rKTs


H356

(e-text produced by ACIP)

see text in transliteration
34b
།།རྒྱ་གར་སྐད་དུ། ཙནྡྲ་པྲ་བྷ་ཨ་བ་དཱ་ནཱ་མ། བོད་སྐད་དུ། ཟླ་འོད་ཀྱི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། གང་གི་ཚེ་ཚེ་དང་ལྡན་པ་དགེ་སློང་ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་གཉིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། གང་དགེ་སློང་ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་གཉིས་གཙོ་བོ་དེ་མྱ་ངན་ལས་འདས་པ་འདི་མ་བཟོད་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པའི་ཐོག་མར་ཡོངས་སུ་མྱ་ངན་ལས་འདས་པ་ནི་ངོ་མཚར་ཆེའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།གང་དགེ་སློང་ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་གཉིས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ།་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་རྣམ་པར་གྲོལ་བ་ན། གཙོ་
35a
༄#། །བོ་མྱ་ངན་ལས་འདས་པའང་མ་བཟོད་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པའི་ཐོག་མར་མྱ་ངན་ལས་འདས་པ་ངོ་མཚར་ཅི་ཞིག་ཆེ། གང་འདས་པའི་དུས་ན། དགེ་སློང་ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་དང་བཅས་པ་ན་ཡང་ང་ལ་གཅིག་ཏུ་སེམས་མངོན་པར་དད་པས་གཙོ་བོ་ཤི་བར་མཐོང་བ་མི་བཟོད་ནས་དུས་བྱེད་ཏེ། འདོད་པའི་ཁམས་ཐམས་ཅད་ལས་ཡང་དག་པར་འདས་ནས། ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དེ་ཉོན་ཅིག་།དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། བྱང་ཕྱོགས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟང་ཞེས་བྱ་བ། འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། མི་དང ། སྐྱེ་བོའི་ཚོགས་མང་པོས་གང་བ། ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བཅུ་གཉིས། ཀུན་ནས་གྲུ་བཞི་པར་གྱུར་ཏེ། ཤིན་ཏུ་རྣམ་པར་འབྱེས་པ། རྟ་བབས་དང ། སྐར་ཁུང་དང ། སྐར་ཁུང་དྲ་བ་ཅན་མཐོན་པོ་དང་རབ་ཏུ་ལྡན་པ་དང ། ཚོང་ཟོང་\?\་དང ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཀུན་ཏུ་གང་བ། རྒྱལ་པོ་དང ། བློན་པོ་དང ། ཁྱིམ་བདག་
35b
དང།་ཚོང་དཔོན་དང ། ཡུལ་འཁོར་གྱི་མི་རྣམས་ཀྱིས་ཡོངས་སུ་གང་བ། མི་རྣམས་གཞུང་ལུགས་ལ་གནས་པ། པི་ཝང་དང ། གླིང་བུ་དང ། རྔ་དང ། སྒྲ་བཟང་དང ། རྔ་བོ་ཆ་དང ། རྫ་རྔ་དང ། རྔ་རིང་དང ། དུང་གི་སྒྲ་རྣམས་ཀྱི་སྒྲ་ངེས་པར་སྒྲོགས་པའོ། །དགེ་སློང་དག། རྒྱལ་པོའི་ཕོ་བྲང་དེ་ན། ཏ་ག་རུའི་དྲི་དང ། ་ག་རུའི་དྲི་དང ། ཙནྡན་གྱི་དྲི་དང ། ཕྱེ་མའི་དྲི་དང ། གུར་གུམ་གྱི་དྲི་དང ། མེ་ཏོག་གི་དྲི་ཞིམ་པ་རྣམས་ཏེ། དུས་ཐམས་ཅད་དུ་འདི་ལྟ་བུའི་དྲི་སྣ་ཚོགས་པ། རླུང་གིས་བསྐྱོད་ནས་ལམ་དང ། སྲང་བར་དང ། བཞི་མདོ་དང ། སུམ་མདོ་རྣམས་སུ་ལྡང་ཞིང་རྒྱུ་བ་དང ། གླང་པོ་དང ། རྟ་དང ། ཤིང་རྟ་དང ། དཔུང་བུ་ཆུང་གི་དཔུང་གི་ཚོགས་དང་ཡང་དག་པར་ལྡན་པ་དང ། བཞོན་པ་དང ། ཐེག་པ་དང ། སྲང་དང།་ལམ་པོ་ཆེ་ཉེ་བར་མཛེས་པར་བྱས་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ་དང ། རྟ་བབས་དང ། སྐར་ཁུང་དང ། སྐར་ཁུང་དྲ་བ་ཅན་དང ། ཟླ་བ་ཕྱེད་པ་བཏགས་པས་ལྷའི་གནས་བཞིན་དུ་ཉེ་བར་མཛེས་པར་གྱུར་པ་དང ། ཀླུའི་དབང་པོ་དང ། རིའི་རྒྱལ་པོ་ལས་མངོན་པར་མཐོན་པའི་མཚོ་དང ། རྫིང་བུ་དང ། ལྟེང་ཀ་དང ། ཆུ་མིག་དང ། འབབ་ཆུས་ཉེ་བར་མཛེས་པ་དང་ལྡན་པ་དང ། ུཏྤ་ལ་དང ། པདྨ་དང ། ཀུ་མུ་ཏ་དང ། པུཎྜ་རི་ཀས་ཀུན་ཏུ་ཁེབས་པ། ཤིང་སཱ་ལ་དང ། ཏ་ལ་དང ། ཏ་མ་ལ་
36a
༄#། །དང།་དོང་ཀ་དང ། ་ཤོ་ཀ་དང ། ཏི་ལ་ཀ་དང ། པུརྞ་ཀ་དང ། ཙམ་པ་ཀ་དང ། བ་ཀུ་ལ་དང ། ་ཏི་མུ་གཏ་ཀ་དང ། བ་ཏ་ལའི་མེ་ཏོག་གིས་ཀུན་ཏུ་ཁེབས་པ་དང་ལྡན་པ་དང ། ནགས་ཚལ་གྱི་ཕྱོགས་ན། ཀ་ལ་པིང་ཀ་དང ། ནེ་ཙོ་དང ། ཤི་རི་ཀ་དང ། ཁུ་བྱུག་དང ། རྨ་བྱ་དང ། ཤང་ཤང་ཏེའུ་སྒྲ་སྒྲོགས་པར་གྱུར་བ་དང ། ཤིང་སྣ་ཚོགས་ཀྱིས་ཉེ་བར་མཛེས་པས་ཉམས་དགའ་བར་བྱས་པ་དང ། སྐྱེད་མོས་ཚལ་ཉམས་དགའ་བ་མདུན་ན་ཡོད་དེ། དགེ་སློང་དག། རྡོ་བཟང་དེ་ལྟར་ཤིན་ཏུ་ཉམས་དགའ་བར་གྱུར་ཏོ། །དགེ་སློང་དག། རྒྱལ་པོའི་ཕོ་བྲང་རྡོ་བཟང་དེ་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བར་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། སྐྱེ་བ་དྲན་པ། ལྷའི་མིག་དང་ལྡན་པ། གླིང་གཅིག་པའི་འཁོར་ལོས་བསྒྱུར་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་འཛམ་བུའི་གླིང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །དགེ་སློང་དག་།རྒྱལ་པོ་ཟླ་འོད་རང་ལ་འོད་ཡོད་པས། འགྲོ་ནའང་མུན་པ་མེད་པར་གྱུར་ཏེ། ནོར་བུ་རིན་པོ་ཆེའི་འོད་དམ། མར་མེའི་འོད་དམ། སྒྲོན་མ་མདུན་དུ་མི་ཁྱེར་གྱི། དགེ་སློང་དག་།གཞན་དུ་ན་རྒྱལ་པོ་ཟླ་འོད་རང་ཉིད་ཀྱི་ལུས་ལས་འོད་བྱུང་བར་གྱུར་ཏེ། དཔེར་ན། ཟླ་བའི་དཀྱིལ་ལས་འོད་འབྱུང་བ་བཞིན་དུ་འདིའི་ལུས་ལས་འོད་བྱུང་སྟེ། རྒྱུ་འདིས་ན་རྒྱལ་པོ་
36b
ཟླ་འོད་ཟླ་འོད་ཅེས་མིང་དུ་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་པོའི་ཕོ་བྲང་རྡོ་བཟང་ལ་སོགས་པ། གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་བྱུང་བར་གྱུར་ཏེ། འབྱོར་པ་རྒྱས་པ།་བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང ། མི་མང་པོས་གང་བར་གྱུར་ཏོ། །དགེ་སློང་དག་།གཞན་ཡང ། རྒྱལ་པོ་ཟླ་འོད་ཀྱི་འཛམ་བུའི་གླིང་གི་མི་རྣམས་ལ་དཔྱ་དང ། ཤོ་གམ་དང ། གྲུ་བཙས་མེད་དེ། ཞིང་གི་འབྱོར་བ་དང་ལྡན་པ། སྐྱེ་བོ་རྣམས་ཞི་བ་དང ། ཁྱིམ་བྱའི་སྒྲ་དང་ལྡན་པ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་གྱི་སྐྱེ་བོའི་ཚོགས་དང ། རྒྱལ་པོ་དང ། རྒྱལ་རིགས་དང་ལྡན་པར་གྱུར་ཏོ། །དགེ་སློང་དག་།ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེའི་ཚད་ལོ་བཞི་ཁྲི་བཞི་སྟོང་པར་གྱུར་ཏོ། །དགེ་སློང་དག་།རྒྱལ་པོ་ཟླ་འོད་ནི་བྱང་ཆུབ་སེམས་དཔར་གྱུར་ཏེ། ཐམས་ཅད་སྟེར་བ། ཐམས་ཅད་ཡོངས་སུ་གཏོང་བ་སྟེ། དེས་རྒྱལ་པོའི་ཕོ་བྲང་རྡོ་བཟང་ནས་བྱུང་སྟེ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གདུགས་དང།་རྒྱལ་མཚན་དང ། བ་དན་བགྲེང་\?\་སྟེ། གསེར་གྱི་རྔ་བོ་ཆེ་ཡང་དག་པར་བརྡུངས་ནས། སྦྱིན་པ་ནི་གཏོང ། བསོད་ནམས་ནི་བྱེད་དོ། །དེ་བཞིན་དུ་གྲོང་ཁྱེར་གྱི་ལྷོ་དང ། ནུབ་དང ། བྱང་དུ་ཡང་སྦྱིན་པ་ནི་གཏོང ། བསོད་ནམས་ནི་བྱེད་དོ། །སུམ་མདོའི་དབུས་སུའང་སྦྱིན་པ་ནི་གཏོང ། བསོད་ནམས་ནི་བྱེད་དོ། །འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་
37a
༄#། །འདོད་པ་རྣམས་ལ་ནི་སྐོམ། བཟའ་བ་དང ། བཅའ་བ་དང ། ཕྲེང་བ་དང ། མར་མེ་དང ། དྲི་དང ། བྱུག་པ་དང ། མལ་ཆ་དང ། སྟན་དང ། རྒྱབ་རྟེན་དང ། སྐྱེ་བོ་རྣམས་ཀྱི་གནས་དང ། ཤིང་རྟ་དང ། སྤུད་པ་དང ། རྒྱན་དང ། གསེར་གྱི་སྣོད་དངུལ་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང ། དངུལ་གྱི་སྣོད་གསེར་གྱི་ཕྱེ་མས་ཡོངས་སུ་གང་བ་རྣམས་དང ། གསེར་གྱི་རཝ་བཏགས་པའི་བ་ལང་རྣམས་དང ། འཁར་བའི་གཞི་སྣོད་རྣམས་དང ། གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པ་རྣམས་ཀྱང་སྦྱིན་པ་ནི་གཏོང ། བསོད་ནམས་ནི་བྱེད་དོ། །གོས་ཁ་དོག་སྣ་ཚོགས་པ་ཡུལ་སྣ་ཚོགས་པ་ལས་བྱུང་བ་རྣམ་པ་སྣ་ཚོགས་པལ། འདི་ལྟ་སྟེ། དར་ལ་དང ། རྒྱ་འདིར་དང ། རིན་ཆེ་བའི་གོས་དང ། དུ་ཀུ་ལ་དང ། མྲི་གཱ་པཱ་ན་དང ། བག་ལེ་པ་དང ། ལ་བ་དང ། རིན་པོ་ཆེ་དང ། གསེར་དང ། གོས་གསེར་གྱི་རྒྱན་ཅན་དང ། ཀ་ཤི་ཀའི་དར་དང ། གོས་དར་ལ་སོགས་པ་རྣམས་ཀྱང་སྦྱིན་པར་ནི་གཏོང ། བསོད་ནམས་ནི་བྱེད་དོ། །དགེ་སློང་དག་།རྒྱལ་པོ་ཟླ་འོད་ཀྱིས་སྦྱིན་པ་ཇི་སྙེད་ཀྱིས་འཛམ་བུའི་གླིང་པའི་མི་ཐམས་ཅད་ཕྱུག་པ་དང ། ནོར་ཆེ་བ་དང ། ལོངས་སྤྱོད་ཆེ་བར་གྱུར་པ་དེ་སྙེད་རབ་ཏུ་གཏོང་ངོ ། །དགེ་སློང་དག་།རྒྱལ་པོ་ཟླ་འོད་ཀྱིས་གང་གླང་པོ་དང ། རྟ་དང ། ཤིང་རྟ་དང ། གདུགས་ལ་
37b
སོགས་པའི་སྦྱིན་པ་ཇི་སྙེད་ཀྱིས་འཛམ་བུའི་གླིང་པ་འདི་ན་མི་གཅིག་ཀྱང་རྐང་གིས་འགྲོ་བ་མེད་པ་དེ་སྙེད་རབ་ཏུ་གཏོང་སྟེ། འཛམ་བུ་གླིང་པའི་མི་ཐམས་ཅད་ཀྱང་གླང་པོའི་རྒྱབ་དང།་རྟ་བཞི་དང་ལྡན་པའི་ཤིང་རྟ་སྟེང་ནས་གསེར་དང ། དངུལ་གྱི་གདུགས་འཛིན་པ་དང་ལྡན་པ་དང ། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དང ། ཡུལ་འཁོར་ནས་ཡུལ་འཁོར་དང ། གྲོང་ཁྱེར་ནས་གྲོང་ཁྱེར་དུ་རྗེས་སུ་འགྲོ་བར་གྱུར་ཏོ། །དགེ་སློང་དག་།དེ་ནས་ཡང་རྒྱལ་པོ་ཟླ་འོད་འདི་ལྟར་སེམས་པར་གྱུར་ཏེ། ངས་སྦྱིན་པ་འདི་ཙམ་ཞིག་བྱིན་པ་ཙམ་གྱིས་ཅི་ཞིག་བྱ་སྟེ། གོས་དང ། རྒྱན་དང ། ཆས་གཞན་རྣམས་ང་ཉིད་ཅི་འདྲ་བ་འཛམ་བུ་གླིང་པའི་མི་རྣམས་ཀྱང་དེ་དང་འདྲ་བར་རབ་ཏུ་བྱིན་ན། འཛམ་བུ་གླིང་པའི་མི་ཐམས་ཅད་རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་འཛམ་བུ་གླིང་པའི་མི་ཐམས་ཅད་ལ་ཅོད་པན་དང ། དར་དང ། གོས་དང ། རྒྱན་དང ། ཆས་གཞན་རྣམས་བྱིན་པ་ནི། འདི་ལྟ་སྟེ། མགུལ་གདུབ་དང ། གདུ་བུ་དང ། དཔུང་རྒྱན་དང ། དོ་ཤལ་དང ། སེ་མོ་དོ་དང ། མུ་ཏིག་གི་ཆུན་འཕྱང་དང ། རྒྱལ་པོ་ལ་འོས་པ་རྣམས་སྦྱིན་པ་རབ་ཏུ་སྦྱིན་ནོ། །དགེ་སློང་དག་།རྒྱལ་པོ་ཟླ་འོད་ཀྱིས་རྒྱལ་པོ་ལ་འོས་པ་གོས་དང ། རྒྱན་དང ། ཅོད་པན་དང ། དར་རྣམས་རབ་ཏུ་བྱིན་པ་གང་གིས་ཇི་ལྟ་
38a
༄#། །འཛམ་བུ་གླིང་པའི་མི་ཐམས་ཅད་ཅོད་པ་ན་ཐོགས་ཤིང ། དར་དབྱངས་འཆིངས་པར་གྱུར་ཏེ། རྒྱལ་པོ་ཟླ་འོད་རྣམ་བ་ཅི་འདྲ་བར་གྱུར་པ། འཛམ་བུ་གླིང་གི་མི་ཐམས་ཅད་ཀྱང་དེ་དང་འདྲ་བར་གྱུར་ཏེ། དེ་ལྟར་རབ་ཏུ་བྱིན་ནོ། །དགེ་སློང་དག་།རྒྱལ་པོ་ཟླ་འོད་ཀྱིས་རྒྱལ་པོའི་ཕོ་བྲང་རྡོ་བཟང་དུ་དྲིལ་བ་སྒྲགས་ཏེ། འཛམ་བུ་གླིང་གི་མི་ཁྱེད་ཐམས་ཅད་ང་ཇི་སྲིད་འཚོའི་བར་དུ་རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་ཅིག་ཅེས་བསྒྲགས་སོ། །དགེ་སློང་དག་།དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་དྲིལ་བསྒྲགས་པ་འཛམ་བུ་གླིང་གི་མི་ཐམས་ཅད་ཀྱིས་ཐོས་པ་དང ། ཐམས་ཅད་རྒྱལ་པོའི་རྩེ་འཇོའི་རྩ་བ་ལ་ཞུགས་ཏེ། བི་ཝང་དང ། གླིང་བུ་དང ། འཁར་རྔ་དང ། སྒྲ་བཟང་དང ། བི་ཝང་རྒྱུད་གསུམ་པ་དང།་རྔ་རིང་དང ། རྫ་རྔ་དང ། དུང་སྟོང་ཕྲག་དང ། སིལ་སྙན་བརྒྱ་སྙེད་ཀྱི་སྒྲའི་རོལ་མོ་རྡུང་ཞིང་དཔུང་རྒྱན་དང ། དོ་ཤལ་དང ། སེ་མོ་དོ་དང ། ནོར་བུ་དང ། མུ་ཏིག་གི་རྒྱན་རྣམས་དང ། རྣ་ཆ་ཐོགས་པ་དང ། རྒྱན་གྱིས་བརྒྱན་ལ། བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། རྒྱལ་སྲིད་ཀྱི་དཔལ་ལ་རྗེས་སུ་སྤྱོད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་བོའི་ཕོ་བྲང་རྡོ་བཟང་ན། མི་རྣམས་རྒྱལ་པོའི་རྩེ་འཇོས་རོལ་ཏེ། བི་ཝང་དང ། གླིང་བུ་དང ། འཁར་རྔ་དང ། སྒྲ་བཟང་དང ། པི་ཝང་རྒྱུད་གསུམ་པ་དང ། རྫ་རྔ་དང །
38b
རྔ་རིང་དང ། དུང་གི་སྒྲས་གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་དུ་སྒྲ་བསྒྲགས་པ་དང ། གང་ཡང་རྒྱལ་པོ་ཟླ་འོད་ཀྱི་སྦྱིན་གཏོང་གི་གནས་བཞིར་གསེར་གྱི་རྔ་བོ་ཆེ་རྣམས་བརྡུངས་པ་དང ། འདི་ལྟ་བུའི་ཡིད་དུ་འོང་བའི་སྒྲ་བྱུང་བར་གྱུར་ཏོ། །འདི་ལྟ་སྟེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ན། ལྷའི་གྲོང་ཁྱེར་དེ་ན་གླུ་དང ། གར་དང ། རོལ་མོའི་སྒྲ་བསྒྲོགས་སོ། །དགེ་སློང་དང ། དེ་བཞིན་དུ་དེའི་ཚེ་དེའི་དུས་ན། འཛམ་བུ་གླིང་བའི་མི་ཐམས་ཅད་གླུ་དང ། གར་དང ། རོལ་མོའི་སྒྲས་ཅི་བདེ་བ་ལ་འཇོག་ཅིང་ཤིན་ཏུ་དགའ་བར་གྱུར་ཏོ། །ཡང་དེའི་ཚེ་རྒྱལ་པོའི་ཕོ་བྲང་རྡོ་བཟང་ན། བྱེ་བ་སྟོང་དུང་ཕྱུར་བདུན་ཅུ་རྩ་གཉིས་ཀྱི་མི་རྣམས་གནས་སོ། །ཡང་དགེ་སློང་དག། རྒྱལ་པོ་ཟླ་འོད་ཆོས་ཉིད་ཀྱི་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་སྟེ། གཞན་ཡང ། འདི་སྐྱེ་བོའི་ཚོགས་ཆེན་པོའི་ཡིད་དགའ་བར་གྱུར་ཏོ། གཞན་ཡང ། འདི་སྐྱེས་པ་དང ། བུད་མེད་རྣམས་ཀྱིས་མཐོང་བ་ན། ངོམས་པར་མི་འགྱུར་བའི་དགའ་བ་ཐོབ་བོ། །དུས་གང་གི་ཚེ་རྒྱལ་པོ་ཟླ་འོད་གྲོང་ཁྱེར་ནས་བྱུང་སྟེ། སྦྱིན་གཏོང་གི་གནས་སུ་སོང་བ་ན། སྲོག་ཆགས་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས་ལྟ་ཞིང་འདི་སྐད་ཀྱང་སྨྲ་སྟེ། ཀྱེ་མ། རྒྱལ་པོ་ཟླ་འོད་འདི་ནི་ལྷ་ཞིག་འོངས་ནས། འཛམ་བུའི་གླིང་འདིར་རྒྱལ་པོ་བྱེད་པ་ཡིན་ཏེ། རྒྱལ་པོ་ཟླ་བའི་འོད་ཀྱི་གཟུགས་དང ། ཁ་དོག་དང ། དབྱིབས་དེ་ལྟ་བུ་ནི་འཛམ་བུའི་གླིང་པའི་
39a
༄#། །མི་རྣམས་ལ་ཡོད་པ་མ་ཡིན་ནོ། །དེ་གང་དང ། གང་དུ་བལྟས་པ་དེ་དང ། དེ་དག་དུ་བུད་མེད་སྟོང་ཕྲག་གིས་བལྟས་ཏེ། བུད་མེད་གང་འདི་ཁྱོར་རྙེད་པ་འདི་སྐལ་པ་ཅན་ཡིན་ནོ། །གཞན་ཞིག་གིས་སྨྲས་པ། སེམས་དག་པ་རྣམས་ཀྱིས་རྙེད་ཀྱི། གཞན་དག་གིས་མ་ཡིན་ཏེ། རྒྱལ་པོ་ཟླ་འོད་འདི་ནི་ལྷ་དང་འདྲ་བར་བལྟའོ། །དགེ་སློང་དག། རྒྱལ་པོ་ཟླ་འོད་ཀྱི་བློན་པོ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཡོད་དེ། དེ་རྣམས་ཀྱི་ནང་ན་བློན་པོ་གཉིས་ནི་བློན་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བློན་པོ་ཟླ་བ་བཟང་པོ་དང།་ས་འཛིན་ཞེས་བྱ་བ་གཉིས་མཁས་པར་གྲགས་པ་བློ་དང་ལྡན་པ་ལས་ཐམས་ཅད་ལ་དབང་བྱེད་པ། རྒྱལ་པོའི་གཅེས་སྤྲས་བྱེད་པ། རྒྱལ་པོ་ཡོང་སུ་སྐྱོང་བ། རྒྱལ་པོའི་ལས་ཀྱི་མཐའ་ཐམས་ཅད་ལ་སེམས་ལས་ཆུང་ངུར་བྱེད་པ་དང ། བློན་པོའི་མཆོག་ཟླ་བ་བཟང་པོ་ནི་འཛམ་བུ་གླིང་པའི་མི་ཁྱེད་རྣམས་ཇི་སྲིད་འཚོ་བའི་བར་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་ཡང་དག་པར་བླངས་ལ་གནས་པར་གྱིས་ཤིག་ཅེས་འཛམ་བུ་གླིང་པའི་མི་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དང ། ཡང་དུ་སྦྱོར་བར་བྱེད་དེ། དགེ་སློང་དག། བློན་པོའི་མཆོག་ཟླ་བ་བཟང་པོའི་གདམས་ངག་རྗེས་སུ་སྟོན་པ་འདི་ལྟ་བུ་བྱེད་པར་གྱུར་ཏོ། །དགེ་སློང་དག། འདི་ལྟ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཟླ་འོད་
39b
ནི་བློན་པོའི་མཆོག་ཟླ་བ་བཟང་པོ་ལ་སྡུག་པར་གྱུར་པ་དང ། དགའ་བ་དང ། ཡིད་དུ་འོང་བར་གྱུར་ཏེ། གཞན་ཡང ། དེའི་ཁ་དོག་དང ། གཟུགས་དང ། དབྱིབས་ལ་འདིས་བལྟས་པ་ན་ངོམས་པ་མེད་དེ། སྐད་ཅིག་ཀྱང་དེ་མི་སྤོང་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ། བློན་པོའི་མཆོག་ཟླ་བ་ཆེན་པོའི་རྨི་ལམ་དུ། དུ་བའི་མདོག་ཅན་གྱི་ཤ་ཟ་རྣམས་ཀྱིས་རྒྱལ་པོ་ཟླ་འོད་ཀྱི་ཅོད་པན་ཕྲོགས་\?\་བར་རྨིས་ཏེ། སད་ནས་དེ་འཇིགས་སྐྲག་པས་རེངས་པར་གྱུར་ཅིང་སྤུ་ཟིང་ཞེས་བྱེད་དེ། ངེས་པར་རྒྱལ་པོ་ཟླ་འོད་ཀྱི་དབུ་སློང་བ་ཞིག་འོང་བར་མི་འགྱུར་རམ། ལྷ་ནི་ཐམས་ཅད་སྩོལ་བ། ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། འདི་ལ་ནི་སྨན་པ་དང ། མགོན་མེད་པ་དང ། ཕོངས་པ་དང ། སྡུག་བསྔལ་བ་དང ། སློང་བ་རྣམས་ལ་མི་སྩོལ་བ་དང་ཡོངས་སུ་མི་གཏོང་བ་ནི་གཞན་ཅི་ཡང་མི་མངའ་བས་ན། རྒྱལ་པོ་ཟླ་འོད་ལ་མྲི་ལམ་འདི་མི་ཞུ་ཡི་གཞན་དུ་ན་རིན་པོ་ཆེའི་མགོ་རྣམས་བྱས་ལ། མཛོད་དང ། བང་བར་བཅུག་ལ་བཞག་སྟེ། གལ་ཏེ་འགའ་ཞིག་ལྷའི་དབུ་སློང་བ་འོངས་པར་གྱུར་ན། དེ་ལ་རིན་པོ་ཆེའི་མགོ་འདི་རྣམས་ཀྱིས་བྲིད་པར་བྱའོ་སྙམ་ནས་རིན་པོ་ཆེའི་རྒྱུ་ལས་བྱས་པའི་མགོ་བྱས་ཏེ ། མཛོད་དང ། བང་བ་རྣམས་སུ་བཞག་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་གི་ཚེ་བློན་པོའི་མཆོག་ས་འཛིན་གྱི་རྨི་ལམ་དུ་རྒྱལ་པོ་ཟླ་འོད་ཀྱི་རིན་པོ་ཆེ་རྣམས་ཀྱི་མགོ་རྣམ་པ་བརྒྱར་ལྷགས་
40a
༄#། །པ་རྨིས་པ་དང ། ཡང་འཇིགས་ཤིང་སྐྲག་ལ་ཀུན་ཏུ་སྐྱོ་ནས་རྒྱལ་པོ་ཟླ་འོད་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་གྲང་སྙམ་ནས། ཡང་བྲམ་ཟེ་ལྟས་མཁན་མཁས་པ་རྣམས་བོས་ནས། བདག་གིས་འདི་ལྟ་བུའི་རྨི་ལམ་རྨིས་ན། རྨི་ལམ་དེའི་འབྲས་བུ་ཇི་ལྟ་བུ་ཡིན་པ་ལུང་སྟོན་ཅིག་།ལྟས་མཁན་རྣམས་ཀྱིས་སྨྲས་པ། རྨི་ལམ་མཐོང་བ་འདི་ཇི་ལྟ་བུ་ལས་ནི། རིང་པོ་མི་ཐོགས་པར་ལྷའི་དབུ་སློང་བ་འགའ་ཞིག་འོང་བར་གྱུར་ཏེ། འདི་འདྲ་བར་སྟོན་པ་ཡིན་ནོ། །དེ་སྐད་ཐོས་པ་དང ། ཡང་བློན་པོའི་མཆོག་ས་འཛིན་ལག་པ་འགྲམ་པ་ལ་གཏད་ཏེ། ཤིན་ཏུ་སེམས་པ་ལ་ཞུགས་པས་གནས་པར་གྱུར་ཏེ། རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་ནི་ཧ་ཅང་མྱུར་ཆེས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ། བློན་པོ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་པོ་རྣམས་ཀྱིས་རྨི་ལམ་འདི་ལྟར་མཐོང་སྟེ། རྒྱལ་པོ་ཟླ་འོད་ཀྱི་སྦྱིན་གཏོང་གི་གནས་ཁང་བཞི་རུ་གནོད་སྦྱིན་ལག་ན་ཐོད་པ་ཐོགས་པ་རྣམས་ཀྱིས་གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་བསྒྱེལ་བ་དང ། གསེར་གྱི་རྔ་བོ་ཆེའང་བཅག་པར་རྨིས་པ་དང ། ཡང་འཇིགས་ཤིང་སྐྲག་ལ་སེམས་སྐྱོ་ནས། རྒྱལ་པོ་ཟླ་འོད་ས་ཆེན་པོ་སྐྱོང་བ། བྱམས་པའི་
40b
པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། མི་རྟག་པ་ཉིད་ཀྱི་སྟོབས་ཀྱིས་ཕྱིན་པར་མི་འགྱུར་རམ། བདག་ཅག་རྣམས་ལྷ་དང ། ལྷན་ཅིག་པ་ལས་གནས་པ་ལས་ཐ་དད་པར་འགྱུར་བ་དང ། སོ་སོ་བ་དང ། བྱེ་བ་དང ། བྲལ་བར་མི་འགྱུར་རམ། འཛམ་བུ་གླིང་པ་རྣམས་སྐྱབས་དང ། དཔུང་གཉེན་མེད་པར་མི་འགྱུར་རམ། དེ་རྒྱལ་པོ་ཟླ་འོད་ཀྱིས་ཀྱང་ཐོས་པ་དང ། ཡང་གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་དུ་དྲིལ་བསྒྲགས་ཏེ། འཛམ་བུ་གླིང་བའི་མི་ཁྱེད་རྣམས་ཇི་སྲིད་འཚོ་བའི་བར་དུ་རྒྱལ་པོའི་རྩེ་འཇོས་རྩེ་ཞིང་རོལ་ཅིག།་ཁྱེད་རྣམས་སྒྱུ་མ་ལྟ་བུའི་རྨི་ལམ་ལ་སེམས་པས་ཅི་ཞིག་བྱ། རྒྱལ་པོ་ཟླ་འོད་ཀྱིས་དྲིལ་བསྒྲགས་པ་ཐོས་པ་དང ། འཛམ་བུ་གླིང་བའི་མི་ཐམས་ཅད་སིལ་སྙན་ཆེན་པོ་དང ། པི་ཝང་དང ། གླིང་བུ་དང ། འཁར་རྔ་དང ། སྒྲ་བཟང་དང ། པི་ཝང་རྒྱུད་གསུམ་པ་དང ། རྫ་རྔ་དང ། རྔ་རིང་དང ། དུང་སྟོང་ཕྲག་སྙེད་ཀྱི་རོལ་མོ་རྡུང་ཞིང་རྩེ་བར་བརྩམས་པ་དང ། གསེར་གྱི་དཔུང་རྒྱན་དང ། དོ་ཤལ་དང ། སེ་མོ་དོ་ནོར་བུའི་རྣ་རྒྱན་ཐོགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བུད་མེད་ཀྱི་ཚོགས་རྣམས་ཀྱིས་བསྐོར་ཏེ། རྒྱལ་པོའི་དཔལ་ལ་རྗེས་སུ་སྤྱོད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་ན་གླུ་དང ། གར་དང ། རོལ་མོའི་སྒྲ་དང ། གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་དུ་གླིང་བུ་ངེས་པར་འབུད་པ་དང ། གང་ཡང་སྦྱིན་
41a
༄#། །གཏོང་གི་གནས་ཆེན་པོ་བཞིར་གསེར་གྱི་རྔ་པོ་ཆེ་བརྡུངས་པ་ལས་སྙན་ཅིང་ཡིད་དུ་འོང་བའི་སྒྲ་བྱུང་བར་གྱུར་ཏེ། དེས་འཛམ་བུ་གླིང་ཐམས་ཅད་སྒྲ་གྲགས་པར་གྱུར་ཏེ། དཔེར་ན། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་ནང་ན་གླུ་དང་།གར་དང ། རོལ་མོའི་སྒྲ་གྲགས་པ་བཞིན་ནོ། །ཡང་དེའི་ཚེ་དེའི་དུས་ན་རི་སྤོས་ཀྱི་ངད་ལྡང་ན།་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བ་མི་གང་འཕྲུལ་གྱི་བྱ་བ་ཤེས་པ་ཞིག་གནས་པ་དང ། བྲམ་ཟེ་དྲག་པོའི་མིག་གིས་རྒྱལ་པོའི་ཕོ་བྲང་རྡོ་བཟང་ན། རྒྱལ་པོ་ཟླ་འོད་ཅེས་བྱ་བ་ཐམས་ཅད་སྟེར་བར་ཐོས་སོ། །ཐོས་ནས་ཀྱང་བདག་ཉིད་ཀྱིས་བསམས་པ། བདག་སོང་ལ་མགོ་བསླང་ན་གལ་ཏེ། ཐམས་ཅད་གཏོང་བར་གྱུར་པ་ཡིན་ན་ནི་བདག་ལའང་མགོ་སྟེར་བར་འགྱུར་རོ། །གཞན་དུ་ན་གང་སྡུག་པ་དང ། འཕངས་པ་དང ། ཡིད་དུ་འོང་བ་དང ། མངོན་པར་དགའ་བར་བྱ་བ་ཡན་ལག་གི་མཆོག་མགོ་ཡོངས་སུ་གཏོང་བ་འདི་ནི་དཀའ་བ་དང ། འདི་ནི་གནས་མེད་པ་དང ། འདི་ནི་གོ་སྐབས་མེད་དོ་སྙམ་ནས་རི་སྤོས་ཀྱི་ངད་ལྡང་ལས་བབས་སོ། །དེ་ནས་སྤོས་ཀྱི་ངད་ལྡང་གནས་པའི་ལྷ་མོ་ཞིག་ངུ་བར་རྩམ་སྟེ་།ཀྱི་ཧུད། རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ། མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པ་ན་སྡུག་བསྔལ་ལོ། །ཡང་དེའི་ཚེ་
41b
དེའི་དུས་ན་འཛམ་བུའི་གླིང་ཐམས་ཅད་དུ་བས་མུན་ནག་ཏུ་གྱུར་ཏེ། འཁྲུགས་ཤིང་ཀུན་ཏུ་འཁྲུགས་པར་གྱུར་པ་དང ། སྐར་མདའ་ལྟུང་བ་དང ། ཕྱོགས་སྲེད་པ་དང ། བར་སྣང་ལ་ལྷ་རྣམས་མྱ་ངན་བྱེད་པར་གྱུར་ཏོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟང་དང་ཧ་ཅང་མི་རིང་བཞིག་ན་སྣ་ཚོགས་བཤེས་གཉེན་ཞེས་བྱ་བའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། བྱམས་པ་དང ། སྙིང་རྗེའི་བདག་ཉིད་ཅན། སེམས་ཅན་ཐམས་ཅད་ལ་མཉེས་གཤིན་པ་ཞིག་འཁོར་ལྔ་བརྒྱས་བསྐོར་ནས་གནས་ཏེ། དེ་ནས་དྲང་སྲོང་དེས་འཛམ་བུའི་གླིང་ཐམས་ཅད་འཁྲུགས་ཤིང།་ཀུན་ཏུ་འཁྲུགས་པར་མཐོང་བ་དང ། འཁོར་རྣམས་ལ་སྨྲས་པ། གང་འཛམ་བུའི་གླིང་འདི་ཐམས་ཅད་ད་ལྟ་དུ་བས་མུན་ནག་ཏུ་གྱུར་ཏེ། འཁྲུགས་ཤིང ། ཀུན་ཏུ་འཁྲུགས་པར་གྱུར་པ་དང ། ཉི་མ་དང ། ཟླ་བ་གཉིས་ཀྱང་ལམ་མེ་མ་ཡིན། ལྷང་ངེ་མ་ཡིན། ལྷན་ནེ་མ་ཡིན་པ་བུ་ཁྱེད་རྣམས་ཀྱིས་ཤེས་སམ། ངེས་པར་སྐྱེས་བུ་ཆེན་པོ་འགའ་ཞིག་འགག་པར་འགྱུར་རོ། །འདི་ལྟར་མིའམ་ཅིའི་ཚོགས་དང་ནགས་ཀྱི་ལྷ་རྣམས་ངུ ། །ནམ་མཁར་གནས་པའི་ལྷ་རྣམས་ཀྱང་ནི་སྨོད་པར་བྱེད། །ཟླ་བ་གཟི་མེད་ཉི་མ་དག་ཀྱང་འོད་ཟེར་མེད་པར་གྱུར།། དེང་ནི་རོལ་མོ་བརྡུངས་ཀྱང་སྒྲ་ནི་གྲག་མ་གྱུར། །མེ་ཏོག་འབྲས་བུར་ལྡན་པའི་ཤིང་ཚོགས་འདི་དག་ཀྱང ། །རླུང་གིས་མ་བསྐྱོད་བཞིན་དུ་ས་ལ་ལྟུང་བར་གྱུར། །ཇི་ལྟར་འཇིགས་པའི་
42a
༄#། །སྒྲ་འདིའང་ཀུན་ཏུ་ཐོས་པས་ན། །གྲོང་ཁྱེར་དུ་ནི་སྡུག་བསྔལ་མི་བཟད་འབྱུང་བར་གསལ། །རྒྱུ་དེས་གྲོང་ཁྱེར་གནས་བའི་སྐྱེ་བོ་མ་ལུས་པ། །སེམས་ལ་སྡུག་བསྔལ་ཀུན་ཏུ་གཏུགས་ནས་འཇོག་པ་དང ། ཆོ་ངེས་འདེབས་ཤིང་ལག་པ་སྙིང་ལ་རྡེབས་པར་བྱེད། །སྐྲ་རྣམས་རབ་ཏུ་གྲོལ་ཞིང་ཚིག་ནི་རྣམ་པར་འདག་།ཟླ་བའི་གདོང་ཅན་བུད་མེད་རྣམས་ནི་རབ་ཏུ་ངུ ། །གྲོང་ཁྱེར་གནས་པ་ཀུན་ཀྱང་སྙིང་བརྩེས་དུ་བར་བྱེད། །སྤྲིན་འདི་རྣམས་ཀྱང་ཆར་མི་འབབ་པར་སྒྲ་སྒྲོགས་ལ། །ཆུ་ཡི་གནས་རྣམས་ཉེ་བར་སྐམས་པ་ཉིད་དུ་གྱུར། །རི་དང་ནགས་རྣམས་ཀྱང་ནི་མི་བཟད་མེ་ཡིས་བསྲེགས། །མི་རྣམས་སོ་སོའི་ཁྱིམ་ན་ཤིན་ཏུ་འཁྲུགས་པས་ངུ ། །ཆུ་ལ་རླུང་གིས་བསྐྱོད་པའི་གྲུ་བཞིན་ས་རྣམས་གཡོས་པ་དང ། །ཤིན་ཏུ་རྩུབ་པའི་རྡུལ་དང་འདྲེ་བའི་རླུང་ལྡང་གྱུར། །བཀྲ་མི་ཤིས་པའི་མཚན་མ་ནི། །ད་ལྟར་འདི་ན་རྣམ་མང་སྟེ། །དེ་བས་བདག་ཅག་ཤིས་པ་ཡི། ། ཕྱོགས་སུ་འགྲོ་བ་ཤིན་ཏུ་རིགས། །གཞན་ཡང ། བུ་རྣམས་རྒྱལ་པོ་ཟླ་འོད་ཀྱི་སྦྱིན་གཏོང་གི་གནས་བཞིར་གསེར་གྱི་རྔ་བོ་ཆེ་བ་རྡུངས་ནའང་ཡིད་དུ་འོང་བའི་སྒྲ་འབྱུང་བར་མ་གྱུར་པས་ངེས་པར་རྒྱལ་པོའི་ཕོ་བྲང་རྡོ་བཟང་དེར་ཉེ་བར་འཚེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ནས་བྲམ་ཟེ་དྲག་པོའི་མིག་གིས་རྒྱལ་པོའི་ཕོ་བྲང་རྡོ་བཟང་དུ་ཕྱིན་
42b
ཏོ། །དེ་ནས་གྲོང་ཁྱེར་ན་གནས་པའི་ལྷ་མོས་བྲམ་ཟེ་དྲག་པོའི་མིག་རྒྱང་རིང་པོ་ཉིད་ནས་མཐོང་བ་དང ། རྒྱལ་པོ་ཟླ་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །གང་འདི་ལྷ་མཁྱེན་པར་མཛོད་ཅིག། དེ་རིང་ལྷའི་དབུ་སློང་བ་འཚེ་བ་རྣམ་པར་ཐོ་འཚམ་པ། གླགས་ལྟ་བ་ཞིག་འོང་བར་གྱུར་ཏེ། དེ་ལྷའི་དབུ་སློང་བར་འགྱུར་གྱི། དེ་ལ་ལྷས་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་བདག་ཉིད་ཡོངས་སུ་སྲུང་བར་མཛོད་ཅིག། དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་མགོ་སློང་བར་ཐོས་པས། ཡིད་རབ་ཏུ་དགའ་ཞིང་ངོ་མཚར་གྱིས་མིག་གདངས་པ་དང ། ལྷ་མོ་ལ་སྨྲས་པ། ལྷ་མོ། མ་འཇིགས་པར་སོང་ཞིག། གལ་ཏེ་འོང་བར་གྱུར་ན། ངས་འདིའི་ཡུན་རིང་མོ་ནས་མངོན་པར་འདོད་པའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ལྷ་མོ་དེས་རྒྱལ་པོ་ཟླ་འོད་རྩོལ་བའི་ཚུལ་དེ་ལྟ་བུ་ཤེས་པས། སྡུག་བསྔལ་ཞིང་ཡིད་མི་བདེ་བར་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་འདི་སྙམ་དུ་སེམས་ཏེ། གང་བདག་གིས་དབྱིག་དང ། གསེར་དང ། ཟས་འདོད་པ་རྣམས་ལ་ཟས་སྦྱིན་པ་ནི་ངོ་མཚར་ཅི་ཞིག་ཆེ། གང་ཡང་བདག་གིས་སློང་བ་རྣམས་ལ་རང་ཉིད་ཀྱི་ལུས་ཀྱང་ཡོངས་སུ་གཏང་བར་བྱའོ། །དེ་ནས་བྲམ་ཟེ་དྲག་པོའི་མིག་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས་པ་དང ། གྲོང་ཁྱེར་གྱི་ལྷ་མོས་བཟློག་སྟེ། བྲམ་ཟེ་སྡིག་ཅན་མ་
43a
༄#། །ཞུགས་པར་སླར་སོང་ཞིག་།སྐྱེས་བུ་གཏི་མུག་ཅན། ཁྱོད་ད་ལྟར་རྒྱལ་པོ་ཟླ་འོད་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། ཡོན་ཏན་དཔག་ཏུ་མེད་པ།་ཕུན་སུམ་ཚོགས་པ། འཛམ་བུའི་གླིང་ཡོངས་སུ་སྐྱོང་བར་བྱེད་པ། ཉེས་པ་མེད་པ། གནོད་པ་མི་བྱེད་པ། མགོ་དྲག་པོའི་སེམས་ཀྱིས་ཇི་ལྟར་གཅོད་པར་བྱེད། བྲམ་ཟེ་སྡིག་ཅན་མ་ཞུགས་པར་ཕྱིར་སོང་ཞིག། རྣམ་པ་འདི་དག་རྒྱལ་པོ་ཟླ་འོད་ཀྱིས་ཐོས་སོ། །ཐོས་ནས་ཀྱང་ངའི་སློང་མོ་བ་ལྷ་མོས་གྲོང་ཁྱེར་གྱི་སྒོ་ནས་བཀག་གོ་སྙམ་ནས། ཡང་བློན་པོའི་མཆོག་ཟླ་བ་ཆེན་པོ་ལ་སྨྲས་པ། གང་འདི་ཟླ་བ་ཆེན་པོས་ཤེས་པར་གྱིས་ཤིག་།ངའི་སློང་མོ་བ་ལྷ་མོས་གྲོང་ཁྱེར་གྱི་སྒོན་བཀག་གི། སོང་ལ་ངའི་ཐད་དུ་རིངས་པར་ཁྱེར་ལ་ཤོག་ཅིག་།ལྷ། དེ་ལྟར་འཚལ་ལོ་ཞེས་བློན་པོའི་མཆོག་ཟླ་བ་ཆེན་པོས་རྒྱལ་པོ་ཟླ་འོད་ཀྱིས་ཚིག་མཉན་ནས། གྲོང་ཁྱེར་གྱི་སྒོར་སོང་བ་དང ། གྲོང་ཁྱེར་གྱི་ལྷ་མོ་དེ་བཟློག་སྟེ།་གང་འདི་ལྷ་མོ་ཤེས་པར་གྱིས་ཤིག། ལྷ་བྲམ་ཟེ་འདི་འགུགས་ཀྱི་བྲམ་ཟེ་འདི་ཐོངས་ཤིག་།དེ་ནས་གྲོང་ཁྱེར་ན་གནས་པའི་ལྷ་མོས་ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་ཡང་ཟླ་བ་ཆེན་པོ། ཤེས་པར་གྱིས་ཤིག། བྲམ་ཟེ་འདི་ནི་གཏུམ་པའི་སེམས་དང ། སྙིང་རྗེ་མེད་པའི་སེམས་དང ། མི་བཟད་པའི་སེམས་ཀྱིས་རྒྱལ་པོ་ཟླ་འོད་བརླག་པའི་ཕྱིར་རྒྱལ་པོའི་ཕོ་བྲང་
43b
རྡོ་བཟང་དུ་འོངས་ན། ཁྱེད་ལ་རང་བཞིན་ངན་པ་འདིས་ཅི་ཞིག་བྱ། རྒྱལ་པོ་ཟླ་འོད་ཀྱི་ཐད་དུ་སོང་ནས་མགོ་སློང་བར་འགྱུར་རོ། །དེ་ནས་བློན་པོའི་མཆོག་ཟླ་བ་ཆེན་པོས་ལྷ་མོ་ལ་སྨྲས་པ། ལྷ་མོ། གང་གིས་བྲམ་ཟེ་འདིས་ལྷའི་དབུ་ལེན་པར་མི་འགྱུར་བའི་ཐབས་ཤིག་བསམས་པ་ང་ལ་ཡོད་དོ། །དེ་ནས་བློན་པོའི་མཆོག་ཟླ་བ་ཆེན་པོས་བྲམ་ཟེ་དྲག་པོའི་མིག་ཁྲིད་དེ། དེ་གྲོང་ཁྱེར་དུ་ཞུགས་ནས་རིན་པོ་ཆེའི་མཛོད་པ་ལ་སྨྲས་པ། ཁྱོད་ཀྱིས་རིན་པོ་ཆེ་ལས་བྱས་པའི་མགོ་རྣམས་ཁྱེར་ལ་ཤོག་ཅིག་དང ། བྲམ་ཟེ་འདི་ལ་ངས་སྦྱིན་པར་བྱའོ། །མཛོད་པས་ཀྱང་རྒྱལ་པོའི་སྒོར་རིན་པོ་ཆེའི་མགོ་རྣམས་ཀྱི་ཕུང་པོ་ཆེན་པོ་བྱས་པ་དང ། བློན་པོའི་མཆོག་ཟླ་བ་ཆེན་པོས་བྲམ་ཟེ་དྲག་པོའི་མིག་ལ་རིན་པོ་ཆེ་ལས་བྱས་པའི་མགོ་རྣམས་ཉེ་བར་བསྟབས་ཏེ་།བྲམ་ཟེ་ཆེན་པོ་རིན་པོ་ཆེའི་མགོ་མང་པོ་ལོང་ཞིག་དང ། དབྱིག་དང ། གསེར་རྣམས་ཀྱིས་ཀྱང་ཅི་ཙམ་དགོས་པ་ཁྱོད་ལ་སྦྱིན་གྱི་ཁྱེར་ཅིག་།འདིས་ནི་ཁྱོད་ཀྱི་བུ་དང ། ཚ་བོའི་བར་གྱི་འཚོ་བར་འགྱུར་གྱི། ལྷའི་དབུ་གླད་པ་དང ། རུས་པ་དང ། ངར་སྣབས་དང ། ཞག་གིས་ཡོངས་སུ་གང་བས་ཅི་ཞིག་བྱ། དེ་སྐད་ཅེས་སྨྲས་པ་དང ། བྲམ་ཟེ་དྲག་པོའི་མིག་གིས་ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་འདི་ཟླ་བ་ཆེན་པོ། ཤེས་པར་གྱིས་ཤིག་།ང་ལ་ནི་རིན་པོ་ཆེའི་མགོ་རྣམས་དགོས་པ་མེད་དེ། གསེར་དང ། དབྱིག་ཀྱང་དགོས་པ་མེད་ཀྱི །
44a
༄#། །གཞན་དུ་ནས་ཆེན་པོ་སྐྱོང་བ་ཐམས་ཅད་གཏོང་བ་འདིའི་མགོ་སློང་བའི་ཕྱིར་འདིའི་ཐད་དུ་འོངས་སོ། །དེ་སྐད་ཅེས་སྨྲས་པ་དང ། བློན་པོའི་མཆོག་ཟླ་བ་ཆེན་པོ་དང ། ས་འཛིན་གཉིས་ལག་པ་འགྲམ་པ་ལ་གཏང་དེ། ད་ནི་དུས་ཀྱིས་ཕྱིན་ཏོ་སྙམ་ནས། ཤིན་ཏུ་སེམས་པ་ལ་ཞུགས་པས་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་རྣམ་པ་དེ་དག་ཉེ་བར་ཐོས་ནས། བློན་པོའི་མཆོག་ཟླ་བ་ཆེན་པོ་དང ། ས་འཛིན་གཉིས་ཕོ་ཉས་བོས་ནས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་དེ་ངའི་གན་དུ་ཁྱེར་ལ་ཤོག་ཅིག། ངས་འདི་ལ་ཡུན་རིང་པོ་ནས་མངོན་པར་འདོད་པའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང ། བློན་པོའི་མཆོག་ཟླ་བ་ཆེན་པོ་དང ། ས་འཛིན་གཉིས་པོ་དེ་ཡུལ་རྨུས་པ་ལྟ་བུའི་མཆི་མའི་གདོང་གིས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཅིང་སྨྲས་པ། ལྷ།་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་མཉེས་བཞིན་པ། ཡོན་ཏན་དཔག་ཏུ་མེད་པ། ཕུན་སུམ་ཚོགས་པ་དང་ལྡན་པ། ཡེ་ཤེས་ལ་མཁས་པ། ལྷའི་མིག་དང་ལྡན་པ། འདི་མི་རྟག་པ་ཉིད་ཀྱི་སྟོབས་ཉེ་བར་གནས་པར་གྱུར་ཏོ། །བདག་ཅག་རྣམས་དེང་ལྷ་དང་ལྷན་ཅིག་པ་ལས་ཐ་དད་པར་གྱུར་པ་དང ། སོ་སོར་འགྱུར་བ་དང ། བྲལ་བ་དང ། བྱེ་བར་འགྱུར་རོ་
44b
སྙམ་ནས། རྒྱལ་པོའི་རྐང་པ་ལ་གཏུགས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་རྒྱལ་པོ་ཟླ་འོད་ཐམས་ཅད་ཡོངས་སུ་གཏོང་བ། ཤིན་ཏུ་ཁྱད་པར་ཅན་གཏོང་ཞིང་ཡོངས་སུ་གཏོང་བར་འདོད་ནས། །རིང་པོ་ནས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་ཚུར་ཤོག། ཁྱོད་གང་སློང་བ་དེ་ཁྱེར་ཅིག། དེ་ནས་བྲམ་ཟེ་དྲག་པོའི་མིག་རྒྱལ་པོ་ཟླ་འོད་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཟླ་འོད་ལ་རྒྱལ་བ་དང ། ཚེ་སྤེལ་བ་བརྗོད་ནས། རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་དངོས་པོ་ཐམས་ཅད་གཏོང་ལ་ངེས་དགའ་འགྱུར། །བྱང་ཆུབ་སེམས་དཔའ་དགེ་ཁྱོད་དྲི་མེད་ཆོས་ལ་གནས། །དམ་པ་ཀུན་མཁྱེན་མངོན་པར་བཞེད་པའི་ཐུགས་ཀྱིས་ནི། །ཐུགས་རྗེ་བདག་ཉིད་ཐུགས་ལྡན་བདག་ལ་དབུ་སྩོལ་ཅིག། དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་ལས་དེ་ལྟ་བུའི་ཚིག་བརྗོད་པ་ཐོས་པ་དང ། ཡིད་རབ་ཏུ་དགའ་བ་དང ། དགའ་བས་མིག་གདངས་ཏེ་བྲམ་ཟེ་དྲག་པོའི་མིག་ལ་སྨྲས་པ། ཇི་ལྟར་ཡབ་ཀྱི་བུ་གཅིག་ང་ཡིན་ཡང། །དེ་ལྟ་ན་ཡང་ང་ཡི་མགོ་འདི་ཁྱེར། །ཁྱོད་ཀྱི་བསམ་པ་འབྲས་བུར་བཅས་གྱུར་ཅིག་།མགོ་བོ་བྱིན་པས་བྱང་ཆུབ་ཐོབ་པར་ཤོག་།ངའི་མགོ་ཀླད་པ་ཁྲག་དང་ཞག་འདི་ཡིས། །ཁྱོད་ཀྱིས་འདོད་པའི་བྱ་བ་ཅི་ཡང་མི་བྱེད་ཀྱང ། །ཁྱེར་ཏེ་ཁྱོད་ལ་ང་ཡི་མགོ་གང་དགོས་གྱུར་པའི། །ཡིད་ལ་རེ་བ་འབྲས་བཅས་ཁྱོད་ནི་དགའ་བར་ཤོག་།བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་ངའི་ཡན་
45a
༄#། །ལག་གི་མཆོག་མགོ་འདི་བར་ཆད་མེད་པར་ལེགས་པར་ཁྱེར་ཅིག་ཅེས་སྨྲས་ནས། རང་ཉིད་ཀྱིས་ཅོད་པན་ཕུད་དོ། །དགེ་སློང་དག་།རྒྱལ་པོ་ཟླ་འོད་ཀྱིས་མགོ་ལ་ཡོད་པའི་ཅོད་པན་ཕུད་མ་ཐག་ཏུ་འཛམ་བུ་གླིང་པའི་མི་ཐམས་ཅད་ཀྱི་མགོ་ལ་ཡོད་པའི་ཅོད་པན་རྣམས་ཀྱང་ལྷུང་བར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་རྡོ་བཟང་གི་ཕྱོགས་བཞིར་སྐར་མདའ་རྣམས་ལྟུང་བར་གྱུར་ཏེ། གྲོང་ཁྱེར་གྱི་ལྷ་མོས་རྒྱལ་པོ་ཟླ་འོད་འདིའི་མགོ་བྲམ་ཟེ་སྡིག་ཅན་གྱིས་གཅོད་པར་འགྱུར་རོ་ཞེས་སྒྲ་བསྒྲགས་སོ། །དེ་ནས་བློན་པོའི་མཆོག་ཟླ་བ་ཆེན་པོ་དང ། ས་འཛིན་གཉིས་རྒྱལ་པོ་ཟླ་འོད་ཚལ་འདི་ལྟ་བུ་རང་ཉིད་ཀྱི་ལུས་ཡོངས་སུ་གཏོང་བར་ཤེས་ནས། དེ་ཡུལ་རྨུས་པ་ལྟ་བུའི་མཆི་མའི་གདོང་ཅན་གྱིས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ། གནག་ལྷ་ཡང་མཐོང་བ་འདི་ནི་འཇིག་རྟེན་ན་སྐྱེས་བུ་སྐལ་པ་ཅན་ནོ་ཞེས་སྨྲ་ཞིང ། དེ་གཉིས་དེ་ལ་སེམས་མངོན་པར་དད་པས་ལྟ་ཞིང ། ཡུ་བུས་བྲམ་ཟེ་དྲག་པོའི་མིག་ལ་བྱམས་པའི་སེམས་བསྐྱེད་པ་དང ། ལྷའི་མི་རྟག་པ་ཉིད་ལ་བལྟ་བར་མི་ནུས་སོ་སྙམ་དུ་བསམས་ནས། སྐད་ཅིག་མ་དེ་ཉིད་ལ་དུས་བྱས་ཏེ།་འདོད་པའི་ཁམས་ཐམས་ཅད་ལས་ཡང་དག་པར་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་འབད་པའི་ཚུལ་འདི་ལྟ་བུ་ཤེས་ནས་ས་ལ་
45b
གནས་པའི་གནོད་སྦྱིན་རྣམས་དང ། བར་སྣང་ལ་རྒྱུ་བའི་གནོད་སྦྱིན་རྣམས་ཆོ་ངེས་འདེབས་པར་བརྩམས་ཏེ། ཀྱི་ཧུད། ད་ནི་རྒྱལ་པོ་ཟླ་འོད་ཀྱི་ལུས་ཡོངས་སུ་གཏོང་བར་འགྱུར་ཏེ། སྡུག་བསྔལ་ལོ། །དེ་ནས་རྒྱལ་པོའི་ཕོ་བྲང་སྒོར་སྲོག་ཆགས་བརྒྱ་སྟོང་དུ་མ་འདུས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་དྲག་པོའི་མིག་གིས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་དེ་མཐོང་ནས་རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ལྷས་གནང་བར་མཛད་ན། སྐྱེ་བོའི་ཚོགས་ཆེན་པོའི་མདུན་དུ་ལྷའི་དབུ་ལེན་རྔོ་མི་ཐོགས་སོ། །གལ་ཏེ་ཁྱོད་དབུ་ཡོངས་སུ་གཏོང་བར་མཛད་ན། ཁྱེད་དང་བདག་བདེན་པ་ཞིག་ཏུ་གཤེགས་འཚལ་ལོ། །དེ་སྐད་ཅེས་སྨྲས་པ་དང ། རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་དྲག་པོའི་མིག་ལ་སྨྲས་པ། བྲམ་ཟེ་ཆེན་པོ། དེ་བཞིན་དུ་བྱ་ཡི།་ཁྱོད་ཀྱི་ཀུན་ཏུ་རྟོག་པ་འབྱོར་ཅིང ། རང་གི་ཡིད་ལ་རེ་བ་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་།དགེ་སློང་དག། རྒྱལ་པོའི་ཕོ་བྲང་རྡོ་བཟང་གི་ནང་ན། ནོར་བུ་དང ། རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་ཤིང་སྣ་ཚོགས་ཀྱིས་ཉེ་བར་མཛེས་པ། ཉམས་དགའ་བ། ནེ་ཙོ་དང ། ཤ་རིའི་ཀ་དང ། ཁུ་བྱུག་དང ། རྨ་བྱ་དང ། ཤང་ཤང་ཏེའུ་དང ། ཀ་ལ་པིངྐ་རྣམས་ཡིད་དུ་འོང་བའི་སྒྲ་སྒྲོགས་པས་ནགས་ཚལ་གྱི་ཚོགས་ཉམས་དགའ་བའི་སྐྱེད་མོས་ཚལ་དེའི་དབུས་ཀྱི་སྟེགས་བུ་དེའི་དབུས་སུ་ཙམ་པ་ཀའི་ཤིང་ཞིག་སྐྱེས་
46a
༄#། །པ་ཡོད་དོ། །དེ་ནས་རྒྱལ་པོ་ཟླ་འོད་རྒྱལ་པོའི་སྟན་ལས་ལངས་ཏེ། རལ་གྲི་རྣོན་པོ་ཐོགས་ནས་ནོར་བུ་དང ། རིན་པོ་ཆེ་སྙིང་པོའི་སྐྱེད་མོས་ཚལ་ག་ལ་བ་དེར་སོང་ངོ ། །དེ་ནས་རྒྱལ་པོ་ཟླ་འོད་འབད་པའི་ཚུལ་འདི་ལྟ་བུ་ལ་ཞུགས་པ་མཐོང་བ་དང ། རྒྱལ་པོའི་ཕོ་བྲང་རྡོ་བཟང་གི་གྲོང་ཁྱེར་ན་སྲོག་ཆགས་བརྒྱ་སྟོང་དུ་མ་ཆོ་ངེས་འདེབས་ཤིང ། རྗེས་བཞིན་རྗེས་བཞིན་དུ་འབྲང་བ་དང ། རྒྱལ་པོ་ཟླ་འོད་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་དེ་ཆོ་ངེས་འདེབས་པ་མཐོང་ངོ ། །མཐོང་བ་དང་ཡང་དབུགས་དབྱུང་བའི་ཕྱིར་སྨྲས་པ། ཁྱེད་རྣམས་དགེ་བའི་ཆོས་རྣམས་ལ་བག་ཡོད་པར་གྱིས་ཤིག། ཅེས་མདོར་བསྡུས་ནས་ཆོས་བསྟན་ཏེ། བྲམ་ཟེ་དྲག་པོའི་མིག་ཁྲིད་ནས་ནོར་བུ་དང ། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་དུ་ཞུགས་སོ། །རྒྱལ་པོ་ཟླ་འོད་ནོར་བུ་དང ། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་དུ་ཞུགས་མ་ཐག་ཏུ་རྒྱལ་པོའི་ཕོ་བྲང་རྡོ་བཟང་གི་དབང་པོའི་རྒྱལ་མཚན་དང ། བ་དན་རྣམས་ནོར་བུ་དང ། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་ག་ལ་བ་དེར་འདུད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་ནོར་བུ་དང ། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་གྱི་སྒོ་བཅད་ནས། བྲམ་ཟེ་ལ་སྨྲས་པ། བྲམ་ཟེ་ཆེན་པོ་ངའི་ཡན་ལག་གི་མཆོག་འདི་ཁྱེར་ཅིག་།དེ་སྐད་ཅེས་སྨྲས་པ་དང ། བྲམ་ཟེ་དྲག་པོའི་མིག་གིས་
46b
རྒྱལ་པོ་ཟླ་འོད་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབུ་བདག་གིས་གཅོད་པར་རྔོ་མི་ཐོགས་སོ། །དེ་སྐད་ཅེས་སྨྲས་པ་དང ། རྒྱལ་པོ་ཟླ་འོད་རལ་གྲི་རྣོན་པོ་ཐོགས་ནས་སྐྱེད་མོས་ཚལ་དེར་གང་ན་དུས་ཐམས་ཅད་པའི་ཙམ་པ་ཀའི་ཤིང་ཡོད་པ་དེར་སོང་ངོ ། །དེ་ནས་སྐྱེད་མོས་ཚལ་དེའི་ལྷ་མོས་རྒྱལ་པོ་ཟླ་འོད་ཚུལ་འདི་ལྟ་བུར་རང་ཉིད་ཡོངས་སུ་གཏོང་བ་ལ་ཞུགས་པར་ཤེས་ནས། ཆོ་ངེས་འདེབས་པར་རྩོམ་ཞིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བྲམ་ཟེ་སྡིག་ཅན་ཁྱོད་དེ་ལྟར་རྒྱལ་པོ་ཟླ་འོད་ཉེས་པ་མེད་པ། གནོད་པ་མེད་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་འདིའི་མགོ་ཇི་ལྟར་གཅོད་པར་བྱེད། དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་སྐྱེད་མོས་ཚལ་གྱི་ལྷ་མོ་དེ་ཕྱིར་བཟློག་སྟེ། ལྷ་མོ། ངའི་མགོ་སློང་བ་ལ་བར་ཆད་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། ལྷ་མོ། སྔོན་བྱུང་བ་ན་ངའི་ཡན་ལག་གི་མཆོག་སློང་བ་ལ་ལྷ་མོ་ཞིག་གིས་བར་ཆད་བྱས་པས། ལྷ་མོ་དེའི་བསོད་ནམས་མ་ཡིན་པ་མང་པོ་སྐྱེས་ལ། ངས་ཀྱང་བླ་ན་མེད་པའི་ཡེ་ཤེས་ཡུལ་རིང་པོ་ཞིག་གིས་ཐོབ་པར་འགྱུར་རོ། །ལྷ་མོ། ངས་ནོར་བུ་དང ། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་འདི་ཉིད་དུ་མགོ་སྟོང་སྙེད་ཡོངས་སུ་གཏོང་བ་བྱས་ནས། ང་ལ་སུས་ཀྱང་བར་ཆད་མ་བྱས་སོ། །དེ་བས་ན་ལྷ་མོ་ཁྱོད་ཀྱིས་ངའི་ཡན་ལག་གི་མཆོག་སློང་བ་ལ་བར་ཆད་མ་བྱེད་ཅིག་།ལྷ་མོ། གནག་དུ་ངས་སྟག་མོ་ལ་བདག་ཉིད་ཡོངས་སུ་བཏང་སྟེ། ལུས་ཡོངས་སུ་
47a
༄#། །གཏོང་བ་གཅིག་གིས་བྱང་ཆུབ་སེམས་དཔའ་བྱམས་པ་བསྐལ་པ་བཞི་བཅུར་ཞུགས་པ། ཕྱིར་འདུམས་པར་བྱས་པའི་ས་ཕྱོགས་ནི་འདི་ཡིན་ནོ། །དེ་ནས་ལྷ་མོ་དེ་རྒྱལ་པོ་ཟླ་འོད་ཀྱི་རྫུ་འཕྲུལ་ཆེན་པོ་དེ་མཐོང་ནས། རྒྱལ་པོ་དེ་ལ་སེམས་མགུ་བ་ཆེན་པོ་སྐྱེས་ཏེ། ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཡང་དག་པའི་སྨོན་ལམ་བྱེད་པ་ལ་ཞུགས་ཏེ། གང་སྐྱེད་མོས་ཚལ་གྱི་ཚོགས་ན་གནས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། མིའམ་ཅི་ཁྱེད་རྣམས་གསོན་ཅིག། བདག་སྐྱེད་མོས་ཚལ་འདིར་རབ་ཏུ་གཏོང་བ་དང ། གཏོང་བའི་ཡང་ཤིན་ཏུ་གཏོང་བ་རང་གི་མགོ་ཡོངས་སུ་གཏོང་བས་གཏོང་བ་བྱེད་དེ། བདག་གི་མགོ་ཡོངས་སུ་གཏོང་བ་དེའང་རྒྱལ་པོའི་ཕྱིར་མ་ཡིན།་མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་གྱི་ཕྱིར་མ་ཡིན། བདུད་ཀྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། འཁོར་ལོས་བསྒྱུར་བའི་ཡུལ་གྱི་ཕྱིར་མ་ཡིན་གྱི། གཞན་དུ་ན་འདིར་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་མ་དུལ་བ་འདུལ་བ་དང ། མ་བརྒལ་བ་བསྒྲལ་བ་དང ། མ་གྲོལ་བ་དགྲོལ་བ་དང ། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །བདེན་པ་དང །
47b
བདེན་པའི་ཚིག་འདིས་ངལ་བ་འབྲས་བུ་དང་བཅས་པར་གྱུར་ཅིག་།ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཡུངས་ཀར་གྱི་འབྲུ་ཙམ་གྱི་སྐུ་གདུང་བྱུང་བར་གྱུར་ཅིག་།ནོར་བུ་དང ། རིན་པོ་ཆེའི་སྐྱེད་མོས་ཚལ་འདིའི་དབུས་སུའང་མཆོད་རྟེན་ཆེན་པོ་མཆོད་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བྱུང་བར་གྱུར་ནས། སེམས་ཅན་གནག་ལུས་ངལ་བ་མཆོད་རྟེན་ཆེན་པོ་ལ་ཕྱག་འཚལ་དུ་འོང་བར་གྱུར་ཅིག་།དེ་རྣམས་ཀྱིས་མཆོད་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྐུ་གདུང་འཇོག་པ་དེ་མཐོང་བས་ངལ་བ་མེད་པར་གྱུར་ཅིག ། ངལ་བ་མེད་པར་གྱུར་ནས་ངའི་མཆོད་རྟེན་ལ་སྐྱེ་བོའི་ཚོགས་འོངས་ནས་མཆོད་པ་བྱེད་ན་མཐོ་རིས་དང ། ཐར་པ་ལ་གཞོལ་བར་ཡང་གྱུར་ཅིག་ཅེས་སྨྲས་ནས། ཙམ་པ་ཀའི་ཤིང་ལ་གཙུག་ཕུད་བཅིངས་ནས་བྲམ་ཟེ་ལ་བོས་ཏེ་སྨྲས་པ། བྲམ་ཟེ་ཆེན་པོ་ཚུར་ཤོག་།བགེགས་མ་བྱེད་པར་ངའི་མགོ་བྲེགས་ལ་ཁྱེར་ཅིག་།དེ་ནས་རྒྱལ་པོ་ཟླ་འོད་རང་ཉིད་ཀྱི་ལུས་ཀྱི་མཐུ་དང ། སྟོབས་ཡང་དག་པར་སྐྱེས་ནས་བྲམ་ཟེ་དེ་ལ་སྙིང་རྗེ་ཆེན་པོ་ལྷན་ཅིག་ཏུ་འགྲོ་བ་དང ། འབྱུང་བའི་བྱམས་པའི་སེམས་བསྐྱེད་ནས་མགོ་བཅད་དེ། བྲམ་ཟེ་དྲག་པོའི་མིག་ལ་བྱིན་ཏོ། །དུས་བྱས་པ་དང་།ཚངས་པའི་འཇིག་རྟེན་ལས་ཤིན་ཏུ་འདས་ནས། ཕུལ་དུ་བྱུང་བའི་དགེ་རྒྱས་ཀྱི་ལྷའི་རིགས་ཀྱི་ནང་དུ་སྐྱེས་སོ། །དགེ་སློང་དག་།དེ་ནས་མགོ་ཡོངས་སུ་
48a
༄#། །བཏང་མ་ཐག་ཏུའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འགུལ། རབ་ཏུ་འགུལ། ལྡེག་།རབ་ཏུ་ལྡེག་།གཡོས། རབ་ཏུ་གཡོས་ཏེ། ནམ་མཁའི་དཀྱིལ་ན་མངོན་པར་གནས་པའི་ལྷ་རྣམས་ཀྱང་ཨ་ལ་ལ་ཞེས་སྒྲ་བསྒྲགས་སོ། །བར་སྣང་གི་ལྷ་རྣམས་ཀྱང་ལྷའི་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ཏ་དང ། པུཎྜ་རི་ཀ་རྣམས་འཐོར་ཞིང ། ་ཀ་རུའི་ཕྱེ་མ་རྣམས་དང ། ཏ་ཀ་རུའི་ཕྱེ་མ་རྣམས་དང ། ཙནྡན་གྱི་ཕྱེ་མ་རྣམས་དང ། ལྷ་རྣམས་ཀྱི་མེ་ཏོག་མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོ་རྣམས་འཐོར་བ་དང ། གོས་རྣམས་ཀྱི་ཆར་ཡང་འབེབས་སོ། །ལྷ་རྣམས་ཀྱི་རོལ་མོའི་སྒྲའང་ཡང་དག་པར་རྡུང་ངོ ། །དེ་ནས་བྲམ་ཟེ་དྲག་པོའི་མིག་མགོ་ཁྱེར་ཏེ། ནོར་བུ་དང ། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་ནས་བྱུང་བ་དང ། སྲོག་ཆགས་བརྒྱ་སྟོང་དུ་མས། ཀྱི་ཧུད། ལྷ་བསད་དེ་སྡུག་བསྔལ་ལོ་ཞེས་སྒྲ་ཕྱུང་སྟེ། དེ་ན་ཁ་ཅིག་ནི་ས་ལ་འགྲེ་ལྡོག་གོ་།ཁ་ཅིག་ནི་ལག་པ་བརྐྱང་སྟེ་ཆོ་ངེས་འདེབས་སོ། །བུད་མེད་རྣམས་ཀྱང་སྒྲ་བཤིག་ནས་ངུའོ། །སྲོག་ཆགས་བརྒྱ་སྟོང་དུ་མ་ཡང་འདུས་ཏེ་དེ་ན་གཅིག་ཏུ་གནས་ཏེ། དེ་ཉིད་དུ་གནས་ནས་བསམ་གཏན་རྣམས་བསྐྱེད་དེ་དེ་ཉིད་དུ་དུས་བྱས་ནས། རྒྱལ་པོ་ཟླ་འོད་དང་སྐལ་བ་མཉམ་པར་དགེ་རྒྱས་ཀྱི་ལྷ་རྣམས་སུ་སྐྱེས་སོ། །ཁ་ཅིག་ནི་བསམ་གཏན་བསྐྱེད་
48b
ནས་གནས་དེ་ཉིད་དུ་དུས་བྱས་ཏེ། འོད་གསལ་གྱི་ལྷའི་རིགས་སུ་སྐྱེས་སོ། །གཞན་རྣམས་ནི་འདུས་ནས་རྒྱལ་པོ་ཟླ་འོད་ཀྱི་ལུས་དྲི་ཐམས་ཅད་དང་ལྡན་པའི་རོ་སྲེག་པའི་ཤིང་བྱས་ཏེ་བསྲེགས་སོ། །རུས་པ་དེ་རྣམས་ཀྱང་གསེར་གྱི་བུམ་པར་བཅུག་སྟེ། ལམ་པོ་ཆེའི་བཞི་མདོར་སྐུ་གདུང་གི་མཆོད་རྟེན་རབ་ཏུ་བཞག་སྟེ། གདུགས་དང ། རྒྱལ་མཚན་དང ། བ་དན་བཙུགས་ཏེ། དྲི་དང ། ཕྲེང་བ་དང ། སྤོས་ཀྱི་ཕྱེ་མ་དང ། རོལ་མོ་རྣམས་ཀྱིས་མཆོད་པ་བྱས་ནས། རྒྱལ་པོ་ཟླ་འོད་ལ་གཅིག་ཏུ་སེམས་མངོན་པར་དད་པས། དེ་བཞིན་དུ་སྐྱོ་བས་བསམ་གཏན་བསྐྱེད་དེ། བསམ་གཏན་བསྐྱེད་པ་དེས་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །ལ་ལ་ནི་རྒྱལ་པོ་ཟླ་འོད་མི་མཐོང་བས། མྱ་ངན་གྱི་ཟིལ་གྱིས་མནན་ཏེ་དུས་བྱས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་ཏུ་སྐྱེས་སོ། །གང་དེར་དུས་བྱས་པ་དེ་དག་ཐམས་ཅད་ཀྱང་མཐོ་རིས་དང ། ཐར་པ་ལ་གཞོལ་བར་གྱུར་ཏོ། །དགེ་སློང་དག་།དེའི་ཚེ་དེའི་དུས་ན། བྱང་ཕྱོགས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟང་དུ་གྱུར་པ་དེ་གཞན་ཡིན་པར་མི་བལྟ་སྟེ། རྡོ་འཇོག་འདི་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཕོ་བྲང་རྡོ་བཟང་དུ་གྱུར་ཏོ། །དགེ་སློང་དག་།དེ་ཇི་སྙམ་དུ་སེམས། གང་རྒྱལ་པོ་ཟླ་འོད་ཅེས་བྱ་བ་དེ་ནི་ང་ཡིན་ཏེ། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ཏེ། དེ་ཉིད་ཀྱི་ནོར་བུ་དང ། རིན་པོ་ཆེའི་སྙིང་པོའི་སྐྱེད་མོས་ཚལ་དུ་བྲམ་ཟེ་དྲག་པོའི་མིག་ལ་མགོ་
49a
༄#། །ཡོངས་སུ་བཏང་ངོ ། །དགེ་སློང་དག་།དེ་ཇི་སྙམ་དུ་སེམས། གང་བྲམ་ཟེ་དྲག་པོའི་མི་གཅེས་བྱ་བ་དེ་ནི་ལྷས་བྱིན་ཏེ། དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་།དེ་ཇི་སྙམ་དུ་སེམས། གང་དེའི་ཚེ་དེའི་དུས་ན་བློན་པོ་མཆོག་ཟླ་བ་ཆེན་པོ་དང ། ས་འཛིན་དེ་གཉིས་ནི་དགེ་སློང་ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་འདི་གཉིས་ཡིན་ནོ། །འདི་གཉིས་ཀྱིས་ངའང་མྱ་ངན་ལས་འདས་པ་མ་བཟོད་ནས། ང་ཉིད་འཆི་བ་མ་མཐོང་བར་ཐོག་མ་ཉིད་དུ་དུས་བྱས་སོ། །ད་ལྟར་ཡང་ང་མྱ་ངན་ལས་འདས་པ་མ་བཟོད་དེ། གང་མྱ་ངན་ལས་འདས་པ་མ་མཐོང་བར་དེ་ཐོག་མ་ཉིད་དུ་མྱ་ངན་ལས་འདས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་ཕ་\?\་དྲ་དང ། ཞུས་ཆེན་གྱི་ལོ་ཙྪ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར། སྒྲ་བསྒྱུར་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཏེ་གཏན་ལ་ཕབ་པའོ།། །།