།།རྒྱ་གར་སྐད་དུ། ཤཱརྡཱུལ་རྣ་ཨ་པ་དཱ་ན། བོད་སྐད་དུ། 368a ༄#། །སྟག་རྣའི་རྟོགས་པ་བརྗོད་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བསོད་སྙོམས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་ནས་ཆུ་མིག་གཞན་ཞིག་ཏུ་ཆུའི་ཕྱིར་ཕྱིན་ནོ། །དེར་ཕྱིན་པ་དང ། ཡང་དེའི་ཚེ་ཆུ་མིག་དེ་ལ་གདོལ་པའི་བུ་མོ་གཟུགས་བཟང་མོ་ཞེས་བྱ་བ་ཆུ་ཆུ་ཞིང་འདུག་གོ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་པོས་གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ། བདག་ལ་ཆུ་བྱིན་ཅིག་།དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ། བདག་ནི་གདོལ་པའི་བུ་མོ་ལགས་སོ། །སྲིང་མོ། རུས་དང ། རིགས་འདྲི་བ་མ་ཡིན་གྱི། འོན་ཀྱང་དེ་ནས་ཆུ་ཆུས་ལ་བྱིན་ཅིག་བཏུང་བར་བྱའོ། །དེ་ནས་གདོལ་བའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཆུ་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཆུ་འཐུངས་ནས་སོང་ངོ ། །དེ་ནས་ 368b གདོལ་པའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོའི་བཞིན་དང ། ལུས་དང ། སྐད་གདངས་རྣམས་རབ་ཏུ་ལེགས་པར་མཚན་མར་བཟུང་སྟེ། ཚུལ་མ་ཡིན་པའི་ཡིད་ལ་བྱེད་པས་ཀུན་ཏུ་ཆགས་པ་སྐྱེས་པར་གྱུར་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁོ་མོའི་འདོད་པ་སྐྱེས་ན། བདག་གི་མས་རིག་སྔགས་ཤེས་པས་དེའི་མཐུས། འཕགས་པ་ཀུན་དགའ་བོ་བཀུག་ལ་ཁྱོ་བྱའོ་སྙམ་དུ་བསམས་སོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཆུ་ཐོགས་ནས། གདོལ་པའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཆུ་བུམ་ཕྱོགས་གཅིག་ཏུ་བཞག་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཡུམ། མཁྱེན་པར་མཛོད་ཅིག་།ཀུན་དགའ་བོ་ཞེས་བྱ་བའི་དགེ་སློང་དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་བསྙེན་བཀུར་བ་དེ་བདག་ཁྱོར་འཚལ་གྱི། ཡུམ་ཁྱོད་ཀྱིས་དཔྱད་ཀྱིས་དེ་འདིར་ཁུག་ཅིག་།དེའི་མས་སྨྲས་པ། ངས་ཀུན་དགའ་བོ་ཞི་བ་དང ། འདོད་ཆགས་དང་བྲལ་བ་མ་ཡིན་ན་དགུག་པར་ནུས་མོད་ཀྱི། འོན་ཀྱང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དགེ་སྦྱོང་གཽ་ཏ་མ་ལ་མཆོག་ཏུ་དད་པས་བསྟེན་ཞིང་བསྙེན་བཀུར་བྱེད་པས། གལ་ཏེ་དེས་ཤེས་ན་དེས་གདོལ་པའི་རིགས་རྣམས་བརླག་པར་འགྱུར་རོ། ། དགེ་སྦྱོང་གཽ་ཏ་མ་ནི་འདོད་ཆགས་དང་བྲལ་བ་ཐམས་ཅད་ཟིལ་གྱིས་གནོན་ཞེས་ཐོས་སོ། །དེ་སྐད་ཅེས་སྨྲས་པ་དང ། གདོལ་པའི་བུ་མོ་གཟུགས་བཟང་མོས་མ་ལ་འདི་སྐད་ཅེས་སྨྲས་ 369a ༄#། །སོ། །གལ་ཏེ་དགེ་སློང་གཽ་ཏ་མ་དེ་འདོད་ཆགས་དང་བྲལ་བ་ཡིན་ཡང་རུང ། དེའི་ཉེ་གནས་དགེ་སློང་ཀུན་དགའ་བོ་དེ་མ་བཀུག་ན་བདག་ལྕེབ་བོ། །གལ་ཏེ་དེ་ཁུགས་ན་ནི་བདག་འཚོ་བར་འགྱུར་རོ། །མས་སྨྲས་པ། དགེ་སྦྱོང་ཀུན་དགའ་བོ་དགུག་གི་སྲོག་མ་དོར་ཅིག་།དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོའི་མས་ཁང་པའི་དབུས་ལྕི་བས་བྱུགས་ནས་གྲུ་བཞིར་བྱས་ཏེ། དཱུར་བ་བརྔས་ནས་མེ་སྤར་ཞིང་མེ་ཏོག་དང ། རྒ་བརྒྱ་རྩ་བརྒྱད་ལ་སྔགས་བཟླས་ནས་རེ་རེ་ནས་མེར་བསྐྱུར་རོ། །དེ་ལ་རིག་སྔགས་ནི་འདི་ཡིན་ཏེ། ཨ་མ་ལེ། བི་མ་ལེ། ཀུ་ཀུ་སུ། མ་མ་ནེ་ཡེ་ན། བན་དྷོ་སྨི་བིན་དུ་ན། ཨི་ཙུ་ཡཱ་དེ་བོ་བ་རི་ཤ་ཥ་ཏི་བི་དྱོ་ཏ་ཏི་ག་ར་ཛ་ཏི་བསྨ་ཡ་པ་རཱ་ཛ་ཡ་མ་བྷི་བརྡྷ་ཡཾ་ཏུཾ་དེ་བེ་བྷྱོ་མ་ནུ་ཥེ་བྷྱོ་གན་དྷ་ར་བེ་བྷྱཿ ་ཤི་ཀི་ཁི་གྲ་ཧ་དེ་བྷ་བི་ཤི་ཀ་གྲི་ཧ་དོ་པ་ཨ་ནན་ཏ་སྱ་ཨ་ཨཱ་ག་མ་ན་ཡ་ཛུ་ཧོ་མ་སཝཱཧཱ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སེམས་གཡོས་ཏེ། གཙུག་ལག་ཁང་དེ་ནས་ལངས་ནས་གདོལ་པའི་ཁྱིམ་གང་ན་བ་དེར་སོང་ངོ ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་རིང་མོ་ནས་འོང་བ་གདོལ་པ་མོས་མཐོང་ངོ ། །མཐོང་ནས་ཀྱང་གཟུགས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་འོང་བ་འོ་ནི་ནི་དགེ་སྦྱོང་ཀུན་དགའ་བོ་ཡིན་གྱི་ཤེས་པར་གྱིས་ཤིག་།དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་དགའ་ཞིང་ 369b མགུ་ལ་ཡི་རངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོའི་མལ་བཤམས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་པའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཕྱོགས་གཅིག་ཏུ་འདུག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ངུ་ཞིང་འདི་སྐད་སྨྲས་སོ། །བདག་གིས་ཉམ་ང་བའི་གནས་སྐབས་འདི་ཐོབ་ན་ད་ལྟར་བཅོམ་ལྡན་འདས་བདག་ལ་མི་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དགོངས་པར་མཛད་དོ། །དགོངས་མ་ཐག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྔགས་ཀྱིས་གདོལ་པའི་སྔགས་ཉམས་པར་མཛད་དོ། །དེའི་སྔགས་ནི་འདི་ཡིན་ཏེ། སྠི་ཏིར་ཙུ་ཏི་ར་ཎི་སཝ་ཏི་སརྦ་པྲཱ་ཎི་བྷྱ། ས་ར་པྲ་སཾ་ནཾ་ནི་རྡ་ཤཾ་ཏཾ་སརྦ་ཏོ་པཱ་ཡཾ་ཨི་ཏ་ཡོ་ཡ་ཏྲ་ཤཱ་ཤྱནྟ་བྷ་ཡཱ་ནི་ཙ་ལི་ཏ་ནི་ཙ་ཏཾ་བེ་དེ་བ་ན་མ་ཤྱཾ་ཏི་སརྦ་སིདྡྷ་ཙ་ཡོ་ག་ནི་ཨེ་ཏེ་ན་ས་ཏྱ་བཱ་ཀྱེ་ན་སཝཱ་སྟྱ་ཨ་ནནྟ་ཡ་བ་ཀྵ་བེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་པའི་རིག་སྔགས་བཀྲོལ་ནས་གདོལ་པའི་ཁྱིམ་ནས་བྱུང་ནས་རང་གི་གཙུག་ལག་ཁང་གང་ན་བ་དེར་འགྲོ་བར་བརྩམས་སོ། །གདོལ་པའི་བུ་མོ་གཟུགས་བཟང་མོས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བལྟས་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཡུམ། དགེ་སློང་ཀུན་དགའ་བོ་འདི་མཆི་ཞིང་གདའོ། །དེའི་མས་སྨྲས་པ། བུ་ངེས་པར་དགེ་སྦྱོང་གཽ་ཏ་མ་ས་དྲན་པར་བྱས་པས་དེ་ན་བདག་གི་སྔགས་ 370a ༄#། །ཉམས་པར་གྱུར་ཏོ། །གཟུགས་བཟང་མོས་སྨྲས་པ། ཡང་ཅི་ཡུམ། དགེ་སློང་གཽ་ཏ་མའི་སྔགས་ཁྱད་པར་དུ་སྟོབས་དང་ལྡན་ལ་བདག་ཅག་གི་དེ་ལྟ་མ་ཡིན་ནམ།་དེ་ལ་མས་སླར་སྨྲས་པ། བུ།་དགེ་སློང་གཽ་ཏ་མའི་སྔགས་ཁྱད་པར་དུ་སྟོབས་དང་ལྡན་པ་ཡིན་གྱི། བདག་ཅག་གི་དེ་ལྟ་མ་ཡིན་ནོ། །བུ། འཇིག་རྟེན་ན་སྔགས་མཐུ་དང་ལྡན་པའི་སྔགས་གང་ཡིན་པ་དེ་དག་ཐམས་ཅད་དགེ་སྦྱོང་གཽ་ཏ་མ་འདོད་ན་རབ་ཏུ་འཇོམས་པར་བྱེད་དོ། །ཡང་འཇིག་རྟེན་པའི་སྔགས་མཐུ་དང་ལྡན་པ་ཐམས་ཅད་ཀྱིས་ནི་དགེ་སྦྱོང་གཽ་ཏ་མའི་སྔགས་རབ་ཏུ་གཞོམ་པར་མི་ནུས་སོ། །དེ་ལྟ་བས་ན་དགེ་སྦྱོང་གཽ་ཏ་མའི་སྔགས་ནི་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། རིམ་གྱིས་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གནས་སྐབས་དེ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཡི་གེ་དྲུག་པའི་རིག་སྔགས་འདི་བསྟན་གྱི་གཟུང་ལ་ཆོངས་ཤིག་།ལྷོགས་ལ་ཀུན་ཏུ་བཟུང་ན་བདག་ཉིད་ལ་ཕན་པ་དང ། བདེ་བར་འགྱུར་ཞིང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་ 370b དང།་དགེ་བསྙེན་མ་རྣམས་ལ་ཕན་པ་དང ། བདེ་བ་འཐོབ་པར་འགྱུར་རོ། །ཀུན་དགའ་བོ། ཡི་གེ་དྲུག་པའི་རིགས་སྔགས་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་གསུངས་ཤིང ། རྒྱལ་པོ་ཆེན་པོ་བཞི་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་དང ། ད་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ངས་ཀྱང་གསུངས་པ་ཡིན་གྱི། དེ་ལྟ་བས་ན་ཁྱོད་ཀྱིས་ཟུངས་ཤིག་།ཐོན་ཅིག་།ཀུན་ཏུ་ལྷོགས་ཤིག་།འདི་ལྟ་སྟེ། ཨཎ་ཌ་རེ་ཀེ་ཡཱུ་རེ་དྷི་ཧ་སྟེ་ས་ར་གེ་བེ་བནྡྷ་མ་ཏི་དྷ་རི་བི་ཥ་ཙི་ལི་མི་ལི་སཱ་དྷ་ནཱ་ཡུ་སྣཱ་ཐཱ་ཡ་སཾ་བྷ་གི་ལ་གོ་ལ་པ་ཏི་ཀ་ཌཾ་ཙི་ལ། ཀུན་དགའ་བོ། ཡི་གེ་དྲུག་པའི་རིག་སྔགས་འདི་ནི་ཡོངས་སུ་སྲུང་བ་དང ། བདག་ཉིད་བཀྲ་ཤིས་པར་བྱེད་པ་ཡིན་ཏེ། གསད་པའི་ནི་ཆད་པས་གྲོལ་བར་འགྱུར་རོ། །ཆད་པས་གཅོད་པ་ནི་བརྒྱད་པས་བྲལ་བར་འགྱུར་རོ། །བརྒྱད་པར་འོས་པ་ནི་ཡང་དེ་བཞིན་དུ་སྨས་པས་བྲལ་བར་འགྱུར་རོ། །ཀུན་དགའ་བོ། ངས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་ན། དགེ་སྦྱོང་དང ། བྲམ་ཟེར་བཅས་པའི་སྐྱེ་རྒུའི་ཚོགས་དང ། ལྷ་དང ། མི་རྣམས་ལས་གང་ཞིག་ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་བྱས་ནས། སྲུང་སྐུད་དཔུང་པ་ལ་བཏགས་ན་བཀྲ་ཤིས་པར་བྱེད་དོ། ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་གཞན་ཟིལ་གྱིས་གནོན་པར་ 371a ༄#། །ནུས་པ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ ། །དེ་ནས་གདོལ་བའི་བུ་མོ་གཟུགས་བཟང་མོས་དེ་ཉིད་ཀྱི་མཚན་མོ་ལུས་ཁྲུས་བྱས། གོས་སར་པ་བགོས་ནས་མུ་ཏིག་གི་དོ་ཤལ་གྱིས་བརྒྱན་ཏེ། གྲོང་ཁྱེར་མཉན་ཡོད་ག་ལ་བ་དེ་ནས་བྱུང་སྟེ་སོང་ནས། གྲོང་ཁྱེར་གྱི་སྒོ་དྲུང་དུ་བསྡད་དེ། ཚེ་དང་ལྡན་པ་ཀུན་དགའ་བོ་འོང་བ་ལ་སྡོད་ཅིང་ངེས་པར་འདིར་དགེ་སློང་ཀུན་དགའ་བོ་འོང་ངོ་ཞེས་སེམས་སོ། །དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་སུ་ཆོས་གོས་དང ། ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །གདོལ་པའི་བུ་མོ་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་དུ་འབྲང་ངོ ། །འདུག་ན་འདུག་ཅིང་འགྲོ་ན་འགྲོ་བར་བྱེད་དོ། །ཁྱིམ་གང་དང ། གང་དུ་བསོད་སྙོམས་ལ་ཞུགས་པ་དེ་དང ། དེར་སྐོར་ཅིང་མི་སྨྲ་བར་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཕྱི་བཞིན་དུ་འབྲང་བ་མཐོང་ངོ ། །མཐོང་ནས་ཀྱང་ངོ་ཚ་ཞིང་ཁྲེལ་གྱིས་དོགས་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བས་མྱུར་དུ་མཉན་ཡོད་ནས་བྱུང་ནས། རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་སོང་ངོ ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་ཕྱི་བཞིན་དུ་རྗེས་སུ་འབྲང་ངོ ། །ཚེ་དང་ལྡན་པ་ 371b ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གདོལ་པའི་བུ་མོ་གཟུགས་བཟང་མོ་འདི་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་མཆིས་ལ་མཆིས་ན།་ཁྱིམ་གང་དང ། གང་དུ་བསོད་སྙོམས་ལ་ཞུགས་པའི་ཁྱིམ་དེ་དང ། དེའི་སྒོར་མཆིས་ནས་ས་ཙང་མི་སྨྲ་བར་མཆིས་སོ། །བཅོམ་ལྡན་འདས། བདག་ལ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ།་བདག་ལ་བསྐྱབ་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་འཇིགས། མ་འཇིགས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། ཅི་གཟུགས་བཟང་མོ། དགེ་སློང་ཀུན་དགའ་བོ་ཁྱིམ་ཐབ་ཏུ་བྱ་བར་འདོད་དམ། བཙུན་པ། འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་བཟང་མོ་ཕ་མས་དགེ་སློང་ཀུན་དགའ་བོ་ལ་རྗེས་སུ་འགྲོ་བར་གནང་ངམ། བཅོམ་ལྡན་འདས། གནང་ལགས་སོ། །བདེ་བར་གཤེགས་པ། གནང་ལགས་སོ། །བདག་གིས་སླར་ཡང་གོ་བར་བགྱིའོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་ 372a ༄#། །བཅོམ་ལྡན་འདས་ལ་རབ་ཏུ་མཉན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སླར་སོང་སྟེ། གང་ན་རང་གི་ཕ་མ་ཡོད་པ་དེར་སོང་སྟེ་ཕྱིན་ནས། ཕ་མའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ་།རང་གི་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ། དགེ་སྦྱོང་གཽ་ཏ་མ་རང་གིས་དགེ་སློང་ཀུན་དགའ་བོ་སྩལ་ཏོ། །དེ་ནས་ཕ་མས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཁྲིད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།གདོལ་པའི་བུ་མོ་གཟུགས་བཟང་མོས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཀྱང་གདོལ་པའི་བུ་མོ་གཟུགས་བཟང་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་གཉིས་ནི་བདག་གི་ཕ་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོའི་ཕ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོ་ལ་སྟེར་རམ། དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས། སྩལ་ལོ། །བདེ་བར་གཤེགས་ 372b པ།་སྩལ་ལོ། །དེ་ལྟ་ན་ཁྱེད་གཉིས་རང་གི་ཁྱིམ་དུ་སླར་སོང་ཞིག་།དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོའི་ཕ་མས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོའི་ཕ་མ་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་བཟང་མོ། དགེ་སློང་ཀུན་དགའ་བོ་དོན་དུ་གཉེར་རམ། བཅོམ་ལྡན་འདས། དོན་དུ་གཉེར་ལགས་སོ། །བདེ་བར་གཤེགས་པ། དོན་དུ་གཉེར་ལགས་སོ། །དེ་ལྟ་ཡིན་ན་གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོའི་ཆ་བྱད་དུ་གྱིས་ཤིག་།བཅོམ་ལྡན་འདས། གཟུང་བར་བགྱིའོ། །བདེ་བར་གཤེགས་པ། གཟུང་ལགས་སོ། །བཅོམ་ལྡན་འདས། རབ་ཏུ་དབྱུང་དུ་གསོལ། བདེ་བར་གཤེགས་པ། བདག་རབ་ཏུ་དབྱུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་མ་འདིར་ལེགས་པར་ཚངས་པར་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང ། གདོལ་པའི་བུ་མོ་གཟུགས་བཟང་མོ་སྐྲ་བྱི་ཞིང་སྣམ་སྦྱར་བགོས་པར་གྱུར་ཏོ། །དེ་ ་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་ 373a ༄#། །མོ་གཟུགས་བཟང་མོ་དེ་ལྟར་དགེ་སློང་མར་གྱུར་ཅིང་རབ་ཏུ་བྱུང་པ་ལ་ཆོས་ཀྱི་གཏམ་ཡང་སྟོན་པ་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་བསྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། གང་ཞིག་འདི་ལྟར་ཡུན་རིང་པོར་འཁོར་བར་བྱིང་བའི་སེམས་ཅན་རྣམས་ཀྱི་གཉེན་པོར་གྱུར་པར་མཉན་པར་བྱ་བ། འདི་ལྟ་སྟེ། སྦྱིན་པའི་གཏམ་དང ། ཚུལ་ཁྲིམས་ཀྱི་གཏམ་དང ། མཐོ་རིས་ཀྱི་གཏམ་དང ། འདོད་པའི་རོ་མྱང་བར་བྱ་བ་མ་ཡིན་ཞིང་སྨད་པའི་གཏམ་དང ། ངེས་པར་འབྱུང་བའི་གཏམ་དང ། འཇིག་པ་དང ། ཉོན་མོངས་པ་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དགེ་སློང་མ་དེ་ལ་བཅོམ་ལྡན་འདས་ཀྱི་ཡང་དག་པར་བསྟན་པས། དེ་ནས་དགེ་སློང་མ་གཟུགས་བཟང་མོ་དེ་ལ། བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད། སེམས་དགའ་བ་ལུས་སུ་རུང་བ་དང ། རབ་ཏུ་དགའ་བའི་སེམས་དང ། སྒྲིབ་པ་མེད་པའི་སེམས་དང།་ཐ་བ་མེད་པའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་གང་ཡིན་པ་ཤེས་ནས་དགེ་སློང་མ་གཟུགས་བཟང་མོ་དགའ་བའི་བསམ་པ་དང ། ལུས་སུ་རུང་བའི་སེམས་དང ། 373b རབ་ཏུ་དགའ་བའི་སེམས་དང ། སྒྲིབ་པ་མེད་པའི་སེམས་དང ། ཐ་བ་མེད་པའི་སེམས་ཀྱིས་བསྒོམས་པའི་སྟོབས་རབ་ཏུ་ལྡན་པ་ཡང་དག་པར་གསལ་བར་བྱེད་པའི་ཆོས་བསྟན་པ་ཀུན་ཏུ་ཤེས་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀུན་གསལ་བར་བྱེད་པའི་ཆོས་བསྟན་པ། འདི་ལྟ་སྟེ། སྡུག་བསྔལ་དང ། ཀུན་འབྱུང་དང ། འགོག་པ་དང ། ལམ་རྣམས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གཟུགས་བཟང་མོ་ལ་རྒྱ་ཆེར་བསྟན་པས། དེ་ནས་དགེ་སློང་མ་གཟུགས་བཟང་མོ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང ། ཀུན་འབྱུང་དང ། འགོག་པ་དང ། ལམ་མངོན་པར་རྟོགས་པར་གྱུར་ཏེ། འདི་ལྟ་སྟེ། གོས་བཀྲུས་པ་དྲི་མ་མེད་པ་ཚོན་གྱིས་བསྒྱུར་ན་ཚོན་ཡང་དག་པར་ལེན་པ་བཞིན་དུ། དགེ་སློང་མ་གཟུགས་བཟང་མོ་སྟན་དེ་ཉིད་དུ་འདུག་ནས་བདེན་པ་བཞི་པོ་སྡུག་བསྔལ་དང ། ཀུན་འབྱུང་དང ། འགོག་པ་དང ། ལམ་རྣམས་མངོན་པར་རྟོགས་པར་གྱུར་ཏོ། །དེ་ནས་དགེ་སློང་མ་གཟུགས་བཟང་མོས་ཆོས་མཐོང་ཞིང་ཆོས་ཐོབ་ལ་ཆོས་རྟོགས་ཤིང་ཆོས་མཐར་ཐུག་པར་ཁོང་དུ་ཆུད་ནས་ཐེ་ཚོམ་ལས་བརྒལ་ཞིང་སོམ་ཉི་སྤངས་ཏེ། ཐ་སྙད་རྣམས་དང་བྲལ་ཞིང་དྲི་མ་མེད་པ་ཐོབ་པས་གཞན་གྱི་རྐྱེན་གྱིས་མི་བཀྲི་བར་སྟོན་པའི་བསྟན་པ་ལ་ཆོས་ཀྱི་རྗེས་སུ་འབྲང་བས་བཅོམ་ལྡན་འདས་ཀྱི་ཞབས་ 374a ༄#། །ལ་སྤྱི་བོས་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ནི་ནོངས་ལགས་སོ། །བདེ་བར་གཤེགས་པ།་བདག་གིས་ནོངས་ལགས་ཏེ། འདི་ལྟར་བྱིས་པ། འདི་ལྟར་རྨོངས་པ། འདི་ལྟར་མི་གསལ་བ། འདི་ལྟར་མི་དགེ་བ། བདག་ནི་ཤེས་རབ་འཆལ་བའི་རང་བཞིན་ཅན་ལགས་ཏེ།་གང་བདག་གིས་དགེ་སློང་ཀུན་དགའ་བོ་ཁྱིམ་ཐབ་ཏུ་འཚལ་བ་ཀུན་ནས་ཚུལ་མ་ལགས་སོ། །དེ་ལྟ་བས་ན། བཙུན་པ། བདག་གིས་ནོངས་པ་ལ་ནོངས་པར་ཁུམས་ཤིང་ཡང་ནོངས་པ་ལ་མཆོག་ཏུ་ནོངས་པར་ཁུམས་ནས་ནོངས་པ་དེ་བཤགས་པར་བགྱིས། སླན་ཆད་ཀྱང་ནོངས་པ་བསྡམ་པར་བགྱིའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ནོངས་པར་བཟུང་ནས་ནོངས་པ་བསྡམ་པར་བགྱིའོ། །གཟུགས་བཟང་མོ། ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་ཤེས་ནས། འདི་ལྟར་བྱིས་པ། འདི་ལྟར་རྨོངས་པ། འདི་ལྟར་མི་གསལ་བ་འདི་ལྟར་མི་དགེ་བ། ཤེས་རབ་འཆལ་པའི་རང་བཞིན་གྱིས་གང་ཁྱོད་ཀྱིས་དགེ་སློང་ཀུན་དགའ་བོ་ལ་ཁྱིམ་ཐབ་ཏུ་འཛིན་ཞིང་ཚུལ་བཞིན་མ་ཡིན་པ་བྱས་པ་ལ་ཆོས་འདུལ་བ་རྟོགས་ནས་གང་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་ཡང་དག་པར་ལྟ་ཞིང་ཉེས་པ་ལ་ཉེས་པར་ཡང་དག་པར་མཐོང་ནས། དེ་བཞིན་དུ་ཉེས་པ་འཆགས་ཤིང་ཕྱིན་ཆད་སྡོམ་པ་ 374b ནི་ངས་ཀྱང་ཁྱོད་ཀྱི་ཉེས་པ་ལ་ཉེས་པར་གཟུང་བར་བྱའོ། །ཕྱིན་ཆད་སྡོམ་ལ་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་བསྒྲུབ་པར་བྱ་ཡི། ཉམས་པར་ནི་མི་བྱའོ། །དེ་ནས་དགེ་སློང་མ་གཟུགས་བཟང་མོ་ལ་བཅོམ་ལྡན་འདས་ཀྱིས་བསྟན་ཞིང་ཁྱད་པར་དུ་རྗེས་སུ་གདམས་པས། གཅིག་པུ་དབེན་པར་གནས་ཤིང་བག་ཡོད་པས་གདམས་ཤིང་དྲན་པ་དང ། ཤེས་བཞིན་རབ་ཏུ་ཉམས་པ་མེད་པའི་བདག་ཉིད་གནས་གཅིག་པུ་དབེན་པར་བག་ཡོད་པར་བསྡམས་ཤིང་དྲན་པ་དང་ཤེས་བཞིན་ཉམས་པ་མེད་པས་བདག་ཉིད་གནས་པས་གང་གི་དོན་དུ་རིགས་ཀྱི་བུ་མོ་སྐྲ་བྲེགས་ནས་ཆོས་གོས་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པའི་ཚངས་པར་སྤྱོད་པ་ལ་ཀུན་ཏུ་གནས་པ་ནི། མཐོང་བའི་ཆོས་ཉིད་ལ་རང་གིས་མངོན་པར་ཤེས་པ་མངོན་དུ་བྱས་ཤིང་བསྐྱེད་ནས་ལུང་སྟོན་པར་བྱེད་པ་ཡིན་པས། དེས་ཚངས་པར་སྤྱད་པས་བྱ་བ་བྱས་ཤིང་སྐྱེ་བཟད་དེ། སྲིད་པར་སྐྱེ་བ་གཞན་མི་ལེན་པར་གྱུར་ཏོ། །མཉན་ཡོད་ཀྱི་བྲམ་ཟེ་དང ། ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གདོལ་བའི་བུ་མོ་རབ་ཏུ་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཇི་ལྟར་གདོལ་བའི་བུ་མོ་དགེ་སློང་རྣམས་དང་ཡང་དག་པར་སྤྱོད་པར་བྱེད་ཅེས་སྨོད་པར་བྱེད་དོ། །དེ་བཞིན་དུ་དགེ་སློང་རྣམས་དང ། དགེ་སློང་མ་རྣམས་དང ། དགེ་སྙེན་དང ། དགེ་བསྙེན་རྣམས་དང་ཡང་དག་པར་སྤྱད་པ་སྤྱོད་པར་བྱེད་ཅེས་སྨོས་པར་བྱེད་ཅིང ། ཇི་ལྟར་གདོལ་བའི་བུ་མོ་ལ་ 375a ༄#། །བྲམ་ཟེ་དང ། རྒྱལ་རིགས་དང ། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་བལྟ་བར་བྱ་ཞེས་ཟེར་རོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་རབ་ཏུ་ཕྱུང་ཞེས་གྲག་པ་ཐོས་སོ། །ཐོས་ནས་ཀྱང་ཇི་ལྟར་གདོལ་བའི་བུ་མོ་ཞེས་བྱ་བ་དང་དགེ་སློང་རྣམས་ཡང་དག་པར་སྤྱད་པ་སྤྱོད་པར་བྱེད། དགེ་སློང་མ་རྣམས་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་དང་ཡང་དག་པར་སྤྱད་པ་སྤྱོད་པར་བྱེད། ཇི་ལྟར་བྲམ་ཟེ་དང ། རྒྱལ་རིགས་དང ། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱིས་བལྟ་བར་བྱ་ཞེས་སྨོད་ལ་སེམས་པར་བྱེད་ཅིང་བཞོན་པ་བཟང་པོ་སྦྱར་ཏེ། བཞོན་པ་བཟང་པོ་ལ་ཞོན་ནས་མཉན་ཡོད་ཀྱི་བྲམ་ཟེ་དང ། ཁྱིམ་བདག་གི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་མཉན་ཡོད་ནས་འཕགས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་སྟེ། ཇི་སྲིད་བཞོན་པས་འགྲོ་བའི་ས་དེ་སྲིད་དུ་བཞོན་པས་ཕྱིན་ནས་བཞོན་པ་ལ་བབས་ནས་རྐང་ཐང་གི་འཁོར་གྱིས་བསྐོར་ཏེ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་ཞུགས་སོ། །ཞུགས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས། ཕྱོགས་གཅིག་ཏུ་འདུག་གོ་།མཉན་ཡོད་ཀྱི་བྲམ་ཟེ་ 375b དང།་ཁྱིམ་བདག་གི་ཚོགས་ཆེན་པོ་དེ་དག་ཀྱང་ཐ་སྙད་ལྔ་དང་ལྡན་པས་འཁོད་དོ། །ཡང་བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཕྱོགས་ཏེ་ཡང་དགའ་བ་དང ། མགུ་བར་གྱུར་བའི་གཏམ་སྣ་ཚོགས་མཛད་དེ། མཇུག་བརྟུལ་བ་དང་ཕྱོགས་གཅིག་ཏུ་འདུག་གོ་།ཡང་གཞན་དག་གིས་བཅོམ་ལྡན་འདས་ལ་རང་རང་གི་ཕ་མའི་རྒྱུས་དང།་མིང་དང ། རིགས་དང ། རུས་རྣམས་བསྙད་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཡང་གཞན་དག་གིས་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།གཞན་དག་ནི་ཡང་མཐུན་པར་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང ། མཉན་ཡོད་ཀྱི་བྲམ་ཟེ་དང།་ཁྱིམ་བདག་གི་ཚོགས་ཆེན་པོ་དེ་རྣམས་ཀྱི་སེམས་ཐུགས་ཀྱིས་མཁྱེན་དགེ་སློང་མ་གཟུགས་བཟང་མོའི་སྔོན་གྱི་གནས་སྐབས་བསྟན་པར་མཛད་པའི་ཕྱིར་དགེ་སློང་མ་དེ་བཀུག་ནས་དགེ་སློང་རྣམས་ལ། དགེ་སློང་དག་།དེ་བཞིན་གཤེགས་པ་ལས་མངོན་སུམ་དུ་དགེ་སློང་མ་གཟུགས་བཟང་མོའི་སྔོན་གྱི་གནས་སྐབས་ལས་བརྩམས་ནས་ཆོས་ཀྱི་གཏམ་ཉན་པར་འདོད་དམ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས། དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ། དེའི་དུས་ 376a ༄#། །ལ་བབ་ལགས་ཏེ། བཅོམ་ལྡན་འདས་གང་དགེ་སློང་མ་གཟུགས་བཟང་མོའི་སྔོན་གྱི་གནས་སྐབས་ལས་བརྩམས་ནས་ཆོས་ཀྱི་གཏམ་བསྟན་དུ་གསོལ། བཅོམ་ལྡན་འདས་ལ་སླར་མཉན་ནས་གཟུང་བར་འཚལ་ལོ། །དགེ་སློང་དག་།དེ་ལྟ་བས་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་ངས་བཤད་དོ། །བཅོམ་ལྡན་འདས། ལེགས་སོ། །ལེགས་སོ་ཞེས་གསོལ་ཏེ། དགེ་སློང་དེ་དག་བཅོམ་ལྡན་འདས་ལ་སླར་ཉན་ཏོ། །དེ་དག་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན། ཆུ་བོ་གངྒཱའི་འགྲམ་ན་ཨ་ཏི་མུག་ཏ་ཀ་དང ། སཱ་ལའི་ཚལ་གྱི་ནགས་ཀྱི་ཕྱོགས་གཅིག་ཡོད་དེ། དེ་ན་ཏྲེ་ཤང་ཀུ་ཞེས་བྱ་བའི་གདོལ་བའི་རྒྱལ་པོ་ཡོད་དེ། གདོལ་པ་སྟོང་ཕྲག་དུ་མའི་ཚོགས་ཆེན་པོ་དང་ལྷན་ཅིག་གནས་སོ། །ཡང་དེའི་ཚེ། དགེ་སློང་དག་།གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུ་ཞེས་བྱ་བ་དེས་སྐྱེ་བ་སྔ་མའི་རིག་བྱེད་ཀྱི་ཡན་ལག་དང།་ཉེ་བའི་ཡན་ལག་དང་བཅས་པ་དང ། གསང་བ་དང་བཅས་པ་དང ། ངེས་པར་སྦྱར་བའི་བརྡ་དང་བཅས་པ་དང ། ཡི་གེའི་རབ་ཏུ་དབྱེ་བ་དང་བཅས་པ་རྣམས་དང ། བཞད་གད་ཅེས་བྱ་བ་དང ། ལྔ་པ་དང ། བསྟན་བཅོས་གཞན་ཡང་རྐྱང་བ་དང ། བྱཱ་ཀ་རན་དང ། རྒྱན་ཕན་བའི་གཙུག་ལག་དང ། མཆོད་སྦྱིན་གྱི་རབས་དང ། སྐྱེས་བུ་ཆེན་པོའི་ 376b མཚན་རྣམས་ལ་རྗེས་སུ་མཁས་ཤིང་ཇི་ལྟར་ཆོས་བཤད་པ་དང ། རིག་བྱེད་ཀྱི་བརྟུལ་ཞུགས་དང ། རྟེན་པ་མེད་པར་བཤད་པ་ལ་མཁས་པ་ཞིག་སྟེ། ཡང་རྒྱལ་པོ་ཏྲེ་ཤང་ཀུ་དེ་ལ་གཞོན་ནུ་སྟག་རྣ་ཞེས་བྱ་བའི་བུ་ཡོད་པ་དེ་གཟུགས་དང་ལྡན་པ། རིགས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཡོན་ཏན་ཐམས་ཅད་དང་ལྡན་པ། གཟུགས་བཟང་ཞིང་བལྟ་ན་སྡུག་པ། ཁ་དོག་མཛད་ཤིང་མཆོག་ཏུ་ཁ་དོག་རྒྱས་པ་དང་ལྡན་པ་ཞིག་ཡོད་དོ། །དེ་ནས་རྒྱལ་པོ་ཏྲེ་ཤང་ཀུ་གཞོན་ནུ་སྟག་རྣ་ལ་སྐྱེ་བ་སྔ་མའི་རིག་བྱེད་དྲན་པ་བསླབས་ཏེ།་འདི་ལྟ་སྟེ། ཡན་ལག་དང ། ཉེ་བའི་ཡན་ལག་དང ། གསང་བ་དང་བཅས་པ་དང ། ངེས་པར་སྦྱར་བའི་བརྡ་དང་བཅས་པ་དང ། ཡི་གེའི་རབ་ཏུ་དབྱེ་བ་དང་བཅས་པ་དང ། བཞད་གད་ཅེས་བྱ་བ་དང ། ལྔ་པ་དང ། བསྟན་བཅོས་གཞན་ཡང་ཆོས་ཇི་ལྟར་བཤད་པ་དང ། རིག་བྱེད་ཀྱིས་བརྟུལ་ཞུགས་བསླབས་ནས། དེ་ནས་རྒྱལ་པོ་ཏྲེ་ཤང་ཀུས་འདི་སྙམ་དུ་བསམས་ཏེ། བདག་གི་བུ་གཞོན་ནུ་སྟག་རྣ་འདི་ནི་གཟུགས་དང་ལྡན་པ། རིགས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ།་གཟུགས་བཟང་ཞིང་བལྟ་ན་སྡུག་པ། ཁ་དོག་མཛད་ཤིང་མཆོག་ཏུ་ཁ་དོག་རྒྱས་པ་དང་ལྡན་པ། སྔགས་དང ། རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གྱི། ཁྱིམ་བྱ་སྟེ་ཡང་གང་བདག་ 377a ༄#། །གིས་གཞོན་ནུ་སྟག་རྣ་དང་མཐུན་པར་གཟུགས་དང་ལྡན་པ། རིགས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དེ་ལྟ་བུའི་བུ་མོ་ཞིག་གང་ནས་བཙལ་སྙམ་མོ། །ཡང་དུས་གཞན་ཞིག་གི་ཚེ། བྲམ་ཟེ་པདྨའི་སྙིང་པོ་ཞེས་བྱ་བ་གྱེན་དུ་འབྱུང་བའི་ལུང་པའི་སྒོ་ཞེས་བྱ་བ་ན། ཁྱབ་པར་ས་དང ། ཆུ་དང ། ཤིང་དང་ལྡན་པ། རྟག་ཏུ་འབྲུ་རྣམས་སྨིན་པ། རིགས་དང ། རུས་མ་སྨད་པ། པ་མེས་དང ། མ་མེས་བདུན་བརྒྱུད་ཀྱི་མཁན་པོར་གྱུར་པ། ཀློག་པ་དང ། གསང་སྔགས་འཛིན་པ། རིག་བྱེད་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡན་ལག་དང་བཅས་པ་དང ། ཉེ་བའི་ཡན་ལག་དང་བཅས་པ་དང ། བརྡ་ངེས་པར་སྦྱར་བ་དང་བཅས་པ་དང ། བཞད་གད་ཅེས་བྱ་བ་དང ། ལྔ་པ་དང ། རྐང་བ་དང ། བྱ་ཀ་ར་ན་དང ། འཇིག་རྟེན་རྒྱང་བན་པའི་གཙུག་ལག་དང ། མཆོད་སྦྱིན་གྱི་རབས་དང ། སྐྱེས་བུ་ཆེན་པོའི་མཚན་རྣམས་རྗེས་སུ་སྦྱར་བ་རྒྱས་ཤིང་གྲོལ་བར་སྟོན་པ་ཞིག་གོ་།ཡང་བྲམ་ཟེ་པདྨའི་སྙིང་པོ་དེ་ལ་གཟུགས་བཟང་མོ་ཞེས་བྱ་བའི་བུ་མོ་ཡིད་དུ་འོང་བ། གཟུགས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། གཟུགས་བཟང་ཞིང་བལྟ་ན་སྡུག་པ། མཛས་ཤིང་མཆོག་ཏུ་ཁ་དོག་རྒྱས་པ་དང་ལྡན་པ། བདག་གི་གཞོན་ནུ་སྟག་རྣ་དང་མཐུན་ 377b པས་ཆུང་མར་འོས་སོ་ཞེས་བསམས་ཏེ། དེ་ནས་རྒྱལ་པོ་ཏྲེ་ཤང་ཀུས་དོན་དེ་ཉིད་མཚན་མོ་ཕལ་ཆེར་སེམས་ཤིང་མཚན་མོ་འདས་ནས་ནམ་ནངས་ཏེ། ཐམས་ཅད་དཀར་བའི་ཤིང་རྟ་ལ་ཞོན་ནས། གདོལ་བའི་བློན་པོའི་ཚོགས་ཀྱིས་བསྐོར་ནས་གདོལ་བའི་ཕོ་བྲང་ནས་བྱུང་ནས་བྱང་ཕྱོགས་སུ་ཆས་ཏེ། གྱེན་དུ་འབྱུང་བའི་ལུང་བའི་སྒོ་ག་ལ་བ་དེར་སོང་སྟེ། དེ་ནས་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས་གྱེན་དུ་འབྱུང་བའི་ལུང་པའི་སྒོ་བྱང་ཤར་གྱི་མཚམས་ན་ཡིད་བདེ་བ་ཞེས་བྱ་བའི་སྐྱེད་མོས་ཚལ་ཤིང་སྣ་ཚོགས་པས་ཁྱབ་པ། ཤིང་སྣ་ཚོགས་པའི་མེ་ཏོག་དང་ལྡན། བྱ་སྣ་ཚོགས་པ་སྒྲ་སྙན་པ་སྒྲོགས་པ། ལྷ་རྣམས་ཀྱི་དགའ་བའི་ཚལ་ལྟར་མཛེས་པ་ཞིག་ཡོད་དེ། དེར་ཕྱིན་ནས་བྲམ་ཟེ་པདྨའི་སྙིང་པོ་འོང་བ་ལ་སྡོད་དོ། །བྲམ་ཟེ་པདྨའི་སྙིང་པོ་བྲམ་ཟེའི་ཁྱེའུ་རྣམས་ལ་བྲམ་ཟེའི་སྔགས་འཆད་དོ། །དེ་ནས་བྲམ་ཟེ་པདྨའི་སྙིང་པོ་དེ་ཉིད་ཀྱི་མཚན་མོ་འདས་ནས་ཐམས་ཅད་དཀར་བའི་རྟའི་ཤིང་རྟ་ལ་ཞོན་ནས། བྲམ་ཟེའི་ཁྱེའུ་ལྔ་བརྒྱའི་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། གྱེན་དུ་འབྱུང་བ་ནས་འཕགས་ཏེ། བྲམ་ཟེའི་ཁྱེའུ་རྣམས་ལ་བྲམ་ཟེའི་སྔགས་འཆད་དོ། །གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུས་བྲམ་ཟེ་པདྨའི་སྙིང་པོ་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མེ་འབར་བ་འོད་ཀྱིས་བསྐོར་བ་ལྟ་བུ། མཆོད་སྦྱིན་བྱེད་པ་བྲམ་ཟེའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། གངས་ཅན་སྨན་ 378a ༄#། །གྱི་ཚོགས་ཀྱིས་མཛེས་ལྟ་བུ། རྒྱ་མཚོ་རིན་པོ་ཆེས་མཛེས་པ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། རྣམ་ཐོས་སྲས་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བརྒྱ་བྱིན་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་མཛེས་པ་རྒྱང་རིང་པོ་ནས་མཐོང་ངོ ། །མཐོང་ནས་ཀྱང་བསུ་སྟེ་ཆོས་བཞིན་དུ་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་པདྨའི་སྙིང་པོ། ལེགས་པར་འདིར་བྱོན་གྱིས་བྱ་བ་ཅུང་ཞིག་སྨྲར་ཡོད་ཀྱི། དེ་ཉོན་ཅིག་།དེ་སྐད་ཅེས་སྨྲས་པ་དང ། བྲམ་ཟེ་པདྨའི་སྙིང་པོས་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཏྲེ་ཤང་ཀུ། བྲམ་ཟེ་མ་ཡིན་པས་ཀྱེ་ཞེས་བོད་པར་མི་ནུས་ཤིང་རིགས་པ་མ་ཡིན་ནོ། །པདྨའི་སྙིང་པོ། བདག་གིས་ཀྱེ་ཞེས་པོད་པར་མི་ནུས་ཤིང་བྱར་རུང་སྟེ། གང་གིས་ནུས་པར་བྱར་རུང་བར་འགྱུར་ལ། གང་གིས་དེ་ལྟར་མི་ནུས་པ་ནི་དེ་ལྟར་ཡང་མི་བྱའོ། ། ཀྱེ་པདྨའི་སྙིང་པོ། སྐྱེས་བུའི་མཉམ་པར་རྩོམ་པ་ནི་སྔོན་གྱི་མཉམ་པར་རྩོམ་པ་ལས་འགྱུར་རོ། །འདི་ལྟ་སྟེ། བདག་གི་དོན་དང ། གཞན་གྱི་དོན་དང ། བདག་གི་འཁོར་གྱི་དོན་དང།་འབྱུང་པོ་ཐམས་ཅད་ཀྱི་དོན་བསྡུས་པ་ནི་ད་ལྟར་འདིར་ཁྱད་པར་དུ་དོན་ཆེ་བ་གང་ཡིན་པ་སྨྲ་ཡི་ཉོན་ཅིག་།བདག་ལ་བུ་སྟག་རྣ་ཞེས་བྱ་བ་ཡོད་ཀྱི་དེའི་ཆུང་མར་བུ་མོ་བྱིན་ཅིག ། 378b རིན་གང་ཞིག་འདོད་པ་དེ་སྦྱིན་པར་བྱའོ། །ཚིག་དེ་ལྟ་བུ་ཡང་ཐོས་པ་དང ། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་བྲམ་ཟེ་པདྨའི་སྙིང་པོ་མཆོག་ཏུ་ཁྲོས་འཁྲུགས་ཤིང་སྡང་བས་དེའི་རྐྱེན་གྱིས་དཔྲལ་བར་ཁྲོ་གཉེར་གསུམ་བསྡུས་ནས་བཞིན་རྣམ་པར་གྱུར་པས་མིག་རྣམ་པར་འགྱུར་ཞིང་ནེ་ལེ་ལྟར་སེར་སྐྱར་གྱུར་ཏེ། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །ཐ་མལ་པའི་གདོལ་པ། དམན་པ། སྨད་པ། དུ་མ་ཟ་བ། ངན་པ་ནི་གང་བྲམ་ཟེ་རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདོལ་པ་དམན་པ་གཅུགས་པ་མེད་པར་འཇོམས་པར་བྱེད་པ་ཁྱོད་ཀྱིས་ཚིག་འདི་ལྟ་བུ་སྨྲ་བའི་རིགས་སམ།་ཀྱེ།་བློ་ངན་མངོན་པའི་ང་རྒྱལ་གྱིས་ཐ་མལ་པ་ཡིན་པར་སེམས་སམ། དམན་པ་དོན་མ་ཡིན་པ་ལ་དོན་དུ་མ་གཉེར། གསེར་ནམ་ཡང་ཐལ་བར་མི་འགྱུར་རོ། །སྣང་བ་དང ། མུན་པ་གཉིས་སམ། གདོལ་པའི་སྐྱེ་གནས་སུ་སྐྱེས་པ་ཡང་བྲམ་ཟེ་དམ་པ་རྣམས་དང ། དམན་པ་ཁྱོད་དང་འབྲེལ་བར་འདོད་པ་ཇི་ལྟར་མ་རྨོངས། གདོལ་པའི་སྐྱེ་གནས་སུ་སྐྱེས་པ་དང།་ཁོ་བོ་དམ་པར་སྐྱེས་པས་དམན་པ་དང ། མཆོག་གཉིས་འབྲེལ་པར་མི་འདོད་དོ། །བྲམ་ཟེ་མཆོག་དང ། མཆོག་ཏུ་འབྲེལ་པར་བྱེད་པར་འདོད་ཀྱི། མཆོག་དང ། དམན་པ་གཉིས་སུ་འབྲེལ་པར་མི་འདོད་དོ། །རིགས་ཕུན་སུམ་ཚོགས་ཤིང་རིགས་ཡོངས་སུ་དག་ཅིང་འཁྲུགས་མེད་པ། སྔགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པ་དང ། སྔགས་མཆོག་ལས་བྱུང་ཞིང་ 379a ༄#། །རིག་བྱེད་ཀྱི་ཕ་རོལ་ཏུ་སོན་པ། བརྡ་ངེས་པར་སྤྱར་བ་དང་བཅས་པ། བྲམ་ཟེ་གང་གིས་རིག་བྱེད་བཀླགས་པ་དེ་ལྟ་བུའི་བྲམ་ཟེ་དང་འབྲེལ་པར་བྱ་བ་ཡིན་གྱི། རིགས་མཆོག་དང ། དམན་པར་འབྲེལ་བར་བྱར་ནི་མི་འདོད་དོ། །དོན་དུ་གཉེར་བར་བྱ་བ་མ་ཡིན་པ་དོན་དུ་གཉེར་བ་ནི་རླུང་ཞགས་པས་འཛིན་པར་རྩོམ་པ་ལ་འཇུག་པ་ཡིན་ཏེ། གང་ང་དང་ཁྱོད་འབྲེལ་པར་བྱེད་པར་འདོད་པ་དེ་བཞིན་ནོ། །རོ་དང ། རིགས་དམན་པ་གཉིས་ནི་འཇིག་རྟེན་ཐམས་ཅད་ལ་མི་གཙང་བ་ཡིན་གྱི་དམན་པ་མྱུར་དུ་ཕར་ཁྱེད་ཅིག་།འདི་ལྟ་བུ་ཉིད་ཇི་ལྟར་སེམས། གདོལ་པ་དང ། གདོལ་པར་ལྷན་ཅིག་པ་ཡིན་ལ། དུར་སྲུང་རྣམས་དང་ནི་དུར་སྲུང་ལྷན་ཅིག་པ་ཡིན་ཏེ། རིགས་གང་དང ། གང་ཡིན་པ་དེ་དང ། དེ་འབྲེལ་པར་བྱེད་པ་ཡིན་ཏེ། རྒྱལ་རིགས་རྣམས་དང་ནི་རྒྱལ་རིགས་ལྷན་ཅིག་པ་ཡིན་ལ། བྲམ་ཟེ་རྣམས་དང་བྲམ་ཟེ་ལྷན་ཅིག་པ་ཡིན་ལ། དེ་བཞིན་དུ་རྗེའུ་རིགས་རྣམས་ཀྱང་རྗེའུ་རིགས་དང་ལྷན་ཅིག་པ་ཡིན་ལ། དེ་བཞིན་དུ་དམངས་རིགས་རྣམས་ཀྱང་དམངས་རིགས་དང་ལྷན་ཅིག་ཏུ་འདྲ་བ་རྣམས་ཕན་ཚུན་འཇུག་པ་ཡིན་གྱི། གདོལ་པ་རྣམས་དང་བྲམ་ཟེ་ནི་འབྲེལ་པ་མེད་དོ། །རིགས་ཐམས་ཅད་ལས་དམན་པ་དང ། རིགས་མཆོག་རྣམས་ཇི་ལྟར་འབྲེལ་དུ་འདོད། བྲམ་ཟེ་པདྨའི་སྙིང་པོས་ལན་དུ་དེ་ལྟ་བུའི་ཚིག་ཐོས་པ་དང ། གདོལ་པའི་རྒྱལ་པོ་ 379b ཏྲེ་ཤང་ཀུས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་གསེར་དང ། ཐལ་བའི་ཁྱད་པར་དམིགས་པ་ལྟར་བྲམ་ཟེ་རྣམས་དང ། རིགས་གཞན་དེ་ལྟ་བུ་ཁྱད་པར་ནི་མི་དམིགས་སོ། །ཇི་ལྟར་མུན་པ་དང ། སྣང་བའི་ཁྱད་པར་དམིགས་པ་ལྟར་བྲམ་ཟེ་རྣམས་དང ། རིགས་གཞན་དེ་ལྟ་བུའི་ཁྱད་པར་ནི་མི་དམིགས་སོ། །གང་བྲམ་ཟེ་རྣམས་ནམ་མཁའ་དང ། རྒྱ་མཚོ་ལས་སྐྱེས་པ་ནི་མ་ཡིན་ནོ། །གཙུག་ཤིང་གིས་མེ་ཕྱུང་བ་ལྟར་ས་རྣམས་ལས་སྐྱེས་པའང་མ་ཡིན་ནོ། །བྲམ་ཟེའི་སྐྱེ་གནས་གང་ཡིན་པ་དེ་ནས་གདོལ་པའི་རིགས་ཀྱང་སྐྱེས་པ་ཡིན་ཏེ། མཆོག་ཉིད་དང ། དམན་པ་ཉིད་དུ་བྲམ་ཟེ་རྣམས་ལ་ཅི་དམིགས། བྲམ་ཟེ་མཆོག་རྣམས་ཀྱི་རོའང་སྤོང་ཞིང་མི་གཙང་བར་བྱེད་དོ། །རིགས་རྣམས་ལ་དེ་ལྟ་བས་ན་གཞན་དང་དེ་ལ་ཁྱད་པར་ཅི་ཞིག་ཡོད། འདི་ལྟར་སྡིག་པའི་ལས་ཅུང་ཟད་བྱེད་ཅིང་རྙོག་པ་དང ། རྩོད་པས་སེམས་ཅན་རྣམས་ལ་གནོད་པ་བྱ་བར་བྲམ་ཟེ་རྣམས་རབ་ཏུ་སྟོན་ཏོ། །བྱད་དང ། རོ་ལངས་ཀྱི་ལས་བྲམ་ཟེ་རྣམས་རབ་ཏུ་སྟོན་ཏོ། །ལས་མི་བཟད་པ་རྣམས་ལ་ཡང་བསོད་ནམས་ཡིན་པར་བྲམ་ཟེ་རྣམས་སྟོན་ཏོ། །ཤ་ཟ་བར་འདོད་པས་བྲམ་ཟེ་རྣམས་ཀྱི་ཆོ་ག་སྦྱར་བ་སྔགས་བཟླས་ནས་ར་ལུག་བསད་ན་མཐོ་རིས་སུ་འགྲོ་བར་སྨྲའོ། །གང་དེ་ལྟ་བུ་མཐོ་རིས་ཀྱི་ལམ་ཡིན་ན་ཅིའི་ཕྱིར་བྲམ་ཟེ་བདག་ཉིད་དང ། གཞན་ཡང་ཉེ་དུ་དང ། ཕ་དང ། མ་དང ། སྤུན་ཟླ་དང ། 380a ༄#། །སྲིང་མོ་དང ། དེ་བཞིན་དུ་བུ་དང ། བུ་མོ་དང ། ཆུང་མ་རྣམས་སྔགས་བཟླས་ནས་བསད་པར་མི་སྟོན། མཛའ་བོ་དང ། གཉེན་དང ། བདག་ཉིད་ཀྱང་ཡུལ་ན་གནས་པ་སྔགས་དེ་བཟླས་ནས་ཡང་མཐོ་རིས་སུ་འགྲོ་བ་དྲུག་པོ་རྣམས་ཅིའི་ཕྱིར་མི་གཏོང ། ཐམས་ཅད་ཆོམ་པས་དུས་གཅིག་ཏུ་དག་ཅིང་བདེ་འགྲོ་མཆོག་ཏུ་འགྲོ་བར་འགྱུར་ན། ཅིའི་ཕྱིར་ཕྱུགས་རྣམས་ཀྱི་མཆོད་སྦྱིན་བྱེད་ཀྱི་བདག་ཉིད་ཀྱིས་ཅིའི་ཕྱིར་མི་བྱེད། བདེ་འགྲོ་མཐོ་རིས་སུ་ར་ལུག་འགྲོ་བར་བསྟན་པར་མི་བྱ་སྟེ། མཐོ་རིས་ཀྱི་ལམ་དེ་དག་པ་མ་ཡིན་ཏེ། རྫུན་བསྟན་པ་ཡིན་ནོ། །བྲམ་ཟེ་རྣམས་སྡང་བའི་སེམས་ཀྱིས་ཤ་བཟའ་བ་འདོད་པ་རྣམ་གྲངས་དུ་མས་ཐབས་བསམས་ཏེ། ཕྱུགས་རྣམས་བསད་པའི་ཆོ་ག་བསྟན་པ་ཡིན་ནོ། །གཞན་ཡང ། བདག་གིས་བྲམ་ཟེ་རྣམས་ཀྱི་ཆོ་ག་གང་ཡིན་པ་བརྗོད་པར་བྱ་སྟེ། རིག་བྱེད་བཞི་ལས་སྡིག་པའི་བྱ་བར་བསྟན་ཏེ། གསེར་རྐུ་བ་དང་ཆང་འཐུང་དང ། །བླ་མའི་ཆུང་མ་སྤྱོད་པ་དང ། །སྡོམ་པའི་ཚོགས་ནི་འཇིག་པ་སྟེ། །སྡིག་པ་བཞི་རུ་བྲམ་ཟེ་འདོད། །གསེར་རྐུ་བ་ནི་སྤང་བར་བྱ། །དེ་བཞིན་ལས་གཞན་སྡིག་ཡོད་མིན། བྲམ་ཟེ་གང་གིས་གསེར་བརྐུས་ན། །དེ་དག་བྲམ་ཟེ་མིན་པར་འདོད། །ཆང་ནི་བཏུང་བར་མི་བྱ་སྟེ། །གཞན་ནི་བཏུད་བར་བྱ་བར་འདོད། །བྲམ་ཟེ་གང་ཞིག་ཆང་འཐུང་བ། །དེ་དག་ 380b བྲམ་ཟེར་མི་འགྱུར་རོ། །བླ་མའི་ཆུང་མ་སྤྱད་མི་བྱ། །གཞན་གྱི་ཆུང་མ་བགྲོད་པར་བྱ། །བླ་མའི་ཆུང་མ་ལ་བགྲོ་བ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བྲམ་ཟེ་གཅིག་ཀྱང་གསད་མི་བྱ། ། བྲམ་ཟེ་མིན་པ་དུ་མ་གསད། །གང་ཞིག་བྲམ་ཟེ་གསོད་བྱེད་པ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བཞི་པོ་དེ་དག་གང་ཡིན་པ། །བྲམ་ཟེ་རྣམས་ལ་སྡིག་པར་གྱུར། །དེ་དག་ལས་གཞན་སྡིག་མེད་འདོད། །བཞི་པོ་དེ་ལས་གཅིག་བྱས་ན། །དེ་ནི་བྲམ་ཟེ་ཡིན་མི་འགྱུར། །བྲམ་ཟེ་རྣམས་ནི་ཚོགས་པ་རུ། །ཆུད་མིན་ཕྱག་ཀྱང་མི་བྱའོ། །སྟན་དང་ཆུ་རྣམས་མི་བཏབ་ཅིང ། །བསུ་བར་ཡང་ནི་མི་བྱའོ། །བྲམ་ཟེ་ཉམས་པ་དེ་ལ་ཡང ། །དེ་ནི་འབྱུང་བའི་ཐབས་སྣང་སྟེ། །དེ་ཡིས་ལོ་ནི་བཅུ་གཉིས་སུ། །བོང་བུའི་པགས་པ་བགོ་བྱ་ཞིང ། །ཁ་ཊྭཱཾ་ཁ་ནི་ཐོགས་པར་བྱ། །ཐོད་པའི་ནང་དུ་བཟའ་བར་བྱ། །དཀའ་ཐུབ་འདི་ནི་བཟུང་བར་བྱ། །ངེས་པར་རྒྱུན་ནི་མ་བཅད་པར། །གང་གིས་བརྟུལ་ཞུགས་ཡང་དག་བླངས། །ཕྱིར་ཡང་བྲམ་ཟེར་འགྲོ་བར་འགྱུར། །ལོ་ནི་བཅུ་གཉིས་ཚང་བ་ན། །ཕྱི་ནས་དེ་ནི་བྲམ་ཟེར་འགྱུར། །དེ་ནི་འབྱུང་བའི་ཐབས་སུ་བསྟན། །བྲམ་ཟེ་ཡི་ནི་དཀའ་ཐུབ་ཡིན། །རྨོངས་པས་ལས་ནི་ངན་པ་སྟེ། །འབྱུང་བ་མེད་པར་བསྟན་པར་བྱ། ། བྲམ་ཟེ་དེ་ནི་འདི་ལྟ་སྟེ། །འདི་ཤེས་ཐ་མལ་ཙམ་ཉིད་དུ། །འཇིག་རྟེན་གང་ཡིན་རྗོད་པར་བྱེད། །བྲམ་ཟེའང་དེ་ལྟའོ། །རྒྱལ་རིགས་ཀྱང་དེ་ལྟ་བུའོ། །རྗེའུ་རིགས་ཀྱང་དེ་ལྟ་བུའོ། །དམངས་རིགས་ 381a ༄#། །ཀྱང་དེ་ལྟ་བུ་ཡིན་ནོ། །དེ་དག་ཐམས་ཅད་དེ་ལྟ་བུ་ཡིན་པས་རྣམ་པ་ཐམས་ཅད་དུ་བདག་གི་བུ་གཞོན་ནུ་སྟག་རྣ་ལ་བྲམ་ཟེའི་བུ་མོ་གཟུགས་བཟང་མོ་ཆུང་མའི་དོན་དུ་བྱིན་ཅིག་།རིན་གང་བབ་པ་དེ་འདོད་པ་དེ་བཞིན་དུ་བཙལ་བར་བྱའོ། །གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལས་དེ་ལྟ་བུའི་ཚིག་ཐོས་པ་དང ། བྲམ་ཟེ་པདྨའི་སྙིང་པོ་མཆོག་ཏུ་ཁྲོས་འཁྲུགས་ཤིང ། དོན་དེ་ལ་ཡིད་སྡང་བས་དེའི་རྐྱེན་གྱིས་དཔྲལ་བའི་ཁྲོ་གཉེར་གསུམ་བསྡུས་ནས། ཁ་ནས་དུ་བ་འཐུལ་ཞིང་ནེ་ལེ་ལྟར་སེར་སྐྱར་གྱུར་པས་མིག་རྣམ་པར་བསྒྱུར་ཞིང་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །དམངས་རིགས་ཁྱོད་མ་བརྟགས་པར་འདི་ལྟ་བུའི་ཐ་སྙད་ཀྱིས་འཇིག་རྟེན་རྣམས་མཉམ་ཞིང་རིགས་གཅིག་ཅིང་ཐ་དད་པ་མ་ཡིན་པར་སྟོན་ནམ། འདི་ལྟར་ཇི་ལྟར་དམན་པའི་རིགས། །བྲམ་ཟེ་རིག་བྱེད་ཕ་རོལ་ཕྱིན། །དམན་པའི་རིགས་སུ་གྱུར་པ་ཡིས། །རྣམ་པར་ཉམས་པར་ཁྱོད་འདོད་དམ། །རྒྱལ་པོར་གྱུར་ནས་དེ་དམན་ལ། །བྱེ་བྲག་གྱུར་པར་ཤེས་པ་མེད། །འདི་ལྟ་སྟེ། ཡུལ་ཁྲིམས་དང ། གྲོང་ཁྱེར་གྱི་ཁྲིམས་དང ། གྲོང་གི་ཁྲིམས་དང ། ལྗོངས་ཀྱི་ཁྲིམས་དང ། ཤོ་གམ་གྱི་ལུགས་དང ། བག་མ་གཏོང་བའི་ཁྲིམས་དང ། བག་མ་ལེན་པའི་ཁྲིམས་དང ། སྔོན་གྱི་ལས་ཀྱི་ཆོས་རྣམས་ཀྱང་མི་ཤེས་སོ། །རིགས་ནི་བཞི་པོ་ 381b འདི་དག་ཡིན་ཏེ། འདི་ལྟ་སྟེ། བྲམ་ཟེའི་རིགས་དང ། རྒྱལ་རིགས་དང ། རྗེའུ་རིགས་དང ། དམངས་རིགས་ཞེས་བྱ་བ་སྟེ། དེ་དག་གི་བག་མ་ལེན་པའི་ཁྲིམས་ཀྱང་བྲམ་ཟེ་རྣམས་ཀྱི་ཆུང་མ་ནི་རྣམ་པ་བཞིར་འགྱུར་ཏེ། འདི་ལྟ་སྟེ། བྲམ་ཟེ་མོ་དང ། རྒྱལ་རིགས་མོ་དང ། རྗེའུ་རིགས་མོ་དང ། དམངས་རིགས་མོ་ཡིན་ནོ། །ཀྱེ་དམན་པ། རྒྱལ་རིགས་ཀྱི་ཆུང་མ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རྒྱལ་རིགས་མོ་དང ། རྗེའུ་རིགས་མོ་དང ། དམངས་རིགས་མོ་ཞེས་བྱ་བ་ཡིན་ནོ། །རྗེའུ་རིགས་ཀྱི་ཆུང་མ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། རྗེའུ་རིགས་དང ། དམངས་རིགས་མོའོ། །དམངས་རིགས་ཀྱི་ཆུང་མ་ནི་གཅིག་སྟེ། དམངས་རིགས་མོ་ཉིད་ཡིན་ནོ། །ཀྱེ་དམན་པ། བྲམ་ཟེ་རྣམས་ཀྱི་བུ་ནི་རྣམ་པ་བཞིར་གྱུར་ཏེ། འདི་ལྟ་སྟེ། བྲམ་ཟེ་མོ་དང ། རྒྱལ་རིགས་མོ་དང ། རྗེའུ་རིགས་མོ་དང ། དམངས་རིགས་མོ་ལས་སྐྱེས་པ་ཡིན་ནོ། །རྒྱལ་རིགས་རྣམས་ཀྱི་བུ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རྒྱལ་རིགས་མོ་དང ། རྗེའུ་རིགས་མོ་དང ། དམངས་རིགས་མོ་ལས་སྐྱེས་པ་ཡིན་ནོ། །རྗེའུ་རིགས་རྣམས་ཀྱི་བུ་ནི་གཉིས་སུ་འགྱུར་ཏེ། རྗེའུ་རིགས་མོ་དང ། དམངས་རིགས་མོ་ལས་སྐྱེས་པ་ཡིན་ནོ། །དམངས་རིགས་རྣམས་ཀྱི་བུ་ནི་གཅིག་ཏུ་འགྱུར་ཏེ། དམངས་རིགས་མོ་ལས་སྐྱེས་པ་ཡིན་ནོ། །ཀྱེ་དམན་པ། བྲམ་ཟེ་རྣམས་ཀྱི་བུ་ནི་ལུས་ཀྱི་སྟོད་ཁ་ནས་སྐྱེས་པ་ཡིན་ནོ། །བྲང་ལས་ནི་རྒྱལ་རིགས་སྐྱེས་པ་ཡིན་ 382a ༄#། །ནོ། །ལྟེ་བ་ལ་ནི་རྗེའུ་རིགས་སྐྱེས་པ་ཡིན་ནོ། །རྐང་པ་ནས་ནི་དམངས་རིགས་སྐྱེས་པ་ཡིན་ཏེ། ཀྱེ་དམན་པ། ངེས་པར་བྲམ་ཟེ་རྣམས་ནི་འཇིག་རྟེན་ཐམས་ཅད་སྒྲུབ་པར་བྱེད་པ་དེ་ལས་བདག་ཅག་སྐྱེས་པ་ཡིན་ནོ། །དེ་ནས་ནི་རྒྱལ་རིགས་རྣམས་སོ། །དེ་ནས་ནི་རྗེའུ་རིགས་ཏེ་གསུམ་པའོ། །དེ་ནས་ནི་དམངས་རིགས་ཏེ། བཞི་པ་ཡིན་པར་འདོད་དོ། །ཀྱེ་དམན་པ། ཁྱོད་རིགས་དེ་ལྟ་བུ་བཞི་པ་ཡིན་པར་མི་མཐོང་ངམ། བདག་རིགས་ཀྱི་མཆོག་།རིགས་ཀྱི་གཙོ་བོ། ཕུལ་དུ་བྱུང་བ་རིགས་ཀྱི་རབ་མཆོག་དམ་པར་གྱུར་པ་དང ། ཡང་དག་པར་འབྲེལ་བར་འདོད་དམ། དམན་པ་ཁྱོད་སྤང་བར་བྱ་བ་ཡིན་གྱི། བདག་གི་དྲུང་ནས་ཕྱིར་ཁྱེད་ཅིག་།ཡང་ཚིག་དེ་ལྟ་བུ་བྲམ་ཟེ་པདྨའི་སྙིང་པོ་ལས་ཐོས་པ་དང ། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཉོན་ཅིག་།འདིར་ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་སྒྲུབ་པར་བྱེད་པ་དེ་ལས་བདག་ཅག་སྐྱེས་པ་ཡིན་པས་ཐུ་བོ་བདག་ཅག་ཡིན་ལ། དེ་ནས་རྒྱལ་རིགས་རྣམས་སོ། །དེ་ནས་རྗེའུ་རིགས་ཏེ་གསུམ་པའོ། །དེ་ནས་ནི་དམངས་རིགས་ཏེ་བཞི་པ་ཡིན་པར་འདོད་དོ། །ཞེས་བསྟན་པ་ལ་རྐང་པ་དང་བཅས་པ། བརླ་དང་བཅས་པ་དང ། ལག་པ་དང ། རྩིབ་ལོགས་དང་བཅས་པ། མིར་གྱུར་པ་ཡིན་ན། ཡང་ཆ་གཅིག་ལ་ཁྱེད་པར་ཅི་ཞིག་ཡོད་དེ། དེ་བས་ན་རིགས་བཞི་ནི་མི་འགྲུབ་ 382b བོ། །དེ་ལྟ་བས་ན་དེ་དག་ལ་བྱེ་བྲག་གང་གིས་ཁྱད་པར་བྱེད་པ་སྨོས་ཤིག་།དེ་བས་ན་ཁྱད་པར་མེད་པ་དེའི་ཕྱིར་ཡང་རིགས་རྣམ་བཞི་འགྲུབ་པ་མ་ཡིན་ནོ། །གང་ཞིག་འདི་ལྟར་བྱིས་པ་རྩེ་བ་ནི་ལམ་པོ་ཆེར་འཇིམ་བའི་གོང་བུ་ལས་བསྒོངས་ནས་བདག་ཉིད་མིང་འདོགས་པར་བྱེད་དེ། འདི་ནི་འོ་མའོ། །འདི་ནི་ཞོའོ། །འདི་ནི་མར་རོ། །འདི་ནི་ཤའོ་ཞེས་བརྗོད་པས་བྱིས་པ་དེ་དག་ལ་འོ་མ་ལ་སོགས་པ་བཞིར་འགྱུར་བ་ནི་མ་ཡིན་ནོ། །ཡང་འཇིམ་པ་བསྒོངས་པའི་སྦྱོར་བའི་བྱེ་བྲག་ཡིན་པར་ཤེས་པ་ལྟར་སྐྲས་མ་ཡིན། རྣ་བས་མ་ཡིན།་མགོ་བོས་མ་ཡིན། མིག་གིས་མ་ཡིན། ཁས་མ་ཡིན། སྣས་མ་ཡིན། མགྲིན་པས་མ་ཡིན། དཔུང་བས་མ་ཡིན། བྲང་གིས་མ་ཡིན། རྩིབ་ལོགས་ཀྱིས་མ་ཡིན། ལྟོ་དང་རྒྱབ་ཀྱིས་མ་ཡིན་ཏེ། །བརླ་དང་དེ་བཞིན་སྒྱིད་པས་མིན། །རྐང་པ་ལག་པས་ཀྱང་མ་ཡིན། །དབྱིབས་ཀྱིས་མ་ཡིན་ཁ་དོག་མིན། །གནས་དང་འདོད་པ་སྤྱོད་པས་མིན། ། སྣ་ཚོགས་ཁྱད་པར་ཐམས་ཅད་ནི། །མི་རྣམས་ལ་ནི་གང་ཡོད་པ། །དེ་ལྟར་རང་གི་བསོད་ནམས་རིགས། །སྐྱེས་པ་བུད་མེད་མཚན་མས་ཕྱེ། །རྐང་པ་ལག་པ་མཐུན་པས་ན། །དེ་ལ་རིགས་སུ་གང་གིས་འདོད། །མགོ་བོ་དང་ནི་བྲང་རྣམས་དང ། །པགས་པ་དབང་པོའི་བྱ་བར་བཅས། །ལྟོ་བ་ལྡན་ལ་ཡོད་མ་ཡིན། །ཆ་གཅིག་གནས་ལ་བྱེ་བྲག་མེད། 383a ༄#། །རིགས་བཞིར་གནས་པ་གང་གིས་རྟོགས། །དེ་ལྟའི་མཆོག་ནི་གང་ཞིག་ཡོད། །ཁྱད་པར་གང་འདོད་འདི་རུ་སྨྲོས། །རབ་མཆོག་བྱེ་བྲག་འདིར་ཡོད་མིན། ། རིགས་བཞི་བྱེ་བྲག་མེད་པར་བཤད། །འདིར་ཉེས་པ་དེ་ལྟ་བུ་ཡོད་པས་གང་གི་ཚེ། ཁྱོད་ཀྱིས་བརྗོད་པ་དེ་ལྟ་བུ་དེ་ནི་རིགས་པ་མ་ཡིན་ནོ། །ཀྱེ་ཤེས་ལྡན། བདག་ལ་སླར་ཉོན་ཅིག་དང ། ལེགས་པར་བཤད་པ་མཆོག་ཏུ་དཀར་ཞིང་མཐར་ཐུག་པའི་ཆོས་ཀྱི་གླེང་གཞི་བསྟན་པ་བཤད་པར་བྱ་ཡི། ཐོས་ནས་རིགས་པ་དང་མི་ལྡན་ན་སླར་སྨྲོས་ཤིག་དང ། གང་ཡང་འདིར་བསྟན་པ་ངེས་པ་དང་ལྡན་ཞིང་རིགས་པ་མེད་པ་སྨྲ་ན་ཕྱི་ཕྱིར་བདག་ལས་ཐོས་ནས་ཤེས་ལྡན་ཁོང་དུ་ཆུད་ན་མི་རྣམས་ལ་མཆོག་ཏུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ནི་མེད་དོ། །བྲམ་ཟེ་ཁྱོད་ཀྱིས་རྗེས་སུ་དཔག་པའི་ཚད་མ་གང་གིས་དེ་ལ་རྣམ་པར་དཔྱད་ན་བྲམ་ཟེ་རྣམས་དང་གཅིག་ཡིན་ཏེ། འདིར་དེ་ལྟ་བས་ན་སྐྱེ་དགུ་རྣམས་རིགས་གཅིག་པ་ཉིད་དེ། བདག་དང་ཡང་རིགས་གཅིག་པ་ཉིད་མ་ཡིན་ནོ། །བདག་དང་རིགས་ཐ་དད་པ་ཉིད་མ་ཡིན་ནོ། །ཚངས་པས་འཇིག་རྟེན་འདི་ཐམས་ཅད་བསྐྱེད་དོ་ཞེས་སྨྲ་བ་ནི། གལ་ཏེ་ཚངས་པས་བསྐྱེད་ཅེས་བྱ་བ་འདི་ཚད་མས་རིགས་པ་མ་ཡིན་ཏེ། རིགས་བཞི་པོ་བསྟན་པ་བྲམ་ཟེ་དང ། རྒྱལ་རིགས་དང ། རྗེའུ་རིགས་དང ། དམངས་རིགས་ཀྱི་ཚངས་ 383b པ་ནི་རྒྱུ་མ་ཡིན་ཏེ། བྲམ་ཟེ་རྣམས་ལ་ཡང་དག་པར་དཔྱད་ན། མི་རྣམས་ཀྱི་རིགས་སྣ་ཚོགས་པའི་རྒྱུ་འདུས་པ་ཡིན་ཏེ། འདི་ལྟ་སྟེ། མགོ་བོ་དང ། ཁ་དང ། མིག་དང ། རྣ་བ་དང ། སྣ་དང ། བཞིན་དང ། ཁ་དོག་དང ། དབྱིབས་དང ། རྣམ་པ་དང ། སྐྱེ་གནས་དང ། ཟས་ཀྱི་བྱེ་བྲག་ཏུ་གྱུར་པ་རྣམས་ཀྱིས་སྣ་ཚོགས་པར་ཤེས་པར་བྱའོ། །ཀྱེ་པདྨའི་སྙིང་པོ། འདི་ལྟ་སྟེ།་བ་ལང་དང ། རྟ་དང ། བོང་བུ་དང ། ཁྱི་དང ། རྔ་མོ་དང ། རི་དྭགས་དང ། བྱ་དང ། ར་ལུག་རྣམས་སྒོ་ང་ལས་སྐྱེས་པ་དང ། མངལ་ནས་སྐྱེས་པ་དང ། དྲོད་གཤེར་ལས་སྐྱེས་པ་དང ། བརྫུས་ཏེ་སྐྱེས་པ་རྣམས་ཀྱིས་སེམས་ཅན་རྣམས་ཐ་དད་པར་ཤེས་པར་བྱའོ། །འདི་ལྟ་སྟེ། ཡང་རྐང་པ་དང ། གདེང་པ་དང ། ཁ་དོག་དང ། དབྱིབས་དང ། ཟས་དང ། སྐྱེས་གནས་ཀྱི་སྣ་ཚོགས་པར་ཡང་ཤེས་པར་བྱའོ། །ཡང་དེ་ལྟ་བས་ན་རིགས་བཞི་པོ་རྣམས་ཐ་དད་པར་ཤེས་པར་མི་བྱའོ། །དེ་ལྟ་བས་ན་འདི་དག་བྲམ་ཟེ་རྣམས་དང་འདྲ་ཞིང་གཅིག་པ་ཡིན་ནོ། །ཤིང་འདི་དག་ཀྱང་གང་གི་འབྲས་བུ་ཨ་མྲ་དང ། འཛམ་བུ་དང ། ཁརྫུ་ར་དང ། པ་ན་ས་དང ། ཕ་ལེ་པ་དང ། དགེ་ཙ་ཀ་དང ། རྒུན་འབྲུམ་དང ། དཔྱི་ཟོར་དང ། ཀ་པི་ཏ་དང ། སྟརྒ་དང ། ན་ལེ་ཀེ་ར་དང ། ཏིང་ནི་ཀ་དང ། སརྫ་ཀ་དང ། འབྲས་བུ་དང་ལྡན་པ་སྣ་ཚོགས་པར་རིག་པར་བྱའོ། །འདི་ལྟ་སྟེ། རྩ་བ་དང ། སྡོང་བུ་དང ། ཤུན་ལྤགས་ཀྱི་ 384a ༄#། །ཆ་དང ། མེ་ཏོག་དང ། མཐའ་ཡས་པ་སྟེ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང ། སྣ་ཚོགས་པར་རིག་པར་བྱའོ། །འབྲས་བུ་མེད་པའི་མེ་ཏོག་རྣམས་སྣ་ཚོགས་པར་རིག་པར་བྱའོ། །ཡང་དེ་བས་རིགས་བཞི་པོ་རྣམས་ཐ་དད་པ་མ་ཡིན་ནོ། །བྲམ་ཟེ། འདི་ལྟ་སྟེ། འདི་དག་ནི་སྐམ་ལས་སྐྱེས་པའི་ཤིང་སྟེ། ས་ལ་དང ། ན་ད་དང ། ཏ་མ་ལ་དང ། ཀར་ནི་ཀ་དང ། ལོ་མ་བདུན་པ་དང ། ཤ་རི་ཤ་དང ། འོ་བོ་ད་ར་དང ། ཙནྡན་དང ། ཤ་བ་དང ། ད་པ་དང ། སེང་ལྡེང་ལ་སོགས་པ་སྣ་ཚོགས་པར་རིག་པར་བྱའོ། །འདི་ལྟ་སྟེ། རྩ་བ་དང ། སྡོང་བུ་དང ། ཤུན་ལྤགས་ཀྱི་ཆ་དང ། མེ་ཏོག་ཙམ་དང ། སྙིང་པོ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་སྣ་ཚོགས་པར་རིག་པར་བྱའོ། །ཡང་དེ་བས་ན་རིགས་བཞི་པོའི་རིགས་རྣམས་ལ་ཐ་དད་པ་མེད་པར་ཤེས་པར་བྱའོ། །འདི་ལྟ་སྟེ། འདི་དག་ནི་འོ་མ་ཅན་གྱི་ཤིང་སྟེ། ཨུ་དུམ་བ་ར་དང ། པ་ལ་ཀྵ་དང ། ་ཤཝད་ཐ་དང ། ནྱ་གྲོ་དྷ་དང ། བལ་གུ་ཞེས་བྱ་བ་ལ་སོགས་པ་སྣ་ཚོགས་པར་རིག་པར་བྱའོ། །འདི་ལྟ་སྟེ། རྩ་བ་དང ། སྡོང་བུ་དང ། ཤུན་ལྤགས་ཀྱི་ཆ་དང ། མེ་ཏོག་ཙམ་དང ། སྙིང་པོ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་རྣམས་ཐ་དད་པར་རིག་པར་བྱའོ། །ཡང་དེ་བས་ན་རིགས་བཞི་པོའི་རིགས་རྣམས་ལ་ཐ་དད་པ་མེད་པར་ཤེས་པར་ 384b བྱའོ། །པདྨའི་སྙིང་པོ། འདི་ལྟ་སྟེ། ཡང་འདི་དག་ནི་འབྲས་བུ་སྨན་དུ་གྱུར་པའི་ཤིང་རྣམས་ཏེ། ཨ་མ་ལ་དང ། ་རུ་ར་དང ། སྐྱུ་རུ་ར་དང ། བ་རུ་ར་དང ། ་རུ་ཤ་ཀ་ལ་སོགས་པ་དང ། གཞན་ཡང ། སྣ་ཚོགས་པའི་སྨན་རིགས་སྣ་ཚོགས་པ་ལས་སྐྱེས་པ་དང ། རྩཝ་དང ། ནགས་ནས་སྐྱེས་པར་ཐ་དད་མེད་པར་ཤེས་པར་རིག་པར་བྱའོ། །ཡང་དེ་བས་ན་རིགས་བཞི་པོ་རྣམས་ལ་ཐ་དད་མེད་པར་ཤེས་པར་བྱའོ། །བྲམ་ཟེ། འདི་ལྟ་སྟེ། འདི་དག་ནི་ཐང་ལས་སྐྱེས་པའི་མེ་ཏོག་རྣམས་ཏེ། ཨ་ཏི་མུག་ཏ་ཀ་དང ། ཙམ་པ་ཀ་དང ། པ་ཏ་ལ་དང ། སུ་མ་ན་དང ། པ་རི་ཤ་ཀ་དང ། ད་ཙུ་ཀ་ར་ལ་སོགས་པ་སྣ་ཚོགས་པར་རིག་པར་བྱའོ། །འདི་ལྟ་སྟེ། གཟུགས་དང ། ཁ་དོག་དང ། དྲི་དང ། དབྱིབས་སྣ་ཚོགས་པར་རིག་པར་བྱའོ། །བྲམ་ཟེ། འདི་ལྟ་སྟེ། འདི་དག་ནི་ཆུ་ལས་སྐྱེས་པའི་མེ་ཏོག་སྟེ། པདྨ་དང ། ུཏྤ་ལ་དང ། ཀུ་མུ་ཏ་དང ། སཽ་གནྡི་ཀ་དང ། དྲི་ཞིམ་ལ་སོགས་པ་སྣ་ཚོགས་པར་རིག་པར་བྱའོ། །འདི་ལྟ་སྟེ། གཟུགས་དང ། དྲི་དང ། ཁ་དོག་དང ། དབྱིབས་ཐ་དད་པར་རིག་པར་བྱའོ། །ཡང་དེ་བས་ན་རིགས་བཞི་པོའི་རིགས་རྣམས་ལ་ཐ་དད་པ་མེད་པར་ཤེས་པར་བྱའོ། །བྲམ་ཟེ། བྲམ་ཟེའི་རིགས་ཀྱང་དེ་ལྟ་བུའོ། །རྗེའུ་རིགས་ཀྱང་དེ་ལྟ་བུའོ། །དམངས་རིགས་ཀྱང་དེ་ལྟ་བུ་ཡིན་ཏེ། དེ་བས་ན་ཐམས་ཅད་གཅིག་པ་ཡིན་ནོ། །གཞན་ཡང ། ཁྱོད་ལ་བྲམ་ཟེ་རྣམས་ 385a ༄#། །ཀྱི་རྟོགས་པ་བརྗོད་པར་བྱ་སྟེ། འདི་ལྟར་སྐྱེ་དགུའི་བདག་པོ་ཚངས་པའི་ནམ་མཁའ་སྐར་མའི་ཚོགས་དང་བཅས་པ་ནི་མགོ་བོ་ཡིན་ནོ། །ལྟོ་བ་ནི་རི་རྣམས་ཡིན་ནོ། །བརླ་གཉིས་དང ། རྐང་པ་གཉིས་ནི་སའོ། །མིག་གཉིས་ནི་ཉི་མ་དང་ཟླའོ། །བ་སྤུ་རྣམས་ནི་རྩ་དང ། ནགས་ཀྱི་ཚོགས་སོ། །ནམ་མཁའ་ལས་ཆར་འབབ་པ་ནི་མཆི་མའོ། ། ཆུ་བོ་རྣམས་ནི་དེའི་གཅིན་ནོ། །མཚོ་རྣམས་ནི་དེའི་མི་གཙང་བ་ཡིན་ནོ། །དེ་ལྟ་བུ་ནི་སྐྱེ་དགུའི་བདག་པོ་ཚངས་པར་འདོད་དོ། །ཚངས་པ་རང་གི་མཚན་ཉིད་ནི་དེ་ལྟ་ཡིན་པར་རིགས་སམ། ཁྱོད་རང་གིས་དཔྱོད་ཅིག་།ཚངས་པ་གང་ཡིན་པ་དེ་ལས་བྲམ་ཟེ་རྣམས་ཀྱང་བྱུང ། རྒྱལ་རིགས་རྣམས་ཀྱང་བྱུང ། རྗེའུ་རིགས་ཀྱང་བྱུང ། དམངས་རིགས་རྣམས་ཀྱང་བྱུང་བར་གྱུར་ཅིང ། དེ་ལྟར་ན་གལ་ཏེ་སྐྱེས་པར་ངེས་པར་གྱུར་ན་ཡང་འདི་ལྟར་འགྱུར་ཞིང་རིགས་བྱེ་བྲག་ཏུ་བྱས་པར་འགྱུར་ཏེ། བྲམ་ཟེ་རྣམས་ཚངས་པའི་འཇིག་རྟེན་དུ་འགྲོ་བར་འགྱུར་ཞིང་རིགས་གསུམ་པོ་མཐོ་རིས་སུ་མི་འགྲོ་ན་ནི་དེ་ལྟར་ན་རིགས་བྱེ་བྲག་ཏུ་བྱས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་རིགས་བཞིར་མི་འགྱུར་རོ། །གང་གི་ཕྱིར་རིགས་བཞི་པོ་ཐ་དད་པ་རྣམས་ནི་དགེ་བའི་ལས་བྱས་པས་མཐོ་རིས་སུ་འགྲོ་བར་འགྱུར་ཏེ། ཡང་དེས་ན་དྲང་སྲོང་རྣམས་ཀྱང་ཞི་བའི་དཀའ་ཐུབ་སྤྱོད་པར་འགྱུར་རོ། །དེའི་ཕྱིར་བྲམ་ཟེ་རྣམས་ 385b ལ་ཁྱད་པར་དུ་གྱུར་པ་མེད་དོ། །གལ་ཏེ་བྲམ་ཟེ་གཅིག་ལ་འདིར་ལྕེ་གཉིས་ཡོད་པར་འགྱུར་ཞིང ། དེ་བཞིན་དབང་པོ་གཉིས་དང ། རཝ་བཞི་དང ། མགོ་བོ་གཉིས་ཡོད་ན་དེ་ལྟ་ན་བྲམ་ཟེའི་རིགས་ཁྱད་པར་དུ་བྱས་པར་འགྱུར་རོ། །ཆགས་པས་ཕྱིན་ནས་གཞན་དག་གསོད་པ་དང ། དེ་ལྟ་བུར་འགྲོ་ཞིང་གནོད་པར་བྱེད་པ་དང ། སེམས་ཅན་རྣམས་ལ་ལས་ཀྱི་སུན་འབྱིན་ཞིང་དེས་ཡང་འདི་ལྟར་བྲམ་ཟེ་རྣམས་ནི་མི་དགེ་བའི་བཤེས་གཉེན་ཡིན་ནོ། །འཐབ་ཅིང་རྩོད་པ་དང ། ཕ་དང་ཡང་འཁྲུག་ཅིང་བ་ལང་གསོད་པར་སེམས་པ་ནི་འདིར་བྲམ་ཟེ་རྣམས་ཀྱི་ལུགས་སོ། །སྲིད་སྲུང་གི་རིག་བྱེད་ལས་སྔགས་ཀྱིས་སྐྲག་པར་བྱེད་པ་ནི་བྲམ་ཟེ་རྣམས་ཀྱི་བྱ་བ་ཡིན་པར་བསྟན་ཏོ། །སྡིག་པ་བྱེད་པ་དང ། སྐྱེ་བོ་དུ་མ་སླུ་བ་དང ། སྒྱུ་དང ། མི་བཟད་པ་དེ་ལྟ་བུའི་རྙོག་པས་འདི་ལྟར་ཕ་རོལ་ལ་གནོད་པ་རྗེས་སུ་སེམས་ཤིང་དེའི་རྗེས་ལ་མཐོ་རིས་ཉིད་དུ་འགྲོ་བར་འདོད་ན་དེ་མཐོ་རིས་ཀྱི་ལམ་མ་ཡིན་ཏེ། བྲམ་ཟེ། གང་ཞིག་དཀའ་ཐུབ་མཆོག་གིས་ཐུལ་ཞིང་བརྟུལ་ཞུགས་དང ། ཚུལ་ཁྲིམས་དང་ལྡན་པ་མི་འཚེ་ཞིང་ཞི་བ་ལ་མངོན་པར་དགའ་བའི་བྲམ་ཟེ་ནི་ཚངས་པའི་གནས་སུ་སྐྱེའོ། །ཤ་དང་རུས་པར་བཅས་པ་དང ། སེན་མོ་དང་བཅས་པ་དང ། པགས་པ་དང་བཅས་པ་དང ། བདེ་བ་དང ། སྡུག་བསྔལ་དང ། གཅིན་དང ། ཕྱིས་ལྡན་པར་གཅིག་ལ་དབང་པོ་རྣམས་ལ་ཁྱད་པར་མེད་པས་དེའི་ཕྱིར་རིགས་ 386a ༄#། །བཞི་ཉིད་དུ་མ་གྲུབ་པའོ། །བྲམ་ཟེ། འདི་ལྟ་སྟེ། ཡང་སྐྱེས་བུ་འགའ་ཞིག་ལ་བུ་བཞི་ཡོད་པར་གྱུར་ལ། དེ་དག་ལ་མིང་དགའ་བྱེད་ཅེས་བྱ་བ་དང ། འཚོ་བྱེད་ཅེས་བྱ་བ་དང ། མྱ་ངན་མེད་ཅེས་བྱ་བ་དང ། ཚེ་བརྒྱ་པ་ཞེས་བྱ་བར་བཏགས་པས། པདྨའི་སྙིང་པོ། སྐྱེས་བུ་དེའི་བུར་གྱུར་པ་དེ་ལས་དགའ་བྱེད་ཅེས་བྱ་བ་དེས་དགའ་བར་བྱེད་དམ།་འཚོ་བྱེད་ཅེས་བྱ་བ་དེས་འཚོ་བར་བྱེད་དམ། མྱ་ངན་མེད་ཅེས་བྱ་བ་དེས་ཡིད་བདེ་བར་བྱེད་དམ། གང་ཚེ་བརྒྱ་པ་ཞེས་བྱ་བ་དེས་ལོ་བརྒྱ་འཚོ་བར་བྱེད་པ་ནི་མ་ཡིན་གྱི། ཡང་བྲམ་ཟེ་དེ་དག་ནི་མིང་གིས་ཐ་དད་པར་རིག་པར་བྱའོ། །རིགས་ཀྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་ཡང་གཅིག་ལས་སྐྱེས་པའི་བུ་ཡིན་ཏེ། དེ་ལ་འདིར་བོད་པའི་ཆེད་དུ་ཕ་དང ། མ་དང ། སྤུན་ཟླ་དང ། ཉེ་དུས་བཏགས་པ་དེ་ཉིད་རིགས་ཡིན་ཏེ། གང་དེ་ལྟར་རྣམ་པར་ཤེས་པ་དེ་ལས་གཞན་དུ་གྱུར་པ་ནི་འགའ་ཡང་མེད་དོ། །བྲམ་ཟེ། བདག་ཉིད་ལེགས་པར་དཔྱོད་ཅིང ། བྲམ་ཟེའི་རིགས་ཞེས་བྱ་བ་དང ། རྗེའུ་རིགས་ཞེས་བྱ་བ་དང ། དམངས་རིགས་ཞེས་བྱ་བ་གང་ཞིག་ཡིན། རྒྱུ་ཐམས་ཅད་ཀྱིས་ལག་པ་འཇས་པ་དང ། སྒུར་པོ་དང ། འགོག་པ་དང ། འབྲུམ་བུ་དང ། མཛེ་དང ། ཤ་བཀྲ་དང ། ཐ་དད་པ་རབ་ཏུ་གནས་ཏེ། ཤ་དང ། ཀླད་པ་དང ། པགས་པ་དང ། གཞུང་པ་དང ། རྩིབ་ལོགས་དང ། 386b གསུམ་པ་དང ། བཞིན་རང་རང་གི་ལས་ཀྱིས་གྲུབ་པ་ཡིན་ཏེ། དེ་ལྟ་བུའི་འགྲོ་བ་ལ་བྲམ་ཟེར་གྱུར་པ་ནི་ཡོད་པ་མ་ཡིན། གང་གིས་རིགས་ཁྱད་པར་དུ་བྱས་པ་དེ་བས་ན་རིགས་ཡོད་པ་མ་ཡིན། བྱེ་བྲག་ཡོད་པ་མ་ཡིན་ཏེ། རིགས་བཞི་ཉིད་དུ་མ་གྲུབ་བོ། །དེ་ལྟ་བས་ན་བྲམ་ཟེ་ཁྱོད་ལ་བདག་འདི་སྐད་སྨྲ་སྟེ། གང་འཇིག་རྟེན་འདིའི་བྲམ་ཟེ་ཞེས་བྱ་བ་དང ། རྒྱལ་རིགས་ཞེས་བྱ་བ་དང ། རྗེའུ་རིགས་ཞེས་བྱ་བ་དང ། དམངས་རིགས་ཞེས་བྱ་བ་འདི་དག་གཅིག་པ་ཡིན་ཏེ། ཐམས་ཅད་ལ་ཐ་དད་པ་ནི་མེད་དོ། །དེ་བས་ན་བདག་གི་བུ་གཞོན་ནུ་སྟག་རྣ་ལ་བུ་མོ་གཟུགས་བཟང་མོ་ཆུང་མའི་དོན་དུ་བྱིན་ཅིག་།རིན་དུ་གང་ཕབ་ཅིང་འདོད་པ་དེ་སྦྱིན་པར་བྱའོ། །དེ་ལྟ་བུའི་ཚིག་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལས་ཐོས་པ་དང ། བྲམ་ཟེ་པདྨའི་སྙིང་པོས་འདི་སྐད་ཅེས་སྨྲས་སོ། །ཡང་ཅི་ཁྱོད་ཀྱིས་ངེས་བརྗོད་ཀྱི་རིག་བྱེད་ཀྱང་བཀླགས། མཆོད་སྦྱིན་གྱི་རིག་བྱེད་ཀྱང་བཀླགས། སྙན་དངགས་ཀྱི་རིག་བྱེད་ཀྱང་བཀླགས། སྲིད་སྲུང་གི་རིག་བྱེད་ཀྱང་བཀླགས། ཚེའི་རིག་བྱེད་ཀྱི་ཆོ་ག་ཡང་བཀླགས། ནང་གི་ཟླ་བའི་དཀྱིལ་འཁོར་ཁྱོད་ཀྱིས་བཀླགས་སམ། གཞན་ཡང ། ཡན་ལག་གི་རིག་པ་དང ། དངོས་པོ་བརྟག་པ་དང ། བཀྲ་ཤིས་པའི་ལྟས་དང ། ལ་ཉེ་བརྟག་པ་ཡང་བསླབས་ཤིང ། གཞན་ཡང ། ཁྱོད་ཀྱིས་སྒྲ་གཅན་འཛིན་གྱི་འགྲོས་དང ། གཟའི་འགྲོས་དང ། པ་བ་སངས་ཀྱི་འགྲོས་ཁྱོད་ཀྱིས་ 387a ༄#། །བཀླགས་སམ། གཞན་ཡང ། ཁྱོད་ཀྱིས་འཇིག་རྟེན་རྒྱང་ཕན་པ་དང ། རྣམ་པར་བཤད་པའི་གསུང་རབ་དང ། བྱ་ཀ་ར་ཎ་རྣམས་དང ། ཟླ་བ་ཕྱེད་པ་རྣམས་བཀླགས་སམ། དེ་སྐད་ཅེས་དྲིས་པ་དང ། གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས། བྲམ་ཟེ་པདྨའི་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ། དེ་བཞིན་ཏེ། བདག་གིས་དེ་དག་ཡང་དང་ཡང་དུ་རྒྱ་ཆེར་བཀླགས་ཏེ། བྲམ་ཟེ། འདི་ལྟར་བདག་ནི་འདིར་རིག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་ཁྱོད་ལ་བྲམ་ཟེའི་ལྷན་ཅིག་པའི་ཆོས་དེ་དག་རྗེས་སུ་དཔག་པའི་སྒོ་ནས་བཤད་པར་བྱའོ། །བྲམ་ཟེ། བསྐལ་པ་དང་པོ་སྔོན་བྱུང་བ་ན། འདི་ལྟ་སྟེ། བྲམ་ཟེའི་རིགས་ཞེས་བྱ་བ་དང ། རྒྱལ་རིགས་ཞེས་བྱ་བ་དང ། རྗེའུ་རིགས་ཞེས་བྱ་བ་དང ། དམངས་རིགས་ཞེས་བྱ་བ་འདི་ཐམས་ཅད་གཅིག་སྟེ། ཐ་དད་པ་མེད་དོ། །སེམས་ཅན་མི་འདྲ་བ་རྣམས་དང ། དེ་བཞིན་འདྲ་བ་དེ་དག་ནི་ནང་ནས་སེམས་ཅན་འགའ་ཞིག་གིས་འབྲས་ཀྱི་ཞིང་གཅིག་ཏུ་རྨོས་ཤིང་བསྲུངས་ནས་བདག་གིར་བྱས་སོ། །དེ་ལྟ་བུ་དེ་རྣམས་ལ་རྒྱལ་རིགས་རྒྱལ་རིགས་ཞེས་ཐ་སྙད་དུ་བྱའོ། །བྲམ་ཟེ། གཞན་ཡང ། དེ་དག་གི་ནང་ནས་སེམས་ཅན་འགའ་ཞིག་གིས་འདི་སྙམ་དུ་བསམས་ནས། ནད་ཀྱིས་ཡོངས་སུ་བར་དུ་གཅོད་པ་དང ། ལྦ་བའི་བར་ཆད་དང ། ཟུག་རྔུའི་བར་ཆད་ 387b གང་ཡིན་པ་བདག་གིས་བར་ཆད་རྣམས་སྤངས་ནས་དགོན་པར་ཕྱིན་ལ་རྩཝ་དང ། ཤིང་དང ། ལོ་མ་དང ། འདབ་མ་དང ། ཡལ་ག་རྣམས་ལས་རྩཝའི་སྤྱིལ་བུ་དང ། ལོ་མའི་སྤྱིལ་བུ་བྱས་ནས་བསམ་གཏན་བྱེད་ཅིང་གནས་ཏེ། དུས་ཚིགས་སུ་ཟས་དོན་དུ་གཉེར་བར་ནང་པར་གྲོང་དུ་བསོད་སྙོམས་སུ་རྒྱུའོ། །དེ་ནས་གྲོང་ཁྱེར་ན་གནས་པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མ། སེམས་ཅན་འདི་དག་ནི་མཆོག་ཏུ་དགའ་བ་བྱེད་པ་སྟེ། བདག་ཏུ་འཛིན་པ་ཡོངས་སུ་སྤངས་ནས་གྲོང་དང ། གྲོང་ཁྱེར་དང ། ལྗོངས་དང ། ཡུལ་ནས་འཕགས་པས།་དེ་དག་ལ་ཕྱི་རོལ་ཏུ་དགའ་བ། ཕྱི་རོལ་ཏུ་དགའ་བ་ཞེས་ཐ་སྙད་དུ་བྱས་སོ། །དེ་ལ་ཡང ། གྲོང་ཁྱེར་ལ་དགའ་བའི་སེམས་ཅན་རྣམས་བཀུར་སྟིར་བྱེད། བླ་མར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ཅིང་དེ་དག་ལ་སྦྱིན་པར་སེམས་སོ། །དེ་ན་སེམས་ཅན་དེ་དག་ཉིད་སེམས་ཅན་གཞན་ཁྲིམས་ལ་གནས་པའི་ནོར་དོན་དུ་གཉེར་བར་གྲོང་ཁྱེར་དུ་བབས་ནས་སྔགས་ཀྱི་ཚིག་ཀློག་ཏུ་འཇུག་གོ་།དེ་ལ་གྲོང་ཁྱེར་ན་གནས་པ་རྣམས་འདི་སྐད་དུ་འདི་འབའ་ཞིག་ཡིན་གྱི། སེམས་ཅན་གཞན་ཀློག་ཏུ་འཇུག་པས་སེམས་ཅན་དེ་ལ་ཀློག་ཏུ་འཇུག་པ། ཀློག་ཏུ་འཇུག་པ་ཞེས་འཇིག་རྟེན་གྱི་ཐ་སྙད་དུ་བྱས་སོ། །རྒྱུ་འདི་དང ། རྐྱེན་འདིས་འཇིག་རྟེན་དུ་བྲམ་ཟེའི་རིགས་བྱུང་བར་གྱུར་ཏོ། །སེམས་ཅན་གཞན་དག་ནི། དུས་ལ་བབ་ན་རིགས་པས་ལས་ 388a ༄#། །ཀྱི་མཐའ་བྱེད་པས་དེ་དག་ལ་རྗེ་རིགས། རྗེ་རིགས་ཞེས་ཐ་སྙད་དུ་བྱས་སོ། །རྒྱུ་འདི་དག། རྐྱེན་འདིས་འཇིག་རྟེན་དུ་རྗེའུ་རིགས་བྱུང་བར་གྱུར་ཏོ། །སེམས་ཅན་གཞན་དག་ནི་སྨད་པའི་ལས་བྱེད་པས་བདག་འཚོ་བས་ན་དེ་དག་ལ། དམངས་རིགས། དམངས་རིགས་ཞེས་ཐ་སྙད་དུ་བྱས་སོ། །རྒྱུ་འདི་དང ། རྐྱེན་འདིས་འཇིག་རྟེན་དུ་དམངས་རིགས་བྱུང་བར་གྱུར་ཏོ། །བྲམ་ཟེ། སྔོན་བྱུང་བ་ན་སྐྱེ་དགུ་གཞན་ཞིག་བག་མ་ལེན་དུ་ཤིང་རྟ་ཞོན་ནས་དགོན་པའི་ཕྱོགས་གཞན་ཞིག་དུ་ཕྱིན་པ་དང ། ཕྱོགས་དེར་ཤིང་རྟ་ཆག་པས་དེ་བས་ན་གདོལ་པ། གདོལ་པ་ཞེས་ཐ་སྙད་དུ་བྱས་སོ། །ཞིང་རྨོ་བ་ལ་ཞིང་པ། ཞིང་པ་ཞེས་ཐ་སྙད་དུ་བྱས་སོ། །དེ་དག་ལ་སེམས་ཅན་འགའ་ཞིག་གིས་ཚོང་བྱས་ནས་འཚོ་བར་བྱེད་པས་ཚོང་པ། ཚོང་པ་ཞེས་ཐ་སྙད་དུ་བྱས་སོ། །ཆོས་དང་ལྡན་པའི་ཚིག་གིས་འཁོར་རྣམས་དགའ་བར་བྱེད་པས་ན་འཇིག་རྟེན་གྱི་ཐ་སྙད་དུ་ངག་འཇམ་པ་ལ་རྒྱལ་པོ། རྒྱལ་པོ་ཞེས་འཇིག་རྟེན་གྱི་ཐ་སྙད་དུ་བྱས་སོ། །ཡང་དེ་དག་ལས་སེམས་ཅན་གཞན་དག་གིས་རབ་ཏུ་བྱུང་ནས་གཞན་ལས་རྒྱལ་བས་ན་རབ་ཏུ་བྱུང་བ་ཞེས་བྱ་སྟེ། རབ་ཏུ་བྱུང་བ། རབ་ཏུ་བྱུང་བ་ཞེས་འཇིག་རྟེན་གྱི་ཐ་སྙད་དུ་བྱས་སོ། །གཞན་ཡང ། བྲམ་ཟེ། གཅིག་ཏི་ཐ་སྙད་དུ་བྱས་པ་དེ་ཁྱོད་ལ་རབ་ཏུ་བཤད་པར་བྱའོ། །ཚངས་པའི་འཇིག་རྟེན་དུ་དེ་རིག་བྱེད་ཀློག་པར་བྱེད་པས་ 388b ཚངས་པའོ། །ལྷའི་དཀའ་ཐུབ་མཆོག་ཏུ་གྱུར་པས་ལྷའི་དབང་པོའི་ཀཽ་ཤི་ཀའི་རིག་བྱེད་ཀློག་པར་བྱེད་ཅིང་ལྷའི་དབང་པོ་གཽ་ཏ་མའི་རིག་བྱེད་ཀློག་པས་ནས་མཉེས་བྱེད་གཽ་ཏ་མ། དཀར་གནས་གཽ་ཏ་མ། དཀར་གནས་གཽ་ཏ་མ་ཞེས་བརྗོད་ཅིང་དཀར་གནས་གཽ་ཏ་མ་ཞེས་ཟེར་རོ། །མཁས་པ་བཟང་པོ་ལས་རིག་བྱེད་ཀློག་པས་ན་བཟང་པོའི་རིག་བྱེད་ཀློག་ཅེས་བྱའོ། །འདི་ལྟ་སྟེ། རིག་བྱེད་རྣམ་པར་འབྱེད་ཅིང་འདི་ལྟར་རྒྱས་པར་རྣམ་པར་འགྲེལ་ཞིང་ཕྱོགས་དང ། སྡེབ་སྦྱོར་གྱི་ཚོགས་སྟོན་པའི་སློབ་དཔོན་ནི་ཉི་ཤུ་རྩ་གཅིག་གོ་།ལམ་གྱི་མཆོད་སྦྱིན་དང ། སྲིད་སྲུང་གི་སྡེ་རྣམས་རྣམ་པར་འགྲེལ་པས་ན་བྲམ་ཟེ་དེ་དག་ཐམས་ཅད་ལ་འཆད་པ་ཞེས་བྱའོ། །གཅིག་ཏུ་གྱུར་པ་ལས་ཉི་ཤུ་རྩ་ལྔར་ཕྱེ་བ་ནི། འདི་ལྟ་སྟེ། སྐེམ་འཛིན་དང་།རྒྱས་འཛིན་དང ། སྙིང་པོ་ཞེས་བྱ་སྟེ། དེ་ལ་སྐེམ་འཛིན་ནི་བཅུའོ། །རྒྱས་འཛིན་ནི་བརྒྱད་དོ། །སྙིང་པོ་ནི་བདུན་ནོ། །འདི་དག་ནི་བྲམ་ཟེ་རྣམས་ཀྱིས་གཅིག་ཏུ་གྱུར་པ་ལས་བྱེ་བྲག་ཉི་ཤུ་རྩ་ལྔ་རུ་རྣམ་པར་འགྲེལ་ཏོ། །བྲམ་ཟེ། རྗེས་སུ་དཔག་པའི་ཚད་མས་སྡེབ་སྦྱོར་འདོན་པའོ། །ཕྱོགས་གཅིག་ཏུ་གྱུར་པ་ལས་རྣམ་པ་སྟོང་དུ་བསྟན་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་ཤིང་ཤུན་དང།་དགོན་པ་དང ། འཇིག་རྟེན་གྱི་མིག་དང ། གཽ་ཏ་མ་དང ། བྲམ་ཟེ་དང་མཉམ་པ་དང ། ཆེན་པོ་དང་མཉམ་པ་དང ། བཞོན་པ་ཆེན་པོ་དང་ལྡན་པ་དང ། བདེན་དྲག་དང ། རིག་བྱེད་ 389a ༄#། །ཐམས་ཅད་པའོ། །དེ་ནས་ཚུལ་ཁྲིམས་ཤིང་ཤུན་ལ་ནི་ཉི་ཤུའོ། །དགོན་པ་ལ་ནི་མཚན་མ་ཉི་ཤུའོ། །འཇིག་རྟེན་གྱི་མིག་ལ་ནི་ཉི་ཤུ་རྩ་བཞིའོ། །གཽ་ཏ་མ་ལ་ནི་བརྒྱའོ།། བྲམ་ཟེ་དང་མཉམ་པ་ལ་ནི་བརྒྱའོ། །ཆེན་པོ་དང་མཉམ་པ་ལ་ནི་ལྔ་བརྒྱའོ། །བཞོན་པ་ཆེན་པོ་ལ་ནི་བརྒྱའོ། །བདེན་དྲག་ལ་ནི་བརྒྱའོ། །རིག་བྱེད་ཐམས་ཅད་པ་ལ་ཡང་བརྒྱ་སྟེ། འདི་དག་ནི་བྲམ་ཟེའི་སྡེབ་སྦྱོར་གྱི་འདོན་པའི་ཆའི་ཕྱོགས་གཅིག་ཏུ་གྱུར་པའི་ལས་རྣམས་སྟོང་དུ་ཕྱེ་ནས་བསྟན་པའོ། །བྲམ་ཟེ་རྣམས་ཀྱི་རྗེས་སུ་དཔག་པའི་ཚད་མ་འདིས་ལམ་མཚོན་པ་ནི་བྲམ་ཟེ་ཐམས་ཅད་ཀྱི་ལམ་མོ། །ལམ་གཅིག་ཏུ་གྱུར་པ་ལས་ཉི་ཤུ་རྩ་གཅིག་ཏུ་ཕྱེ་བ་ནི། འདི་ལྟ་སྟེ། ཀ་ཐ་དང ། ཡིད་སྡུག་དང ། གནས་སྡེ་དང ། རྒྱལ་བའི་རྣ་དང ། རང་གི་རྐང་མཆོག་གོ་།དེ་ལས་ཀ་ཐ་ནི་བཅུའོ། །ཡིད་སྡུད་ལ་ནི་བཅུའོ། །གནས་སྡེ་ལ་ནི་བཅུ་གཅིག་གོ་།རྒྱལ་བའི་རྣ་བ་ལ་ནི་བཅུ་གསུམ་མོ། །རང་གི་རྐང་མཆོག་ལ་ནི་བཅུ་དྲུག་གོ་།དྲང་སྲོང་ནི་བཞི་ཅུ་རྩ་གཅིག་སྟེ། འདི་ལྟར་བྲམ་ཟེ་ལམ་གྱི་ཆ་ནི་ཉི་ཤུ་རྩ་གཅིག་ཏུ་གྱུར་པ་ལས་ཉི་ཤུ་རྩ་གཅིག་ཏུ་ཕྱེ་བ་ཡིན་ནོ། །བྲམ་ཟེ་རྣམས་ཀྱི་རྗེས་སུ་དཔག་པའི་ཚད་མ་ནི་སྲིད་སྲུང་གི་སྡེ་ཚན་རྣམས་ཏེ། བདག་ནི་བྲམ་ཟེ་རྣམས་ཀྱི་སྲིད་སྲུང་གི་སྡེ་ཚན་ཡིན་ནོ། །མཆོད་སྦྱིན་གཅིག་ཏུ་གྱུར་པ་ལས་གཉིས་སུ་དབྱེའོ། །འབྱུང་བ་རྣམ་པ་བཞི་ལས་དབྱེ་བ་བྱས་པས་བརྒྱད་ 389b དོ། །བརྒྱད་པ་ལས་དབྱེ་བ་བྱས་བས་ཉི་ཤུ་རྩ་གཉིས་སོ། །བྲམ་ཟེ། འདི་དག་ནི་སྲིད་སྲུང་གི་དབྱེ་བའི་མཆོད་སྦྱིན་གཅིག་ཏུ་བསྡུས་པ་ལ་ཡང་ཉི་ཤུ་རྩ་གཉིས་སོ། །བྲམ་ཟེ་རྣམས་ཀྱི་རྗེས་སུ་དཔག་པའི་ཚད་མ་ལ་ཐ་དད་པར་ཕྱེ་ན་བརྒྱ་ཉི་ཤུ་རྩ་གཉིས་སོ། །ཡང་རིག་བྱེད་བཅུ་དྲུག་གི་དབྱེ་བ་སྔོན་གྱི་བྲམ་ཟེ་གང་ཡིན་པ་རྣམས་ཀྱིས་ཡང་དག་པར་བསྟན་ཏོ། །འདོན་པ་ནི་གནས་དང།་བྱཱ་ཀ་ར་ན་དང ། འཇིག་རྟེན་རྒྱང་ཕན་པའི་གཙུག་ལག་དང ། རྐང་པ་དང ། སྤྱོད་པའི་གཙུག་ལག་དང ། འདི་དག་རྣམས་ལས་མི་ཤེས་པ་མེད་དེ། ཁོང་དུ་ཆུད་དོ། །དེ་བས་ན་འདི་དག་ཐམས་ཅད་གཅིག་ཉིད་དུ་ཤེས་པར་བྱས་ཏེ། གཅིག་ཏུ་གྲུབ་པ་ཡིན་ཏེ། བྲམ་ཟེ་དེ་བས་ན་འདི་དག་ནི་འཇིག་རྟེན་གྱི་མིང་ཙམ་ཏེ། ཐ་སྙད་ཙམ་དུ་བསྟན་ཏེ། བྲམ་ཟེའི་རིགས་ཞེས་བྱ་བ་དང ། རྒྱལ་རིགས་ཞེས་བྱ་བ་དང ། རྗེའུ་རིགས་ཞེས་བྱ་བ་དང ། དམངས་རིགས་ཞེས་བྱ་བ་འདི་དག་ཐམས་ཅད་ནི་གཅིག་པ་ཡིན་ཏེ། ཐ་དད་པ་མེད་ཀྱི་བདག་གི་བུ་གཞོན་ནུ་སྟག་རྣ་ལ་བུ་མོ་གཟུགས་བཟང་མོ་ཆུང་མའི་དོན་དུ་བྱིན་ཅིག་།རིན་གང་ཕབ་ཅིང་འདོད་པ་དེ་བཞིན་དུ་གཞལ་བར་བྱའོ། །གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུན་ལས་དེ་ལྟ་བུའི་ཚིག་ཐོས་པ་དང ། བྲམ་ཟེ་པདྨའི་སྙིང་པོ་ཅང་མི་སྨྲ་བར་གྱུར་ཏོ། །ཞུམ་ཞིང་ཕྲག་པ་གློད་ནས་མགོ་སྨད་དེ། ལན་ལ་སྤོབས་པ་མེད་པ་དེ་ནི་ཐ་ཆད་ཀྱི་གནས་ཡིན་ནོ། །དེ་ནས་གདོལ་བའི་རྒྱལ་པོ་ 390a ༄#། །ཏྲེ་ཤང་ཀུས་བྲམ་ཟེ་པདྨའི་སྙིང་པོ་ཞུམ་པར་གྱུར་ཅིང་ཕྲག་པའི་ག་ཤ་གློད་དེ་མགོ་སྨད་ནས་ལན་ལ་སྤོབས་པ་མེད་པར་གནས་ཤིང་ཅང་མི་སྨྲ་བར་གྱུར་པ་མཐོང་ངོ ། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ། ཁྱོད་གང་གི་ཚེ་འདི་ལྟར་མི་འདྲ་བ་མེད་པས་བདག་དང་ལྷན་ཅིག་ཏུ་འབྲེལ་བར་གྱུར་པར་ཤེས་པར་བྱའོ། །འོན་ཏེ། དེ་ལྟར་མ་ཡིན་ན་བྲམ་ཟེ་ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། དེ་ལ་ཇི་སྙམ་དུ་སེམས། བྲམ་ཟེ། གང་ཐོས་པ་དང ། ཚུལ་ཁྲིམས་དང ། ཤེས་རབ་དང ། ཡོན་ཏན་རྣམས་དང་ལྡན་པ་བྲམ་ཟེ་ཡིན་ནོ། །མཆོག་གང་ཡིན་པ་དེ་བདག་གི་བུ་གཞོན་ནུ་སྟག་རྣ་ལ་ཡང་ཡོན་ཏན་དེ་དག་ཉིད་ཡོད་པས་བྲམ་ཟེ་ཉིད་དུ་འགྱུར་རོ། །གང་ཞིག་སྣོད་ལྡན་གྱི་མཆོད་སྦྱིན་བྱིན་ཅིང ། རྟ་བསང་གི་མཆོད་སྦྱིན་དང ། མི་བསང་གི་མཆོད་སྦྱིན་དང ། ཡང་དག་པར་སྤྱོད་པའི་མཆོད་སྦྱིན་དང ། གཏན་པ་མེད་པའི་མཆོད་སྦྱིན་བྱེད་པས་དེ་དག་ཐམས་ཅད་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་ཞིང་འདི་བྱེད་པ་བྲམ་ཟེ་ཡིན་པར་འདོད་པ་ནི། བྲམ་ཟེ་ཡང་དེ་ལྟར་ནི་བལྟ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེ་རྣམས་སྣོད་ལྡན་གྱི་མཆོད་སྦྱིན་བྱེད་ཅིང ། རྟ་བསང་གི་མཆོད་སྦྱིན་དང ། མི་བསང་གི་མཆོད་སྦྱིན་དང ། ཡང་དག་པར་སྤྱོད་པའི་མཆོད་སྦྱིན་དང ། གཏན་པ་མེད་པའི་མཆོད་སྦྱིན་བྱེད་ཅིང་ 390b སྣ་ཚོགས་པའི་སྔགས་ཀྱིས་སྲོག་གཅོད་པ་ལ་འཇུག་པར་བྱེད་དེ། དེ་ལྟ་བས་ན་བྲམ་ཟེ་ཁྱོད་ལ་བཤད་པར་བྱ་སྟེ། དེ་ནི་མཐོ་རིས་ཀྱི་ལམ་མ་ཡིན་ཏེ། བདག་གིས་བྲམ་ཟེ་ཁྱོད་ཀྱི་ལམ་བཤད་པར་བྱ་ཡི་ཉོན་ཅིག་།ཚུལ་ཁྲིམས་སྲུང་ཞེས་བློ་གྲོས་དོན་དུ་གཉེར་བས་བདེ་བ་གསུམ་གྱིས་སེམས་རབ་ཏུ་ཞི་བར་གནས་པ་ནི་འཇིག་རྟེན་ཕ་རོལ་ཏུ་བདེ་འགྲོ་དག་ཐོབ་བོ། །བྲམ་ཟེ།་འདི་ལྟར་སྔ་མ་བཞིན་དུ་སྣོད་ལྡན་གྱི་མཆོད་སྦྱིན་ལ་དགའ་བ་དང ། རྟ་བསང་གི་མཆོད་སྦྱིན་དང ། མི་བསང་གི་མཆོད་སྦྱིན་དང ། ཡང་དག་པར་སྤྱོད་པའི་མཆོད་སྦྱིན་དང ། གཏན་པ་མེད་པའི་མཆོད་སྦྱིན་དག་སྦྱིན་པ་ལ་དགའ་ཞིང་ཡོངས་སུ་འཛིན་པ་དེ་དག་ནི་མེད་པ་ལ་མོས་པ་སྟེ། མཐོ་རིས་ལ་དགའ་ཞིང་འདོད་པས་བྲམ་ཟེ་འདི་ལྟར་ཕྱིས་ཀྱང་སྣོད་ལྡན་གྱི་མཆོད་སྦྱིན་བྱེད་ཅིང ། རྟ་བསང་གི་མཆོད་སྦྱིན་དང ། མི་བསང་གི་མཆོད་སྦྱིན་དང ། ཡང་དག་པར་སྤྱོད་པའི་མཆོད་སྦྱིན་དང ། གཏན་པ་མེད་པའི་མཆོས་སྦྱིན་བྱེད་པ་ནོ་དོན་མེད་ཅིང་མཆོག་ཏུ་བཅོམ་པ་ཆེན་པོར་འགྱུར་རོ། །བྲམ་ཟེ། བདག་གིས་སྨྲས་པ་དེ་ལྟ་བུ་ཡིན་པའི་ཕྱིར་འདིར་བདག་དང་ཁྱོད་ལྷན་ཅིག་འབྲེལ་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་གདོལ་བ་མི་གཙང་བ་ནི་མ་ཡིན་ནོ། །གཞན་ཡང ། བྲམ་ཟེ། དད་པ་ཚུལ་ཁྲིམས་དཀའ་ཐུབ་དང ། །ཐོས་དང་ཤེས་རབ་དེ་བཞིན་དང ། །ལྟ་བ་མཐོ་རིས་བརྟུལ་ཞུགས་གནས། །རྣམ་ 391a ༄#། །པ་བརྒྱད་པོ་དེ་དག་གིས། །མཐོ་རིས་གནས་སུ་འགྲོ་བ་འདོད། །ཕལ་ཆེར་ཤེས་པའི་ཁྱད་པར་གྱིས། །སྣ་ཚོགས་དུ་མའི་མཆོད་སྦྱིན་འདིར། །རྣམ་པ་བརྒྱད་དུ་ངེས་པར་བསྟན། །མ་མཉམ་སྲིང་མོའི་འཇིག་རྟེན་ཏེ། །རབ་ཏུ་འཇུག་ལྡན་འདི་ལྟ་སྟེ། །ཉི་མའི་ལྷས་ལས་སྐྱེས་པ་ཡིན། །མི་སྐྱེས་རྣམས་ནི་མི་ལས་སྐྱེས། །བསྐྱེས་པ་ཡི་གཞོན་པ་ལས། །གསེར་མདོག་ལྡན་ལས་སྐྱེས་པ་དང ། །ཀླུ་རྣམས་ལས་ནི་སྐྱེས་པ་དང ། །མ་ཆེན་ས་ལས་བསྐྱེད་པ་ནི། །ཆེན་པོའི་ཆེན་པོ་འོད་སྲུང་སྟེ། །དྲང་སྲོང་བདེ་བའི་ཡིད་ཀྱིས་ཤེས། །དེ་ནས་ཡང་བྲམ་ཟེ་པདྨའི་སྙིང་པོ་ལ། བདག་གིས་བྲམ་ཟེ་རྣམས་ཀྱི་རིགས་བཤད་པར་བྱ་ཡི་དེ་ཉོན་ཅིག་།རིགས་ནི་འདི་ལྟ་སྟེ། གཽ་ཏ་མ་དང ། བད་ས་དང ། ཀོད་ས་དང ། ཀཽ་ཤི་ཀ་དང ། འོད་སྲུང་དང ། རྒྱས་པ་དང ། སྙིང་པོའི་རིགས་ཏེ་འདི་དག་ནི་བྲམ་ཟེའི་རིགས་རྣམ་པ་བདུན་ནོ། །རིགས་དེ་དག་རེ་རེ་ལ་ཡང་རྣམ་པ་བདུན་བདུན་དུ་འགྱུར་ཏེ།་དེ་ལ་གཽ་ཏ་མ་ནི། ཀཽ་ཐུ་མ་དང ། དེ་དག་རྒྱ་དང ། བ་ར་དྭ་ཛ་དང ། བེ་ར་བརྒྱད་པ་དང ། བེ་ཀ་ན་ས་དང ། རྡོ་རྗེ་རྐང་པ་སྟེ་དེ་དག་གོ་།དེ་ལ་པད་ས་ལ་ནི་ཨ་དྲེ་ཡ་ན་དང ། མེ་ཏྲེ་ཡ་དང ། བརྒ་དང ། ས་མ་ལ་ནི་དང ། མང་པོ་སྐྱེས་དང ། ས་པ་རྣ་དང ། ་ཉ་ཙ་སྟེ་དེ་དག་གོ་།དེ་ལ་ཀོ་ས་ལས་ནི་མོའུ་དགལ་ཡ་ན་དང ། གོ་ན་ཡ་ན་དང ། ལང་ཆ་ལ་བ་དང ། བདུན་ 391b ཚད་ལག་ན་དང ། སོ་ན་པུ་ག་ན་སྟེ་དེ་དག་གོ་།དེ་ལ་ཀཽ་ཤི་ཀ་ལས་ནི་ཀ་ན་ཡ་ན་དང ། བ་ཀི་ན་དང ། ལོ་ཀ་ཨ་ཁ་དང ། ལོ་ཀི་ཧ་ད་སྟེ་དེ་དག་གོ་།དེ་ལ་འོད་སྲུང་ལས་ནི་པ་ན་དྭ་ར་དང ། ཤུ་ཀ་ར་དང ། སན་ཏི་ལ་དང ། རོ་ཙ་ནི་ཡ་དང ། ་ན་པ་ཁྲ་དང ། གྣི་བེ་ཤ་སྟེ་དེ་དག་གོ་།དེ་ལ་རྒྱས་པ་ལས་ནི་ཛ་ཏུ་ཀ་ན་དང ། དྷ་ན་མ་དང ། ཛ་ཡ་ཡ་ན་དང ། པ་ར་ས་ར་དང ། བྱ་ཁྲ་ན་ག་དང།་ཀཱན་ཏཱ་ཡ་ན་དང ། ོ་པ་མན་ཉ་སྟེ་དེ་དག་གོ་།དེ་ལ་སྙིང་པོ་ལས་ནི་མན་ད་ཡ་ན་དང ། དོ་མྲ་ཡ་ན་དང ། ཀ་ཏ་ཡ་ན་དང ། ཤ་ཀ་ཡ་ན་དང ། ཡུ་གན་ད་ཡ་ན་དང ། ཁ་ན་ཡ་ན་དང ། ཀ་པི་སྟ་ལ་ཡ་ན་སྟེ་དེ་དག་གོ་།དེ་ལ་བྲམ་ཟེ་འདི་ལྟ་བུའི་རིགས་ལྔ་བཅུར་གཅིག་གིས་མ་ཚང་བ་ཡིན་ནོ། །ཡང་དག་པའི་ལྟ་བ་དང ། སྡེབ་སྦྱོར་གྱི་འདོན་པ་དང ། བྱཱ་ཀ་ར་ཎ་དང ། རྐང་པ་དང།་སྤྱོད་པའི་གཙུག་ལག་དང ། རིགས་པ་གཞན་པ་དག་རྒྱས་པར་བདག་གིས་བཀླགས་ཀྱི། གཞན་གྱིས་ནི་མ་ཡིན་པར་རིག་པར་བྱ་བའོ། །འདི་ལྟར་གཉེན་དུ་བྱ་བ་ལ་ངེས་པ་མེད་པས་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་།དེ་ལྟ་བས་ན་བྲམ་ཟེའི་རིགས་ཞེས་བྱ་བ་ནི་འཇིག་རྟེན་ཐ་མལ་བས་ཐ་སྙད་དུ་བྱས་པ་ཡིན་ནོ། །འདི་ལྟར་བྲམ་ཟེའི་རིགས་ཞེས་བྱ་བ་དང ། རྒྱལ་རིགས་ཞེས་བྱ་བ་དང ། རྗེའུ་རིགས་ཞེས་བྱ་བ་དང ། དམངས་རིགས་ཞེས་བྱ་བ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ལྟ་བས་ན་འདི་དག་ཐམས་ཅད་ནི་གཅིག་པ་ཡིན་ཏེ། ཐ་དད་པ་ནི་ 392a ༄#། །མེད་དོ། །བདག་གི་བུ་གཞོན་ནུ་སྟག་རྣ་ལ་བུ་མོ་གཟུགས་བཟང་མོ་ཆུང་མའི་དོན་དུ་བྱིན་ཅིག་།གང་རིན་ཕབ་པ་འདོད་པ་དེ་བཞིན་དུ་སྦྱིན་པར་བྱའོ། །ཡང་ཚིག་དེ་ལྟ་བུ་གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུ་ལས་ཐོས་པ་དང ། བྲམ་ཟེ་པདྨའི་སྙིང་པོ་ཞུམ་པར་གྱུར་ཅིང་ཕྲག་པ་བཅུ་མ་ནས་མགོ་སྨད་དེ། ལན་ལ་སྤོབས་པ་མེད་པ་འདི་ནི་ཐ་ཆད་ཀྱི་གནས་ཡིན་པས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུས་བྲམ་ཟེ་པདྨའི་སྙིང་པོ་ཞུམ་པར་གྱུར་ཅིང་ཕྲག་པ་བཅུམ་ནས་མགོ་སྨད་དེ། ལན་ལ་སྤོབས་པ་མེད་པ་ནི་ཐ་ཆད་ཀྱི་གནས་ཡིན་པས་ཅང་མི་སྨྲ་བར་གྱུར་པ་མཐོང་ངོ ། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །ཅི་འདི་འདྲ་བའི་ས་བོན་བཏབ། །དེ་འདྲ་བ་ཡི་འབྲས་བུར་གྱུར། །སྐྱེ་དགུ་འདི་ནི་གཅིག་ཡིན་ཏེ། །ཁྱད་པར་གྱུར་པ་དེ་ལ་མེད། །དབང་པོ་སྣ་ཚོགས་དེ་དག་གིས། །བྱ་བ་ཐ་དད་མཐོང་བར་བསྟན། །བྲམ་ཟེ་དང་ནི་རིགས་གཞན་ལ། །བྱེ་བྲག་ཅུང་ཟད་ཡོད་མ་ཡིན། །བདག་ཉིད་ཀུན་ཏུ་བསྟོད་བྱེད་ཀྱང ། །འདིར་ནི་རིགས་པ་མ་ཡིན་ཏེ། །སྐྱེ་གནས་གཉིས་ནི་ཕྲད་པ་ལས། །ཁུ་བ་ཁྲག་གཉིས་འདུས་པ་ཡིན། །རིགས་བཞི་དག་ནི་རབ་བསྟན་པ། །དེ་ལྟར་ཡིན་ན་དུད་འགྲོ་ལྟར། །ཁྱོད་ནི་སྲིང་མོ་ལ་འཇུག་པ། །སྲིང་མོ་ཆུང་མར་རིགས་མ་ཡིན། །གང་ཚེ་རེ་ཞིག་འཇིག་རྟེན་འདི། །ཚངས་པས་སྐྱེས་པར་རང་གིས་ 392b ཤེས། །བྲམ་ཟེའི་ཆུང་མ་སྲིང་མོ་ཉིད། །རྒྱལ་རིགས་རྒྱལ་པོའི་སྲིང་མོ་ཉིད། །དེ་བཞིན་རྗེའུ་རིགས་རྗེ་རིགས་མོ། །དམངས་རིགས་དམངས་རིགས་དེ་རིགས་མིན། །གལ་ཏེ་བྲམ་ཟེས་ཤེས་ན་ནི། །ཆུང་མར་རིགས་པ་མ་ཡིན་ནོ། །སེམས་ཅན་བྲམ་ཟེའི་རིགས་མིན་ཏེ། །འདི་དག་ཉོན་མོངས་ལས་སྐྱེས། །དམན་པ་དག་ནི་མཆོག་ཏུ་སྣང ། །སེམས་ཅན་སྣ་ཚོགས་རྟེན་ཐ་དད། །ཁྱོད་ལྟར་འདི་དག་རིགས་མཆོག་སྟེ། །བྲམ་ཟེ་རྒྱལ་རིགས་དེ་བཞིན་དུ། །རྗེའུ་རིགས་དམངས་རིགས་དེ་དག་དང ། །ཐ་སྙད་འཇུག་པ་ཡོད་མ་ཡིན། །ངེས་བརྗོད་རིག་བྱེད་མཆོད་སྦྱིན་དང ། །སྙན་དངགས་རིག་བྱེད་སྲིད་སྲུང་སྟེ། །འདི་ལྟར་བཞད་གད་དེས་སྦྱར་དང ། །སྡེབ་སྦྱོར་ཇི་ལྟར་དོན་མེད་མིན། །བདག་ཉིད་ཀྱིས་ནི་བརྗོད་བྱས་པ། །བྱམས་རིགས་དེ་བཞིན་གསོ་བ་དང ། །གོ་རིམས་དང་ནི་རྨོངས་བྱེད་དང ། །འདོད་པའི་གཟུགས་དང་ཡིད་མགྱོགས་དང ། །དྲི་ཟ་འཇིགས་དང་ཤང་ཀ་དང ། །སྤྲུལ་དང་རིན་ཆེན་སྔགས་དང་ནི། །མིག་འཕྲུལ་རྣམས་ནི་འཇིགས་པ་དང ། །གྲངས་ལ་མཁས་པར་གྱུར་པ་དང ། །བདག་ལ་སྐྱེས་བུའི་རིགས་ཡོད་དེ། །མཚོ་ཡི་སྙིང་པོ་རིན་ཆེན་དང ། །རང་གི་སྲིང་མོ་རྣམས་ལ་དགའ། །ལྷ་ཡི་རྫུ་འཕྲུལ་ཡང་དག་འཐོབ། །གསོ་བ་ཡི་ནི་རིག་པ་རྣམས། །གདོལ་པ་ཡིད་ནི་མ་བསླབས་ཤིང ། །བྲམ་ཟེའི་རིག་བྱེད་ཕ་རོལ་ཕྱིན། །སེར་སྐྱ་ལ་སོགས་སྐྱེས་ 393a ༄#། །ནས་ནི། །སྔགས་མཆོག་གི་ནི་ཕ་རོལ་ཕྱིན། །བྲམ་ཟེའི་བུ་ནི་མ་ཡིན་ནོ། །བྲམ་ཟེ་མིན་ཡང་བསམ་པར་གྱིས། །རིགས་ངན་ལས་སྐྱེ་དྲང་སྲོང་ནག་།ཐུབ་པ་བྱི་བ་ཡ་ན་དང ། །དྲག་ཤུལ་ལས་སྐྱེས་གཟི་བརྗིད་ལྡན། །འཇིགས་བྱེད་མངོན་ཤེས་ལྔ་ལྡན་པ། །ཐུབ་པ་ཆེན་པོ་དེ་དག་ནི། །བྲམ་ཟེ་ལས་སྐྱེས་མ་ཡིན་ནོ། །ཅི་ཡིན་བྲམ་ཟེ་ཡང་བརྗོད་ཀྱི། །ཐ་སྙད་དུ་ནི་བཏགས་པ་སྟེ། །རྡུལ་ལྡན་མ་ནི་རྒྱལ་རིགས་ལས། །མཁས་ཤིང་དུལ་དང་ལྡན་པ་དང ། །བསྟན་བཅོས་ཐམས་ཅད་ལེགས་རྟོགས་པ། །ཐུབ་པ་དགའ་བྱེད་དེ་ལས་སྐྱེས། །བྲམ་ཟེའི་བུ་ནི་མ་ཡིན་ནོ། །བྲམ་ཟེ་ཅི་ཡང་མི་བརྗོད་ཀྱི། །གཟི་བརྗིད་དཀའ་ཐུབ་དང་ལྡན་ལ། །མཁས་ཤིང་དུལ་དང་ལྡན་པ་སྟེ། །དྲང་སྲོང་འཇིག་རྟེན་དུ་གྲགས་པ། ། གང་ཡིན་དེ་ནི་མ་ནུས་སྐྱེད། །བྲམ་ཟེའི་བུ་ནི་མ་ཡིན་ནོ། །ཅི་ཡིན་བྲམ་ཟེ་ཡང་བརྗོད་ཀྱི། །འདི་དག་འཇིག་རྟེན་ཐ་སྙད་དེ། །བྲམ་ཟེ་རྒྱལ་རིགས་དེ་བཞིན་ཏེ། །ད་ལྟར་རྗེའུ་རིགས་དམངས་རིགས་ནི། །ཐ་སྙད་དུ་ནི་འཇིགས་པ་ཡིན། །དེ་ལ་བྲམ་ཟེ་ཁྱོད་ཀྱིས་སྨྲས། །འདི་དག་འཇིག་རྟེན་ཐ་སྙད་ཙམ། །འདི་ལྟ་སྟེ། བྲམ་ཟེའི་རིགས་ཞེས་བྱ་བ་དང ། རྒྱལ་རིགས་ཞེས་བྱ་བ་དང ། རྗེའུ་རིགས་ཞེས་བྱ་བ་དང ། དམངས་རིགས་ཞེས་བྱ་བ་འདི་དག་ནི་ཐམས་ཅད་གཅིག་ཅིང་དེ་ལ་ཐ་དད་པ་མེད་དོ། །བདག་གི་བུ་གཞོན་ནུ་སྟག་རྣ་ལ་བུ་མོ་ 393b གཟུགས་བཟང་མོ་ཆུང་མའི་དོན་དུ་བྱིན་ཅིག་།རིན་གང་ཕབ་པ་དེ་འདོད་པ་བཞིན་དུ་གཞལ་བར་བྱའོ། །གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལས་འདི་ལྟ་བུའི་ཚིག་ཐོས་ནས་བྲམ་ཟེ་པདྨའི་སྙིང་པོས་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་རིགས་ཅི་ཡིན། བདག་གི་ཨ་ཏྲེ་ཡའོ། །སྔར་ཅི་ཞིག། སྔར་མིང་ངོ ། །ཅི་ཞིག་སྤྱོད་པར་བྱེད། བྱམས་པ་མང་དུའོ། །རབས་དུ་ཡིན། གསུམ་སྟེ། འདི་ལྟ་སྟེ། བད་ས་དང ། ཀོའུ་ས་དང ། བ་ར་དྭ་ཛྭའོ། །ཅི་ཞིག་ལ་གོམས། ཚངས་པར་སྤྱོད་པ་དང་བཅས་པའི་སྡེབ་སྦྱོར་འདོན་པ་ལའོ། །སྡེབ་སྦྱོར་གྱི་གདོན་པ་དུ་ཞིག་།དྲུག་པོ་འདི་ལྟ་སྟེ། གཽ་ཏ་མ་དང ། ར་མ་ཡ་ནི་དང ། ལང་ག་ལི་དང ། སཽ་པད་ཙ་ལ་དང ། ཀ་པི་ཙ་ལཾ་ཡ་དང ། ་ར་ཤི་སེན་ཞེས་བྱ་བ་ཡིན་ནོ། །ཁྱོད་ཀྱི་མའི་རིགས་ཅི་ཡིན།་པ་ར་ཤ་རི་ཡུམ་མོ། །ཁྱོད་ཀྱིས་ས་བྱ་ཏི་བཀླགས་སམ། ཇི་ལྟར་ཡིན། དེ་ལ་ཡི་གེ་དུ་ཞིག་།གདོན་པ་ནི་དུ་ཞིག་།ཚིག་ནི་དུ་ཞིག་།རྐང་པ་ནི་དུ་ཞིག་།ཡི་གེ་ནི་ཉི་ཤུ་རྩ་བཞིའོ། །གདོན་པ་ནི་གསུམ་མོ། །ཚིག་ནི་གསུམ་མོ། །རྐང་པ་ནི་བརྒྱད་དོ། །ཁྱོད་ཀྱིས་ས་བྱིན་ཏྲ་ཐོན་ཅིག་།པདྨའི་སྙིང་པོ། དེ་བཞིན་ཏེ། ལྷན་ཅིག་སྐྱེས་པའི་སྔགས་བཤད་པར་བྱ་ཡི་ཉོན་ཅིག་།ཁྱོད་ཀྱིས་ཤོད་ཅིག།་སྨྲས་པ། བྲམ་ཟེ། སྔོན་བྱུང་བ་འདས་པའི་དུས་ན། བསུ་ཞེས་བྱ་བའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གཟི་བརྗིད་འབར་ཞིང་མཐུ་ཆེ་བ། བསམ་གཏན་རྣམས་ཐོབ་པ་ 394a ༄#། །ཞིག་བྱུང་སྟེ། དེས་ཤིང་མཁན་གྱི་བུ་མོ་སེར་སྐྱ་མ་ཞེས་བྱ་བ་ཆུང་མའི་དོན་དུ་བླངས་སོ། །དེ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་བུ་མོ་དེ་དང་ལྷན་ཅིག་ཆགས་པ་སྤྱད་པས་རྫུ་འཕྲུལ་ལས་ཉམས་ཤིང་བསམ་གཏན་ཤོར་རོ། །དེ་བདག་ཉིད་ཀྱི་ཉེས་པར་སྤྱོད་པས་ཉམས་པས་རྗེས་སུ་འགྱོད་དོ། །དེའི་ཚེ་སྔགས་འདི་དག་སྨྲས་སོ། །འདི་ལྟ་སྟེ། ཨོཾ་བྷུར་བྷུ་བ་སཝ་ཏད་ས་པི་ཏུར་པ་རེ་ཎྱ་བྷར་གྷོ་དྷེ་བ་ས། དི་མ་ཧི་ཏསྷོ་ཡོ་ཡོ་ན་པྲ་ཙོད་ཡ་ཡད། བྲམ་ཟེ། སྔགས་འདིས་རྟོགས་པ་མེད་པར་བཅོས་ནས་དེ་ཉིད་ཀྱི་ཉིན་ཞག་ལ་བྲམ་ཟེ་སྔགས་བཟླས་ཏེ། སྔོན་བྱུང་བའི་སྐྱེ་དགུའི་བདག་པོས་རལ་པ་དང ། དཀའ་ཐུབ་བྱས་ཏེ་ནགས་ཀྱི་ནང་ན་འདུག་སྟེ། དབེན་པའི་གནས་སུ་ཡང་དེ་དང་བདག་དགའ་བར་བྱེད་ཅིང་དཀའ་ཐུབ་བྱས་པས་ལྷས་ཟས་མཆོག་བྱིན་ནས་གནས་ཤིང་སྔགས་འདི་བཟླས་སོ། །བཾ་ཉ་ཀ་ཨ་ཏ་སཱ་ཀ་ནྱ་ཨར་ཏ་ཐ་ཕྲ་ཁྲི་ན། འདི་ནི་རྒྱལ་རིགས་ཀྱི་དག་བྱེད་ཀྱི་སྔགས་ཡིན་ཏེ། ཨོཾ་ཙི་ན་ཏྲ་མ་ཧིད་དེ་བེ་ཤ་ཀ་པཾ་ཤ་ཤ་ཏཾ་ཤ་ཏྲ་དཾ་ཤ་དཾ། འདི་ནི་རྗེའུ་རིགས་རྣམས་ཀྱི་དག་བྱེད་ཀྱི་སྔགས་ཡིན་ཏེ། ཨཾ་ཨ་ཏ་བ་པྲ་ཏ་པ་ཛེ་མེ་དྷ་ཧ་མ། འདི་ནི་དམངས་རིགས་རྣམས་ཀྱི་དག་བྱེད་ཀྱི་སྔགས་ཡིན་ཏེ། ཨཾ་ཀཱ་མཱ་ཧི། ལོ་ཀི་བྲ་བ་རམ་མ་ཕ་ཛྲ་ནཾ། དེ་ཤམ་ཨ་པྲ་ཧ་ན། ཙ་བྷུ་བླ་ན་ཏ་ར་ཡ། དེ་ལྟ་བས་ན་ཁྱོད་ཀྱིས་འདོད་པ་རབ་ཏུ་སྤངས་ནས། མཉམ་པ་མེད་པའི་ 394b ཚངས་པའི་འཇིག་རྟེན་ཐོབ་བོ། །བྲམ་ཟེ། འདི་ནི་ཚངས་པའི་མི་མཇེད་ཀྱི་བདག་པོས་དག་བྱེད་དུ་སྨྲས་པ་ཡིན་ཏེ། སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་བར་མཛད་པ་ཡིན་ནོ། །ཀྱེ་ཏྲེ་ཤང་ཀུ། ཁྱོད་ཀྱིས་རྒྱུ་སྐར་གྱི་དབང་པོ་རྣམས་བཀླགས་སམ། ཀྱེ།་དེ་བཞིན་ཏེ། བདག་གིས་རྒྱུ་སྐར་གྱི་དབང་ཚད་རྣམས་ཁྱོད་ལ་བཤད་ཀྱི་ཉོན་ཅིག་།འདི་ལྟ་སྟེ། སྨིན་དྲུག་དང ། སྣར་མ་དང ། མགོ་དང ། ལག་དང ། ནམ་སོ་དང ། རྒྱལ་དང ། སྐག་དང ། མཆུ་དང ། གྲེ་དང ། དབོ་དང ། མེ་བཞི་དང ། ནག་པ་དང ། ས་རི་དང ། ས་ག་དང ། ལྷ་མཚམས་དང ། སྣརོན་དང ། སྣུབས་དང ། ཆུ་སྟོད་དང ། ཆུ་སྨད་དང ། གྲོ་བཞིན་དང ། བྱི་བཞིན་དང ། མོན་གྲུ་དང ། མོན་གྲེ་དང ། ཁྲུམས་སྟོད་དང ། ཁྲུམས་སྨད་དང ། ནམ་གྲུ་དང།་ཐ་སྐར་དང ། བྲ་ཉེ་རྣམས་ཏེ། ཀྱེ་བྲམ་ཟེ་པདྨའི་སྙིང་པོ། དེ་དག་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དོ། །དེ་ལ་རྒྱུ་སྐར་ནི་དུ། དབྱིབས་ནི་ཇི་སྙེད་ཡོད། ཡུད་ཙམ་དང་ལྡན་པ་ནི་ཇི་སྙེད། ཟས་ནི་ཅི།་རུས་ནི་ཅི། ལྷ་རྣམས་ནི་གང ། ཀྱེ་བྲམ་ཟེ་པདྨའི་སྙིང་པོ་ཅན། སྨིན་དྲུག་ནི་སྐར་མ་དྲུག་སྟེ། དབྱིབས་ནི་སྤུ་གྲི་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཟས་ནི་ཞེའོ། ། ལྷ་ནི་མེའོ། །རུས་ནི་རྗེའུ་རིགས་སོ། །རྒྱུ་སྐར་སྣར་མ་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ཤིང་རྟའི་འཕང་ལོ་གཉིས་པ་ལྟ་བུའོ། །ཡུད་ཙམ་ནི་བཞི་བཅུ་རྩ་ལྔའི་ཆ་དང་ལྡན་པའོ། །ཟས་ནི་རི་དྭགས་ 395a ༄#། །ཀྱི་ཤའོ། །ལྷ་ནི་སྐྱེ་དགུའི་བདག་པོའོ། །རུས་ནི་པ་ར་དྭ་ཛའོ། །རྒྱུ་སྐར་མགོ་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རི་དྭགས་ཀྱི་མགོ་ལྟ་བུའོ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན་པའོ། །ཟས་ནི་འབྲས་བུ་དང ། རྩ་བའོ། །ལྷ་ནི་ཟླ་བའོ། །རུས་ནི་མིག་ཡ་ནའོ། །རྒྱུ་སྐར་ལག་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཡུད་ཙམ་སུམ་ཅུ་རྩ་ལྔའི་ཆ་དང་ལྡན་པའོ། །ཟས་ནི་མར་གྱི་ཉིད་ཁུའོ། །ལྷ་ནི་ཉི་མའོ། །རུས་ནི་རྒྱས་པའོ། །རྒྱུ་སྐར་ནམ་སོ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྐང་པ་ལྟ་བུའོ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན་པའོ། །ཟས་ནི་སྦྲང་རྩིའོ། །ལྷ་ནི་ཕུར་བུའོ། །རུས་ནི་དབང་བྱེད་དོ། །རྒྱུ་སྐར་རྒྱལ་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རིལ་པ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ།། ཟས་ནི་སྦྲང་རྩི་དང་ཡོས་སོ། །ལྷ་ནི་ཕུར་བུའོ། །རུས་ནི་ཡིད་ཉིའོ། །རྒྱུ་སྐར་སྐག་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན་པའོ། །ཟས་ནི་འོ་མ་དང ། འབྲས་ཆན་ནོ། །ལྷ་ནི་རླུང་ལྷའོ། །རུས་ནི་སྤྲུལ་ལོ། །བྲམ་ཟེ་པདྨའི་སྙིང་པོ། རྒྱུ་སྐར་འདི་བདུན་ནི་ཤར་སྒོར་གཏོགས་པའོ། །རྒྱུ་སྐར་མཆུ་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ཆུ་བོའི་མགུར་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཟས་ནི་ཏིལ་གྱི་རི་ལུ་དང ། འོ་མའོ། །ལྷ་ནི་སྤེན་པའོ། །རུས་ནི་སེར་སྐྱའོ། །རྒྱུ་སྐར་གྲེ་ནི་སྐར་མ་གཉིས་ཏེ། དབྱིབས་ 395b ནི་རྐང་པ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཁ་ཟས་ནི་བིལ་བའོ། །ལྷ་ནི་སྐལ་ལྡན་ནོ། །རུས་ནི་གཽ་ཏ་མའོ། །རྒྱུ་སྐར་དབོ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་ཁྲི་ལྟ་བུའོ། ། ཡུད་ཙམ་བཞི་བཅུ་རྩ་ལྔའི་ཆ་དང་ལྡན་པའོ། །ཁ་ཟས་ནི་རྡོ་སྦལ་གྱི་ཤའོ། །ལྷ་ནི་འཕགས་པའོ། །རུས་ནི་ཀཽ་ཤི་ཀའོ། །རྒྱུ་སྐར་མེ་བཞི་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ལག་པ་ལྟ་བུའོ།། ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཟས་ནི་བྱ་སྣ་ཚོགས་དང ། སྲེད་དའོ། །ལྷ་ནི་ཉི་མའོ། །རུས་ནི་སྲེད་ད་ལྡན་ནོ། །རྒྱུ་སྐར་ནག་པ་ནི་སྐར་མ་གཅིག་སྟེ། དབྱིབས་ནི་པདྨའི་སྙིང་པོ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཁ་ཟས་ནི་ཤིང་ཏོག་སྣ་ཚོགས་ཟའོ། །ལྷ་ནི་ཉི་མའོ། །རུས་ནི་ནགས་པ་ཡ་ནའོ། །རྒྱུ་སྐར་ས་རི་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན་པའོ། །ཁ་ཟས་ནི་མོན་སྲན་སྡེའུ་དང ། འབྲས་དང་མར་རོ། །ལྷ་ནི་རླུང་ལྷའོ། །རིགས་ནི་ཡིད་ཅན་གྱི་རྒྱུད་དོ། །རྒྱུ་སྐར་ས་ག་ནི་སྐར་མ་བཞི་སྟེ། དབྱིབས་ནི་རཝའི་རྟེན་མགོ་ལྟ་བུའོ། །ཡུད་ཙམ་ནི་བཞི་བཅུ་རྩ་ལྔའི་ཆ་དང་ལྡན་པའོ། །ཁ་ཟས་ནི་མེ་ཏོག་གོ་།ལྷ་ནི་དབང་བོ་དང ། མེ་ལྷའོ། །རུས་ནི་བསྡུས་པ་ཡ་ནའོ། །ཀྱེ་པདྨའི་སྙིང་པོ། རྒྱུ་སྐར་བདུན་པོ་འདི་དག་ནི་ལྷོ་ཕྱོགས་ཀྱི་སྒོར་གཏོགས་པའོ། །རྒྱུ་སྐར་ལྷ་མཚམས་ནི་སྐར་མ་བཞི་སྟེ། དབྱིབས་ནི་གླང་པོ་ཆེའི་མགོ་དང ། སྣ་ལྟ་བུའོ། །ཡུད་ཙམ་ 396a ༄#། །སུམ་ཅུའི་ཆ་དང་ལྡན་པའོ། །ཟས་ནི་ཤ་དང ། ཆང་ངོ ། །ལྷ་ནི་ཕུར་བུའོ། །རུས་ནི་དམིགས་པ་ཡ་ནའོ། །རྒྱུ་སྐར་སྣརོན་ནི་སྐར་མ་གསུམ་སྟེ། དབྱིབས་ནི་ཐེམ་སྐས་ལྟ་བུའོ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན་པའོ། །ཁ་ཟས་ནི་འབྲས་དང ། ནས་དང ། གྲོའོ། །ལྷ་ནི་དབང་པོའོ། །རུས་ནི་རིང་པའི་རྒྱུད་དོ། །རྒྱུ་སྐར་སྣུབས་ནི་སྐར་མ་དགུ་སྟེ། དབྱིབས་ནི་སྡིག་པ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཟས་ནི་རྩ་བ་དང ། འབྲས་བུའོ། །ལྷ་ནི་དམངས་རིགས་གདོལ་པ་ཅན་ནོ། །རུས་ནི་ཀ་ཏ་ཡ་ནའི་རྒྱུད་དོ། །རྒྱུ་སྐར་ཆུ་སྟོད་ནི་སྐར་མ་བཞི་སྟེ། དབྱིབས་ནི་བ་ལང་གི་མཇུག་མ་སྒྲེང་བ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཁ་ཟས་ནི་ནྱ་གྲོ་དྷའི་ཐང་ཆུའོ། །ལྷ་ནི་ཆུ་ལྷའོ། །རུས་ནི་དུར་བའི་རྒྱུད་དོ། །རྒྱུ་སྐར་ཆུ་སྨད་ནི་སྐར་མ་བཞི་སྟེ། དབྱིབས་ནི་གླང་པོ་ཆེའི་མཆོད་བ་ལྟ་བུའོ། །ཡུད་ཙམ་བཞི་བཅུ་རྩ་ལྔའི་ཆ་དང་ལྡན་པའོ། །ཁ་ཟས་ནི་སྦྲང་རྩི་དང་ཡོས་སོ། །ལྷ་ནི་རྒྱས་པའོ། །རུས་ནི་མོའུ་དགལ་ཡ་ནའོ། །རྒྱུ་སྐར་བྱི་བཞིན་ནི་སྐར་མ་གསུམ་སྟེ། དབྱིབས་ནི་བ་ལང་གི་མགོ་ལྟ་བུའོ། །ཡུད་ཙམ་དྲུག་གི་ཆ་དང་ལྡན་པའོ། །ཁ་ཟས་ནི་རླུང་ངོ ། །ལྷ་ནི་ཚངས་པའོ། །རུས་ནི་ཚངས་པ་དང་ལྡན་པའོ། །རྒྱུ་སྐར་གྲོ་བཞིན་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རྔ་ལྟ་བུ། ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཟས་ནི་བྱ་ཤའོ། །ལྷ་ནི་ 396b ཁྱབ་འཇུག་གོ་།རུས་ནི་ཀཱ་ཏྱཱ་ཡ་ན་གསུམ་པའོ། །ཀྱེ་བྲམ་ཟེ་པདྨའི་སྙིང་པོ། རྒྱུ་སྐར་བདུན་པོ་དེ་དག་ནི་ནུབ་ཀྱི་སྒོར་གཏོགས་པའོ། །རྒྱུ་སྐར་མོན་གྲེ་ནི་སྐར་མ་བཞི་སྟེ། དབྱིབས་ནི་བྱ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། ཁ་ཟས་ནི་རྒྱ་སྲན་དང ། སྲན་ཆུང་ངོ ། །ལྷ་ནི་ནོར་ལྷའོ། །རུས་ནི་ཀཽཎྜི་ནྱའོ། །རྒྱུ་སྐར་མོན་གྲུ་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ།། ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན་པའོ། ཁ་ཟས་ནི་ནས་དང ། གྲོའོ། །ལྷ་ནི་ཆུ་ལྷའོ། །རུས་ནི་ད་ན་ན་ཡ་ནའོ། །རྒྱུ་སྐར་ཁྲུམས་སྟོད་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྟ་པ་འདྲ་བའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཁ་ཟས་ནི་ལུག་གི་ཤ་དང ། ཁྲག་གོ་།ལྷ་ནི་ཀླུ་དང ། གཟའ་ལག་གོ་།རུས་ནི་བྲམ་ཟེ་རྣ་ཅན་ནོ། །རྒྱུ་སྐར་ཁྲུམས་སྨད་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྐང་པ་ལྟ་བུའོ། །ཡུད་ཙམ་བཞི་བཅུ་རྩ་ལྔའི་ཆ་དང་ལྡན་པའོ། ཁ་ཟས་ནི་བལ་སྲན་ནོ། །ལྷ་ནི་འཕགས་པའོ། །རུས་ནི་ནོར་རྒྱས་ཀྱི་རྒྱུད་དོ། །རྒྱུ་སྐར་ནམ་གྲུ་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆའོ། ཁ་ཟས་ནི་ཞོའོ། །ལྷ་ནི་རྒྱལ་པོའོ། །རུས་ནི་སྲིང་མོ་བརྒྱད་ཀྱི་རྒྱུད་དོ། །རྒྱུ་སྐར་ཐ་སྐར་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྟ་འགྲོ་བ་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། ཁ་ཟས་ནི་སྦྲང་རྩིའི་ཐུག་པའོ། །ལྷ་ནི་དྲི་ཟའོ། །རུས་ནི་རྣ་འཇིགས་ནས་ཀྱི་རྒྱུད་དོ། །རྒྱུ་སྐར་བྲ་ཉེ་ནི་སྐར་མ་གསུམ་སྟེ། དབྱིབས་ 397a ༄#། །ནི་མོ་མཚན་ལྟ་བུའོ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་པའོ། །ཟས་ནི་ཏིལ་དང ། འབྲས་སོ། །ལྷ་ནི་གཤིན་རྗེའོ། །རུས་ནི་བརྒའི་རྒྱུད་དོ། །ཀྱེ་པདྨའི་སྙིང་པོ།་རྒྱུ་སྐར་བདུན་པོ་དེ་རྣམས་ནི་བྱང་གི་སྒོར་གཏོགས་པའོ། །ཀྱེ་པདྨའི་སྙིང་པོ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་དེ་དག་ལས་རྒྱུ་སྐར་དྲུག་ནི། ཡུད་ཙམ་བཞི་བཅུ་རྩ་ལྔའི་ཆ་དང་ལྡན་ཏེ།་འདི་ལྟ་སྟེ། སྣར་མ་དང ། ནམ་སོ་དང ། གྲེ་དང ། ས་ག་དང ། ཆུ་སྨད་དང ། ཁྲུམས་སྨད་ཅེས་བྱ་བ་འདི་དག་གོ་།རྒྱུ་སྐར་ལྔ་ནི་ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན་ཏེ། འདི་ལྟ་སྟེ། ལག་དང ། སྐག་དང ། ས་རི་དང ། སྣརོན་དང ། ས་ག་ཞེས་བྱ་བ་དེ་དག་གོ་།དྲག་པོའི་ཡུད་ཙམ་གྱི་ཆོ་ག་དང་ལྡན་པ་གང་ཞེ་ན། སྔ་མ་ལས་གཞན་པ་སྟེ། ཡུད་ཙམ་སུམ་ཅུའི་ཆ་དང་ལྡན་ནོ། །ཀྱེ་པདྨའི་སྙིང་པོ། བདུན་པོ་འདི་དག་ནི་ཤར་གྱི་སྒོ་བ་སྟེ། སྨིན་དྲུག་ནི་དང་པོའོ། །སྐག་ནི་ཐ་མའོ། །བདུན་པོ་འདི་དག་ནི་ལྷོའི་སྒོ་བ་སྟེ། མཆུ་ནི་དང་པོའོ། ། ས་ག་ནི་ཐ་མའོ། །རྒྱུ་སྐར་བདུན་པོ་འདི་དག་ནི་ནུབ་ཀྱི་སྒོ་བ་སྟེ། ལྷ་མཚམས་ནི་དང་པོའོ། །བྱི་བཞིན་ནི་ཐ་མའོ། །རྒྱུ་སྐར་བདུན་པོ་འདི་དག་ནི་བྱང་ཕྱོགས་ཀྱི་སྒོ་བ་སྟེ། མོན་གྲེ་ནི་དང་པོའོ། །བྲ་ཉེ་ནི་ཐ་མའོ། །ཀྱེ་པདྨའི་སྙིང་པོ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་དེ་དག་ལས་བདུན་ནི་སྟོབས་དང་ལྡན་པ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། ཤར་ཕྱོགས་ཀྱི་བཞི་དང ། 397b ས་ག་དང ། ལྷ་མཚམས་དང ། ས་རིའོ། །གསུམ་ནི་དྲག་པོ་སྟེ། ལག་དང ། སྐག་དང ། བྲ་ཉེ་ཞེས་བྱ་བའོ། །བཞི་ནི་མཆོད་པར་བྱ་བ་སྟེ། བྱང་ཕྱོགས་ཀྱི་གསུམ་དང ། སྣར་མའོ། །ལྔ་ནི་འཇམ་པ་སྟེ། གྲོ་བཞིན་དང ། ནམ་གྲུ་དང ། མོན་གྲེ་དང ། སྣརོན་དང ། སྣུབས་ཞེས་བྱ་བའོ། །ལྔ་ནི་འཛིན་པའི་རིགས་ཏེ། མེ་བཞི་དང ། ནག་པ་དང ། སྐག་དང ། མཆུ་དང ། བྱི་བཞིན་ནོ།། བཞི་ནི་མྱུར་བར་བྱེད་པ་སྟེ། སྨིན་དྲུག་དང ། མགོ་དང ། རྒྱལ་དང ། ཐ་སྐར་རོ། །ཀྱེ་པདྨའི་སྙིང་པོ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་དེ་དག་ནི་རིམ་གྱིས་འཇུག་པ་གསུམ་དང་ལྡན་ཏེ། ཁྱུ་མཆོག་གི་འཇུག་པ་དང ། བེའུའི་འཇུག་པ་དང ། ཟུང་ལྷན་ཅིག་ཏུ་འཇུག་པའོ། །དེ་ལ་རྒྱུ་སྐར་སྔོན་དུ་འགྲོ་ཞིང ། ཟླ་བ་ཕྱི་ནས་འགྲོ་བ་ནི་ཁྱུ་མཆོག་གི་འཇུག་པ་ཞེས་བྱའོ། །གང་གི་ཚེ་ཟླ་བ་སྔོན་དུ་འགྲོ་ཞིང་རྒྱུ་སྐར་ཕྱིར་འབྱུང་བ་ལ་ནི་བེའུ་འཇུག་པ་ཞེས་བྱའོ། །ཡང་གང་གི་ཚེ་ཟླ་བ་དང ། རྒྱུ་སྐར་གཉིས་ལྷན་ཅིག་དུ་འཇུག་པ་དེ་ལྟ་བུ་ནི་འདིར་ཟུང་དུ་འཇུག་པ་ཞེས་བྱའོ། ། གཞན་ཡང ། པདྨའི་སྙིང་པོ། གཟའ་རྣམས་བཤད་པར་བྱ་ཡི་ཉོན་ཅིག་།འདི་ལྟ་སྟེ། པ་བསངས་དང ། གཟའ་ལྷག་པ་དང ། སྤེན་པ་དང ། ཕུར་བུ་དང ། མིག་དམར་དང ། སྒྲ་གཅན་དང།་མཇུག་རིང་དང ། ཉི་མ་དང ། ཟླ་བ་ཞེས་བྱ་བ་ཡིན་ནོ། །འདི་དག་དང ། རྒྱུ་སྐར་འཇིག་རྟེན་དུ་འཛོམ་པ་བཤད་ཅིང་ཇི་ལྟར་ཉིན་མཚན་རིང་བ་ཡང་བཤད་པར་བྱ་སྟེ། དེ་ལ་དགུན་ 398a ༄#། །གྱི་ཟླ་བ་གཉིས་པའི་ཚེས་བརྒྱད་ལ། རྒྱུ་སྐར་སྣར་མ་ཉིན་མོ་ལ་ཡུད་ཙམ་བཅུ་གཉིས་སུ་འགྱུར་རོ། །མཚན་མོ་ལ་ཡུད་ཙམ་བཅོ་བརྒྱད་དོ། །སོས་གའི་ཟླ་བ་ཐ་མའི་ཚེས་བརྒྱད་ལ་རྒྱུ་སྐར་ནི་སྣར་མའོ། །ཉིན་མོ་ལ་ནི་ཡུད་ཙམ་བཅོ་བརྒྱད་དུ་འགྱུར་རོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་གཉིས་སོ། །དབྱར་གྱི་ཟླ་བ་ཐ་མའི་ཚེས་བརྒྱད་ལ་རྒྱུ་སྐར་ནི་སྣར་མའོ། །ཉིན་མོ་ལ་ནི་ཡུད་ཙམ་བཅུ་བཞིའོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་དྲུག་གོ་།ཀྱེ་ཏྲེ་ཤང་ཀུ། ཉིན་པར་རྣམས་ཉིན་པར་དང ། ཕྱི་དེ་ཉིན་པར་རྗེས་སུ་འགྲོ་བ་ཡིན་ནམ། ཅི་ཡར་ངོ་དང།་མར་ངོ་རྗེས་སུ་འགྲོ་བ་ཡིན་ནམ། ཅི་ལོ་རྣམས་དགུན་ཟླ་ཐ་ཆུང་གིས་འཕེལ་བ་ཡིན་ནམ། ཅི་དུས་རྣམས་དབྱར་ཟླ་ར་བས་འཕེལ་བ་ཡིན་ནམ། ཀྱེ་ཏྲེ་ཤང་ཀུན། སྐད་ཅིག་མ་རྣམས་ཀྱི་ཚད་གྲུབ་པ་ཇི་ལྟ་བུ་ཡུད་ཙམ་རྣམས་ཀྱི་ནི་ཇི་ལྟ་བ་ཡིན། ཀྱེ་པདྨའི་སྙིང་པོ། བུད་མེད་རས་བལ་འཁལ་བ་འདའ་བ་ཤིན་ཏུ་རིང་བ་དང ། ཐུང་བར་འདྲེན་པ་མ་ཡིན་པ་དེ་ལྟ་བུ་ནི་དེ་ཉིད་དེའི་སྐད་ཅིག་མ་དེའི་ཚད་དོ། །དེའི་སྐད་ཅིག་མ་ཉི་ཤུ་རྩ་དྲུག་ལ་སྐད་ཅིག་གཅིག་།སྐད་ཅིག་དྲུག་ལ་ནི་ཐང་ཅིག་གཅིག་གོ་།ཐང་ཅིག་གསུམ་ལ་ནི་ཡུད་ཙམ་གཅིག་གོ་།དེ་ལྟ་བུའི་རིམ་པས་རྗེས་སུ་འབྲེལ་པའི་ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་ཏུ་ཤེས་པར་བྱའོ། །ཡུད་ཙམ་དེ་དག་ལ་འདི་ལྟ་བུའི་མིང་དུ་འགྱུར་ཏེ། ཉི་མ་ཤར་བ་ན་སྐྱེས་བུ་དྲུག་ཅུ་རྩ་དགུའི་གྲིམ་མ་ 398b འཇལ་བ་ནི་འཐོན་པོ་བཞི་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་དྲུག་ཅུས་གཞལ་བའི་གྲིབ་མ་ནི་དཀར་པོ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་བཅུ་གཉིས་ཀྱིས་གཞལ་བའི་གྲིབ་མའི་ཡུན་ལ་ཡང་དག་པར་འཕེལ་བ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་དྲག་གིས་བཅལ་བའི་གྲིབ་མའི་ཡུན་ལ་སྟོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་ལྔ་ཡིས་བཅལ་བའི་གྲིབ་མའི་ཡུན་ལ་མངོན་པར་འཕེལ་བ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་བཞི་ཡིས་བཅལ་བའི་གྲིབ་མའི་ཡུན་ལ་གང་གསུམ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་གསུམ་གྱིས་བཅལ་བའི་གྲིབ་མའི་ཡུན་ལ་བཞིན་ལེགས་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཉི་མ་གུང་ན་གནས་པ་ནི་གང་གི་རྡོ་རྗེ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དེའི་རྗེས་ལ་ནི་སྲིན་པོ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དབུས་ནས་ཅུང་ཞིག་ཡོལ་བ་སྐྱེས་བུ་གཅིག་གིས་བཅལ་བའི་གྲིབ་མའི་ཡུན་ནི་རོ་ཧི་ཏ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། ། སྐྱེས་བུ་བཞི་ཡིས་བཅལ་བའི་གྲིབ་མའི་ཡུན་ནི་སྟོབས་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་ལྔས་བཅལ་བའི་གྲིབ་མའི་ཡུན་ནི་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་དྲུག་གིས་བཅལ་བའི་གྲིབ་མའི་ཡུན་ནི་རོ་ཐམས་ཅད་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་བཅུ་གཉིས་ཀྱིས་བཅལ་བའི་གྲིབ་མའི་ཡུན་ནི་ནོར་ཞེས་བྱ་བའི་ཡུད་ 399a ༄#། །ཙམ་དུ་འགྱུར་རོ། །སྐྱེས་བུ་བརྒྱད་ཀྱིས་བཅལ་བའི་གྲིབ་མའི་ཡུན་ནི་བལྟ་ན་སྡུག་ཅེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྐྱེས་བུ་དྲུག་ཅུ་རྩ་དགུས་བཅལ་བའི་གྲིབ་མའི་ཡུན་ནི་གཞན་འཇིགས་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དེ་དག་ནི་ཉི་མ་ནུབ་པར་རྩོམ་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དེ་དང་ཉིན་མོ་རྣམས་ཀྱི་ཡུད་ཙམ་ཡིན་ནོ། ། ཀྱེ་པདྨའི་སྙིང་པོ། མཚན་མོ་རྣམས་ཀྱི་ཡུད་ཙམ་བཤད་པར་བྱ་སྟེ། འདི་ལྟ་སྟེ། ཉི་མ་ནུབ་པ་ནི་དྲང་པོ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དེའི་རྗེས་ལ་ནི་སྐར་མ་རྒྱུ་བ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དེ་ནས་ཡང་དག་ཟུང་ཞེས་བྱ་བའི་ཡུད་ཙམ་མོ། །དེ་ནས་ད་ལྟར་ཞེས་བྱ་བའི་ཡུད་ཙམ་མོ། །དེ་ནས་མཐའ་མེད་ཅེས་བྱ་བའི་ཡུད་ཙམ་མོ། །དེ་ནས་བོང་བུ་ཞེས་བྱ་པའི་ཡུད་ཙམ་དུ་འགྱུར་རོ། །དེ་ནས་སྲིད་མོ་ཞེས་བྱ་བའི་ཡུད་ཙམ་མོ། །ནམ་གྱི་གུང་ལ་གནས་པ་ན་ནི་ཆ་ཤས་ཞེས་བྱ་བའི་ཡུད་ཙམ་མོ། །ནམ་གྱི་གུང་འདས་པ་ན་བྲམ་ཟེ་ཞེས་བྱ་བའི་ཡུད་ཙམ་མོ། །དེ་ནས་ཉིས་སྐྱེད་ཅེས་བྱ་བའི་ཡུད་ཙམ་མོ། །དེ་ནས་མ་རྒ་ཞེས་བྱ་བའི་ཡུད་ཙམ་མོ། །དེ་ནས་མུན་འཇིགས་ཞེས་བྱ་བའི་ཡུད་ཙམ་མོ། །དེ་ནས་མ་ཞེས་བྱ་བའི་ཡུད་ཙམ་མོ། །དེ་ནས་ཉི་མའི་གདུང་བ་ཞེས་བྱ་བའི་ཡུད་ཙམ་མོ། །དེ་ནས་བྱི་བཞིན་ཞེས་བྱ་བའི་ཡུད་ཙམ་མོ། །པདྨའི་སྙིང་པོ། ཡུད་ཙམ་སུམ་ཅུ་པོ་དེ་དག་ནི་ཉིན་ཞག་ཡིན་ 399b པར་ཤེས་པར་བྱའོ། །དེ་ཡི་སྐད་ཅིག་ཐང་ཅིག་ཡུད་ཙམ་ནི། །ཡུད་ཙམ་སུམ་ཅུའི་ཆ་མཆོག་ཐང་གཅིག་གོ། ཐང་ཅིག་ཆམ་ཆོག་དྲུག་ཆེ་སྐད་ཅིག་གོ། སྐད་ཅིག་ཉི་ཤུ་བརྒྱ་ཆ་དེ་སྐད་ཅིག་།ཇི་ལྟར་བུད་མེད་རིང་ཐུང་གིས། །རས་བལ་འདའ་བ་འདྲེན་སྤངས་པ། །འདིར་དེ་སྐད་ཅིག་རིང་པོ་སྟེ། །དེ་ཡི་སྐད་ཅིག་བརྒྱ་ཉི་ཤུ། །སྐད་ཅིག་གཅིག་དེ་དྲུག་ཐང་ཅིག་།ཐང་ཅིག་སུམ་ཅུ་ཡུད་ཙམ་གཅིག ། དེ་ལྟ་བུ་ཡི་སྤྱོར་བ་ཡིས། །ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག་།ཉིན་ཞག་སུམ་ཅུ་ཟླ་གཅིག་སྟེ། ཟླ་བ་བཅུ་གཉིས་ལོ་གཅིག་གོ་།བཞི་མཐོང་དཀར་དང་འཇམ་བཅས་དང ། །ཉི་སྐྱེས་བཞིན་ལེགས་སྤོང་བྱེད་དང ། །རོ་ཧི་སྟོབས་ལྡན་རྣམ་རྒྱལ་དང ། །ཐམས་ཅད་རོ་པ་ནོར་དང་ནི། །མནན་ད་ར་དང་གཞན་འཇིགས་དང ། །དྲག་པོ་དང་ནི་སྐར་མ་སྤྱོད། །ཡང་དག་གཟུང་དང་ད་ལྟར་དང ། །མཐའ་ཡས་དང་ནི་བོང་བུ་དང ། །སྲིན་པོ་ཆ་ཤས་བྲམ་ཟེ་དང ། །ཉིད་སྐྱེས་ཨརྒ་མན་འཇིགས་དང ། །མེ་དང་ཉི་མས་གདུངས་པ་དང ། །བྱི་བཞིན་ཞེས་ནི་བྱ་བ་རྣམས།། ཡུད་ཙམ་རྣམས་ཀྱི་མིང་ཡིན་ནོ། །ཡང་བྲམ་ཟེ། དུས་རྣམས་ཀྱི་འབྱུང་བ་བཤད་པར་བྱ་ཡི་ཉོན་ཅིག་།དུས་རྣམས་ཇི་ལྟར་འགྱུར་བ་ཡང་བརྗོད་པར་བྱའོ། །མིག་འབྱེད་འཛུམ་གཉིས་ལ་ཐང་ཅིག་གཅིག་གོ་།ཐང་ཅིག་བཞི་ལ་མཆོག་དཀའ་གཅིག་གོ་།མཆོག་དཀའ་བཅུ་དྲུག་ལ་ནི་དུས་ཚོད་གཅིག་གོ་།དུས་ཚོད་སུམ་ཅུ་ལ་ཆུ་ཚོད་གཅིག་གོ་།དེ་ལ་ཆུ་ཚོད་གཉིས་ལ་ནི་ཡུད་ཙམ་གཅིག་ 400a ༄#། །གོ།་ཡུད་ཙམ་གཅིག་གི་ཚད་ཅི་ཙམ་ཞེ་ན། ཆུ་སྲང་བརྒྱ་བུམ་པར་བླུགས་ནས་འཛག་པའི་ཚད་དོ། །ཆུ་ཚོད་ཀྱི་བུམ་པའི་ཚད་ཅི་ཙམ་ཞེ་ན། འོལ་མ་སེ་གཅིག་གིས་གསེར་སོར་བཞི་བསྙད་དེ། ཕྱོགས་བཞི་ནས་མཉམ་པར་བཟླུམས་པའི་ཚད་ཀྱི་བུམ་པའི་ཞབས་སུ་བརྟོལ་ནས། ཆུ་ཟད་པ་དེ་ཉི་ཆུ་ཚོད་གཅིག་གི་ཚད་དོ། །ཆུ་ཚོད་གཉིས་ནི་ཡུད་ཙམ་གཅིག་གོ། བྲམ་ཟེ། དེ་ལྟ་བུའི་ཡུད་ཙམ་སུམ་ཅུ་ལ་ནི་ཞག་གཅིག་ཏུ་འདོད་དོ། །མིག་འབྱེད་འཛུམ་བཅུ་དྲུག་ནི་མཆོག་དཀའོ། །མཆོག་དཀའ་བཅུ་དྲུག་ལ་ནི་དུས་ཚོད་གཅིག་གོ་།དུས་ཚོད་དྲུག་ཅུ་རྩ་བཞི་ལ་ནི་ཡུད་ཙམ་གཅིག་གོ་།ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ་།ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ནི་ལོ་གཅིག་གོ།་འདི་ལྟར་མིག་ཕྱེ་བ་དང ། བཙུམས་པ་བྱེ་བ་ཕྲག་བཅུ་དྲུག་པ་འབུམ་ཕྲག་ལྔ་བཅུ་རྩ་བརྒྱད་དང ། སྟོང་ཕྲག་བརྒྱད་ཅུ་ལ་ནི་ལོ་གཅིག་གོ་།ཡང་དེ་ལྟ་བུ་དེ་ནི་རེ་ཞིག། བྲམ་ཟེ། དུས་འབྱུང་བ་བཤད་པ་ཡིན་ནོ། །བྲམ་ཟེ། རྒྱང་གྲགས་དང ། དཔག་ཚད་བསྐྱེད་པ་ཉོན་ཅིག་།རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་གཅིག་གོ། རྡུལ་ཕྲན་བདུན་ལ་ནི་མཐོང་བ་ཐམས་ཅད་ལས་ཕྲ་བའི་ཉི་ཟེར་གཅིག་གོ་།ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་གི་རྡུལ་གཅིག་གོ་།རི་བོང་གི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ་།ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ ། 400b གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ་།སྲོ་མ་བདུན་ལ་ནི་ཤིག་གཅིག་གོ་།ཤིག་བདུན་ལ་ནི་ནས་གཅིག་གོ་།ནས་བདུན་ལ་ནི་སོར་གཅིག་གོ་།སོར་བཅུ་གཉིས་ལ་ནི་མཐོ་གང་ངོ ། །མཐོ་དོ་ལ་ནི་ཁྲུ་གང་ངོ ། །ཁྲུ་བཞི་ལ་ནི་གཞུ་གང་ངོ ། །གཞུ་སྟོང་ལ་ནི་རྒྱང་གྲགས་གཅིག་གོ་།རྒྱང་གྲགས་བཞི་ལ་ནི་མ་ག་དྷའི་དཔག་ཚད་གཅིག་གོ་།དཔག་ཚད་གཅིག་ལ་རྡུལ་ཕྲ་རབ་བྱེ་བ་ཕྲག་འབུམ་ཕྲག་ཉི་ཤུ་རྩ་བཞི་དང ། བྱེ་བ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དགུ་ཡོད་དེ། ཡང་དེ་ལྟ་བུ་ནི་དཔག་ཚད་དོ། །བྲམ་ཟེ། གསེར་བསྐྱེད་པའི་ཚད་བཤད་པར་བྱ་ཡི་ཉོན་ཅིག ། ནས་བཅུ་གཉིས་ལ་ནི་མ་ཤ་ཀ་གཅིག་གོ་།མ་ཤ་ཀ་བཅུ་དྲུག་ལ་ནི་ཞོ་གཅིག་སྟེ། གསེར་གྱི་ཚད་དོ། །བྲམ་ཟེ་ཉོན་ཅིག་།ཞོ་གཅིག་ལ་རྡུལ་ཕྲ་རབ་བྱེ་བ་ཕྲག་གཉིས་དང ། སྟོང་ཕྲག་ཉི་ཤུ་རྩ་ལྔ་དང ། བརྒྱ་ཕྲག་ལྔ་དང་ཉག་བརྒྱད་ཡོད་དོ། །བྲམ་ཟེ། ཡང་དེ་ལྟ་བུ་དེ་ནི་གསེར་བསྐྱེད་པའི་ཚད་ཡིན་ནོ། །བྲམ་ཟེ། སྲང་གི་ཚད་ཉོན་ཅིག་།མ་ཤ་ཀ་དྲུག་ཅུ་རྩ་བཞི་ལ་ནི། མ་ག་དྷའི་སྲང་གི་སྲང་གཅིག་གོ་།དེ་ནི་སྲང་གི་ཚད་མདོར་བསྡུས་པ་ཡིན་ནོ། །སྲང་གཅིག་ལ་རྡུལ་ཕྲ་རབ་བྱེ་བ་ཕྲག་བརྒྱད་དང ། བརྒྱ་སྟོང་ཕྲག་བཞི་བཅུ་རྩ་བཞི་དང ། བདུན་སྟོང་ཉིས་བརྒྱ་དང་ཉག་བརྒྱད་ཅུ་ཡོད་དེ། བྲམ་ཟེ། ཡང་དེ་ལྟ་བུ་དེ་ནི་སྲང་གི་ཚད་ཡིན་ནོ། །བྲམ་ཟེ། ཁུ་བ་གཞལ་པ་རྣམས་ཀྱི་ཚད་ཉོན་ཅིག་།མ་ག་དྷའི་སྲང་ཉི་ཤུ་རྩ་བཞི་བྲེ་གང་སྟེ། ཁུ་བ་རྣམས་བཅལ་བའི་ 401a ༄#། །ཚད་དོ། །མ་ག་དྷ་པ་རྣམས་ཀྱང་སྲང་དང ། བྲེ་མདོར་བསྟན་པ་ཡིན་ཏེ། བྲེ་གང་ལ་རྡུལ་ཕྲ་རབ་བྱེ་བ་ཕྲག་ཉིས་བརྒྱ་རྩ་གསུམ་དང ། བརྒྱ་སྟོང་ཕྲ་གསུམ་ཅུ་རྩ་དགུ་དང ། སྟོང་ཕྲག་བདུན་ཅུ་རྩ་བཞི་དང ། བདུན་བརྒྱ་དང ། ཉག་ཉི་ཤུ་ཡོད་དོ། །བྲམ་ཟེ། ཡང་དེ་ལྟ་བུ་དེ་ནི་ཁུ་བ་རྣམས་བཅལ་བ་ཡིན་ནོ། །བྲམ་ཟེ་འབྲུ་རྣམས་བཅལ་བའི་ཚད་ཉོན་ཅིག་།སྲང་ཉི་ཤུ་རྩ་དགུ་དང ། ཞོ་གཉིས་ནི་མ་ག་དྷའི་བྲེ་གང་སྟེ། འབྲུ་བཅལ་བའི་ཚད་དོ། །མ་ཤ་ཀ་དྲུག་ཅུ་ནི་ཡང་བྲེའི་ཚད་དོ། །མདོར་བསྟན་པ་ཡིན་ནོ། །བྲེ་གང་ལ་རྡུལ་ཕྲ་རབ་བྱེ་བ་ཕྲག་བརྒྱ་ལྔ་བཅུ་དང ། བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་དང ། སྟོང་ཕྲག་དྲུག་ཅུ་རྩ་གཅིག་དང ། ལྔ་བརྒྱ་ཡོད་དོ། །ཡང་བྲམ་ཟེ། དེ་ལྟ་བུ་དེ་ནི་འབྲུ་བཅལ་བའི་ཚད་ཡིན་ནོ། །ཡང་ཀྱེ་ཏྲེ་ཤང་ཀུ། རྒྱུ་སྐར་རྣམས་ཀྱི་ལུང་བསྟན་བཀླགས་ན་སྨོས་ཤིག་།ཀྱེ།་གཞན་ཡང ། བདག་གིས་རྒྱུ་སྐར་རྣམས་ཀྱི་ལུང་བསྟན་པའི་ལེའུ་ཞེས་བྱ་བ་བཤད་ཀྱི་ཉོན་ཅིག ། ཀྱེ་བྲམ་ཟེ། སྨིན་དྲུག་ལ་སྐྱེས་པ་ནི་གྲགས་པ་དང་ལྡན་པར་འགྱུར་རོ། །སྣར་མ་ལ་སྐྱེས་པ་ནི་ལེགས་ཤིང་སྐལ་བ་དང་ལྡན་པར་འགྱུར་རོ། །མགོ་ལས་སྐྱེས་པ་ནི་འཐབ་མོ་དོན་དུ་གཉེར་བར་འགྱུར་རོ། །ལག་ལས་སྐྱེས་པ་ནི་ཟས་སྐོམ་འབྱུང་བར་འགྱུར་རོ། །ནམ་སོ་ལས་སྐྱེས་པ་ནི་ཞིང་རྨོ་ཞིང་བ་ལང་སྐྱོང་བར་འགྱུར་རོ། །རྒྱལ་ལས་སྐྱེས་པ་ནི་ཚུལ་ཁྲིམས་ 401b དང་ལྡན་པར་འགྱུར་རོ། །སྐག་ལས་སྐྱེས་པ་ནི་འདོད་ཆགས་ཆེ་བར་འགྱུར་རོ། །མཆུ་ལས་སྐྱེས་པ་ནི་མཐུ་ཆེ་བར་འགྱུར་རོ། །གྲེ་ལས་སྐྱེས་པ་ནི་ཚེ་ཐུང་བར་འགྱུར་རོ། །དབོ་ལས་སྐྱེས་པ་ནི་བསྙེན་གནས་ལ་གནས་ཤིང་ཚུལ་ཁྲིམས་དང་ལྡན་པར་ཕ་རོལ་ཏུ་མཐོ་རིས་སུ་འགྱུར་རོ། །མེ་བཞི་ལས་སྐྱེས་པ་ནི་ལག་པ་ནས་རྐུ་བར་འགྱུར་རོ། །ནག་པ་ལས་སྐྱེས་པ་ནི་གླུ་དང ། གར་ལ་མཁས་ཤིང་ཆོ་ག་དང ། རིག་པ་དང་ལྡན་པར་འགྱུར་རོ། །ས་རི་ལས་སྐྱེས་པ་ནི་རྩིས་ལ་མཁས་ཤིང་ཚོགས་ཆེན་པོའི་གཙོ་བོར་འགྱུར་རོ། །ས་ག་ལས་སྐྱེས་པ་ནི་རྒྱལ་པོའི་མངག་གཞུག་པར་འགྱུར་རོ། །ལྷ་མཚམས་ལ་སྐྱེས་པ་ནི་ཟོང་དང་བཅས་པའི་ཚོང་པར་འགྱུར་རོ། །སྣརོན་ལས་སྐྱེས་པ་ནི་ལོངས་སྤྱོད་ཆུང་བར་འགྱུར་རོ། །སྣུབས་ལས་སྐྱེས་པ་ནི་གྲགས་པ་བསྟེན་ཅིང་བུ་དང་ལྡན་པར་འགྱུར་རོ། །ཆུ་སྟོད་ལས་སྐྱེས་པ་ནི་རྣལ་འབྱོར་པར་འགྱུར་རོ། །ཆུ་སྨད་ལས་སྐྱེས་པ་ནི་རིགས་བཙུན་ཞིང་དབང་ཕྱུག་དང་ལྡན་པར་འགྱུར་རོ། །བྱི་བཞིན་ལས་སྐྱེས་པ་ནི་གྲགས་པ་དང་ལྡན་པར་སྐྱེས་བུར་འགྱུར་རོ། །གྲོ་བཞིན་ལས་སྐྱེས་པ་ནི་རྒྱལ་པོས་མཆོད་པར་འགྱུར་རོ། །མོན་གྲེ་ལས་སྐྱེས་པ་ནི་རིག་པ་ཆུང་བར་འགྱུར་རོ། །མོན་གྲུ་ལས་སྐྱེས་པ་ནི་གྲིབ་རྒྱུད་མངན་དུ་འགྱུར་རོ། །ཁྲུམས་སྟོད་ལ་སྐྱེས་པ་ནི་ཆོམ་རྐུན་པའི་སྡེ་དཔོན་དུ་འགྱུར་རོ། །ཁྲུམས་སྨད་ལ་སྐྱེས་པ་ནི་དྲི་ཞིམ་པར་འགྱུར་རོ། །ནམ་གྲུ་ལ་སྐྱེས་པ་ནི་གྲུ་པར་ 402a ༄#། །འགྱུར་རོ། །ཐ་སྐར་ལ་སྐྱེས་པ་ནི་རྟ་འཚོང་བར་འགྱུར་རོ། །བྲ་ཉེ་ལ་སྐྱེས་པ་ནི་ཤན་པར་འགྱུར་རོ། །ཀྱེ་པདྨའི་སྙིང་པོ། དེ་ནི་རྒྱུ་སྐར་ལུང་བསྟན་པའི་ལེའུ་ཡིན་ནོ། །ཀྱེ་ཏྲེ་ཤང་ཀུ། རྒྱུ་སྐར་ངེས་པར་བསྟན་པའི་ལེའུ་བཀླགས་ན་ཤོད་ཅིག་།པདྨའི་སྙིང་པོ། གཞན་ཡང ། རྒྱུ་སྐར་ངེས་པར་བསྟན་པ་ཞེས་བྱ་བའི་ལེའུ་བསྟན་པར་བྱ་ཡི་དེ་ཉོན་ཅིག་།སྨིན་དྲུག་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་དེ་ནི་དཔལ་འབར་ཞིང་རིན་པོ་ཆེའི་འོད་ཀྱིས་གསལ་བ་ཉིད་དུ་ངེས་པར་བསྟན་ཏོ། །སྣར་མ་ལ་དེས་པར་བརྩམས་བའི་གྲོང་ཁྱེར་ནི་རྣམ་པར་སྟོན་ཅིང་ཆོས་དང་ལྡན་པའི་སྐྱེ་བོས་གང་བར་འགྱུར་ཞིང་ནོར་མང་པོ་གསོག་ལ་རང་བཞིན་གྱི་རིག་པ་དང་ལྡན་པ་ལ་རང་གི་ཆུང་མས་ཆོག་ཤེས་པར་འགྱུར་རོ། །མགོལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་དཔལ་དང་ལྡན་ཞིང་བ་ལང་དང ། ནོར་དང ། ཕྲེང་བ་དང ། ལོངས་སྤྱོད་དང་ལྡན་པ་ཁྱུ་མཆོག་གིས་གང་བར་འགྱུར་རོ། ། ལག་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་བཟའ་བ་དང ། བཅའ་བ་མང་པོ་དང་ལྡན་པར་འགྱུར་ཞིང་རྨོངས་པའི་རང་བཞིན་གྱིས་གང་བར་འགྱུར་རོ། །ནམ་སོ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་དཔལ་འབར་ཞིང་ནོར་དང ། འབྲུ་མང་པོ་དང་ལྡན་པར་འགྱུར་ཞིང་ཕྱིས་ནི་འཇིག་པར་འགྱུར་རོ། །རྒྱལ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ཡང་དཔལ་དང་ལྡན་ 402b ཞིང་སྐྱེ་བོ་མི་བཟད་པ་ཡང་སེམས་ཞི་བར་འགྱུར་ལ། སྐྱེ་བོ་དམ་པ་མང་ཞིང་ཆོས་དང་ལྡན་པ་ལ་དེར་ཚེ་རིང་བ་དང ། མི་གཟི་བརྗིད་དང་ལྡན་ལ་དར་ཕྱིས་ནི་འབྲུའི་བཅུད་ཐམས་ཅད་ནུབ་པར་འགྱུར་རོ། །སྐག་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་བསོད་ནམས་ཆུང་ཞིང་འཐབ་མོ་ལ་དགའ་ལ་སྐལ་པ་དམན་ཞིང་ཚུལ་ཁྲིམས་དང ། སྡུག་བསྔལ་དང་བཅས་པ་དང ། ཤིན་ཏུ་སྐལ་བ་དམན་ཞིང་སྐྱེ་བོ་མ་དུལ་བས་གང་བར་འགྱུར་རོ། །མཆུ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་གང་ཡིན་པ་དེ་ནི་རིག་པ་དང ། ནོར་ཆེ་བ་དང ། རང་གི་ཆུང་མས་ཆོག་ཤེས་པ་སྐྱེས་བུ་མཆོག་ཏུ་རྣམ་པར་རྒྱལ་པར་གནས་པར་འདོད་དོ། །གྲེ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་བུད་མེད་དང ། ཕྲེང་བ་དང ། ཟས་དང ། གོས་བཟང་པོ་དང ། བ་ལང་དང ། ནོར་དང་ལྡན་པར་འགྱུར་རོ། །དབོ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ནོར་དང ། འབྲུ་དང་ལྡན་ཞིང་སྐྱེས་བུ་དང ། བུད་མེད་རྨོངས་པས་གང་བར་འགྱུར་རོ། །མེ་བཞི་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་རིག་པ་དང་ལྡན་ཞིང་ནོར་མང་ལ་ཕན་ཚུན་གཟུགས་ཤིང་མ་ལ་སྟན་དང་ལྡན་པར་འགྱུར་རོ། །ནག་པ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་བུད་མེད་དང ། སྐྱེས་བུ་ཐམས་ཅད་དཔལ་དང་ལྡན་ཞིང་ཕྱིས་གྲོང་ཁྱེར་མེས་ཚིག་པར་འགྱུར་རོ། །ས་རི་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ནོར་མང་པོ་ཚོགས་ཤིང་བཀྲམ་ཆགས་དང ། ཞེ་སྡང་དང་ལྡན་ཞིང་རྨོངས་ 403a ༄#། །པ་མང་བར་འགྱུར་རོ། །ས་ག་ལ་དེས་པར་བརྩམས་པའི་གྲོང་ཁྱེར་ནི་དཔལ་གྱིས་འབར་ཞིང་མཆོད་སྦྱིན་བྱེད་པ་དང ། བསྟན་བཅོས་ལ་མཁས་པ་སྡུག་པར་འགྱུར་ཞིང་ཕྱིས་དེར་འབྲུ་དང ། བཅུད་མེས་བསྲེགས་ནས་འཇིག་པར་འགྱུར་རོ། །ལྷ་མཚམས་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ཆོས་དང ། ཚུལ་ཁྲིམས་ཀྱིས་དབང་པོ་ལས་རྒྱལ་ཞིང་རང་གི་ཆུང་མས་ཆོག་ཤེས་ལ་སྐྱེས་བུ་རྣམས་ལ་བཟླས་པ་དང ། སྦྱིན་སྲེག་གིས་ཕ་རོལ་དོན་དུ་གཉེར་བར་འགྱུར་རོ། །སྣོན་ལ་དེས་པར་བརྩམས་པའི་གྲོང་ཁྱེར་ནི་རིན་པོ་ཆེ་དང ། འབྲུ་རྣམས་དང་ལྡན་ཞིང་རྟག་ཏུ་རིག་བྱེད་དང་ལྡན་པས་གང་བར་འགྱུར་རོ། །སྣུབས་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ནོར་དང ། འབྲུ་གསོག་ཅིང་ཚུལ་ཁྲིམས་འཆལ་བའི་སྐྱེ་བོས་གང་ཞིང་ཕྱིས་ནི་སས་འཇིག་པར་འགྱུར་རོ། །ཆུ་སྟོད་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ནོར་གྱི་སྐལ་བ་དང་ལྡན་ཞིང་བརྐམ་ཆགས་དང ། ཞེ་སྡང་ཆེ་ལ་རྨོངས་ཤིང་མ་དུལ་བའི་སྐྱེ་བོས་གང་བར་འགྱུར་རོ། །ཆུ་སྨད་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ནོར་དང ། འབྲུ་མང་ཞིང་རང་བཞིན་གྱིས་རིག་པ་ཕུན་སུམ་ཚོགས་པ་དང་ལྡན་ལ་སྐྱེ་བོ་རྩོད་པ་ལ་དགའ་བར་འགྱུར་རོ། །གྲོ་བཞིན་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ནོར་དང ། འབྲུ་སྟེན་ཅིང་ནད་མེད་ལ་སྐྱེ་བོ་འབྲེལ་བའི་བསྟན་བཅོས་ལ་མཁས་ཤིང་གོམས་པར་འགྱུར་རོ། །མོན་གྲེ་ལ་ 403b ངེས་པར་བརྩམས་པའི་གྲོང་ཁྱེར་ནི་བུད་མེད་ལས་རྒྱལ་ཞིང་གོས་དང ། ཕྲེང་བ་དང ། འདོད་པའི་ལོངས་སྤྱོད་མང་པོ་མེད་པར་འགྱུར་རོ། །མོན་གྲུ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་དེ་དག་རིག་པ་དང་མི་ལྡན་ཞིང་གཡོ་ལ་དགའ་ཞིང་བུད་མེད་དང ། བཏུང་བ་དང་ལྡན་ཞིང་ཕྱིས་ནི་ཆུ་ཡིས་འཇིག་པར་འགྱུར་རོ། །ཁྲུམས་སྟོད་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་དེ་དག་བདེ་བ་ལ་དགའ་ཞིང་ཕ་རོལ་ལ་གནོད་པ་སྦྱོར་བ་ལ་རྨོངས་པས་བདེ་བ་སྤོང་བར་འགྱུར་རོ། །ཁྲུམས་སྨད་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་རིན་པོ་ཆེ་དང ། འབྲུ་དང ། ཟས་སྐོམ་གྱིས་ཕྱུག་ཅིང་རྟག་ཏུ་ཁྱད་པར་དུ་འཕེལ་བར་འགྱུར་རོ། །ནམ་གྲུ་ལ་ངེས་པར་བརྩམས་པའི་འགྲོང་ཁྱེར་ནི་སྐྱེ་བོ་རྣམས་བལྟ་ན་སྡུག་ཅིང་བོང་བུ་དང ། རྔ་མོ་དང ། བ་ལང་དང ། ནོར་དང ། འབྲུ་མང་པོ་དང་ལྡན་པར་འགྱུར་རོ། །ཐ་སྐར་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་ཤིས་པ་ལ་སོགས་པ་རྟེན་ཅིང་སྐྱེ་བོ་ནད་མེད་ཅིང་བལྟ་ན་སྡུག་པས་གང་བར་འགྱུར་རོ། །བྲ་ཉེ་ལ་ངེས་པར་བརྩམས་པའི་གྲོང་ཁྱེར་ནི་རྩོད་པ་ལ་དགའ་ཞིང་སྐལ་བ་ཆུང་ལ་ཚུལ་ཁྲིམས་ཉམས་ཤིང་སྡུག་བསྔལ་འབྱུང་བའི་སྐྱེ་བོ་མ་དུལ་བ་གནས་པར་འགྱུར་རོ། །གྲོང་དང ། རྒྱལ་པོའི་ཕོ་བྲང་དང ། དེ་བཞིན་གྲོང་རྣམས་རྒྱུ་སྐར་གང་ལ་བརྩམས་པ་ཡང་མཁས་པས་དེ་བཞིན་དུ་རབ་ཏུ་བརྟག་པར་བྱའོ། །བཟང་པོ་ལ་དགའ་ཞིང་འཇུག་པ་དེ་ནི་བདག་གིས་སྐྱེབ་སྔ་མ་ལ་ཤེས་པར་བྱས་པ་ 404a ༄#། །ཡིན་ནོ། །ཀྱེ་པདྨའི་སྙིང་པོ། དེ་དག་ནི་རྒྱུ་སྐར་དེས་པར་བསྟན་པའི་ལེའུ་ཡིན་ནོ། །ཀྱེ་པདྨའི་སྙིང་པོ། གཞན་ཡང ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་དེ་དག་གི་གནས་ངེས་པར་བཤད་པར་བྱས་ཏེ། ཀྱེ་པདྨའི་སྙིང་པོ། རྒྱུ་སྐར་སྨིན་དྲུག་གི་གནས་ནི་མང་ག་དྷ་དང ། ཡུལ་ཀ་ལིངྐ་འོ། །སྣར་མ་ནི་སྐྱེ་དགུ་ཐམས་ཅད་ལ་གནས་སོ། །མགོ་ནི་ལུས་འཕགས་དང།་རྒྱལ་པོའི་ཞབས་འབྲིང་བ་ལ་གནས་སོ། །ལག་དང ། ནམ་སོ་དང ། རྒྱལ་དང ། སྐག་རྣམས་ནི་ཀླུང་དང ། གངས་ཅན་ལ་གནས་སོ། །མཆུ་ནི་ཤར་ཕྱོགས་ཀྱི་མི་རྣམས་ལ་གནས་སོ། །གྲེ་ནི་རྐུ་མ་རྣམས་ལ་གནས་སོ། །དབོ་ནི་ས་བོན་འདི་རྣམས་ལ་གནས་སོ། །མེ་བཞི་ནི་ཡུལ་འཁོར་བ་རྣམས་ལ་གནས་སོ། །རྒྱུ་སྐར་ནག་པ་ནི་བྱ་དང ། རྐང་གཉིས་པ་རྣམས་ལ་གནས་སོ། །ས་རི་ནི་རབ་ཏུ་བྱུང་བ་རྣམས་ལ་གནས་སོ། །ས་ག་ནི་ཆུ་ལ་གནས་པའི་སེམས་ཅན་རྣམས་ལ་གནས་སོ། །ལྷ་མཚམས་ནི་ཚོང་པ་ཟོང་དང་ལྡན་པ་རྣམས་ལ་གནས་སོ། །སྣརོན་ནི་སྒོ་སྲུང་རྣམས་ལ་གནས་སོ། །སྣུབས་ནི་འདྲོན་པོ་རྣམས་ལ་གནས་སོ། །ཆུ་སྟོད་ནི་བཧྣི་ཀ་པ་ལ་རྣམས་ལ་གནས་སོ། །ཆུ་སྨད་ནི་ཀ་མ་པོ་ཙེའི་གླིང་ན་གནས་སོ། །གྲོ་བཞིན་ནི་རྐུན་མ་དང ། ཕོ་ཉ་རྣམས་ལ་གནས་སོ། །བྱི་བཞིན་ནི་ལྷོ་ཕྱོགས་པ་ཐམས་ཅད་དང ། ཟངས་གླིང་པ་རྣམས་ལ་གནས་སོ། །མོན་གྲུ་ནི། ཀཽའུ་ཤི་ཀ་པ་དང ། སྲིད་སྲུང་པ་རྣམས་ལ་ 404b གནས་སོ། །མོན་གྲེ་ནི་ཀུ་རུ་དང ། ལྔ་མཚན་ན་གནས་པའོ། །ཁྲུམས་སྟོད་ནི་གན་དྷ་ར་པ་རྣམས་དང ། ནས་གླིང་པ་རྣམས་དང ། ཀ་མ་པོ་ཙེ་རྣམས་ལ་གནས་སོ། །ཁྲུམས་སྨད་ནི་དྲི་ཟ་རྣམས་ལ་གནས་སོ། །ནམ་གྲུ་ནི་གྲུ་པ་རྣམས་ལ་གནས་སོ། །ཐ་སྐར་ནི་རྟ་འཚོ་བ་རྣམས་ལ་གནས་སོ། །བྲ་ཉེ་ནི་ཞིང་པ་བཟང་པོ་རྣམས་ལ་གནས་སོ། །ཀྱེ་པདྨའི་སྙིང་པོ། དེ་དག་ནི་རྒྱུ་སྐར་རྣམས་ཀྱི་གནས་ངེས་པར་བསྟན་པའི་ལེའུའོ། །ཀྱེ་ཏྲེ་ཤང་ཀུ། དུས་གང་ལ་ཆར་འབབ་པ་ཞེས་བྱ་བའི་ལེའུ་བཀླགས་སམ། བཀླགས་སོ། །ཀྱེ།དེ་ལྟར་ཡིན་ན་ཁྱོད་ཀྱིས་ཤོད་ཅིག་།ཀྱེ་པདྨའི་སྙིང་པོ།་དེ་ལྟར་ན་དུས་གང་ལ་ཆར་འབབ་པ་ཞེས་བྱ་བའི་ལེའུ་བཤད་ཀྱི་དེ་ཉོན་ཅིག་།སྨིན་དྲུག་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཆར་བབ་པ་ནི་ཨ་ལང་ཀ་དྲུག་ཅུའི་ཆར་ནུབ་བཅུའི་བར་དུ་འབབ་ཅིང་པ་བསངས་སྔོན་དུ་གནས་པ་ནི་ཆར་རྒྱུན་ཆད་མེད་པར་མཚན་མོ་ཆར་འབབ་པར་ཡང་དག་པར་ཤེས་པར་བྱ་སྟེ། དགུན་དང ། དཔྱིད་ཀྱི་བར་གསུམ་བཟུང་བར་གྱུར་པ་ནི་མའི་སྟོབས་ཞེས་བྱ་བར་འགྱུར་ཏེ། སྨིན་དྲུག་གི་ཡིན་པར་བསྟན་ནོ། །སྣར་མ་དང་ལྡན་པ་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེ་ཨ་ལང་ཀ་ཉི་ཤུ་རྩ་གཅིག་འབབ་ཅིང་དེར་ཞིང་རྨོས་ན་ལས་བྱེད་པ་དེས་འབྲས་བུ་དང་བཅས་ཤིང་འབྲུ་རྣམས་ཕུན་སུམ་ཚོགས་ཤིང་དེར་ནད་གཉིས་འབྱུང་བར་འགྱུར་ཏེ། ཕོ་བའི་ནད་དང ། མིག་ནད་དང ། ཡུན་དུ་རྐུན་པོ་མང་བ་ནི་སྣར་མའི་ཡིན་པར་སྟོན་ཏོ། །མགོ་དང་ 405a ༄#། །ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་པ་བབ་པ་དེ་ནི་ཨ་ལང་ཀ་དྲུག་ཅུ་རྩ་བཞི་ཆར་པ་བབ་ཅིང་འབྲས་བུ་དང་བཅས་ཤིང་ཕྱིས་ཀྱང་ཡང་དག་པ་འབབ་པར་ཤེས་པར་བྱ་ཞིང་རྒྱལ་པོའི་ཆད་པ་མེད་ཅིང་བདེ་བ་དང ། གནོད་པ་མེད་པར་གྱུར་པས་ལྗོངས་རྣམས་དགའ་བར་གྱུར་པ་ནི་མགོའི་ཡིན་པར་བསྟན་ཏོ། །ལག་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་ཆར་བབ་པ་ནི་ཨ་ལང་ཀ་བཅོ་བརྒྱད་ཀྱི་ཆར་འབབ་ཅིང་དེར་ཞིང་ལས་ལ་སྦྱོར་བས་རླན་ཆུང་བ་སྤང་བར་བྱ་ཞིང་ཡུལ་དུ་རྐུན་མ་མད་ལ་དེར་ཡང་ནད་གསུམ་སྟོབས་དང་ལྡན་པར་འགྱུར་ཏེ། རིམས་དང ། ཚ་བ་དང ། ལྐོག་ནད་ཀྱིས་བུ་ཆུང་དང ། ཁྱེའུ་དང ། བུ་མོ་རྣམས་འཆི་བར་འགྱུར་ཏེ། ལག་གི་ཡིན་པར་བསྟན་ཏོ། །ནམ་སོ་དང་ལྡན་བའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེ་ནི་ཨ་ལང་ཀ་དགུ་བཅུའི་ཆར་འབབ་ཅིང་སྦྲིན་ཆེན་པོ་འབྱུང་ཞིང་དཔྱིད་ཟླ་བ་ཐ་ཆུང་ལ་བབ་པ་བདེ་བར་འབབ་ཅིང་བར་དང་བཅས་ཤིང་རྒྱུན་དུ་འབབ་པར་འགྱུར་ཞིང་རྒྱལ་པོའི་ཆད་པ་མེད་པར་འགྱུར་ཏེ། ནམ་སོ་ཡིན་པར་བསྟན་ཏོ། །རྒྱལ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེ་ན་ཨ་ལང་ཀ་སུམ་ཅུ་རྩ་གཉིས་ཀྱི་ཆར་འབབ་པར་འགྱུར་ཏེ། དམའ་བར་ཞིང་ལས་བྱ་ཞིང་སྐམ་ས་སྦར་བར་བྱའོ། །ངེས་པར་ཉིན་དང ། མཚན་དུ་འབྲུ་བཟང་པོ་ཕུན་སུམ་ཚོགས་ཤིང་བྲམ་ཟེ་དང ། རྒྱལ་རིགས་དེར་ 405b ཕན་ཚུན་རྩོད་ཅིང་མཆེ་བ་ཅན་སྟོབས་དང་ལྡན་པར་འགྱུར་ལ་ནད་གསུམ་སྟོབས་དང་ལྡན་པར་འགྱུར་ཏེ། འབྲུམ་བུ་དང ། འབྲུམ་བུ་ཕྲ་མོ་དང ། ཤུ་བའོ། །འདི་ནི་རྒྱལ་དུ་ཤེས་པར་བྱའོ། །སྐག་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེ་ནི་ཨ་ལང་ཀ་ཉི་ཤུ་རྩ་གཅིག་འབབ་ཅིང་དེ་ལ་དམའ་བར་ཞིང་ལས་བྱ་ཞིང་སྐམས་སྤང་བར་བྱ་སྟེ། རླུང་མི་བཟད་པར་ལྡང་ཞིང་རིག་པ་དང་ལྡན་པ་ལ་བར་ཆད་འབྱུང་ཞིང་ཆར་དེས་འབྲུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་རྒྱལ་པོ་དང ། བློན་པོ་འཁྲུག་པར་འགྱུར་ཏེ། སྐག་གི་ཡིན་པར་བསྟན་ཏོ། །མཆུ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེར་ནི་ཨ་ལང་ཀ་དྲུག་ཅུ་རྩ་བཞིའི་ཆར་འབབ་ཅིང་ཆར་དེས་འབྲུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་བྱ་དང ། ཕྱུགས་དང།་རི་དྭགས་རྣམས་ཀྱི་མངལ་འཇིག་པར་འགྱུར་ཞིང་སྐྱེ་བ་དང ། འཆི་བར་འགྱུར་ཏེ། མཆུ་ཡིན་པར་བསྟན་ཏོ། །གྲེ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེར་ནི་ཨ་ལང་ཀ་བརྒྱད་ཅུའི་ཆར་འབབ་ཅིང་ཆར་དེས་འབྲུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་འབྲུ་དེ་དག་ཀྱང་གཞན་གྱི་དམག་གིས་ཁྱེར་ཞིང་མི་རྣམས་སྡུག་བསྔལ་དང་ལྡན་ལ་མི་དང ། ཕྱུགས་རྣམས་ཀྱི་མངལ་འཇིག་པར་འགྱུར་ཏེ། གྲེའི་ཡིན་པར་བསྟན་ཏོ། །དབོ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེར་ནི་ཨ་ལང་ཀ་ལྔ་བཅུ་རྩ་དགུའི་ཆུར་འབབ་ 406a ༄#། །ཅིང་འབྲུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་རྒྱལ་པོའི་མཚོན་གྱིས་ཆར་བ་འབེབས་ཤིང་བྲམ་ཟེ་དང ། རྒྱལ་རིགས་རྣམས་རྩོད་པར་འགྱུར་ཞིང་མྱུར་བར་ཚུལ་མ་ཡིན་པས་སྐྱེ་དགུ་རྣམས་བརླག་པར་འགྱུར་ཏེ། དབོའི་ཡིན་པར་བསྟན་ཏོ། །མེ་བཞི་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མའི་ཉི་མ་ལ་གང་དུ་ཆར་པ་བབ་པ་དེར་ནི་ཨ་ལང་ཀ་ལྔ་བཅུ་རྩ་དགུ་འབབ་ཅིང་དེ་ལ། འདི་ལྟ་སྟེ། སྐྱེ་བོ་རྣམས་བདེན་པ་མེད་པ་དང ། ནད་ཀྱིས་མཆོག་ཏུ་གནོད་ཅིང་འབྲས་བུ་ཆུང་ཞིང་ཆུ་མེད་པས་ལོ་ཉེས་པར་འགྱུར་ཏེ། མེ་བཞིའི་ཡིན་པར་བསྟན་ཏོ། །ནག་པ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཆར་བབ་པ་དེར་ནི་ཨ་ལང་ཀ་དྲུག་ཅུ་རྩ་བཞིའི་ཆར་འབབ་ཅིང་སྙིང་པོ་དང་ལྡན་ལ་ཕྱིས་ཀྱང་འབབ་ཅིང་རྒྱལ་པོའི་མཚོན་སྐྲངས་ཤིང་ལྗོངས་ཀྱི་སྐྱེ་བོ་རྣམས་དགའ་བར་འགྱུར་ཏེ། ནག་པའི་ཡིན་པར་བསྟན་ཏོ། །ས་རི་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མའི་ཉི་མ་ལ་གང་དུ་ཆར་བབ་པ་དེར་ནི་ཨ་ལང་ཀ་ཉི་ཤུ་རྩ་གཅིག་གི་ཆར་འབབ་ཅིང་རྒྱལ་པོའི་མཚོན་ཆ་དང་བྲལ་བར་འགྱུར་ཞིང་རྐུན་མ་སྟོབས་དང་ལྡན་པར་འགྱུར་ཏེ། ས་རིའི་ཡིན་པར་བསྟན་ཏོ། །ས་ག་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་པ་བབ་པ་དེར་ནི་ཨ་ལང་ཀ་ལྔ་བཅུའི་ཆར་འབབ་ཅིང་འབྲུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་རྒྱལ་པོ་དང ། སྐྱེ་བོ་རྣམས་དངངས་པར་འགྱུར་ཏེ། མེ་མཆེད་ 406b པ་དང ། མཆེ་བ་ཅན་སྟོབས་དང་ལྡན་པས་ཟད་པར་འགྱུར་ཏེ། ས་གའི་ཡིན་པར་བསྟན་ཏོ། །ལྷ་མཚམས་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་དྲུག་ཅུའི་ཆར་འབབ་ཅིང་འབྲུ་རྣམས་ཕུན་སུམ་ཚོགས་ལ་ལོ་མ་རྣམས་རྒྱས་པར་འགྱུར་ཏེ། ལྷ་མཚམས་ཀྱི་ཡིན་པར་བསྟན་ཏོ། །སྣོན་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་བཅུ་དྲུག་གི་ཆར་འབབ་ཅིང་དེར་ལས་ཀྱི་མཐའ་སྤང་བར་བྱ་ཞིང་གཤོལ་ཐོགས་པ་སྤངས་ཤིང་དེ་ནས་འགྲོ་བར་བྱ་སྟེ། གཞན་གྱི་དམག་ཚོགས་ཀྱིས་ལྗོངས་དེ་འཇིགས་པར་འགྱུར་ཏེ། སྣརོན་གྱི་ཡིན་པར་བསྟན་ཏོ། །སྣུབས་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་དྲུག་ཅུ་རྩ་བཞིའི་ཆར་འབབ་ཅིང་འབྲུ་རྣམས་ཕུན་སུམ་ཚོགས་ལ་ཡུལ་དེར་རྐུན་པོ་མང་བར་འགྱུར་ཞིང་ཕ་རོལ་དང ། རྩིབ་ལོགས་གཟེར་བ་དང ། མིག་ན་བ་འབྱུང་ལ་མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པ་དང ། རྒྱལ་པོས་མཚོན་སྤོང་བར་འགྱུར་ཏེ། སྣུབས་ཀྱི་ཡིན་པར་བསྟན་ཏོ། ། ཆུ་སྟོད་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་དྲུག་ཅུ་རྩ་བཞིའི་ཆར་འབབ་ཅིང་གཟའ་གཉིས་སྔོན་དུ་འགྲོ་བས། རྟ་འཐབ་པའི་ཟླ་བ་ཕྱེད་ཀྱི་ཆར་འབབ་ཅིང་དེར་འབྲུ་རྣམས་ཕུན་སུམ་ཚོགས་ཤིང་ལྟོ་བའི་ནད་དང ། མིག་གི་ནད་གཉིས་དེར་རབ་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། ཆུ་སྟོད་ཀྱི་ཡིན་པར་བསྟན་ཏོ། །ཆུ་སྨད་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ 407a ༄#། །ལ་ཨ་ལང་ཀ་རྫོགས་པའི་བརྒྱའི་ཆར་འབབ་ཅིང་དེ་ལ་མཐོ་བར་ཞིང་ལས་བྱ་ཞིང་དམའ་བར་སྤང་བར་བྱའོ། །ཆུ་བོ་རྣམས་ཆེར་འབབ་ཅིང་དང་པོའི་ཆར་བབ་པས། འབྲུ་རྣམས་ཕུན་སུམ་ཚོགས་ཤིང་གཡན་པ་དང ། འབྲུམ་བུ་དང ། ཕོལ་མིག་སྟེ་ནད་གསུམ་སྟོབས་དང་ལྡན་པར་འགྱུར་ཏེ། ཆུ་སྨད་ཀྱི་ཡིན་པར་བསྟན་ཏོ། །གྲོས་བཞིན་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་དྲུག་ཅུ་རྩ་བཞིའི་ཆར་འབབ་ཅིང་ཡུལ་གཅིག་ཏུ་བབ་པར་གྱུར་ནས། ཕྱིས་ཆར་ཕུན་སུམ་ཚོགས་པར་འགྱུར་ཞིང་ཆུ་ན་གནས་པ་རྣམས་ལ་གནོད་པར་འགྱུར་ལ་ནད་མང་བ་དང ། རྒྱལ་པོའི་ཆད་པ་དྲག་པོར་འགྱུར་ཏེ། གྲོ་བཞིན་གྱི་ཡིན་པར་བསྟན་ཏོ། །མོན་གྲེ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་དྲུག་ཅུ་རྩ་གཅིག་གི་ཆར་འབབ་ཅིང་ཆར་གླེ་གར་བབ་པས་དེ་ལ་ནི་དམའ་བར་ཞིང་ལས་བྱེད་ཅིང་མཐོ་བ་སྤང་བར་བྱའོ། །མཚན་མོ་གནོད་པའི་སྒོར་འགྱུར་ཞིང་འབྲུ་རྣམས་ཕུན་སུམ་ཚོགས་ལ་ནད་གཅིག་སྟོབས་དང་ལྡན་ཏེ་གཡན་པའོ། །རྒྱལ་པོ་མཚན་ཐོགས་པར་འགྱུར་ཏེ། མོན་གྲེའི་ཡིན་པར་བསྟན་ཏོ། །མོན་གྲུ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཆར་ཅུང་ཞིག་འབབ་པས་དམའ་བར་ཞིང་ལས་བྱ་ཞིང་མཐོ་བ་སྤང་བར་བྱ་སྟེ། ཆར་དེས་འབྲུ་ཐམས་ཅད་ཕུན་སུམ་ཚོགས་ཤིང་དམག་གི་ཚོགས་ཀྱིས་ལྗོངས་ 407b བསྐོར་བར་གྱུར་པས་མི་རྣམས་བུ་ཕྲག་པར་ཐོགས་ནས་ཡུལ་གཞན་དུ་འགྲོ་བར་བསྟན་ཏོ། མོན་གྲུའི་ཡིན་པར་བསྟན་ཏོ། །ཁྲུམས་སྟོད་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་དྲུག་ཅུ་རྩ་བཞིའི་ཆར་བབ་ཅིང་དུས་དང་པོའི་མཚན་མོ་ཉི་ཤུ་རྩ་དགུའི་བར་དུ་འཐབ་མོ་འབྱུང་ཞིང་མེ་ཏོག་དང ། འབྲུ་རྣམས་ཉམས་པར་འགྱུར་ཞིང་དུས་དེར་རྐུན་མ་མང་ཞིང་ནད་ཆེན་པོ་གཉིས་འབྱུང་སྟེ། དང་པོར་ནི་མཁྲིས་པའི་རིམས་དང ། ཕྱིས་ནི་གཟའ་ཆེན་པོའི་སྟོབས་ཀྱིས་གནོད་པས་བུད་མེད་དང ། སྐྱེས་པ་རྣམས་འཆི་བར་འགྱུར་ཏེ། ཁྲུམས་སྟོད་ཀྱི་ཡིན་པར་བསྟན་ཏོ། །ཁྲུམས་སྨད་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་རྫོགས་པར་བརྒྱའི་ཆར་འབབ་པར་འགྱུར་ཞིང་ཆུ་བོ་རྣམས་ཆེར་འབབ་ལ་ནད་ཆེན་པོ་བཞི་སྟོབས་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། ཕོ་བའི་ནད་དང ། མིག་གི་ནད་དང ། ཆམ་པ་དང ། རིམས་བྱུང་བས་ཁྱེའུ་དང ། བུ་མོ་རྣམས་འཆི་བར་འགྱུར་ཞིང་དེར་མཐོན་པོར་ཞིང་ལས་བྱ་ཞིང་དམའ་བ་སྤང་བར་བྱའོ། །ནད་ཆེན་པོས་འཆི་བ་མང་ཞིང་མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་ཏེ། ཁྲུམས་སྨད་ཀྱི་ཡིན་པར་བསྟན་ཏོ། ། ནམ་གྲུ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་དྲུག་ཅུའི་ཆར་འབབ་ཅིང་གང་དུ་དམའ་བར་ཞིང་ལས་བྱ་ཞིང་མཐོ་བ་ནི་སྤང་བར་བྱའོ། །ཆར་དེས་ལོ་ཐོག་ཐམས་ཅད་ཕུན་ས་ 408a ༄#། །ཚོགས་ཤིང་རྒྱལ་པོས་མཚོན་སྤངས་པས་འབྲུ་དེ་དག་ཀྱང་མཛའ་བོ་དང ། གཉེན་མི་རྣམས་ཀྱིས་ལོངས་སྤྱོད་ཅིང་ལྗོངས་ལ་གནོད་པ་མེད་པར་གྱུར་པས་མཛའ་བོ་དང་ལྡན་པར་འགྱུར་ཏེ། ནམ་གྲུའི་ཡིན་པར་བསྟན་ཏོ། །ཐ་སྐར་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་ཨ་ལང་ཀ་བཞི་བཅུ་རྩ་བཞིའི་ཆར་འབབ་ཅིང་བར་དུ་ཆར་ཆེ་བས་དེར་ནི་དམའ་བར་ཞིང་ལས་བྱ་ཞིང་མཐོ་བ་སྤང་བར་བྱའོ། །གཉིས་སུ་ཆར་ཕུན་སུམ་ཚོགས་ཤིང་སྐྱེ་བོ་རྣམས་འདུས་པ་ལྡན་ཞིང་རྐུན་མ་སྟོབས་དང་ལྡན་པར་འགྱུར་ཏེ། ཐ་སྐར་གྱི་ཡིན་པར་བསྟན་ཏོ། །བྲ་ཉེ་དང་ལྡན་པའི་སོས་ཀའི་ཟླ་བ་ཐ་མ་ལ་གང་དུ་ཆར་བབ་པ་དེར་ཨ་ལང་ཀ་རྫོགས་པར་བརྒྱ་འབབ་པ་དེ་མཐོ་བར་ཞིང་ལས་བྱ་ཞིང་དམའ་བ་སྤང་བར་བྱའོ། །དེ་ལོ་ཉེས་པས་སྐྱེ་བོ་རྣམས་འཆི་བར་འགྱུར་ཞིང་རྒྱལ་པོ་ཕན་ཚུན་འཐབ་ཅིང་བུ་དང ། བུ་མོ་རྣམས་འཆི་བར་འགྱུར་ཏེ། བྲ་ཉེའི་ཡིན་པར་བསྟན་ཏོ། །ཀྱེ་པདྨའི་སྙིང་པོ། དེ་དག་ནི་དུས་གང་ལ་ཆར་པ་བབ་པའི་ལེའུའོ། །ཀྱེ་པདྨའི་སྙིང་པོ། རྒྱུ་སྐར་དེ་རྣམས་དང ། གཟའ་སྒྲ་གཅན་དུ་ལྡན་པས་འབྲས་བུ་སྨིན་པར་བཤད་པར་བྱའོ། །ཀྱེ་པདྨའི་སྙིང་པོ། སྨིན་དྲུག་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་ཡུལ་ཀ་ལིང་ཀ་དང ། མ་ག་དྷེ་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། །གང་གི་ཚེ་སྣར་མ་དང་སྒྲ་གཅན་དུ་ལྡན་པས་ནི་སྐྱེ་ 408b དགུ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། །གང་གི་ཚེ་མགོ་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་ལུས་འཕགས་པ་རྣམས་དང ། རྒྱལ་པོའི་ཞམ་འབྲིང་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ལག་དང ། ནམ་སོ་དང ། རྒྱལ་དང ། སྐག་དང ། གང་གི་ཚེ་སྒྲ་གཅན་དུ་ལྡན་པས་ནི་ཀླུ་རྣམས་དང ། གངས་ཅན་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། །གང་གི་ཚེ་མཆུ་དང་སྒྲ་གཅན་དུ་ལྡན་པས་ནི་ཤར་ཕྱོགས་པ་རྣམས་ལ་ནད་ཉེ་བར་འབྱུང་བར་འགྱུར་རོ། །གང་གི་ཚེ་གྲེ་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་རྐུན་མའི་གནས་ཉེ་བར་འབྱུང་བར་འགྱུར་རོ། །གང་གི་ཚེ་དབོ་དང་གཟའ་སྒྲ་གཅན་དུ་ལྡན་པས་ནི་ཨ་བ་ན་ཏི་བ་རྣམས་ལ་ནད་ཉེ་བར་འབྱུང་ངོ ། །གང་གི་ཚེ་མེ་བཞི་དང་སྒྲ་གཅན་དུ་ལྡན་པས་ནི་ཡུལ་འཁོར་བ་རྣམས་ལ་ནད་ཉེ་བར་འབྱུང་ངོ ། །གང་གི་ཚེ་ནག་པ་དང་སྒྲ་གཅན་དུ་ལྡན་པས་ནི་བྱ་དང་རྐང་གཉིས་པ་རྣམས་ལ་ནད་ཉེ་བར་འབྱུང་ངོ ། །གང་གི་ཚེ་ས་རི་དང་སྒྲ་གཅན་དུ་ལྡན་པས་ནི་རབ་ཏུ་བྱུང་བ་ཐམས་ཅད་ལ་ནད་འབྱུང་ངོ ། །གང་གི་ཚེ་ས་ག་དང་སྒྲ་གཅན་དུ་ལྡན་པས་ནི་ཆུའི་སེམས་ཅན་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་ལྷ་མཚམས་དང་སྒྲ་གཅན་དུ་ལྡན་པས་ནི་ཟོང་དང་ལྡན་པའི་ཚོང་པ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་སྣརོན་དང་སྒྲ་གཅན་དུ་ལྡན་པས་ནི་སྒོ་སྲུང་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་སྣརུབས་དང་ 409a ༄#། །སྒྲ་གཅན་དུ་ལྡན་པས་ནི་འདྲོན་པོ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་ཆུ་སྟོད་དང་སྒྲ་གཅན་དུ་ལྡན་པས་ནི་ཨ་བན་ཏི་པ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་ཆུ་སྨད་དང་སྒྲ་གཅན་དུ་ལྡན་པས་ནི་ཀམ་པོ་ཙེའི་གླིང་པ་རྣམས་དང ། ན་བ་ཏི་པ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་བྱི་བཞིན་དང་སྒྲ་གཅན་དུ་ལྡན་པས་ནི་ལྷོ་ཕྱོགས་པ་ཐམས་ཅད་དང ། ཟངས་གླིང་པ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་གྲོ་བཞིན་སྒྲ་གཅན་དུ་ལྡན་པས་ནི་རྐུན་མ་ལ་ནད་འབྱུང་ངོ ། །གང་གི་ཚེ་མོན་གྲེ་དང་སྒྲ་གཅན་དུ་ལྡན་པས་ནི་ཀུ་རུ་པ་དང།་རྣ་ཅན་པ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་མོན་གྲུ་དང་སྒྲ་གཅན་དུ་ལྡན་པས་ནི་གསེར་འཚོང་བ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་ཁྲུམས་སྨད་དང་སྒྲ་གཅན་དུ་ལྡན་པས་ནི་རོལ་མོ་བ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་ནམ་གྲུ་དང་སྒྲ་གཅན་དུ་ལྡན་པས་ནི་གྲུ་པ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་ཐ་སྐར་དང་སྒྲ་གཅན་དུ་ལྡན་པས་ནི་རྟ་འཚོང་པ་རྣམས་ལ་ནད་འབྱུང་ངོ ། །གང་གི་ཚེ་བྲ་ཉེ་དང་སྒྲ་གཅན་དུ་ལྡན་པས་ནི་ཞིང་བཟང་པོ་རྣམས་ལ་ནད་འབྱུང་ངོ ། །ཀྱེ་པདྨའི་སྙིང་པོ། འདི་དག་ནི་གཟའ་སྒྲ་གཅན་དང་ལྡན་པས་འབྲས་བུ་རྣམ་པར་སྨིན་པ་ཞེས་བྱ་བའི་ལེའུའོ། །རྒྱུ་སྐར་སོ་སོའི་ལས་ཀྱི་དགོས་པ་བཤད་པ་ཁོང་དུ་ཆུད་པར་བྱ་སྟེ། རྒྱུ་སྐར་གང་གིས་ལས་གང་ཡིན་པའི་དྲང་སྲོང་རྣམས་ནི་འདི་ལྟར་འདོད་ 409b དོ། །སྨིན་དྲུག་ནི་སྐར་མ་དྲུག་ཡིན་པར་རིག་པར་བྱ་སྟེ། དེ་ལ་ནི་མེའི་བྱ་བ་བྱ་སྟེ། མེ་ལྷ་མཉེས་པར་བྱ་བ་དང ། སྦྱིན་སྲེག་བྱས་ན་འཕེལ་བར་འགྱུར་རོ། །དེ་ལ་བ་ལང་གི་གནས་བྱ་ཞིང་ཞོ་དཀྲོགས་ན་མར་ཆེ་ལ། ར་དང ། ལུག་ཉོ་བར་བྱ་ཞིང་བ་གླང་དགྱེ་བར་བྱའོ། །ལྕགས་བཞུ་བ་དང ། སྣོད་ཐམས་ཅད་བྱ་བ་དང ། རིན་པོ་ཆེ་བཅང་བ་དང ། ལས་ཀྱི་མཐའ་བྱ་བ་དང ། མཚོན་བཅང་བ་དང ། ནང་ཁང་དང ། ཁྱིམ་དུ་མེ་སྦར་བ་དང ། མེ་ཏོག་སེར་པོ་དང ། དམར་པོའི་ས་བོན་གདབ་པ་དང ། ཁྱིམ་བྱས་པ་ལ་དེར་འདུག་པར་བསྒྲུབ་པ་དང ། གོས་སར་པ་བགོ་བར་བྱ་ཞིང་རིན་གྱིས་ནི་ཉོ་བར་མི་བྱའོ། །ལས་དྲག་པོ་བསྒྲུབ་པ་གཡུལ་འགྱེད་པ་དང ། བཅིང་བ་རྣམས་ལ་བཟང་ཞིང་མཁས་པས་ཕ་རོལ་དང་རྩོད་པའི་སྦྱོར་བ་ནི་མི་བྱའོ། ། སྤུ་གྲི་བྱ་བ་དང ། བཅའ་བ་ཐམས་ཅད་བྱ་ཞིང་མེ་དང་ལྡན་པའི་སྣོད་དེར་བྱ་ཞིང་ཚེ་སྤེལ་བ་དང ། སྐྲ་བཀྲུ་བ་དང ། བུད་མེད་རྣམས་ལ་སྒེག་པ་དང ། ཉི་མ་དེ་ལ་ཆར་པ་བབ་ན་དགྲ་ལྡང་ཞིང་ཁྲོ་བ་དང ། དགའ་བ་དང ། དྲག་པོའི་ལས་བརྩམས་ཞིང་རྐུན་མ་འགྱེད་པ་བཟང་ཞིང་དེ་ལ་སྐྱེས་པ་ཚེ་རིང་བ་དང ། གྲགས་པ་དང་ལྡན་པ་དང ། མཆོད་སྤྱིན་བྱེད་ཅིང་ཚུལ་ཁྲིམས་དང་ལྡན་པར་འགྱུར་ཏེ། དེ་དག་ནི་སྨིན་དྲུག་ལ་བྱའོ། །སྣར་མ་ལ་ནི་ས་གཞི་ལ་ཞིང་ལས་ཐམས་ཅད་བྱ་བ་དང ། ཞིང་དང ། དངོས་པོ་དང ། གཙུག་ལག་ཁང་ 410a ༄#། །དང།་ཁྱིམ་གསར་བྱ་བ་དང ། བདག་ཉིད་ཀྱི་དྲག་ཤུལ་བྱ་དགོས་པ་རྣམས་དང ། ཕྱུགས་ཀྱི་གནས་དང ། ས་བོན་ཐམས་ཅད་གདབ་པ་དང ། གོས་བགོ་བར་བྱ་བར་བསྟན་ཏོ། །བུ་ལོན་བརྡར་མི་རུང་སྟེ། དགྲ་འཕེལ་བ་དང ། སྟོན་མོ་དང ། ཆང་གི་སྦྱོར་བ་གཉིས་སྤང་བར་བྱའོ། །ཉིན་པར་དེ་ལ་བབ་ནས་གང་སྐྱེས་ཀྱང་བཀྲ་ཤིས་ཤིང་སྙིང་རྗེ་དང ། བཟོད་པ་ལྡན་ཞིང་བུད་མེད་དགའ་བ་དང ། ཟས་ལ་བརྐམ་པ་དང ། ཚེ་རིང་ཞིང་ཕྱུགས་མང་ལ་ནོར་དང ། འབྲུ་མང་ཞིང་ལོངས་སྤྱོད་ཆེ་ཞིང་དེ་ལ་རྒྱལ་བར་འགྱུར་ཏེ།་སྣར་མ་ལ་བྱའོ། །ཟླ་བ་དང་མགོར་ལྡན་པ་ལ་རིག་པ་ཚེགས་ཆུང་དུས་ཁྱད་པར་དུ་འཕགས་པ་དང ། དལ་བའི་ལས་ཐམས་ཅད་བྱ་སྟེ། ལས་གང་སྣར་མ་ལ་བྱ་བར་བསྟན་པ་དེ་དག་ཐམས་ཅད་ལ་བྱའོ། །འོ་མ་དང་ལྡན་པའི་ཤིང་ལས་བཞོ་བ་དང ། འོ་མ་ཅན་གྱི་ས་བོན་གདབ་པ་དང ། རྒྱལ་པོ་རྒྱལ་སར་འཇུག་པ་དང ། གནས་ཀྱི་དོན་དུ་འགྲོ་བ་དང ། རྟ་དང ། གླང་པོ་དང ། བ་ལང་གདུལ་བ་ལ་མཆོག་ཏུ་བཟང་ངོ ། །གོས་སར་བ་བགོ་བ་དང ། རྒྱན་གྱིས་བརྒྱན་པར་མི་བྱ་ཞིང་བྲམ་ཟེ་རྣམས་ཀྱི་ལས་ཐམས་ཅད་དེ་ལ་བྱ་བར་རུང་ངོ ། །ཉི་མ་དེ་ལ་ཆར་བབ་པ་དེ་ནི་ལེགས་པར་བབ་པར་བསྟན་ཏོ། །ཉི་མ་དེ་ལ་སྐྱེས་པ་གཉིད་ཆེ་ཞིང་ཡིད་གཡེངས་པར་འགྱུར་ཏེ། མགོའི་ཡིན་པར་ 410b བསྟན་ཏོ། །ལག་ལ་ནི་དོན་གཉེར་བ་དང ། ལས་བཟང་པོ་བྱ་བ་དང ། དྲག་པོའི་ལས་རྣམས་འགྲུབ་པས་མཁས་པས་འབད་པར་བྱའོ། །ཁྲོན་པ་དང ། འོབས་དང ། རྫིང་བུ་དེ་ལ་བྱ་བར་བཟང་ངོ ། །བ་ཐུལ་མ་གསར་མ་ཉོ་ན་འགྲུབ། མར་ཁུ་བཙིར་བའི་ལས་དང ། ཆང་བཙོང་བ་དང ། བུར་ཤིང་གི་ས་བོན་གཟུགས་པ་དང ། ཉི་མ་དེ་ལ་ཆར་པ་བབ་ན་ཆར་མང་དུ་འབབ་པར་ཤེས་པར་བྱའོ། །ཉི་མ་དེ་ལ་སྐྱེས་པ་ཁྲོ་ཞིང་རི་དྭགས་ཀྱི་རྔོན་པ་བྱེད་པར་འགྱུར་ཏེ། ལག་ལ་བྱའོ། །ནམ་སོ་ལ་ནི་ཁ་དོག་བཅང་བར་བྱ་བ་དང ། བ་ལང་སྤྱིན་པ་དང ། གཙུག་ཕུད་བཞག་པ་ལ་རུང་ཞིང་སྔགས་ཐམས་ཅད་འགྲུབ་བོ། །བུ་དོན་དུ་གཉེར་བར་ཆུང་མ་བླང་བ་དང ། ཡང་དང ། ཡང་དུ་བྱ་བར་འདོད་པའི་ལས་དེ་རྣམས་བྱ་བར་བཟང་སྟེ། གལ་ཏེ་འཆི་བའི་དོགས་པ་ཡོད་པས་གཡོ་བའི་ལས་མི་བྱའོ། །ཉིན་ཞག་དེ་ལ་སྐྱེས་པ་མཆོག་ཏུ་ཤིས་ཤིང་འདོད་པ་ཆུང་ལ་བུད་མེད་ཀྱི་ཆགས་པ་སྐྱེས་བུ་དེ་ཆེ་ཞིང་སྣ་ཚོགས་པ་ཤེས་ཤིང་གཅིག་ལ་མི་འཇུག་པར་བསྟན་ཏེ། ནམ་སོ་ལ་བྱའོ། །རྒྱལ་ལ་ནི་བསོད་ནམས་དང ། གྲགས་པ་དང ། ཚེ་བསྲིང་བ་དང ། མཆོད་པ་རྟག་ཏུ་བྱ་བར་བཟང་ངོ ། །བྲམ་ཟེའི་ལས་ཐམས་ཅད་བྱ་བར་རུང་ཞིང་རྒྱལ་པོ་དང ། བློན་པོ་གཞུག་པ་དང ། བླ་མ་ལ་བསྙེན་བཀུར་བྱ་བ་དང ། དུལ་བ་སྤྱད་པ་དང ། རྒྱལ་པོ་དབང་བསྐུར་བ་དང ། རང་གི་ 411a ༄#། །བུ་ལ་རྒྱན་གདགས་པ་དང ། ཁ་སྤུ་བྲེགས་པའི་བྱ་བ་རྣམས་དེ་ལ་མཁས་པར་བྱའོ། །མདུན་ན་འདོན་བསྐོ་བ་དང ། །རྒྱལ་མཚན་གཟུགས་པར་བྱའོ། ཉི་མ་དེ་ལ་ཆར་པ་བབ་པ་ནི་ཀུན་ཏུ་གནོད་པར་འབབ་ཅིང་རྐུན་མ་དང ། ནད་མེད་པས་རྟག་ཏུ་བདེ་བར་འགྱུར་ཞིང་རྒྱལ་ལ་ལས་ཐམས་ཅད་བྱ་བར་རུང་ངོ ། །དགྲ་དང་འཁོན་པའི་སྦྱོར་བ་སྤང་བར་བྱའོ། །དེ་ལ་སྐྱེས་པ་ཚེ་རིང་བ་དང ། གྲགས་པ་དང ། ལོངས་སྤྱོད་ཆེ་བར་འགྱུར་ཏེ། རྒྱལ་ལ་བྱའོ། །སྐག་ལ་དྲག་པོའི་ལས་རྣམས་བྱས་ན་ཁྱད་པར་དུ་འགྲུབ་སྟེ།་རྒྱན་བརྡུང་བ་དང ། ར་བ་བརྩིགས་པ་དང ། རྫིང་དང ། ལམ་བཅད་པ་བཟང་ངོ ། །དེ་ལ་སྦྲང་བུ་དང ། མཆུ་སྦྲང་མང་ཞིང་ཆར་གནོད་པར་འབབ་ཅིང་དེ་ལ་སྐྱེས་པ་ནི་ཁྲོ་ཞིང་གཉིད་ཆེ་བར་འགྱུར་ཏེ། སྐག་ལ་བྱའོ། །མཆུ་ལ་ནི་འབྲུ་ཐམས་ཅད་ཀྱི་ས་བོན་བྱ་བ་དང ། བསྡུ་བར་བྱ་བ་དང ། ས་བོན་གཟུགས་པ་དང ། མཛོད་བྱ་ཞིང་འབྲུ་རྣམས་གཞུག་པ་དང ། ཕའི་བྱ་བ་དང ། དད་པས་བྱ་བ་ཐམས་ཅད་དེ་ལ་བྱ་ཞིང ། ཉི་མ་དེ་ལ་ཆར་བབ་པས་ནི། འབྲུ་རྣམས་འཕེལ་བར་འགྱུར་ཞིང་ཉེ་དུའི་དོན་དུ་དད་པས་བྱ་བ་དང།་བཅུད་རྣམས་བསྐྱེད་པ་དང ། རང་འདོད་པ་བྱའོ། །ཉི་མ་དེ་ལ་སྐྱེས་པ་ནི་ཚེ་རིང་ཞིང་བུ་མང་བ་དང ། བུད་མེད་ལ་ཆགས་པ་ཆེ་ཞིང་ཟས་ལ་གདུང་བ་དང ། གཡུལ་ 411b དུ་ཐོག་མར་འགྲོ་ཞིང་རྒྱལ་བར་འགྱུར་ཏེ། དྲག་པོའི་ལས་ཐམས་ཅད་ལ་མཁས་པས་དེ་ལ་སྤང་བར་བྱའོ། །མཆུ་ལ་བྱའོ། །གྲེ་ལ་ནི་དགེ་བ་དང ། ཞིང་པའི་ལས་དོན་དུ་གཉེར་བར་བྱའོ། ། དེ་ལ་སྐྱུ་རུ་ར་ལ་སོགས་པ་འབྲས་བུ་ཁྱད་པར་མཉམ་པ་རྣམས་ཀྱི་ལས་བྱ་བ་དང ། གཞོན་པ་རྣམས་བཀྲ་ཤིས་ཀྱི་ཁྲུས་བྱ་བ་དང ། བག་ཕེབས་པར་བྱ་བ་དང ། གནས་བྱ་བ་དང ། སྐལ་བ་དང་ལྡན་ཞིང་ཉེ་བར་འཚོ་བའི་ལས་རྣམས་བྱ་བ་དང ། བྱིས་པའི་སྐྲ་བཀྲུ་བ་དང ། སྐྲ་མཛེས་པར་བྱ་བ་དང ། སྐལ་བ་དང་ལྡན་པའི་ལས་དང ། ཉི་མ་དེ་ལ་ཆར་བབ་པ་ལེགས་པར་བབ་པ་བསྟན་ཏེ་གྲེ་ལའོ། །དབོ་ལ་ནི་ལས་ཐམས་ཅད་བྱ་སྟེ། ཁང་པ་རྙིང་པ་གསོ་བ་ལ་སོགས་པ་ཐམས་ཅད་བྱའོ། །དེ་ལ་སྐྱེས་པ་ཡིད་གཞུངས་པ་དང ། གྲགས་པ་དང་ལྡན་པར་འགྱུར་ཏེ། གཞན་ཡང ། དེ་ལ་བྱིན་མི་ཉམས་ཤིང་ཐམས་ཅད་བརྟན་པར་བསྟན་ཏོ། །དེ་ལ་ཆར་བབ་ན་ནི་ཐམས་ཅད་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། དབོ་ལ་བྱའོ། །མེ་བཞི་ལ་ལས་ཕྲ་བ་ཐམས་ཅད་བྱང་ཞིང་བྲམ་ཟེའི་ལས་ཐམས་ཅད་བྱ་བར་བཟང་ངོ ། །གླང་པོ་དང ། གླང་པོ་མཆོག་ཞོན་པ་དང ། རྫིང་བུ་བྱ་བ་དང ། བརྐུས་ན་འགྲུབ་སྟེ། མཁས་པས་གཞན་ནི་སྤང་བར་བྱའོ། །ཉི་མ་དེ་ལ་ཆར་བ་བབ་པ་མཆོག་ཏུ་འགྲུབ་པར་འགྱུར་ཞིང་དེ་ལ་སྐྱེས་པ་ནི་དཔའ་ཞིང་རྐུ་བ་དང ། བློ་དང་ལྡན་ལ་རིག་པ་ཐམས་ཅད་ལ་མཁས་ཤིང་ནད་མེད་ 412a ༄#། །ཅིང་ཡུན་རིང་དུ་འཚོ་སྟེ་མེ་བཞི་ལ་བྱའོ། །ནག་པ་ལ་ནི་གོས་བཟང་པོ་བགོ་བ་དང ། རྒྱན་གདགས་པ་དང ། རྒྱལ་པོ་རྒྱན་གྱིས་བརྒྱན་པ་དང ། དམག་ཆས་པ་ལ་བཟང་བར་བལྟའོ། །གསེར་དང ། དངུལ་དང ། རྫས་དང ། གྲོང་ཁྱེར་རྣམས་གཞལ་བ་དང ། བདག་ཉིད་རྒྱན་གྱིས་བརྒྱན་པ་དང ། དྲི་དང ། སྤོས་ཀྱིས་བྱུག་པ་དང ། ཡོན་ཏན་གྱི་ལས་གླུ་དང ། གར་བྱ་བ་དང ། རྔ་རྡུང་བ་དང ། ལྡེར་སོ་བྱ་བ་དང ། བསྲུང་བ་དང ། རོལ་མོ་དང ། ཞལ་ཞལ་དང ། ལག་གི་བཟོ་རྣམས་བྱ་བར་བཟང་ངོ ། །ཉི་མ་དེ་ལ་ཆར་བབ་པས་སྣ་ཚོགས་ཀྱི་ལས་འགྲུབ་པར་བསྟན་ཏོ། །དེ་ལ་སྐྱེས་ན་ཡིད་གཞུངས་པ་དང ། མཁས་ཤིང་འདོད་པ་ཆུང་བ་དང ། ཚོལ་བའི་དང་ཚུལ་ཅན་དང ། སྐལ་བ་དང་ལྡན་ཞིང་བློ་རྒོད་པར་འགྱུར་ཏེ། ཚེ་རིང་ཞིང་བསོད་ནམས་ཆེ་ལ་བུད་མེད་ལ་དགའ་བར་འགྱུར་ཏེ། ནག་པའི་བྱའོ། །ས་རི་ལ་ནི་རྟ་དང ། བོང་བུ་དགྱེ་བའི་དགོས་པ་དང ། ཚོགས་ལ་སྟོན་མོ་སྦྱིན་པ་དང ། ཁ་ཟས་ཕྲ་མོ་དགྱེ་བ་དང ། རྔ་དང ། རྫ་རྔ་དང ། ཁར་རྔ་དང ། གླུ་རྣམས་བྱ་བ་ལ་མྱུར་ཞིང་འགྲུབ་བོ། །བག་མ་བླང་བ་དང ། བག་མ་བཏང་བ་དང ། གཉེན་བྱ་བ་དང ། གནས་དང ། གྲོགས་པོ་དང ། མལ་ཆ་དང ། ཁྱིམ་དུ་འཇུག་པ་ལ་བཟང་ངོ ། །ཉི་མ་དེ་ལ་ཆར་བབ་ན་རླུང་མི་འཆད་པར་ལྡང་ངོ ། །ཉི་མ་དེ་ལ་སྐྱེས་པ་ནི་ཡིད་གཞུངས་ཞིང་ནད་མང་ལ་མཁས་པར་ 412b འགྱུར་ཏེ། ས་རིའི་བྱ་བའོ། །ས་ག་ལ་ནི་ཞིང་ལས་ཀྱི་མཐའ་རྣམས་བྱ་བ་དང ། ནས་དང ། གྲོའི་ལས་ཀྱི་མཐའ་སྤང་བར་བྱའོ། །ལྒང་བུ་ཅན་རྣམས་སྤང་བར་བྱ་ཞིང ། འབྲུ་དང ། ཏིལ་དང།་སྲན་མ་དང ། དེ་དག་དང ། ཤིང་དང ། ཚོད་མ་རྣམས་གདབ་ཅིང་ཁང་པའི་ལས་རྣམས་བྱ་བ་དང ། སྐྲ་བཀྲུ་བ་དང ། གཙང་སྦྲ་བྱ་བ་ལ་བཟང་ངོ ། །ཉི་མ་དེ་ལ་ཆར་བབ་པ་ནི་བསྐལ་པའི་ཆུ་དང་འདྲ་བར་རིག་པར་བྱའོ། །དེ་ལ་སྐྱེས་པ་ནི་ཡིད་བདེ་བར་ལྟ་ཞིང་བློ་རྣོ་བ་དང ། ཁྲོ་ཞིང་སྐལ་བ་དམའ་བ་ལ་བུ་མེད་པར་འགྱུར་ཏེ། ས་གའི་བྱ་བའོ། །ལྷ་མཚམས་ལ་ནི་སྡུམས་བྱ་བ་དང ། དལ་བའི་ལས་ཐམས་ཅད་བྱ་བ་དང ། བརྩོན་འགྲུས་བརྩམས་ལ་མཁས་པས་བསྔགས་སོ། །དེ་ལ་སྐྲ་བྲེག་པ་དང ། མཚོན་གྱི་ལས་བྱ་བ་དང ། བསྡུ་བའི་སྦྱོར་བ་རྣམས་འགྲུབ་པས་བྱ་སྟེ། དེ་ལ་བརྟན་པར་འགྱུར་རོ། །གཞན་ནི་ཉོན་མོངས་པས་གདུངས་ཤིང་ཉམས་པར་བསྟན་ཏོ། །ཉི་མ་དེ་ལ་ཆར་བབ་པ་ལེགས་པར་འབབ་པར་བསྟན་ཏོ།། དེ་ལ་སྐྱེས་པ་གཉེན་དང་གྲོགས་པོར་ལྡན་ལ་ཆོས་དང ། ཚུལ་ཁྲིམས་སུ་བཅས་པར་འགྱུར་ཏེ། ལྷ་མཚམས་ཀྱི་བྱ་བའོ། །སྣརོན་ལ་ནི་ཐོག་མར་རྒྱལ་པོ་དབང་བསྐུར་བར་བྱ་ཞིང་གཞན་ནི་ཉོན་མོངས་པས་གདུངས་པར་འགྱུར་རོ། །གྲོང་དང ། གྲོང་ཁྱེར་དང ། ལྗོངས་རྣམས་བགོ་བཤའ་བྱ་བ་དང ། རྒྱལ་པོའི་ལས་ཐམས་ཅད་བྱ་བ་ལ་བཟང་ཞིང ། དེ་ལ་སྐྱེས་པ་ནི་སྤུན་རྣམས་ཀྱི་ཕུ་བོ་ 413a ༄#། །འགྱུར་ཞིང ། ཚེ་རིང་བ་དང ། གྲགས་པ་དང་ལྡན་ཞིང ། ངོ་མཚར་དུ་མཁས་པར་འགྱུར་རོ། །རྟ་དང ། གླང་པོ་ཞོན་པ་དང ། ཁང་བཟང་དུ་འཇུག་པ་དང ། གྲོང་དང།་གྲོང་ཁྱེར་དང ། ཡུལ་འཁོར་རྣམས་བཟུང་བ་ལ་མཆོག་ཏུ་བསྔགས་སོ། །ཡང་དེ་ལ་སྐྱེས་པ་ནི་མི་འཚོ་བར་བསྟན་ཏོ། །དྲག་པོའི་ལས་རྣམས་འགྲུབ་པར་བསྟན་ཏོ། །མཁས་པས་གཞན་ནི་སྤང་བར་བྱའོ། །ཉི་མ་དེ་ལ་ཆར་བབ་པ་ནི་ལེགས་པར་འབབ་པར་བསྟན་ཏེ། སྣརོན་གྱི་བྱ་བའོ། །སྣརུབས་ལ་ནི་རྩ་བ་དང ། ལ་ཕུག་དང ། རྩ་བ་དོན་དུ་གཉེར་བས་རྩ་བའི་ས་བོན་གཟུགས་པའི་སྦྱོར་བ་རུང་ཞིང་རྩ་བ་མ་ཡིན་པ་རྣམས་ལ་ནི་མ་ཡིན་ནོ། །བུ་ལོན་རྙིང་པ་བདས་ན་མདུན་ན་ནོར་གནས་པར་འགྱུར་རོ། །རྩ་བ་དོན་དུ་གཉེར་བར་གྲུབ་ཅིང ། དེ་བཞིན་དུ་བུད་མེད་ཐམས་ཅད་དང ། གསོ་བའི་རིགས་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། ཁྱོ་ག་རྣམས་ཁྲུས་བྱ་བ་དང ། རྩ་བ་ཐམས་ཅད་སྦྱར་བ་དང ། བཀྲ་ཤིས་ཀྱི་ལས་བྱ་བ་དང ། དྲག་པོའི་ལས་རྣམས་འགྲུབ་ཅིང་ཕྱེ་བཏགས་པ་དང ། ཆང་གི་སྦྱོར་བ་ལ་རྟག་ཏུ་བཟང་ཞིང ། དེ་ལ་སྐྱེས་པ་ནོར་དང་ལྡན་ཞིང་བུ་མང་ལ་འབྲས་བུ་དང་ལྡན་པར་འགྱུར་ཏེ། དེ་ལ་སྣད་པ་མི་འཚོ་བར་བསྟན་ཏོ། །དེ་ལ་ཆར་བབ་པ་ལེགས་པར་འབབ་པར་མངོན་པར་བསྟན་ཏེ། སྣརུབས་ཀྱི་བྱ་བའོ། །ཆུ་སྟོད་ལ་ནི་ཆུ་བསྒྱུར་བ་དང ། 413b ཡུར་བ་དྲང་བ་དང ། ཞིང་ལ་ཆུ་བླུག་པ་དང ། ཁྲོན་པ་བྱ་བ་དང ། ལམ་དུ་སྦྱིན་པའི་ཆུ་གཞག་པ་དང ། རྫིང་བུ་བྱ་བ་དང ། འབྲས་བུ་དང ། མེ་ཏོག་ལ་ཆུ་བླུག་པ་དང ། སྐྱེད་མོས་ཚལ་བྱ་བ་དང།་སློང་བ་དགོས་པ་ལ་སྦྱར་བ་ལ་བཟང་ཞིང་དྲང་བའི་ལས་རྣམས་འགྲུབ་ཅིང་དེ་ལས་གཞན་ནི་མཁས་པས་མི་བྱའོ། །དེ་ལ་མེས་ཚིག་པ་དང ། རིམས་ཀྱིས་བཏབ་པ་མི་འཚོ་བར་བསྟན་ཏོ། །ཉི་མ་དེ་ལ་སྐྱེས་པ་ནི་ཚེ་རིང་ཞིང་ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་དང ། བལྟ་ན་སྡུག་པར་འགྱུར་ཏེ། ཆུ་སྟོད་ཀྱི་བྱ་བའོ། །ཆུ་སྨད་ལ་ནི་དགྲ་མི་བྱ་ཞིང་གོས་དྲུབ་པ་བྱ་ཞིང་བགོ་བར་ནི་མི་བྱའོ། །བསྡུ་བསྐྱོག་མི་བྱ་ཞིང ། ཁྱིམ་མི་དབུབ་སྟེ། བྱས་ན་འགྲུབ་པར་མི་འགྱུར་རོ། །ཕྱུགས་ཀྱི་གནས་དང ། དེ་བཞིན་དུ་གྲོང་དཔོན་བསྐོ་བ་དང ། ཚོང་དཔོན་བསྐོ་བ་དང།་རྒྱལ་པོའི་དགོས་པ་རྣམས་དེ་ལ་བྱ་བར་བཟང་ངོ ། །ཉི་མ་དེ་ལ་སྐྱེས་པ་འཁོར་མང་པོའི་ངང་ཚུལ་ཅན་དང ། བྱས་པ་གཟོ་བར་འགྱུར་བ་དང ། གྲོགས་པོ་དང་གཅུགས་ཤིང་བསོད་ནམས་དམན་ཞིང་མཁས་པར་འགྱུར་རོ། །ཚ་བས་བཏབ་པ་མི་སོས་ཤིང་བརྟན་པར་བསྟན་ཏོ། །ཉི་མ་དེ་ལ་ཆར་བབ་པ་ལེགས་པར་འབབ་པར་བསྟན་ཏེ། ཆུ་སྨད་ཀྱི་བྱ་བའོ། །བྱི་བཞིན་ལ་ཚངས་པའི་ལྷའི་མཆོད་པ་མི་བྱ་ཞིང ། གྲོ་བཞིན་ལ་ནི་གཡུལ་སྤྲད་པར་བྱ་ཡི། རོལ་མོ་བསླབ་པ་དང ། བཀླགས་པ་རྣམས་མྱུར་བར་འགྲུབ་བོ། །རྣ་ཆ་གདགས་པ་དང ། 414a ༄#། །རྒྱལ་པོར་དབང་བསྐུར་བ་དང ། བྲམ་ཟེའི་ལས་ཐམས་ཅད་དེ་ལ་བྱ་ཞིང་གཏོར་མ་གཏོང་བ་དང ། དཔུང་ལ་ལྟ་བར་བཟང་ངོ ། །དེ་ལ་སྐྱེས་པ་ནི་ནད་མེད་པ་དང།་སྟོབས་དང་ལྡན་པ་དང ། མཆོག་སྦྱིན་གྱི་ངང་ཚུལ་ཅན་དུ་འགྱུར་རོ། །ཉི་མ་དེ་ལ་ཆར་བབ་པ་ནི་ལེགས་པར་འབབ་པར་འགྱུར་རོ། །དེ་ལ་གྲོ་བཞིན་དང་ཟླ་བར་འཛོམ་ན་སྟོར་བ་ཕྱིར་རྙེད་པར་འགྱུར་ཏེ། གྲོ་བཞིན་གྱི་བྱ་བའོ། །མོན་གྲེ་ནི་མྱུར་བའི་རྒྱུ་སྐར་ཏེ། མཆོད་པའི་ལས་ཐམས་ཅད་དང ། བྲམ་ཟེའི་རིག་བྱེད་བཀླགས་པ་དང ། ཁྲུས་བྱ་བ་དང ། རྒྱལ་པོར་དབང་བསྐུར་བ་དང ། བྲམ་ཟེའི་ལས་བྱ་བ་དང ། ཚོང་དཔོན་བསྐོ་བ་དང ། གྲོང་ཁྱེར་གྱི་ཚོགས་ཀྱི་དཔོན་བསྐོ་བ་ལ་བཟང་ངོ ། །དེ་ལ་སྐྱེས་པ་ནི་ཡིད་གཞུངས་ཞིང་གྲགས་པ་དང་ལྡན་པ་ལོངས་སྦྱོད་ཆེ་ལ་ནོར་མང་དང ། བུ་མང་ཞིང་དུལ་བའི་བདག་ཉིད་ཅན་དུ་འགྱུར་རོ། །སྟོར་བ་དང ། ཚིག་པ་དང ། བསྔམས་པ་དང ། བཅིངས་པ་རྣམས་དཀའ་བས་ཕྱིར་ཐོབ་བོ། །ཉི་མ་དེ་ལ་ཆར་བབ་པ་ནི་ཞག་བཞིའི་བར་དུ་འབབ་སྟེ། མོན་གྲེའི་བྱ་བའོ། །མོན་གྲུ་ལ་ནི་རྟག་ཏུ་སྨན་སྦྱར་བ་དང ། གྲགས་པའི་ལས་དང ། སྲིད་སྲུང་གི་ལས་རྣམས་བྱས་ན་འགྲུབ་ཅིང་ཟོང་བཙོང་བ་དང ། ཆང་བཙོང་བ་དང ། དེ་ལ་ཆུ་འབྱུང་བ་དང ། ཏིལ་དང ། སྲན་མ་བཏབ་པ་དང ། རྒྱ་མཚོར་ཚོང་པ་ཆས་པ་བཟང་ངོ ། །དེ་ལ་རྒྱལ་པོའི་བཀའ་གསལ་བ་དང ། སྡིག་ 414b པའི་ལས་མི་བྱའོ། །ཕོ་ཉ་བཏང་བ་དང ། སྒོ་སྲུང་དང ། ཡི་གེ་བ་བསྐོ་བ་དང ། སྨན་བཏུ་བ་དང ། སྨན་བཏང་བ་དང ། ཉི་མ་དེ་ལ་གཏེར་བརྐོ་ཞིང་བརྫང་བ་ནི་མི་བྱའོ། །གཏེར་སར་བ་བཞག་ཅིང་སྨན་བཟའ་བར་བཟང་ཞིང ། སྟོར་བ་ཡུན་རིང་པོ་ནས་བཙལ་བ་རྙེད་པར་འགྱུར་རོ། །དེ་ལ་སྐྱེས་པ་ནི་ནད་མེད་པ་དང ། ཁྲོ་ཞིང་གཉིད་ཆེ་བར་འགྱུར་ཏེ། །ཉི་མ་དེ་ལ་ཆར་བབ་པ་ནི་ལེགས་པར་འབབ་པར་བསྟན་ཏོ། །མོན་གྲུའི་བྱ་བའོ། །ཁྲུམས་སྟོད་ལ་ནི་དྲག་པོའི་སྦྱོར་བ་ཐམས་ཅད་འགྲུབ་པར་བརྗོད་དོ། །སྨས་པ་དང ། རིམས་ཀྱིས་བཏབ་པ་དེ་དག་མི་འཚོ་བར་བསྟན་ཏེ། དེ་ལ་སྐྱེས་པ་དག་ནི་རྣ་བ་གསང་ཞིང་ལོངས་སྤྱོད་ཆེ་ལ་གཉེན་རྣམས་ཡིད་དུ་འོང་ཞིང་ནོར་ཆེ་ལ་ལས་མཐུན་པར་བྱེད་ཅིང་སྤྲོ་ཐུང་བར་འགྱུར་རོ། །ཉི་མ་དེ་ལ་ཆར་བབ་པ་ནི་དྲག་པོར་འབབ་པར་བསྟན་ཏོ། །ཁྲུམས་སྟོད་ཀྱི་བྱ་བའོ། །ཁྲུམས་སྨད་ལ་ནི་ཚེ་རིང་བ་དང ། རྒྱས་པའི་ལས་བྱའོ། །ལྷོ་ཕྱོགས་སུ་མི་འགྲོ་ཞིང་མི་བརྩམ་མོ། །དེ་ལ་སྐྱེས་པ་ནི་ཚེ་རིང་ཞིང་གྲགས་པ་དང ། ཚེ་དང་ལྡན་པ་དང ། སུམ་འགྱུར་གྱིས་ལྟོ་ཆེ་ཞིང་འཇིགས་པ་མེད་པར་འགྱུར་རོ། །ཉི་མ་དེ་ལ་ཆར་བབ་པ་ནི་བདེ་བར་འབབ་པར་བསྟན་ཏོ། །ཁྲུམས་སྨད་ཀྱི་བྱ་བའོ། །ནམ་གྲུ་ལ་ནི་གསེར་དང ། དངུལ་དང ། རིན་པོ་ཆེ་དང ། འབྲུ་བསྒྲུབ་པ་དང ། མཛོད་བྱ་བ་དང ། རིགས་རྒྱུད་ཀྱི་བྱ་བ་དང ། ཆང་གི་ལས་ཀྱི་བྱ་བར་བཟང་ཞིང་བཏང་བའི་ལས་ 415a ༄#། །མི་བྱའོ། །ལམ་སར་པ་གཏོད་པ་དང ། ཆུ་བསྒྱུར་བ་དང ། ཁང་པར་འཇུག་པ་དང ། མིག་སྨན་སྦྱར་བ་དང ། གོས་སར་བ་བགོ་བ་དང ། དབྱིག་བླང་བ་བཟང་ངོ ། །དེ་ལ་སྐྱེས་པ་ནི་སློང་ཞིང་སྦྱིན་པ་དང ། ཚུལ་ཁྲིམས་དང་ལྡན་ལ་ཕོངས་ཤིང་གཉེན་རྣམས་ཀྱིས་བསྟེན་ཅིང་ཆོས་ཤེས་པར་འགྱུར་རོ། །ཆར་ལེགས་པར་འབབ་ཅིང་སྟོར་བ་རྙེད་པར་འགྱུར་བར་བསྟན་ཏོ། །ནམ་གྲུའི་བྱ་བའོ། །ཐ་སྐར་ལ་ནི་སྐྱེས་པ་དང ། བུད་མེད་དང ། རྟ་སྦྱར་བ་དང ། མེ་ཐབ་བྱ་བ་དང ། རྟ་བསྒྲུབ་པ་དང ། ཤིང་རྟ་བྱ་བ་དང ། བུ་ལོན་བྱ་བ་དང ། ས་བོན་གདབ་པ་དང ། རྟ་དང ། གླང་པོ་གདུལ་བ་དང ། གར་བྱ་བ་དང ། སྨན་སྦྱར་བ་དང ། སྨན་བཏང་བར་བཟང་ངོ ། །དེ་ལ་སྐྱེས་པ་ནི་བལྟ་ན་སྡུག་པ་དང ། ཡིད་གཞུངས་པ་དང ། རྒྱལ་པོའི་གནང་ཆེན་ཕུན་སུམ་ཚོགས་པ་དང ། ནད་མེད་པ་ལ་བུ་སྐྱེ་ཞིང་སྐལ་པ་བཟང་པོ་ལྡན་པར་འགྱུར་རོ། །ཆར་ལེགས་པར་འབབ་ཅིང་སྟོར་པ་རྙེད་པར་འགྱུར་ཏེ། ཐ་སྐར་གྱི་བྱ་བའོ། །བྲ་ཉེ་ལ་ནི་སྐར་མ་གསུམ་ཡོད་པས། དྲག་པོའི་ལས་བྱས་པ་དང ། བྲན་དང ། གླ་བ་བསྐོ་བ་དང ། གླ་བ་བཙལ་པ་དང ། ཆུང་མ་བླང་བར་བཟང་ངོ ། །དེ་ལ་སྐྱེས་པ་ནི་འཐབ་ཀྲོལ་དང ། བསླུས་པ་བྱེད་པ་དང ། གྱ་གྱུ་ཅན་དང ། རྫུན་ཆེ་བ་དང ། བློ་རྣོ་བ་དང ། སྡིག་པ་སྤྱོད་པ་དང ། གཙང་ 415b སྨེ་ཆུང་བར་འགྱུར་རོ། །དེ་ལ་སྣད་པ་དང ། ནད་ཀྱིས་བཏབ་པ་སྡུག་བསྔལ་བར་འགྱུར་རོ། །འགྲོ་བ་སྤང་བར་བྱའོ། །དེ་ལ་ཆར་ངེས་པར་འབབ་པར་དེ་ལྟར་དྲང་སྲོང་ཆེན་པོ་རྣམས་ཀྱིས་བསྟན་ཏོ། །རྒྱུ་སྐར་དེའི་ལྷ་གཤིན་རྗེ་ཡིན་པས་ཤི་བའི་ཕྱིར་ཟས་སྦྱིན་ནོ། །དེ་ལ་སྐྱེས་པ་ནི་ཚུལ་ཁྲིམས་ཉམས་ཤིང་བླ་མ་ལ་གནོད་པ་དང ། ཕ་རོལ་ལ་གནོད་པ་བྱེད་པ་དང ། བརྐམ་ཆགས་ཆེ་བ་དང ། ཕ་རོལ་ལ་དགྲ་བྱེད་པར་འགྱུར་ཏ། བྲ་ཉེའི་བྱ་བའོ། །སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་བདུན་དང ། བྲ་ཉེའི་བར་འདི་དག་ལས་འདི་ནི་བསྡུ་བར་བྱ་སྟེ། དེ་དག་གི་ནང་ནས་གང་དག་འབྲུ་ཐམས་ཅད་དང ། སྨན་ཐམས་ཅད་ཕུན་སུམ་ཚོགས་པ་ལ་གནོད་པར་བྱེད་པའི་གཟའ་གནས་པས་བསྲུང་བར་བྱའོ། །གཞན་ཡང ། རྒྱུ་སྐར་རྣམས་ཀྱི་མིང་གི་ལེའུ་བཤད་པར་བྱ་སྟེ། ཀྱེ།་པདྨའི་སྙིང་པོ། འདི་ལྟ་སྟེ། རྒྱུ་སྐར་བཞི་པོ་འདི་དག་ནི་བདེ་བར་བྱེད་པ་སྟེ། སྨད་གསུམ་དང ། སྣར་མའོ། །དེ་བྲམ་ཟེ་གནས་པར་བྱེད་པ་སྟེ། དེ་ལ་གནས་བྱ་བ་དང ། རྒྱལ་པོ་དབང་བསྐུར་བ་དང ། གང་སོ་སོར་བསྟན་པའི་ལས་རྣམས་བྱ་བར་བཟང་ཞིང ། གཞན་ཡང ། དེ་ལ་བཤིག་པ་དང ། བསྲེག་པ་དང ། བཅིང་བ་རྣམས་བྱས་ན་བཀྲ་ཤིས་པར་འགྱུར་བར་བསྟན་ཏོ། །གཞན་ཡང ། དེ་ལ་སྐྱེས་པ་བཀྲ་ཤིས་པ་དང ། སྦྱོར་བ་ཆེན་པོ་དང་ལྡན་པར་རིག་པར་བྱའོ། །ཀྱེ། པདྨའི་སྙིང་པོ། རྒྱུ་སྐར་བཞི་པོ་འདི་དག་ 416a ༄#། །ནི་བདེ་བར་བྱེད་པ་སྟེ། རྒྱལ་དང ། མེ་བཞི་དང ། བྱི་བཞིན་དང ། ཐ་སྐར་སྟེ། ལས་བྱ་བ་ལ་མྱུར་ཞིང་ཁ་ཏོན་བརྩམས་པ་དང ། ལམ་དུ་འགྲོ་བ་དང ། རྒོད་མ་བཞོན་པ་དང ། ལས་རྣམས་མྱུར་བར་བྱ་ཞིང་མཚོན་གྱི་ལས་དང ། སྨན་གྱི་ལས་རྣམས་བྱ་ཞིང་ཟླ་བ་བཞི་པའི་མཆོད་སྦྱིན་བྱ་བར་བརྩམ་མོ། །གཞན་ཡང ། དེ་ལ་བཤིག་པ་དང ། བསྲེག་པ་དང ། བཅིང་བ་རྣམས་བཀྲ་ཤིས་པར་བརྗོད་པར་རིག་པར་བྱའོ། །གཞན་ཡང ། དེ་ལ་སྐྱེས་པ་ནི་བཀྲ་ཤིས་ཤིང་ལོངས་སྤྱོད་དང་ལྡན་པའི་རྒྱལ་པོར་འགྱུར་བ་དང ། དབང་ཕྱུག་དང ། ལོངས་སྤྱོད་དུ་ལྡན་ཞིང་གོང་མ་ལ་སྦྱིན་པ་དང ། ཚུལ་ཁྲིམས་དང་ལྡན་པའི་རྒྱལ་རིགས་སུ་འགྱུར་བའམ། ཡང་བྲམ་ཟེ་ཞིག་མདུན་ན་འདོན་དུ་འགྱུར་རོ། །ཀྱེ།་པདྨའི་སྙིང་པོ། རྒྱུ་སྐར་ལྔ་པོ་འདི་དག་དྲག་པོ་སྟེ། འདི་ལྟ་སྟེ། མཆུ་དང ། སྟོད་གསུམ་དང ། བྲ་ཉེ་དང་ལྔ་སྟེ། ཡང་དེ་དག་ལ་བཤིག་པ་དང ། བསྲེག་པ་དང ། བཅིང་བ་རྣམས་མི་འཚོ་བར་བརྗོད་དོ། །འདི་དག་ནི་མངོན་སུམ་སྟེ། འདི་ལྟ་སྟེ། ལག་དང ། སྐག་དང ། ས་རི་དང ། སྣརོན་དང ། མོན་གྲུ་ཞེས་བྱ་བ་སྟེ། ཆ་ཤས་དགུ་དང ། དུམ་བུ་དྲུག་གོ་།བྲ་ཉེ་ནི་ཞིང་གཉིས་སོ། །ནམ་སོ་དང ། སྨད་གསུམ་གྱི་གཉིས་ཀྱི་ཆའོ། །ཞིང་ནི་བཅོ་ལྔའོ། །མཆུ་དང ། སྣརུབས་དང ། སྟོད་གསུམ་པོ་དེ་དག་ནི་ཆ་ངེས་པ་ཡིན་ནོ། ། 416b མགོ་དང ། རྒྱལ་དང ། མེ་བཞི་དང ། ནག་པ་དང ། ལྷ་མཚམས་དང ། གྲོ་བཞིན་དང ། ནམ་གྲུ་དང ། ཐ་སྐར་ཏེ། རྒྱུ་སྐར་འདི་དག་ཆ་ཕྱི་མའོ། །ཡུད་ཙམ་སུམ་ཅུའི་ཞིང་དང ། བྱི་བཞིན་གྱི་ཡུད་ཙམ་མཉམ་པས་རྒྱལ་རིགས་སོ། །གཞན་ཡང ། བྲམ་ཟེ། དགེ་བའི་ཡུད་ཙམ་དུ་འགྱུར་བ་དང ། མི་དགེ་བའི་ཡུད་ཙམ་དང ། རྒྱུ་སྐར་ཐམས་ཅད་དང་ལྡན་ཞིང ། གང་གི་གཉིས་ཀ་དགེ་བའི་ཡུད་ཙམ་དང་ལྡན་པའི་དགེ་བར་འགྱུར་རོ། །ཡང་གང་གི་ཚེ་དགེ་བ་དང ། མི་དགེ་བར་འགྱུར་བ་དེའི་ཚེ་ཐུན་མོང་མ་ཡིན་པར་འགྱུར་རོ། །ཇི་ལྟར་ཉིན་པར་དང ། མཚན་མོ་རིང་ཐུང་དུ་འགྱུར་བར་བཤད་པར་བྱའོ། །དབྱར་ཟླ་ར་བ་དང ། རྒྱུ་སྐར་མཆུ་དང ། ཚེས་གནམ་སྟོང་དུ་ལྡན་པར་གྱུར་ལ། གནམ་སྟོང་སྔ་མ་གྲོ་བཞིན་དང་འཛོམ་ན། ཉིན་པར་ལ་ཡུད་ཙམ་བཅུ་བདུན་ཡོད་དོ། །མཚན་མོ་ལ་ཡུད་ཙམ་བཅུ་གསུམ་དུ་འགྱུར་རོ། །ཤིང་བུ་སོར་དྲུག་པ་ཉི་མ་ཕྱེད་ལ་བཙུགས་ནས་གྲིབ་མ་ལ་སོར་ཕྱེད་ཕྱེད་ཀྱིས་འཕེལ་ཞིང་ཉི་མ་འགྱུར་ལ།་ཆུ་སྟོད་དང་མཚན་མོ་ལྡན་ལ་ཉི་མ་དང་མགོ་འགྲོགས་ཤིང་དབྱར་གྱི་ཟླ་བ་གཉིས་པའི་གནམ་སྟོང་དང་མཆུར་འཛོམ་པ་ན། དབྱར་གྱི་གཉིས་པའི་བཅོ་ལྔ་དང་ཁྲུམས་སྟོད་དུ་ལྡན་ན་ཉིན་པར་ནི་ཡུད་ཙམ་བཅུ་དྲུག་ཏུ་འགྱུར་རོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་བཞིར་འགྱུར་རོ། །སོར་གཉིས་ཀྱི་གྲིབ་མ་འཕེལ་ཞིང་བགྱིད་དོ། །གྲོ་བཞིན་དང་མཚན་མོར་ 417a ༄#། །ལྡན་པ་ལ་ཉི་མ་དང་རྒྱལ་དུ་འགྲོགས་ཤིང་དབྱར་ཟླ་ཐ་ཆུང་གི་གནམ་སྟོང་དང་ཆུ་སྟོང་དུ་འཛོན་པར་འགྱུར་ཞིང་ཚེས་བཅོ་ལྔ་ལ་ཐ་སྐར་དུ་འཛོམ་ན་ཡུད་ཙམ་བཅོ་ལྔ་ཉིན་པར་ལ་ཡོད་དོ། །མཚན་མོ་ལའང་ཡུད་ཙམ་བཅོ་ལྔ་ཡོད་དོ། །སོར་གསུམ་གྱིས་གྲིབ་མ་འཕེལ་ཞིང་ཉི་མ་འགྱེད་དོ། །ཆུ་སྟོད་དང་མཚན་མོར་ལྡན་ལ་མཆུ་དང་ཉིན་མོར་འགྲོགས་ཤིང་ནག་པ་དང ། དབྱར་གྱི་ཟླ་བ་བཞི་པའི་གནམ་སྟོང་དུ་འཛོམ་ལ་སྨིན་དྲུག་དང་ཚེས་བཅོ་ལྔར་འཛོམ་ན་ཉིན་པར་ལ་ཡུད་ཙམ་བཅུ་གསུམ་ཡོད་དོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་བདུན་ཡོད་དོ། །སོར་བཞིའི་གྲིབ་མས་ཉི་མ་འགྱེད་ལ་རྒྱུ་སྐར་ཐ་སྐར་དང་མཚན་མོར་ལྡན་ལ་ཆུ་སྟོང་དང་ཉིན་མོར་འགྲོགས་ན་དགུན་གྱི་ཟླ་བ་དང་པོའི་གནམ་སྟོང་དང་ལྷ་མཚམས་སུ་འཛོམ་ཞིང་མགོ་དང་བཅོ་ལྔར་ལྡན་ན་ཉིན་པར་ལ་ཡུད་ཙམ་བཅུ་གསུམ་ཡོད་དོ། །མཚན་མོ་ལ་ཡུད་ཙམ་བཅུ་བདུན་ཡོད་དོ། །སོར་ལྔའི་གྲིབ་མས་ཉི་མ་འགྱེད་ཅིང་སྨིན་དྲུག་དང་མཚན་མོར་འཛོམ་ལ། ནག་པ་དང་ཉིན་པར་འགྲོགས་ཤིང་དགུན་གྱི་ཟླ་བ་གཉིས་པའི་གནམ་སྟོང་དང་སྣརོན་དུ་འཛོམ་པར་འགྱུར་ཞིང་རྒྱལ་དང་བཅོ་ལྔར་ལྡན་ན། ཉིན་པར་ལ་ཡུད་ཙམ་བཅུ་གཉིས་ཡོད་དོ། །མཚན་མོ་ལ་ནི་ཡུད་ཙམ་བཅོ་བརྒྱད་ཡོད་དོ། །སོར་དྲུག་གི་གྲིབ་ 417b མས་ཉི་མ་འགྱུར་ཞིང་མགོ་དང་མཚན་མོར་འཛོམ་ལ། ས་ག་དང་ཉི་མར་འགྲོགས་ཤིང་དགུན་གྱི་ཟླ་བ་གཉིས་པའི་གནམ་སྟོད་དང་ཆུ་སྟོད་དུ་འཛོམ་ལ་མཆུ་དང་བཅོ་ལྔར་ལྡན་ན། ཉིན་པར་ལ་ནི་ཡུད་ཙམ་བཅུ་གསུམ་ཡོད་དོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་བདུན་ཡོད་དོ། །སོར་ལྔའི་གྲིབ་མ་འགྲིབ་པས་ཉི་མ་འགྱུར་ཞིང་རྒྱལ་དང་མཚན་མོར་འཛོམ་ལ་སྣརོན་དང་ཉི་མ་འགྲོགས་ཤིང་དགུན་གྱི་ཟླ་བ་བཞི་པའི་གནམ་སྟོང་དང་གྲོ་བཞིན་དུ་འཛོམ་ལ་ཆུ་སྟོད་དང་བཅོ་ལྔར་འཛོམ་ན་ཉིན་པར་ལ་ཡུད་ཙམ་བཅུ་བཞིའོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་དྲུག་གོ ། སོར་བཞིའི་གྲིབ་མས་ཉི་མ་འགྱུར་ཞིང་མཆུ་དང་མཚན་མོར་འཛོམ་ལ་ཆུ་སྟོད་དང་ཉི་མ་འགྲོགས་ཤིང་དཔྱིད་ཟླ་ར་བའི་གནམ་སྟོང་དང་ཁྲུམས་སྟོད་དུ་འཛོམ་པར་འགྱུར་ཞིང ། ནག་པ་དང་བཅོ་ལྔར་འཛོམ་ན་ཉིན་བར་ལ་ནི་ཡུད་ཙམ་བཅོ་ལྔར་འགྱུར་རོ། །མཚན་མོ་ལའང་ཡུད་ཙམ་བཅོ་ལྔར་འགྱུར་ཞིང་སོར་གསུམ་གྱི་གྲིབ་མས་ཉི་མ་འགྱུར་ཞིང་ཆུ་སྟོད་དང་མཚན་མོར་འཛོམ་ལ་གྲོ་བཞིན་དང་ཉི་མར་འགྲོགས་པར་འགྱུར་ཞིང་དཔྱིད་ཀྱི་ཟླ་བ་གཉིས་པའི་གནམ་སྟོང་དང་ཐ་སྐར་དུ་འཛོམ་ལ་ས་ག་དང་བཅོ་ལྔར་འཛོམ་ན་ཉིན་པར་ལ་ནི་ཡུད་ཙམ་བཅུ་དྲུག་ཏུ་འགྱུར་རོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་བཞིའོ། །སོར་གཉིས་ཀྱི་གྲིབ་མས་ཉི་མ་འགྱུར་ཞིང་ནག་པ་དང་མཚན་མོར་འཛོམ་ལ་ཁྲུམས་སྟོད་དང་ཉི་མར་འགྲོགས་ 418a ༄#། །པར་འགྱུར་ཞིང་དཔྱིད་ཀྱི་ཟླ་བ་གསུམ་པའི་གནམ་སྟོང་དང་སྨིན་དྲུག་ཏུ་འཛོམ་པར་གྱུར་ལ་སྣརུབས་དང་བཅོ་ལྔར་འཛོམ་ན་ཉིན་པར་ལ་ནི་ཡུད་ཙམ་བཅུ་བདུན་དུ་འགྱུར་རོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་གསུམ་མོ། །སོར་གཉིས་ཀྱི་གྲིབ་མས་ཉི་མ་འགྱུར་ཞིང་སྣརོན་དང་མཚན་མོར་འཛོམ་ལ་སྨིན་དྲུག་དང་ཉི་མར་འཛོམ་པར་གྱུར་ཅིང་དཔྱིད་ཀྱི་ཟླ་བ་བཞི་པའི་གནམ་སྟོང་དང་རྒྱལ་དུ་འཛོམ་པར་གྱུར་ལ། ཆུ་སྟོད་དང་བཅོ་ལྔར་འཛོམ་ན་ཉིན་པར་ལ་ནི་ཡུད་ཙམ་བཅོ་བརྒྱད་དུ་འགྱུར་རོ། །མཚན་མོ་ལ་ནི་ཡུད་ཙམ་བཅུ་གཉིས་སུ་འགྱུར་རོ། །ཉི་མ་ཕྱེད་སྐད་ལ་སོར་ཕྱེད་པའི་གྲིབ་མས་ཉི་མ་འགྱུར་ཞིང་ཆུ་སྟོད་དང་མཚན་མོར་འཛོམ་ལ་རྒྱལ་དང་ཉིན་པར་འགྲོགས་པར་འགྱུར་ཞིང ། ལོ་བཙལ་བས་ཡུད་ཙམ་གྱི་བྱེ་བྲག་རྣམས་ཀྱིས་རྒྱུ་སྐར་དེ་ཐམས་ཅད་ལ་ཆ་དང ། ཆ་རུ་བགོ་ཞིང་གནམ་སྟོང་དང ། བཅོ་ལྔར་ཕྱེ་བས་མཚན་མོ་དང ། ཉིན་ཞག་ཏུ་ཤེས་པར་བྱའོ། །ལོ་ལྔ་ལྔ་ཞིང་ཟླ་བ་རེ་རེ་ལྷག་པར་འགྱུར་ཞིང ། ཟླ་བ་དྲུག་ན་ཉིན་མཚན་མཉམ་པར་གྱུར་ལ། དེ་ལས་གཞན་ཟླ་བ་དྲུག་ནི་ཉི་མ་རིང་ལ་ཡང་ཟླ་བ་དྲུག་ན་མཚན་མོ་རིང་ངོ ། །ཟླ་བ་དྲུག་དྲུག་ནི་ཡུད་ཙམ་དེ་དག་མཉམ་པར་རིག་པར་བྱ་སྟེ། ཟླ་བ་དྲུག་ནི་ཉི་མ་བྱང་ཕྱོགས་སུ་འགྲོ་ལ། ཟླ་བ་དྲུག་ནི་ལྷོ་ཕྱོགས་སུ་རྒྱུའོ། །ཟླ་བ་དྲུག་ནི་ 418b རྒྱ་མཚོ་ལ་ལྷག་པར་འབབ་པར་འགྱུར་ཞིང་ཟླ་བའི་འགྲོས་དང ། ཉི་མའི་འགྲོས་ཀྱིས་དུས་འཕེལ་བར་འགྱུར་ཞིང ། རྩིས་དང་བྲལ་བས་ཤེས་པར་མི་ནུས་པ་དེ་ནི་འདི་ལྟར་ལོ་ཡིན་པར་བཤད་པར་འགྱུར་རོ། །ཉི་མ་དང ། ཟླ་བ་དང ། སྒྲ་གཅན་དང ། ཕུར་བུ་དང ། སྤེན་པ་དང ། མིག་དམར་དང ། གཟའ་ལྷག་པ་དང ། འདི་རྣམས་ཀྱི་གཙོ་བོ་ནི་ཕུར་བུའོ། །སྤེན་པ་དང ། གཟའ་ལག་པ་དང ། མིག་དམར་དང ། པ་བ་སངས་ཏེ་དེ་དག་ནི་དཀྱིལ་འཁོར་འགྲོས་སོ། །བྲ་ཉེ་དང ། སྨིན་དྲུག་དང ། སྣར་མ་དང ། མགོ་སྟེ་དེ་དག་ནི་ཐུ་ན་མོང་གི་དང་པོའི་དཀྱིལ་འཁོར་རོ། །ལག་དང ། ནམ་སོ་དང ། རྒྱལ་དང ། སྐག་དང་དེ་དག་ནི་ཐུན་མོང་བ་སྟེ། དཀྱིལ་འཁོར་གཉིས་པའོ། །མཆུ་དང ། གྲེ་དང ། དབོ་གཉིས་དང ། མེ་བཞི་དང ། ནག་པ་སྟེ། དེ་དག་ནི་ཐུན་མོང་གི་དཀྱིལ་འཁོར་གསུམ་པའོ། །ས་རི་དང ། ས་ག་དང ། ལྷ་མཚམས་དང ། དེ་དག་ནི་ཐུན་མོང་པ་དཀྱིལ་འཁོར་བཞི་པའོ། །སྣརོན་དང ། སྣརུབས་དང ། ཆུ་སྨད་དང ། ཆུ་སྟོད་དང ། གྲོ་བཞིན་ཏེ། དེ་དག་ནི་འཇིགས་པ་ཆེན་པོར་གྱུར་པའི་དཀྱིལ་འཁོར་ལྔ་པའོ། །མོན་གྲེ་དང ། མོན་གྲུ་དང ། ཁྲུམས་གཉིས་དང ། ནམ་གྲུ་དང ། ཐ་སྐར་དང ། བྲ་ཉེ་སྟེ། དེ་དག་ནི་ཐུན་མོང་བའི་དཀྱིལ་འཁོར་དྲུག་པའོ། །གང་གི་ཚེ་རྒྱུ་སྐར་གྱི་དཀྱིལ་འཁོར་ལས་ནད་དེ་དང་དེའི་ལྗོངས་སུ་དེའི་ནད་ཡིན་ 419a ༄#། །པར་ལྟའོ། །ཡུད་ཙམ་བཅུ་གཉིས་པའི་ཉིན་པར་ནི་གཟའ་བཅུ་གཉིས་ཏེ། མཚན་མོ་ཡུད་ཙམ་དྲུག་དྲུག་རྒྱུ་སྟེ། དྲུག་གང་ཞེ་ན། དབྱར་ཟླ་བ་རྫོགས་པ་དང ། ཉིན་པར་ལ་ཡུད་ཙམ་བཅུ་བདུན་ཡོད་ཅིང་ཉི་མ་ཤར་ནས་བཞི་མཐོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཉི་མ་འཕགས་ནས་ནི་རྣམ་པར་འགྲོ་བ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཡུད་ཙམ་བཅུ་གསུམ་དང་ལྡན་པའི་མཚན་མོ་ལ་ཡུད་ཙམ་དྲུག་ལ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཚ་བས་གདུངས་པ་ཞེས་བྱ་བའི་ཡུད་ཙམ་དུ་ནམ་ནངས་པ་དང་འགྱུར་རོ། །དབྱར་གྱི་ཟླ་བ་གཉིས་པའི་བཅོ་ལྔ་ལ་ཡུད་ཙམ་བཅུ་དྲུག་ཉིན་པར་ལ་ཡོད་ཅིང་ཉི་མ་ཤར་བ་ན་བཞི་མཐོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ།། ཕྱེད་ལ་ནི་མི་ཕམ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཉི་མ་འཕགས་ནས་ནི་དྲག་པོ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཡུད་ཙམ་བཅུ་བཞི་དང་ལྡན་པའི་མཚན་མོ་ལ་ནི་ཉི་མ་ནུབ་པར་རྩོམ་པ་རྣམ་པར་རྒྱུ་བ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །མཚན་ཕྱེད་ལ་ནི་སྒྱུ་མ་ཆེན་མོ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ནམ་ནངས་པ་ན་ནི་མེ་ཡིས་གདུངས་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །རྟ་འཐབ་པའི་བཅོ་ལྔ་ནི་ཡུད་ཙམ་བཅོ་ལྔ་དང་ལྡན་པའི་ཉིན་པར་ལ་ཉི་མ་འཆར་བ་ལ་ནི་བཞི་མཐོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ།། 419b ཉི་མ་འཕགས་ནས་ནི་མི་ཕམ་ཞེས་བྱ་བའི་རྗེས་ཐོགས་ལ་དབུས་མ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཉི་མ་དེ་ལས་འཕགས་པའི་ལྷའི་ཆར་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཡུད་ཙམ་བཅོ་ལྔ་དང་ལྡན་པའི་མཚན་མོ་ཉི་མ་ནུབ་པ་དང ། དྲག་པོ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །མི་ཕམ་པ་ཞེས་བྱ་བའི་ཡུད་ཙམ་དང ། འགྲོ་བ་ཞེས་བྱ་བའི་ཡུད་ཙམ་གྱི་རྗེས་ཐོགས་ལ་མཚན་མོ་ཕྱེད་དུ་གྱུར་ནས་ནམ་ནངས་པ་ནི་མེ་ཡིས་གདུངས་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །རྟ་འཐབ་པའི་ཚེས་བཅོ་ལྔ་ལ་ཉིན་མཚན་མཉམ་པ་ཞེས་བྱ་བའི་ཉིན་པར་ལ། ཡུད་ཙམ་བཅོ་ལྔར་འགྱུར་ཞིང་མཚན་མོ་ལ་ཡུད་ཙམ་བཅོ་ལྔའོ། །ཡུད་ཙམ་ཉིན་མཚན་མཉམ་པ་ན་ཉི་མ་ཤར་བ་ན་བཞི་མཐོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཆ་མཉམ་པར་དབུས་ན་གནས་པ་ན་མཉམ་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཉི་མ་ནུབ་ནས་མཚན་མོ་ལ་བབ་པ་ན་ལྷའི་ཆ་ཤས་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །མཚན་ཕྱེད་ལ་ནི་མི་ཕམ་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ནམ་ནངས་པ་ན་ནི་མེ་ཡིས་གདུངས་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྟོན་ཟླ་འབྲིང་པོའི་བཅོ་ལྔ་ལ་ཡུད་ཙམ་བཅུ་བཞིའི་ཉིན་མོ་ལ་ཡོད་ཅིང་ཉི་མ་ཤར་བ་ན་བཞི་མཐོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དགའ་བྲལ་དང་མཉམ་པའི་སྒོ་ཞེས་བྱ་བའི་ཡུད་ཙམ་གྱི་རྗེས་ལ་དབུས་སུ་འགྱུར་ནས་ཉི་མ་ནུབ་པ་ན་ཆུ་ཟླ་ཞེས་བྱ་བའི་ 420a ༄#། །ཡུད་ཙམ་དུ་འགྱུར་རོ། །མཚན་མོ་ལ་ཡུད་ཙམ་བཅུ་དྲུག་དང་ལྡན་ལ་ཉི་མ་ནུབ་ན་རྒྱུད་ཅེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །སྲིད་པོ་ཞེས་བྱ་བ་དང ། མི་ཕམ་པ་ཞེས་བྱ་བ་དེའི་རྗེས་ལ་མཚན་མོ་ཕྱེད་དུ་གྱུར་ནས་ནམ་ནངས་པ་ན་མེ་ཡིས་གདུངས་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དགུན་ཟླ་ར་བའི་བཅོ་ལྔ་ལ་ཡུད་ཙམ་བཅུ་གསུམ་དང་ཉིན་པར་ལྡན་ལ་ཉི་མ་ཤར་བ་ན་བཞི་མཐོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཕྱེད་ལ་ནི་དགའ་བྲལ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཉི་མ་ནུབ་པ་ལ་ནི་བདེན་བྲལ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཡུད་ཙམ་བཅུ་བདུན་དང་ལྡན་པའི་མཚན་མོ་ལ་ཉི་མ་ནུབ་པ་ཙམ་ན་ཆུ་ལྷ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །མཚན་ཕྱེད་ལ་ནི་སྲིན་པོ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ནམ་ནངས་པ་མེ་ཡིས་གདུངས་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དགུན་ཟླ་འབྲིང་པོའི་བཅོ་ལྔ་ལ་ནི་ཡུད་ཙམ་བཅུ་གཉིས་དང་ལྡན་པའི་ཉིན་པར་ཉི་མ་ཤར་བ་ན་བཞི་མཐོན་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །དགའ་བྱེད་དང ། དགའ་བྲལ་ཞེས་བྱ་བའི་རྗེས་ལ་དབུས་སུ་འགྱུར་ནས། ཉི་མ་ནུབ་པ་ན་རྡུལ་མེད་ཅེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཡུད་ཙམ་བཅོ་བརྒྱད་དང་ལྡན་པའི་མཚན་མོ་ཉི་མ་ནུབ་ཙམ་ན་བདེན་བྲལ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །བོང་བུ་དང ། 420b སྲིན་པོ་ཞེས་བྱ་བའི་རྗེས་ལ་མཚན་ཕྱེད་དུ་གྱུར་ནས་ནམ་ནངས་པ་ན་མེ་ཡིས་གདུངས་པ་ཞེས་བྱ་བའི་ཡུད་ཙམ་དུ་འགྱུར་རོ། །ཇི་ལྟར་སོས་གའི་དང་པོ་དེ་ལྟར་དབྱར་དང་པོ། །ཇི་ལྟར་དཔྱིད་ཀའི་གཉིས་པ་དེ་ལྟར་དབྱར་གཉིས་པ། །ཇི་ལྟར་དཔྱིད་ཀའི་དང་པོ་དེ་ལྟར་སྟོན་དང་པོ། །ཇི་ལྟར་དགུན་གྱི་བཞི་པའི་དེ་ལྟར་སྟོན་ཐ་ཆུང ། །ཇི་ལྟར་དགུན་འབྲིང་དེ་ལྟར་དགུན་དང་པོ། །ཇི་ལྟར་དགུན་འབྲིང་དེ་ལྟར་སོས་ཀའི་གཉིས། །དེ་ལྟ་བུར་ནི་རྒྱུ་སྐར་རྣམས། །རྒྱུ་ཞིང་རྒྱུ་བར་ཤེས་པར་བྱ། །རྒྱུ་སྐར་རྒྱུ་བ་དང་པོའི་ལེའུ་འོ། །ཇི་ལྟར་རྒྱུ་སྐར་དེ་དག་གི་ནང་ནས་ཉིན་མཚན་དུ་ལྡན་པས་འཕེལ་བ་དང ། འགྲིབ་པར་འགྱུར་བས་འགྲིབས་པ་ལས་ཉིན་པར་འཕེལ་བའི་བཅོ་ལྔ་ལ་ཟླ་བ་ཕྱེད་ལས་གཉིས་པ་དང ། དྲུག་པ་དང ། དགུ་པ་དང ། བཅུ་གཉིས་པ་དེ་དག་མཚམས་ཀྱི་ཞག་འདས་ནས། ནུབ་མོས་འཛིན་པའི་རྒྱལ་པོ་ཆེན་པོ་བཞི་པོ་ཤིན་ཏུ་འཆི་བ་ཞེས་བྱ་བ་དང ། རྣམ་པར་དག་པ་ཞེས་བྱ་བ་དང ། འཕེལ་བ་ཞེས་བྱ་བ་དང ། ཐ་དད་པའི་རིམ་པ་ཞེས་བྱ་བ་དེ་དག་འཐབ་པས་འབྱུང་བ་ཆེན་པོ་བཞི་གཡོ་བ་ལས་ས་འགུལ་ལོ། །ཆུ་དང ། དབང་པོ་དང ། རླུང་དང ། མེ་སྟེ། ལེགས་ལྡན་རྣམ་པ་བཞི་པོའང་གང་དུ་ཟླ་བ་ཕྱེད་ལ་ལན་གསུམ་གཡོས་ཏེ། ཟླ་བ་གཅིག་ལ་ལན་དྲུག་གཡོས་པར་གྱུར་ན་ཕ་རོལ་གྱི་དམག་ཚོགས་འོང་བར་འགྱུར་ཏེ། དཔྱིད་ཟླ་འབྲིང་པོ་ 421a ༄#། །ལ་གཡོས་ན་ཞག་བཅུའི་བར་དུ་འཇིགས་པ་འབྱུང་ངོ ། །སོས་ཀའི་ཟླ་བ་དང་པོ་ལ་ཡང་དང་ཡང་དུ་གཡོས་ན་ཞག་བཅུ་གཉིས་ཀྱི་བར་དུ་འཇིགས་པ་འབྱུང་ངོ ། །སོས་ཀའི་ཟླ་བ་གཉིས་པ་ལ་ཡང་ཡང་གཡོས་ན་ཉི་ཤུ་རྩ་ལྔའི་བར་དུ་འཇིགས་པ་འབྱུང་ངོ ། །དབྱར་ཟླ་ར་བ་ལ་ཡང་ཡང་གཡོས་ན་ཞག་བདུན་ཅུ་རྩ་ལྔའི་བར་དུ་འཇིགས་པ་འབྱུང་ངོ ། །དབྱར་ཟླ་འབྲིང་པོ་ལ་ཡང་ཡང་གཡོས་ན་ཟླ་བ་གསུམ་དང་ཞག་བཅུའི་བར་དུ་འཇིགས་པ་འབྱུང་ངོ ། །སྟོན་ཟླ་ཐ་ཆུང་ལ་ཡང་ཡང་གཡོས་ན་ཞག་ལྔའི་བར་དུ་འབྱུང་ངོ ། །དགུན་གྱི་ཟླ་བ་གཉིས་པ་ལ་ཡང་ཡང་གཡོས་ན་ཞག་ལྔ་བཅུ་རྩ་ལྔའི་བར་དུ་འབྱུང་ངོ ། །དགུན་གྱི་ཟླ་བ་གསུམ་པ་ལ་ཡང་ཡང་གཡོས་ན་ཞག་བརྒྱའི་བར་དུ་འཇིགས་པ་འབྱུང་ངོ ། །དགུན་གྱི་ཟླ་བ་བཞི་པ་ལ་ཡང་ཡང་གཡོས་ན་ཞག་ཉི་ཤུ་རྩ་ལྔའི་བར་དུ་འཇིགས་པ་འབྱུང་ངོ ། །དཔྱིད་ཟླ་ར་བ་ལ་ཡང་ཡང་གཡོས་ན་ཞག་སུམ་ཅུའི་བར་དུ་འཇིགས་པ་འབྱུང་ངོ ། །དེ་དག་ནིས་གཡོས་པའི་དུས་ཇི་ཙམ་ན་སྨིན་པ་ཡིན་པར་བསྟན་ཏོ། །དེ་དག་གི་ལས་ཀྱི་འཇུག་པ་ནི་འདི་ལྟར་ཟླ་བ་ཐམས་ཅད་ལ་དུས་རྟག་ཏུ་ས་གཡོ་ཞིང་ཤིང་དང ། རི་དང ། ཆུ་རྣམས་གཡོ་ཞིང་ཤིང་རྣམས་ཀྱི་ལོ་མ་ལྟར་གཡོན་བསྐལ་བ་ལྷ་བུའི་འཇིགས་པ་འབྱུང་བར་བསྟན་ཏོ། །གྲོང་ཁྱེར་ 421b དང ། གྲོང་དང ། འབྲོག་རྣམས་ན་གནས་པའི་མི་རྣམས་མྱུར་དུ་འཕོ་ཞིང་དགོན་པར་ལོ་བཅོ་ལྔའི་བར་དུ་གནས་པར་འགྱུར་རོ། །ཕྱོགས་རྣམས་ནས་ས་རྣམ་པར་གཡོས་ན་མི་བདེ་བ་མི་འབྱུང་ངོ ། །སྨིན་དྲུག་ལ་ས་གཡོས་ན་གྲོང་ཁྱེར་དང ། གྲོང་རྣམས་ཡང་དང་ཡང་དུ་མེས་བསྲེགས་པས་རྩཝ་འང་མི་ལུས་པར་འགྱུར་རོ། །དེ་ལས་རྣམ་པར་གཡོས་ན་སོལ་བ་མཁན་དང ། ནོར་བུ་མཁན་དང ། ཁྱེའུ་དང ། མེས་སྐོར་བྱས་པའི་གཟའ་དང ། དེ་ལ་སྐྱེས་པ་དང ། ལམ་དུ་ཞུགས་པ་ན་ཞིང་སྡུག་བསྔལ་བར་འགྱུར་རོ། །སྣར་མ་ལ་ས་གཡོས་ན་ས་བོན་ཐམས་ཅད་ཉམས་པས་འབྲུ་རྣམས་འཐོབ་པར་མི་འགྱུར་ཞིང་སྡུག་བསྔལ་བར་འགྱུར་བ་དང ། བུད་མེད་སྦྲུམ་མ་རྣམས་མངལ་ན་ནད་འབྱུང་བ་དང ། མུ་གེ་འབྱུང་བ་དང ། སྨས་པ་དང ། ནད་ཀྱིས་བཏབ་པའི་མི་རྣམས་སུམ་ཆ་འཚོ་བར་འགྱུར། བདག་ཉིད་ཆེན་པོ་དང ། རྒྱལ་པོ་དང ། དཔལ་དང་ལྡན་པའི་མི་དང ། མིའི་མཆོག་རྣམས་ནད་ཀྱིས་བཏབ་པར་འགྱུར་རོ། །མགོ་ལ་ས་གཡོས་ན་སྨན་རྣམས་ཉམས་ཤིང་སྨན་པ་དང ། མཆོད་སྦྱིན་རྩོམ་པ་དང ། མཆོད་སྦྱིན་བྱེད་པ་དང ། བྲམ་ཟེ་ནགས་ན་གནས་པ་དང ། དཀའ་ཐུབ་པ་དེ་དག་ལ་ནད་འབྱུང་བར་འགྱུར་རོ། །ལག་ལས་རྣམ་པར་གཡོས་ན་འོ་མ་ཅན་གྱི་ཤིང་རྣམས་ཉམས་ཤིང ། ཟས་དང་སྐོམ་དཀོན་ཞིང་འགྲོན་པོ་ཡུལ་འཁོར་ཆས་པ་དང ། དོང་དང ། འོབས་བརྐོ་ 422a ༄#། །བ་དང ། སྡིག་པ་ཅན་དང ། རྒུན་མ་རྣམས་ལས་གཡོས་པའི་ནད་ཀྱིས་འདེབས་པར་འགྱུར་རོ། །ཡང་ནམ་སོ་ལས་རྣམ་པར་གཡོས་ན་དཀྱིལ་འཁོར་བྱེད་པའི་ཞལ་ཏ་པ་དང ། ལམ་གྱི་ནོར་ཅན་དང ། ལམ་དུ་འགྲོ་བ་པ་དང ། འཁོར་ལོ་བ་དང ། བྱིས་པ་དང ། སྲུས་མཁན་དང ། ཤན་པ་དང ། དུང་འཚོ་བ་རྣམས་ལས་རྣམ་པར་གཡོས་པས་ནད་ཀྱིས་འདེབས་པར་འགྱུར་ཞིང ། རྒྱལ་ལ་ས་རྣམ་པར་གཡོས་ན་བྲམ་ཟེ་རྣམས་དང ། དེ་བཞིན་དུ་གཙོ་བོ་རྣམས་དང ། ཚོང་པ་རྣམས་དང ། དེད་དཔོན་རྣམས་དང ། ཚོང་པ་རིང་པོར་འགྲོ་བ་རྣམས་ལ་ནད་འབྱུང་བར་འགྱུར་ཞིང་སེར་བས་འབྲུ་རྣམས་རློག་ཅིང་རི་ཁྲོད་ན་གནས་པའི་རྒྱལ་པོའི་བསྙེན་བཀུར་བ་རྣམས་ས་རྣམ་པར་གཡོས་པས་ནད་ཀྱིས་འདེབས་པར་འགྱུར་རོ། །སྐག་ལ་ས་རྣམ་པར་གཡོས་ན་ཀླུ་རྣམས་དང ། སྦྲུལ་ཁ་སྡིག་པ་རྣམས་དང ། གྲོག་མོ་རྣམས་དང ། གྲོག་ཕྲན་རྣམས་དང ། སྲིལ་རྣམས་དང ། ཁྱིམ་རྣམས་དང ། ཀླུ་མགོ་གཅིག་པ་རྣམས་དང ། དུག་སྔགས་མཁན་རྣམས་དང ། དུག་བྱེད་པ་རྣམས་དང ། སེམས་ཅན་ཁུང་དུ་འཇུག་པ་རྣམས་ས་རྣམ་པར་གཡོས་པས་ནད་ཀྱིས་འདེབས་པར་འགྱུར་རོ། །མཆུ་ལས་རྣམ་བར་གཡོས་ན་རྒྱལ་པོ་རྣམས་ལ་ནད་འབྱུང་ཞིང་མཆོད་སྦྱིན་དང ། ཤིང་ 422b ལས་ལོག་པ་རྣམས་དང ། འདུས་པའི་སྟོན་མོ་ལས་ལོག་པ་རྣམས་དང ། ལྷའི་མཆོད་སྦྱིན་ལས་ལོག་པ་རྣམས་དང ། དེ་ལ་ལོག་པ་ཐམས་ཅད་དང ། གང་ཞིག་དེ་ལ་སྐྱེས་པ་དང ། བསྐྱེད་པ་དང ། གང་མཁས་པའི་མཆོག་ཏུ་གྱུར་པ་དང ། གླུ་མཁན་རྣམས་འཆི་བར་འགྱུར་ཞིང ། དེ་དག་དང ། རིགས་མཐོན་པོ་རྣམས་ནད་ཀྱིས་ཐེབས་པར་འགྱུར་རོ། །ཆུ་སྟོད་ལ་ས་རྣམ་པར་གཡོས་ན་དུས་འགྱུར་ཞིང་ཆོས་ལ་དགའ་བ་དང ། ཤོ་གམ་གྱིས་འཚོ་བ་རྣམས་ལ་ས་གཡོས་ན་ནད་ཀྱིས་འཐེབས་པར་འགྱུར་རོ། །གལ་ཏེ་ཆུ་སྨད་ལ་ས་རྣམ་པར་གཡོས་ན་ཚོད་པ་གླིང་དུ་འགྲོ་བ་རྣམས་དང ། དེད་དཔོན་རྣམས་དང ། རི་ཁྲོད་ན་འཚོ་བ་རྣམས་ཨང་ག་དང ། ལུས་འཕགས་པོ་དང ། མ་ག་དྷ་པ་རྣམས་དང ། ནི་ཏིའི་བུད་མེད་བླངས་པ་རྣམས་ས་རྣམ་པར་གཡོས་པའི་ནད་ཀྱིས་ཐེབས་པར་འགྱུར་རོ། །མེ་བཞི་ལ་ས་རྣམ་པར་གཡོས་པས་ན་རྫ་མཁན་རྣམས་དང ། སྨན་པ་རྣམས་དང ། ཚོགས་ཀྱི་གཙོ་བོ་རྣམས་དང ། བློན་པོ་ཆེན་པོ་རྣམས་དང ། དམག་དཔོན་རྣམས་ས་རྣམ་པར་གཡོས་པའི་ནད་ཀྱིས་ཐེབས་པར་འགྱུར་རོ། །འདི་ལྟར་ནམ་སོ་ལ་ས་གཡོས་པ་ཡང་སྔ་མ་བཞིན་དུ་བལྟའོ། །ས་རི་ལ་ས་རྣམ་པར་གཡོས་ན་རྐུན་མ་ཚུལ་ཁྲིམས་ཉམས་པ་རྣམས་དང ། ཤ་ན་པ་དང ། ཤན་པ་ལ་དགའ་བ་རྣམས་དང ། ཤན་པའི་བདག་ 423a ༄#། །པོ་དང ། རླུང་ཟའི་དཀའ་ཐུང་པ་རྣམས་གཡོས་ནས་ནད་ཀྱིས་ཐེབས་པར་འགྱུར་རོ། །ས་ག་ལ་ས་རྣམ་པར་གཡོས་ན་རི་ཆེན་པོ་རྣམས་འཆད་པར་འགྱུར་རོ། །རྟ་རྒྱུག་པ་རྣམས་དང ། ལམ་ན་འགྲོ་བ་ལ་རླུང་དྲག་པོས་རྡོ་རྣམས་འཐོར་བས་སྟོབས་མེད་པར་བྱེད་ལ་ས་གཡོས་པས་དེ་དག་ནད་ཀྱིས་འདེབས་པར་འགྱུར་རོ། །ཡང་ནག་པ་ལ་ས་གཡོས་ན་རྐུན་མ་ཆེན་པོས་གནོད་པ་བྱེད་པ་འོང་ཞིང ། བྱི་རྒྱུག་པ་དང ། ཆོ་ལོ་པ་རྣམས་དང ། མདུད་པ་འགྲོལ་བའི་མི་རྣམས་དང ། ན་དྲ་པ་རྣམས་དང ། བུ་རམ་ཤིང་འཕེལ་བ་རྣམས་དང ། ཕུ་ལིན་པ་རྣམས་ལ་སྐྱབས་མེད་པའི་འཇིགས་པ་འོང་ཞིང་གྲོགས་དང་འབྲལ་ཞིང་སྟོབས་ཆེ་བ་འབྱུང་ངོ ། །སྣརོན་ལ་ས་གཡོས་ན་རྒྱལ་པོ་ཆེན་པོ་ལ་གནོད་པ་འབྱུང་ཞིང་ཁྲ་དང ། བྱི་བ་དང ། སྦྲུལ་དང ། དེ་བཞིན་དུ་གཅན་གཟན་གདུག་པ་ཅན་རྣམས་དང ། གཞན་གནོད་པ་བྱེད་པ་རྣམས་དང ། སུར་སེ་ན་བ་དང ། མ་ལ་བ་རྣམས་དང ། བ་ལྷི་བ་གྲ་ཧ་པ་དང ། གནོད་པ་མེད་པ་དང ། དེ་ལ་གུས་པའི་མི་རྣམས་མྱུར་བར་ས་གཡོས་པས་ནད་ཀྱིས་འདེབས་པར་འགྱུར་རོ། །སྣརུབས་ལ་ས་གཡོས་ན་རྐང་བཞི་པ་རྣམས་དང ། རྐང་གཉིས་པ་དང ། དེ་བཞིན་དུ་གནོད་སྦྱིན་རྣམས་དང ། ཡི་དྭགས་རྣམས་དང ། སེམས་ཅན་དེ་དག་དང ། རི་ཁྲོད་པ་རྣམས་དང ། ཆུ་མེད་པས་ལོ་ 423b ཉེས་ཤིང་མྱུར་དུ་མུ་གེ་འབྱུང་ཞིང་རི་རྣམས་འཆད་པར་འགྱུར་རོ། །ཆུ་སྟོད་ལ་ས་གཡོས་ན་ཆུ་ལ་གནས་པའི་ཉ་རྣམས་དང ། ཤུ་ཤུ་མ་དང ། ཉ་ཕྱིས་རྣམས་དང ། ཆུ་སྲིན་རྣམས་དང ། རུས་སྦལ་དང ། རིགས་དང ། རུས་བཙུན་པ་རྣམས་དང ། ནོར་དང་ལྡན་པ་རྣམས་དང ། མཁས་པ་རྣམས་དང ། གཉིས་པ་རིགས་དང་ལྡན་པ་རྣམས་ལ་འཇིགས་པ་ཆེན་པོ་འབྱུང་ཞིང་ས་གཡོས་པས་དེ་དག་ནད་ཀྱིས་འདེབས་པར་འགྱུར་རོ། །ཆུ་སྨད་ལ་ས་གཡོས་ན་བཟོ་མཁས་པ་རྣམས་ལ་གནོད་པ་མི་འབྱུང་ཞིང་མགར་བ་དང ། ཞལ་མཁན་རྣམས་དང ། མདའ་མཁན་རྣམས་དང ། ཤིང་མཁན་རྣམས་དང ། དབུལ་པོ་རྣམས་དང ། གཞན་ཡང་བཟོ་སྣ་ཚོགས་པ་བྱེད་པ་དང ། གྲོང་དང་ཉེ་བའི་སྐམ་ལ་གནས་པ་ལ་གནོད་པར་འགྱུར་རོ། །གྲོ་བཞིན་ལ་ས་གཡོས་ན་མི་གང་ཞིག་རྒྱལ་ཕོ་མཆོད་པ་དང ། ཀློག་པ་རྣམས་དང ། བསྟན་བཅོས་མཁས་པ་རྣམས་དང ། སྙན་དང་གས་མཁན་རྣམས་དང ། གླུ་མཁན་རྣམས་དང ། སུ་ར་སེ་ན་བ་དང ། རྗེས་སུ་འཇུག་པ་རྣམས་དང ། གོས་འཚོང་པ་དང ། གི་ཤ་ཏ་དང ། ས་ར་དན་དང ། དེ་དག་གི་བསམ་པ་འགྲུབ་བོ།། མོན་གྲེ་ལ་ས་གཡོས་ན་ནོར་ཅན་རྣམས་ལ་གནོད་པ་འབྱུང་ཞིང་ཕྱུག་པོ་རྣམས་དང ། གྲོང་ཁྱེར་ཆེན་པོ་དང ། ཚོང་དཔོན་རྣམས་དང ། སྤྱི་ཅེར་རྣམས་དང ། བཀྲ་ཤིས་པ་དང ། ། 424a ༄#། །བཟང་པོ་སྔགས་མཁན་དང ། རི་ཁྲོད་པ་རྣམས་དང ། པ་རི་ཀ་པ་དང ། མ་ལ་པ་དང ། གྲོང་ཁྱེར་ཆེ་བ་གཞན་རྣམས་ལ་གནོད་པ་འབྱུང་བར་འགྱུར་རོ། །མོན་གྲུ་ལ་ས་གཡོས་ན་ཆུ་ལ་གནས་པ་རྣམས་ལ་གནོད་པ་ཆེན་པོ་འབྱུང་ཞིང་གླང་པོ་དང ། རྟ་དང ། པོང་བུ་དང ། རྔ་མོ་རྣམས་ལ་ཆེར་སྡུག་བསྔལ་འབྱུང་ངོ ། །དེ་བཞིན་དུ་སོ་རི་ར་ཀ་པ་དང ། མ་དྲ་བ་དང ། བི་ལི་ཀན་པ་དང ། ཀེ་ཀ་ཡན་པ་དང ། རྟེན་མེད་པ་དང ། འཁོར་ལོ་གཅིག་པ་དང ། ཡུལ་དེ་དག་གི་སྐྱེ་བོ་རྣམས་ལ་ནད་འབྱུང་ངོ ། །མེ་བཞི་ལ་ས་རྣམ་པར་གཡོས་ན་སྲིན་པོའི་གདོན་གྱིས་འཛིན་ཅིང ། དེ་བཞིན་དུ་ཤན་པ་དང ། ཕག་འཚོང་པ་དང ། སོ་པ་རི་པ་རྣམས་འཆི་བར་འགྱུར་རོ། །ཚོང་གིས་འཚོ་བའི་རྗེའུ་རིགས་དང ། དམངས་རིགས་དང ། ཟློས་གར་མཁན་དང ། ནས་གླིང་པ་དང ། རྟ་རྣམས་དང ། གྱད་ཀྱི་ཡུད་པ་རྣམས་དང ། ཁུ་ལོ་དང་ལྡན་པའི་བུད་མེད་རྣམས་དང ། མདུད་པ་འགྲོལ་བ་རྣམས་མེད་པར་འགྱུར་རོ། །མོན་གྲུ་ལ་ས་གཡོས་ན་ཚོང་པ་རྣམས་ལ་ནད་འབྱུང་ཞིང་ཆོས་ལ་དགའ་བ་དང ། གྲུབ་པ་རྣམས་དང ། ཤོ་གམ་གྱི་ལས་བྱེད་པ་རྣམས་དང ། རྒྱལ་རིགས་སྲིད་སྒྲུབ་ཀྱི་རྒྱུད་དང ། མཛའ་བ་རྣམས་དང ། སིན་དུ་བའི་རྒྱལ་པོ་དང ། མདའ་གཞུ་ཐོགས་པ་རྣམས་ཡུན་ 424b རིང་པོར་དོན་མེད་པར་འགྱུར་རོ། །ནམ་གྲུ་ལ་ས་གཡོས་ན་གཡུལ་དྲག་པོ་ཤོམ་པར་འགྱུར་ཞིང་གྲོང་འཇོམས་པར་འགྱུར་བ་དང ། གྲོང་གིས་གྲོང་ཕུང་བ་དང ། ནིར་ཏ་པ་རྣམས་དང་རྒྱ་ཡུལ་པ་དང ། ར་མ་ཏ་མ་གནས་པ་རྣམས་དང ། ཞིང་ལས་བཟང་པོ་བྱེད་པ་རྣམས་དང།་ལུང་པ་གནས་པའི་གཙོ་བོ་རྣམས་དང ། དམག་དཔོན་ཐམས་ཅད་ངེས་པར་སྲེག་པར་འགྱུར། རོ། །ཐ་སྐར་ལ་ས་རྣམ་པར་གཡོས་ན་རྟ་རྣམས་ལ་ནད་འབྱུང་ཞིང་གྲོང་རྣམས་འཇིག་པར་འགྱུར། སྤུན་ཟླ་གསོད་པར་འགྱུར་ཞིང་དེ་ལ་མངལ་ཆགས་པ་དང ། དེ་ལ་སྐྱེས་པ་དང་གསུམ་སྡུག་བསྔལ་དང ། རྒྱུན་དུ་ལྡན་པར་འགྱུར་ཞིང་མདུན་རྒྱུད་དང ། མངལ་ན་གནས་པ་དང ། བཟའ་བཏུང་འཐུང་བ་དང ། སྲིད་སྒྲུབ་ཀྱི་རྒྱལ་རིགས་རྣམས་ཕན་ཚུན་གསོད་པར་འགྱུར་རོ། །བྲ་ཉེ་ལ་ས་གཡོས་ན་རྐུན་མ་རྣམས་ལ་ནད་ཆེན་པོ་འབྱུང་ཞིང་རྩོད་པ་འབྱུང་ངོ ། །ཆོ་ལོ་མཁན་དང ། མདུད་པ་འགྲོལ་བ་དང ། མེ་ལོང་གི་འཁོར་ལོས་སླུ་བར་བྱེད་པ་རྣམས་དང ། དེ་བཞིན་དུ་བཙོན་སྲུང་རྣམས་དང ། ཟས་སྡོམ་པ་དང ། གནོད་པ་བྱེད་པའི་སྐྱེ་བོ་མི་བཟད་པ་རྣམས་འཆི་བར་འགྱུར་རོ། །ས་གཡོས་ནས་ཞག་བདུན་ན་སྤྲིན་ཆེན་པོ་གཡོ་བར་འགྱུར་ཏེ། སྣུམ་ཞིང་གནག་ལ་རི་བོ་ལྟ་བུ་ལྡང་བར་འགྱུར་རོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །གཉིད་འཕེལ་བ་དང ། གཞན་ཡང ། བཀྲ་ 425a ༄#། །ཤིས་ཀྱི་དབྱངས་དང ། དབང་པོ་རྡོ་རྗེ་ལྟ་བུ་དང ། དེ་བཞིན་དུ་དེར་དུས་ཚིགས་ལྟར་ཉི་མ་དང ། ཟླ་བ་སྒྲིབ་ཅིང་དེ་ལ་ཀུན་ནས་སྤྲིན་ཆེན་པོའི་མཚན་ཉིད་དང་ལྡན་ཞིང་དེ་དང་འདྲ་བར་མཐོང་ཞིང་ཐེ་ཚོམ་བསྐྱེད་པའི་སྤྲིན་ལྡང་ཞིང་འབྲུག་བསྒྲགས་པ་འབྱུང་བར་རིག་པར་བྱའོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །དེ་ལྟར་ཤེས་ནས་གདོན་མི་ཟ་བར་ས་བོན་རྣམས་གདབ་པར་བྱའོ། །བྱ་རྣམས་བསྲུང་ན་ཚོང་པ་རྣམས་ཀྱི་བྱ་བ་འགྲུབ་བོ། །དེ་ལྟ་བུའི་ས་གཡོས་ན་ཐམས་ཅད་དུ་བཀྲ་ཤིས་པར་བརྗོད་དོ། །ཡང་ས་གཡོས་ནས་དེའི་རྗེས་ལ་ཞག་བདུན་ན་སྤྲིན་ལྡང་སྟེ། ཡང་འདི་ལྟར་ཀ་ཤི་ཀའི་གོས་འདྲ་བའི་སྤྲིན་གྱིས་ཁྱབ་ཅིང་མི་མཐུན་པའི་སྒྲ་སྒྲོགས་པས་ནུབ་ཕྱོགས་སུ་འགྲོ་ལ་ཆུ་ལ་གནས་པའི་ཤུ་ཤུ་མ་ར་དང ། བ་ལུ་ཀ་དང ། ཉ་དང ། ཆུ་སྲིན་འདྲ་བའི་སྤྲིན་སྣང་ཞིང་ཉི་མ་དང ། ཟླ་བ་སྒྲིབ་པ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་སྣང་ན་དེ་ནི་ཆུས་སྤྲུལ་པ་ཡིན་པར་རིག་པར་བྱའོ་ཞེས་དྲང་སྲོང་ཆེན་པོ་རྣམས་ཀྱིས་དེ་སྐད་བསྟན་པ་ཡིན་ནོ། །སྒང་དང ། རིའི་རྩེ་མོ་དང ། ཞིང་རླན་དང་བྲལ་བ་དེ་དག་རྣམས་ལ་ས་བོན་གདབ་པར་བྱ་སྟེ། དམའ་བར་ཉམས་པར་འགྱུར། དེ་བཞིན་དུ་འདམ་དང ། ཆུར་འགྱུར་ཞིང་དམའ་བར་འདུས་པར་འགྱུར་རོ། །དེ་ལྟ་བུའི་ས་གཡོས་ན་ནི་ཆུའི་ཡིན་པས་ཤེས་པ་ཡིན་པར་རིག་པར་བྱའོ། །ཡང་འདི་ལྟར་ས་གཡོས་ 425b ནས་དེའི་རྗེས་ལ་ཞག་བདུན་གྱི་ནང་དུ་རླུང་དྲག་པོ་མི་བཟད་པ་ལྡང ། དུས་ཚིགས་ལྟར་སེར་སྐྱར་སྣང་ལ་ཉི་མ་དང ། ཟླ་བ་དམར་པོར་མཐོང་ཞིང་མཚན་ཉིད་དེ་ལྟ་བུ་དང་ལྡན་པར་སྣང་ན། དེ་ནི་རླུང་གིས་ས་གཡོས་པ་ཡིན་པར་རིག་པར་བྱའོ། །དེ་ལྟ་བུར་གྱུར་པ་ནི་དྲང་སྲོང་རྣམས་ཀྱིས་བསྟན་པ་ཡིན་ནོ། །དེ་ལྟ་བུ་ལ་མཁས་པས་འགྲོ་བར་མི་བྱ་སྟེ། །བདག་ཉིད་བསྲུང་བར་བྱ་ཞིང་དགྲ་ཟླ་ལས་འཇིགས་པ་ཆེན་པོ་འབྱུང་བས་ར་བ་དང ། འོབས་ཀྱིས་མཆོག་ཏུ་བསྲུང་བར་བྱའོ། །དེ་ལྟ་བུ་ནི་སའི་ས་གཡོས་པའི་ཡོན་ཏན་ཐམས་ཅད་བསྟན་པ་ཡིན་ནོ། ། མི་རྣམས་ཀྱིས་མེ་ཡི་ས་གཡོས་པའི་ཁྱད་པར་རིག་པར་བྱ་སྟེ། གལ་ཏེ་ས་གཡོས་ནས་དེའི་རྗེས་ལ་ཞག་བདུན་གྱི་ནང་དུ་སྐར་མདའ་དྲག་པོ་ལྟུང་ཞིང་དུས་ཚིགས་ལྟར་དམར་ལ་ཉི་མ་དང ། ཟླ་བའང་དམར་བར་སྣང་བ་དེ་ལྟ་བུའི་མཚན་ཉིད་དང་ལྡན་པར་སྣང་བ་ནི་མེ་ཡིས་ས་གཡོས་པ་ཡིན་པར་རིག་པར་བྱའོ། །བུད་ཤིང་ལས་མེ་མཆེད་པར་འགྱུར་བས་ནོར་བསྲེགས་ཤིང་དུ་བའི་ཕྲེང་བ་སྣང་ཞིང་མཚོན་མཆོག་ཏུ་འབབ་པ་ཆུ་འཁྱིལ་བ་སྣང་བ་ཟླ་བ་དགུའི་བར་དུ་ཆར་མི་འབབ་བོ། །དེ་ལྟ་བུའི་ས་གཡོས་པ་མི་བཟད་པ་ནི་མེ་ཡིས་ས་གཡོས་པ་ཡིན་ཏེ། རྒྱལ་པོ་དང ། རྒྱལ་རིགས་རྣམས་ལ་སྔ་དྲོའི་ཚ་བའི་གནོད་པ་འབྱུང་བར་འགྱུར་ཞིང་རྟ་དང ། གླང་པོ་དང ། བློན་པོ་ཆེན་པོ་རྣམས་ 426a ༄#། །ལ་ནི་ཕྱེད་ལ་ཚ་བའི་ནད་འབྱུང་ལ་ཕྱི་དྲོ་ནི་བ་ལང་དང ། ཕྱུགས་རྣམས་ལ་ནད་འབྱུང་ངོ ། །མཚན་མོ་རྐུན་མ་རྣམས་ལ་གནོད་པ་འབྱུང་ངོ ། །ནམ་ནངས་པ་ན་མཐའ་ཁོབ་པ་རྣམས་ལ་འཆི་བའི་འཇིགས་པ་འབྱུང་ངོ ། །དེ་བཞིན་དུ་ནམ་ཕྱེད་ན་ནི་ཞག་བརྒྱད་ཀྱི་བར་དུ་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་ཏེ། དེ་ནས་ཡང་བུད་མེད་དང ། སྐྱེས་པ་ལ་འབྱུང་ཞིང་ཐུན་གསུམ་ནི་ཞིང་རྨོ་བའི་རང་བཞིན་གྱི་ལས་བྱེད་པ་རྣམས་ལ་གནོད་པར་འབྱུང་ངོ ། །མར་ངོ་ལ་ནི་དྲག་ཤུལ་གྱི་ལས་བྱེད་པའི་གཏུམ་པོ་རྣམས་ལ་ནད་འབྱུང་ངོ ། །ཡར་ངོ་ལ་ནི་བྲམ་ཟེ་མཆོད་སྦྱིན་བྱེད་པ་དང ། ཞིང་པ་རྣམས་དང ། བྱིས་པ་རྣམས་དང ། རྒན་མོ་རྣམས་དང ། ཆོས་ལ་གནས་པའི་གཙོ་བོ་རྣམས་ལ་ཚ་བའི་ནད་འབྱུང་བར་འགྱུར་རོ། །དམན་པ་དང ། དགེ་བ་དང ། དམའ་བར་འགྱུར་བ་རྣམས་ཤེས་ཤིང་གང་གིས་སྔ་མའི་རང་བཞིན་དུ་གྱུར་པ་ཤེས་པའི་བྲམ་ཟེའི་ཉི་མར་གྱུར་པར་བལྟའོ། །ཡང་ཕུར་བུའི་མཉམ་པའི་དགེ་བའི་ལས་རྣམ་པ་བཞི་དང ། དམངས་རིགས་ཀྱི་ལས་རྣམ་པ་བཞི་དང ། མཉམ་པའི་སྙན་དངགས་ཀྱི་ལས་རྣམས་ཤེས་པ་དང ། སོ་མའི་ལས་རྣམ་པ་བཞི་དང ། ཚངས་པའི་ལས་དེས་མཉམ་པར་ཤེས་པ་རྣམས་ལ་གནོད་པ་འབྱུང་ངོ ། །ཀྱེ།་གཞན་ཡང ། པདྨའི་སྙིང་པོ། རྒྱུ་སྐར་ཉི་ཤུ་རྩ་ 426b བརྒྱད་པོ་དེ་དག་གི་ནད་ཀྱི་ལེའུ་བཤད་པར་བྱའོ། །སྨིན་དྲུག་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ཞག་བཞི་ནས་སོས་པར་བསྟན་ནོ། །དེའི་ལྷ་ནི་མེ་ལྷ་ཡིན་པས་ཞོའི་གཏོར་མ་བཏང་ན། གཏོར་མ་དེས་ནད་ལས་ལྡང་བར་བཤད་དོ། །སྣར་མ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཞག་ལྔའི་བར་དུ་ན་བར་འགྱུར་རོ། །དེ་ནས་སོས་པར་འགྱུར་རོ། །དེའི་ལྷ་ནི་སྐྱེ་དགུའི་བདག་པོ་ཡིན་པས་མེ་ཏོག་གི་ཕྲེང་བ་གཙང་མའི་གཏོར་མ་བཏང་བས་གཏོར་མའི་ལས་དེས་ནད་ལས་ལྡང་བར་འགྱུར་རོ། །མགོ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཞག་བརྒྱད་ནས་ནད་དེ་ལས་སོས་པར་འགྱུར་རོ། །དེའི་ལྷ་ནི་ཟླ་བ་ཡིན་པས་སྲན་སྔོན་གྱི་འཁུར་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་ལས་ལྡང་བར་འགྱུར་རོ། །ལག་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་ན་ནི་ཞག་བཅུའི་བར་དུ་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་རོ། །དེའི་ལྷ་ནི་དྲག་པོ་ཡིན་པས་འབྲས་དང ། འོ་ཐུག་གི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར། །ནམ་སོ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཞག་བརྒྱད་ཀྱི་བར་དུ་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་རོ། །དེའི་ལྷ་ནི་ཉི་མ་ཡིན་པས་སྤོས་དང ། བྱུག་པའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །རྒྱལ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་ 427a ༄#། །བཏབ་པ་ནི་ཞག་ལྔའི་བར་དུ་ན་ཞིང་དེ་ནས་སོས་པར་འགྱུར་རོ། །དེའི་ལྷ་ནི་ཕུར་བུ་ཡིན་པས་བྱུག་པ་དང ། ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །སྐག་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་སྨན་གྱི་གསོ་བས་མི་སོས་ཏེ། ལྷ་ནི་སྦྲུལ་ཡིན་པའི་ཕྱིར་རོ། །མཆུ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཞག་བརྒྱད་ཀྱི་བར་དུ་ན་ཞིང ། དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་མཚུན་ཡིན་པས་འབྲུ་དང་ཏིལ་བཏགས་པའི་རི་ལུའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །གྲེ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཞག་བདུན་ན་བར་འགྱུར་ཞིང་དེ་ནས་ནད་དེ་ལས་སོས་པར་འགྱུར་ཏེ། དེའི་ལྷ་ནི་ཀླུ་ཡིན་པས་བྱུག་པ་དང ། ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །དབོ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་གསོ་བའི་སྨན་གྱིས་སོས་པར་མི་འགྱུར་ཏེ། དེའི་ལྷ་ནི་གཤིན་རྗེ་ཡིན་པའི་ཕྱིར་རོ། །མེ་བཞི་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཞག་ལྡན་པར་འགྱུར་ཞིང ། དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་ཉི་མ་ཡིན་པས་བྱུག་པ་དང ། ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ནག་པ་ལ་སྐྱེས་པའམ། བུད་ 427b མེད་ནད་ཀྱིས་བཏབ་པ་སོས་པར་འགྱུར་ཏེ། དེའི་ལྷ་ནི་དྲི་ཟ་ཡིན་པས་ནས་ཀྱི་ལྗང་བུའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ས་རི་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཟུག་ཟེར་ཆེ་ལ་ཞག་ཉི་ཤུ་རྩ་བརྒྱད་ཀྱི་བར་དུན་བར་འགྱུར་ཞིང་དེའི་ལྷ་ནི་རླུང་ལྷ་ཡིན་པས་སྣ་ཚོགས་ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ས་ག་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ནད་ལྕི་ཞིང་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་རོ། །དེའི་ལྷ་ནི་མེ་ལྷ་དང ། དབང་པོ་ཡིན་པས་བྱུག་པ་དང ། ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ལྷ་མཚམས་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཟླ་བ་ཕྱེད་ཀྱི་བར་དུ་ན་བར་འགྱུར་ཞིང ། དེ་ནས་སོས་པར་འགྱུར་ཏེ་དེའི་ལྷ་ཉི་མ་ཡིན་པས་མར་གྱིས་གང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །སྣརོན་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ནད་ཚབས་ཆེ་ཞིང་ཞག་བཅུ་གསུམ་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་དབང་པོ་ཡིན་ཏེ། བྱུག་པ་དང ། ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །སྣུབས་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཟླ་བ་གཅིག་ན་བར་ 428a ༄#། །འགྱུར་ཞིང ། དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་དམངས་རིགས་ཡིན་པས་ཤའི་གཏོར་མ་བཏང་ན་གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ཆུ་སྟོད་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ནད་ཚབས་ཆེ་ཞིང་ཟླ་བ་བརྒྱད་ཀྱི་བར་དུ་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་ཆུ་ལྷ་ཡིན་པས་འབྲས་དང ། ཏིལ་བཏགས་པའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་སོས་པར་འགྱུར་རོ། །ཆུ་སྨད་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ཞག་བདུན་གྱི་བར་དུ་ན་ཞིང་དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་སྣ་ཚོགས་པ་ཡིན་པས་འབྲས་དང ། འོ་ཐུག་གི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །གྲོ་བཞིན་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ནད་ལྕི་ཞིང་ལོ་གཅིག་གི་བར་དུ་ན་བར་འགྱུར་ཏེ། དེའི་ལྷ་ནི་ཁྱབ་འཇུག་ཡིན་པས་བྱུག་པ་དང ། ཕྲེང་བའི་གཏོར་མ་གཏང་ན།་གཏོར་མ་དེས་ནད་དེ་ལས་སོས་པར་འགྱུར་རོ། །མོན་གྲེ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པ་ནི་ནད་ལྕི་ཞིང་ཟླ་བ་བཅུ་གསུམ་གྱི་བར་དུ་ན་བར་འགྱུར་ཏེ། དེའི་ལྷ་ནི་བ་སུ་དེ་བ་ཡིན་པས་བྱུག་པ་དང ། ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །མོན་གྲུ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་ 428b ན་ཞག་བཅུ་བདུན་གྱི་བར་དུ་ན་པར་འགྱུར་ཞིང་དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་ཆུ་ལྷ་ཡིན་པས་འབྲས་དང ། འོ་ཐུག་གི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ཁྲུམས་སྟོད་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པར་འགྱུར་ན། ཞག་བདུན་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་ཀླུ་ཡིན་པས་བྱུག་པ་དང ། ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ནམ་གྲུ་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་ན་ནད་ཡང་ཞིང་ཞག་ཉི་ཤུ་རྩ་བརྒྱད་ན་བར་འགྱུར་ཞིང་དེ་ནས་སོས་པར་འགྱུར་ཏེ། དེའི་ལྷ་ནི་རྒྱལ་ཡིན་པས་སྤོས་དང ། མེ་ཏོག་གི་ཕྲེང་བའི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །ཐ་སྐར་ལ་སྐྱེས་པའམ། བུད་མེད་ནད་ཀྱིས་བཏབ་པར་འགྱུར་ན་ཟུག་ཟེར་ཆེ་ལ་ཞག་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ན་བར་འགྱུར་ལ། དེའི་ལྷ་ནི་ཉི་མ་ཡིན་པས་མར་དང ། སྲན་སྔོན་གྱི་གཏོར་མ་བཏང་ན། གཏོར་མ་དེས་ནད་དེ་ལས་ལྡང་བར་འགྱུར་རོ། །བྲ་ཉེ་ལ་སྐྱེས་པའམ། བུད་མེད་གང་ནད་ཀྱིས་བཏབ་པར་གྱུར་ན་སྨན་གྱིས་མི་འཚོ་སྟེ། དེའི་ལྷ་ནི་གཤིན་རྗེ་ཡིན་པའི་ཕྱིར་རོ། ། མཁས་པས་ཚུལ་ཁྲིམས་ལ་སྦྱར་བར་བྱ་སྟེ། དེས་མཐོ་རིས་སུ་འགྲོ་བར་འགྱུར་རོ། །ཀྱེ།་པདྨའི་སྙིང་པོ། དེ་ནི་ནད་ཀུན་ནས་འབྱུང་བ་ཞེས་བྱ་བའི་ལེའུ་ཡིན་ནོ། །གཞན་ཡང་ 429a ༄#། །ཀྱེ།་པདྨའི་སྙིང་པོ། བཅིངས་པ་ཐར་པ་ཞེས་བྱ་བའི་ལེའུ་བཤད་ཀྱི་ཉོན་ཅིག་།ཀྱེ།་པདྨའི་སྙིང་པོ། སྨིན་དྲུག་ལ་བཙོན་དུ་བཟུང་བ་ནི་ཞག་གསུམ་ནས་ཐར་བར་འགྱུར་རོ་ཞེས་བསྟན་ཏོ། །སྣར་མ་ལ་བཙོན་དུ་བཟུང་བ་ནི་ཡང་ཞག་གསུམ་ནས་ཐར་བར་འགྱུར་རོ། །མགོ་ལ་བཙོན་དུ་བཟུང་བ་ནི་ཞག་ཉི་ཤུ་ནས་ཐར་བར་འགྱུར་རོ། །ལག་ལ་བཙོན་དུ་བཟུང་བ་ནི་ཟླ་བ་ཕྱེད་ནས་ཐར་བར་འགྱུར་རོ། །ནམ་སོ་ལ་བཙོན་དུ་བཟུང་བ་ནི་ཞག་གཅིག་ནས་ཐར་བར་འགྱུར་རོ། །རྒྱལ་ལ་བཙོན་དུ་བཟུང་བ་ནི་ཞག་གསུམ་ནས་ཐར་པར་འགྱུར་རོ། །སྐག་ལ་བཙོན་དུ་བཟུང་བ་ནི་ཡང་ཞག་གསུམ་ནས་ཐར་བར་འགྱུར་རོ། །མཆུ་ལ་བཙོན་དུ་བཟུང་བ་ནི་ཞག་བཅུ་དྲུག་ནས་ཐར་བར་འགྱུར་རོ། །གྲེ་ལ་བཙོན་དུ་བཟུང་བ་ནི་ཞག་བཅུ་ནས་ཐར་པར་འགྱུར་རོ། །དབོ་ལ་བཙོན་དུ་བཟུང་བ་ནི་ཞག་བདུན་ནས་ཐར་བར་འགྱུར་རོ། །མེ་བཞི་ལ་བཙོན་དུ་བཟུང་བ་ནི་ཞག་ལྔ་ནས་ཐར་པར་འགྱུར་རོ། །ནག་པ་ལ་བཙོན་དུ་བཟུང་བ་ནི་ཞག་བདུན་ནས་ཐར་བར་འགྱུར་རོ། །ས་རི་ལ་བཙོན་དུ་བཟུང་བ་ནི་བཅུ་གཉིས་ནས་ཐར་བར་འགྱུར་རོ། །ས་ག་ལ་བཙོན་དུ་བཟུང་བ་ནི་ཞག་ཉི་ཤུ་རྩ་དྲུག་ནས་ཐར་བར་འགྱུར་རོ། །ལྷ་མཚམས་ལ་བཙོན་དུ་བཟུང་བ་ནི་ཞག་ཉི་ཤུ་རྩ་དགུ་ནས་ཐར་བར་འགྱུར་ 429b རོ། །སྣརོན་ལ་བརྩོན་དུ་བཟུང་བ་ནི་ཞག་བཅུ་ནས་ཐར་བར་འགྱུར་རོ། །སྣརུབས་ལ་བཙོན་དུ་བཟུང་བ་ནི་ཞག་ཉི་ཤུ་རྩ་དྲུག་ནས་ཐར་བར་འགྱུར་རོ། །ཆུ་སྟོད་ལ་བཙོན་དུ་བཟུང་བ་ནི་ཞག་བཅུ་བཞི་ནས་ཐར་བར་འགྱུར་རོ། །དེ་བཞིན་དུ་ཆུ་སྨད་ལ་ཡང་བརྗོད་པར་བྱའོ། །གྲོ་བཞིན་དང ། མོན་གྲེ་དང ། མོན་གྲུ་དང ། ཁྲུམས་སྟོད་དང ། ཁྲུམས་སྨད་དང ། ནམ་གྲུ་སྟེ། དེ་དག་ལ་བཙོན་དུ་བཟུང་བ་ནི་ཞག་བཅུ་བཞི་ནས་ཐར་པར་འགྱུར་རོ། །ཐ་སྐར་ལ་བཙོན་དུ་བཟུང་བ་ནི་ཞག་གསུམ་ནས་ཐར་པར་འགྱུར་རོ། །བྲ་ཉེ་ལ་བཙོན་དུ་བཟུང་བ་ནི་ཉོན་མོངས་ཤིང་མི་ཤོར་བར་བསྟན་ཏོ། །ཀྱེ། པདྨའི་སྙིང་པོ། དེ་དག་ནི་བཅིངས་པ་ཐར་པ་ཞེས་བྱ་བའི་ལེའུ་ཡིན་ནོ། །ཀྱེ།་པདྨའི་སྙིང་པོ། གཞན་ཡང ། སྨེ་བའི་མཚན་མ་བཤད་པར་བྱ་ཡི་ཉོན་ཅིག ། མགོ་དཀྱིལ་ན་སྨེ་བ་ཕྲ་ཞིང་ས་དཀར་པོའི་ཁ་དོག་ལྟ་བུ་ཡོད་ན། བུད་མེད་དེ་ནི་རྒྱལ་པོའི་བཙུན་མོར་འགྱུར་རོ། །དེ་ནི་མཆུ་པདྨ་ལྟར་དམར་བར་འགྱུར་རོ། །བུད་མེད་ཀྱི་མགོ་ལ་སྨྲེ་བ་ཕྲ་ཞིང་ལིག་པུ་མིག་གི་ཁ་དོག་ལྟ་བུ་ཡོད་ན། དེ་ནི་དམག་དཔོན་གྱི་ཆུང་མར་འགྱུར་ཏེ། ནུ་མ་གཉིས་ཀྱི་དཀྱིལ་ན་ཐིག་ལེ་ལྟ་བུའི་སྨེ་བ་ཡོད་པར་འགྱུར་རོ། །སྨིན་མ་གཉིས་ཀྱི་མཚམས་ན་སྨེ་བ་ཡོད་ན་དེ་ནི་ཁྱིམ་ཐབ་ལས་འཕྱོ་ཞིང་བག་མེད་པར་སྤྱོད་ལ། ཁྱོ་ལྔ་ཡོད་པར་འགྱུར་ཞིང་ཟས་དང ། སྒོ་མ་མང་དུ་རྙེད་པར་འགྱུར་རོ། །གསང་བའི་གནས་བ་སྨེ་ 430a ༄#། །བའི་ཐིག་ལེ་ཡོད་ན་ཁྱོ་ལྔ་ཡོད་པར་འགྱུར་རོ། །གང་གི་མཁུར་ཚོས་ལ་སྨེ་བ་ཡོད་ན། དེ་ནི་ཁྱིམ་ཐབ་ལས་འཕྱོག་ཞིང་བཟོད་པར་དཀའ་བའི་སྡུག་བསྔལ་ཐོབ་པར་འགྱུར་རོ། །བརླའི་ཕྱི་བཤམ་ན་སྨེ་བ་ཐིག་ལེ་ལྟ་བུ་ཡོད་པ་དང ། རྣ་བ་ལ་སྨེ་བ་ཡོད་པ་ནི་ཐོས་པ་མང་ཞིང་བག་མེད་པར་བསྟན་ཏོ། །གང་གི་མཇུག་ཏོ་ན་ཐིག་ལེ་ལྟ་བུའི་སྨེ་བ་ཡོད་པ་ནི་ཐོས་པ་མང་ཞིང་ཁྱིམ་ཐབ་ཀྱི་བརྟུལ་ཞུགས་ཅན་དུ་འགྱུར་རོ། །གང་གི་ཡ་མཆུ་ལ་སྨེ་བ་ནག་པོ་ཡོད་པ་དེ་ནི་རྫུན་སྨྲ་ཞིང་ཁྱིམ་ཐབ་ལས་འཕྱོ་ལ་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་རོ། །གང་གི་བརླ་ལ་སྨེ་བ་ཡོད་པ་ནི་སྔ་མ་དང་འདྲའོ། །གང་གི་མཆུ་ལ་སྨེ་བ་ཡོད་པ་དེ་ནི་བག་ཆུང་ཞིང་ཁྱིམ་ཐབ་ལས་འཕྱོ་བར་བསྟན་ཏོ། །གང་གསང་བའི་ནང་ན་སྨེ་བ་ཡོད་པ་དེ་ནི་ཟས་དང ། སྐོམ་མང་དུ་རྙེད་པར་འགྱུར་རོ། །ཀོས་ཀོ་དང ། གསང་བའི་ནང་ན་སྨེ་བ་ཡོད་པ་དེ་ནི་ཁྱིམ་ཐབ་ལས་འཕྱོ་ཞིང་ཟས་དང ། གོས་མང་དུ་རྙེད་པར་འགྱུར་རོ། །ཀྱེ།་པདྨའི་སྙིང་པོ། དེ་ནི་སྨེ་བ་ལུང་བསྟན་པ་ཞེས་བྱ་བའི་ལེའུའོ། །ཀྱེ།་པདྨའི་སྙིང་པོ། གཞན་ཡང ། སྐྱེས་པའི་ཡོན་ཏན་གྱི་ལེའུ་བཤད་ཀྱི་ཉོན་ཅིག་།སྨིན་དྲུག་ལ་སྐྱེས་པའི་མི་ནི་དཀའ་ཐུབ་དང་ལྡན་ཞིང་རྐུན་མ་ལ་དགའ་ལ་དཔའ་ཞིང་གཏུམ་པ་ལུགས་སྟོན་པའི་སྐྱེས་བུར་འགྱུར་རོ། །སྣར་མ་ལ་སྐྱེས་པའི་ 430b སྐྱེས་བུ་ནི་ནོར་དང་ལྡན་པ་དང ། ཆོས་ལ་དགའ་ཞིང་བརྩོན་འགྲུས་བརྟན་ཞིང་དཔའ་ལ་བདེ་བ་དང་ལྡན་པར་འགྱུར་རོ། །མགོ་ལ་སྐྱེས་པའི་སྐྱེས་བུ་ནི་འཇམ་ཞིང་མཛེས་ལ་བལྟ་བར་འོས་པ་དང ། ཁྱད་པར་དུ་བུད་མེད་ལ་དགའ་བར་འགྱུར་རོ། །ལག་ལ་སྐྱེས་པ་ནི་གསོད་ཅིང་གདུང་ལ་ཕ་རོལ་འཇིགས་པར་བྱེད་ཅིང་ལས་དྲག་པོ་ལ་སྦྱོར་ལ་ཁང་པ་བཟང་པོ་རྙེད་པར་འགྱུར་རོ། །ནམ་སོ་ལ་སྐྱེས་པ་ནི་འདོད་པ་ཆུང་ཞིང་བློ་དང་ལྡན་ལ། ཆོས་དང་ཚུལ་ཁྲིམས་དང་བཅས་ཤིང་སྤྲོ་ཐུང་བར་འགྱུར་རོ། །རྒྱལ་ལ་སྐྱེས་པ་ནི་བྲམ་ཟེ་ཆེན་པོ་གཟི་བརྗིད་དང་ལྡན་པའམ། རྒྱལ་རིགས་སུ་གྱུར་ནས་རྗེའུ་རིགས་དང ། དམངས་རིགས་ཀྱིས་མཆོད་པར་འགྱུར་རོ། །སྐག་ལ་སྐྱེས་པ་ནི་སྣ་འབུད་ཅིང་ཁྲོ་ལ་སྤྲོ་ཐུང་ཞིང་སྐྱེས་བུ་ངན་པ་རྣམས་ལ་ལུང་གསལ་བར་བསྟན་ཏོ། །མཆུ་ལ་སྐྱེས་པ་ནི་ཤེས་རབ་དང་ལྡན་ཞིང་ལག་པ་གཙང་ལ་བསོད་ནམས་ཆེ་ཞིང་དེ་བཞིན་དུ་ནོར་དང ། ལོངས་སྤྱོད་དུ་ལྡན་པར་འགྱུར་རོ། །གྲེ་ལ་སྐྱེས་པ་ནི་ཆོས་མ་ཡིན་པའི་བློ་དང་ལྡན་ཞིང་རྟག་ཏུ་བླ་མ་ལ་སྨོད་པར་འགྱུར་རོ། །དབོ་ལ་སྐྱེས་པ་ནི་ལོངས་སྤྱོད་དང་ལྡན་ཞིང་ལྷའི་མངོན་པར་ཤེས་པ་དང་ལྡན་པའི་བསོད་ནམས་ཀྱི་སྐལ་བ་ཅན་གྱི་སྐྱེས་བུར་འགྱུར་རོ། །མེ་བཞི་ལ་སྐྱེས་པ་ནི་བདག་ཉིད་སྐྱོན་མེད་ཅིང་རྣམ་པར་གནོན་ལ་ཟས་བཟང་པོ་ཟ་ཞིང་དམག་ 431a ༄#། །དཔོན་བྱེད་ཅིང་འཇོམས་པར་འགྱུར་རོ། །ནག་པ་ལ་སྐྱེས་པ་ནི་མིག་མཛེས་ཤིང་གཏམ་སྣ་ཚོགས་ལ་མཁས་ལ། བལྟ་ན་སྡུག་ཅིང་དབང་དང་ལྡན་ལ་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །ས་རི་ལ་སྐྱེས་པ་ནི་གཉེན་དང་ལྡན་ཞིང་མཁས་ལ་འཇམ་ཞིང་དད་པ་ཆེ་ལ་གྲོགས་དད་ཆེ་བར་འགྱུར་རོ། །ས་ག་ལ་སྐྱེས་པའི་སྐྱེས་བུ་ནི་གཟི་བརྗིད་དང་ལྡན་ལ་ནོར་མང་ཞིང་དཔའ་ཞིང་ཕ་རོལ་གནོན་ལ་གཏོང་བ་དང་ལྡན་ཞིང་སྐལ་བ་ཆེ་བར་འགྱུར་རོ། །ལྷ་མཚམས་ལ་སྐྱེས་པའི་སྐྱེས་བུ་ནི་གྲོགས་པོ་དང་ལྡན་ཞིང་ཁྱིམ་དང་ལྡན་ལ། དག་ཅིང་བྱས་པ་གཟོ་ལ་ཆོས་ཀྱི་བདག་ཉིད་ཅན་དུ་འགྱུར་རོ། །སྣརོན་ལ་སྐྱེས་པའི་སྐྱེས་བུ་ནི་གྲོགས་དང་ཆེ་ལ་ཀུན་ནས་རྒྱལ་ཞིང་འཕོང་གི་བསྟན་བཅོས་ལ་མཁས་ཤིང ། བུད་མེད་ལ་དགའ་བའི་བློ་ཅན་དུ་འགྱུར་རོ། །སྣུབས་ལ་སྐྱེས་པ་ནི་བྱས་པ་མི་གཟོ་ལ་ཆོས་ལ་མི་དགའ། དཔའ་ཞིང་བརྟན་ལ་སྡིག་པ་ཅན་དུ་འགྱུར་རོ། །ཆུ་སྟོད་ལ་སྐྱེས་པའི་སྐྱེས་བུ་ནི་སེར་སྣ་ཆེ་ལ་དབང་པོ་རྒོད་པ་དང ། ཉའི་ཤ་ལ་སྲེད་ཅིང་ཤན་པར་འགྱུར་རོ། །ཆུ་སྨད་ལ་སྐྱེས་པའི་སྐྱེས་བུ་ནི་སྤྲོ་ཐུང་ཞིང་གཏོང་བ་ལ་དགའ་ཞིང་མཁས་ལ། དགའ་མཛའ་དང་ལྡན་ཞིང་གཉེན་བཤེས་མང་བར་འགྱུར་རོ། །གྲོ་བཞིན་ལ་སྐྱེས་པ་ནི་བསྟན་བཅོས་ལ་མཁས་ཤིང་བྱ་བ་དང་ 431b ལྡན་ལ་ཚེ་རིང་བར་འགྱུར་རོ། །མོན་གྲེ་ལ་སྐྱེས་པ་ནི་བློ་རྒོད་ཅིང་ནོར་མང་ལ་སྐྱེས་བུ་ཐམས་ཅད་འཇོམས་པར་འགྱུར་རོ། །མོན་གྲུ་ལ་སྐྱེས་པ་ནི་ཞེ་སྡང་ཆེ་ཞིང་ཚུལ་ཁྲིམས་དང་མི་ལྡན་ལ་བྱི་རྒྱུག་པར་འགྱུར་རོ། །ཁྲུམས་སྟོད་ལ་སྐྱེས་པ་ནི་སྤྱོད་པའི་ཡོན་ཏན་དང་ལྡན་ཞིང་བྱས་པ་གཟོ་ལ་དེ་ཁ་ར་བར་འགྱུར་རོ། །ཁྲུམས་སྨད་ལ་སྐྱེས་པ་ནི་ཤིན་ཏུ་མཁས་ཤིང་བློ་དང་ལྡན་ལ་བུ་མང་ཞིང་ཆོས་དང ། ཚུལ་ཁྲིམས་དང་ལྡན་ཞིང་ནོར་མང་བར་འགྱུར་རོ། །ནམ་གྲུ་ལ་སྐྱེས་པ་ནི་ཆོས་ཤེས་ཤིང་རིག་པ་སྟེན་ལ་དབུལ་ཞིང་ནོར་ཉུང་ལ་གཏོང་བ་ལ་དགའ་བར་འགྱུར་རོ། །ཐ་སྐར་ལ་སྐྱེས་པ་ནི་མཁས་ཤིང་སྐྱེ་བོའི་ཚོགས་དགའ་ཞིང་དཔའ་ལ་སྐལ་བ་དང་ལྡན་པར་འགྱུར་རོ། །བྲ་ཉེ་ལ་སྐྱེས་པ་ནི་སྡིག་པ་ལ་སྤྱོད་ཅིང་མི་མཁས་ལ་སྔར་ཞིང་སྦྱིན་པ་ལ་དགའ།་ཞིང་གཞན་ལ་རྟེན་པས་འཚོ་བར་འགྱུར་རོ། །ཀྱེ།་པདྨའི་སྙིང་པོ། དེ་ནི་སྐྱེས་པའི་ཡོན་ཏན་གྱི་ལེའུའོ། །གཞན་ཡང ། བྲམ་ཟེ། བདག་གིས་གནས་རྗེས་སུ་དྲན་པའི་ཤེས་པས་མངོན་སུམ་དུ་བྱས་ནས། སེམས་ཀྱིས་རིག་པ་རྣམས་གཏན་ལ་ཕབ་ཅིང་སྣ་ཚོགས་པའི་སྔོན་གྱི་གནས་རྗེས་སུ་དྲན་ཏེ། ཚངས་པ་མཆོག་ཏུ་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན། དེ་ལྟར་བལྟ་བར་མི་བྱ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་ལྷ་རྣམས་ཀྱི་ཚངས་པ་མཆོག་ཏུ་གྱུར་ཏོ། །བདག་དེ་ནས་ཤིང་འཕོས་ནས་ 432a ༄#། །ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཏོ། །དེ་ནས་ཤི་འཕོས་ནས་བྲམ་ཟེ་དགོན་པ་བ་མུ་ཁྱུད་གཽ་ཏ་མ་ཞེས་བྱ་བར་གྱུར་ཏོ། །དེ་ནས་ཤི་འཕོས་ནས་དྲང་སྲོང་དཀར་པོའི་ཏོག་ཅེས་བྱ་བར་གྱུར་ཏོ། །དེ་ནས་ཤི་འཕོས་ནས་ཐ་མལ་པའི་པཎྜི་ཏ་ནེ་ཙོ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་བདག་གིས་རིག་བྱེད་བཞི་བཀླགས་ཏེ། འདི་ལྟ་སྟེ ། རྒྱལ་ཞེས་བྱ་བའི་གནོད་པའི་ཕྱོགས་དང ། སྡེབ་སྦྱོར་གྱི་གནོད་པའི་ཕྱོགས་དང ། ཆ་ཉི་ཤུ་རྩ་གཅིག་པ་བྱས་ཤིང་སྲིད་སྲུང་རྣམས་བདག་གིས་བྱས་སོ། །བྲམ་ཟེ། ཁྱོད་ཡང་དེའི་ཚེ་དེའི་དུས་ན་དྲང་སྲོང་བ་སུ་ཞེས་བྱ་བར་འགྱུར་བ་དེ་གཞན་ཞིག་ཡིན་སྙམ་དུ་དེ་དེ་ལྟར་མི་ལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་དྲང་སྲོང་བ་སུ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ངས་ཤིང་མཁས་གྱི་བུ་མོ་སེར་སྐྱ་མོ་ཞེས་བྱ་བ་ཆུང་མའི་དོན་དུ་བླངས་སོ། །དེ་ལ་བདག་ཀུན་ཏུ་ཆགས་པས་རྫུ་འཕྲུལ་ཉམས་ཤིང་བསམ་གཏན་དང་བྲལ་ཏེ།་དེས་བདག་ཉིད་འགྱོད་ནས་དེའི་ཚེ་དག་བྱེད་ཀྱི་སྔགས་འདི་དག་སྨྲས་སོ། །ོཾ་བྷུར་བྷུ་བ་སཝ། ཏ་ད་ས་བྷི་ཏུ་ར་བ་རེ་ཎྱཾ་བྷར་གོ་དེ་བ་ས་དྷྭི་མ་ཧི་དི་ཡོ་ན་བྲ་རྫོད་ཡ། དེ་བས་ན། བྲམ་ཟེ། ངས་ཁྱོད་ལ་བཤད་པར་བྱ་སྟེ། བདག་ནི་ཐ་མལ་པ་ཙམ་ཉིད་དེ། འཇིག་རྟེན་དུ་འདི་ལྟར་བྲམ་ཟེ་ཞེས་བྱ་བ་དང ། རྒྱལ་རིགས་ཞེས་བྱ་བ་དང ། རྗེའུ་རིགས་ 432b ཞེས་བྱ་བ་དང ། མདངས་རིགས་ཞེས་བྱ་བ་འདི་ཐམས་ཅད་གཅིག་པ་ཉིད་དེ། ཐམས་ཅད་ཐ་དད་པ་མ་ཡིན་ནོ། །དེ་བས་ན་བདག་གི་བུ་གཞོན་ནུ་སྟག་རྣལ་འབུ་མོ་གཟུགས་བཟང་མོ་ཆུང་མའི་དོན་དུ་བྱིན་ཅིག་།གང་རིན་ཇི་སྙེད་ཕབ་པ་དེ་འདོད་པ་བཞིན་དུ་གཞལ་བར་བྱའོ། །གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ལས་ཚིག་དེ་ལྟ་བུ་དེ་ཐོས་པ་དང ། བྲམ་ཟེ་པདྨའི་སྙིང་པོས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་གཅིག་ཏུ་གྱུར་པའི་གཙོ་བོ་མཉམ་པ་མེད་པ་ལྷ་དང་བཅས་པའི་འཇིག་རྟེན་ན་མཉམ་པ་མེད་པའི་བྲམ་ཟེ་ཆེན་པོར་གྱུར་ཏེ།་ཁྱོད་ཀྱི་བུ་ལ་ངའི་བུ་མོ་གཟུགས་བཟང་མོ་སྦྱིན་པར་བྱ་སྟེ། གཞོན་ནུ་སྟག་རྣ་དང ། གཟུགས་བཟང་མོ་གཉིས་ཚུལ་ཁྲིམས་དང ། གཟུགས་དང ། ཡོན་ཏན་དང་ལྡན་ཞིང ། བཟང་ཞིང་མཛེས་པ་ཡིན་ཏེ། འདི་ནི་བདག་ཀྱང་འདོད་པ་ཡིན་ནོ། །དེ་ནས་བྲམ་ཟེ་ཁྱེའུ་ལྔ་བརྒྱ་པོ་དེ་དག་གིས་སྒྲ་ཆེན་པོས། ཀྱེ།་རིག་པ་དང་ལྡན་པའི་བྲམ་ཟེ་རྣམས་གདོལ་པ་དང་གཉེན་མ་མཛད་ཅིག་།མཁན་པོ་རིག་པ་དང་ལྡན་པའི་བྲམ་ཟེ་རིག་པ་གསུམ་པ་རྣམས་གདོལ་པ་དང་ལྷན་ཅིག་ཏུ་གཉེན་མཛད་དམ། དེ་ནས་བྲམ་ཟེ་པདྨའི་སྙིང་པོས་གླེང་གཞི་བཤད་ཅིང་ལན་གྱི་ཚིགས་སུ་བཅད་པ་རྣམས་སྨྲས་པ། ཏྲེ་ཤང་ཀུ་དེས་གང་སྨྲས་པ། །དེ་བཞིན་དེ་ཉིད་དེ་ལྟ་བུར། །དེ་ཉིད་ཡིན་ཏེ་རྫུན་པ་མིན།། 433a ༄#། །ཡང་དག་མཐར་གྱུར་བདེན་པ་ཉིད། །དེ་ནས་བྲམ་ཟེ་པདྨའི་སྙིང་པོས་བྲམ་ཟེའི་ཁྱེའུ་དེ་དག་ལ་སྨྲས་ནས་གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཏྲེ་ཤང་ཀུ་ཚངས་པ་འདི། །མི་མཛད་བདག་པོས་འབྱུང་བཞི་ལས། །སྐྱེས་བུ་རྣམ་པར་སྤྲུལ་པ་སྟེ། །མགོ་ནི་སྐར་ཚོགས་ནམ་མཁའ་ཡིན། ། དེ་བཞིན་ལྟོ་བ་བར་སྣང་ཡིན། །རི་བོ་རྣམས་ནི་བརླ་གཉིས་ཏེ། །རྐང་པ་གཉིས་ནི་ས་རུ་གནས། །ཉི་མ་ཟླ་བ་མིག་གཉིས་ཡིན། །རྩཝ་དང་ཤིང་རྣམས་བ་སྤུ་སྟེ། །མཚིམ་བར་སྣང་ཆར་པའོ། །རྒྱ་མཚོ་རྣམས་ནི་གཅིན་དུ་འདོད། །རི་བོ་རྣམས་ནི་ཕྱི་ས་ཡིན། །དེ་ནི་ཚངས་པ་མི་མཇེད་བདག་།ཁྱོད་དང་ཤེས་པ་མཉམ་པ་མེད། །དེ་དེ་བཞིན་དུ་བདག་གིས་བརྗོད། །ཀྱེ།་ཏྲེ་ཤང་ཀུ་།དེ་ལ་ནི་འདིར་བདག་ཉིད་ཅི་ཞིག་སྨྲ་རུ་ཡོད། ཡང་རང་གི་མཚན་ཉིད་མངོན་སུམ་དུ་དཔྱད་པས་ཕ་དང ། མས་སྦྱོར་བ་བྱས་པ་ལས་གྱུར་ཅིང ། བདེ་བ་འདོད་པས་བསླུས་ནས་སེམས་ཅན་རྣམས་མངལ་དུ་འཇུག་པ་ཡིན་ཏེ། འགའ་ཡང་མ་སྐྱེས་པ་ནི་མེད་དོ། །འཇིག་རྟེན་ཐམས་ཅད་ནི་སྐྱེ་བ་ཡིན་ཏེ། བྲམ་ཟེའི་རིགས་དང ། རྒྱལ་རིགས་དང ། རྗེའུ་རིགས་དང ། དམངས་རིགས་དེ་དག་ཐམས་ཅད་ལ་ཞར་བ་དང ། ལག་པ་འཇས་པ་དང ། ཐེང་བོ་ 433b དང།་མཛེ་དང ། འབྲུམ་བུ་དང ། བརྗེད་བྱེད་རྣམས་དང ། ཤ་བཀྲ་དང ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཐམས་ཅད་ཐ་དད་པར་གནས་པའི་ཕྱིར་ཏེ། རུས་པ་དང ། པགས་པ་དང ། སེན་མོ་དང ། ཤ་དང ། བདེ་བ་དང ། སྡུག་བསྔལ་དང ། བཤང་བ་དང ། གཅི་བ་དང་ལྡན་ཞིང ། དབང་པོ་རྣམས་ནི་རྣམ་པར་དབྱེ་བ་མེད་པའི་ཕྱིར་རིགས་བཞི་འགྲུབ་པར་མི་འགྱུར་རོ། །བྲམ་ཟེ། གལ་ཏེ་བྲམ་ཟེའི་སྔགས་ཀྱི་འབྲས་བུ་མཐོ་རིས་སུ་འགྲོ་བ་ཡིན་ན། དགེ་སྡིག་གི་ལས་ཀྱི་འབྲས་བུ་མེད་ཅིང་ཆུད་ཟ་བར་འགྱུར་རོ། །གང་ཞིག་འགྲོ་བ་ལྔ་རྣམས་ལ་དགེ་སྡིག་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པར་ནི་མཐོང་ངོ ། །དེ་ནས་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས་བྲམ་ཟེ་པདྨའི་སྙིང་པོ་གྲགས་པ་ཚར་བཅད་དོ། །དེ་ནས་བྲམ་ཟེ་དེས་གདོལ་པའི་རྒྱལ་པོ་ཏྲི་ཤང་ཀུ་ལ་སྨྲས་པ། ཁྱོད་ནི་ཚངས་པ་དང ། ལྷའི་དབང་པོ་ཀཽ་ཤི་ཀ་དང ། གཽ་ཏ་མ་རྩིབས་ཀྱི་མུ་ཁྱུད་དང ། དཀར་པོའི་ཏོག་དང ། ནེ་ཙོ་མཁས་པས་རིག་བྱེད་རྣམས་བཤད་པར་གྱུར་ཅིང ། ལྷའི་དྲང་སྲོང་ཆེན་པོར་གྲགས་པ་དང་ལྡན་པའི་མཆོག་དང་ལྟར་ཡང་ཁྱོད་ཉིད་ཡིན་ཏེ། འདིར་རིག་པ་མཆོག་གིས་བསྟན་བཅོས་ཐམས་ཅད་བྱེད་ཅིང ། མཆོག་ཏུ་ཁྱད་པར་ཅན་འཇིག་རྟེན་འདིའི་མཆོག་ཏུ་གྱུར་པ། རིགས་པ་དང་ལྡན་པར་སྤྱོད་པ་ཁྱོད་ཡིན་ 434a ༄#། །པས་ཚུལ་ཁྲིམས་དང་ལྡན་པ། གཟུགས་དང་ལྡན་པ། ཡོན་ཏན་དང་ལྡན་པའི་བུ་མོ་གཟུགས་བཟང་མོ་མནའ་མའི་དོན་དུ་བདག་གིས་ཁྱོད་ལ་སྦྱིན་པར་བྱའོ། །གཞོན་ནུ་སྟག་རྣ་དང ། གཟུགས་བཟང་མོ་གཉིས་མཛེས་ཤིང་མཐུན་པས་ཀྱང་འདི་ལ་མོས་ཤིང་དགའོ་ཞེས་སྨྲས་ནས། གསེར་གྱི་བུམ་པ་ཆུས་བཀང་བ་ཐོགས་ནས་བྲམ་ཟེ་མངོན་པར་དད་ཅིང་དགའ་བ་དང ། མགུ་བ་དང་ལྡན་པས་ཆུ་སྦྲེངས་ནས་བུ་མོ་བྱིན་ཏེ། འདི་སྐད་དུའང་བུ་མོ་གཟུགས་བཟང་མོ་འདི་གཞོན་ནུ་སྟག་རྣའི་ཆུང་མ་རུ་དགའ་བའི་སེམས་ཀྱིས་ལོང་ཞིག་།དེ་ནས་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུས་བུ་མོ་དེ་རང་གི་བུ་དེ་ལ་བླངས་ནས། རང་གི་གྲོང་ཁྱེར་དུ་ཕྱིར་ལོག་སྟེ་ཆོས་དང་ལྡན་པར་གྲགས་པས་རང་གི་རྒྱལ་སྲིད་བསྐྱངས་པར་གྱུར་ཏོ། །ཡང་དགེ་སློང་དག་།ཁྱེད་དེའི་ཚེ་དེའི་དུས་ན་གདོལ་པའི་རྒྱལ་པོ་ཏྲེ་ཤད་ཀུ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། དེ་ལྟར་བལྟ་བར་མི་བྱ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་གདོལ་པའི་རྒྱལ་པོ་ཏྲེ་ཤང་ཀུ་ཞེས་བྱ་བར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན། གཞོན་ནུ་སྟག་རྣ་ཞེས་བྱ་བ་གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུ་ཞེས་བྱ་བའི་བུར་གྱུར་པ་དེ་བཞན་ཞིག་ཡིན་སྙམ་དུ་སེམས་ན། དེ་ལྟར་བལྟ་བར་མི་བྱ་སྟེ། དགེ་ 434b སློང་ཀུན་དགའ་བོ་འདི་ཉིད་དེའི་ཚེ་དེའི་དུས་ན། གཞོན་ནུ་སྟག་རྣ་ཞེས་བྱ་བར་གྱུར་ཏོ། །ཡང་ཁྱོད་དེའི་ཚེ་དེའི་དུས་ན། བྲམ་ཟེ་པདྨའི་སྙིང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། དེ་ལྟར་བལྟ་བར་མི་བྱ་སྟེ། དགེ་སློང་ཤཱ་རདྭ་ཏིའི་བུ་དེའི་ཚེ་དེའི་དུས་ན། བྲམ་ཟེ་པདྨའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་བུ་མོ་གཟུགས་བཟང་མོ་ཞེས་བྱ་བ་བྲམ་ཟེ་པདྨའི་སྙིང་པོའི་བུ་མོར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། དེ་ལྟར་བལྟ་བར་མི་བྱ་སྟེ། དགེ་སློང་མ་གཟུགས་བཟང་མོ་འདི་ཉིད་དེའི་ཚེ་དེའི་དུས་ན། པདྨའི་སྙིང་པོའི་བུ་མོར་གྱུར་ཏོ། །དེར་གཅུགས་པ་དང ། མཛའ་བའི་རྒྱུས་ད་ལྟར་དགེ་སློང་ཀུན་དགའ་བོ་འགྲོ་ན་རྗེས་སུ་འགྲོ་ཞིང་འདུག་ན་འདུག་ལ་ཁང་པ་གང་དང ། གང་དུ་བསོད་སྙོམས་ལ་ཞུགས་པ་ན། སྒོ་དེ་དང ། དེར་མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གླེང་གཞིའི་རྣམ་པ་འདི་ཉིད་བསྟན་ནས། དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྐྱེ་བ་སྔོན་གྱི་བག་ཆགས་ཀྱིས། །དེ་ལྟར་ཡང་ནི་བརྩེ་ཉིད་དེ། །དེ་ཡིད་གཙུགས་པ་སྐྱེས་གྱུར་པ། །ཆུ་ནང་ནས་སྐྱེས་ཅི་བཞིན་ནོ། །དེ་ལྟ་བས་ན། དགེ་སློང་དག་།འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པ་མངོན་དུ་མ་བྱས་པས་བརྩོན་འགྲུས་དང ། མངོན་པར་འབད་པ་ 435a ༄#། །དང།་སྤྲོ་བ་དང ། འདུན་པ་དྲག་པོས་ཚིག་ཏུ་མ་ཡིན་པ་རྟོགས་པར་བྱ་ཞིང་དྲན་པ་དང ། ཤེས་བཞིན་གྱིས་སྤྱད་པར་བྱའོ། །བཞི་པོ་དེ་དག་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ། སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ། སྡུག་བསྔལ་དང ། འགོག་པ་འཕགས་པའི་བདེན་པ། སྡུག་བསྔལ་དང་ལམ་འཕགས་པའི་བདེན་པ་སྡུག་བསྔལ་ཏེ། འཕགས་པའི་བདེན་པ་བཞི་པོ་དེ་དག་མངོན་པར་མ་རྟོགས་པ་མངོན་པར་རྟོགས་པའི་ཕྱིར་བརྩོན་འགྲུས་དང ། མངོན་པར་འབད་པ་དང ། སྤྲོ་བ་དང ། འདུན་པ་དྲག་པོས་ཚིག་ཏུ་མ་ཡིན་པར་རྟོགས་པར་བྱ་ཞིང་དྲན་པ་དང ། ཤེས་བཞིན་གྱིས་སྦྱར་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་དྲུག་ཅུ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །མཉན་ཡོད་ཀྱི་སྐྱེ་བོའི་ཚོགས་ཆེན་པོ་བྲམ་ཟེ་དང ། ཁྱིམ་བདག་རྣམས་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་གྱུར་ཏོ། །དགེ་སློང་དེ་དག་དང ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང ། མཉན་ཡོད་ཀྱི་སྐྱེ་བོའི་ཚོགས་ཆེན་པོ་དང ། བྲམ་ཟེ་དང ། ཁྱིམ་བདག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། 435b དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྟག་རྣའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དགེ་སློང་ཨ་ཛི་ཏ་ཤྲཱི་བྷ་དྲ་དང ། ཞུས་ཆེན་གྱི་ལོཙྪ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། |