།།རྒྱ་གར་སྐད་དུ། དྭི་ད་ཤ་ལོ་ཙ་ན་ནཱ་མ་སཱུ་ཏྲ། བོད་སྐད་དུ། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ། གྲུབ་པར་གྱུར་ཅིག་།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོད་མའི་ཚལ་ན་བཞུགས་ཏེ། དེའི་ཚེ་གློག་བྱུང ། སྐར་མངའ་ལྷུང ། གནམ་ལྕགས་བབ་པ་དང ། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས། ལྟས་མཁན་བྲམ་ཟེ་རྣམས་བཀུག་ནས་སྨྲས་པ།་ཅིའི་རྒྱུ་ཅིའི་རྐྱེན་གྱིས་གནམ་ཀུན་འཁྲུག་པར་འགྱུར། བྲམ་ཟེ་རྣམས་ཀྱིས་གསོལ་པ། ལྟས་འདི་ལྟ་བུ་དག་མིག་བཅུ་གཉིས་ཞེས་བགྱི་བའི་གཙུག་ལག་ལས་འབྱུང་སྟེ། བདག་གི་ཁྲེལ་པར་རྔོ་མི་ཐོགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཞབས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་གྱི་དོན་དུ་ཐུགས་བརྩེ་བར་དགོངས་ཏེ། མིག་བཅུ་གཉིས་ཀྱི་ལྟས་ཀྱི་གཙུག་ལག་བཤང་དུ་གསོལ། བཅོམ་ལྡན་ 436a ༄#། །འདས་ཀྱིས་བཀའ་སྩལ་པ། རབ་ཏུ་བྱུང་བས་ནི་ཕྱི་རོལ་བ་འཇིག་རྟེན་གྱི་གཙུག་ལག་འདི་ལྟ་བུ་དག་བཤད་པའི་ཆ་མ་ཡིན་ནོ། །དེ་ནས་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་བསྐྱར་ཏེ་གསོལ་པ། བཅོམ་ལྡན་འདས། བདག་ལ་ཐུགས་བརྩེ་བར་དགོངས་ཏེ། ཐེ་ཚོམ་འདི་དགྲོལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་གནང་ནས། སྔོན་གྱི་གླེང་གཞི་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། སྔོན་འདས་པའི་དུས་ན་གངས་ཀྱི་རིའི་དྲུང་ན། དྲང་སྲོང་བྷ་ག་བ་ཞེས་བྱ་བ་ཞིག་གནས་པ་དེ་དུས་གཞན་ཞིག་ན། སྟག་མོ་གཞོན་ནུ་ཞིག་འཁྱམས་པ་མཐོང་བ་དང ། འདོད་ཆགས་སྐྱེས་ཏེ། དྲང་སྲོང་གིས་འཁྲིག་པའི་ཆོས་སྤྱད་པ་ལས་ལོ་དུས་སུ་བུ་བཅུ་གཉིས་བྱུང་བར་གྱུར་ཏོ། །བུ་བཙས་ནས་ལོ་བདུན་ལོན་པ་དང ། ཕ་མ་གཉིས་ཤི་ནས་ཕྲུ་གུ་\?\་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་ཚངས་པའི་དངོས་གྲུབ་བསྒྲུབས་ནས། བསམ་པ་དང ། རེ་བ་བསྐང་བར་གསོལ་པ་དང ། དེ་ནས་ཚངས་པས་སྙིང་རྗེས་བལྟས་ཏེ། བརྒྱ་བྱིན་ལྷའི་དབང་པོ་དང ། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པར་འཛམ་བུའི་གླིང་དུ་ལྷགས་ཏེ། དེ་ནས་ཚངས་པས་བྱིས་པ་དེ་རྣམས་ལ་སྨྲས་པ། བུ་ཁྱེད་རྣམས་ཅི་འདོད། དེ་ནས་བྱིས་པ་རྣམས་ཀྱིས་ཚངས་པ་ལ་སྨྲས་པ། ལྷ།་བདག་ཅག་ 436b རྣམས་ནི་བྱིས་པའི་རང་བཞིན་ཤིན་ཏུ་བློ་དམན་པ་ལགས་ཏེ། ལེགས་ཉེས་མ་འཚལ་ལགས་ན། ཉི་ཟླ་དང ། གཟའ་དང ། རྒྱུ་སྐར་གྱི་ལྟས་དང ། དཀྱིལ་འཁོར་དང ། གཙུག་ལག་ཇི་ལྟ་བུ་ལགས་པ་བཤད་དུ་གསོལ། དེ་ནས་བརྒྱ་བྱིན་ལྷའི་དབང་པོས་ཚངས་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་སྟོན་པ། ཁྱོད་ཀྱིས་བྱིས་པ་འདི་རྣམས་ལ་དངོས་གྲུབ་སྩལ་བའི་རིགས་སོ། །དེ་ནས་ཚངས་པས་བྱིས་པ་རྣམས་ལ་སྨྲས་པ། བྱིས་པ་ཉོན་ཅིག་།རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང ། སྐར་མ་ཐམས་ཅད་ཀྱི་དཀྱིལ་འཁོར་དང ། ལྟས་དང ། ཉི་ཟླ་དང།་གཟའ་དང ། གནམ་ལྕགས་འབེབས་པ་དང ། ས་གཡོ་ཞིང་འགུལ་བ་དང ། ལྟས་ཀྱི་གཙུག་ལག་ཇི་ལྟ་བུ་ཡིན་པ་དག་བསྟན་པར་བྱའོ། །དགུན་ཟླ་ར་བ་ཡར་གྱི་ངོ་དང ། མར་གྱི་ངོ་དང ། ཚེས་བརྒྱད་དང ། བཅུ་བཞི་དང ། བཅོ་ལྔ་ལ་ཉི་མའི་འོད་མུན་པ་འདྲ་བ་ནག་པོར་གྱུར་ན། མི་ཡ་རབས་མཛངས་ཤིང་མཁས་པ་རྣམས་ལ་བགེགས་ཆེན་པོ་འབྱུང་བར་འགྱུར་རོ། །རྒྱུ་སྐར་ཨ་ཤི་ནིའི་ཉི་མ་ལ། ཉི་མ་ལས་དུ་བ་འདྲ་བ་བྱུང་སྟེ་འཁོར་ཞིང་འཐུལ་ན། ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པར་འགྱུར་རོ། །རྒྱུ་སྐར་བྷ་ར་ནའི་ཉི་མ་ལ། ཉི་མ་གསེར་གྱི་མདོག་འདྲ་བར་གྱུར་ན། ཉེ་ཀོར་གྱི་རྒྱལ་ཁམས་ཀྱི་ཡུལ་འཇིག་པ་དང ། དབུས་སུ་མུ་གེ་ཆེན་པོ་འབྱུང་ངོ ། །དགུན་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་ཀརྟི་ཀའི་ཉི་མ་ 437a ༄#། །ལ།་ཉི་མ་ལྷག་པར་གསལ་བར་འགྱུར་ན། མཐའི་ཡུལ་ཁམས་འཇིག་ཅིང ། དབུས་སུ་ཆར་མི་འོང་ངོ ། །དབྱིད་ཟླ་ར་བའི་ངོ་རྒྱུ་སྐར་ཨ་རྟའི་ཉི་མ་ལ།་ཉི་མ་འཁྱིམས་པ་དང ། ཉི་མ་གཉིས་སུ་སྣང་ན། མི་ནད་འབྱུང ། རྒྱལ་པོ་སྡེ་གཉིས་ལ་གནོད་པའི་བགེགས་འབྱུང ། དཔྱིད་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པུ་ཥྱེའི་ཉི་མ་ལ།་ཉི་མ་མུན་པ་འདྲ་བར་འགྱུར་ཞིང ། ཉི་མ་ནུབ་ཀར་ཁ་དོག་སྐྱ་བོར་གྱུར་ན། རྒྱལ་པོ་ཆེན་པོ་ལ་བགེགས་འབྱུང ། དཔྱིད་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་བ་ར་ནའི་དུས་ལ། ཉི་ཟླ་གཟས་ཟིན་ན། བློན་པོས་རྒྱལ་པོ་བསད་པར་འོང་ངོ ། །དབྱར་ཟླ་ར་བའི་ངོ་རྒྱུ་སྐར་པཱུ་ར་པ་བྷ་དྲ་པཱ་དཱའི་དུས་ལ། ཉི་མ་དམར་པོར་གྱུར་ན། རྒྱལ་པོ་དང ། བློན་པོ་དང ། དེའི་ཡུལ་འཁོར་དུ་གནོད་པའི་བགེགས་ཆེན་པོ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པཱུརྦཱ་ཤཱ་ཌྷཱའི་དུས་ལ། ཟླ་བ་ཉ་ལ་གཟས་ཟིན་ན། ཡུལ་འཁོར་འཁྲུག་པ་དང ། མི་ནད་དང ། མུ་གེ་འབྱུང ། དབྱར་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་མཱུ་ལའི་དུས་ལ། ཉི་ཟླ་གས་ཤིང་སེར་ག་བྱུང་བར་སྣང་ན། ཡུལ་དེར་གནོད་པ་ཆེན་པོ་འབྱུང ། སྟོན་ཟླ་ར་བའི་ངོ་རྒྱུ་སྐར་ཨ་ཤི་ནིའི་དུས་ལ། ཉི་ཟླ་དུས་གཅིག་ཏུ་ཤར་ན། ཡུལ་འཁོར་དེར་ཁྲག་འཁྲུག་ཆེན་པོས་ཁྲག་འབབ་པར་འོང་ངོ ། །སྟོན་ཟླ་འབྲིང་པོའི་ངོ་རྒྱུ་སྐར་ཀཱརྟི་ཀའི་དུས་ 437b ཟླ་བ་ཉ་ལ། ཟླ་བ་མེའི་ཁ་དོག་འདྲ་བར་གྱུར་ན། ཡུལ་འཁོར་དེར་དགྲའི་དམག་གིས་ཡུལ་འཇིག་པར་འགྱུར། དགུ་ན་ཟླ་ར་བའི་ངོ་རྒྱུ་སྐར་བྷ་ར་ཎཱིའི་ཉི་མ་ལ། རླུང་དམར་ནག་པོ་བྱུང་ལ། ཉི་མ་མི་གསལ་བར་གྱུར་ན། དགྲའི་ཚོགས་ཀྱིས་ཡུལ་འཇིག་པར་འགྱུར་རོ། །དགུན་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་པཱུར་བ་ཕ་ལ་གུ་ནིའི་ཉི་མ་ལ། ས་བབ་ཅིང་རླུང་དམར་ཆེན་པོ་བྱུང་ན། རྒྱལ་པོ་ཆེན་པོ་ལ་གནོད་པ་འབྱུང ། དཔྱིད་ཟླ་ར་བ་དང་འབྲིང་པོའི་ངོ་རྒྱུ་སྐར་བི་ཤཱ་ཁཱའི་ཉི་མ་ལ། སེར་བ་བབ་ན། ཡུལ་འཁོར་དེར་ཁྲག་ནད་དང་གནོད་པ་བྱུང ། དཔྱིད་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་ཛྱེ་ཥའི་ཉི་མ་ལ་ནམ་ནངས་ཀར་སྐར་མ་ཉི་མ་བས་འོད་བཟང་པོར་གསལ་བ་བྱུང་ན། གཟའ་ཐམས་ཅད་ལ་བགེགས་ཆེན་པོ་འབྱུང ། དབྱར་ཟླ་ར་བའི་ངོ་རྒྱུ་སྐར་པཱུརྦཱ་ཤཱ་ཌྷཱའི་ཉི་མ་ལ། ས་བབ་ཅིང་ཉི་མ་མི་གསལ་ན། རྒྱལ་པོ་སྟོང་འཁྲུག་ཅིང་འཐབ་པར་འགྱུར། ཡང་དབྱར་ཟླ་ར་བའི་ངོ་རྒྱུ་སྐར་པཱུརྦཱ་ཤཱ་ཌྷཱའི་ཉི་མ་ལ། རླུང་ཆེན་པོ་བྱུང་ན། ཆུ་དཀོན། ཁ་ཟས་དང ། འབྲུ་ཟན་མ་རུང་བར་འགྱུར། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་ཤྲ་བ་ཎཱའི་ཉི་མ་ལ། རླུང་དྲག་པོར་ལངས་ཤིང ། ནམ་མཁའ་མུན་པར་གྱུར་ན། ཉེ་འཁོར་གྱི་ཡུལ་ཁམས་གཞན་དུ་འཇིགས་པ་ཆེན་པོ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པཱུརྦཱ་བྷ་དྲཱ་བཱ་དཱའི་ཉི་མ་ལ། སེར་བ་ 438a ༄#། །བབ།་གནམ་ལྕགས་གྲུམ་ན། ཡུལ་འཁོར་དེར་ནད་དང ། མུ་གེ་འབྱུང ། དབྱར་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་པཱུརྦཱ་བྷ་དྲཱ་པཱ་དྲའི་ཉི་མ་ལ། བྱང་ཕྱོགས་ནས་རླུང་དམར་ཆེན་པོ་ལངས་ནས། ལྷ་ཁང་དང ། མཆོད་རྟེན་དང ། ཁང་ཁྱིམ་དང ། ཤིང་སྡོང་པོ་ཆེན་པོ་བསྒྱེལ་ན། ཡུལ་ཁམས་སུ་གནོད་པ་ཆེན་པོ་འབྱུང ། སྟོན་ཟླ་ར་བའི་ངོ་རྒྱུ་སྐར་ཨཱ་ཤཝི་ནིའི་ཉི་མ་ལ། ཐོག་བབ་བམ། སྐར་མདའ་ལྟུང་ངམ། སོར་བ་བབ་ན། ཡུལ་ཁམས་དེར་འཐབ་མོ་ཆེན་པོ་འོང ། དགུན་ཟླ་ར་བའི་ངོ་རྒྱུ་སྐར་མ་གྷཱའི་ཉི་མ་ལ། ཆར་པ་བབ་ན། ཡུལ་ཁམས་ཐམས་ཅད་ཁ་ཟས་མོད་པར་འོང ། དགུན་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་ཨཱ་དྲའི་ཉི་མ་ལ། གནམ་མེའི་ཁ་དོག་འདྲ་བར་གྱུར་ན ། ལྟས་རབ་ཏུ་ངན་ཏེ། ཡུལ་ཁམས་སུ་མི་བདེ་བ་དང ། འཇིགས་པ་ཆེན་པོ་འབྱུང ། དཔྱིད་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་བྷ་ར་ཎཱའི་ཉི་མ་ལ། བྱང་ཕྱོགས་ནས་སྒྲ་ཆེན་པོ་བྱུང་ངམ། གནམ་སེར་པོར་སོང་ན། དགྲ་ཐམས་ཅད་ཀྱིས་ཡུལ་ཁམས་བཤིག་པར་འགྱུར་རོ། །དཔྱིད་ཟླ་ར་བའི་ངོ་རྒྱུ་སྐར་སཝ་ཏིའི་ཉི་མ་ལ། ཆར་བབ་ལ་རླུང་མ་ལངས་པར་འཇའ་བྱུང་ན། གྲོང་ཁྱེར་ཆེན་པོ་མེས་ཚིག་པར་འགྱུར་རོ། །དབྱར་ཟླ་ར་བའི་ངོ་རྒྱུ་སྐར་པུ་ཥྱའི་ཉི་མ་ལ། གློག་དང ། སྦུར་མ་དང ། ཉལ་ཉིལ་གྱི་ཆར་ 438b བབ་ན། ཡུལ་ཁམས་དེར་མུ་གེ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་མཱུ་ལའི་ཉི་མ་ལ། ཆར་ཆེར་བབ་ལ་འཇའ་བྱུང་ན། རྒྱལ་རིགས་རྣམས་ལ་གནོད་པར་འགྱུར། དབྱར་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་ཨུཏྟ་ར་བྷ་དྲ་པཱ་དཱའི་ཉི་མ་ལ། ས་ལས་སྒྲ་བྱུང་ངམ། རླུང་ནག་པོ་ལངས་ན། ཡུལ་དེར་མུ་གེ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་ཕྱོགས་མཚམས་དག་ནས་སྒྲ་ཆེན་པོ་བྱུང་ན། ཡུལ་ཕྱོགས་དེར་ཁྲག་ཁྲུག་ཆེན་པོ་འབྱུང ། སྟོན་ཟླ་ར་བའི་ངོ་རྒྱུ་སྐར་བྷ་ར་ཎཱིའི་ཉི་མ་ལ། གནམ་ལས་སྒྲ་ཆེན་པོ་བྱུང་ན། བཙུན་པ་དང ། དཀའ་ཐུབ་ཅན་རྣམས་ལ་གནོད་པ་འབྱུང ། སྟོན་ཟླ་ར་བའི་ངོ་དབང་པོའི་ཉི་མ་ལ། གནམ་ལས་སྒྲ་བྱུང་ན། མི་ལེ་ལོ་ཅན་དང ། ཕྱུགས་ལ་གནོད་པ་འབྱུང ། སྟོན་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་དྷ་ནི་ཥྛཱའི་ཉི་མ་ལ། གནམ་ལས་རོལ་མོའི་སྒྲ་བྱུང་ན། རྩ་དང ། ལོ་ཏོག་ལེགས་པར་འགྱུར། ཆར་དུས་སུ་འབབ། མཇུག་ཏུ་མི་ནད་འབྱུང ། དགུན་ཟླ་ར་བའི་ངོ་རྒྱུ་སྐར་སཝཱ་ཏིའི་ཉི་མ་ལ། གནམ་ལས་སྒྲ་ཆེན་པོ་འབྱུང་ཞིང ། གནམ་འཁྲུག་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང ། དགུན་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་ཛྱེ་ཥྛཱའི་ཉི་མ་ལ། འཚུབ་མ་ལངས་ཤིང་ས་གཡོས་ན། དགེ་སྦྱོང་དང ། བྲམ་ཟེ་རྣམས་ལ་བགེགས་དང ། གནོད་པ་འབྱུང ། དབྱིད་ཟླ་ར་བའི་ངོ་རྒྱུ་སྐར་པཱུརྦཱ་བྷ་དྲཱ་པཱ་དཱའི་ཉི་མ་ལ། 439a ༄#། །ཉིན་པར་ས་གཡོས་ན། ལོ་གཉིས་ཀྱི་བར་དུ་དུས་སུ་ཡུལ་ཁམས་དེར་དམག་འོད། དཔྱིད་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པཱུརྦཱ་ཤཱ་ཌྷཱའི་ཉི་མ་ལ། ས་འགུལ་ན། བློན་པོས་རྒྱལ་པོ་བསད་པ་དང ། ཡུལ་ཁམས་དེར་འཁྲུག་པ་ཆེན་པོ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་མཱུ་ལཾ་དབང་པ་ལ། ནུབ་མོ་ས་གཡོས་ན། ཁམས་ཀྱི་དབང་པོ་རྣམས་ལ་གནོད་པ་འབྱུང ། དབྱར་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་རོ་ཧི་ཎཱི་དབང་པོ་ལ། ནུབ་མོ་ས་གཡོས་ཤིང ། རླུང་དམར་བྱུང ། ཆར་མ་བབ་ན། འབྲུ་ཟན་མ་རུང་བར་འགྱུར་ཞིང་དམག་འོང ། སྟོན་ཟླ་འབྲིང་པོའི་ངོ་རྒྱུ་སྐར་ཨུཏྟ་ར་བྷ་དྲཱ་པཱ་དཱའི་ཉི་མ་ལ། ཉིན་པར་ས་གཡོས་ན། ཕ་རོལ་གྱི་དགྲས་རྒྱལ་པོ་དེ་ཕམ་པར་འགྱུར། ཡུལ་ཕྱོགས་ཀྱང་ཆོམ་རྐུན་གྱིས་འཇིག་པར་འགྱུར། སྟོན་ཟླ་ཐ་ཆུང་གི་ངོ་རྒྱུ་སྐར་ཀཱརྟི་ཀའི་ཉི་མ་ལ། ས་གཡོས་ན། གྲོང་ཁྱེར་ཆེན་པོ་དང ། ཁང་ཁྱིམ་འཇིག་ཅིང་མུ་གེ་འབྱུང ། དགུན་ཟླ་ར་བའི་ངོ་རྒྱུ་སྐར་ཨ་ཤཝི་ནཱི་དང ། ུཏྟ་ར་ཕལ་གུ་ཎཱི་དབང་པའི་ནུབ་མོ་ས་གཡོས་ན། བྱིས་པ་ཆུང་ངུ་དང ། བུད་མེད་སྦྲུམ་མ་ལ་བགེགས་དང ། གནོད་པ་འབྱུང ། དགུན་ཟླ་འབྲིང་པོའི་ངོ་རྒྱུ་སྐར་མྲྀ་ག་ཤི་རཱ་དང ། པཱུརྦཱ་བྷ་དྲཱ་པཱ་དཱའི་ཉིན་པར་ས་གཡོས་ན། རྐང་འགྲོས་ལ་བགེགས་དང ། གནོད་ 439b པ་འབྱུང ། དབང་པོའམ། མ་གྷའི་ཉི་མ་ལ་གཙུག་ལག་ཁང་སྐུ་གཟུགས་གཡོ་ཞིང་འགུལ་ལམ། ས་འཕོས་ན་ཡུལ་ཁམས་དེར་མྱུར་དུ་འཇིག་པར་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་གདན་ལས་འཕོས་སམ། དངུལ་ལྟ་བུ་བྱུང་ངམ། འགྱེལ་ན། ཡུལ་ཁམས་དེ་རྒྱལ་པོ་དང་བཅས་པར་རྒྱལ་ཁམས་གཞན་གྱི་དབང་དུ་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་འཕོས་སམ། སྤྱན་ནས་མཆི་མ་བྱུང་ན། ཡུལ་ཁམས་དེའི་མི་དཔའ་བོ་གཅེས་པ་བུ་སྨད་དང་བཅས་པར་ཡུལ་བྱུང་བར་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་གདན་ལས་འཕོས་སམ། འགུལ་ལ། ལྷ་ཁང་ནས་དུད་པ་འདྲ་བ་འབྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་ལ་གནོད་པར་འགྱུར། གཙུག་ལག་ཁང་ཆེན་པོ་དང ། གནས་ཁང་ལྟ་བུ་གཡོས་ན། གྲོང་ཁྱེར་དེ་ཕྱོགས་རྒྱལ་ཁམས་གཞན་གྱིས་གནངས་སུ་བཅད་པའམ། མེས་ཚིག་པར་འགྱུར། ཟླ་བའི་ཟུར་ལ་གཟའ་ཕུར་བུ་བྱུང་ན། མི་ཕྱུག་པོ་ལ་རྒྱལ་པོས་ནོར་འཕྲོག་ཅིང ། གནོད་པར་འགྱུར། ཉི་ཟླ་དམར་པོར་སོང་ན་ཁམས་ཀྱི་དབང་པོ་ལ་གནོད་པ་འབྱུང ། གཟའ་སྤེན་པ་ཟླ་བའི་སྟེང་དུ་བྱུང་ན།་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་དང ། བགེགས་འབྱུང ། ལྟས་འདི་རྣམས་བྱུང་བའི་དུས་སུ་ཟླ་བ་གཟས་ཟིན་ན། རྒྱལ་པོ་ཆེན་པོ་རྣམས་ལ་གནོད་པ་དང ། 440a ༄#། །བགེགས་འབྱུང ། རྒྱལ་པོ་དང་པོ་སྐྱེས་པའི་རྒྱུ་སྐར་གྱི་སྟེང་དུ་ཟླ་བ་བྱུང་ཞིང ། ཟླ་བའི་སྟེང་དུ་ཡང་གཟའ་མཇུག་རིང་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་དང ། རྒྱལ་ཁམས་ཉེ་བ་གཞན་གྱི་རྒྱལ་པོ་དང་འཐབ་མོ་འོང ། གཟའ་སྤེན་པ་རྒྱུ་སྐར་རོ་ཧ་ཎཱི་དང ། ཀཱརྟི་ཀའི་དབུས་སུ་ཤར་ན། རྒྱལ་ཁམས་དེའི་མི་ཐམས་ཅད་ལ་གནོད་པ་ཆེན་པོ་དང ། བགེགས་བྱུང་ནས་མི་སུམ་ཆ་གཅིག་ལུས་པར་འགྱུར། གཟའ་པ་བ་སངས་དང ། རྒྱུ་སྐར་མ་ག་དང ། པཱུརྦཱ་ཕལ་གུ་ནི་ཟླ་བའི་དབུས་སུ་ཤར་ན། ལོ་ཏོག་ལ་གནོད་པ་འབྱུང ། གཟའ་ཕུར་བུ་དང ། པ་བ་སངས་དང ། སྤེན་པ་རྣམས་དམར་པོར་སོང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། གཟའ་མཇུག་རིང་རྒྱུ་སྐར་པུ་ཥྱའི་སྟེང་དུ་ཤར་ན། རིང་པོར་མི་ཐོགས་པར་ཕྱོགས་བཞི་ནས་དམག་ཆེན་པོ་འབྱུང ། གཟའ་ཕུར་བུ་དང ། མིག་དམར་རྒྱུ་སྐར་ཤྲ་བ་ཎཱའི་སྟེང་དུ་ཤར་ན། ལོ་གསུམ་གྱི་བར་དུ་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང ། གནོད་པ་འབྱུང ། གཟའ་ཕུར་བུ་དང ། སྤེན་པ་རྒྱུ་སྐར་བི་ཤཱ་ཁའི་སྟེང་དུ་ཤར་ན། མི་མང་པོ་འཐབ་མོ་ལ་མཆི་བར་འགྱུར་རོ། །ལྷ་ཁང་དང ། ཁང་པ་ཆེན་པོའི་སྟེང་དུ་བྱ་རོག་གར་བྱེད་ཅིང་འཕྱང་མོ་ཉུག་ན། ཡུལ་ 440b ཁམས་དེར་འཐབ་མོ་ཆེན་པོ་འབྱུང ། བུད་མེད་ལ་མི་མ་ཡིན་པའི་བུ་བྱུང་ངམ། ཡང་ན་ཕྱུགས་ལ་མིའི་བུ་བྱུང་ན། ཡུལ་ཁམས་དེའི་བུད་མེད་ལ་བགེགས་དང།་གནོད་པ་ཆེན་པོ་འབྱུང ། མའི་མངལ་ན་བུ་ཡོད་པ་རྒོད་དམ། སྨྲ་བའམ། ངུ་ན་ཡུལ་ཁམས་དེ་འཇིགས་པར་འགྱུར། བུད་མེད་ཀྱི་མངལ་ན་བུ་རྐང་གཅིག་པའམ། རྐང་གསུམ་པའམ། རྐང་བཞི་པ་འབྱུང་ན། ཡུལ་དེའི་རྒྱལ་པོ་ཆེན་པོ་ལ་གནོད་པ་ཆེན་པོ་འབྱུང ། བུད་མེད་ཀྱི་ལྟོ་ནས་བུ་མ་ནིང་མཚན་གཉིས་པ་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་འཆི་བར་འགྱུར། བུད་མེད་ལས་བྱོལ་སོང་གི་བུ་དང ། བུ་མགོ་མང་པོ་ཅན་བྱུང་ན། ཡུལ་ཁམས་དེ་འཇིགས་པར་འགྱུར། །བུད་མེད་ལས་བུ་མགོ་གཅིག་ལ་གདོང་གཉིས། མིག་གསུམ་པ་བྱུང་ན། ཡུལ་ཁམས་དེ་མྱུར་དུ་འཇིག་པར་འགྱུར། བུད་མེད་ལས་བུ་གྲུལ་བུམ་མགོ་བཞི་པ་བྱུང་ན། ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང ། བུད་མེད་ལས་བུ་ཕག་གི་གདོད་ཅན་བྱུང་ན། ཕྱོགས་བཞི་ནས་ཡུལ་ཁམས་དེ་འཇིགས་པར་འགྱུར། བུད་མེད་ལས་བུ་གདོང་ཉི་མའི་འོད་བཞིན་འབར་བ་བྱུང་ན། ནང་འཁྲུག་གིས་ཡུལ་ཁམས་དེ་འཇིག་པར་འགྱུར། བྱིས་པ་ཚེམ་བུ་ན་གནས་པ་ཆེན་པོ་བཞིན་ཚིག་སྨྲ་ 441a ༄#། །ན།་ཡུལ་འཁོར་དེ་འཇིག་པར་འགྱུར། མ་ཉིད་ཀྱིས་མ་ཚོར་བར་མངལ་ནས་བུ་བྱུང་ན།་ཡུལ་ཁམས་དེར་གེགས་དང ། གནོད་པ་ཆེན་པོ་འབྱུང།་བུད་མེད་ཀྱི་ལྟོ་ནས་བུ་ཕག་གམ་སྦྲུལ་ལྟ་བུ་བྱུང་ན། འདྲེ་གདོན་དང ། བགེགས་ནད་ཀྱིས་ཡུལ་ཁམས་དེ་འཇིག་ཅིང།་འཇིགས་པ་ཆེན་པོ་འབྱུང ། བུད་མེད་ལས་བུ་སྐྱེ་ནུབ་པ་དང ། སོ་སྐྱེས་པ་བྱུང་ན། ཡུལ་ཁམས་དགོན་པར་གྱུར་ཏེ། མི་ཐམས་ཅད་ཀྱང་ཕྱོགས་གཞན་དུ་འགྲོ་བར་འགྱུར། བུད་མེད་ལས་བུ་མགོ་མེད་པ་ལག་པ་གཅིག་པ་བྱུང་ན། ཡུལ་ཁམས་དེར་གནོད་པ་ཆེན་པོ་འབྱུང ། ཡུལ་ཁམས་སུ་མེ་ཏོག་དང ། ཤིང་ཏོག་འབྲས་བུ་ལན་གཉིས་འབྱུང་ཞིང ། ཤིང་དང ། འབྲས་བུ་ལས་ཁུ་བ་འཛག་ན་རྒྱལ་པོའི་རྒྱལ་ཚབ་ལ་བགེགས་དང ། གནོད་པ་འབྱུང ། དུས་མ་ཡིན་པར་བཟའ་ཤིང་ལས་མེ་ཏོག་དང ། འབྲས་བུ་སྐྱེ་ན། རྒྱལ་པོ་དང ། ཡུལ་མིར་བཅས་པས་ཡུལ་བོར་བར་འགྱུར། བཟའ་ཤིང་གི་འབྲས་བུ་ལྷག་པར་མདོག་བཟང་པོར་གྱུར་ཏམ། ཡང་ན་ཁྲག་འདྲ་བ་འཛག་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང ། ནད་དང ། མུ་གེ་འབྱུང ། སྐྱེད་ཤིང་གི་གྲིབ་མ་མི་འཁོར་བར་ཕྱོགས་གཅིག་ཏུ་འདུག་ན། དགྲའི་དམག་བྱིན་ཆེན་པོས་ཡུལ་ 441b ཕྱོགས་དེ་བཅོམ་པར་འགྱུར། སྐྱེད་ཤིང་འགྲོ་བ་ལྟར་སྣང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། སྐྱེད་ཤིང་ལྷག་པར་བརྗིད་ཅིང་གསལ་བར་སྣང་ན། ཡུལ་ཁམས་དེའི་རྒྱལ་པོ་ཚེ་ཐུང་བར་འགྱུར། འཇིག་རྟེན་པའི་ལྷ་མཆོད་པའི་ཚེ་ལྷ་སྨྲའམ། འཛུམ་ན། རྒྱལ་པོ་ལ་བགེགས་དང ། གནོད་པ་འབྱུང ། མེ་ཏོག་གི་ཆར་འབབ་པའམ། རླུང་དམར་ལངས་ཤིང ། གནམ་ལས་སྲིན་བུ་བབ་ན། ཡུལ་ཁམས་དེར་ཆོམ་རྐུན་གྱིས་འཇིག་པར་འགྱུར། འཇིག་རྟེན་པའི་ལྷ་ཁང་དུ་མེ་མྦུས་པར་དུ་བ་བྱུང་ཞིང ། ལྷ་ཡང་མཚན་དང་ཆོ་འཕྲུལ་སྟོན་ན། རྒྱལ་པོ་ལ་བགེགས་དང ། གནོད་པ་འབྱུང ། འཇིག་རྟེན་པའི་ལྷ་ཁང་དུ་མེ་མར་མ་བུས་པར་མེ་མར་འདྲ་བར་སྣང་ན།་རྒྱལ་པོའི་གནང་ཆེན་ལ་བགེགས་དང ། གནོད་པ་འབྱུང ། རྒྱལ་པོ་བཙུན་མོའི་འཁོར་དུ་སོང་སྟེ། འདོད་ཆགས་མི་ལྡང་ན། རྒྱལ་པོའི་ཕོ་བྲང་མེས་ཚིག་ཅིང ། རྒྱལ་པོ་ལ་མི་དགེ་བ་སྣ་ཚོགས་འབྱུང ། ཆར་པ་དང ། སེར་བ་འབབ་ལ། གནམ་ལ་ཁ་དོག་གསལ་བ་དག་བྱུང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། གྲོང་ཁྱེར་ཚུབ་མས་བསྐོར་ཅིང་འགྲོ་བ་དང ། རླུང་དམར་ལངས་ཤིང་ཆར་པ་ཁྲག་འདྲ་བ་བབ་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། གློག་འབྱུང་ཞིང་ཆར་པ་འབབ་ལ། 442a ༄#། །སྤྲིན་འཁོར་ལིང་འཁོར་ལིང་དུ་ཆད་དེ། སྤྲིན་འཁོར་ལིང་དུ་ཆད་པའི་བར་བར་ན། དྲི་ཟའི་གྲོང་ཁྱེར་འདྲ་བ་སྣང་ན། ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། ཟླ་བ་དམར་པོར་གྱུར་ན། ཡུལ་ཁམས་དེར་གྲོང་ཁྱེར་མེས་ཚིག་པ་དང ། རིམས་ཀྱིས་མི་ངས་པར་འགྱུར། ཟླ་བའི་མཐའ་དམར་ལ་དབུས་ནག་པོར་སོང་ན། ཡུལ་ཁམས་དེ་འཇིགས་པ་ཆེན་པོར་འགྱུར། ཟླ་བའི་ཁ་དོག་བཙག་འདྲ་བར་དམར་པོར་སྣང་ལ། སླར་ཡང་འཕྲལ་དུ་དཀར་པོའི་རང་བཞིན་དུ་གྱུར་ན། རླུང་མི་ལྡང་བར་དྲག་པོར་འབབ། རི་སྐམ་ལྟ་བུར་ཆུ་མིག་བྱུང་ན། ལོ་ཏོག་ལེགས་པར་འགྱུར། མེ་མ་བུས་པར་ཡུལ་ཁམས་དེར་དུ་བ་བྱུང་ན། ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང ། མདའ་གཞུ་སྐྱེས་ཀོར་ལ། མེའམ། དུད་པ་བྱུང་ན། ཡུལ་ཁམས་དེར་དགྲའི་འཇིགས་པ་འབྱུང་ངོ ། །དེ་སྐད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང ། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་ཏེ་མངོན་པར་བསྟོད་དོ། །མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་རྫོགས་སོ།། །། |