོའི་ལས། །དེ་ཡི་རྗེས་ནི་ཀུན་བཟུང་ལ། །བདག་ཉིད་ཡེ་ཤེས་ལྷ་རུའོ། །ཉི་མའི་ལག་པའི་རྫས་རྣམས་ནི། །ཁ་དོག་དམར་པོ་མཉམ་པའི་འོད། །དེ་ཉིད་ས་བོན་བཟླས་པ་ཡིས། །གཡོ་བ་དང་ནི་ལྟུང་བར་བྱེད། །སྙིང་གའི་དཀྱིལ་འཁོར་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསམས་ནས་ནི། །དེ་ཡི་དབུས་སུ་ས་བོན་ནི། །བསྐྱེད་པར་རེ་ཕ་ཐིག་ལེ་ཅན། །ཁྲི་ཕྲག་གཅིག་ཏུ་བཟླས་པ་ཡིས། །གཉིས་ཀྱིས་ལྟུང་བའམ་གཡོ་བར་བྱེད། །ཕྱི་ནས་གཏོར་མའི་ལས་ཀྱི་ནི། །གཡོ་དང་མི་གཡོ་གྲུབ་པར་བྱེད། །གུ་གུལ་ལ་སོགས་སྲིན་བུ་ལྔས། །རྩ་བ་བརྒྱད་དང་སྦྱར་བྱས་ནས། །ཕྲ་བའི་སྒོ་ང་ཙམ་ཟོས་པས། །མོད་ལ་མྱུར་དུ་འཆི་བར་འགྱུར། །ཤ་ཏ་ཙ་སོགས་བྲིན་\?\་བུ་ནི། །འོ་མ་བདུན་པར་སྤྱར་བྱས་པའི། །ཞག་བདུན་ལས་ལྷག་པར་ཟོས་ན། །འཆི་བ་འདི་ལ་ཐེ་ཚོམ་མེད། །སོན་རྩི་ཀར་སོགས་སྲིན་བུ་ལྔ། །སྦྲང་རྩི་སྨྱོ་བྱེད་ལྔ་པ་ཡི། །བཟའ་
143a
༄#། །དང་བཏུང་བ་སྦྱིན་བྱས་ནས། །སྨྱོ་བྱེད་མྱོས་པར་འགྱུར་བའོ། །མེ་ད་ལ་སོགས་སྲིན་བུ་ལྔ། །སྤྲུལ་གྱི་སྒོ་ངར་བཟླས་བྱས་ནས། །ཐིག་ལེ་ཙམ་ཞིག་ཟོས་པས་ནི། །སྐད་ཅིག་དེ་ལ་མཛེ་ཡིས་འཛིན། །ཁ་རའི་སྡེ་ཚན་སྲིན་བུ་ནི། །མགོ་ལ་སྒོ་ང་དང་ལྡན་པར། །དེ་ཡི་ཕྱེ་མ་ཟོས་པ་ཡིས། །མེ་ནི་དབྱངས་དང་བྲལ་བར་འགྱུར། །མཚམས་ཀྱི་ཁ་ར་ཀུན་བཟུང་ལ། །སྦྲང་རྩི་མར་གྱི་ཆ་དང་སྦྱར། །དེ་ཡི་ཕྱེ་མ་བཟའ་བྱས་ན། །དེ་ཡི་མོད་ལ་གཟིར་བས་འཛིན། །མཚམས་ཀྱི་ནང་གི་ཡང་དག་བཟུང ། །སྦྲང་རྩི་ལྷན་ཅིག་བསྒོ་བྱས་པའི། །ཕྲ་རབ་ཙམ་ཞིག་ཟོས་པ་ཡི། །མོད་ལ་རིམས་ཀྱིས་གདུང་བར་བྱེད། །དེ་ཉིད་རབ་སྦྱོར་སྙིང་པོ་ནི། །གསང་ཞིང་གསང་བའི་ལུང་གི་དོན། །ཡེ་ཤེས་ལྡན་ཞིང་བློ་ལྡན་པའི།། ལུས་ཀྱི་རིམ་པ་རྣམ་པར་བལྟ། །དཀོན་མཆོག་གསུམ་ལ་གནོད་པ་དང ། །སློབ་དཔོན་དང་ནི་གསང་སྨོད་ལ། །སྡིག་གིས་གོས་པར་མི་འགྱུར་ཏེ། །རྣལ་འབྱོར་མ་ནི་ཀུན་གྱིས་གསུངས། །ལྔ་པའམ། ལྔ་པའི་རིམ་པ་ཞེས་བྱ་བ་བསྟན་པ་རྫོགས་སོ།། །།དེ་ནས་གཞན་གྱི་རིམ་པ་ནི། །སྨན་རྣམས་ཀྱི་ནི་ཁྱད་པར་ཉིད། །དེ་ཉིད་ཀུན་གྱི་མཆོག་འགྱུར་བ། །མཆོག་གི་སྙིང་པོ་སྙིང་པོ་ཉིད། །སྔོན་གྱི་མཚན་ཉིད་དང་ལྡན་པས། །ཆོ་ག་རིན་བཞིན་སྨན་དང་སྔགས། །དེ་ཉིད་གཏོར་མའི་ལས་དང་ནི། །དྲི་ཡི་རིའུ་མིག་
143b
དགོད་པར་བྱ། །བཅུ་དགུ་དང་ནི་སུམ་ཅུ་ཡི། །གྲུ་བཞི་པ་ཡི་རེ་མིག་དགོད། །ཉིན་མོ་སྟོང་པའི་ས་བོན་དང ། །སྡེ་ཚན་ཐ་མ་དགོད་པར་བྱ། །དབང་པོ་ལ་སོགས་གནས་རྣམས་སུ། །དང་པོར་དབྱངས་ཡིག་རིམ་ཇི་བཞིན། །རེ་མིག་ཀུན་གྱི་ས་བོན་ནི། །སྨན་སོགས་བཞིན་དུ་གཞག་པར་བྱ། །ན་ཀི་བྷ་ལ་བིང་ལིང་ག་།རུ་རྟ་བུ་རམ་བྷ་ས་ཀ་།ཀ་ས་ལ་སོགས་བདུན་པ་ནི། །དབང་ལྡན་ལ་སོགས་གནས་སུ་དགོད། །དབང་པོའི་ལཀ་པ་ཤུ་དག་དང ། །རྨོངས་བྱེད་དང་ནི་ཙནྡན་དང ། །ཙནྡན་དང་ནི་གུར་གུམ་ཉིད། །བདུན་པའི་གནས་སུ་གཞག་པར་བྱ། །ཆ་མཉམ་པ་ནི་གཉིས་པའོ། །ག་བུར་སཱ་ལི་ཤུ་དག་དང ། །གུར་གུམ་རྐུན་མོ་གི་ཝང་དང ། །སྦྲང་རྩི་བདུན་པ་ཡི་ནི་ཆ། །གསུམ་པའི་རེ་མིག་སྡེ་ཚན་ནོ། །ས་རྫར་གུ་གུལ་རུ་རྟ་དང ། །གྷན་དྷེ་ཁ་ར་ཀུ་ཏུ་རུ། །མེ་ཏོག་ཕྲེང་བ་བདུན་པ་ནི། །བཞི་པའི་རེ་མིག་གནས་སུའོ། །ཀ་ཀོ་ལ་དང་ཤ་ཏ་དང ། །གེ་སར་སོན་རྩི་རྒྱ་སྐྱེགས་དང ། །པ་ཏྲ་བདུན་པའི་ཆ་ཉིད་དོ། །ལྔ་པའི་ལས་སུ་ཡོངས་སུ་གྲགས། །དྲི་དང་བཅུད་ལེན་ཀྵ་ར་དང ། །ཡུང་བ་དང་ནི་ཁར་ཏྲ། །ཀྵོའུ་དྲི་པི་པི་ལིང་གི་ཆ། །དྲུག་པའི་རེ་མིག་མིག་ཡིན་ནོ། །དན་ཏ་དན་ཏ་ཀུ་སུམ་མ། །རམས་དང་གར་སྨ་བེ་ཏ་ཀི་།ས་ར་རྣམས་ནི་བདུན་པའི་ཆ། །བདུན་པའི་སྨན་གྱི་རིམ་པའོ། །བརྒྱ་ཕྱེད་གཅིག་གིས་མ་ཚང་བར། །རེ་མིག་ཀུན་སོགས་སྨན་ཉིད་དོ། །རེ་རེ་ལ་ཡང་སྔགས་འདི་ནི། །བརྒྱ་ཕྲག་མངོན་པར་རབ་བསྔགས་ཏེ།།
144a
༄#། །དང་པོ་ཆུ་སྲིན་སྡེ་ཚན་སོགས། །བདག་ཉིད་བདུན་གྱི་བདུན་པ་ནི། །མཐར་ནི་ཕྱེ་མ་སྦྱར་བྱས་ཏེ། །ཤིན་ཏུ་ཞིབ་མོར་མཁས་པས་བཏགས། །འདུས་པ་རྒྱལ་པོ་རྒྱལ་དབང་གི་།བཟའ་དང་བཏུང་དང་ལྡན་པར་སྦྱིན། །ཐམས་ཅད་བདག་ཉིད་འདོད་པ་བཞིན། །ཀུན་ནས་ཐམས་ཅད་དབང་དུ་འགྱུར། །དབང་པོ་ལ་སོགས་སྡེ་ཚན་ནི། །ཕྲ་ཞིང་ཞིབ་པར་རབ་ཏུ་བྱ། །ཕྱེ་མ་ཀུན་ནས་བླངས་ནས་ནི། །བདག་ཉིད་མཆིལ་མས་དེ་བཞིན་བདུན། །བཟའ་དང་སྟོན་མོར་ཆོ་ག་བཞིན། །རབ་ཏུ་མཉམ་པར་གཞག་པས་བྱ། །སྐྱེས་པའམ་ནི་བུད་མེད་དམ། །ཐམས་ཅད་ཀུན་ནས་འོང་འགྱུར་རོ། །དང་པོར་ཤེལ་གྱི་སྡེ་ཚན་ནི། །མཉམ་པོར་ཆ་དེ་ཕྱེད་མར་བྱ། །མི་ཡི་སྣུམ་དང་ཀུན་དུ་སྦྱར། །གྲིབ་པ་མ་དང་ནི་གྲིབ་མར་བསྐམས། །ཆོ་ལོར་འཇུག་ཅིང་དགའ་བ་དང ། །སྔ་དྲོ་ཐིག་ལེ་སྦྱིན་བྱས་ན། །རྒྱལ་པོའི་རིགས་ལ་ཉེར་འགྲོ་བ། །སྐྱེ་བོ་སྐལ་ཅན་མྱུར་དུ་འགྱུར། །ས་རྫ་སྔོན་སོགས་དབང་པོར་སྦྱར། །ཕྱེ་མ་ཞིབ་ཏུ་བྱས་ནས་ནི། །སྦྲང་རྩི་ཁ་རའི་ཆ་ཉིད་དང ། །རང་འདོད་སྤོས་ཆུ་རབ་སྦྱར་ནས། །མི་དགའ་བ་ཀུན་དགའ་བ་དང ། །དག་གི་འདྲེན་པ་ཉིད་དུ་འགྱུར། ། དེ་ཡི་བདུག་པས་བདུག་པའི་ལུས། །འགྲོ་བ་ཀུན་ཏུ་རྨོངས་པར་འགྱུར། །ཀ་ཀོ་ལ་སོགས་དང་ལྡན་པས། །ཕྱེ་མ་མཉམ་པར་ཆར་བྱས་ཏེ། །ཙནྡན་དང་པོ་ཐམས་ཅད་ཀུན།།
144b
ཆ་གསུམ་དུ་ནི་བྱེ་བར་བྱ། །མི་བྱམས་སྨན་ཞིང་བཀུར་བ་ནི། །སྐལ་ལྡན་མཇེས་པར་འདོད་འགྱུར་ན། །དེ་ཡི་ཡན་ལག་ལ་བྱུགས་ལ། །འགྲོ་བ་རྣམ་པར་རྨོངས་བྱེད་ཡིན། །དྲི་ཡི་སྡེ་ཚན་བདུན་པར་ནི། །ཀ་ཀོ་ལ་སོགས་དང་ལྡན་པར། །མར་དང་འོ་མ་དང་བསྲེས་ནས། །ཀུན་གྱི་ཆ་དང་སྦྱར་བྱས་ནས། །གྲིབ་མའི་གྲིབ་མར་བསྐམ་པར་བྱ། །རིགས་དམན་ཀླ་ཀློ་ལ་སོགས་ཀུན། །ཡིད་མི་འོང་བ་བྱམས་པར་འགྱུར། །འདི་ཡི་སྦྱོར་བ་སྦྱིན་བྱས་ནས། །རང་གི་འདོད་བཞིན་བྱེད་པའོ། །དན་ཏི་མཉམ་པའི་ཆ་ཉིད་དང ། །རྒྱ་སྐྱེགས་ལ་སོམས་ཀུན་གྱི་ཆ། །མེ་ལ་བསོ་བར་རབ་ཏུ་སྦྱར། །ཀ་རན་ཛ་ཡི་རྡོག་མ་ཙམ། །ཡིད་དུ་མི་འོང་བ་ཡི་གནས། །ཁར་བཅུག་ཀུན་ཏུ་དེ་ཡི་དག་།ཚིག་གསུམ་ཚིག་ཏུ་བརྗོད་པ་ཡིས། །བདུག་འདོད་པ་བཞིན་དབང་དུ་བྱེད། །མཚམས་ཀྱི་དན་ཏིན་ལ་སོགས་པ། །སྨྱོ་བྱེད་ཆུ་ནི་ལྔ་པ་དང ། །བདག་ཉིད་བཅིངས་པར་སྔོན་ལྡན་པས། །མཆོག་ཏུ་བསྒོམས་ན་འདུག་པར་བྱ། །བདུག་པ་འདི་ཡིས་བདུག་བྱས་ན། །སྒྲུབ་པོས་སྣ་ལ་མནམས་ཙམ་གྱིས། །དེ་ཡི་རང་འདོད་སུ་ལ་ནི། །དབང་དུ་གྱུར་པར་ཡོངས་སུ་གྲགས། །མཚམས་ཀྱི་ས་ར་ལ་སོགས་བླང ། །ཕྱེ་མ་ཞིབ་མོར་བྱས་ན་ནི། །བདག་ཉིད་དྲི་མ་ལྔ་དང་ནི། །ཀུན་ནས་ཆ་ནི་མཉམ་བྱས་ལ། །ཕྱེ་མ་ཞིབ་མོ་ཡང་དག་ལྡན། །འདི་ཡི་སྨན་དང་ལྡན་པ་ཡིས། །སྒྲུབ་བྱའི་ལུས་ལ་རེག་བྱས་ན། །ངེས་པར་དབང་དུ་བྱེད་པའོ། །ཆ་དང་ཆ་ཡི་
145a
༄#། །བྱེ་བྲག་ནི། །མཁས་ཤིང་བཟོ་བར་སྦྱར་བར་བྱ། །ཁྱད་པར་སྨན་གྱི་ལས་ཉིད་ནི། །ཆོ་ག་བཞིན་དུ་རྣམ་པར་བལྟ། །རྡོ་རྗེ་སེམས་དཔར་སྦྱོར་བ་ནི། །པདྨའི་གདན་གྱི་གདན་ལ་བཞུགས། །ཀུན་ནས་ཡོངས་སུ་རྫོགས་པ་ཡི། །བཅོམ་གསེར་དང་འདྲ་བའི་འོད། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ། ། ནི་ཐིག་ལེ་ཡང་དག་ལྡན། །འབར་ཞིང་རབ་ཏུ་འབར་བ་ཡིས། །བསྒྲུབ་བྱའི་སེམས་ནི་འགུགས་པར་བྱེད། །མི་འགྱུར་ཡི་གེའི་ཐིག་ལེ་དང ། །རྩ་བར་སྒྲ་ཡིས་རབ་ཏུ་སྦྱར། །མཐར་ནི་བདུད་རྩིའི་ཡི་གེའི་མིང ། །འབུམ་ཕྲག་གཅིག་གིས་རབ་ཏུ་བསྒྲུབ། །སྨན་གྱི་སྦྱོར་བར་ལྡན་པ་ནི། །ཟླ་བའི་དཀྱིལ་འཁོར་ཀུན་ནས་བྱ། །གཏོར་མ་དེ་ཉིད་བྱིན་བརླབས་ནས། །འབུམ་དང་འབུམ་དུ་བསྙེན་པ་བྱ། །སྔོན་དུ་དན་ཏིའི་ཡན་ལག་དང ། །ཐིག་ལེ་བརྒྱ་པར་ཀུན་ནས་ལྡན། །བཟའ་བའི་དངོས་པོར་སྦྱིན་བྱས་ན། །མི་ཡི་སྐད་ཅིག་རྣམ་པར་སྤངས། །དན་ཏི་ལ་སོགས་སྲིན་བུ་དང ། །ར་ཡི་འོ་མར་བསྲེས་བྱས་ན། །གང་གིས་ཟོས་པ་ཙམ་གྱིས་ནི། །ཞག་བདུན་ན་ནི་ངེས་པར་འཆི། །ཀུ་གསུམ་སྲིན་བུ་བདུན་དང་ནི། །སྨྱོ་བྱེད་ཆུ་ནི་རྣམ་པ་ལྔ། །བཟའ་བར་ཟོས་པ་ཙམ་གྱིས་ནི། །སྨྱོ་ཞིང་སྨྱོ་པར་འགྱུར་བའོ། །རམས་ཀྱི་ལམ་སོགས་སྡེ་ཚན་དང ། །དཀར་པོར་སྲིན་བུ་སྦྱར་ནས་ནི། །བཟའ་བའི་དངོས་པོར་སྦྱིན་བྱས་ན། །ཐམས་ཅད་ཀུན་ནས་འཐབ་པར་འགྱུར། །ཀ་མི་སྲིན་
145b
བུའི་སྡེ་ཚན་དང ། །མི་ཡི་མར་ཁུ་དང་སྦྱར་ནས། །ཕྱེ་མས་ཡན་ལག་ལ་རེག་ན། །སྐལ་ངན་མི་བྱམས་པ་དག་ནི། །ཙི་ཏེ་སྡེ་ཚན་བདུན་པ་ནི། །ནོར་བུར་སྒོ་ང་ལྡན་བཟླས་ནས། །ཐིག་ལེ་ཙམ་ཞིག་ཟོས་པ་ཡིས། །མོད་ལ་ཚོར་བ་མི་བཟད་འབྱུང ། །ས་ལ་ལ་སོགས་སྡེ་ཚན་དང ། །ཉི་ཤུར་ར་ཡི་ཆ་ཡིས་སྤངས། །ཅུང་ཞིག་ཙམ་ཞིག་ཟོས་པ་ཡིས། །ཉི་མ་ཉི་ཤུ་ན་དེ་འཆི། །དན་ཏེ་མཚམས་ཀྱི་སྲིན་བུ་དང ། །མར་དང་སྦྲང་རྩི་སྦྱར་ནས་ནི། །བཟའ་དང་བཏུང་བཟོས་ནས་ནི། །མཛེ་ནད་ཀྱིས་ནི་ཡན་ལག་གཟིར། །མཚམས་སོགས་ཐང་ཆུའི་སྲིན་བུ་ནི། །བཟའ་དང་བཏུང་བར་རབ་བྱིན་ན། །རྣམ་པར་རྨོངས་ཅིང་དྲན་པ་ཉམས། །དེ་ཉིད་མེད་ཅིང་མཉམ་གཞག་མེད། །རབ་སྦྱོར་སྙིང་པོ་བསྡུས་པ་ཉིད། །གསང་ཞིང་གསང་བར་བྱས་པ་ཡི། །རྨོངས་ཤིང་བླུན་པའི་སེམས་ཅན་སོགས། །སྦྱོར་བ་འདི་ཡིས་ལོངས་སྤྱོད་ལྡན། །དཀོན་མཆོག་གསུམ་ལ་བརྙས་པ་དང ། །སློབ་དཔོན་དང་ནི་གསང་སྨོད་དང ། །སྡིག་གིས་གོས་པར་མི་འགྱུར་བ། །རྣལ་འབྱོར་མ་ནི་ཀུན་གྱིས་གསུངས། །ཉོན་མོངས་རྨོངས་སོགས་བག་ཆགས་དང ། །ཤེས་རབ་ཞན་ཞིང་ཡིད་མི་གཞུངས། །སྔགས་ཀྱི་སྨོན་མིན་སྙིང་རྗེ་མོད། །སྨན་གྱི་བྱ་བ་ལ་འཇུག་པའོ། །གདན་བཞི་པ་ཡི་རྒྱུད་ཀྱིས་ནི། །གསུམ་པ་ཡི་ནི་གསུམ་པའོ། །དེ་ཡི་སྦྱོར་བ་མཐོང་ནས་ནི། །བརྡ་ཡི་སྐད་ཀྱིས་བསྡུས་པའོ། །ལེའུ་བཞི་པ་ཞེས་བྱ་བ་རྫོགས་སོ།། །།དེ་ཡི་རྩ་
146a
༄#། །བའི་སྙིང་པོའི་དོན། །སྔགས་ཀྱི་སྦྱོར་པའི་རིམ་པ་ཡི། །དེ་ཉིད་བསྡུས་པའི་འགྲུབ་པའོ། །དེ་ཉིད་སྨན་པས་ལུས་ཉོན་མོངས། །ཤེས་རབ་ཐབས་ནི་རྒྱུ་གྱུར་པས། །རང་འདོད་ལས་ནི་བསྒྲུབ་པར་བྱ། །ཤེས་རབ་ཡེ་ཤེས་སྣང་བའོ། །ཐབས་ནི་རིགས་པའི་ཚུལ་ཉིད་དོ། །རྣལ་འབྱོར་ཤེས་རབ་རྩ་བ་འདི། །ཐབས་ནི་དེ་ཡི་གྲོགས་ཉིད་དོ། །གང་ཞིག་ཐབས་དང་ཤེས་རབ་ལྡན། །ཉོན་མོངས་ལུས་ལས་རྣམ་པར་རྒྱལ། །སྲིད་པའི་ཉེས་སྐྱོན་དུ་མ་ཡང ། །སྲིད་པ་དང་ནི་རྨོངས་པ་གཞི། །དངོས་པོའི་གནས་ནི་མི་རྟག་པས། །དེ་ཕྱིར་ཤེས་རབ་ཡོངས་སུ་སྤངས། །དངོས་མེད་དངོས་པོ་ཡང་མ་ཡིན། །སྐྱེ་བ་དང་ནི་འགག་པ་མེད། །དངོས་པོ་ཡོངས་སུ་གནས་པ་མེད། །འཇིགས་པ་ཡི་ནི་རྣམ་པ་མེད། །དངོས་དང་དངོས་མེད་ལ་སོགས་མཐའ། །དག་དང་མ་དག་དབུས་སུ་ནི། །དེ་ཡི་མཚན་ཉིད་སྔོན་ཤེས་ནས། །མཉམ་པོའི་ལྟ་བ་ལྡན་པར་བཟུང ། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །དངོས་པོའི་འདུ་ཤེས་རྣམ་པར་སྤངས། །སངས་རྒྱས་ཀྱིས་རྟོགས་བསྟན་བཅོས་ལས། །ཡོངས་སུ་བརྟགས་ནས་སྙིང་པོ་བླང ། །དངོས་མེད་དངོས་པོར་གཟུང་བར་བྱ། །དངོས་པོའི་རང་བཞིན་རྣམ་པར་སྤངས། །དངོས་དང་དངོས་མེད་མཉམ་བྱས་པས། །འོ་མ་བསྲུབས་པ་ལས་ནི་མར། །མཆོག་གི་སྙིང་པོ་ཡང་དག་བླང ། །མཉམ་པར་
146b
ལྟ་བ་འབའ་ཞིག་གོ། བསྟན་བཅོས་བསྟན་ཞིང་ཡོངས་ཤེས་ན། །དེ་ཡི་མཚན་ཉིད་དངོས་པོ་མེད། །ཡང་དག་ལམ་ལ་དམིགས་པ་ཡིས། །དངོས་པོ་མཆོག་དང་མཆོག་ཏུ་འགྲུབ། །ཇི་བཞིན་གནས་ཀྱི་རིམ་པ་བརྟེན། །ཡེ་ཤེས་མཆོག་ཏུ་གོང་ནས་གོང ། །གཞན་གྱིས་གནས་ལས་འཕངས་པ་ཡི། །མདའ་ཡིས་མདའ་ནི་བསྣུན་པར་བྱ། །གོང་ན་གོང་ལ་སོགས་པར་བལྟ། །རང་འདོད་དངོས་པོར་ཡང་དག་བླང ། །བདུན་པའི་སྒྲ་ལས་རྣམ་པར་རྒྱལ། །འཁོར་བའི་དགྲ་ཡི་གཡུལ་ཉིད་ནི། །གང་ཞིག་ཐབས་དང་ཤེས་རབ་ལྡན། །དགྲ་ནི་དངོས་པོ་གང་དུ་གནས། །ལེ་ལོ་གཉིད་དང་འདོད་པ་དང ། །ཁྲོ་དང་རྨོངས་པ་སྲེད་པ་དང ། །ཁྲོ་བ་ཡིས་ནི་ཡན་ལག་གཟིར། །ཐབས་ཀྱིས་བདུད་ནི་རྣམ་པར་སྤངས། །ལེ་ལོ་ཉེས་སྐྱོན་ཀུན་གྱི་གནས། ། གཉིད་ཀྱིས་དགེ་བ་རྣམ་པར་འཇོམས། །ཁྲོ་བ་ཡིས་ནི་སྲིད་པ་འདྲེན། །འདོད་པས་དྲན་པ་རྣམ་པར་ཉམས། །རྨོངས་པ་ཡིས་ནི་གཉིད་ཀྱིས་ནོན། །བསྲེས་པ་ཡིས་ནི་འཁོར་བར་འཇུག ། བཀྲེས་པས་དམན་ཞིང་སྡང་བ་ཡི། །བདུད་བདུན་པོ་ནི་ཡོངས་སུ་སྤངས། །ཀུན་ནས་བདུད་ཀྱིས་འབིགས་པ་ཡི། །ལུས་ནི་ཉོན་མོངས་སྡུག་བསྔལ་གནས། །རང་འདོད་པ་ཡི་སེམས་ཀྱིས་ནི། །དུལ་བར་བསྲུབ་ཅིང་མནན་པར་བྱ། །གང་དང་གང་གི་ལམ་དུ་ནི། །རང་འདོད་སེམས་ཀྱིས་འབད་པ་ཡིས། །ཐམས་ཅད་སྙིང་པོ་བསྡུས་ནས་ནི། །རྣལ་འབྱོར་མཆོག་ནི་བརྩམ་པར་
147a
༄#། །བྱ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །སྨོན་ལམ་བླ་མེད་རྒྱུ་ཡི་ནི། །ོཾ་སཝ་བྷཱ་བ་ཤུདྡྷཿ སརྦྦ་དྷརྨཱཿ ་སཝབྷཱ་བ་ཤུདྡྷོཉཧཾ། ཡོ་ག་ཤུདྡྷཿ སརྦ་དྷརྨྨ་ཡོ་ག་ཤུདྡྷོཉཧཾ། བཛྲ་ཤུདྡྷཿ སརྦྦ་དྷརྨཱ་བཛྲ་ཤུདྡྷོཉཧཾ། སྨོན་ལམ་ཀུན་མཆོག་དོན་དུ་ནི། །ལྷ་ཉིད་དམིགས་པར་བྱ་བ་ཡིས། །རྣམ་ཤེས་རང་འདོད་པར་བྱས་པས། །སྲེད་དང་རྨོངས་པ་རྣམ་པར་སྤངས།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །བདག་ཉིད་ལུས་ནི་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །དུང་དང་ཀུན་ད་མཉམ་པའི་འོད། །བདག་ཉིད་སེམས་དཔའི་སྐྱིལ་མོ་ཀྲུང ། །ཕྱག་ན་རྡོ་རྗེ་དྲིལ་བུ་དང ། །སྐུ་ལ་རྒྱན་རྣམས་ཀུན་གྱིས་བརྒྱན། །རྡོ་རྗེ་མེ་འོད་རབ་འཕྲོ་བ། །འཇིགས་པ་མེད་ཅིང་འཚེ་མེད་པར། །དངོས་པོ་དངོས་པོར་བསྒོམ་པར་བྱ། ། ཱ་ལི་ཀཱ་ལི་རབ་སྦྱོར་བས། །ས་བོན་ས་བོན་བྱུང་བ་ཡི། །ཕྱག་འཚལ་སྲེག་པ་མཐར་བཞག་པ། །རང་འདོད་པ་ཡི་སེམས་ཀྱིས་བཟླ། །རིམ་བཞིན་འགགས་པའི་ཕྱི་ནས་ནི། །བདག་མེད་ཤིན་ཏུ་མཉམ་པར་གཞག་།གཟུགས་ཀུན་རྣམ་པར་དབུས་ནས་ནི། །ཁམས་གསུམ་དུ་ནི་མི་རྟོག་གོ། ཟླ་བ་ལ་སོགས་བདག་ཉིད་མེད། །ཀུན་ནས་ཐམས་ཅད་སྟོང་པར་རིག་།སྟོང་ཉིད་སྟོང་པ་སྟོང་ཆེན་དང ། །དངོས་མེད་དངོས་པོར་བསྒོམས་པ་ཡིས། །བསྒོམས་ནས་ལྷག་མའི་མཐའ་རུ་ནི། །རྣམ་ཤེས་སྒྲོན་མེ་ལྟ་བུར་འབར། །དེ་ཡི་འོད་ཟེར་
147b
སྣང་བ་ཡིས། །ཁམས་གསུམ་མུན་པ་བསལ་ནས་ནི། །འབར་ཞིང་རབ་ཏུ་ཕྲ་བའོ། །རྣམ་ཤེས་ཡེ་ཤེས་སྣང་བ་ཉིད། །དངོས་དང་དངོས་པོ་མེད་པའི་དབུས། །གཟུགས་དང་གཟུགས་མེད་དབུས་ཉིད་དང ། །འདུ་ཤེས་འདུ་ཤེས་མེད་པར་ལྡན། །ཡུད་ཙམ་ལྟ་བར་རེག་པའོ། །གཟུགས་དང་སྟོང་པ་ལ་སོགས་དབུས། །འདི་ཡི་མཚན་ཉིད་མཚོན་པ་ཉིད། །འགོག་པའི་སྦྱོར་བའི་རིམ་པ་ནི། །ཤིན་ཏུ་མཉམ་པར་བཞག་པས་བསྒོམ། །ཡན་ལག་གཟིར་བ་མེད་པ་དང ། །སེམས་ཀྱི་སྐྱོ་བ་མེད་པ་ཡིས། །རིམ་དང་རིམ་པ་བརྩམ་བྱས་ནས། །འཁོར་བ་གཅོད་ཅིང་གཅོད་པའོ། །རྟག་ཏུ་ཉིད་ཀྱིས་སེམས་ཀྱིས་ནི། །ཡང་དག་བྱང་ཆུབ་རིམ་པ་བསྟན། །ཤིན་ཏུ་བཅད་ཅིང་བལྟས་ནས་ནི། །རྣལ་འབྱོར་འདི་ནི་བླང་བར་བྱ། །ོཾ་བྷ་ཏ་ལི་བྷ་ཏ་ལི་པེ་ཏ་མུ་ཁི་ཧཱུཾ་ཕཊ་སཝཱཧཱ། །རྡོ་རྗེ་མཁའ་འགྲོ་རྣལ་འབྱོར་གྱིས། །བརྒྱད་བརྒྱ་རུ་ནི་བཟླས་པར་བྱ། །གཟུགས་ཀུན་རྫོགས་ཤིང་མཛེས་པ་ཡི། །བཙོ་མའི་གསེར་དང་འདྲ་བའི་འོད།། པདྨའི་གདན་ལ་བཞུགས་ནས་ནི། །རྡོ་རྗེ་འོད་ཟེར་ཀུན་ནས་འཕྲོ། །ཡེ་ཤེས་སྦྱོར་བའི་སེམས་ཀྱིས་ནི། །སྔགས་པས་འབུམ་ཕྲག་གསུམ་བཟླས་ན། །འདོད་དང་གྲོལ་བ་རྒྱ་ཆེན་པོའི། །ཕྱིས་ནི་ལས་རྣམས་བརྩམ་པར་བྱ། །དུར་ཁྲོད་ཐལ་བ་སོགས་བླངས་ལ། །སྣོད་ལ་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་སོལ་བའི་ཕྱེ་མ་ཡིས། །གང་དུ་དཀྱིལ་འཁོར་སྤྲུལ་པ་
148a
༄#། །ཡིས། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དེ་ཡི་དབུས་སུ་པདྨ་བྲི། །ཐོད་པ་བརྒྱད་ཀྱིས་རྣམ་པར་བརྒྱན། །དྲི་དང་བདུག་པ་མར་མེ་དང ། །གཏོར་མའི་དེ་ཉིད་དེ་ཉིད་དང ། །ཀུན་ནས་ཉ་ཕྱིས་དངོས་པོ་ཡིས། །སྣ་ཚོགས་མཆོད་པ་རྒྱ་ཆེན་པོ། །ཡེ་ཤེས་མཁའ་འགྲོ་དགུག་པ་ནི། །ཕོ་ཉ་བཞི་དང་ཀུན་ཏུ་ལྡན། །སེང་གེ་སྟག་མོ་ཅེ་སྤྱང་དང ། །འུག་པ་མོ་ནི་ཕྱོགས་བཞིར་རོ། །ཐམས་ཅད་ཀུན་ནས་ཀུན་ཏུ་ནི། །མཉམ་པ་ཉིད་ཀྱི་སེམས་ཀྱིས་མཆོད། །དེ་ཡི་ཤར་གྱི་གནས་སུ་ནི། །མེ་ཡི་ལས་ནི་རབ་ཏུ་བྱས། ། དུར་ཁྲོད་ཤིང་གི་ལྷག་མ་དང ། །དེ་ཡི་ཤིང་གི་བ་དན་གསུམ། །དེའམ་འོན་ཏེ་གདོལ་བའི་མེས། །འབད་པས་མེ་ནི་རབ་ཏུ་སྦར། །རྡོ་རྗེ་ལྕགས་ཀྱུ་རྒྱ་ཆེན་པོ། །མར་དང་སྦྲང་རྩི་བསྲེས་བྱས་པས། །མཆོག་གི་སྔགས་ནི་བཟླ་བྱ་ཞིང ། །བསྲེགས་པས་ལྷ་མོ་ཚིམ་པར་འགྱུར། །ཐམས་ཅད་གནས་དང་ཕྱོགས་ནས་ནི། །སྣ་ཚོགས་གཟུགས་ནི་འཇིགས་པ་དང ། །མི་བཟད་ཀུ་ཅོ་རབ་བསྒྲོགས་ན། །འཇིགས་པར་མི་བྱ་འཇོམས་པར་འགྱུར། །དཔུང་གི་ཚོགས་ནི་ཡན་ལག་བཞི། །རྒྱལ་པོ་མྱུར་དུ་འོང་འགྱུར་ན། །དེ་ལ་ཚམ་ངམ་སྦྱིན་པར་བྱ། །རི་རབ་རི་ལ་སོགས་པ་དང ། །ས་གཞི་འུར་འུར་འགུལ་བ་དང ། །སྣ་ཚོགས་མི་བཟད་དྲི་དང་ནི། །འདྲེན་པའི་སེམས་ནི་འཇིགས་མི་བྱ། །སེམས་ཅན་ཆེན་པོའི་རྣལ་འབྱོར་པས། །ཁྲི་
148b
ཕྲག་གཅིག་ཏུ་སྲེག་བྱས་ན། །རྡོ་རྗེ་མཁའ་འགྲོ་བདུན་ཉིད་ནི། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །སྔགས་དང་ཕྱག་རྒྱའི་བྱ་བ་དང ། །གཏོར་མའི་ལས་དང་ལས་ཉིད་དང ། །ལུས་ལ་ལྟོས་པ་མེད་པ་ཡིས། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །ཕྱི་ནས་ཡེ་ཤེས་ལྷ་མོ་ནི། །མེ་ཡི་དབུས་སུ་སྟོན་པར་བྱེད། །བདུད་རྩི་ལྔ་དང་ལྡན་པ་ཡིས། །གཏོར་མ་དང་ནི་ཨརྒྷཾ་དབུལ། ། ཟབ་ཅིང་རྒྱ་ཆེར་སྒྲོགས་པ་ཡི། །དེ་ལ་ལྷ་མོ་ཚིག་ཏུ་བརྗོད། །སེམས་ཅན་ཆེན་པོ་ཅི་ཞིག་འགྲུབ། །གང་འདོད་དངོས་གྲུབ་རབ་ཏུ་སྨྲོས། །དེ་ལ་སྒྲུབ་པོས་སྨྲས་པ་ནི། །དངོས་གྲུབ་ཆེན་པོ་གྲུབ་ལྡན་པའི། །གལ་ཏེ་མཆོག་གི་དངོས་གྲུབ་འདོད། །གྲུབ་པ་བརྒྱད་ནི་གསོལ་བ་གདབ། །བདུད་དང་ཉོན་མོངས་གཟའ་སོགས་ཀྱིས། །གལ་ཏེ་ཡིད་གཉིས་སྐྱེས་ན་ནི། །ཏིལ་མར་ཆེན་པོ་དང་ལྡན་པའི། །ལྕགས་ཀྱུ་ཆེན་པོ་སྦྱིན་སྲེག་བྱ། །རྡོ་རྗེ་སེམས་དཔས་གསུངས་པ་བཞིན། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །མཆོག་གི་ལྷ་མོ་སྒྲུབ་པ་ནི། །ལུས་དང་སྲོག་ལ་མི་ལྟོས་པར། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །དེ་ནས་ཡེ་ཤེས་དེ་ཉིད་མཆོག། ཤིན་ཏུ་ཕྲ་ལ་རབ་ཞི་བ། །གཟུང་དང་འཛིན་པ་རྣམ་པར་སྤངས། །འབྱུང་བ་ཀུན་ལ་འདིས་ཁྱབ་པ། །འོད་ཀྱི་བདག་ཉིད་གནས་པའི་མི། །མ་རིག་ཉོན་མོངས་གཅོད་བྱེད་པ། །སྲིད་པ་ལ་སོགས་ཉོན་མོངས་རྣམས། །གང་དུ་གནས་ཀྱི་རྣམ་
149a
༄#། །པ་འབྱུང ། །ལུས་ལ་སེམས་ཤིང་སེམས་དཔའ་དང ། །བཅུ་གཉིས་དུས་ཀྱི་གནས་སུ་ཡང ། །གཟུགས་མེད་སེམས་ཀྱི་ལོངས་སྤྱོད་པའོ། །རྨོངས་པའི་གནས་དང་གནས་སུ་ནི། །སྲིད་པའི་ངོ་བོ་ཉིད་དུ་མཆོད། །རྨོངས་པ་གཅོད་སོགས་རྣལ་འབྱོར་པ། །སྲིད་པ་འདམ་སོགས་རྒལ་དཀའ་བ། །དག་པའི་ཆོས་ཀྱི་སྒྲོན་མ་ཡིས། །སྒྲིབ་པའི་མཚན་མ་འཇོམས་པ་ཡི། །ཆོས་དག་པ་ཡི་ཐབས་ཀྱིས་ནི། །དག་པའི་ལུས་ནི་སྐྱོན་མེད་པའོ། །དངོས་དང་དངོས་མེད་ལྡན་པ་ཡིས། །ལེགས་བྱས་ཉེས་བྱས་འདུ་ཤེས་ཅན། །འདོད་ཆགས་ལ་སོགས་ཉོན་མོངས་དང ། །རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ། །བཅུ་གཉིས་ལུས་ཀྱི་བདག་ཉིད་ཅན། །རྨོངས་པ་ཡེ་ཤེས་རྣམ་པར་གནས། །དག་པའི་ཆོས་ཀྱི་ཆུ་ཡིས་ནི། །ལྷན་ཅིག་གནས་པའི་དྲི་མ་འཁྲུ། །རང་བཞིན་པདྨའི་དབྱེ་བ་ཡིས། །ཉོན་མོངས་ལ་སོགས་གདུང་བ་གཅོད། །རྣམ་རྟོག་འཇིགས་པ་ཆེན་པོ་ནི། ། སྲིད་པའི་རྒྱུ་སྟེ་མེ་བཞིན་ནོ། །དེ་ཕྱིར་རྣམ་རྟོག་རིང་དུ་སྤངས། །རྣལ་འབྱོར་པ་ཡི་འགྲོ་བ་རྟོགས། །མཉམ་ཉིད་སེམས་ནི་བསྐྱེད་བྱས་ནས། །ཀུན་ནས་ཐམས་ཅད་མཉམ་པར་ལྟ། །རབ་ཏུ་མི་གནས་མིང་ཅན་ལ། །ལས་དང་ལས་ཀྱི་མཚན་ཉིད་མེད། །བདུད་རྩི་ལྔ་ཡི་རང་བཞིན་ཡང ། །བདུད་རྩིས་ལུས་ནི་ཚིམ་པར་བྱ། །རྟག་ཏུ་བདུད་རྩིས་མཆོད་
149b
པའོ། །དངོས་སུ་མེད་ན་རྣམ་པར་བརྟག་།ལྕགས་ཀྱུ་རྣམ་པ་ལྔ་དྲངས་ནས། །ཐམས་ཅད་ཀུན་ནས་རིམ་པས་མཆོད། །སྦྱོར་བས་མཁའ་འགྲོ་ལ་སོགས་ནི། །བདག་ཉིད་དབང་དུ་མྱུར་དུ་འགྱུར། ། རྟག་ཏུ་དེ་ཉིད་ཀྱིས་བཟའ་ཞིང ། །མེད་ན་གཞན་ལས་རྣམ་པར་བརྟག། གཤེར་བའི་བདུད་རྩི་ཀུན་ནས་བསམ། །བཟའ་བ་ཡང་ན་ཤ་ཉིད་དུ། །རྟག་ཏུ་དགའ་བའི་ངོ་བོ་ཡིས། །རྟག་དང་རྣམ་རྟོག་རྣམ་པར་སྤངས། །རང་བཞིན་དག་པའི་དཔའ་བོ་ནི། །དག་བའི་ལུས་སུ་གདོན་མི་ཟ། །རྟག་ཏུ་རྣལ་འབྱོར་པ་སྤངས་པ། །བགྲོད་དང་བགྲོད་མིན་རྣམ་པར་སྤངས། །ལོ་མའི་དང་ནི་འདབ་མའི་རྒྱུ། །སྣོད་ལ་ཐམས་ཅད་མྱུ་གུའོ། །དེ་ཡི་པདྨ་རྒྱས་བྱེད་པ། །དག་པའི་མཚན་མ་དང་པོའོ། །ཁ་དོག་ངན་ཞིང་དྲི་མི་ཞིམ། །བཏུང་བ་དྲོ་བ་རྣམ་པར་སྤངས། །དག་པའི་ངོ་བོ་གཅོད་བྱེད་པ། །གཉིས་པའི་མཚན་མར་བསྟན་པའོ། །ཀུན་ལ་དགའ་ཞིང་བྱམས་པ་དང ། །གནོད་པ་ནམ་ཡང་མི་བྱེད་ཅིང ། །སེམས་ཅན་ཀུན་ལ་སྙིང་བརྩེ་བ། །གསུམ་པའི་མཚན་མ་ཉིད་དུ་བསྟན།། རྟག་ཏུ་སྟོང་པའི་བློ་ལྡན་པས། །ཟབ་ཅིང་རྒྱ་ཆེའི་སེམས་ཀྱིས་ནི། །ཐམས་ཅད་རྩ་བཞིན་དུ་ནི་སྟོང ། །བཞི་པའི་མཚན་མ་ཉིད་དུ་བསྟན། །དག་ཅིང་བསྟན་པའི་ངོ་བོ་ཉིད། །ལུས་གཅིག་ལ་ནི་རབ་ལྟོས་པ། །རྟག་ཏུ་གསང་སོགས་ཟ་བ་ནི། །ལྔ་པའི་མཚན་མ་རུ་ནི་གསུངས། །བརྩོན་འགྲུས་ཀུན་ནས་ལྡན་པ་དང ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང ། །བསམ་གཏན་མཆོག་ཏུ་
150a
༄#། །བརྟན་བྱེད་པ། །དྲུག་པའི་མཚན་མ་རུ་ནི་བརྟག། བཟོ་དང་རྒྱུ་རྩལ་ཉན་པ་དང ། །རྟག་ཏུ་མཉམ་པའི་སེམས་དང་ནི། །རྟག་ཏུ་སེམས་ཅན་དོན་ལ་བརྩོན། །བདུན་པ་ཡི་ནི་མཚན་མར་བསྟན། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་གྱི་བློ་རྟོགས་བྱེད། །སྲིད་པ་ཡང་དག་བྱང་ཆུབ་ལམ། །མཚན་མ་བརྒྱད་པ་རུ་ནི་བསྟན། ། འགའ་ཡང་ནམ་དུ་མི་སྨོད་ཅིང ། །རྫས་དང་རྫས་མིན་རྣམ་རྟོག་བཅས། །གདུག་པའི་བདུད་དང་བགེགས་སོགས་དང ། །རྣམ་པར་རྟོག་པས་སྲིད་པར་ལྟུང ། །དཀའ་ཐུབ་སྡུག་བསྔལ་མི་བཟད་པས། །བསྙེན་པ་འགྲུབ་པར་མི་འགྱུར་ཏེ། །ལུས་ནི་དཀའ་བར་སྤྱོད་པ་ཡིས། །འཁོར་ཞིང་སྲིད་པའི་མཐའ་རུའོ། །རྣམ་རྟོག་མེད་པས་མཉམ་པར་བྱས། །དངོས་པོ་མཚན་མའི་སེམས་དང་བཅས། །སྦྱོར་བ་གྲུབ་པའི་དོན་དུ་ནི། །རྣམ་པར་མི་རྟོག་སེམས་ཀྱིས་བཟའ། །བསྒྲུབས་པ་རང་འདོད་སྙིང་པོ་ནི། །གཡོ་དང་མི་གཡོ་དངོས་གྲུབ་རྒྱུ། །ཆོས་ཀྱི་སྙིང་པོ་སྙིང་པོ་ཉིད། །སེམས་ནི་ཡེ་ཤེས་རང་བཞིན་ལྡན། །སྦྱོར་བའི་བསྟན་བཅོས་ཆ་ཉིད་ནི། །དེ་ཉིད་དེ་ཉིད་ཁྱད་པར་རོ། །སྦྱར་དང་བསམ་གཏན་བྱས་པ་ཡིས། །རྟག་ཏུ་སེམས་ནི་སྦྱང་བར་བྱ། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང ། །རྣལ་འབྱོར་ལས་འདས་གནས་ཆེན་པོ། །ལས་བཞི་དང་ནི་རབ་ལྡན་པའི། །ཡེ་ཤེས་ཀྱིས་ནི་འཁོར་བ་སྒྲོལ། །དང་པོར་
150b
བསྐྱེད་རིམ་སྤྱོད་པ་དང ། །དབུགས་ཀྱི་སྦྱོར་བ་རིམ་སོགས་དང ། །ལས་ལ་སེམས་ཤིང་སེམས་པ་དང ། །དང་པོའི་སྦྱོར་བའི་མཚན་ཉིད་དོ། །མེ་བཞིན་དུ་ནི་ཟླ་བ་དང ། །མཉམ་པའི་ཉི་མ་བཞིན་དུ་བལྟ། །རྣ་དབང་རླུང་གི་རང་བཞིན་དུ། །རྣ་བ་སྒྲ་ཡི་མཆོད་པར་ལྡན། །དངོས་པོ་ཀུན་གྱི་རང་བཞིན་ནི། །གཟུགས་བརྙན་ལ་སོགས་མཆོད་པའོ། །གཏོར་མས་ཇི་སྐད་གསུངས་པ་བཞིན། །གཉིས་པ་ཤིན་ཏུ་སྦྱོར་བའོ། །དངོས་དང་དངོས་མེད་མཉམ་བྱས་ནས། །སངས་རྒྱས་བྱང་ཆུབ་ཡང་དག་སྦྱོར། །ཕྱག་རྒྱ་ཆེན་པོ་ཡི་ནི་ཐབས། །སྦྱོར་བ་ལས་འདས་འདི་ཡིད་དོ། །རང་བཞིན་གྱིས་ནི་ལེགས་སྤྱད་ན། །ཐམས་ཅད་བདག་མེད་པ་ལས་བྱུང ། །ལུས་སོགས་སྟོང་པར་རྟོགས་པ་ནི། །བཞི་པ་རྣལ་འབྱོར་ཆེན་པོའོ། །འདི་རྣམས་མཚན་ཉིད་ལྡན་པ་ནི། །ཆེན་ཕོའི་སེམས་ཀྱི་སྡོམ་པའོ། །རྟག་ཏུ་བྱ་བ་དེར་འཇུག་པས། །འབྱུང་ཞིང་འཁོར་བར་སྒྲོལ་པའོ། །སྤྱན་ནི་པདྨ་ལྟར་ཡངས་ཤིང ། །བཞིན་ནི་མེ་ཏོག་རྒྱས་པ་འདྲ། །འདོད་པ་ལྔ་པོ་ཉེ་བར་བསྟེན། །བདེ་བར་སྤྱོད་ཅིང་བདེ་བར་རེག། འདོད་པ་ཀུན་དང་ཉེར་ལྡན་པ། །བདེ་བའི་སེམས་ཀྱིས་བསྒྲུབ་པར་བྱ། །རྣམ་པར་རྟོག་པའི་རྣལ་འབྱོར་པས། །སྲིད་པར་འཁོར་ཞིང་འཇུག་པའོ། །ཡིད་དུ་འོང་བའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །རང་བཞིན་ལྡན་པའི་ལས་ཀྱིས་ནི། །མཁས་པ་ཡིས་ནི་བསྒོམ་
151a
༄#། །པར་བྱ། །ཟླ་བ་ཉི་མ་ཁ་སྦྱར་ནས། །སོར་མོ་འབྲེལ་བར་བྱས་ནས་ནི། །དྲི་མེད་གསུམ་དང་དུད་པས་སྦྲེལ། །སེམས་མ་རྡོ་རྗེ་རབ་ཏུ་གྲགས། །ཚང་ངམ་ཕུར་བུ་ར་བ་དང ། །དྲ་བ་ཐམས་ཅད་ལས་ཉིད་དོ། །འབར་བའི་ཕྲེང་བ་མཉམ་པའི་འོད། །འདི་ཡི་ཕྱག་རྒྱར་བསྟན་པར་བྱ། །ཁ་གའི་ཕྱོགས་གཞན་ཉིད་དང་ནི། །རྩ་བར་རླུང་དབང་གནོན་པ་དང ། །སྤྱི་བོར་འབར་བའི་རེ་ཕ་དང ། །མཚན་མའི་མངའ་བདག་གིས་བརྒྱན་ཅིང ། །རྟག་ཏུ་ཞི་ཞིང་མཆོག་གི་གནས། །འབར་བའི་ཕྲེང་བ་མཉམ་པའི་འོད། ། འདི་ལྟར་ས་བོན་མདོར་བྱས་པ། །ཐམས་ཅད་ལས་ནི་སྒྲུབ་པའོ། །ལུས་ལ་སྒྲ་ཡིས་ཀུན་ཏུ་དགང ། །གཟུགས་ལ་སོགས་པ་ཟད་པར་བྱེད། །ས་བོན་ལུས་ཀྱེ་བདག་ཉིད་ནི། །ས་བོན་ལྷག་མ་བསམ་པར་བྱ། །གོ་ཆའི་སྲུང་བ་དང་བྲལ་ཞིང ། །ཐམས་ཅད་ཡན་ལག་དྲུག་གི་ལས། །སྟོང་པའི་དེ་ཉིད་སྙིང་པོ་ནི། །སྔོན་གྱི་མཚན་ཉིད་ཡང་དག་ལྡན། སྨད་པ་དང་ནི་བསྟོད་པའང་མེད། །ཅི་འབྱོར་དག་པའི་བཟའ་བ་དང ། །དབང་པོ་ཡུལ་དང་ལོངས་སྤྱོད་ནི། །མཉམ་པ་ཉིད་དུ་སེམས་ཀྱིས་བྱ། །སྔོན་དུ་རིགས་པས་སྨོན་ལམ་རྣམས། །བསྒྲུབ་བྱ་སྒྲུབ་པའི་འབྲས་བུ་རྟོགས། །གང་ཞིག་ཡིད་ལ་འདོད་སྤྱོད་པ། །དེ་ཡི་ཐབས་ནི་རྡོ་རྗེའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྐེད་པའི་ཕྱོགས་སུ་བཟུང་
151b
ནས་ནི། །ཧཱུཾ་གི་དབྱངས་ཀྱིས་ཀུན་བགང་ཞིང ། །གྲུབ་པའི་གླུ་ཡིས་མཉམ་པར་བྱ། །ཛ་ཛ་ཛ་ཛ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བཞུགས་པའི་བདག་པོ་ཁྱོད། །ཧ་ཧ་ཧ་ཧ། ཧཱུཾ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ། །བ་བ་བ་བ། རྡོ་རྗེ་སྒྲོག་གི་གསང་བ་ལས་བྱུང་སྐུ་འཛིན་པ། ། ཨ་ཨ་ཨ། ཨ་ཧོ་མགུ་བའི་རྡོ་རྗེ་ཨ་ལི་གཅིག་ཏུ་ཐིམ་པར་ཧཱུཾ། ། འདི་ལྟར་གསང་བའི་གླུ་ཆེན་པོ། །རྣལ་འབྱོར་མ་ཀུན་ཚིམ་བྱེད་པ། །རྩེ་གཅིག་རྣལ་འབྱོར་སེམས་བཅས་པས། །ཁུ་བྱུག་སྐད་ལྟར་སྙན་པའི་སྒྲས། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། །ཁམས་གསུམ་སྙིང་པོའི་དབུས་སུ་ནི། །རླུང་གི་ནམ་མཁའ་ལྟར་དག་པས། །སེམས་ཉིད་རླུང་བཞིན་ནམ་མཁར་བརྗོད། །རླུང་གིས་དཀྱིལ་འཁོར་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་དབུས་སུ་རབ་མཛེས་པའི། །ཱ་ལི་ས་བོན་འོད་དང་བཅས། །ལས་ཀྱི་ས་བོན་མདོག་ཏུ་ནི། །མཉམ་པར་གཞག་པས་བསྒོམ་པར་བྱ། །འབྱིན་དང་སྡུད་ཅིང་གཅོད་མཛད་མ། །ཱ་ལིའི་ས་བོན་རབ་ཏུ་གྲགས། །ཇི་ལྟར་སྡེ་ཚན་གསུམ་པ་ཡི། །ཡི་གེ་གསུམ་པ་བཟུང་བྱས་ཏེ། །གློ་རུ་དབྱུག་པ་རྡོ་རྗེ་དང ། །འོག་པག་གིས་ནི་དཀྲི་བར་བྱེ། །འདི་ལྟར་རྣལ་འབྱོར་མཆོག་སྒོམ་པ། །འཁོར་བ་ཐམས་ཅད་གཅོད་པར་བྱེད། །ཕྱི་ནས་བདག་ཉིད་ལུས་པོ་ནི། །སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན། །ཀུན་ནས་ཆུ་ཡིས་
152a
༄#། །གང་བར་ནི། །ཕྱོགས་བརྒྱད་དུ་ནི་མཉམ་པར་རོ། །དེ་ཡི་དབུས་སུ་རབ་མཛེས་པའི། །པདྨ་དཀར་པོ་ཡིད་འོང་བའི། །རླུང་གི་དཀྱིལ་འཁོར་དབུས་གནས་པར། །འོ་\?\་མ་ཟླ་བའི་ས་བོན་འཛིན། །གདུགས་དཀར་པོ་ཡི་མངོན་པར་བཀབ། །འོད་ཟེར་འབར་བ་རྣམས་མང་པོ། །དེ་ཡིས་ས་བོན་ལས་སྐྱེས་པ། །རྡོ་རྗེ་སེམས་དཔའི་བདག་ཉིད་ནི། །ཀུནད་དཀར་དང་ཟླ་བའི་མདོག། ཕྱག་གཉིས་པ་ལ་མཛེས་པའི་བྲང ། །དབུ་རྒྱན་སངས་རྒྱས་ལྔ་ཡི་དངོས། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྡོ་རྗེ་སྙིང་གར་མཐའ་འཛིན་ཅིང ། །གཡོན་པ་དྲིལ་བུ་དཀུ་རུ་བསྟེན། །སྒེག་ཅིང་སྤྲོ་བའི་རང་བཞིན་དང ། །རྒྱན་རྣམས་ཀུན་ནི་རྣམ་པར་བརྒྱན། །འོད་ཟེར་འབར་བ་རྣམས་མང་པོ། །དངོས་པོའི་ཚོན་གྱིས་བཙོ་བར་བྱ། །སངས་རྒྱས་སྤྲིན་གྱིས་རབ་རྒྱས་པའི། །རྡོ་རྗེ་རྣོན་པོའི་འོད་འཕྲོ་བ། །འཇིགས་པ་མེད་ཅིང་གནོད་མེད་པར། །དངོས་པོས་དངོས་པོ་བསྒོམ་པར་བྱ། །བཟླས་འདོད་པ་ཡི་རྣལ་འབྱོར་པས། །སྤྲོ་བའི་སེམས་ཀྱིས་མཉམ་པར་བསྒོམ། །དབུས་སུ་མཆོག་གི་ས་བོན་དང ། །ཕྱག་འཚལ་ཨཱ་ལིར་མཐར་བཞག་པ། །ཡི་གེ་དྲུག་པའི་སྔགས་ཆེན་པོ། །སངས་རྒྱས་ཀུན་གྱིས་གསུངས་པའོ། །ཟློས་དང་བསམ་གཏན་རྣལ་འབྱོར་པས། །རང་འདོད་ལས་ནི་མངོན་པར་འགྲུབ། །འབུམ་ཕྲག་གསུམ་དུ་བསྙེན་
152b
པ་ཡིས། །དེ་ནས་དེ་ཡི་མངོན་དུ་འགྲུབ། །དེ་ནས་ཀུན་གྱི་སྙིང་པོ་ནི། །སྐྱེ་དང་འཇིག་དང་རྣམ་བྲལ་བ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་པས། །འདོད་བཞིན་ཡེ་ཤེས་གནས་རྙེད་པའོ།། རྡོ་རྗེ་དྲིལ་བུ་དེ་ཉིད་དང ། །ཡེ་ཤེས་སྐུ་ནི་གཉིས་ཀྱི་གཟུགས། །རྡོ་རྗེ་གཡས་བརྐྱང་གནས་ནས་ནི། །དྲིལ་བུ་མནན་པའི་རྐང་པས་མནན། །པདྨ་རྡོ་རྗེ་སྦྱར་བྱས་ནས། །ཕྱག་རྒྱ་འཆིང་བར་མཆོག་ཏུ་བརྩོན། །དྲིལ་བུ་ལག་གཉིས་ཀྱིས་མགྲིན་པར། །རྡོ་རྗེ་གཅིག་གིས་ནུ་མར་རེག། གཡོན་པས་གཞུང་ཚིགས་མཐའ་རུ་འོ། །ཚེམས་ཀྱིས་མ་མཆུ་བཙིར་མཛད་ཅིང ། །གཉིས་ཀྱི་སེམས་ཀྱིས་མཆོག་བརྩོན་པར། །དངོས་པོས་དངོས་པོ་བསྒོམ་པར་བྱ། །སྟེང་དང་འོག་དང་དབུས་གཉིས་དང ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར། ། ཐམས་ཅད་སྟོང་པའི་དེ་ཉིད་ནི། །སེམས་ཀྱིས་རབ་ཏུ་སྦྱང་པར་བྱ། །མཐར་ནི་སྒྲོལ་མའི་རྣམ་པ་འོ། །དབུས་སུ་ཨཱ་ལི་ས་བོན་ནི། །འབར་བའི་ཕྲེང་བ་རབ་ཏུ་འཕྲོ། །ཁམས་གསུམ་ཀུན་གྱི་ཆ་དང་བཅས། །ཕྱིས་ནི་གཟུགས་ཉིད་ཡོངས་རྫོགས་པ། །གཉིས་ཀ་ཡིད་འོང་གཟུགས་མཛེས་པའོ། །དབྱིག་པ་རྡོ་རྗེ་འཇམ་པའི་མགོན། །འོད་དཔག་ཤེས་རབ་ཀྱི་ནི་བཞི། །རྡོ་རྗེ་དྲིལ་བུ་རབ་སྦྱོར་བས། །མཆོག་གི་གོ་འཕང་བསྒྲུབ་བར་བྱ། །རྡོ་རྗེ་གསང་བས་མཚན་ནས་ནི། །གཉིས་ཀ་འཁྱུད་ནས་བཟླས་པར་བྱ། །ཕྱག་འཚལ་བསྲེག་པ་མཐར་
153a
༄#། །བཞག་ནས། །དབུས་སུ་ཨཱ་ལིའི་ས་བོན་ནི། །རྟག་པ་མཆོག་ཏུ་ཕྲ་བ་ཉིད། །བདེ་བའི་སེམས་ཀྱིས་བསྒྲུབ་པར་བྱ། །ཡིད་ཀྱི་མཆོད་པའི་ཆོ་ག་ཡིས། ། ཀུན་ནས་ཡིད་ཀྱིས་བསྒྲུབ་པར་བྱ། །ཤེས་རབ་རྡོ་རྗེ་ཡང་དག་པར་སྦྱོར་བའི་ལེའུ་རྫོགས་སོ།། །།དེ་ནས་ཐམས་ཅད་སྙིང་པོ་ནི། །མཆོག་གི་གཙོ་བོས་བསྡུས་པ་འོ། །སྦྱོར་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །གུས་པ་ཡིས་ནི་གཟུང་བར་བྱ། །ཤེལ་གྱི་རྣམ་པའི་སེམས་ཀྱིས་ནི། །དག་པའི་དངོས་པོར་བཟའ་བར་བྱ། །སྔོན་གྱི་མཚན་ཉིད་དང་ལྡན་པ། །དག་པའི་ངོ་བོར་བསྒོམ་པ་ཉིད། །དེ་ནས་རྟོག་པ་མི་རྟོག་པ། །བཟའ་དང་བཟའ་མིན་མཉམ་པ་ཉིད། །བཏུང་དང་མི་བཏུང་རང་འདོད་དུའོ། །འཁོར་བའི་ཕ་རོལ་རྒལ་འདོད་པས། །སྔོན་དུ་དབང་བསྐུར་དཔའ་བོ་རྣམས། །འབད་པས་བརྟུལ་ཞུགས་གཟུང་བར་བྱ། །རིམ་པ་བཞིན་དུ་ཟླ་བ་ལ། །ཉི་མ་འམ་ནི་ལོ་དུས་སུ། །བརྟུལ་ཞུགས་མཚན་ཉིད་བཞི་པའོ། །ཡོན་ཏན་དེ་ཡི་ཡོངས་སུ་བཟའ། །བཅོ་ལྔ་དང་ནི་བཅུ་བཞི་དང ། །ཁྱད་པར་དུ་ནི་ཚེས་བརྒྱད་ལའོ། །བརྟུལ་ཞུགས་རིམ་པ་འདི་ཉིད་ནི། །ནན་ཏན་གྱིས་ནི་གཏོར་མ་སྦྱིན། །དེ་ཡི་ལས་རྣམས་ཐམས་ཅད་ནི། །ཡེ་ཤེས་དེ་ཉིད་འབྲས་བུ་སོགས། །དེ་ལྟར་བདེན་པའི་སྔགས་ཀུན་གྱིས། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །བཟའ་སོགས་
153b
སྟོན་མོའི་རྣལ་འབྱོར་པས། །ཟླ་བ་ཐ་མའི་ཉི་མ་བཟུང ། །རང་འདོད་ཆོས་ནི་རབ་བརྟགས་ན། །ཐམས་ཅད་སྔགས་ནི་འགྲུབ་པར་འགྱུར། །བརྟུལ་ཞུགས་ལྡན་པ་ཉིན་རེ་འམ། །གལ་ཏེ་མ་འབྱོར་པ་ན་ཡང ། །དབྱར་ཟླ་འབྲིང་པོའི་ཐ་མ་ནི། །ལོ་ཡི་ཉི་མ་གཟུང་བར་བྱ། །མཚན་ཉིད་ཇི་ལྟར་གསུངས་པ་བཞིན། །སྐྱོན་མེད་སྔགས་ཀྱིས་སྦྱིན་བྱས་ནས། །དེ་ཡིས་དུས་རྣམས་ཐམས་ཅད་དུ། །དཔལ་དང་ཕུན་ཚོགས་བདུན་ན་གནས། །རྣལ་འབྱོར་ཆོས་སོགས་ལ་དགའ་བས། །གཉིས་མེད་གྲོགས་མཆོག་རབ་ལྡན་པས། །དེ་ཡིས་ཆོས་ལ་བསྟེན་ནས་ནི།། མཆོག་གི་གོ་འཕང་བསྒྲུབ་པར་བྱ། །སྟོང་ཉིད་ཀྱིས་ནི་གཟུགས་འཇིག་ཅིང ། །བླངས་པའི་ཆོས་རྣམས་ཟད་པར་བྱེད། །ཐམས་ཅད་སྡོམ་པ་ནམ་མཁའ་ནི། །ཤིན་ཏུ་མཉམ་པར་གཞག་པས་བསམ། །ཐམས་ཅད་ནམ་མཁའི་གནས་སུ་ནི། །འོ་མ་ཟླ་བའི་ས་བོན་བསམ། །འོད་ཟེར་འབར་བ་མང་པོ་ནི། །དཀར་དང་ཀུནད་ཟླ་བའི་མདོག། ཨཱ་ལིའི་ས་བོན་མཆོག་གཙོ་བོ། །དབུགས་མི་གཡོ་པས་བསྒོམ་པར་བྱ། །སྐད་ཅིག་རྣམ་པར་སྦྱོར་བ་ཡིས། །ཡེ་ཤེས་མཁའ་འགྲོ་བདག་ཉིད་ནི། །ཞལ་གསུམ་ཕྱག་ནི་དྲུག་པ་ཉིད། །ཁ་དོག་སྔོན་པོ་མཉམ་པའི་འོད། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པ། །སྟེང་དུ་རྡོ་རྗེ་ཅོད་པན་དང ། །སངས་རྒྱས་ལྔ་ཡིས་དབུ་ལ་བརྒྱན། །དགོད་དང་ཁྲོ་དང་
154a
༄#། །སྒེག་པ་དང ། །སྤྱན་གསུམ་གྱིས་ནི་རྣམ་པར་བརྒྱན། །སྨད་གཡོགས་གླང་ཆེན་པགས་པ་དང ། །མི་ཡི་པགས་པ་རབ་ཏུ་གསོལ། །མི་ཡི་ཡན་ལག་ལྔ་རུས་པའི། །རྒྱན་ཀུན་གྱིས་ནི་རབ་ཏུ་བརྒྱན། །སྐྲ་ཡི་རྩེ་མོ་རབ་འཇམ་ཞིང ། །མེ་འབར་བ་དང་མཉམ་པའི་འོད། །དང་པོའི་ཕྱག་ན་ཁ་ཊྭཱཾ་ག། གཉིས་པ་ན་ནི་དགྲ་སྟ་བསྣམས།། གསུམ་པ་ན་ནི་རྡོ་རྗེ་འོ། །གཡོན་པ་སྡིགས་མཛུབ་ཞགས་པ་དང ། །གཉིས་པ་ཐོད་པ་ཁྲག་གིས་བཀང ། །རལ་གྲིའི་ཕྱག་ནི་སྟེང་དུ་འོ། །རྡོ་རྗེ་འོད་ཟེར་དྲི་མ་མེད། །སངས་རྒྱས་སྤྲིན་ལྟར་རབ་འཕྲོ་བ། །ས་ཡི་དབུས་སུ་རྣམ་རོལ་བར། །དངོས་པོས་དངོས་པོ་བསྒོམ་པར་བྱ། །འུག་པ་ལྕེ་སྤྱང་སེང་གེ་དང ། །སྟག་མོ་ཕྱོགས་སུ་རྣམ་པར་བསྒོམ། །བྱ་རོག་ཅེ་སྦྱང་བྱ་རྒོད་དང ། །ཙ་ལི་ཀ་ནི་མཚམས་སུ་དགོད། །འཇིགས་པའི་སྒྲ་སྒྲོགས་མཆེ་བ་གཙིགས། །ཧ་ཧཱུཾ་རྣམ་པར་འཇིགས་པར་བྱེད། །འདི་ལྟར་མཁའ་འགྲོ་རྒྱལ་དབང་མ། །བདག་ཉིད་སེམས་ཀྱིས་བསྒོམ་པར་བྱ། །རང་གི་དབུགས་ལས་ཕྱུང་ནས་ནི། །གཟུགས་བརྙན་ལ་སོགས་དགོད་པར་བྱ། །རྣལ་འབྱོར་པ་ཡིས་བྲིས་སྐུ་སོགས། །དེ་ཡི་གནས་སུ་ཀུན་ཏུ་བསམ། །འདོད་དང་གྲོལ་བའི་གོ་འཕང་གནས། །གཉིས་མེད་གཏོར་མའི་ལྷ་ཉིད་ཡིན། །སྦྱོར་བའི་སྒོ་ནས་སྒྲུབ་པ་པོས། །འདི་ཡི་མཆོད་པའི་ཆོ་ག་བཤད། །བཟའ་དང་
154b
སྟོན་མོ་དེ་ཉིད་དང ། །གསང་བའི་མཆོད་པས་རབ་ཏུ་མཆོད། །སྙིང་གའི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱིས་ཧཱུཾ་གི་ས་བོན་ལས། །དེ་ཡི་གཟུགས་ལ་སོགས་བསྐྱེད་པ། །རྡོ་རྗེ་སེམས་དཔའི་བདག་ཉིད་དགོད། །བཟའ་བ་ལ་སོགས་ཁྱད་པར་ཉིད། །དག་པའི་དངོས་པོར་བསྒོམས་ནས་ནི། །སྒྲུབ་པ་ཤིན་ཏུ་མཉམ་གཞག་པས། །ཡུད་ཙམ་གྱིས་ནི་སྦྱོར་བ་ཡིས། །ོཾ་ཧ་ཧོ་ཧྲཱིཿ སཝཱཧཱ། ཨོཾ་གྱིས་འབར་བར་བསམ་པ་དང ། །ཧ་ཡི་རྣམ་པས་སོ་སོར་རྟོགས། །ས་བོན་ཧོ་ཡིས་སྣང་བར་བྱས། །ཧྲཱིཿ ཡི་རྣམ་པས་དྲི་མ་སྦྱོང ། །ལུས་ཀྱིས་ལྷ་ཉིད་ཚིམ་པའི་ཕྱིར། ། ཡི་རྣམ་པས་རྟོགས་པར་བྱ། །ས་བོན་ལྔ་ཡིས་ལྷ་ཉིད་ནི། །སངས་རྒྱས་ལྔ་ཉིད་མངོན་པར་ཐིམ། །ོཾ་ཛཾ་གྷྲཾ་ཏྲཱཾ་ཧཱུཾ་ཨ་སཝཱཧཱ། བཟའ་བ་ལ་སོགས་ཁྱད་པར་ཉིད། །སྔགས་འདི་ཡིས་ནི་གཟུང་བར་བྱ། །ོཾ་གྱིས་རྣམ་པས་ལུས་དང་ནི། །ཛཾ་གྱིས་རྣམ་པར་བཟུང་བ་དང ། །གྷྲཾ་གྱིས་རྣམ་པར་ལྟོ་བ་དང ། །ཏྲཱཾ་གིས་རྣམ་པར་དྲི་མེད་ལུས། །ཧཱུཾ་གི་རྣམ་པས་སྤྱད་པར་བྱ།། སེམས་ཀྱིས་སྙིང་གར་ཡི་གེ་ཨ། །དེ་ཉིད་རྟག་ཏུ་མཆོད་བྱས་ན། །རྣལ་འབྱོར་པ་ཡིས་སྡིག་སྦྱང་བྱ། །དྲི་དང་མར་མེ་མེ་ཏོག་དང ། །ལྷ་བཤོས་དང་ནི་གཏོར་མ་ཡིས། །གླུ་ཡི་དུས་སུ་དབྱངས་སྙན་དང ། །པི་ཝང་གླིང་བུ་ལ་སོགས་སྦྱར། །རྟག་ཏུ་དེ་དག་གེས་མཆོད་ཅིང ། །རྡོ་རྗེ་སེམས་དཔའ་བདག་ཉིད་བརྗོད། །འགྲོ་དང་ཉལ་དང་འདུག་པ་དང ། །འཆག་
155a
༄#། །དང་ཐམས་ཅད་དུས་ཉིད་དུ། །རྟག་ཏུ་སེམས་ཤིང་སེམས་དཔའ་ཡིས། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ོཾ་ཨ་མུ་ཧཱུཾ་སཝཱཧཱ། ཡེ་ཤེས་གཟུགས་བརྙན་སྦྱོར་བ་ཡིས། །ས་བོན་འདི་ནི་བཟླས་བྱས་ན། །སྡིག་པ་ཐམས་ཅད་ཐག་བསྲིངས་ཤིང ། །རང་འདོད་ལས་ནི་འགྲུབ་པར་འགྱུར། །འབྱུང་བ་ལྔ་ལས་གྱུར་པའི་སྡིག་།གང་གིས་གསང་བ་དབྱེ་བྱས་པའང ། །རྟག་ཏུ་བསྒོམ་ཤིང་བཟླས་བྱས་ན། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །ོཾ་ཀ་ར་ཀ་ར་པྲཛྙཱ་མཧཱ་ཏཱིཀྵ་པཉྩ་ཨོཾ་བུདྡྷེ་ཧ། ཨོཾ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ཨ་མུ་མུ་མུ་སཝཱཧཱ། སྔགས་ཆེན་པོ་ཡི་ས་བོན་འདི། །སངས་རྒྱས་སེམས་ནི་མདོར་བསྡུས་པའོ། །སྐྱོན་མེད་སྦྱོར་བའི་སྒྲུབ་པ་པོས། །ཐམས་ཅད་ལྡན་པའི་ས་བོན་ནི། །མཚན་མོ་ཡི་ནི་མཐའ་ཉིད་དང ། །དང་པོར་རོ་ཧི་ཏ་དུས་ལ། །ཉ་ཕྱིས་སྣོད་དུ་ཆུ་དང་ནི། །མ་ག་དྷ་ནི་སྲང་གཉིས་ཉིད། །ཀུན་ནས་ཟླ་བའི་དཀྱིལ་འཁོར་བསམ། །བདུད་རྩིའི་དབུས་སུ་ཡང་དག་ལྡན། །བདུད་རྩི་བསམ་པའི་ཐབས་ཀྱིས་ནི། །ཤིན་ཏུ་མཉམ་གཞག་རྣལ་འབྱོར་པས། །ལན་བདུན་མངོན་པར་སྔགས་བྱས་པའི། །དེ་ཡི་ཆུ་ནི་བཏུང་བྱས་ན། །སྡིག་པ་ཐམས་ཅད་འཇིག་པ་དང ། །ཡེ་ཤེས་བདུད་རྩི་ཡེ་ཤེས་སྐུ། །ཡིད་གཞུངས་ཤེས་རབ་རྣོ་བ་དང ། །རླུང་དང་གཟི་བརྗིད་དཔལ་འཕེལ་ཞིང ། །ཀུན་ནས་སྐལ་ལྡན་དག་དང་ནི། །
155b
ཐོས་དང་ཤེས་རབ་ནོར་དང་ནི། །རླུང་མཁྲིས་དུག་དང་བད་ཀན་དང ། །འདུས་དང་གློ་སོགས་ཀྱིས་གཟེར་དང ། །མིག་དང་ཡན་ལག་གཟེར་བ་ནི། །ཆུ་འདི་ཡིས་ནི་ནད་ཀུན་འཕྲོག། ཨོཾ་ར་ཏ་ཨ་བརྟ་ནི། སརྦ་པཱ་པཾ་ཧ་རནྟུ་མཾ་ཧཱུཾ། པི་ཀྲྀ་ཏ་ཀྲོ་དྷ་ཧཱུཾ་ཕཊ་སཝཱཧཱ། འདི་ཡི་སྔགས་ནི་སྔགས་ཆེན་པོ། །སྲུང་བ་ཀུན་གྱི་བླ་ན་མེད། །སྔོན་གྱི་དུས་སུ་བཞག་བྱས་ནས། །རྣལ་འབྱོར་ལུས་ནི་སྲུང་བ་འོ། །ལན་བདུན་མངོན་པར་བསྔགས་བྱས་ལ། །གནས་ལྔ་རུ་ནི་ལན་གསུམ་མོ། །སངས་རྒྱས་ལྔ་ནི་མངོན་བསམས་ནས། །སྤྱི་བོའི་སྟེང་དུ་བསྐུར་བྱས་ནས། །རྒྱལ་པོ་སེང་གེ་དགྲ་སོགས་དང ། །རྐུན་མོ་དང་ནི་མེ་དང་ཆུ། །རླུང་དང་མཁྲིས་པ་ལ་སོགས་ནད། །འཇིགས་བྱེད་འཇིགས་པ་འཇོམས་པར་བྱེད། །ོཾ་བི་མོ་ཧ་ནི་སཾ་མོ་ཧ་ནི། སརྦ་པྲི་ཡེ་ཏི་ཧཱུཾ་ཧཱུཾ་ཧཱུཾ་སཝཱཧཱ། འདི་ཡི་སྔགས་ནི་སྔགས་ཆེན་པོས། །འགྲོ་ཀུན་རྨོངས་པར་བྱེད་པར་གསུངས། །མི་བྱམས་པ་སྐྱེད་བྱེད་ཅིང ། །ཀུན་ནས་མཛའ་བར་གྱུར་པ་འོ། །ལག་པ་གཡོན་པ་ཡི་ནི་ཆུ། །སྔ་དྲོའི་དུས་སུ་ཁ་བཀྲུས་ནས། །རྣལ་འབྱོར་པ་ནི་གྲུབ་འདོད་པ། །དགོས་པ་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་སྦྱོར་བ་མཆོག་ཏུ་བཤད། །སྙིང་པོ་ལས་ནི་སྙིང་པོ་མཆོག། རྡོ་རྗེ་ལ་སོགས་སྒོམ་པར་བྱ། །གཉིས་སུ་མེད་པར་མཉམ་པར་འདྲེས། །ཡན་ལག་འདི་ཡིས་ཐ་དད་སྒོམ། །དུག་མེད་པ་ཡང་དུག་གིས་བསྣུན། །ཤིན་ཏུ་
156a
༄#། །མི་བཟད་རྨོངས་པ་ཡིས། །རྨོངས་པ་རྣལ་འབྱོར་བདག་ཉིད་འཇིགས། །འབད་པས་ཆོས་ཀྱི་ཐབས་ཀྱིས་ནི། །དག་པའི་ལུས་ནི་རྣམ་དག་བྱེད། དག་པའི་སྒྲོན་མ་བལྟས་པ་ཡིས། །ཉོན་མོངས་ལ་སོགས་མུན་པ་འཇོམས། །ནམ་མཁའི་རྡོ་རྗེ་རྡོ་རྗེ་ལ། །སེམས་དང་སེམས་ནི་རྣམ་པར་ཐིམ། །གཅིག་སོགས་དངོས་པོ་སྒོམ་པ་ནི། །འདི་ཡི་རྣལ་འབྱོར་མཚན་ཉིད་དོ། །མེ་ཡི་ལྷག་མ་སོགས་ལྷག་པ། །དབུས་དང་དབུས་སུ་རྣམ་པར་འཚེར། །དེ་ཡི་འོད་ཀྱིས་ནམ་མཁའི་ཁམས། །ཤིན་ཏུ་མཉམ་པར་གཞག་པས་བལྟ། །ས་བོན་འདི་ཡི་མྱུ་གུ་ལས། །ཱ་ལི་ཀཱ་ལི་རྣམ་པར་འབྱུང ། །ས་བོན་ས་བོན་རབ་འཕྲོ་བ། །ནམ་མཁའི་ཁམས་སུ་ཡང་དག་གནས། །ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །རོ་ལངས་མ་ཡི་དབུས་སུ་བསམ། །པདྨའི་གདན་ལ་རྣམ་པར་བཞུགས། །གདུགས་དཀར་པོ་ཡིས་མངོན་པར་གཡོགས། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང ། །ཁ་དོག་དམར་པོ་འོད་མཉམ་པ། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་དང ། །སྤྱན་གསུམ་གྱིས་ནི་རྣམ་པར་བརྒྱན། །སྒེག་པའི་ཉམས་ཀྱིས་བལྟ་བ་དང་།། ན་བཟའ་དམར་པོ་མངོན་པར་གཡོགས། །མཆོག་གི་སེམས་དང་སེམས་པ་ལ། །བདུད་རྩིའི་ཡི་གེ་རྣམ་པར་བསམ། །ལྕགས་ཀྱུའི་རྩེ་མོར་ཡི་གེ་ཀྵུཾ། །བཟླས་ཤིང་འདི་
156b
ཡིས་དྲང་བར་བྱ། །གཟུགས་བརྙན་གྱིས་ནི་ཡིད་བསྐྱོད་ཅིང ། །རང་གི་དབུགས་ཀྱིས་དགས་པར་བྱ། །ོཾ་རཱ་ག་ར་རཱ་ག་ཏ་བྷ་ཏི་ཧཱུཾ་ཀྵུཾ་སཝཱཧཱ། ལྕགས་ཀྱུའི་སྔགས་དང་ཕྱག་རྒྱ་ཡིས། ། རྣལ་འབྱོར་པ་ཡིས་འདོད་བཞིན་དྲང ། །རྨོངས་ཆེན་ཤིན་ཏུ་རྨོངས་པ་ནི། །མཉམ་པར་གཞག་ནས་རབ་ཏུ་བསྒྲུབ། །གདན་བཞི་པ་ཡི་རྒྱུད་ཀྱིས་ནི། །སྦྱོར་བའི་གདན་གྱིས་གསུམ་པ་ལས། །གྲུབ་པའི་སྙིང་པོ་བསྡུས་པ་ནི། །མདོར་བསྡུས་ནས་ནི་བསྡུས་པ་འོ། །དེ་ནས་ཡེ་ཤེས་ལུས་ལ་ནི། །ཤིན་ཏུ་མཉམ་གཞག་རྣལ་འབྱོར་པས། །བཟའ་དང་བཟའ་བའི་བསམ་པ་ཡིས། །སྦྱང་དང་རྟོགས་པ་སྤྱན་པར་བྱ། །དངོས་པོ་རྨད་པ་མ་ཡིན་ཞིང ། །གང་ཡང་བརྟག་པར་མི་བྱ་འོ། །མཐོ་དང་དམའ་བའི་རིགས་ལ་སོགས། །མཉམ་ཉིད་ལྷ་ནི་ལྔ་པ་འོ། །གང་ཞིག་སྐྱེ་བ་པོ་སོགས་པ། །སེམས་ཀྱིས་གནོད་པར་མི་བྱ་འོ། །གལ་ཏེ་གནོད་པ་བྱེད་སེམས་ན། །རྣལ་འབྱོར་སྡོམ་པ་རིང་བར་འགྱུར། །གང་ཞིག་ཆེ་དང་ཕྲ་བ་ཡི།། གཞན་རྫས་རང་གིར་བྱེད་པ་ཡི། །རྐུ་བའི་སེམས་ནི་མི་བྱ་འོ། །རྣལ་འབྱོར་སྡོམ་པ་རིང་བ་ཉིད། །རྫུན་དང་ཚིག་རྩུབ་ཕྲ་མ་དང ། །འཁྱལ་པའི་ངག་ནི་རིང་དུ་སྤང ། །གཞན་གྱི་སེམས་ལ་གནོད་བྱས་པས། །རྣལ་འབྱོར་སྡོམ་པ་རིང་བ་ཉིད། །དོན་དང་ལིང་ག་རབ་སྦྱོར་བས། །སྦྱོར་བའི་ཆོས་ཀྱི་སྙིང་པོ་ཉིད། །རྨོངས་པས་ལོག་དཀྲིས་ངག་སོགས་
157a
༄#། །ཀྱིས། །དེ་ཡི་རབ་སྦྱོར་སྨོད་པ་ཉིད། །ལེགས་པར་བྱས་པའི་ལས་ཀྱིས་ནི། །བདེ་བ་བསྐྱེད་པའི་ལུས་ཀྱིས་ནི། །སེམས་ཅན་བདེ་བ་ལྷུར་ལེན་པས། ། ཐེག་པ་ཆེ་ལ་ལེགས་པར་བསླབས། །གལ་ཏེ་སེམས་ཅན་གནོད་སོགས་པའི། །མི་དགའ་བ་ཡི་ཚིག་མི་སྨྲ། །སྡིག་པའི་ལས་ནི་མི་བྱ་ཞིང ། །རྣལ་འབྱོར་གཙུག་ལག་མི་སྨད་དོ། །རྣལ་འབྱོར་འདོད་དགའ་མ་ཡིན་ཞིང ། །རྨོངས་པས་རྒྱགས་བར་མི་བྱ་འོ། །ཕྱག་རྒྱ་འཆིང་བར་རབ་སྦྱོར་བར། །རང་འདོད་ཀྱིས་ནི་བསྟེན་པར་བྱ། །བསྟེན་ཅིང་བསྟེན་པའི་རབ་སྦྱོར་བས། །ལྷ་ཉིད་ཚིམ་ཞིང་བསྒྲུབ་པར་བྱ། །སེམས་ཅན་དོན་གྱི་ངོ་བོ་ཡིས། །སེམས་ཅན་བདེ་བས་ཕན་འདོགས་བྱེད། །ཐེག་པ་ཆེན་པོའི་འབྲས་བུ་ཆེ། །འདི་ཡི་ལམ་གྱིས་བསྟེན་པར་བྱ། །གང་དང་གང་དུ་རབ་སྦྱོར་བས། །དེ་དང་དེར་ནི་ཕན་པས་བདེ། །སེམས་ཅན་སྡོམ་པ་ལ་སོགས་པས། །དེ་ཡི་སེམས་ནི་གནོད་མི་བྱ། །འཁོར་པར་སྐྱེས་པའི་དུས་ན་ནི། །ཐབས་དང་ཤེས་རབ་ཡང་དག་ལྡན། །དངོས་པོ་དངོས་མེད་བྱེད་པ་དང ། །སེམས་ཅན་དོན་ནི་ཨཱ་ལིར་བསྒྱུར། །ཕྱག་རྒྱ་བཞི་དང་ལྡན་པའི་རྒྱ། །གསང་བའི་གསང་བ་བཅིངས་པ་ཡིས། །དེ་ཡིས་དབུས་སུ་བདུད་རྩི་ནི། །སྐྱེ་ཞིང་མྱུ་གུ་འབྱུང་བའོ། །འདབ་མ་གསུམ་དང་ཀུན་ལྡན་པའི། །ཱ་ལི་མཆོག་ནི་མཐའ་མེད་དོ། །གཞན་
157b
ཡང་བདུད་རྩི་མཆོག་ཉིད་ནི། །ཕྱི་རོལ་ཀུན་གྱི་སྙིང་པོ་ཉིད། །བདུད་རྩི་ཡིད་འོང་སྐལ་ལྡན་ཞིང ། །སེམས་ཅན་ལ་ནི་སྙན་པར་སྟོན། །སངས་རྒྱས་ལྔ་ཡི་ཀུན་གྱི་ལུས། །བཙོམ་གསེར་ལྟར་འབར་བའོ། །ཅོད་པན་བཅིངས་ཤིང་འཕྱར་བ་དང ། །ཕྱག་བཞི་ཡིས་ནི་རྣམ་པར་སྤྲས། །དགོད་དང་སྒེག་པའི་ཉམས་དང་ནི། །རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །སྟེང་དུ་རྡོ་རྗེ་ལྕགས་ཀྱུ་དང ། །གཉིས་པ་རྡོ་རྗེ་ཞགས་པ་འོ། །གཡོན་པ་རྡོ་རྗེ་དྲིལ་བུ་དང ། །གསུམ་པ་ལྕགས་སྒྲོགས་འཆིང་བ་ཡིས། །ཕྱག་བཞི་པོ་ཡི་ཕྱག་རྒྱ་ནི། །གསང་བ་གསང་སོགས་འཆིང་བ་དང ། །ལུས་དང་ཁ་དོག་འབར་བ་རུ། །སྣང་བ་མཐའ་ཡས་མཉམ་པར་གཞག། ཧ་ཡི་རྣམ་པའི་ས་བོན་ནི། །ཡི་གེ་མཆོག་གི་དགའ་བར་བྱེད། །ཧོ་ཡི་རྣམ་པས་ལུས་དང་ལུས། ། རྣམ་སྣང་མངའ་བདག་ལྷ་ཉིད་དོ། །སེམས་དང་སེམས་པ་བསྒོམས་པས་ནི། །ལྷ་ཉིད་དུ་ནི་ཡོངས་སུ་གྲགས། །ཐམས་ཅད་ལུས་དང་ལུས་ཅན་གྱི། །སྲོག་དང་སེམས་ནི་འཕྲོག་པའོ། །ཧྲཱིཿ ་ཡི་རྣམ་པའི་ས་བོན་ནི། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །ོཾ་གྱི་རྣམ་པ་གསལ་བར་འགྲོ། །ཀུན་ནས་སེམས་ནི་རྟོགས་མཛད་པའོ། ། ཡི་རྣམ་པ་དེས་ཚིམ་བྱེད། ། བློ་དང་ལྡན་པས་ཡོངས་སུ་བསྟན། །བདུད་རྩི་ཆུ་ཡི་ལྷ་མོ་ནི། །དེ་ཡི་ཤེས་བྱ་རྟོགས་པ་འོ། །བདུད་རྩི་གང་གིས་མྱང་བ་ཡིས། །བདུད་རྩི་ཡི་ནི་འབྲས་བུ་ཐོབ། །དེ་བཞིན་གཤེགས་
158a
༄#། །དགེས་ལྷ་མོ་ནི། །གཟུགས་མཛེས་མཆོག་ཏུ་ཡིད་འོང་བའོ། །སངས་རྒྱས་ཀུན་གྱི་རྣམ་པ་ཡིས། །ཕྱག་རྒྱ་བཞི་པ་བཅིང་བར་བྱ། །རྣལ་འབྱོར་པ་ནི་སྒྲུབ་འདོད་ན། །གཉིས་ནི་གཉིས་སུ་མེད་པར་བསྒོམ། །གཉིས་ནི་དངོས་པོ་དངོས་མེད་པས། །ཡེ་ཤེས་ལྡན་པས་ཡོངས་སུ་གསལ། །ང་རྒྱལ་ཆེན་པོས་བཅིངས་བ་ནི། །སྤྲོས་པའི་སེམས་དང་ལྡན་པས་བཅིངས། །སྒེག་དང་ཁྲོ་དང་ཚུལ་གྱིས་ནི། །ལྷ་མོ་འི་སྙིང་པོ་ཉིད་དུ་ཐིམ། །ཉི་མའི་ལག་པའི་གདན་ལ་ནི། ཟླ་བའི་ལག་པས་རེག་བྱས་ལ། །དེ་ཡིས་འཁྱུད་ཅིང་འཁྱུད་ནས་ནི། །ལྷ་མོའི་ཡེ་ཤེས་ཉིད་དུ་ཐིམ། །ལྟོ་བའི་ཡེ་ཤེས་མེ་ཡི་ལྷ། །དེ་ཡིས་གནས་སུ་ཚིམ་པར་བྱ། །ཤེས་རབ་ཐབས་ལ་ཐིམ་པ་ཡིས། །གཉིས་མེད་སྦྱོར་བས་ཚིམ་པར་བྱ། །ོཾ་ཧ་ཧོ་ཧྲཱིཿ ་ཨ། ས་བོན་ཆེན་པོའི་ས་བོན་ནི། །འདི་ཡིས་ས་བོན་བསམ་པར་བྱ། །རིམ་པ་འདི་ཡིས་མཆོད་པ་ནི། །སྨན་གྱི་རྒྱུར་ནི་མ་ཡིན་ནོ། །ལྷ་མོ་བཀྲེས་དང་སྡུག་བསྔལ་འཕྲོག་།སྒེག་ཅིང་སྙན་པར་སྨྲ་བ་དང ། །ང་རྒྱལ་མེད་པའི་ང་རྒྱལ་བྱེད། །བརྩོན་མེད་པ་ཡི་བརྩོན་འགྲུས་བཅས། །ཀུན་ནས་སྐལ་ལྡན་ལྷ་མོས་ནི། ། རྨོངས་བྱེད་འཇིགས་དང་འགུགས་པར་བྱེད། །ཡིད་མི་གཞུངས་དང་ངོ་ཚ་འཇིགས་\?\། །ལྷ་མོ་སྙན་མས་འཇོམས་པར་བྱེད། །དེ་ལྟར་ཡོན་ཏན་ལྷ་མོ་ལྡན། །ཡིད་འོང་བདུད་རྩི་
158b
སྙན་པ་མོ། །འདོད་དང་ཐར་པའི་གོ་འཕང་གནས། །གང་ཞིག་ལྷ་མོ་འདི་ཡི་ལམ། །ཆུ་\?\་སྐྱར་ནེ་ཙོ་གཏམ་དང་ནི། །སྒེག་དང་གར་ནི་ལྔ་ལྡན་པའོ། །ལྷ་མིན་བརྩོན་འགྲུས་བདུན་པ་སྟེ། །དྲན་པ་ཉམས་བྱེད་བརྒྱད་པ་འོ། །ལྷ་མོ་ཕོ་ཉ་བརྒྱད་ཀྱི་ལས། །མྱུར་དུ་སེམས་ནི་འཕྲོག་པ་འོ། །རྣལ་འབྱོར་པ་ཡི་བདག་ཉིད་སེམས། །འདོད་པའི་སེམས་ཀྱིས་རྣམ་པར་བྱེད། །ཇི་ལྟར་གསུངས་པའི་མཚན་ཉིད་ཀྱིས། །འབད་པས་ཐང་ག་སྣ་ཚོགས་དགྲམ། །པདྨའི་གདན་ལ་བཞུགས་བ་ནི། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པར། །ཀུན་ནས་ཕོ་ཉ་བརྒྱད་པ་ནི།། བུད་མེད་གཟུགས་སུ་དེ་ཡི་ཚུལ། །ཕྱོགས་ཀྱི་མདོག་དང་མདོག་ཏུའོ། །གཟུགས་མཛེས་ཡོན་ཏན་ལྡན་པ་ཡི། །དུང་ཆེན་ལ་སོགས་ལག་པ་ན། །གནས་དང་གནས་ལ་བདུད་རྩིའི་ཆུ། །ཤ་ལྔ་ཡི་ནི་སྣོད་ལ་སོགས། །བཟའ་དང་སྟོན་མོས་ཉེ་བར་མཛེས། །དེ་ཡི་གཟུགས་བརྙན་མདུན་དུ་ནི། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །མེ་ཏོག་སྤོས་དང་དྲི་ལ་སོགས།། གཉིས་མེད་གཏོར་མར་ཡང་དག་ལྡན། །དང་པོ་རེ་ཞིག་དམ་ཚིག་གི། ཕྱག་རྒྱལ་སོགས་བཅིང་བར་བྱ། །ཟླ་བའི་ལག་པ་རབ་བརྐྱང་ནས། །རྣམ་ཤེས་བྱེད་པར་ཀུན་ཏུ་ལྡན། །ོཾ་ཧི་ལི་ཧི་ལི་ཧཱུཾ་ཕཊ། དམ་ཚིག་སྔགས་དང་ཕྱག་རྒྱ་ཡིས། །མཆོད་པའི་ལས་ལ་རབ་ཏུ་སྦྱར། །ོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ཧོ་ཧྲཱིཿ ་ཨ་སཝཱཧཱ། ཉེ་བར་སྤྱོད་པའི་སྔགས་
159a
༄#། །དང ། ཕྱག་རྒྱའོ། །ཉི་མའི་ལག་པའི་གདན་ལ་ནི། །ཟླ་བའི་ལག་པ་ཀུན་སྦྱར་ལ། །སྙིང་པོའི་སྙིང་དང་ཕྱག་རྒྱ་ཡིས། །རང་འདོད་ལས་ནི་རབ་ཏུ་བྱེད། །འབུམ་ཕྲག་གཅིག་ཟློས་རྣལ་འབྱོར་པས། །སྔོན་དུ་བསྙེན་པ་ལ་སོགས་བྱ། །ཕྱིས་ནི་མེ་ལ་སོགས་པའི་ལས། །གཉིས་མེད་གཏོར་མའི་ལས་ཀྱིས་སོ། །མེ་ཐབ་ཁ་རན་གསུམ་པར་ནི། །སྣང་བྱེད་ཤིང་ནི་རབ་སྦར་ལ། །ལྷ་མོའི་མེ་ཏོག་རྒྱས་པ་ནི། །སྦྲང་རྩིས་བསྐུ་ཞིང་སྦྱར་བྱས་ལ། །བདུད་རྩིའི་ཆུ་དང་ཀུན་ནས་བསྲེ། །གང་གི་མིང་ནས་ཡང་དག་བཟུང ། །བརྒྱད་བརྒྱ་རུ་ནི་བསྲེག་བྱས་ནས། །ངེས་པར་དབང་དུ་འགྱུར་བའོ། །མེ་ཡི་ལྷ་སོགས་ཐལ་བ་དང ། །བདག་ཉིད་ཁུ་བ་ལན་ལྔ་རུ། །བདུད་རྩི་དབུས་སུ་སྦྱིན་བྱས་ན། །བདག་ཉིད་འདོད་བཞིན་དབང་དུ་བྱེད། །སྨྱོ་བྱེད་སྦྲུལ་ནི་ལྔ་པ་དང ། །ུ་ཛའི་ཤིང་ནི་ཆ་མཉམ་པ། །བདུད་རྩིར་ལྡན་པར་བྱིན་བྱས་ན། །མྱུར་དུ་སྨྱོ་བར་འགྱུར་བའོ། །ནིམ་པ་ལ་སོགས་རྩེ་མོ་ལ། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །མེ་ཏོག་བདུག་པ་དྲི་སོགས་དང ། །གཉིས་མེད་གཏོར་མའི་ལས་ཀྱིས་ནི། །རྒ་དཀར་པོའི་རྩ་བ་ལས། །འབད་པས་མེ་ནི་རབ་ཏུ་སྦར། །པདྨོ་ཞིབ་མོ་ཕྱེ་མ་ནི། །འོ་མ་དང་ནི་བདུད་རྩིས་བསྐུ། །བརྒྱད་བརྒྱ་རུ་སྲེག་བྱས་པ་ཡི། །ལྷག་མའི་ཐལ་བ་བགོས་པའོ། །ཙི་ཏྲ་ཀ་ཡི་རྩ་བའི་ཆུས། །ལན་བདུན་བགོས་ལ་གྲིབ་མར་བསྐམ། །མཆོད་
159b
པའི་དུས་སུ་རྣལ་འབྱོར་པས། །དེ་ཡི་ཐལ་བ་བདུད་རྩི་ཆུས། །མྱུར་བ་ཉིད་དུ་བགོས་པ་ནི། །ཁ་བ་ཀུནད་འོ་མ་རུ། །ལུས་ནི་རྨོངས་པའི་གཟུགས་དང་ནི། །ཤིན་ཏུ་རྨོངས་ཤིང་རྨོངས་པའི་དྲི། །ཕོ་ཉ་བརྒྱད་ཀྱི་ལྷ་མོ་ནི། །སྟོབས་དང་གཟི་བརྗིད་དོན་མེད་པའོ། །རྣམ་རྟོག་རྨོངས་པའི་སེམས་ཅན་ལ། །འདི་ཡི་ལས་ཀྱིས་རབ་ཏུ་སྦྱར། །རྨོངས་པ་སྤངས་པའི་རྣལ་འབྱོར་པས། །འགྲོ་བ་མྱུར་དུ་རྟོགས་པར་འགྱུར། །འདི་ཡི་ཕྱེ་མར་བླངས་བྱས་ལ། །ཛཱ་ཏི་མར་ཁུ་ལན་གསུམ་སྤང ། །བདུད་རྩི་མཆོད་པའི་དུས་དུ་ནི། །ཐལ་བ་ལྷན་ཅིག་བསྲེས་བྱས་ནས། །ཐིག་ལེ་ལྕེ་ཡིས་མྱངས་པ་ཡིས། །ཕོ་ཉ་བརྒྱད་ཀྱིས་འཛིན་པར་འགྱུར། །ཕོ་ཉའི་མཚན་མ་ཡོངས་རྫོགས་པ། །སྨྱོ་ཞིང་རྒྱགས་ཤིང་རྒྱགས་པ་འོ། །སྨྱོ་བྱེད་ཤིང་ནི་ཡང་དག་བླང ། །འབད་པས་མེ་ནི་རབ་སྦར་ལ། ། མེ་ཏོག་སྤྲང་རྩི་བདུད་རྩིར་ལྡན། །བརྒྱ་བརྒྱ་རུ་ནི་བསྲེག་པར་བྱ། །དེ་ཡི་ཐལ་བ་བླང་ནས་ནི། །རབ་ཏུ་སྦྱོར་བ་ལ་སོགས་བྱ། །བདུད་རྩི་བསྐྱེད་པའི་གནས་སུ་ནི། །ཐལ་བ་དེ་ཡིས་བྱུགས་བྱས་ན། །ཆུ་ཡི་མདོག་ནི་གཞན་དུ་དང ། །དེ་ཡི་རོ་ནི་གཞན་དུ་འགྱུར། །སྦྲང་རྩི་འོ་མར་ལྡན་པ་ཡིས། །དེ་གཟུགས་སྡུ་མ་བཞིན་དུ་འགྱུར། །དེ་ཡི་ཐལ་བ་བླངས་བྱས་ལ།། སྐུ་གསུམ་པ་ཡི་ཆ་དང་བསྲེ། །བདུད་རྩི་ཡི་ནི་ཆ་བདུན་དང ། །མ་རུ་རྩེ་ཡི་ཆ་བརྒྱད་ནི། །མཆོད་པའི་དུས་སུ་ཆང་ལ་ནི། །དེ་ཡི་ཐལ་བ་བླུགས་བྱས་ན། །གང་ལ་བྱིན་པ་ཙམ་
160a
༄#། །གྱིས་ན། །བདུད་རྩི་ཀུན་ནས་རང་འདོད་རིག། གང་དང་གང་གི་ལམ་གྱིས་ནི། །དེ་དང་དེ་ཡི་རྨོངས་པ་རྣམས། །སེམས་ཅན་དོན་དུ་རྨོངས་བསལ་ཕྱིར། །རྟག་ཏུ་ལམ་ནཾ་བསྟན་པར་བྱ། །གཞན་གྱི་དོན་ལ་བརྩོན་པར་བྱ། །རང་གི་འདོད་འདི་བསྡུས་པ་འོ། །སྨན་དང་སྔགས་ཀྱི་སྦྱོར་བ་ཡང ། །ཤེས་རབ་སྨན་ལ་སོགས་པས་དམན། །གདན་བཞི་པ་ཡི་རྒྱུད་ཀྱིས་ནི། །གསུམ་པ་གཏོར་མའི་ལས་ཀྱི་ནི། །དངོས་གྲུབ་སྙིང་པོ་བཏུས་པ་ནི། །དེ་ཡི་དངོས་པོ་བསྡུས་པ་འོ། །སྔགས་སྒྲུབ་པ་ཡི་དོན་དུ་ནི། །གཟུགས་བརྙན་རབ་ཏུ་སྦྱར་བར་བྱ། །མཆོག་གི་གཟུགས་བརྙན་རབ་སྦྱར་བས། །བྱིན་གྱིས་བརླབས་ཀྱིས་རིམ་པས་བསྒྲུབ། །ཞི་དང་རྒྱས་དང་དབང་དང་ནི། །གསད་དང་བསྐྲད་དང་དབྱེ་བ་ནི། །གཟུགས་བརྙན་གྱིས་ནི་ཐམས་ཅད་འགྲུབ། །གཟུགས་བརྙན་མཚན་ཉིད་ལྡན་པར་བྱ། །སྔོན་དུ་རས་ཀྱི་མཚན་ཉིད་དང ། །གཉིས་པ་ཏ་ལའི་མཚན་ཉིད་དང ། །གསུམ་པ་ཁ་དོག་རིམ་པ་དང ། ། བཞི་པ་གཏོར་མ་སྦྱིན་སྲེག་ཉིད། །གླེང་གཞི་རང་འདོད་བསྐྱེད་ནས་ནི། །མ་ཉམས་ཁ་ཚར་ཡང་དག་ལྡན། །སྟེང་འོག་ལ་སོགས་རབ་རྒྱས་པ། །རས་ལ་ཞི་བའི་རི་མོ་བྲི། །མ་ལྷུང་བ་ཡི་ཡི་དྭགས་གོས། །མ་ཉམས་ཁ་ཚར་བགོ་བར་བྱ། །ཚོན་གྱིས་མ་ཕོག་ཆ་ལ་ནི། །རྒྱས་པ་ཡི་ནི་མཚན་ཉིད་དོ། །ཡི་དྭགས་མོ་ཡི་དམར་པོའི་རས། །མ་ལྷུང་བར་ནི་རབ་ཏུ་སྤྱད། །ཚོན་གྱིས་
160b
མ་ཕོག་རབ་སྦྱར་བ། །དབང་ཉིད་དུ་ནི་ཡོངས་སུ་གྲགས། །ར་ནག་པོ་ཡི་པགས་པ་དང ། །བ་ལང་རྟ་སོགས་གཞན་དག་ལ། །གནག་ཅིང་དྲག་སོགས་པ་ཡི་ལས། །མངོན་སྤྱོད་ལས་ཀྱི་མཚན་ཉིད་ངོ་།། དེ་ཡི་མནན་པའི་གནས་སུ་ནི། །ཐིག་གི་མཚན་ཉིད་གདབ་པར་བྱ། །ཆ་གསུམ་དུ་ནི་རབ་ཏུ་བགོ། གཅིག་ནི་འོག་ཏུ་དོར་བར་བྱ། །ཆ་གཉིས་ལྔ་པའི་སྟེང་དུ་འོ། །གསུམ་པ་གསུངས་པའི་ཐིག་ཉིད་ནི། །ཚངས་པའི་རི་མོ་དབྱུག་པ་ནི། །ཆ་ལྔ་པ་ནི་བདུན་དུ་འོ། །ལུས་ནི་ཆ་གསུམ་ཉིད་དུ་འདོད། །ཞི་དང་ཡན་ལག་མཉམ་པ་འོ། །ཞལ་ནི་བཅུ་གཉིས་ཆ་ཉིད་དོ། །མགྲིན་པ་ལ་ནི་སོར་བཞི་འོ། །མགོ་དང་སྐྲ་ལའང་དེ་ཉིད་དོ། །རྣ་བ་ཉིད་ཀྱང་དེ་ཡི་ཚད། །ཞལ་གྱི་ཆ་ནི་གསུམ་པ་ཉིད། །དཔྲལ་བ་ལྐོག་མ་སྣ་ཉིད་དོ། །སྨིན་མའི་མཐའ་ནི་རྣ་བའི་ལྟག། མིག་ནི་སོར་གཉིས་པ་ཡི་ཚད། །བུག་པ་སོར་མོ་བཞི་པ་འོ། །དེ་ནི་མིག་གི་མཚན་ཉིད་དོ། །མགྲིན་པའི་མཐའ་ཡི་དབུས་སུ་ནི། །བྲང་གི་ཆ་ནི་གཉིས་ཀྱིས་མནན། །སྙིང་གའི་གནས་དང་ལྟེ་བར་ནི། །མནན་ཅིང་ཀུན་ཏུ་མནན་པ་འོ། །ནུ་མའི་མཐར་ནི་མནན་བཅས་པ། །བྲང་དུ་ནུ་མ་གཉིས་མནན་ལ། །ལག་པ་གཉིས་ཀས་མནན་པ་ནི། །ལག་གཉིས་ཀུན་ཏུ་གནོན་པ་འོ། །སོར་བཞི་པ་དང་ལྡན་པ་ནི། །བརླ་དང་རྫ་ངར་ཀུན་ཏུ་ལྡན།། པུས་མོ་གཉིས་ལ་སོར་བཞི་འོ། །རྐང་པའི་ཚད་ཀྱང་དེ་བཞིན་ནོ། །བཅུ་གཉིས་ཏ་ལའི་ཚད་ཀྱིས་ནི། །ལྷ་ཡི་གཟུགས་ནི་རི་མོར་དྲི། །ལྷག་པའི་སོར་མོ་
161a
༄#། །བཞི་པོ་ནི། །ལྷ་བརྒྱད་ཀྱི་ནི་གདན་དུ་འོ། །དགུ་པ་ཡི་ནི་གདན་ཉིད་ནི། །སོར་མོ་གཉིས་སུ་བཤད་པའོ། །དབུས་ཀྱི་ཟླ་བའི་དཀྱིལ་འཁོར་ནི། །ཀུན་ནས་ན་བཟའི་འོད་ཟེར་སོགས། །རབ་ཟབ་རྡོ་རྗེའི་ལྷ་ཉིད་ནི། །ཏ་ལ་བཅུ་གཉིས་ཀྱི་ནི་ཚད། །འོག་མའི་ཆ་དང་ཆ་སོགས་དང ། །ཉེ་བར་མཛེས་སོགས་རེ་མོ་བྲི། །སྟེང་གི་ལྷག་པའི་ཆ་ལ་ནི། །རིགས་ནི་ལྔ་པ་བསྟན་པའོ། །ལས་ཀྱི་མདོག་སོགས་མདོག་ཏུ་ནི། །འདོད་བཞིན་ལྷ་ཉིད་བསྒྲུབ་པར་བྱ། །གཟུགས་བརྙན་རབ་ཏུ་སྦྱོར་བ་ནི། །བཅུ་གཉིས་ཏ་ལའི་རྣམ་པའོ། །དེ་ཡི་ཏ་ལའི་ཚད་ལ་ནི། །ཕྱག་གཉིས་ཀུན་ནས་བཀུག་པ་ནི། །སོར་མོ་གཉིས་ནི་རབ་དོར་ལ། །ཞི་བའི་ལྷ་ཡི་རྣམ་པའོ། །དེ་ཡི་ཏ་ལས་ཞལ་བཞིན་བྱ། །གསུས་ཁྱིམ་ཆེ་ཞིང་ཆེ་བ་ཉིད། །ཀུན་ནས་ཚིགས་དང་ཚིགས་ཉིད་ནི། །སོར་མོ་གཉིས་ནི་དོར་བར་བྱ། །ཁྲོ་བོ་ཁྲོ་མོ་དབང་ཕྱུག་མ། །ཕྲན་ཕོ་བྲན་མོ་མངག་གཞུག་ནི། །དྲག་པོ་འཇིགས་སུ་རུང་བའི་གཟུགས། །ཏ་ལ་བཅུར་ནི་བྲི་བའོ། ། དཀྱིལ་འཁོར་སྒྲུབ་པར་འདོད་པ་ཡིས། །མཆོད་པའི་ལྷ་མོ་མངོན་པར་ལྡན། །རས་ཀྱི་བརྒྱད་ཀྱི་ཆ་ཉིད་ནི། །ཏ་ལའི་སྟེང་དུ་དོར་བར་བྱ། །དཀྱིལ་འཁོར་ལྷ་མོའི་རིམ་པ་ནི། །རིམ་དང་རིམ་བཞིན་སྦྱར་བར་བྱ། །དབུས་སུ་མངའ་བདག་རྡོ་རྗེའི་ལྷ། །གཅིག་པའི་མཚན་ཉིད་རྣམ་པར་བྲི། །མགྲིན་པ་ཀོས་ཀོ་ཞབས་ཉིད་ནི། །དེ་གསུམ་རིང་ན་ཉེས་སྐྱོན་ནོ། །སྔགས་པ་
161b
ངེས་པར་བདག་ཉིད་ནི། །སྐྲོད་དང་གནས་ནི་བརླག་པའོ། །ཤངས་དང་སྙན་དང་སོར་མོ་ནི། །དེ་གསུམ་ཐུང་བའི་ཉེས་པ་ནི། །ངེས་པར་དངོས་གྲུབ་བརླག་པ་དང ། །དེ་ཡི་དཔལ་ཡང་རིང་བ་ཉིད། །རྗེ་ངར་ཞབས་དང་མཁུར་ཚོས་ནི། །དེ་གསུམ་སྦོམ་པ་ཉེས་པ་ཆེ། །ངས་པར་སྒྲུབ་པོའི་བདག་ཉིད་ནི། །བདུད་དང་བགེགས་དང་དཔལ་རིང་ངོ ། །འགྲམ་པ་བྲང་དང་རྩིབས་ལོགས་ནི། །དེ་གསུམ་དམའ་ན་སྐྱོན་ཆེ་འོ། །ཡུན་མི་རིང་བ་མྱུར་དུ་ནི། །ནོར་ནི་བརླག་པར་འགྱུར་བ་འོ། །ནུ་མ་རྣ་བ་དཔྲལ་བ་ནི། །དེ་གསུམ་ཡོན་སྐྱོན་ཆེ་འོ། །འཐབ་མོ་དང་ནི་དགྲས་འཚེ་བར། །མྱུར་དུ་སྒྲུབ་པོ་འགྱུར་པའོ། །བྲང་དང་ལུས་དང་བརླ་གཉིས་ནི། །དེ་གསུམ་དམའ་ན་སྐྱོན་ཆེ་འོ། །དགྲས་ནི་འཇིགས་པར་འགྱུར་བ་དང ། །འཆི་བར་ཡང་ནི་ཐེ་ཚོམ་མེད། །སྣ་ཞོམ་མིག་ནི་ཡོ་བ་དང ། །རྣ་བ་མཆུ་དང་དཔྲལ་བ་ནི། །བགེགས་དང་བདུད་དང་མེས་འཇིགས་ཤིང ། །དངོས་གྲུབ་རིང་བར་འགྱུར་བ་ཉིད། །གྱེན་དུ་ལྟ་བའི་དབུགས་དང་ནི། །གདན་ནི་གཡོ་ཞིང་ཐ་དད་པ། །བྲང་དང་མགྲིན་པ་ཡན་ལག་ནི། །ཉེས་སྐྱོན་གྲངས་ནི་མེད་པར་གྲགས། །འོད་ཟེར་ཡོ་ཞིང་ཐ་དང་དང ། །ཕྱག་རྒྱ་ཕྱག་མཚན་ནོར་བས་ནི། །མྱ་ངན་གདུང་བས་སྡུག་བསྔལ་བར། །སྒྲུབ་པོའི་གཟུགས་བརྙན་ཉེས་སྐྱོན་ནོ། །རྒྱབ་ཡོལ་གདུགས་དང་གདན་རྣམས་ནི། །རྣམ་གསུམ་དོག་པའི་ཉེས་པ་ནི། །འཆི་ཞིང་དཔལ་ཉམས་བརླག་པ་དང ། །མི་མཛའ་མཛའ་བ་འཇོམས་པའོ། །དེ་ལྟར་ཉེས་པའི་
162a
༄#། །སྐྱོན་ཆེན་པོས། །དུལ་ཞིང་དུལ་ལ་བཟོད་པ་དང ། །སེམས་ནི་ཤིན་ཏུ་མཉམ་བཞག་པས། །རྣམ་པར་བརྟག་ཅིང་རབ་ཏུ་དཔྱོད། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང ། །མཛེས་པའི་ཚུལ་གྱིས་མཆོད་པར་བསྟན། །སྔགས་གྲུབ་རྒྱུ་ཡི་དོན་དང་ནི། །དབང་དང་དགུག་པ་ཡི་ནི་ལྷ། །ཞི་བ་ལ་ནི་ཞི་བའི་ཚུལ། །དྲག་ལ་དྲག་ཅིང་འཇིགས་སུ་རུང་།། དཔའ་ཞིང་དཔའ་བའི་ང་རྒྱལ་གྱིས། །དགོད་ཅིང་ཁྲོ་དང་སྒེག་པ་དང ། །ཁྲོ་བོའི་གཟུགས་ཀྱི་ཚུལ་དང་ནི། །བྲན་དང་བྲན་མོའི་རྣམ་པར་སྤྲུལ། །ལས་ཀྱིས་གནས་དང་གནས་ཉིད་དུ། །བདག་ཉིད་ཀྱི་ནི་ཁ་དོག་བསྒྱུར། །དེ་ལྟར་མཚན་ཉིད་མཚོན་པ་ཡིས། །དངོས་གྲུབ་མྱུར་དུ་རྫོགས་པ་དང ། །རྣལ་འབྱོར་པ་ཡི་འདོད་པ་ལས། །སྔགས་པས་ཐང་གའི་རི་མོ་བྲི། །ན་མཿ ས་མནྟ་བུ་དྡྷ་ནཱཾ།་སཾ་བོ་དྷ་ནི། བི་ཤུ་དྡྷཱ། ན་མཿ སརྦ་བྷི་ག་ཧ་རེ་ནམྟུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། སྔགས་པ་ཡིས་ནི་སྔགས་འདི་ཡིས། །རས་དང་སྐུད་པ་བཀྲུ་བའོ། །ཐམས་ཅད་ལས་ཀྱི་སྔགས་ཀྱིས་ནི། ། སངས་རྒྱས་ལྔ་ཡི་བྱིན་གྱིས་བརླབས། །གཟུགས་བརྙན་སོ་སོར་རབ་སྦྱོར་བས། །སྒྲུབ་པོས་ཐང་ཀ་བསྒྲུབ་པར་བྱ། །གཟུགས་བརྙན་འགྲུབ་པའི་རྒྱུ་རུ་ནི། །སྦྱིན་སྲེག་ཕྱག་རྒྱ་སྔགས་བྱའོ། ། ཡི་དྭགས་ཀྱི་ནི་གོས་བླངས་ལ། །གཏོར་མ་ལ་སོགས་ལྡན་པ་ཡི། །ནན་ཏན་གྱིས་ནི་ཐང་ཀ་བརྒྱད། །ཐིག་སྐུད་ཀྱིས་ནི་རི་མོ་བྱ། །པདྨའི་གདན་ལ་བཞུགས་པ་ནི། །ཟླ་བའི་དཀྱིལ་འཁོར་
162b
དབུས་གནས་པར། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱག་གཉིས་པ་ལ་ཐང་ག་མཛེས། །རྡོ་རྗེ་ཅོད་པན་ཐོན་ཀའི་རྩེ། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་སྐུ། །དར་གྱིས་དཀྲི་ཞིང་རྣམ་པར་འཕྱང ། །རྡོ་རྗེ་ཕྱག་གིས་གསོར་མཛད་ཅིང ། །སྙིང་གར་གནོན་པ་མཆོག་ཏུ་བརྩོན། །གཡོན་པར་དྲིལ་བུ་མངོན་ལྡན་པས། །རྐེད་པའི་མཚམས་སུ་རྣམ་པར་གནོན། །བཙོ་མ་གསེར་གྱི་ཁ་དོག་དང ། །སྒེག་ཅིང་ཤིན་ཏུ་བཞད་པའི་ཞལ། །རྡོ་རྗེ་དཀྱིལ་འཁོར་ལ་བརྟེན་པར། །ཁྲོ་བོའི་འོད་ཟེར་རྣམ་པར་སྤྲོ། །དཀར་དང་ཟླ་བ་ཀུནདའི་མདོག། ལྷ་མོ་གསང་བའི་སྣོད་མཛད་ཅིང ། །རྐང་པས་འཁྱུད་པས་ཐལ་མོ་སྦྱར། །ཕྱག་གཉིས་ཀྱིས་ནི་མགྲིན་པར་འཁྱུད། །ཚེམས་ཀྱིས་མ་མཆུ་བརྩིར་ནས་ནི། །མྱོས་པས་ཁྲོ་བོ་མཆོག་གི་སྟེ། །རྒྱན་རྣམས་ཀྱིས་ནི་བརྒྱན་པའི་སྐུ། །ཆགས་པའི་གོས་དཀར་བསྣམས་པ་ཉིད། །པ་སྦུ་ནས་ནི་རྡོ་རྗེ་འཕྲོ། །གདུགས་དཀར་པོ་ཡིས་མངོན་གཡོགས་པའི། །འདི་ལྟར་རྡོ་རྗེ་དབང་ཕྱུག་རྒྱལ། །པདྨའི་ལུས་ཅན་རྡོ་རྗེ་འཛིན། །རྡོ་རྗེ་ཤར་གྱི་ཆ་རུ་ནི། །མི་གཟུགས་རི་མོར་བྲིས་པ་ནི། །གཟུགས་ཀུན་ལ་སོགས་རབ་རྒྱས་པའོ། །གནོད་སྦྱིན་མོ་ནི་རྒྱལ་དབང་འདི། །རིན་ཆེན་གདན་ལ་བཞུགས་པ་ནི། །རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །ཕྱག་ན་གཏོར་མའི་སྣོད་སོགས་པ། །ཕྱོགས་ཀྱི་མདོག་ཏུ་བཙོ་བར་བྱ། །དངོས་གྲུབ་ཀུན་སྟེར་ལྷ་མོ་ནི། །ལུས་ངན་གྱི་ནི་སྲིང་མོའོ། །ཕྱག་འཚལ་ཚུལ་གྱིས་འདུད་པ་ནི། །ལྷ་མོ་སྒྲུབ་
163a
༄#། །པའི་མཚན་ཉིད་དོ། །རྡོ་རྗེ་བྱང་གི་ཆ་ལ་ནི། །ལྷ་མོ་སྙན་པར་སྨྲ་བ་ནི། །དེ་ལྟར་རྡོ་རྗེ་དབང་ཕྱུག་རྒྱལ། །པདྨའི་ལུས་ཅན་ཡེ་ཤེས་འཛིན། །སྙན་པའི་གསེར་བཙོ་མ་ཡི་མདོག། བཟང་པོའི་གདན་ལ་བཞུགས་པ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །གཉིས་ཀྱི་ཕྱག་ན་བདུད་རྩིའི་སྣོད། །སྒེག་པའི་ཉམས་ཀྱི་ལྟ་བ་རུ། །མཁས་པ་ཡིས་ནི་བྲི་བར་བྱ།། ཡེ་ཤེས་ནུབ་ཀྱི་ཆ་ལ་ནི། །ལྷ་མོ་སྙན་པའི་དབང་ཕྱུག་མ། །བཙོམ་གསེར་གྱི་མདོག་དང་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཐམས་ཅད་མཚན་ཉིད་ཡོངས་རྫོགས་པའི། །ལྷ་མོ་གཞོན་ནུ་གྲུབ་པ་ནི། །ལྕགས་ཀྱུ་ལྔ་སོགས་སྣོད་ཀྱིས་ནི། །གཉིས་པའི་ཕྱག་ནི་རྣམ་པར་བརྒྱན། །རྡོ་རྗེ་ལྷོ་ཡི་ཆ་རུ་ནི། །འབྱུང་མོའི་མིང་ནི་སྐ་རགས་ཅན། །སྐུ་མདོག་སྔོན་མོ་གཟུགས་མཛེས་པའི། །རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །བདུད་རྩིའི་བུམ་པ་ཕྱག་གཉིས་ན། །གཞན་གྱི་སྒེག་པའི་ཡན་ལག་དང ། །གཤིན་རྗེ་ཡི་ནི་སྲིང་མོ་ཉིད། །དངོས་གྲུབ་ཀུན་སྟེར་ལྷ་མོ་ནི། །ཐམས་ཅད་ཀུན་ལ་གཟུགས་མཛེས་པར། །རྣམ་པར་བརྟག་ཏེ་རི་མོར་བྲི། །རྡོ་རྗེ་དྲིལ་སོགས་རི་པར་ཡང ། །དབང་ལྡན་ལ་སོགས་རིམ་པར་སྦྱར། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང ། །ཕྱག་ནི་ཕྱག་རྒྱ་མཚན་མ་སོགས། །དེ་ལྟར་རྡོ་རྗེ་དབང་ཕྱུག་རྒྱལ། །རོལ་པའི་འཁོར་ལོ་བསམ་པར་བྱ། །ལྷ་རྣམས་དམིགས་བ་དང་བཅས་པ། །སྔགས་དང་ཕྱག་རྒྱ་གཏོར་མས་མཆོད། །ོཾ་སརྦ་
163b
སིདྡྷི་ཀུ་རུ་ཧཱུཾ། ཉེ་བར་སྤྱོད་པའི་སྔགས་སོ། །ོཾ་བྫྲ་ཧཱུཾ་ཕཊ། ཉི་མའི་ལག་པ་རབ་བརྐྱང་ནས། །ཡེ་ཤེས་ཀྱི་ནི་པདྨ་མནན། །དམ་ཚིག་སྔགས་དང་ཕྱག་རྒྱའོ། །དེ་ཡི་སྔགས་དང་ཕྱག་རྒྱ་ཡིས། །ཡན་ལག་དྲུག་ཏུ་བསྲུང་བར་བྱ། །ཡེ་ཤེས་ཁུ་ཚུར་གཉིས་བཅིངས་ནས། །དཀར་པོ་དང་ནི་ས་གདུགས་སྒྲེང ། །འཁྱིལ་པར་ས་གདུགས་འཁྱུད་བྱས་ལ། །དཀར་པོའི་ལྕགས་ཀྱུས་སྤྱན་དྲང་ངོ ། །ོཾ་བྫྲ་ཨཾ་ཀུ་ཤ་ཛཿ ་ཕྱག་རྒྱ་དེ་ཉིད་བརྟན་བཅིངས་ལ། དཀར་པོ་དང་ནི་གི་ཝང་སྦྲེལ། །ཞགས་པའི་དམ་ཚིག་ཕྱག་རྒྱ་ཡི། །ཀུན་ནས་ལྷ་མོ་བཞུགས་པར་ལྡན། །ོཾ་བྫྲ་པཱ་ཤ་ཧཱུཾ། ཕྱག་རྒྱ་དེ་ཉིད་དམ་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །གསང་ཞིང་གསང་བའི་ལྕགས་སྒྲོག་གིས། །ལྷ་རྣམས་ཀུན་ནས་མཉེས་པར་བྱ། །ཁུ་ཚུར་དེ་ཉིད་དམ་བཅིངས་ནས། །རྒྱབ་དང་རྒྱབ་ཏུ་ཡང་དག་ལྡན། །ས་གདུགས་པདྨ་སྦྲེལ་བྱས་ལ། །ཀུན་ནས་ལྷ་ཉིད་ཚིམ་བྱེད་པའོ། །སྤོས་ཀྱི་ཕྱག་གཉིས་རབ་ལྡན་པས། །སོར་མོ་གཉིས་ཀ་སྒྲེང་བྱས་ལ། །ཟླ་བ་ཉི་མར་བཞུགས་བྱས་ལ། །སྙིང་རྗེ་ཆེན་པོའི་ཕྱག་རྒྱའོ། །ོཾ་སུ་ར་ཏ་བྫྲ་ཧཱུཾ་ཛ། ཁུ་ཚུར་གཉིས་ནི་བཅིངས་བྱས་ལ། །ཉི་མའི་སྟེང་དུ་ཁ་སྦྱར་ལ། །ཤར་གྱི་ཕྱོགས་ཀྱི་ལྷ་མོ་ནི། །སྙིང་པོ་སྔགས་དང་ཕྱག་རྒྱའོ། །ོཾ་ཤྲི་ཡེ་བ་ཏི་ཧཱུཾ་ཕུ་སྲཱ་ཧཱ། ཕྱག་རྒྱ་དེ་ཉིད་དམ་བཅིངས་ཏེ། །ཡེ་ཤེས་དང་ནི་རྣམ་ཤེས་སྒྲེང ། །ོཾ་སུ་རྟི་མ་\?\་ཧཱུཾ་ཕུ་སཝཱ་ཧཱ། བྱང་གི་ཕྱོགས་ཀྱི་ལྷ་མོ་ནི། །སྙིང་པོ་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་དམ་བཅིངས་ནས། །དཀར་པོ་དང་ནི་གི་ཝང་སྒྲེང ། །ོཾ་སུ་རུ་སུ་རུ་མ་དུ་རེ་ཧཱུཾ་ཕུ་
164a
༄#། །སཝཱ་ཧཱ། ནུབ་ཀྱི་ཕྱོགས་ཀྱི་ལྷ་མོ་ནི། །སྙིང་པོ་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་དམ་བཅིངས་ནས། །ས་གདུགས་པདྨའི་ཁ་སྦྱིན་བྱ། །ོཾ་པྲི་ཡེ་མེ་ཁ་ལཱ་ཧཱུཾ་ཕུ་སཝཱ་ཧཱ། །ལྷོ་ཕྱོགས་ལྷ་མོ་རྒྱལ་དབང་གིས། །སྙིང་པོ་སྔགས་དང་ཕྱག་རྒྱའོ། །གཉིས་མེད་ཆོ་གའི་སྔགས་ཀྱིས་ནི། །མཁས་པ་ཡིས་ནི་མཆོད་པར་བྱ། །བདུག་པ་མེ་ཏོག་སོགས་གླུ་དང ། །མཁས་པས་མཆོད་པ་ཉི་ཤུས་མཆོད། །འདོད་དང་ཐར་པ་དགེ་བའི་གནས། །ལས་རྣམས་ཐམས་ཅད་འགྲུབ་བྱེད་པ། །རྡོ་རྗེ་ཆོས་ཀྱི་བདེ་སྦྲོ་བ། །རྣལ་འབྱོར་སྔགས་ཀྱིས་སྒྲུབ་པར་བྱེད། །དེ་ནས་ཀུན་གྱི་སྙིང་པོ་ནི། །ཁྲོ་བོ་གནོད་བྱེད་ཁྲོ་མོ་ནི། །དབྱེ་བ་རྣམ་གསུམ་སྐུ་རང་བཞིན། །སངས་རྒྱས་བྱང་ཆུབ་ཡན་ལག་བཞི། །ཁྲོས་པའི་ཁྲོ་བོའི་མཆོག་ཏུ་སྤྲོ། །འཇིགས་པ་ཐེག་པ་རྣམ་པ་གསུམ། །ལྷ་མོའི་ལྟ་བས་འཇིགས་པར་བྱེད། །བདུད་དང་འབྱུང་པོ་གཅོད་བྱེད་ཅིང ། །བདུད་དང་གདུགས་པ་སྐེམས་པ་དང ། །གནོན་ཅིང་ཡུལ་ནས་སྐྲོད་པ་དང ། །འདོད་དང་ཐར་པའི་གོ་འཕང་སྒྲུབ། །ཚངས་པ་མནན་ཅིང་ཉེད་པ་དང ། །ཙ་མུཎྜི་ནི་དྲག་པོས་འགུགས། །འཇིགས་བྱེད་ཀུན་ནས་བསྒྲུབས་པ་ཡང ། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །རེ་ཞིག་དང་པོ་བྲིས་པའི་སྐུ། །མཚན་ཉིད་ཇི་ལྟར་གསུངས་པ་བཞིན། །བྱེ་བ་བཅུ་བཞིའི་ཚོགས་དང་ནི། །སྣ་ཚོགས་གཟུགས་ཅན་བཞིན་ངན་པ། །ལྷ་མོ་དཀའ་བཟློག་གདན་དུ་ནི། །རྒྱན་ཀུན་རས་རྣམ་པར་མནྣ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །
164b
རྡོ་རྗེ་མཁའ་འགྲོ་རྣམ་པར་སྤྲུལ། །ཞལ་གསུམ་ཕྱག་ནི་དྲུག་པ་ཉིད། །འོད་ཟེར་སྔོན་པོ་འབར་བའི་ཞལ། །རོལ་པས་འཕེལ་བའི་གདན་ལ་ནི། །ཚངས་པའི་མགོ་ནི་ཞབས་ཀྱིས་མནན། །སྤྱན་གསུམ་ཁྲོ་ལང་རྒྱལ་ཅན། །དམར་ཞིང་དམར་པའི་སྤྱན་དང་ལྡན། །འཁྱིལ་ཞིང་རྣམ་པར་དགྱེས་པ་ཡི། །དབུ་སྐྲ་དམར་པོས་རྣམ་པར་བརྒྱན། །རུས་པའི་ཐོད་པའི་ཕྲེང་བ་ཡིས། །སངས་རྒྱས་མི་བཟད་ཅོད་པན་མོ། །བགེགས་ཀྱི་མགོ་བོ་བསམ་པ་ཡི། །ཀླུ་གཉིས་ཀྱིས་ནི་རྣམ་པར་བརྒྱན། །ཤིན་ཏུ་དགོད་ཅིང་མཆེ་བ་གཙིགས། །ཞལ་གསུམ་ཁ་དོག་གསུམ་པའོ། །གླང་ཆེན་པགས་པ་བསྣམས་པའོ། །མི་ཡི་པགས་པ་རབ་ཏུ་གསོལ། །རྒྱན་བརྒྱད་ཀྱི་ནི་གནས་ཉིད་དུ། །དཀར་ཞིང་རབ་འབར་རུས་པའོ། །སངས་རྒྱས་མགོ་བོའི་ཕྲེང་བ་དང ། །མཆེ་བ་རྣོ་ཞིང་སོར་མོ་འབར། །སྟེང་གི་ཕྱོགས་སུ་མདའ་དང་ནི། །གཉིས་པ་ལ་ནི་ཁ་ཊྭཱཾ་ག། །གསུམ་པས་རྡོ་རྗེ་གསོར་བའོ། །གཡས་པ་སྡིགས་མཛུབ་ཞགས་པ་དང ། །གཉིས་པ་ལ་ནི་ཐོད་པའོ། །གསུམ་པ་གཞུ་དང་ཀུན་ནས་ལྡན། །རྒན་བྱེད་དྲག་མོ་འཇིགས་སུ་རུང ། །ཞགས་པས་བཅིངས་ཤིང་རྣམ་པར་བརྒྱན། །དྲག་མོ་མནན་ཅིང་མཆེ་བ་གཙིགས། །ཁྲག་འཛག་པ་དང་བརྒྱལ་བ་ནི། །སོ་སོར་དབུས་སུ་བརྒྱན་པ་ན། །སོ་སོའི་ཕོ་ཉ་རབ་ཏུ་སྒྲུབ། །ཚོན་བདུན་གྱིས་ནི་གོས་པ་ཡི། །རྒྱུན་མི་འཆད་པར་རྟག་ཏུ་སྤྲོ། །ཁྲོ་བོ་མཆེ་བ་གཙིགས་པའི་ལུས། །འབར་བའི་འོད་ཟེར་རྡོ་རྗེ་ཅན། །མི་ཡི་ཀེང་རུས་ཀེང་རུས་དང ། །གདུགས་དཀར་པོ་ཡིས་མངོན་པར་
165a
༄#། །གཡོགས། །ཡེ་ཤེས་ཁྲོ་བོ་དབང་ཕྱུག་བདག་།དྲག་ཅིང་ཤིན་ཏུ་དྲག་པ་འདུལ། །བདུད་རྣམས་ཐམས་ཅད་གནོན་མཛད་པ། །ཤིན་ཏུ་གདུག་པའི་སེམས་ཅན་རྣམས། །ཞི་བས་འདུལ་བར་མི་འགྱུར་བས། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁྲོ་བོའི་གཟུགས་ལ་སོགས་པ་བསྟན། །ཁཝ་དང་འུག་པ་བྱ་རྒོད་དང ། །ཅེ་སྦྱང་སྲིན་པོ་ཁྱི་ལ་སོགས། །འཇིགས་པའི་ཀུ་ཅོ་རབ་སྒྲོགས་དང ། །མི་ཡི་ཀེང་རུས་ཀྱིས་བཀང་བའི། །དེ་ལྟར་གཟུགས་བརྙན་རབ་སྦྱོར་བས། །འདོད་དང་ཐར་པ་དོན་གཉེར་དང ། །ཐམས་ཅད་ཁྲོ་བོ་འཇིགས་མཛད་པའི། །སྔགས་པས་གཟུགས་བརྙན་བསྒྲུབ་པར་བྱ། །ོཾ་ཏ་ཧཱུཾ་མ་ཐམ་ཐ་དུཥྚཱ་ན་གྷཱ་ཏ་ཡ་ཧཱུཾ་ཕཊ་སཝཱ་ཧཱ། བ་དན་གསུམ་སོགས་ཕྱག་རྒྱ་ཡིས། །ལས་རྣམས་ཀུན་ནས་རབ་ཏུ་བྱེད། །སྤོས་དང་བདུག་པ་ལ་སོགས་དྲི། །རྒྱས་པའི་མཆོད་པ་ཀུན་ལྡན་པས། །དཔའ་བོ་མཆོད་སོགས་ཡང་དག་ལྡན། །དཀྱིལ་འཁོར་ཆོ་ག་མཐོང་བ་ཡིས། །ཆོ་གའི་ཡན་ལག་སྦྱིན་སྲེག་ལས། །གཏོར་མའི་ལས་ནི་ཁྱད་པར་ཉིད། །མ་བརྟགས་པ་ཡི་ཤ་དང་ནི། །ཁྲག་གིས་ཀྱང་ནི་དེ་ཉིད་ལས། །གང་གང་དངོས་གྲུབ་འདོད་པ་ཡིས། །དེ་ཡི་རྣམ་པས་ཚིམ་པར་བྱ། །ོཾ་བ་ཏྲི་ཏྟི་ནཱི་མཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཟླ་བ་ཉི་མ་བརྐྱང་ནས་ནི། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །དཀར་པོ་གི་ཝང་སྤྲེལ་བྱས་ནས། །ས་ཡི་གདུགས་དང་པདྨ་སྤྲེལ། །དེ་ཉིད་སྙིང་པོ་ཕྱག་རྒྱ་དང ། །སྔགས་དེ་ཉིད་ནི་རྣམ་པར་སྦྱང ། །ཕུར་བུ་ར་བ་ཚམ་ངམ་དང ། །དྲ་བ་གོ་ཆ་མཚོན་ཆ་
165b
རྣམས། །ལས་ཀྱི་གནས་སུ་དགོད་པ་ནི། །ཕྱག་རྒྱ་འདི་ནི་རབ་ཏུ་གྲགས། །ཕྱག་རྒྱ་འདི་ཉིད་སྙིང་གར་བཅིང ། །ཡེ་ཤེས་དང་ནི་རྣམ་ཤེས་སྦྱར། །ོཾ་ཀྲོ་དྷ་ནི་ཧཱུཾ་ཨ། སྙིང་པོ་མཆོག་གི་ས་བོན་དང ། །ཕྱག་རྒྱ་དེ་ཉིད་རྣམ་པར་བྱ། །ལུས་དང་སྲོག་ལ་ལྟོས་མེད་པར། །ཆེན་པོའི་སེམས་ཀྱིས་བསྒྲུབ་པར་བྱ། །དྲག་ཅིང་རྣོ་བའི་ལྷ་མོ་ནི། །རྣོ་བའི་སེམས་ཀྱིས་བསྒྲུབ་པར་བྱ། །ཅུང་ཟད་ཞི་བའི་ལྷ་མོ་ནི། །ཐབས་གཅིག་གིས་ནི་མཚན་ཉིད་དོ། །ཆུ་ཡི་འགྲམ་གྱི་ས་ཕྱོགས་སུ། །སྔོན་དུ་བསྙེན་པ་ལ་སོགས་བྱ། །འབུམ་ཕྲག་ལྔ་ནི་བཟླས་པ་དང ། །ཕྱིས་ནི་འབུམ་ཕྲག་གཅིག་གིས་སོ། །ཞི་བའི་མཆོད་པ་ཕུལ་ནས་ནི། །མེ་ཡི་ལས་ལ་སོགས་པ་བྱ། །ནག་པོ་ར་ཡི་ཤ་དང་ནི། །ཁྲག་དང་རྣམ་པར་བསྲེས་ནས་ནི། །བྲིས་སྐུ་ལ་སོགས་གཟུགས་བརྙན་མདུན། །རྫོགས་པའི་ཆོ་གས་སྦྱིན་སྲེག་བྱ། །གཏོར་མ་སྦྱིན་སྲེག་གིས་ཚིམ་བྱ། །ཐམས་ཅད་ལས་ནི་འགྲུབ་པར་འགྱུར། །ཞི་དང་རྒྱས་དང་དབང་དྲག་དང ། །མངོན་པར་སྤྱོད་པ་ལ་སོགས་འགྲུབ། །དྲི་ཞིམ་ཆུ་ཡིས་བཀང་བ་ཡིས། །བུམ་པ་རྒྱ་ཆེར་མཆོད་པ་ཡིས། །ནད་ཀྱི་ཡན་ལག་གཟིར་བ་ལ། །སྔོན་དུ་དབང་བསྐུར་བྱིན་བྱས་ནས། །ནད་ཀུན་དང་ནི་བྲལ་བ་དང ། །དེ་བཞིན་གཟའ་ཡིས་གནོད་པ་ཉིད། །སྐལ་པ་དམན་དང་མི་བྱམས་པས། །ཐམས་ཅད་ཞི་བ་ཐོབ་པར་འགྱུར། །སེར་པོའི་མཚོན་དང་སྤྲ་ཚིལ་ལས། །ལོག་འདྲེན་ལྷ་ཡི་གཟུགས་བརྙན་ཉིད། །མཉམ་པྤའི་གདན་ལ་ཐལ་མོ་སྦྱར། །ཕྱག་བཞི་ཡིས་ནི་རྣམ་པར་སྤྲས། །མཆེ་བ་གྲྩིགྶ་པ་ཡན་ལག་རྒྱས། །པདྨའི་སྣོད་ལ་གནས་པ་
166a
༄#། །ནི། །རྩེ་གསུམ་དང་ནི་བཟའ་བའི་སྣོད། །དགྲ་སྟ་ལ་ཕུག་ཕྱག་ནའོ། །སོར་མོ་བཞི་ཡི་ཚད་དུ་ནི། །རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །བྲིས་སྐུའི་གཟུགས་བརྙན་མདུན་དུ་ནི། ། འཁྲུལ་འཁོར་འདི་ནི་བྲི་བར་བྱ། །གྲོ་ག་འམ་ནི་ཤིང་ཤུན་ལ། །གི་ཝང་དང་ནི་གུར་གུམ་གྱིས། །སྒྲུབ་པ་པོ་ཡི་གཟུགས་བརྙན་བྲི། །གཟུགས་དང་རྣམ་པ་ཀུན་ལྡན་པ། །སྙིང་གར་མིང་ནི་བྲི་བར་བྱ། །གཡོ་དང་ལྷུང་དང་སྲོག་འདྲེན་པ། །ལྕགས་ཀྱུ་ཀུན་ནས་ལྡན་པ་དང ། །དཔྲལ་བར་དྲངས་ནས་གཞག་པར་བྱ། །བགེགས་ཀྱི་དབང་པོ་ཡི་ནི་གདན། །སྙིང་གར་མནན་ནས་གཞག་པར་བྱ། །མེ་ཏོག་བདུག་པ་སོགས་པས་མཆོད། །ནན་ཏན་གྱིས་ནི་གཏོར་མའི་ལས། །དོན་འདོར་འབྲས་བུ་དོན་གཉེར་བའི། །རྣལ་འབྱོར་པས་ནི་སྔགས་ཡིག་བཟླས། །ོཾ་ཏྲཾ་ཐ་ཐ་ཐ་ཧཱུཾ་ཛ་སཝཱ་ཧཱ། མེ་ཏོག་དཀར་པོ་ལ་བཟླས་ཤིང ། །རེ་རེ་ཞིང་ནི་བརྡེག་པར་བྱ། །བརྒྱ་རྩ་བརྒྱད་དུ་ཡོངས་རྫོགས་ན། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །སྔགས་འདི་ཡིས་ནི་སྦྱོར་བ་ཡིས། །སྒྲུབ་པ་པོ་ཡི་ཡིད་གཡོ་ཞིང ། །མྱུར་དུ་འགུགས་ཤིང་ལོན་པའོ། ། རྒྱལ་པོའི་དབང་པོ་དབང་ཕྱུག་སོགས། །རྒྱལ་པོ་དང་ནི་རྒྱལ་ཚབ་དང ། །ཕྱུག་པོའི་བྱིས་པ་ལ་སོགས་དང ། །ཤིན་ཏུ་མཛེས་པའི་བདག་ཉིད་ལུས། །ཤ་རྩི་དང་ནི་བརྒྱ་བྱིན་སོགས། །གལ་ཏེ་ཀུན་ནས་འདོད་ཙམ་གྱིས། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །ཇི་སྲིད་ལུས་ནི་འཚོ་བའི་བར། །དུས་རྟག་ཏུ་ནི་རྣམ་པར་འདུད། །ང་རྒྱལ་ཡན་ལག་གཙོ་བོ་བས། །ང་རྒྱལ་གྱིས་ནི་འགྲུབ་པར་འགྱུར། །ཁྲོ་བོའི་
166b
ལུས་ནི་བསྟན་པ་ཡིས། །ལས་དང་ལས་ནི་མྱུར་དུ་འགྲུབ། །ཁྲོ་བོའི་ལུས་རྣམ་པར་བསྟན་པ་ཞེས་བྱ་བ་རྫོགས་སོ།། །།སྤྱོད་པའི་ཆོས་ཅན་ཀུན་བསྡུས་པ། །བརྟུལ་ཞུགས་མཚན་ཉིད་བརྟན་པའོ། །ཡེ་ཤེས་ལོངས་སྤྱོད་འབྲས་འདོད་པས། །སྤྱོད་པའི་མཚན་ཉིད་ཤེས་པར་བྱ། །མི་བཟད་འཁོར་བ་འཇིགས་པ་ནི། །ཆགས་པས་སྲིད་པར་ལྟུང་བའོ། །ཆགས་པ་སྤངས་པའི་ལུས་ཀྱིས་ནི། །རྒྱུན་དུ་བརྟུལ་ཞུགས་ཡང་བཟུང་ངོ ། །དབེན་པར་ཤིན་ཏུ་མཉམ་བཞག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པའོ། །ཆགས་པས་སྲིད་པར་ལྟུང་བ་དང ། །ཞེན་པས་འཁོར་བར་འཇུག་པར་བྱེད། །རྨོངས་པའི་བདག་ཉིད་རིང་དུ་སྤངས། །སེམས་ཅན་དོན་དུ་ཆོས་བསྟན་ཕྱིར། །སེམས་ཅན་དོན་བྱེད་གྱུར་བས་ཀྱང ། །བརྟུལ་ཞུགས་དཀའ་ཐུབ་མི་བཟད་པས། །དབེན་པར་སྦྱོར་བས་འགྲུབ་པར་འགྱུར། །ཆགས་པའི་ཉེས་པ་རྒྱ་མཚོར་འཁོར།། བདག་ཉིད་ཉོན་མོངས་ལས་རྒྱལ་ཕྱིར། །སེམས་ཅན་དོན་བློ་འབའ་ཞིག་གོ། །སེམས་ཅན་དོན་འགྱུར་དུས་སུ་ནི། །སྤྱོད་དང་སྡོམ་པའི་སྔོན་བཞིན་ནོ། །འདུ་འཛི་དང་བྲལ་དབེན་པ་ནི། །དགའ་བ་རུ་ནི་ལུས་སྲུང་ངོ ། ། དང་པོ་རོ་ཞིག་རྣལ་འབྱོར་པས། །བསྟན་བཅོས་ཚིག་རྣམས་བླངས་བྱས་ནས། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །རབ་ཏུ་རྣོ་བས་ཆོས་སྤྱོད་དོ། །གནས་དང་གནས་ལའང་མི་གནས་པའི། །ནམ་དུ་ཡང་ནི་མི་བཟུང་ངོ ། །བཟའ་དང་བཟའ་མིན་པར་རྟོགས་པའི། །དམན་སོགས་ངེས་པར་མི་བྱའོ། །འབད་པས་རྟག་ཏུ་དགའ་བ་ཡིས། །ལྷམ་མཁན་ཉ་པ་བཤན་པ་དང ། །བྲམ་ཟེ་དམངས་རིགས་རྒྱལ་རིགས་
167a
༄#། །རྣམས། །མཉམ་པའི་སེམས་ཀྱི་ལམ་གྱིས་ནི། །རྟག་ཏུ་སློང་མོ་བསླང་བར་བྱ། །གལ་ཏེ་གོང་དུ་སྤྱོད་པའི་ཚེ། །གང་ཞིག་བཟའ་སྟོན་ཟོས་པ་དང ། །མལ་ཆ་རས་དང་མཆིལ་ལྷམ་ཡང ། །ལོངས་སྤྱོད་ལོངས་སྤྱོད་ཡིད་འོང་བའི། །བརྟུལ་ཞུགས་ལ་གནས་ཙམ་གྱིས་ནི། །རྣལ་འབྱོར་སྡོམ་པ་རིང་བ་ཉིད། །སྤྱོད་པ་སྤྱོད་དགུར་རྣལ་འབྱོར་པས། །བསོད་ནམས་ལག་ཏུ་བླང་བར་བྱ། །ཐམས་ཅད་བླངས་ཀྱང་ཉེས་མེད་དེ། །དངོས་པོ་ཡང་ནི་མི་བཟུང་ངོ ། །སེམས་ནི་རྣམ་པར་དག་པ་ཡི། །ཐམས་ཅད་བཟའ་ཞིང་བཟའ་བ་ཉིད། །དག་ཅིང་གུས་བཅས་ང་རྒྱལ་གྱིས། །དེ་ཡིས་གནས་ནི་ཡོངས་སུ་སྤང ། །དད་པས་དཀྱིལ་འཁོར་འདྲི་བ་དང ། །ཡང་ན་གཏོར་མའི་ལས་ལ་ནི། །བསགས་པའི་རྫས་ཀྱི་དངོས་པོ་ནི། །དེ་ཡི་གནས་སུ་དབུལ་བར་བྱ། །ཆོས་གོས་གསུམ་གྱི་ལྷག་མ་ནི། ། སླར་ཡང་གུས་པ་ཡིས་ནི་བཟུང ། །སྤྱི་བོར་དུར་སྨྲིག་མཚན་མ་དང ། །སངས་རྒྱས་བྱང་ཆུབ་ཡན་ལག་དང ། །སྙིང་པོའི་ཆེམ་བེར་ཆོས་གོས་གསུམ། །སྟེང་དུ་རྡོ་རྗེ་དབྱུག་པ་དང ། །ལྷུང་བཟད་མཆན་ཁུང་ཆུ་ཚགས་བཅས། །དེ་ལྟར་འཛིན་པའི་ལུས་ལ་ནི། །གླེགས་བམ་ལ་སོགས་གཞན་ཡང་མེད། །གྲོག་མོ་ལ་སོགས་བསལ་བའི་ཕྱིར། །རྔ་མའི་ཆུན་པོ་བསྔགས་པ་ཡིན། །སངས་རྒྱས་བྱང་ཆུབ་ཡན་ལག་དང ། །ཆོས་དོན་རྩ་བ་སྙིང་རྗེ་ཉིད། །དེ་ནས་བསླབ་པར་བྱ་བ་ནི། །བླ་མའི་ཚིག་གི་སྡོམ་པའོ། །སངས་རྒྱས་ཡེ་ཤེས་རྫུ་འཕྲུལ་ཆེ། །མཆོག་ལ་སྐྱབས་དང་སྐྱབས་སུ་མཆི། །རྡོ་རྗེ་དབང་ཕྱུག་མཆོག་གི་
167b
ལུས། །རྡོ་རྗེ་སེམས་དཔའ་བདག་ཕྱག་འཚལ། །ལྷ་མོ་ཤེས་རབ་སྦྱོར་རང་བཞིན། །མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ། །ོཾ་ཨ་མུ་ཀ་ས་མ་ཡོ་ཧཾ་ས་མ་ཡ། ཨ་མུ་ཀ་ས་མ་ཡོ། ཨོཾ་ཨ་མུ་ཀ་ས་མ་ཡོ་ཧཾ་ས་མ་ཡ། ཨོཾ་བྫྲ་བྫྲ། མཧཱ་བྫྲ་བྫྲ། ཀཱ་ཡ་སུ་པ་ར། ཧི་ཧི་ཧི། ཧོ་ཧོ་ཧོ། ཧཱུཾ་ན་ནི་པ་ཏ་དཾ། འདི་ཡི་སློབ་མ་རབ་ཏུ་བཟུང ། །བརྟུལ་ཞུགས་རྡོ་རྗེ་རྡོ་རྗེ་ཅན། །གཉིས་པའི་ལས་ཀྱིས་བསྒྲུབ་པར་བྱ། །སྦྱོར་དང་གསང་བའི་སྔགས་རིགས་པས། །ཐམས་ཅད་དུས་དང་དུས་ཉིད་དུ། །ཚིགས་བཅད་གཉིས་ནི་བརྗོད་པར་བྱ། །གང་ཞིག་ཕ་དང་གང་ཞིག་མ། །གང་ཞིག་མཛའ་བའང་མི་རྟག་པའོ། །སངས་རྒྱས་ལུས་ནི་སྒྱུ་མ་ཉིད། །རྟག་ཏུ་ཆོས་ཀྱིས་ཡོངས་སུ་སྐྱོབ། །ཀྱེ་མ་སྟོང་པ་ཉིད་ཀྱི་མཐུས། །དངོས་ཀུན་རྣམ་པར་མནན་པའོ། །སངས་རྒྱས་འབྲས་བུ་རབ་སྟེར་བའི། །མཁས་པ་ཡིས་ནི་གཟུང་བར་བྱ། །རྨོངས་པ་བཅད་པའི་དོན་དུ་ནི། །དུས་གསུམ་དུ་ནི་ཚིགས་བཅད་བརྗོད། །འཆག་དང་ཉལ་དང་འགྲོ་བ་དང ། །འདུག་དང་འགྲོ་བ་ཐམས་ཅད་དུ། །སྔགས་ཀྱི་སྦྱོར་བ་བརྟན་བྱས་ནས། །སེམས་དང་སེམས་ཀྱིས་ཉལ་བར་བྱ། །བསྐྱེད་དང་སྐྱེ་བར་བརྒྱུད་པ་ཡི། །འབྱུང་བ་ལྔ་ཡི་ལུས་ཀྱི་སྡིག། ཉིན་མཚན་གཉིས་ཀྱི་སྤྱོད་པ་ཡིས། །ལུས་ཀྱི་དྲི་མ་དག་པ་ཉིད། །ཟླ་བ་དྲུག་ཏུ་སྤྱད་བྱས་པས། །རང་འདོད་ལྷ་ནི་འགྲུབ་པའོ། །བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པས། །མི་ཤེས་པས་ཀྱང་ཡེ་ཤེས་འཐོབ། །དེ་ལྟར་
168a
༄#། །ཡོན་ཏན་རང་བཞིན་ཞིང ། །བརྟུལ་ཞུགས་སྤྱོད་པ་ཡི་ནི་རྒྱུ། །བརྟུལ་ཞུགས་སྦྱོར་བ་སྦྱོར་བ་ཡིས། །ཐམས་ཅད་རྨོངས་པ་རྣམ་པར་སྤངས། ། ཐབས་ཀྱི་མཚན་ཉིད་མཚོན་པ་ཡིས། །མཉམ་ཉིད་ལྟ་བ་རྫོགས་བྱས་ནས། །རྣམ་དག་ལྟ་བ་འབའ་ཞིག་གོ་།ཀུན་ནས་སྟོང་པ་མཉམ་པའི་རོས། །དངོས་པོ་ཀུན་གྱི་མཚན་ཉིད་མེད། །ཀུན་ནས་སྟོང་པ་ཉིད་ཀྱི་མཐར། །རྣམ་པར་རྟོག་པ་ཇི་ལྟ་བུར། །རྨོངས་པས་བརྟགས་ཤིང་རྣམ་བརྟགས་པའི། །དག་པའི་སེམས་དང་སེམས་པར་བཅས། །རྨོངས་པ་ཉོན་མོངས་རྒྱ་མཚོའི་ལུས། །འདོད་པ་ཁྲོ་བོའི་གཞི་དེ་ནི། །རྣོ་བའི་སེམས་ཀྱིས་རྨོངས་པ་ནི། །ཡེ་ཤེས་ལྡན་པའི་ལུས་ཀྱི་དབྱེ། །སྣུན་པའི་བཟའ་དང་འཇམ་པའི་གོས། ། སྣ་ཚོགས་དབང་པོས་རེག་པ་ཡིས། །གཏི་མུག་ཆགས་པས་གོ་བཟློག་པས། །སྲིད་པར་ལྟུང་བའི་ལས་སུ་འགྱུར། །ལས་ནི་བྱ་བའི་དབང་པོར་འགྱུར། །རྨོངས་པ་ཡེ་ཤེས་མི་རྟག་པའོ། །འདོད་དང་ཁྲོ་དང་ང་རྒྱལ་འཇོམས། །སྲིད་པར་འཆི་བའི་བཟའ་བའོ། །འབྱུང་པོ་འབྱུང་ལ་བརྩེ་བ་དང ། །ཀུན་ནས་སྡིག་པ་མི་བརྟག་གོ། །མགོན་མེད་སྡུག་བསྔལ་ཕོངས་པ་ལ། །ནོར་པས་མནར་མེད་གྱུར་བ་བཞིན། །འཇིག་རྟེན་འདིར་ནི་སྨ་འབེབས་དང ། །མཚང་འདྲུ་བ་ནི་མཆོག་ཏུ་གཙོ། །ཐེག་པ་ཆེ་ལ་ལེགས་བསླབས་པས། །
168b
ངན་འགྲོའི་དངོས་པོར་ཡང་མ་ཡིན། །ཀུན་ནས་བཟའ་དང་ལེགས་བཟའ་པས། །ཡང་དག་དགའ་བས་ལུས་སྲུང་ངོ ། །རྙིང་པའི་བཟའ་སྟོན་ངན་པ་ཡིས། །དེས་པར་བདག་ཉིད་དགའ་བར་བྱ། །སྔོན་གྱི་བསླབ་སོགས་བསླབ་པ་དང ། །སྔོན་དུ་ཐམས་ཅད་བསྔམས་པ་ཉིད། །བརྟུལ་ཞུགས་སྤྱོད་པ་མཉམ་གཞག་པས། །མནར་མེད་དམིགས་པ་མེད་པའོ། །སྔོན་གྱི་མཚན་ཉིད་མཚོན་པ་ཡིས། །སྔོན་དུ་བསླབ་སོགས་བསླབ་པར་བྱ། །བརྟུལ་ཞུགས་སྤྱོད་པ་མཉམ་གཞག་པས། །བསླབ་པ་གུས་པས་བསླབ་པར་བྱ། །བུད་མེད་འཇིགས་གཟུགས་དྲག་མོ་ཉིད། །སྐྲ་ནི་འཛིངས་ཤིང་འཁྱིལ་པ་དང ། །དུར་སྨྲིག་དམར་པོ་འཇམ་པ་ཉིད། །ཕྲ་མོའི་རྡུལ་གྱིས་འཇམ་པ་བགོ། །མི་ཡི་རུས་པས་བྱས་པ་ཡང ། བུད་མེད་རྒྱན་དུ་རྣམ་པར་བརྒྱན། །རྙིང་པའི་ཚེམ་བེར་དམར་པོ་ནི། །མི་ཡི་པགས་པས་གཡོགས་པར་བྱ། །སྣོད་ཆེན་པོ་ནི་གཉིས་པ་རུ། །གཟུང་ལ་དབང་པོ་ལྔ་ནི་བཟུང ། །སྟེང་དུ་རྡོ་རྗེའི་དབྱུག་པ་ནི། །མི་ཡི་ཡན་ལག་རུས་པས་བརྒྱན། །བ་དན་དྲིལ་བུ་ཕྲེང་བ་ནི། །དབྱུག་པ་ལག་པ་གཡོན་པས་གཟུང ། །ད་ལྟར་བསྡུས་པའི་ལུས་ཀྱིས་ནི། །འབད་པས་བརྟུལ་ཞུགས་སྤྱོད་པར་བྱ། །འདི་ལྟར་རྫས་སོགས་དངོས་པོ་ནི། །མེ་བཞིན་འབར་བས་རེག་མི་བྱ། །བཟའ་དང་བཏུང་བ་ལ་སོགས་གཞན། །དང་པོ་བསྡུ་བར་ཡང་མི་བྱ། །སྙིང་རྗེར་
169a
༄#། །ཕན་པའི་སེམས་ཀྱིས་ནི། །ཀུན་ནས་དགའ་ཞིང་བཟའ་བར་བྱ། །ཐམས་ཅད་གནོད་པ་དོན་མེད་པས། །དངོས་པོ་ཀུན་ནས་ཡོངས་སུ་སྤང ། །ལུས་ནི་སྲུང་པ་ཙམ་གྱིས་ནི། །སློང་མོའི་བཟའ་བ་བསླང་བར་བྱ། །སྟོང་པའི་ཁྱིམ་དང་དུར་ཁྲོད་དང ། །བས་མཐའ་དང་ནི་དགོན་པར་གནས། །མཚན་མོ་ཀུན་ནས་བགྲོད་པར་བྱ། །བཟླས་དང་བསམ་གཏན་མཆོག་ཏུ་མཚོན། །འཆག་དང་ཉལ་དང་འདུག་པ་འམ། །ཤེལ་གྱ་རྣམ་པའི་སེམས་དང་ནི། །རང་བཞིན་ཡོངས་སུ་དག་པ་ཉིད། །བཟླས་དང་བསམ་གཏན་འབའ་ཞིག་གོ། །དེ་ཡིས་ཐམས་ཅད་འགྲུབ་འགྱུར་བར། །སངས་རྒྱས་ཀུན་གྱིས་གསུངས་པ་ཉིད། །སྡིག་སྤངས་རྣམ་པར་སྤྱོད་པ་ཡིས། །འཁོར་བ་རུ་ནི་མི་གནས་པའོ། ། ཐམས་ཅད་དངོས་པོ་དངོས་མེད་པར། །རྟག་ཏུ་སེམས་ཀྱིས་ལྟ་བ་ཉིད། །བདག་ཉིད་སངས་རྒྱས་རྒྱུ་རུ་ནི། །དེ་ནས་ཚིག་བཅད་གཉིས་ནི་བརྗོད། །སྦྱིན་པ་ཆོས་ཀྱིས་སྲུང་བར་ནི། །ཚིགས་བཅད་གཅིག་གིས་གནང་བར་བྱ། །ེ་མའོ་རྨོངས་པ་ཡི་ནི་མཐུས། །ལུས་ཅན་ཀུན་ནས་དབང་དུ་བྱས། །འདོད་སོགས་ཆོས་སོགས་མི་བཟད་པས། །མཁས་པ་ཡིས་ནི་ཡོངས་སུ་སྤངས། །དངོས་མེད་དངོས་པོ་ཡང་མ་ཡིན། །གཟུང་དང་འཛིན་པ་མི་རྟོག་པས། །སྲིད་པའི་དགོན་པ་ལས་རྒལ་ཞིང ། །དམིགས་པ་མེད་པའི་བདེ་བ་འཐོབ། །
169b
གཞན་གྱིས་བརྟགས་པའི་ལོངས་སྤྱོད་སོགས། །ཉལ་དང་འཆག་པར་དུས་གསུམ་དུ། །རྣལ་འབྱོར་ཚིགས་བཅད་གཅིག་གིས་ནི། །རྣལ་འབྱོར་རྨོངས་པ་གཅོད་བྱེད་པའོ། །སེམས་ཆེན་པོ་ཡི་སེམས་ཀྱི་ནི། །རྙིང་པའི་རས་ནི་བསགས་པ་ཡིས། །དེ་ཡིས་གོས་སུ་རབ་ཏུ་བགོས། །ཀེང་རུས་ཀྱི་ནི་ཡན་ལག་ཀུན། །ཤིན་ཏུ་མཛེས་པའི་དབྱིག་པ་བཟུང ། །པ་ཊ་ཧ་ཡི་ཆོས་ཀྱིས་བརྡུང ། །རྡོ་རྗེའི་གླུ་ནི་བླང་བ་ཉིད། །སེམས་ཅན་སྒྲོལ་བའི་རྒྱུ་རུ་ནི། །གྲོང་ནས་གྲོང་དུ་ཀུན་ཏུ་རྒྱུ། །དམིགས་པ་མེད་པའི་རང་བཞིན་གྱིས། །བརྟུལ་ཞུགས་སྤྱོད་པས་མཉམ་པར་གཞག་།དག་པའི་སེམས་ནི་མི་དམིགས་པས། །དགའ་བ་ཡིས་ནི་བསྲུང་བར་བྱ། །སྤྱོད་པ་ཡིས་ནི་རྒྱུར་གྱུར་པས། །རྣལ་འབྱོར་སྤྱོད་པ་དོན་ཀྱི་རྒྱུ། །སྡིག་པ་ཐམས་ཅད་རྣམ་བསལ་ཞིང ། །ཉེས་པ་ཀུན་ནས་རྣམ་སྤངས་ལ། །བརྟུལ་ཞུགས་ཟླ་དྲུག་སྤྱད་པ་ཡིས། །རང་འདོད་ཡེ་ཤེས་འགྲུབ་པར་འགྱུར། །བརྟུལ་ཞུགས་ཀྱི་སྤྱོད་པ་རྣམ་པར་བསྟན་པའི་ལེའུ་ཞེས་བྱ་བ་རྫོགས་སོ།། །།དེ་ནས་ཐམས་ཅད་སྙིང་པོ་ནི། །དེ་ཉིད་ཀུན་གྱི་དོན་བསྡུས་པ། །འཁོར་བར་བརྟན་དང་གཡོ་བཅས་པའི། །ཀུན་གྱི་སྙིང་པོར་རབ་སྦྱོར་བའོ། །དང་པོར་རེ་ཞིག་རྣལ་འབྱོར་པས། །ཡིད་དུ་འོང་བའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །སྔོན་དུ་བསྙེན་པ་ལ་སོགས་བྱ། །རྡོ་རྗེ་འམ་ཤེས་རབ་རྣལ་འབྱོར་གྱིས། །
170a
༄#། །འབུམ་ཕྲག་གསུམ་དུ་བཟླས་བྱས་ནས། །ཕྱིས་ནི་རང་འདོད་པ་ཡི་ལས། །འགྲུབ་པར་འདི་ལ་ཚོ་མ་མེད། །སྦྲ་ཚིལ་ལ་ནི་གཟུགས་བརྙན་བྱ། །ཚ་བའི་མར་ཁུས་བྱུག་བྱས་ལ། །སྙིང་གར་མིང་ནི་བཞག་པ་དང ། །ཚིགས་དང་ཚིགས་སུ་ཚེར་མས་དགང ། །སྐྱུར་པོ་ཚ་དང་མ་རུ་རྩེར། །གཟུགས་བརྙན་དང་ནི་ཡང་དག་ལྡན། །སྣོད་དུ་བསྲེས་ལ་ཡང་དག་གཞག་།ཡེ་ཤེས་ལུས་ལ་ལུས་ཀྱི་ནི། །རྐང་པ་གཡས་བས་མནན་པར་བྱ། །རྣོ་བའི་སེམས་ཀྱིས་བཟླས་བྱས་པས། །མཚན་མོ་གཅིག་གི་མཐའ་རུ་ནི། ། འགྲུབ་པར་འདི་ལ་ཐེ་ཚོམ་མེད། །སྨིན་པའི་མེ་ལ་བཞག་བྱ་བྱ། །རྒྱལ་པོ་མྱུར་དུ་གདུང་བར་འགྱུར། །དཀོན་མཆོག་གསུམ་ལ་གནོད་པ་ལ། །ལས་འདི་ཡིས་ནི་སྦྱར་བར་བྱ། །ཧྲཱིཿ ་མོ་གྷ་སི་སི་ད་ཧ་ད་ཧ་གྲི་ཧྣ་གྲིཧྣ་ཧཱུཾ་ཧྲཱིཿ ་སྔ་དྲོ་ཉི་མ་ཤར་དུས་ལ། །མེ་ཏོག་དཀར་པོའི་མནྟལ་དང ། །སྤོས་དང་མར་མེའི་ཆོ་ག་ཡིས། །ཞི་བའི་ལ་སྣི་རྣམ་པར་བྱ། །ཆུ་དང་འོ་མ་བསྲེས་པའི་སྣོད། །དེར་ནི་གཏོར་མ་སྦྱར་ནས་ནི། །སྔགས་ནི་བརྒྱ་རྩ་བརྒྱད་དུ་བཟླས། །རྒྱལ་པོ་ནད་དང་བྲལ་བར་འགྱུར། །ོཾ་ཨ་མྲི་ཏ་བ་ར་དེ་ཧཱུཾ་ཧཱུཾ་ཧཱུཾ་ཨ་ཨ་ཨ། ཐམས་ཅད་ལས་ནི་བསྡུས་བྱས་ལ། །ཆུ་བོ་ཆེན་པོའི་རྒྱུན་ལ་བསྐུར། །རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ལེའུ་རྫོགས་སོ།། །།དེ་ནས་རབ་སྦྱོར་
170b
སྙིང་པོ་འདི། །སྔགས་པས་རབ་ཏུ་རྣམ་པར་སྤྱད། །ཡུངས་ཀར་ལས་ནི་གཟུགས་བརྙན་བྱ། །སྙིང་གར་མིང་ནི་རྣམ་པར་སྦྱར། །རྡོ་དང་ཚེར་མ་ལྟེ་བར་རོ། །རྐང་པས་མནན་ཅིང་བཟླས་པར་བྱ། །སུ་ཏཱི་ཀྵྞཱ་ཤཱུ་ལ་ཧཱུཾ་རྫ་ཕཊ་ཧྲཱིཿ ། མེ་ལ་བསྲོ་ཞིང་གདུང་བ་དང ། །ལྷག་པར་བཟླས་ཤིང་གཞག་པར་བྱ། འདི་ལྟར་མཚོན་པའི་མཚན་ཉིད་ཀྱིས། །མོད་ལ་གཟེར་བས་ཡང་འཛིན་ཏོ། །ཞི་བའི་མཆོད་པའི་ཆོ་ག་ལས། །འོ་མ་དང་ནི་སྦྲང་རྩིས་བཀྲུ། །ཆུ་བོའི་རྒྱུན་ལ་བསྐུར་བྱ་ན། །གཟེར་ཞིང་གཟེར་བའི་ནད་དང་བྲལ། །ོཾ་སརྦ་ཀ་རི་ཧཱུཾ་ཛ་སཝཱ་ཧཱ། གཟེར་བ་རབ་ཏུ་ཞི་བར་བྱེད་པའི་སྔགས་སོ། །དེ་ནས་ཐམས་ཅད་སྙིང་པོ་ཡིས། །གཞན་གྱི་ལས་ཀྱིས་མཚན་ཉིད་ནི། །སྔོན་དུ་བསྙེན་སོགས་བསྟེན་བྱས་པས། །ལས་ཀུན་འགྲུབ་པར་འགྱུར་པའོ། ། ནག་པོའི་མཐའ་དང་ཐ་མ་ལ། །བ་སྐམ་གྱི་ནི་ལྕི་བ་ལས། །བསྒྲུབ་བྱ་ཡི་ནི་མིང་དང་གཟུགས། །དམར་པོའི་ཙནྡན་གྱིས་ནི་བསྐུ། །བསྒྲུབ་བྱའི་མིང་ནི་ཀུན་ནས་བཞག་།སེང་ལྡེང་ཕུར་པས་མིག་འབྲས་ལ། །གཡོན་པའི་རྐང་པས་མནན་ནས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཤིང ། །མེ་ལ་བདུག་ཅིང་བདུགས་པ་ཡིས། །མིག་ནི་གཟེར་བས་འཛིན་པར་འགྱུར། །ོཾ་ཙཀྵུ་མ་ལི་ནི་ཧཱུཾ་ཕཊ། འདི་ཡི་སྔགས་དང་སྔགས་ཀྱིས་ནི། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །ཞི་བའི་མཆོད་པས་མཆོད་བྱས་ནས། །ོཾ་བྫྲ་ཏཱི་ཀྵྞཱ་ཡ་ཧཱུཾ་སཝཱ་ཧཱ། ལན་བདུན་མངོན་
171a
༄#། །པར་བསྔགས་བྱས་ནས། །དེ་ཡི་འོ་རྒྱུན་ལ་བཀྲུས་ན། །བསྒྲུབ་བྱའི་ནད་དང་གནོད་པ་སེལ། །མིག་འབྲས་རྣོ་ཞིང་གསལ་བར་འགྱུར། །མིག་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ཆོ་གའོ། །ལྷང་ཚེར་ལས་ནི་བསྒྲུབ་པར་བྱ། །མཁས་པས་ཁྲག་གིས་བྲིས་པའོ། །དུག་དང་དུར་ཁྲོད་སོལ་བ་ཡིས། །མིག་གི་འབྲས་བུ་བྱུགས་བྱས་ལ། །རྐང་པ་གཡོན་པས་མནན་ནས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པའོ། །ོཾ་ཀྲྀཥྞཱ་པིངྒ་ལི་ཧཱུཾ་ཁཾ་ཕཊ། འདི་ཡི་སྔགས་དང་སྔགས་ཀྱིས་ནི། །བདག་ཉིད་ལྕི་བས་བྲན་པར་བྱ། །དེ་ལྟར་མཚན་ཉིད་ཀུན་ལྡན་པས། །བསྒྲུབ་བྱ་མྱུར་དུ་ལོང་བར་འགྱུར། །སྦྲང་རྩི་མར་གྱིས་བསྐུ་བྱས་ནས། །བསྒྲུབ་བྱའི་ནད་དང་གནོད་པ་སེལ། །བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས། །ོཾ་ཨ་མྲྀ་ཏ་ལོ་ཙ་ནེ་ཨ་སཝཱཧཱ། ལོང་བ་རབ་ཏུ་ཞི་བར་བྱེད་པའི་སྔགས་སོ། །གཞན་ཡང་བསྒྲུབ་བྱ་སྒྲུབ་པ་པོས། །ལས་ནི་ཤིན་ཏུ་རྣམ་པར་སྤྱད། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །སྡིག་གིས་གོས་པར་མི་འགྱུར་རོ། །བག་ཟན་ལས་ནི་པདྨའི་དབྱིབས། །བསྒྲུབ་བྱའི་མིང་ནི་དབུས་ཉིད་དུའོ། །ཁྱི་ཡི་སྤུ་ཡིས་བུག་པ་དགང ། །ཚ་བའི་མར་ཁུས་བསྐུས་བྱས་ལ། །གཡོན་པའི་རྐང་པས་མནན་ནས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ོཾ་བཛྲ་བ་ཀེ་ཧཱུཾ་ཕུ་ཕཊ། མེ་ལ་སོ་ཞིང་བསྲོས་པ་ཡིས། །བྷ་ག་མྱུར་དུ་བཟློག་པར་
171b
བྱ། །ཤིན་ཏུ་གདུག་པའི་ཆུང་མ་ནི། །འདི་ཡིས་ལས་ཀྱིས་རབ་ཏུ་སྦྱར། །ལན་བདུན་དུ་ནི་མངོན་བསྔགས་ནས། །སྦྲང་རྩི་འོ་མའི་རྒྱུན་གྱིས་བཀྲུ། །ོཾ་སུ་ཀོ་བྷ་བི་ཧཱུཾ་ཧེ་སཝཱཧཱ། ཞི་བར་བྱེད་པའི་སྔགས་སོ། །འཇིམ་པའི་སྣོད་ནི་བླངས་བྱས་ལ། །པདྨའི་དབྱིབས་ཀྱི་རྣམ་པར་བྱ། །རྣོ་བའི་ཏིལ་མར་ཡུངས་ཀར་གྱིས། །བུག་པ་དགང་ཞིང་སྦྱར་བར་བྱ། །རྐང་པ་གཡོན་པས་མནན་ནས་ནི། །སེང་ལྡེང་ཕུར་པས་བརྡུང་བྱ་ཞིང ། །སྔགས་ནི་བརྒྱད་བརྒྱ་རབ་འདས་ན། །བྷ་ག་གཟིར་ཞིང་གཟིར་བར་འགྱུར། །ཧྲི་བི་ལ་ཏ་ཧཱུཾ་ཕཊ། འདི་ཡི་སྔགས་དང་སྔགས་ཀྱིས་ནི།། བྷ་ག་གཟིར་བའི་ལས་ཉིད་དོ། །ཆུ་དང་འོ་མར་བཀྲུ་བྱ་ཞིང ། །སྔགས་དང་མངོན་དུ་སྦྱར་བར་བྱ། །ོཾ་སརྦ་ཤོ་དྷ་ནི་སཝཱཧཱ། འདི་ཡི་སྔགས་དང་སྔགས་ཀྱིས་ནི། །བྷ་ག་གཟིར་སོགས་ལས་གྲོལ་ལོ། །གཞན་ཡང་ལས་ཀྱི་མཚན་ཉིད་ནི། །ཤིན་ཏུ་རྣལ་འབྱོར་པས་སྤྱད་དོ། །རྒྱལ་པོ་ལམ་གྱི་ས་རྡུལ་བླང ། །ཡང་ན་བཞི་མདོའི་ས་རྡུལ་ལས། །པདྨའི་མཚན་ཉིད་མཚན་ཉིད་ནི། །བྷ་གའི་སྙིང་པོ་ཁྲག་དང་ནི། །ཡི་དྭགས་ཕྱག་རྒྱ་ཕྱག་རྒྱ་ཡི། །བརྒྱ་རྩ་བརྒྱད་དུ་མངོན་པར་བཟླས། །ཧྲི་པྲི་ཕཊ། འདི་ཡི་སྔགས་དང་སྔགས་ཀྱིས་ནི། །པདྨ་སྡོམ་པའི་ལས་སུ་འགྱུར། ཨོཾ་ཨ་མྲྀ་ཏ་ཝ་ཏི་སཝཱཧཱ། །དཀོན་མཆོག་གསུམ་ལ་གནོད་པ་དང ། །བླ་མ་དང་ནི་སློབ་དཔོན་སྨོད། །དམ་ཚིག་སྤྱོད་ལ་འཕྱ་བ་ནི། །སྡིག་གིས་གོས་པར་མི་འགྱུར་
172a
༄#། །རོ། །གལ་ཏེ་རྨོངས་ཤིང་ཁྲོ་བ་ནི། །ལས་ཀྱི་རྟག་ཏུ་བྱས་ནས་ནི། །འདིས་ནི་ངེས་པར་ལྟུང་བ་རུ། །སངས་རྒྱས་ཀྱིས་གསུངས་ཐེ་ཚོམ་མེད། །ལས་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་ལེའུ་རྫོགས་སོ།། །།གསང་ཞིང་གསང་བའི་དེ་ཉིད་དོན། །སྙིང་པོའི་མཆོག་ནི་མདོར་བསྡུས་པ། །རོལ་མོ་བསྟན་བཅོས་སོགས་གླུ་ཡི། །དེ་ཉིད་ཐར་པ་གོ་འཕང་གནས། །གཉིས་མེད་དངོས་པོའི་ངོ་བོ་ལས། །གཟུང་དང་འཛིན་པ་ཇི་ལྟར་འགྱུར། །གཉིས་ཀྱི་དངོས་པོ་བདག་མིན་པས། །གཉིས་དངོས་དངོས་པོ་མེད་པའོ།། དངོས་པོ་དངོས་མིན་དངོས་མེད་ལ། །མཉམ་ཉིད་ལྟ་བའི་སེམས་ཀྱིས་སུ། །རྣམ་པར་རྟེན་དང་རྟེན་བྱ་མེད། །རྟོག་ཅིང་རྣམ་རྟོག་འཁྲུལ་པ་དང ། །གཟུགས་དང་གཟུགས་ཅན་ཟད་པར་བྱེད། །རང་བཞིན་མེད་པའི་རང་བཞིན་ཉིད། །སེམས་ཀྱིས་བརྟན་པའི་གནས་སུ་ནི། །བསམ་གཏན་བསམ་བྱ་བསམ་པར་བྱ། །དམིགས་པ་མེད་པའི་རང་བཞིན་ཉིད།། ཐམས་ཅད་དབྱིངས་སུ་འཇིགས་པར་བྱེད། །སྟོང་ཉིད་སྟོང་ལ་སོགས་སྟོང་པའོ། །ནམ་མཁའི་ཁམས་ཀྱི་མཐའ་ཅན་ཉིད། །དག་ཅིང་ཕྲ་ལ་ཕྲ་བའི་དོན། །སེམས་དང་སེམས་པ་དང་བཅས་པ། །ཀུན་ཏུ་དངོས་པོ་དངོས་མེད་པས། །ཐམས་ཅད་ནམ་མཁའ་བསྡམས་པའོ། །རྟག་ཅིང་རྟག་ལ་རྟག་པའི་དོན། །ནམ་མཁའི་ཁམས་ལྟར་བརྟན་སེམས་པས། །མེ་
172b
སྟག་རྡུལ་ཕྲན་ཡན་ལག་འཕྲོ། །ཆུ་སྐྱར་བཞིན་དུ་བརྟག་པ་ཡི། །རྣམ་ཤེས་ཡེ་ཤེས་ལྷག་མ་ནི། །ནམ་མཁར་འཕྲོ་ཞིང་སྣང་བའོ། །ཉོན་མོངས་དེ་བཞིན་མུན་པ་ནི། །ཡེ་ཤེས་རྡོ་རྗེས་བཅོམ་ནས་སུ། །རྣམ་པར་ཤེས་པ་ལྷན་ཅིག་འབར། །ཡེ་ཤེས་སྣང་བ་སོགས་ཐོབ་འགྱུར། །སེམས་དང་སེམས་བྱུང་སེམས་པ་ཡིས། །རྣམ་པར་ལྟ་ཞིང་རབ་ཏུ་སྤྱད། །འཇིགས་པ་མེད་ཅིང་འཚེ་མེད་པར། །དངོས་པོས་དངོས་པོ་བསྒོམ་པར་བྱ། །ཐམས་ཅད་ཀུན་ཏུ་སྣང་བྱེད་ཅིང ། །ཐམས་ཅད་འོད་ཟེར་ཀུན་བསྡུས་པ། །སྙིང་པོའི་ས་བོན་ས་བོན་ནི། །དཀར་དང་ཀུནད་ཟླ་བའི་མདོག ། ཱ་ལི་ཀཱ་ལི་རབ་སྦྱོར་བས། །ཕྱུང་བ་ཡི་ནི་ས་བོན་མཆོག་།སྦྱོར་བ་འགྲུབ་པའི་རྒྱུ་རུ་ནི། །མཉམ་ཉིད་རྣལ་འབྱོར་པ་ཡིས་བསྒོམ། །ས་བོན་ནམ་མཁར་སྤྲོས་པ་ཡིས། །འཇིག་རྟེན་གསུམ་པོ་སྣང་བར་བྱས། །མ་ལུས་སྤྲིན་ལྟར་སྤྲོ་བ་ཉིད། །སྐད་ཅིག་གིས་ནི་སྤྲོ་ཞིང་བསྡུ། །ཕྱིས་ནི་རང་འདོད་དམིགས་མེད་ཅིང ། །ཡི་གེ་མེད་པས་ཡང་བསམ་མོ། །གཟུགས་ནི་སྟོང་པར་བརྟགས་པ་ཡི། །མཉམ་ཉིད་སེམས་དང་སེམས་ཀྱིས་ནི། །མ་ལུས་རྣམ་པར་བལྟས་པ་ཡིས། །ཁམས་གསུམ་སྣང་བར་བྱེད་པའོ། །དེ་ལྟར་སེམས་ཀྱིས་བསམས་པ་ཡིས། ། བྱང་ཆུབ་རིམ་པ་མཐོང་བར་འགྱུར། །སྐད་ཅིག་གཟུགས་དང་གཟུགས་ཉིད་དང ། །སྐད་ཅིག་ཕུང་པོའི་རྣམ་པ་དང ། །སྐད་ཅིག་ཐམས་ཅད་དབྱིབས་རྣམས་ནི། །དེ་ཕྱིར་མི་རྟག་པ་ཡི་
173a
༄#། །གནས། །ལེགས་བྱས་ཉེས་བྱས་མིང་ཅན་ནི། །ཉེས་པས་སྨད་པར་མི་བྱའོ། །གཟུགས་དང་སྟོང་པ་ལ་སོགས་དབུས། །སེམས་དང་སེམས་བྱུང་རྣམ་པར་མཚོན། །དངོས་པོའི་ལྷག་མ་དངོས་མེད་པས། །དེ་ཡི་ལྷག་མ་གཟུགས་མེད་པའོ། །ཡེ་ཤེས་རི་མོ་འབར་བ་ཡིས། །འོད་ཟེར་མཉམ་པར་གནས་པ་ཉིད། །དེ་ཡི་མཚན་ཉིད་མཚོན་པ་ཉིད། །རྣལ་འབྱོར་པ་ཡིས་རབ་ཏུ་སྤྱད། །རྟག་ཏུ་ཞི་ཞིང་མཆོག་གི་ལས། །ཡང་དག་བྱང་ཆུབ་རྟག་པའོ། །ཡིད་དུ་འོང་བའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་འདུག་ནས་ནི། །སྔོན་དུ་བསྙེན་པ་རབ་བརྩམས་ནས། །ལས་དང་དོན་ཀུན་རབ་གྲུབ་པའོ། །རི་རབ་རྩེ་མོར་ཀུན་བསམས་པ། །རང་འདོད་རྒྱལ་ཆེན་གཞལ་ཡས་ཁང ། །སྣ་ཚོགས་རིན་ཆེན་རང་བཞིན་མཆོག་།དྲིལ་བུ་དྲ་བས་མངོན་པར་བརྒྱན། །གདུགས་དཀར་པོ་དང་བ་དན་དང ། །སྣ་ཚོགས་མཆོད་པས་མངོན་པར་བརྒྱན། །རྡོ་རྗེ་སེམས་དཔའི་བདག་ཉིད་ནི། །དཀར་དང་ཀུནད་ཟླ་བའི་འོད། །དེ་ནི་རྒྱན་ཀུན་གྱིས་བརྒྱན་ཅིང ། །སངས་རྒྱས་ལྔ་ཡིས་མངོན་པར་ཆས། །རབ་ཏུ་མཛེས་པའི་གོས་མནབས་ཅིང་\?\ ། །ཕྱག་གཉིས་ན་ནི་རྡོ་རྗེ་དྲིལ། །འོད་ཟེར་འཕྲོ་བ་རྣམ་མང་པོ། །ཀུན་ནས་རྡོ་རྗེའི་འོད་ཟེར་འཕྲོ། །ཁམས་གསུམ་པ་ཡི་རྣམ་པ་ནི། །སེམས་དང་སེམས་ཀྱིས་བསྒོམ་པའོ། །སྙིང་གར་དཀྱིལ་འཁོར་དབུས་གནས་པར། །དམར་པོའི་ཧཱུཾ་ནི་རབ་
173b
འབར་བ། །སྤྱི་བོར་ཐིག་ལེ་མེ་རིའོ། །བ་སྤུའི་བུ་གནས་འཕྲོ་བའོ། །ཤར་དུ་རྡོ་རྗེ་གཞག་པ་དང ། །ལྷོ་རུ་མདའ་ནི་རྣམ་པར་དགོད། །ནུབ་ཏུ་རལ་གྲི་མཚོན་པ་དང ། །བྱང་དུ་གཞུ་ནི་ཡང་དག་ལྡན། །རྡོ་རྗེའི་ཞགས་པ་ལ་སོགས་བཞི། །མཚམས་དང་མཚམས་སུ་གཞག་པར་བྱ། །འདི་ལྟར་མཚན་ཉིད་སྔོན་ལྡན་པས། །ཤིན་ཏུ་མཉམ་པར་གཞག་པས་བསྒོམ། །ཱ་ལིའི་ས་བོན་གཙོ་མོ་ནི། །དེ་ཉིད་ལྡན་པས་ཡང་སྔགས་བཟླས། །ཕྱག་འཚལ་བསྲེག་པས་མཐར་བཞག་པ། །འབུམ་ཕྲག་གསུམ་དུ་རབ་བསྙེན་པས། །རྡོ་རྗེའི་ལུས་དང་ལུས་ཉིད་ནི། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །སྦས་པའི་སྙིང་པོ་སྙིང་པོ་དང ། །རྡོ་རྗེ་ཆོས་དང་ཆོས་མཆོག་གོ་།རྡོ་རྗེ་སེམས་ནི་རྗེས་མཆོད་པའི། །ཧཱུ་གི་གླུ་ཡི་རྣམ་པས་བྱ། །བཀྲ་ཤིས་སྒྲ་ནི་སྙན་པ་ཡིས། །མཉམ་པར་གཞག་པས་བླང་བར་བྱ། །ཏྲི་བྷུ་བ་བ་ན་ཛཱ་ལཱི་ཏ་མཱུ་རྟི་ཨ་ནུ་ར་ཡ་ན་ཝ་ཏི། ར་སྨི་སཾ་ཧ་སྲ་ཏཱིཀྵྞ་དྷ་ས་སུ་པ་ར་སུ་པ་ར་སཝ་ཝ་ཏི། བ་ཧུ་བི་ད་རུ་པ་པེ་ཤ་ཨ་ནུ་ར་ཡ་ན་ཏ་ཏ་ཏ་ཝ་ཏི། ན་ཏ་ཨི་བཛྲ་ས་པ་ར་བེ་ས་ར་ལི་མ་ལ་ཝ་ཏི་སཝཱཧཱ། གདན་བཞིའི་རྒྱུད་ནི་རྒྱ་ཆེན་ལས། །སྟོང་ཕྲག་བཅུ་གཉིས་མདོར་བསྡུས་པ། །དེ་ཡིས་དངོས་པོ་མདོར་བསྡུས་ལས། །སྙིང་པོ་མདོར་ནི་བསྡུས་པའོ། །སྡེབ་སྦྱོར་སྒྲ་དང་རྟོག་སོགས་མེད། །དོན་དང་དོན་ནི་ཡང་དག་བསྡུས། །རྣལ་འབྱོར་སྦྱོར་པའི་དོན་ནི་སྦས་པ་ཉིད། །བརྡའ་ཡི་སྐད་ཀྱིས་བཤད་པའོ། །གདན་བཞི་པ་
174a
༄#། །ལས། ཡང་དག་པར་བཏུས་པ་སྔགས་ཀྱི་ཆའི་རྒྱུད་བཤད་པ་སྦྱོར་བའི་དཀྱིལ་འཁོར་ཞེས་བྱ་བ་རྫོགས་སོ།། །།བཤད་པའི་རྒྱུད་མནྟྲ་ཨང་ས་ཞེས་བྱ་བའི་ལེའུ་བདུན་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང ། ཞུ་ཆེན་གྱི་ལོཙྪ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།